Nitartha Digital Library
Tibetan
 
previousཉིན་བཅུ་བཞི་བའི་ཆོས་ཁྲིད། next

ཉིན་བཅུ་བཞི་བའི་ཆོས་ཁྲིད།

འཇིག་རྟེན་གྱི་ཁམས་འདིའི་གླིང་བཞིར་སྐྱེས་པའི་འགྲོ་བ་མིའི་རིགས་ཀྱི་ནང་ནས་རང་རེ་ལྷོ་ཕྱོགས་འཛམ་བུའི་གླིང་པའམ། དེང་དུས་ཀྱི་མཐོང་བ་མངོན་གྱུར་ཐམས་ཅད་ཀྱི་མཐུན་སྣང་ལ་གྲུབ་པའི་ས་གཞིའི་གོ་ལ་ཟླུམ་པོ་གཅིག་པོ་འདིའི་སྟེང་ལ་མཉམ་དུ་འཚོ་བའི་མི་གྲངས་དུང་ཕྱུར་བཅུ་ཕྲག་བདུན་བརྒྱད་ཅིག་ཡོད་པ་དག་ལས་མང་ཆེ་བ་ནི་རང་རང་གི་མོས་པ་ཡོད་ཕྱོགས་ཀྱི་ཆོས་ལུགས་ཤིག་ལ་ཞུགས་ནས། དེའི་སྟོན་པའམ་དེའི་བསྟན་པ་ལ་དད་མོས་བྱེད་བཞིན་ཡོད་ཅིང་། དེ་དག་ལས་ལ་ལ་ལ་ལྟ་བ་དང་གྲུབ་མཐའ་དམིགས་བསལ་བ་འཆད་དུ་ཡོད་པའང་ཡོད་ཅིང་། འགའ་རེ་ལ་རྒྱུ་མཚན་དང་ལྟ་གྲུབ་འདི་ཡིན་ཟེར་རྒྱུ་མེད་པའི་ལུགས་ཀྱང་ཡོད་པས་ན། ཐམས་ཅད་རིགས་པ་སྨྲ་བ་སྒྲུབ་བྱེད་འགོད་རྒྱུ་ཡོད་པ་ཏག་ཏག་ཡིན་པས་མ་ཁྱབ་པ་ཡིན། རང་རེ་ནང་པ་སངས་རྒྱས་པ་ལ་མཚོན་ན། ནང་པ་སངས་རྒྱས་པ་ཡིན་ཞེས་པ་ཙམ་ཞིག་གིས་མི་ཡོང་བར་ནང་པ་སངས་རྒྱས་པ་ཡིན་མིན་གྱི་མཚམས་དེ་ངེས་དགོས་པ་ཡིན། དེའི་མཚམས་དེ་འབྱེད་བྱེད་ལ་ཆོས་ཀྱི་སྡོམ་བཞིའམ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མཁན་ཡིན་དང་མིན་གྱིས་ཁྱད་པར་འབྱེད་དགོས་པས། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་སྟེ་དེ་ལས་འདའ་བ་མེད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཡིན་པས། ནང་པ་སངས་རྒྱས་པ་ཞིག་ཡིན་ཚད་པོས་དེ་བཞི་ཁས་ལེན་པས་མི་ཚད། འདི་བཞི་ཆོས་ཀྱི་སྡོམ་ཡིན་ཕྱིར་མདོ་སྔགས་ཐེག་རིམ་ཐམས་ཅད་ཀྱི་ཉམས་ལེན་གྱི་གནད་ཀྱི་སྙིང་པོ་བསྡུས་ནས་བསྟན་པ་ཞིག་ཀྱང་ཡིན་པ་དེས་ན། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པའི་ངེས་ཤེས་དེ། དང་པོ་ཉིད་ནས་དོན་སྤྱི་འ་ལེ་འོལ་ལེ་ཙམ་ཞིག་མ་ཡིན་པར་གཏིང་ནས་འདྲོངས་མེད་ཚེ་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་དང་། དལ་འབྱོར་གྱི་རྟེན་འདི་རྙེད་དཀོན་པ་ཤེས་པ་ཙམ་ཞིག་གིས་མི་ཡོང་བར། རྟག་འཛིན་གྱིས་མི་ཚེ་ནམ་ཟླ་ཟད་ནས་དལ་རྟེན་སྟོང་ལོག་ཏུ་འགྱུར་བའི་ཉེན་ཡོད་པའི་དབང་གིས་སྤྱིར་བློ་སྦྱོང་གི་སྐོར་དང་། ཁྱད་པར་དུ་ཚེ་མི་རྟག་པའི་སྐོར་ནས་དཔེ་དོན་སྦྲགས་ནས་རྒྱུན་དུ་གླེང་བཞིན་པ་དང་། དོ་ཞག་སྔོན་མའི་དུས་རིང་ལའང་དེའི་སྐོར་ནས་གླེང་སློང་བྱས་པ་ཡིན། ཡང་བསྐྱར་བཤད་ན་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་ནི། འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་མི་ལྟོས་པར་རང་ཉིད་བསྐྱེད་བྱེད་ཀྱི་རྒྱུ་དེས་མི་རྟག་པར་བསྐྱེད་བཞིན་ཡོད་ཅིང་། དེ་ཡང་རང་སྡེ་མདོ་སྡེ་བ་ཡན་ཆད་ཀྱིས་གསལ་བར་བསྟན་པ་ཡིན། དེ་ལྟར་མིན་པར་གལ་ཏེ་རང་ཉིད་གྲུབ་ཟིན་ལ་གནས་པ་ཞིག་རྐྱེན་གཞན་ཞིག་ལ་ལྟོས་ནས་འཇིག་དགོས་པ་ཏག་ཏག་ཡིན་ན། འཇིག་པ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་དགོས་པ་ཡིན་ཞིང་། དེ་ལྟར་མིན་པར་རྒྱུ་དང་རྐྱེན་གྱིས་བསྐྱེད་ཙམ་ཉིད་ནས་འཇིག་པའི་ཆོས་ཅན་དུ་གྲུབ་པ་ཡིན་ཕྱིར། རང་འཇིག་པ་ཕྱིས་འབྱུང་གི་རྒྱུ་གཞན་ལ་མི་ལྟོས་པར་སྐྱེས་པའི་སྐད་ཅིག་དང་པོ་ཉིད་ནས། སྐད་ཅིིག་མ་གཅིག་གི་བརྒྱའི་ཆ་ཤས་ཙམ་ལ་ཡང་མི་འགྱུར་བར་སྡོད་དུ་མེད་པར་སྐད་ཅིག་སྐད་ཅིག་གིས་འགྱུར་ཞིང་འགྲོ་བ་ཡིན་པའི་རྐྱེན་གྱི་གཞན་དབང་ཅན་ཡིན་པས་ན་འདུས་བྱས་ཐམས་ཅད་མི་རྟག་པ་དང་། གཞན་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པས་མ་ཚད། ཁྱད་པར་དུ་ནང་བཅུད་ཀྱི་སེམས་ཅན་གྱི་ཚེ་མི་རྟག་པའི་ཚུལ་དེ་སྔོན་ཐེངས་མང་ཞུས་པ་ཡིན་ཞིང་། སྔོན་གྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་དག་གི་གསུང་འཕྲོས་ལྟར་ན། ཆོས་གཅིག་ཏུ་བྱེད་པ་ཞིག་ལ་མི་རྟག་པ་སྒོམ་པ་འདི་ལས་གལ་ཆེ་བ་ཞིག་མེད་པར་གསུངས་ཤིང་། འོ་ན་གལ་ཆེ་བའི་ཆེ་ལུགས་དེ་ཇི་ལྟར་ཡིན་ཞེ་ན། ཆོས་བསྒྲུབས་ནས་གྲུབ་འབྲས་ཐོབ་དགོས་པ་ཞིག་ལ་མཚོན་ན། ཐོག་བར་མཐའ་གསུམ་ལ་གལ་ཆེ་ཞིང་། དེ་ཡང་གསུམ་ཚན་ལྔ་ཡི་སྒོ་ནས་གསུངས་པ་སྟེ། འཆི་བ་མི་རྟག་པ་འདི་སྒོམ་པར་བྱེད་ན། དང་པོར་ཆོས་ལ་འཇུག་པའི་རྒྱུ་བྱེད་པ་དང་། བར་དུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་ཡིན། ཐ་མར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད་པར་གསུངས་པ་དང་། ཡང་དང་པོར་ཆོས་འཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མར་ཆོས་མཐར་ཕྱིན་པའི་གྲོགས་བྱེད་པ་ལ་སོགས་པ་གསུངས་ཤིང་། མདོར་ན་མི་རྟག་པའི་བློ་སྙིང་ནས་སྐྱེས་ན་དམ་པའི་ཆོས་ལ་ཞུགས་པ་དང་། ཆོས་སྒྲུབ་པ་དང་འགྲུབ་པ་གཉིས་ཀ་ལ་དཀའ་ཚེགས་མེད་ཅིང་། མི་རྟག་པ་རྒྱུད་ལ་མེད་པའི་དམ་ཆོས་སྒྲུབ་བློ་ཙམ་ཞིག་གིས་རང་གཞན་འདི་ཕྱིའི་དོན་ཆེན་མི་འགྲུབ་པ་ཡིན་ཞེས་གོ་དོན་གྱི་ཕྱོགས་བསྡུས་པ་ཡིན། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་གསུངས་པའི་འཕྲོ་དེ་མ་ཐག་ཏུ་ཟག་བཅས་ཐམས་ཅད་སྡུག་བསྔལ་བར་བསྟན་པ་སྟེ། ཟག་པ་ཉོན་མོངས་པ་དང་བཅས་པའི་རྒྱུ་ལས་བྱུང་བ་ཞིག་ཡིན་ན་སྡུག་བསྔལ་བ་ཡིན་ཞིང་། དེ་ཡང་སྡུག་བསྔལ་གྱི་རྐྱེན་དང་སྡུག་བསྔལ་བའི་རང་བཞིན་ཅན་ཡིིན་པར་འཆད་ཐུབ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པས་ན་ཆོས་ཅན་མི་རྟག་པ་ཐམས་ཅད་རྒྱུའི་གཞན་དབང་ཅན་ཡིན་པ་ཤེས་ཐུབ་ཅིང་། རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས། དེ་ཡང་ཉོན་མོངས་ཀུན་གྱི་རྩ་བ་དེ་གང་ཡིན་ན་མ་རིག་པ་ལ་ཐུག་པ་ཡིན་པས། དེས་བསྐྱེད་པའི་རྒྱུ་ཆགས་སྡང་རྨོངས་གསུམ་གྱི་གཞན་དབང་གྱུར་པ་ཞིག་ཡིན་ན་སྡུག་བསྔལ་མ་ཡིན་པ་ཞིག་མི་སྲིད་ལ། དེས་ན་དམ་ཆོས་སྙིང་ནས་བྱེད་ཅིང་རང་གཞན་ཐར་བའི་ལམ་ལ་བསྙེག་བསམ་པ་ཞིག་གིས། དལ་འབྱོར་རྙེད་དཀའ་བ་དང་ཚེ་མི་རྟག་པ་ཡིན་པར་ཤེས་ཀྱང་། འཁོར་བ་མཐོ་དམན་གང་ལ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས་ཡིན་པའི་ཚུལ་འདི་ཞེ་གཏིང་ནས་མ་ངེས་ན། ཐར་བར་བློ་ཕྱོགས་པའི་འགལ་རྐྱེན་འབྱུང་བ་ཡིན། འཆི་བ་མི་རྟག་པ་ཡིན་པའི་ཚུལ་བཤད་མ་ཐག་པ་ཡིན་ལ། ཤི་བའི་རྗེས་སུ་ཅི་ཡང་མེད་པ་མར་མེ་ཤི་བ་འདྲ་ཞིག་ཡིན་ན་དེའི་ཕན་ལ་འདེང་རྒྱག་མི་དགོས་པ་ཡིན་ཡང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་སྲིད་པའི་འཁོར་ལོ་འགལ་མེ་བཞིན་དུ་འཁོར་བཞིན་ཡོད་པས། ཤི་རྗེས་སུ་སྐྱེ་བ་མི་བླང་བའི་ཐབས་མེད་ཅིང་། ཁམས་གསུམ་གང་རུང་ལ་འཁོར་བའི་སེམས་ཅན་ཡིན་ཕྱིར་འགྲོ་བ་རིགས་དྲུག་གང་རུང་ཞིག་ལ་མི་སྐྱེ་བར་གང་དུ་སྐྱེ། ངན་འགྲོ་དང་བདེ་འགྲོ་གང་དུ་སྐྱེས་ཀྱང་སྡུག་བསྔལ་མེད་ས་ཞིག་ག་ལ་ཡོད། ངན་འགྲོའི་འགྲོ་བ་གསུམ་གྱི་དམྱལ་བ་ལ་སྐྱེས་པའི་དབང་དུ་བཏང་ན་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱིས་མཚོན་པའི་སྡུག་བསྔལ་གྲངས་མང་། དུད་འགྲོ་ལ་སྐྱེས་ན་གླེན་ཞིང་གཏི་མུག་ཅིང་གཅིག་ལ་གཅིག་ཟའི་སྡུག་བསྔལ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན། ད་དེའི་སྐོར་ནས་ཅུང་ཟད་ཞིབ་པའི་ཚུལ་གྱིས་བཤད་ན། ཚ་དམྱལ་བརྒྱད། ཉེ་འཁོར་བ། གྲང་དམྱལ་བརྒྱད། ཉི་ཚེ་བ་སྟེ་དེ་དག་ཏུ་རིགས་བསྡུས་ནས་གསུངས་པ་ཡིན་ལ། དམྱལ་བ་ཚ་དམྱལ་གྱི་ཡང་སོས་ལྟ་བུ་ཞིག་ལ་མཚོན་ན། དམྱལ་བའི་སེམས་ཅན་འདི་ཚོའི་ལས་སྣང་གི་དབང་གིས། ལག་ལ་མཚོན་ཆ་སྣ་ཚོགས་བྱུང་ཞིང་། གཅིག་གིས་གཅིག་ལ་གསོད་རེས་བྱས་ཀྱང་འཆི་རྒྱུ་མེད་པར་ཡར་སོས་ནས་ཡང་དེ་བཞིན་དུ་ཤི་བའི་སྡུག་བསྔལ་གྲངས་མང་མྱོང་བ་དང་། ཐིག་ནག་ལ་མཚོན་ན། ལུས་ལ་ཐིག་བརྒྱབ་ནས་དམྱལ་སྲུང་ལས་མཁན་དེ་ཚོས་སོག་ལེ་ཡིས་དྲ། གྲི་ཡིས་བཅད། གཟོང་གིས་འབིག་པར་བྱེད་པ་དང་། བསྡུས་འཇོམས་ལ་ཡང་། སྲོག་ཆགས་འདྲ་མི་འདྲ་མང་པོས་གདོང་ཐུག་བྱེད་པའི་རྐྱེན་གྱི་རྣམ་པ་ཤར་ནས། རིའི་བར་དུ་ལུས་འཐར་ནས་ཡང་ཤི་ཡང་སོས་ལ་སོགས་པ་སྔ་མའི་སྡུག་བསྔལ་ཕྱི་མ་ལ་གཞི་བཞག་ཏུ་ཡོད་པ་ཡིན། ངུ་འབོད་ནི་ལྕགས་ཀྱི་ཁང་པ་མེ་འབར་བའི་ནང་ལ་སྲེག་པར་བྱེད་པ་དང་། ངུ་འབོད་ཆེན་པོ་དེ་ལས་ཀྱང་སྡུག་བསྔལ་བའི་ལྕགས་ཁང་མེ་འབར་བ་ཉིས་རིམ་གྱི་ནང་ལ་བཅུག་ནས་བསྲེགས་པ་དང་། ཚ་བ་ནི་དམྱལ་ཟངས་མེ་འབར་བའི་ཁྲོ་ཆུ་ནང་དུ་བཙོ་བསྲེག་བྱེད་ཅིང་ལྕགས་ཀྱི་གསལ་ཤིང་མེ་འབར་བས་ལུས་འབུག་པར་བྱེད་པ་དང་། རབ་ཏུ་ཚ་བ་ནི་གསལ་ཤིང་རྩེ་གསུམ་ལ་བསྐྱོན་ནས་ལྕགས་སྲེགས་ལེབ་མོ་ཡིས་ལུས་དཀྲི་བར་བྱེད་པ་དང་། ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཁ་ནང་དུ་བརྫང་བ་དང་ཁྲོ་ཆུ་ཁོལ་མ་ཁོག་ཏུ་བླུགས་ནས་ནང་ཁྲོལ་ཐམས་ཅད་འཚིག་པར་བྱེད་པ་སོགས་ཀྱི་སྡུག་བསྔལ་མང་པོ་མྱོང་བ་ཡིན་ཞིང་། ཐམས་ཅད་ཀྱི་འོག་ན་མནར་མེད་ཡོད་པ་སྟེ། དམྱལ་ཁམས་གོང་མ་ཐམས་ཅད་ཀྱི་སྡུག་བསྔལ་གཅིག་ཏུ་བསྡུས་པའི་ཐོག་ལ། མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །ཞེས་གསུངས་པ་ལྟར་དུ་ལྕགས་ཀྱི་ཁང་པ་མེ་འབར་བའི་ནང་ལ་ལས་ངན་དམྱལ་བའི་སེམས་ཅན་དེ་བཙུད་དེ་ཕྱོགས་བཞི་ནས་རླུང་ཆེན་བུས་ནས་ལུས་དང་མེ་གཉིས་ཀ་དབྱེར་མེད་དུ་འབར་ཤིང་སྲེག་པར་བྱེད་ཀྱང་ད་རུང་ཤི་རྒྱུ་མེད་པར་སྡུག་བསྔལ་ཤ་སྟག་གིས་འདའ་བ་ཡིན། ང་ཚོའི་ལག་པ་ལ་མེ་སྟག་ཅིག་ཁེལ་ན་ཚ་ནས་ཨ་ཚ་ཚ་ཟེར་བར་བྱེད་ལ། དམྱལ་བའི་མེ་དེ་དེ་བས་ཀྱང་ལྡབ་མང་པོས་ཚ་བ་ཡིན་ཏེ། ད་ལྟའི་མིའི་མེ་འདི་བས་བསྐལ་པ་འཇིག་དུས་ཀྱི་མེ་བདུན་འགྱུར་གྱིས་ཚ་བ་དང་། དེ་བས་དམྱལ་བའི་མེ་བདུན་འགྱུར་གྱིས་ཚ་བ་ལ་སོགས་པར་གསུངས་པ་དང་། དེ་དག་གི་ཚེ་ཚད་ཀྱི་ཐོག་ནས་བསམ་བློ་བཏང་ན་དམྱལ་བ་ཡང་སོས་ཀྱི་ཚེ་ཚད་དེ། ང་ཚོའི་མིའི་ལོ་གྲངས་ལ་ཕབ་ན་མི་ལོ་ཁྲག་ཁྲིག་གཅིག་དང་ཐེར་འབུམ་ཆེན་མོ་དུ་མ་ཡིན་ཞིང་། དམྱལ་བ་འོག་མ་དག་གི་ཚེ་ཚད་ཉིས་འགྱུར་ཉིས་འགྱུར་གྱིས་རིང་བ་ཡིན་པས། མནར་མེད་ཀྱི་ཚེ་ཚད་ལ་བསམ་བློ་ཞིག་བཏང་ན་ཟད་པའི་མཐའ་མེད་པ་ལྟ་བུ་ཞིག་ཡིན། དཔེར་ན་དེའི་ཁ་གྲངས་ཅན་གྱི་ཡི་གེའི་ལྡེབ་གྲངས་ལྟ་བུ་ཞིག་བརྩི་དགོས་ན་ཡང་ལོ་མང་རབ་ཏུ་བརྩི་མི་ཐུབ་པའི་ཚད་དུ་སླེབ་ཡོད་པ་ཡིན། དམྱལ་ཁམས་བཅོ་བརྒྱད་འཁོར་དང་བཅས་པ་བརྩི་ཚེ། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད་ཀྱིས་བཅུ་དྲུག་དང་། ཉི་ཚེ་ཉེ་འཁོར་བ་དང་གཉིས་ཀྱིས་བཅོ་བརྒྱད་དུ་བགྲང་བའི་རིམ་པ་དང་བསྟུན་པ་ཡིན་ཞིང་། སྡུག་བསྔལ་མྱོང་བའི་རིམ་པའམ་དམྱལ་གནས་ཆགས་ལུགས་ཀྱི་རིམ་པ་སྤྱིའི་ཆ་ནས་བཤད་ཡོང་ན། མནར་མེད་ཀྱི་ཕྱོགས་བཞིའི་མཐར་སྐོར་དུ་འཁོར་བས་ན་ཉེ་འཁོར་བ་ཞེས་གསུངས་ལ། དེ་དག་ཀྱང་མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ་མམ་ཕྱི་སའི་འདམ་དང་། མཚོན་ཆའི་ཐང་། རལ་གྲི་ལོ་མའི་ནགས་ཚལ། དེ་ཡང་སྐབས་ལ་ལར་འདི་གཉིས་གཅིག་ཏུ་བརྩིས་ནས། ཐལ་ཚན་གྱི་ཆུ་ཀླུང་རབ་མེད་དང་བཞི་རུ་བརྩི་བ་དང་། ཡང་ཐལ་ཚན་གྱི་འདམ་དང་མེ་མ་མུར་གྱི་འོབས་གཉིས་ཀ་གཅིག་ལ་བརྩིས་ནས། མཚོན་ཆའི་ཐང་དང་རལ་གྲི་ལོ་མའི་ནགས་ཚལ་གཉིས་ཀ་སོ་སོར་བྱས་ནས་བརྩི་བ་སྟེ་གསུང་སྒྲོས་ཀྱི་བརྩི་སྟངས་ཁ་ཤས་འབྱུང་བ་ཡིན། གང་ལྟར་ཡང་ལས་ངན་སྣ་ཚོགས་ཀྱི་འབྲས་བུ་སྡུག་བསྔལ་སྣ་ཚོགས་མྱོང་བ་ལ་གཅིག་ཏུ་ངེས་དགོས་པ་མིན་ཞིང་། ཕྱོགས་བཞིར་འཁོར་ཏེ་ཡོད་པས་ཕྱོགས་བཞི་ལ་བཞི་བཞིར་བརྩིས་པའི་ཉེ་འཁོར་ལྷག་པ་བཅུ་དྲུག་དང་། མཚམས་བཞི་ལ་ཤལ་མ་ལི་ཡི་སྡོང་པོ་ལྕགས་ཀྱི་ཚེར་མ་རྣོན་པོའི་ལོ་འདབ་སྐྱེས་ཡོད་པ། བཙུན་འཆལ་སྡོམ་ཉམས་དང་འདོད་ལོག་སྤྱོད་པའི་སེམས་ཅན་དེ་ཚོ་སྐྱེ་ས་སྟེ། དེ་ཆ་ག་ཡང་དེ་བཞིན་དུ་མཚམས་བཞིར་ཁོ་ར་ཁོར་ཡུག་ལ་ཡོད་པ་ཡིན། དམྱལ་བ་མནར་མེད་ཀྱི་ལས་མྱོང་སྟོབས་ཀྱིས་བསྲབས་ནས་ལྕགས་མཁར་གྱི་ཕྱི་རོལ་དུ་ཐར་བའི་སྣང་བ་ཤར་ནས་རྒྱང་རིང་ལ་བལྟས་ཚེ། གྲིབ་མ་ཞིག་འདུག་པའི་སྣང་བ་ཤར་ནས་དེར་སོང་དུས། མེ་མ་མུར་གྱི་འོབས་ལ་ཚུད་ནས་ཤ་རུས་ཐམས་ཅད་ཚིག་པ་དང་། ཡང་དེ་ནས་ཐར་བའི་སྣང་བ་ཤར་ནས་རོ་མྱགས་ཀྱི་འདམ་ལ་ཚུད་པས། སྲིན་འབུ་ལྕགས་ཀྱི་མཆུ་ཅན་དག་གིས་རུས་པ་དང་རྐང་ལ་མ་ཐུག་གི་བར་དུ་འདྲུ་ཞིང་ཟ་བར་བྱེད་པ་དང་། དེ་ནས་ཡང་ཐར་བའི་ཉམས་སྐྱེས་ནས་སོང་དུས། སྤུ་གྲིས་གཏམས་པའི་ལམ་དང་རལ་གྲི་ལོ་མའི་ནགས་ཚལ་ནས་ལུས་དུམ་བུ་དུམ་བུར་གཅོད་པ་དང་། དེ་བཞིན་དུ་ཉེ་འཁོར་གཞན་གྱི་སྡུག་བསྔལ་ཡང་དཔག་མེད་མྱོང་ནས་མནར་བ་དང་། གྲང་དམྱལ་བརྒྱད་ནི་ཚ་དམྱལ་གྱི་གནས་དེ་ལས་དཔག་ཚད་ཁྲི་ཕྲག་མང་པོའི་ཆོད་པའི་ཐད་ནས་འོག་རིམ་བཞིན་དུ། ཆུ་བུར་ཅན་དང་། ཆུ་བུར་རྡོལ་པ་ཅན་དང་། ཨ་ཆུ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུཏྤ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་སྟེ། དེ་དག་གི་སྡུག་བསྔལ་ནི་ཚ་གྲང་གི་ཁྱད་པར་ཙམ་མ་གཏོགས་གོང་མ་བས་འོག་མའི་སྡུག་བསྔལ་གྱི་ཆེ་བ་ནི་སྔོན་མ་དང་འདྲ་འདྲ་རེད། གྲང་དམྱལ་གྱི་ཚེ་ཚད་ལ་མཚོན་ན། མཛོད་ལས་ཀྱང་། ཏིལ་རྫང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་དོ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་གསུངས་པས་ཤེས་ལ། ཉི་ཚེ་བའི་དམྱལ་བའི་གནས་ནི་སའི་དངོས་གཞི་ལས་ཚ་དམྱལ་དང་གྲང་དམྱལ་གྱི་ཉེ་འཁོར་དང་མིའི་ཡུལ་ནའང་ཡོད་པར་གསུངས་ཤིང་། སྒོ་དང་ཀ་བ་ཐབ་དང་ཐག་པ་ལ་སོགས་པ་རང་གི་ལུས་ཡིན་སྣང་ཤར་ནས། དེ་དག་བཀོལ་ཞིང་སྤྱོད་པའི་དུས་སུ་སྡུག་བསྔལ་དཔག་མེད་མྱོང་བ་ཡིན་ཞིང་། དམྱལ་གནས་འདི་ཚོའི་གནས་དང་ཚེ་ཚད་ལ་སོགས་པ་ངེས་མེད་སྣ་ཚོགས་སུ་གསུངས་པ་ནི། དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་འབྱུང་བ་ལྟར་དུ་གཙོ་བོ་ལས་སྣང་གིས་གྲུབ་པ་ཡིན་ལ། དེ་བཞིན་དུ་ཡི་དྭགས་ལའང། བཀྲེས་སྐོམ་དང་དེའི་མཚོན་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་དེ། ཕྱིའི་སྒྲིབ་པ་ཅན་བཟའ་བཏུང་མི་རྙེད་པ་དང་། རྙེད་ཀྱང་ཁ་དང་མིད་པའི་ནང་ལ་མི་ཚུད་པ་དང་། ནང་གི་སྒྲིབ་པ་ཅན་གལ་ཏེ་བཟའ་བཏུང་ཞིག་ཐོབ་ཀྱང་ཁ་ཁབ་མིག་འདྲ་བོའི་ནང་དུ་མི་ཆུད་པ་དང་། མགྲིན་པ་རྟ་རྔ་ཙམ་པོའི་ནང་དུ་མི་ཤོང་བ་དང་། ལྟོ་བ་ཡུལ་ལྗོངས་འདྲ་བོ་མི་གང་བ་དང་། ཡན་ལག་རྩི་འཇག་འདྲ་བོས་མི་ཐེག་པ་ལ་སོགས་པའི་སྡུག་བསྔལ་ཆེ་ཞིང་། སྒོས་ཁུར་གྱི་སྒྲིབ་པ་ཅན་ལ་མཚོན་ན་ཡི་དྭགས་རེ་རེའི་ལུས་ལ་སྲོག་ཆགས་མང་པོས་ཚང་བཅས་ནས་ཟ་བ་དང་། རང་ཤ་རང་གིས་ཟ་བ་ལ་སོགས་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་དང་། དགེ་འདུན་སྲུང་གི་རྟོགས་བརྗོད་ལས་བྱུང་བ་ལྟ་བུ་དང་། ཡི་དྭགས་མེ་ལྕེའི་ཕྲེང་བ་ཅན་ཞེས་པ་ཟོས་ཚད་འཐུང་ཚད་ཁོག་པའི་ནང་ལ་ཐོན་དུས་མེ་རུ་འབར་འགྲོ་བ་དང་། ད་རུང་ལྗན་ལྗིན་ཟ་བ་དང་། མི་གཙང་བའི་རིགས་ཟས་སུ་མཐོང་བ་ཡང་ཡོད་ཅིང་། དེ་ཡང་གནོད་པ་དང་བཅས་པས་ཁ་ལ་མི་ཡོང་བ་ལ་སོགས་པའི་སྡུག་བསྔལ་དང་། མཁའ་ལ་རྒྱུ་བའི་ཡི་དྭགས། བཙན་དང་རྒྱལ་པོ་ཤི་འདྲེ་འབྱུང་པོའི་རིགས་དེ་ཚོ། ཚེ་གཅིག་ལ་འཁྲུལ་སྣང་འཇིགས་སྐྲག་ཅན་ཏག་ཏག་ལ་སྤྱོད་ནས། ཚེ་སྔོན་མའི་གནོད་སེམས་ཀྱི་ཉེར་ལེན་གྱིས་སེམས་ཅན་མང་པོའི་སྲོག་དབུགས་ལེན་པར་བྱེད་ཅིང་། རང་གང་གིས་ཤི་བའི་ནད་ཡམས་དེ་གཞན་དག་ལ་གཏོང་བར་བྱེད་དུས་རང་ཉིད་ལ་ཕན་ཐོགས་མེད་པའི་ཐོག་ཏུ་གཞན་ལ་གནོད་པ་སྐྱེལ་བར་བྱེད་པ། འདྲེ་འདུལ་མཁན་གྱིས་གནོད་པས་གཟིར་བ་ལ་སོགས་པའི་སྡུག་བསྔལ་ཅན་དང་། དུད་འགྲོ་ལའང་། བྱིངས་གནས་རྒྱ་མཚོ་ཆེན་པོའི་ནང་གི་སྲོག་ཆགས་རིགས་འདྲ་དང་མི་འདྲ་ཡོད་པ། ཆེ་བ་རི་འདྲ་འདྲ་དང་། ཆུང་བ་ཁབ་རྩེ་འདྲ་འདྲ། ཆེ་བས་ཆུང་ཆུང་ཟ་འགྲོ་བ་དང་། ཆུང་ཆུང་གིས་ཆེན་པོ་འབིགས་འགྲོ་བ་སྟེ། ཐམས་ཅད་གཅིག་ལ་གཅིག་གིས་འཚེ་བས་གདུང་བ་དང་བླུན་ཞིང་གཏི་མུག་པའི་སྡུག་བསྔལ་དེ་དུད་འགྲོའི་རིགས་གྱུར་ཐམས་ཅད་ལ་ལྷག་པར་ཆེ་བ་ཡིན་པ་དང་། དུད་འགྲོ་ཁ་འཐོར་གྱི་རིགས་ལྷ་མིའི་གནས་ན་ཡོད་པ་རྣམས་ཀྱང་། དུད་འགྲོ་སྤྱིའི་སྡུག་བསྔལ་ལས་མ་འདས་ཤིང་། ཁྱད་པར་དུ་མིས་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་སྣ་རྟ་དང་། ཡང་སྒོས་བཤས་ཟོག་བཤས་ལུག ལ་ཁའི་རི་དྭགས། སྒོ་ཁྱི་ལ་སོགས་པ་ལ་བཀོལ་སྤྱོད་ཀྱི་བེད་སྤྱད་ནས། རྨོས་རྨོ། བཞོན་བཞོ། ཁལ་བཀལ། ཤ་ཟ་བའི་ཆེད་དུ་བཤས་བཤའ་བ། རི་དྭགས་བསད་པ། དེང་སང་གྲོང་ཁྱེར་རེ་རེའི་ཟས་ཁང་མགྲོན་ཁང་ཁེ་རུ་མ་ཞིག་གིས་ཀྱང་། ཉིན་རེའི་ཕག་དང་། བྱ་དང་། ཉ་དང་། རི་བོང་། ཐ་ན་འབུ་རིགས་ཡན་ཆད་ཅི་འདྲའི་དུད་འགྲོ་སྲོག་ཆགས་མང་པོའི་སྲོག་གཅོད་བཞིན་འདུག དེ་དག་ཀྱང་ང་ཚོ་རང་ཉིད་ཀྱིས་མཆུ་བཅིངས་ནས་དབུགས་འཚུབ་བྱས་ནས་ཤི་རུ་བཅུག་པ་དང་། གསོན་གསོན་ཁ་ལ་སྙིང་ཁར་གྲི་བཙུགས་ནས་བསད་པ་དང་། གསོན་གསོན་ཁར་ཁོག་པ་ཁ་ཕྱེ་ནས་ནང་ཆ་མར་འཕངས་ནས་བཅད་བཏུབ་བྱེད་པའི་སྐབས་སུ་ན་ཚ་འཇིགས་སྐྲག་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན། དེ་ལ་སོགས་པའི་འགྲོ་བ་དྲུག་གི་སྡུག་བསྔལ་ཐམས་ཅད་སེམས་ཐོག་ལ་བླངས་ནས་རང་གི་ལུས་ཐོག་ལ་སྨིན་པར་བསྒོམས་ནས། འདི་ལྟ་བུ་སེམས་ཅན་ཕ་མར་གྱུར་པ་ཐམས་ཅད། ད་རེས་ངས་རྟེན་འདིའི་སྟེང་ནས་དམ་ཆོས་ཉམས་ལེན་གྱི་བྱང་ཆུབ་དམ་པ་སྒྲུབ་ནས། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་དགོས་སྙམ་པའི་ཐུན་མོང་མ་ཡིན་པའི་ངེས་འབྱུང་དང་བྱང་སེམས་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་དང་བཅས་ཏེ། གང་ཞིག་གསན་པར་བྱ་བ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་མན་ངག་གི་བསྟན་བཅོས། ཀུན་མཁྱེན་བླ་མའི་སྐུ་ངོ་མ་མཇལ་ནས་གདམས་པ་ཐོབ་པ་དང་ཁྱད་པར་མེད་པ། བྱིན་རླབས་བརྒྱུད་པའི་རྣོ་སོ་མ་ཉམས་ཤིང་། །དགོངས་པ་གཏད་པས་དོན་བརྒྱུད་ཡེ་ཤེས་འཕོ། །ཕྱི་རབས་བུ་ལ་གཏད་རྒྱས་རྒྱས་བཏབ་པས། །ཀུན་མཁྱེན་བླ་མ་དངོས་དང་མཚུངས་པ་ཡིན། །ཞེས་པ་སོགས་དམ་པ་མང་པོས་བསླུ་བ་མེད་པའི་ལུང་གིས་ཡང་ནས་ཡང་དུ་བསྔགས་པ་འདི། རྒྱང་སྙན་གཏམ་གྱི་སྦྱོར་བ་ཙམ་མ་ཡིན་པར་དགོངས་པ་རྒྱུད་ལ་ཁེལ་བའི་ཉམས་རྟོགས་ཀྱི་རྩལ་ལས་གསུངས་པ་ཡིན་ཕྱིར། ཇི་བཞིན་ཚིག་དོན་དགོངས་པ་མ་ཁྲོལ་ཡང་། །མོས་གུས་ཐོབ་ན་བྱིན་བརྒྱུད་ཡེ་ཤེས་འཕོ། །གཞུང་འདི་མཇལ་ལས་ཚིག་དབང་རིན་པོ་ཆེ། །གཞན་ན་མེད་དེ་རིག་པའི་རྩལ་དབང་རྫོགས། །ཞེས་པའི་བདེན་པའི་ཚིག་གི་སྒྲ་ཇི་བཞིན་པ་ལ་ཡིད་ཆེས་ངེས་ཤེས་ཀྱི་སྤྲོ་སེམས་དང་བཅས་ཏེ་གསན་པ་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་འཆད་པའི་སྐབས་ནས། རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བར་བསྟན་པའི་ནང་གསེས། ངོ་བོ་སྤྱིར་བསྟན་པ་དང་། ཁྱད་པར་ཅན་གྱི་ལམ་ཉིད་ཇི་ལྟར་ཉམས་སུ་བླང་བའི་ཐབས་བསྟན་པ་ཡི་ནང་ནས་བཞག་ཐབས་བཞི་བོ་སོང་ནས། དེའི་ཡན་ལག་ཏིང་འཛིན་གསུམ་ལས། རང་གནས་ཆེན་པོའི་ཏིང་འཛིན་ནང་གསེས་དང་བཅས་པ་བཤད་མ་ཐག་པའི་མཚམས་ནས།

༼༣ གསུམ་པ་ཐོག་བབས་ཆེན་པོའི་ཏིང་ངེ་འཛིན།

ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་ནི།

མཉམ་ཉིད་ངང་ལས་ཡུལ་དུ་མི་རྟོག་ཅིང་།།

སེམས་སུ་མི་འཛིན་རེ་དོགས་འབྱུང་འཇུག་ཞི།།

ཡུལ་སེམས་མཉམ་པའི་ངང་དེར་གནས་པ་ནི།།

ཆོས་ཉིད་ཀློང་སྟེ་ངང་གིས་གཡོས་པ་མེད།།

མཚན་མའི་ཡུལ་ལ་ཡུལ་མེད་སྤྱི་བླུགས་གནས།།

ཡེ་ནས་གཉིས་མེད་རིག་པ་སྤྱི་བླུགས་པས།།

འཁོར་འདས་དབྱེར་མེད་རྫོགས་པ་ཆེན་པོའི་ངང་།།

ཐམས་ཅད་བླང་དོར་མེད་པར་ཕྱམ་གདལ་ལོ།།

ཞེས་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། འགྲེལ་བས། འདིར་ཐོག་བབས་ཀྱི་དོན་ནི་རིག་པ་ཅར་ཕོག་ཏུ་ཡུལ་ལ་འབེབས་པ་སྟེ། ཞེས་ཐོག་བབས་ཆེན་པོའི་ཏིང་འཛིན་གྱི་སྤྱི་ཆིང་བསྟན་ནས། དེ་བྱེ་བྲག་གི་དབྱེ་བས་བཀྲལ་བ་ནི། བསྡུ་ན་རང་ངོ་རང་བཞིན་གྱི་བསམ་གཏན་ལ་གནས་པ་དང་། དེ་ལས་རྩལ་སྣང་ཡུལ་ཐོག་ཏུ་འཆར་བའི་དུས་ན་ངོས་གཟུང་བ་གཉིས་ལས། ཞེས་རྣམ་པ་གཉིས་སུ་ཕྱེས་ནས། སྔ་མས་རྩ་བའི་ཚིག་རྐང་སྔོན་མ་བཞིའི་དོན་བསྟན་པ་དང་། ཕྱི་མས་ཚིག་རྐང་ཕྱི་མ་བཞིའི་དོན་བཀྲལ་བ་སྟེ། དེ་ལས་སྔོན་མའི་དོན་ནི། རང་བབས་ནི་རེ་དོགས་འབྱུང་འཇུག་མེད་པར་ལྷན་ནེ་གནས་དུས་ཀྱི་གནས་ཆ་དེ་བསམ་གཏན་ཡིན་པས་བཞག་ལ། རིག་གེ་སང་ངེ་བ་དེ་ཅར་ཕོག་ཏུ་ངོས་བཟུང་ནས་ངང་ལ་སྐྱོང་བ་སྟེ། ཡི་གེ་མེད་པ་ལས། ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ལྟ་བྱེད་མ་ཡིན་རྟག་ཆད་གཉིས་ལས་འདས། །ལྟ་བ་མེད་པས་ལྟ་རུ་ཡོད་མ་ཡིན། །དོན་ལས་མི་འདའ་ལྟ་བ་ངང་གིས་མེད། །དེ་ཡོད་མ་ཡིན་དེ་ཡི་ངང་དུ་གནས། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མི་རྩོལ་བཅོས་ཤིང་དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་གཞག །འདི་ནི་རང་བྱུང་འོད་གསལ་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལས་སོ། །ཞེས་སོ། །ཞེས་པ་སྟེ། རྗེས་འདེབས་ཆེན་པོའི་ཏིང་འཛིན་གྱིས་རིག་པ་ཟང་ཀ་གཅིག་པུ་འདིས་སྣང་སེམས་ཐམས་ཅད་ལ་མ་ཁྱབ་པ་མེད་པར་བསྟན་པ་དང་། རང་གནས་ཆེན་པོའི་ཏིང་འཛིན་གྱིས་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་རང་བབས་རང་གནས་ཀྱི་བསམ་གཏན་ལས་གཞན་དུ་མ་གྱུར་པར་བསྟན་ནས། ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་ནི་རིག་པ་ཅར་ཕོག་ཏུ་ཡུལ་ཐོག་ལ་འབེབས་པས། མི་གཡོ་རིག་པ་རང་ངོ་ལས་འདའ་བ་མེད་པའི་བབས་སྐྱོང་བ་དེ་བསྟན་པ་ཡིན། འདི་ངོ་བོའི་སྟེང་ལ་གནས་དུས་དང་། རྩལ་སྣང་ཡུལ་ཐོག་ལ་འཆར་འཆར་འདྲ་བའི་ཉམས་ལེན་གྱི་ཆ་གཉིས་སུ་ཕྱེས་ནས་གསུངས་པའི་སྔ་མ་ནི། མཉམ་ཉིད་ངང་ལས་ཡུལ་དུ་མི་རྟོག་པའི་ལྟར་མེད་ལྟ་བའི་གནས་ལུགས་ཀྱི་ངང་དུ་སེམས་སུ་མི་འཛིན་པར་རེ་དོགས་འབྱུང་འཇུག་མེད་པར་རང་བབས་སུ་བཞག་ན། དེའི་དུས་ཀྱི་ཡུལ་སེམས་མཉམ་པའི་ངང་དེར་གནས་པའི་གནས་ཆ་དེ་ཉམས་ཀྱི་བསམ་གཏན་ཡིན་པས་བཞག་སྟེ། ཡིད་ལ་མི་བྱེད་མཚན་མའི་རྗེས་སུ་མི་འབྲང་བའི་རིག་ཆ་རིག་གེ་སང་ངེ་རིག་སྟོང་དབྱེར་མེད་པའི་བདག་ཉིད་དེ་ཅར་ཕོག་གམ་ཐད་ཀར་སྐྱོང་ན་ཆོས་ཉིད་བྱ་རྩོལ་བྲལ་བའི་ཀློང་དེ་ཉིད་ངོས་བཟུང་ནས་བསྐྱང་བར་བསྟན་པ་དང་། གཉིས་པ་རྩལ་སྣང་ཡུལ་ཐོག་ལ་འཆར་དུས་ན་ངོས་ཇི་ལྟར་བཟུང་བའི་ཚུལ་ནི། རིག་པའི་དྭངས་ལས་རྩལ་ཡུལ་ཐོག་ཏུ་འཆར་འཆར་འདྲ་བའི་དུས་ཀྱི་གྱ་མ་གྱུ་འཕྲོ་བའི་ཆ་དེ་རྟོག་པ་རླུང་གི་རྟས་བསྐྱོད་པ་ཡིན་པས་བཞག་ལ། དེའི་ཆ་ལ་རིག་ཆ་ཅིག་འདུག་པ་དེ་ཅར་ཕོག་ཏུ་ངོས་བཟུང་ནས། འཕྲོ་ཆ་དེ་གར་འགྲོར་བཏང་བས་རང་ཡལ་ལ་འགྲོ་སྟེ། ཀུན་བྱེད་ལས། རང་ལུས་མི་འཆོས་དབང་པོ་མི་རྟུལ་ཏེ། །ངག་ཀྱང་མི་བསྡམ་བྱ་བཙལ་བྱར་ཡང་མེད། །སེམས་ཀྱང་གར་བཏང་མི་གཡོའི་ངང་ལ་གཞག །ཅེས་པ་དང་། དོན་ནི་ཀུན་དོན་སྐྱེ་བ་མེད་པ་སྟེ། །རྣམ་རྟོག་མཚན་མ་དེ་བཞིན་རིག་བྱས་ནས། །དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མ་ཡེངས་པ། །གང་ལྟར་བསམས་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམས་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་སོ། །རིག་པ་ཟང་ཐལ་རྗེན་པ་ཡུལ་ཐོག་ཏུ་འཕྲོ་བྱ་དང་འཕྲོ་བྱེད་གཉིས་སུ་མེད་ཀྱང་རིག་པའི་དྭངས་ཆ་ལས་རྩལ་སྣང་ཡུལ་ཐོག་ལ་འཆར་བ་མེད་ན་ཡང་འཆར་འཆར་འདྲ་བའི་སྐབས་དེའི་ཐོག་ནས་ངོས་བཟུང་ན། མཚན་མའི་ཡུལ་ལ་བཟུང་བའི་མཚན་མ་ཅན་གྱི་ཡུལ་ཞིག་ཡོད་པ་མིན་ཞིང་ཡུལ་མེད་ཡེ་ནས་གནས་པའི་སྤྱི་བླུགས། དོན་གྱི་ངོ་བོའི་གནས་ལུགས་ལ་དེ་དང་གཉིས་སུ་མེད་པའི་ཡེ་གནས་ཀྱི་རིག་པ་སྤྱི་བླུགས་མ་བཅོས་རྒྱལ་པོ་ལྷུན་གྲུབ་ལ་གནས་པ་ཡིན་པས་ན། གྱ་གྱུར་འཕྲོ་བའི་ཆ་ཀུན་རྟོག་གི་རི་མོར་སྣང་བ་དེ་འཁྲུལ་བ་རླུང་གིས་རྟ་ཡིས་བསྐྱེད་པ་ཡིན་པས་དེ་བཞག་ནས། དེ་དང་མཉམ་དུ་དབྱེར་མི་ཕྱེད་པའི་རིག་ཆ་གསལ་སྟོང་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཞིག་ཡོད་པ་དེ་ཅར་ཕོག་ཏུ་ངོས་བཟུང་ནས་འཁོར་འདས་དབྱེར་མི་ཕྱེད་པའི་སྐྱེ་མེད་ཀྱི་ངང་ལས་ཡེངས་པ་དང་བྲལ་བའི་མ་བཅོས་རྫོགས་པ་ཆེན་པོའི་མ་བསྒོམ་ངང་བཞག་གི་བསམ་གཏན་ལ་གནས་ན་འཁོར་འདས་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་བླང་དོར་མེད་པ་ཕྱམ་གདལ་བ་ཡིན་པ་བསྟན་ནས། ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་གྱིས་དོན་བསྡུས་གནད་དུ་དྲིལ་ནས་བསྟན་པ་ནི། འདི་ལ་གནད་དུ་རིག་པ་རྗེན་ལ་ཕུད་པའི་ངོ་བོ་ངོས་བཟུང་ནས། འགྱུ་ཆའམ་འཕྲོ་ཆ་དེ་རྗེས་མི་བཅད། ངོ་ལ་མི་བལྟ། རང་བབས་སུ་མི་འཇོག་པ་གནད་ཀྱི་རང་གནད་གལ་པོ་ཆེ་ཡིན་ནོ། །དེ་ལྟར་མ་ཤེས་ན་རྟོག་པ་ཉིང་འཁྲུལ་དང་། སྤང་གཉེན་རང་ཀ་དང་། གཟུང་འཛིན་རང་གཞག་དང་། ཐ་མལ་རང་ཀར་འཆོར་བ་ཡིན་ནོ། །རིག་པ་རྗེན་ལ་ཕུད་པ་དང་། དེ་ཉིད་ཀྱི་ངོ་བོ་ངོས་གཟུང་བའི་གནད་ཀྱི་མན་ངག་གལ་ཆེན། ཚིག་ནག་གོ་བདེ་བར་གསུངས་པ་སྟེ། སྤྱིར་ན་འཆད་ཉན་སྒོམ་པ་གང་གི་སྐབས་ཡིན་ཡང་། སྤོམ་ཡུག་རགས་པའི་གོ་ཡུལ་གསལ་ལ་མ་གསལ་བ། གོ་མ་གོ་ཟེར་རྒྱུ་མེད་པའི་ཡ་མེ་ཡོམ་མེ་ཞིག་གི་ནང་ལ་བུད་སོང་དུས་གནད་ངོ་མ་ཟིན་མེད་ཅིང་། གནད་ཀྱི་སྙིང་པོ་དེ་མ་ཟིན་དུས་དོན་ངོ་མའི་སྟེང་དུ་རྣག་ཐོག་ལ་གཙག་མ་ཁེལ་པས། ཉམས་ལེན་ལོ་གྲངས་ལ་བྱས་ཀྱང་རང་ལ་ཡར་བསྐྱེད་ཡོང་རྒྱུ་མེད་པ་ཞིག་ཏུ་ཆགས་པ་ཡིན། འདིར་རིག་པ་རྗེན་ལ་ཕུད་པའི་ངོ་བོ་ངོས་གཟུང་བའི་དུས་སུ། འགྱུ་ཆའམ་འཕྲོ་ཆ་གང་སྣང་གང་ཤར་གྱི་རྗེས་ལ་འདེད་པའི་སྔར་རྗེས་མ་བཅད། སྔར་རྗེས་བཅད་ན་རྟོག་པ་ཉིང་འཁྲུལ་དུ་སོང་ནས། གཅིག་འཁྲུལ་གྱི་རྗེས་ལ་གཉིས་འཁྲུལ་ཡོང་ནས་འཁྲུལ་བ་ཆུའི་གཉེར་མ་འདྲ་བོ་ལ་འཛད་དུ་མེད། རྣམ་རྟོག་གམ་འགྱུ་ཆ་གང་ཤར་གྱི་ངོ་ལ་ཡང་མི་བལྟ། བལྟས་ན་སྤང་གཉེན་རང་འགའ་བའི་ཕྱོགས་ལ་འགྲོ་བ་ཡིན། རང་བབས་སུ་མི་འཇོག་ཅེས་པ་སྟེ། འདིའི་རང་བབས་གོང་ནས་གནས་ཆ་དེ་བསམ་གཏན་ཡིན་པས་ཞོག་ཅེས་པ་དེ་དང་གོ་བ་གཅིག་ཡིན། འགྱུ་ཆ་གང་ཤར་རང་བབས་སུ་ཞོག་དང་བཟུང་འཛིན་རང་གཞག་ཡིན། མདོར་ན་རྗེས་བཅད་པ། ངོ་ལ་ལྟ་བ། རང་བབས་སུ་བཞག་པ་གསུམ་པོ་གང་བྱེད་ཀྱང་ཐ་མལ་རང་ཀའི་ངང་ལ་འཆོར་ནས་རིག་པ་རྗེན་ལ་བུད་པའི་གནད་ཟིན་ཡོད་པ་མིན་ནོ། །དགག་སྒྲུབ་ཀྱི་ཕྱོགས་གཉིས་ཀའི་གནད་ཀྱི་དོན་བསྟན་ནས། དོན་བསྡུ་བ་ནི།

༼ག གསུམ་པ་དེ་ལྟར་རང་གནས་དང་རང་ཤར་གཉིས་ལ་བཟང་ངན་མེད་པར་བསྟན་པ།

དེ་ལྟར་རང་གནས་དང་རང་ཤར་གཉིས་ལ་བཟང་ངན་མེད་པར་བསྟན་པ་ནི།

དངོས་དང་དངོས་མེད་དབྱིངས་སུ་མཉམ་པ་དང་།།

སངས་རྒྱས་སེམས་ཅན་དབྱིངས་སུ་མཉམ་པ་དང་།།

ཀུན་རྫོབ་དོན་དམ་དབྱིངས་སུ་མཉམ་པ་དང་།།

སྐྱོན་དང་ཡོན་ཏན་དབྱིངས་སུ་མཉམ་པ་དང་།།

མཐོ་དམན་ཕྱོགས་མཚམས་དབྱིངས་སུ་མཉམ་པའི་ཕྱིར།།

རང་བྱུང་ངང་ལས་རོལ་བ་ཅི་ཤར་ཡང་།།

ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད།།

དེ་ལ་བླང་དོར་གཉེན་པོས་བཅོས་ཅི་དགོས།།

གནས་པའི་ཚེ་ན་མཉམ་གནས་བཟང་ངན་མེད།།

ད་ལྟ་སེམས་ལ་གང་བྱུང་རང་ཞིར་ཞོག།

གྲོལ་བའི་ཚེ་ན་མཉམ་གྲོལ་བཟང་ངན་མེད།།

དྲན་པའི་རྗེས་ལ་དགག་སྒྲུབ་འཕྲོ་མ་མཐུད།།

ཅེས་གསུངས་པ་སྟེ། འདིའི་ཤོ་ལོ་ཀ་གསུམ་ལས་ཐོག་མའི་ཤོ་ལོ་ཀ་གཅིག་གིས་རང་གནས་དབྱིངས་ཀྱི་ངང་དུ་བཟང་ངན་མེད་པར་མཉམ་པ་དང་། ཤོ་ལོ་ཀ་གཉིས་པས་གཙོ་བོར་ཤར་སྣང་མེད་པའི་སྟོང་གཟུགས་སུ་བཟང་ངན་མེད་པར་མཉམ་པ་དང་། ཤོ་ལོ་ཀ་གསུམ་པས་ཤར་གནས་གྲོལ་གསུམ་མཉམ་པ་ཡིན་པས་སྔོན་བསུ་དང་རྗེས་བསྙེགས་ཀྱི་དམིགས་གཏད་མི་བྱ་བར་གདམས་ནས་རང་བཞིན་བབས་ཀྱི་བསམ་གཏན་ཉམས་སུ་བླང་བར་བསྟན་པས་དོན་བསྡུས་པའོ། །དེ་ཡང་དཔེར་ན་ཆུ་མི་གཡོ་བ་དང་དབའ་རླབས་སུ་གཡོ་བ་ལ་བཟང་ངན་མེད་དེ། གཉིས་ཀ་ཆུའི་དབྱིངས་སུ་མཉམ་པའི་ཕྱིར་རོ། །དེ་བཞིན་དུ་རིག་པ་རང་མལ་དུ་གནས་པ་དང་། འཆར་བ་གཉིས་ལ་བཟང་ངན་མེད་དེ་རིག་པ་ཉིད་བཞུགས་པ་དང་བཞེངས་པར་སྣང་བ་ཙམ་ལས་གཞན་དུ་མ་གཡོས་པའི་ཕྱིར་རོ། །རྡོ་རྗེ་གུར་ལས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་དངོས་དང་དངོས་མེད། སངས་རྒྱས་དང་སེམས་ཅན། ཀུན་རྫོབ་དང་དོན་དམ། སྐྱོན་དང་ཡོན་ཏན་ཐམས་ཅད་རིག་པའི་དབྱིངས་སུ་མ་སྐྱེས་པར་མཉམ་པ་དང་། མི་འགག་པར་སྣང་ཙམ་དུ་མཉམ་པ་དང་། རྒྱ་མཚོའི་ཆུ་དེ་འདོམ་པ་གསུམ་བཞི་མན་ཆད་ནས་གཡོ་འགུལ་མེད་ཅིང་ཁ་ནས་རླུང་གིས་སྒུལ་བའི་སྐབས་སུ་རྦ་རླབས་གཡོས་ནས། རླུང་དྲག་ཏུ་གཡོ་དུས་དྲག་ཏུ་འཕྱོ་ན་ཡང་། རླུང་མེད་པའི་སྐབས་སུ་གཡོ་མེད་དུ་གནས་དུས་ཀྱང་ཡོད་པ་ཡིན། ཆུ་དང་རྦ་རླབས་གཉིས་ཀ་མིང་སོ་སོ་ཡིན་ལ་རྣམ་པའི་ངོས་ནས་ཀྱང་དབྱེ་བ་ཡོད་པ་ཞིག་ཡིན་ཡང་དོན་དངོས་སུ་ཆུ་ཡིན་པར་མཉམ་པ་དང་འདྲ་བར། དངོས་དང་དངོས་མེད། སངས་རྒྱས་དང་སེམས་ཅན། ཀུན་རྫོབ་དང་དོན་དམ། སྐྱོན་དང་ཡོན་ཏན་ཐམས་ཅད་དབྱིངས་སུ་མཉམ་པ་ཡིན། དེ་བཞིན་དུ་རིག་པ་རང་མལ་ལ་གནས་དུས་དང་འཆར་དུས་གཉིས་ཀ་འཆར་གནས་ཀྱི་ཆ་ནས་མ་འདྲ་ནའང་རིག་པའི་ངོ་བོ་ལ་བཟང་ངན་མེད་པར་བཞེངས་བཞུགས་ཀྱི་སྣང་བའི་ཁྱད་པར་ཙམ་ཞིག་ཡིན། དཔེར་ན་འཁོར་ལོའི་སྒྱུར་བའི་རྒྱལ་པོ་ཁྲི་ཐོག་ལ་བཞུགས་ཡོད་དུས་རྒྱལ་པོ་ཡིན་པ་བཞིན་དུ་བཞེངས་ནས་བྱོན་པའི་དུས་སུའང་རྒྱལ་པོ་ཡིན་པ་ལྟ་བུའོ། །དེས་རང་གནས་དབྱིངས་ཀྱི་ངང་དུ་བཟང་ངན་མེད་པ་མཉམ་པར་བསྟན་ནས། གཉིས་པ་ཤར་སྣང་མེད་པ་སྟོང་གཟུགས་སུ་བཟང་ངན་མེད་པར་མཉམ་པ་བསྟན་པ་ནི། སྣང་བ་ནས་མེད་པ་དང་གསལ་སྣང་གི་སྟོང་གཟུགས་སུ་མཉམ་པ་ནི། མཐོ་དམན་དང་ཕྱོགས་མཚམས་སུ་ཕྱེ་ཡང་ནམ་མཁའི་ངང་དུ་མཉམ་པ་བཞིན་ནོ། །བར་སྣང་སྟོང་པ་གཅིག་གི་ངོས་ནས་མཐོ་དམན་ཕྱོགས་མཚམས་སུ་ཕྱོགས་རེའི་ངོས་ནས་དབྱེ་ཆོག་པ་སྟེ། བྱ་ལམ་གོང་མ་དང་བྱ་ལམ་བར་མ་དང་། སྤྲིན་འགྲོ་སའི་ཚད་རེད་སྙམ་པ་ལྟ་བུའི་མཐོ་དམན་དང་ཤར་ལྷོ་ནུབ་བྱང་གི་ཕྱོགས་སུ་ཕྱེ་བ་ཡིན་ཡང་། མཐོ་དམན་ཕྱོགས་མཚམས་ཐམས་ཅད་དབྱིངས་ནམ་མཁའ་གཅིག་གི་ངང་དུ་མཉམ་པ་བཞིན་དུ། རང་བྱུང་རིག་པ་ཉག་གཅིག་གི་ངང་ལས་རོལ་བ་ཅི་དང་གང་དུ་ཤར་ན་ཡང་། མེད་སྣང་སྟོང་གཟུགས་སུ་མཉམ་པར་བསྟན་པའོ། །གསུམ་པ་དེ་ལ་དམིགས་གཏད་མི་བྱ་བར་གདམས་པ་ནི། དེའི་ཕྱིར་དང་པོ་ཤར་བ་ལ་བཟང་ངན་མེད་པས་བླང་དོར་མི་བྱ་བ་དང་། བར་དུ་གནས་པ་ལ་མཉམ་པས་རང་ཞིར་བཏང་བ་དང་། མཐར་རང་ཡལ་དུ་གྲོལ་བར་མཉམ་པས་སྔུན་བསུ་དང་རྗེས་བསྙེགས་མི་བྱ་སྟེ། འདིར་གཞག་དང་དམིགས་གཏད་མི་བྱ་བར་བསྟན་པ་ནི། ཀུན་བྱེད་ལས། མ་ལུས་སྐྱེ་མེད་རྣམ་དག་ཏིང་འཛིན་ཏེ། །བསྒོམ་དང་མི་བསྒོམ་རྐྱེན་ལ་རག་མ་ལུས། །བསྒོམ་བྱ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གང་དུ་ཇི་ལྟར་གཞག་པའི་ཚུལ་མེད་པར། །མ་བཙལ་རང་སར་བཞག་ན་བསྒོམ་པ་ཡིན། །ཞེས་སོ། །དང་པོ་ཤར་བའི་དུས་ནས་བཟང་ངན་མེད་པ་མཉམ་པའི་ངང་ལས་ཤར་བ་ཡིན་པས་མཉམ་ཤར་ལ་བཟང་ངན་མེད། དེ་ལ་བླང་དོར་གྱིས་བཅོས་ཡོང་རྒྱུ་མེད་པས་བཅོས་ཅི་དགོས། བར་དུ་གནས་པའི་ཚེ་ན་ཡང་མཉམ་པའི་ངང་དེ་ལས་མ་གཡོས་པར་གནས་ཤིང་། གནས་བཞིན་ད་ལྟ་བའི་སེམས་ལ་ཅི་ཤར་གང་བྱུང་རང་བཞིན་མཉམ་པའི་ངང་ལས་མ་འདས་བཞིན་དུ་ཞོག་དང་། མཐར་གྲོལ་བའི་ཚེ་རང་ཡལ་བྱ་འཕུར་རྗེས་མེད་མཉམ་པའི་ངང་དུ་མཉམ་པར་གྲོལ་བས་མཉམ་གྲོལ་བཟང་ངན་མེད་པ་ཡིན། དེས་ན་རང་གནས་རང་ཤར་བཟང་ངན་མེད་པར་མཉམ་པ་ཡིན་པས། དྲན་པའི་རྗེས་ལ་དགག་སྒྲུབ་བླང་དོར་བཟང་ངན་དུ་འཛིན་པའི་འཕྲོ་མ་མཐུད་ཅེས་པའི་གདམས་པ་ལུང་གིས་རྒྱབ་སྐྱོར་དང་བཅས་པས་བསྟན་ནས།

༼ག གསུམ་པ་དེ་དག་གི་དོན་ཆོས་ཉིད་མཉམ་པ་ཆེན་པོར་བསྡུ་བ།

ད་ནི་དེ་དག་གི་དོན་ཆོས་ཉིད་མཉམ་པ་ཆེན་པོར་བསྡུ་བ་ནི།

ཐམས་ཅད་གཞི་ཀློང་བྱང་ཆུབ་སེམས་ཉིད་ལས།།

རྩལ་དང་རོལ་བའི་འཆར་ཚུལ་མ་ངེས་པས།།

མཉམ་པར་ཤར་ཡང་གདོད་མའི་ཀློང་ནས་ཤར།།

མི་མཉམ་ཤར་ཡང་མཉམ་པའི་དབྱིངས་ནས་ཤར།།

མཉམ་པར་གནས་ཀྱང་རང་གཞག་ཆོས་ཉིད་ངང་།།

མི་མཉམ་གནས་ཀྱང་མཉམ་པའི་དབྱིངས་ན་གནས།།

མཉམ་པར་གྲོལ་ཡང་རང་བྱུང་ཡེ་ཤེས་ཀློང་།།

མི་མཉམ་གྲོལ་ཡང་མཉམ་པའི་དབྱིངས་སུ་གྲོལ།།

ཞེས་གསུངས་ཏེ། རིག་པ་ནམ་མཁའ་ལྟ་བུའི་ངང་འདིར་ཐུགས་རྗེའི་རྩལ་ལས་འཆར་སྒོ་མ་འགགས་པར་རང་ཤར་བའི་རོལ་བ་སྣ་ཚོགས་པ་ཐམས་ཅད་ནི། སྣང་ཚུལ་ལ་དུག་ལྔ་ལ་སོགས་པའི་འཁོར་བའི་ཆོས་དང་ཡེ་ཤེས་ལ་སོགས་པ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་བཟང་ངན་དང་། མཐོ་དམན་དུ་སྣང་བའི་ཐེག་པ་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་དག་པས། དོན་ལ་བཟང་ངན་དང་བླང་དོར་མེད་དེ་ཆོས་དབྱིངས་ཡངས་པའི་ཕོ་བྲང་དུ་མ་སྐྱེས་པར་མཉམ་རྫོགས་གཅིག་ཏུ་འདུས་པ་ནི། ཉི་ཟླ་གཟའ་སྐར་ལ་སོགས་པ་ནམ་མཁའི་ངང་དུ་འདུ་བ་བཞིན་ཏེ། རིག་པ་རང་གྲོལ་ལས། དཔེར་ན་ནམ་མཁའ་སྟོང་པ་ཡི། །ངང་དུ་ཉི་ཟླ་སྡུད་པ་བཞིན། །ཆོས་ཀྱི་ཕོ་བྲང་ཡངས་པ་རུ། །སྣ་ཚོགས་ཡེ་ཤེས་རོལ་བ་སྡུད། །ཡང་དག་དོན་གྱི་ཀློང་ཡངས་སུ། །རིག་པ་སྟོང་པའི་ཡེ་ཤེས་སྡུད། །ཅེས་སོ། །དེ་ལྟར་རང་གནས་དང་རང་ཤར་གྱི་དོན་མཉམ་ལ་ཐོག་བབས་ཅར་ཕོག་ཏུ་ངོས་གཟུང་བའི་མདོ་བསྡུ་བ་ནི། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལ། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའོ། །ཞེས་པས་དེ་བཞིན་དུ་བསླབ་བོ། །ནམ་མཁའ་གཅིག་གི་ངང་ལ་སྣོད་བཅུད་འཇིག་རྟེན་གྱི་ཁམས་ཉི་ཟླ་གཟའ་སྐར་ལ་སོགས་པ་འདུས་པ་བཞིན་དུ། ཉོན་མོངས་དུག་ལྔ་ལ་སོགས་པ་འཁོར་བའི་ཆོས་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་སོགས་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་གཞི་ཀློང་མཉམ་པ་ཆེན་པོ་བྱང་ཆུབ་སེམས་ཉིད་གཅིག་གི་ཀློང་དུ་འདུས་ཤིང་ཀློང་དེ་ལས་འདའ་བ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིག་པ་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུའི་ངང་ལས་ཐུགས་རྗེའི་རྩལ་དང་རོལ་བའི་འཆར་ཚུལ་གཅིག་ཏུ་མ་ངེས་པ་སྣ་ཚོགས་པའི་འཆར་སྒོ་མ་འགགས་པར་སྣང་བས་ན། ཐེག་པའི་མཐོ་དམན། བཟང་ངན་གྱིི་གནས་རིས། བླང་དོར་དགག་སྒྲུབ་ཀྱི་གནས་འདྲ་དང་མི་འདྲ་རུ་སྣང་བ་ཡིན། རྨི་ལམ་གཉིད་དུ་དག་པ་ལྟ་བུའི་དོན་ཆོས་དབྱིངས་ཡངས་པའི་ཕོ་བྲང་མ་འགགས་གདོད་མའི་ཀློང་ཆེན་པོར་མཉམ་པར་ཤར་ཡང་དེའི་ངང་ལས་ཤར། མི་མཉམ་ཤར་ཡང་དེའི་ངང་ལས་ཤར། དེ་བཞིན་དུ་མཉམ་པར་གནས་ཀྱང་མི་གནས་ཀྱང་། མཉམ་པར་གྲོལ་ཡང་མི་མཉམ་གྲོལ་ཡང་། ཤར་གནས་གྲོལ་གསུམ་གང་གི་སྐབས་སུ་ཡང་གདོད་མའི་ཀློང་ནས་ཤར། མཉམ་པའི་དབྱིངས་ན་གནས། མཉམ་པའི་དབྱིངས་སུ་གྲོལ་ནས། རང་བྱུང་ཡེ་ཤེས་གཅིག་ལས་འདའ་བ་མེད་པ་བསྟན་པའོ། །དེ་ཡན་ཆད་ཀྱིས་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བ་བསྟན་པ་ནང་གསེས་དབྱེ་བ་དང་བཅས་པ་བསྟན་ཟིན་ཏོ།།

༼ཁ༽གཉིས་པ་མདོ་ཆིངས་ངེས་པས་འགག་བསྡམ་པ།

དེ་ལ་མདོ་ཆིངས་ངེས་པས་འགག་བསྡམ་པ་དངོས་དང་། དགོངས་ཀློང་ཆོས་ཉིད་དུ་གདམས་པའི་རིམ་པ་དང་། དགོངས་པ་ཆོས་ཉིད་ཡངས་པར་འཕྲང་བསལ་བ་དང་། རང་དྭངས་རྒྱ་མཚོ་དྭངས་པའི་འོད་གསལ་དུ་ལ་བཟླ་བ་བཞི་ལས། དང་པོ་མདོ་ཆིངས་ངེས་པས་འགག་བསྡམ་པ་དངོས་ལ་ནང་གསེས་རྣམ་གྲངས་བཅུ་གཅིག་ལས།

༼ཀ དང་པོ་དབྱིངས་ལ་ཡེ་མཉམ་ཡངས་པ་ཆེན་པོར་འགག་བསྡམ་པ།

དེ་ལྟར་བསྒོམས་པ་ལས་འདས་པའི་གཞག་ཐབས་ཏིང་ངེ་འཛིན་གྱི་ཡན་ལག་དང་བཅས་པ་བསྟན་ཟིན་ནས། ད་ནི་མདོ་ཆིངས་ངེས་པས་འགག་བསྡམ་པ་ལ་རང་གནད་ངེས་པའི་རྣམ་གྲངས་ཉི་ཤུ་རྩ་གཉིས་ལས། དབྱིངས་ལ་ཡེ་མཉམ་ཡངས་པ་ཆེན་པོར་འགག་བསྡམ་པ་ནི།

ཐམས་ཅད་ཡེ་མཉམ་རང་བྱུང་རིག་པ་ལས།།

ཤར་དང་མ་ཤར་དབྱིངས་ལ་ཡེ་ནས་མེད།།

གནས་དང་མི་གནས་དབྱིངས་ལ་ཡེ་ནས་མེད།།

གྲོལ་དང་མ་གྲོལ་དབྱིངས་ལ་ཡེ་ནས་མེད།།

ཅེས་གསུངས་ཏེ། རིག་པ་དང་། དེའི་རྩལ་དང་། སྣང་སེམས་ཀྱི་རོལ་བ་ཐམས་ཅད་ཡེ་ནས་ཡོད་མ་མྱོང་། མེད་མ་མྱོང་། སྣང་མ་མྱོང་། སྟོང་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་བ་གཞི་བྲལ་ནམ་མཁའ་ལྟར་དག་ཟིན་པས། ཅི་སྣང་ཅི་འགྱུས་ཀྱང་ཡོད་མ་མྱོང་ཆོས་ཟད་ཀྱི་ངང་དུ་འགག་བསྡམས་ཏེ། གང་ཡང་ཡིད་ལ་མི་བྱེད་པའི་ཀློང་དུ་ཕྱམ་ལ་བསྐྱུར་ནས་སྐྱེ་བ་མེད་པའི་ཆིངས་སུ་བཅིང་བ་ནི། ཁྱུང་ཆེན་ལས། བདེ་འདོད་སེམས་ལ་གནོད་པའི་ཆོས་སྤངས་ཏེ། །རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅིར་སྣང་འགག །ཆོས་བྲལ་ཡིད་ལ་བྱེད་པའི་བར་དུ་བསྡམ། །ཞེས་སོ། །འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་མཉམ་པ་གཞི་བྲལ་རང་བྱུང་གི་རིག་པ་ལས་མ་འདས་པ་ཡིན་ལ། སྣང་སེམས་སྣ་ཚོགས་སུ་ཤར་ན་ཡང་། ཐམས་ཅད་ཡེ་ནས་ཡོད་མ་མྱོང་། མེད་མ་མྱོང་། སྣང་མ་མྱོང་། སྟོང་མ་མྱོང་། བདེན་མ་མྱོང་། རྫུན་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་། དེ་ལྟར་མ་མྱོང་བའི་སྟབས་ཀྱིས། ཤར་དང་མ་ཤར། གནས་དང་མི་གནས། གྲོལ་དང་མ་གྲོལ་ལ་སོགས་པ་དབྱིངས་ཀྱི་ངོ་བོ་ལ་ཡེ་ནས་མེད། ངོ་བོར་ལྟར་སྣང་ཡང་། རྩལ་ལྟར་སྣང་ཡང་། དེའི་རོལ་བ་ཤར་ཡང་། ཐམས་ཅད་གཞི་བྲལ་ནམ་མཁའ་ལྟར་དག་པའི་ཆོས་ཟད་ཀྱི་ངང་དུ་འགག་བསྡམ་པའོ། །དེ་ལྟར་རང་བཞག་ལྟོས་པ་དང་བྲལ་བ། ཅོག་གཞག་ཚིག་གི་སྤྲོས་པ་མཐའ་དག་འགག་པ་སྐྱེ་བ་མེད་པའི་ཆིངས་སུ་བཅིངས་ནས།

༼ཁ གཉིས་པ་སྦྲུལ་མདུད་ལྟར་རང་གྲོལ་རང་ཡལ་དུ་འགག་བསྡམ་པ།

སྦྲུལ་མདུད་ལྟར་རང་གྲོལ་རང་ཡལ་དུ་འགག་བསྡམ་པ་ནི།

མི་གཡོ་མཉམ་པ་ཆེན་པོའི་རིག་པ་ལ།།

ཤར་བའི་དུས་ན་རང་ཤར་རང་ས་ཟིན།།

གནས་པའི་དུས་ན་རང་གནས་རང་ས་ཟིན།།

གྲོལ་བའི་དུས་ན་རང་གྲོལ་རང་ས་ཟིན།།

ཞེས་གསུངས་ཏེ། ཤར་གནས་གྲོལ་གསུམ་རིག་ཐོག་ལས་གཞན་མེད་ལ། རིག་པ་ཟང་ཀ་ཆོས་སྐུའི་རང་དབྱིངས་སུ་ཀ་དག་རྗེན་པར་གནས་པ་དེར་རང་ས་ཟེར་བས། ངོ་ཤེས་པ་ན་རང་ས་ཟིན་པ་སྟེ། རང་ཤར་དུས་ཤར་ས་རིག་པ་རྗེན་པར་གྲོལ་བ་ལ་འགག་བསྡམ། རང་གནས་དུས་གནས་ས་རིག་པ་རྗེན་པར་འགག་བསྡམ། རང་གྲོལ་བ་དེ་ཡལ་དུས་འགྲོ་ས་རིག་པ་རྗེན་པར་འགག་བསྡམ་པ་ནི། ཁྱུང་ཆེན་ལས། རྒྱུ་མེད་རང་གྲོལ་རྐྱེན་ལ་མ་བརྟེན་པའི། །ཕྱོགས་མེད་རང་དག་ལྟ་བ་འདི་ཞེས་མེད། །ཞེ་འདོད་མཐའ་དང་བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ། །ཞེས་སོ། །རང་གྲོལ་ཞེས་པའི་རང་དེ་གང་ཡིན་ཅེ་ན། མི་གཡོ་མཉམ་པ་ཆེན་པོའི་རིག་པ་དེ་ཉིད་ཡིན་ཞིང་། རིག་པ་མི་གཡོ་ཞིང་མཉམ་པ་ཡིན་པའི་རྒྱུ་མཚན་གྱིས། ཤར་བ་གནས་པ་གྲོལ་བ་གསུམ་པོ་དེ་མི་གཡོ་མཉམ་པ་གཅིག་གི་ངང་དུ་འདུས་པ་ཡིན་པས། རང་གྲོལ་གྱིས་འགག་བསྡམ་ན། གང་གྲོལ་བ་དེ་ཉིད་ཤར་བ་གནས་པའི་དུས་སུ་ཡང་། རང་ཤར་རང་གནས་ཡིན་པའི་སྟོབས་ཀྱིས་རང་ཤར་ཤར་དུས་ནས་གྲོལ། རང་གནས་གནས་དུས་ནས་གྲོལ། རང་ཡལ་དུས་ནས་གྲོལ་བ་ཡིན་ཞིང་། འདི་ནས་རང་ས་ཟིན་ཞེས་པ་དང་གྲོལ་བ་གཉིས་ཀ་དོན་གཅིག་ཡིན་ལ། རིག་པ་ཟང་ཐལ་ཆོས་སྐུའི་རང་དབྱིངས་ལ་ཀ་དག་རྗེན་པར་གནས་པ་དེ་ལ་རང་ས་ཞེས་གསུངས་པ་ཡིན། དེ་ལྟར་ན་རང་ཤར་བའི་ཤར་དུས་དེ་ན་རང་ཤར་དུ་འགྲོ་སའི་རིག་པ་རྗེན་པ་ཀ་དག་གི་རང་ངོ་ལ་རང་ས་ཟིན་ནས་གྲོལ་བ་ལ་འགག་བསྡམས་པ་དང་། དེ་བཞིན་དུ་རང་གནས་གནས་པའི་དུས་དེར་ཡང་རང་གནས་བྱེད་སའི་རིག་པ་རྗེན་པ་ཀ་དག་གི་རང་ངོ་དེ་ལ་ཡང་རང་ས་ཟིན་ནས་གྲོལ་བར་འགག་བསྡམས་པ་དང་། དེ་ལྟར་དུ་རང་གྲོལ་དུ་འགྲོ་སའི་རིག་པ་རྗེན་པ་ཀ་དག་གི་རང་ངོ་ལ་རང་ས་ཟིན་ནས་གྲོལ་བར་འགག་བསྡམས་ཏེ། རང་གྲོལ་རྒྱུ་རྐྱེན་ལ་མ་ལྟོས་པར་གྲོལ་བ་སྟེ། སྣང་གྲག་ཆོས་རྣམས་ཐམས་ཅད་བྱུང་ཡང་རང་ལས་བྱུང་ཞིང་གྲོལ་ཡང་རང་ལས་གྲོལ་བ། ནམ་མཁའ་དང་སྤྲིན། རྒྱ་མཚོ་དང་རླབས་ཀྱི་དཔེ་ལས་མ་འདས་ཤིང་། གྲོལ་བ་ཞེས་པ་ནི་ཟད་པའི་དོན་ཡིན་པས་ཆོས་ཟད་ཆོས་སྐུའི་དགོངས་པ་ལ་གོ་དགོས་པའོ།།

༼ག གསུམ་པ་ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ།

ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ་ནི།

མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ།།

ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ།།

གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ།།

ཞེས་གསུངས་ཏེ། སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་བདག་མེད་པས་དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་ཐམས་ཅད་དང་པོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བར་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་པས་མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ་འགགས་སོ་ཞེས་སེམས་པ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་མ་གྲུབ་པར་ལ་བཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་ངོར་ཤར་བ་དེ་གཉེན་པོས་བསྐྱར་ནས་འགྲོལ་མི་དགོས་སོ་ཞེས་ཤེས་པར་བྱ་བ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །མི་འགྱུར་སྤྲོས་པ་དང་བྲལ་བའི་རིག་པ་ཡེ་ཤེས་ཀྱི་སྙིང་པོ་འདི་ལ། ཤར་བ་ལྟར་སྣང་བ་ཡེ་ཤར་དང་། གནས་པ་ལྟར་སྣང་བ་དེ་ཡེ་གནས། གྲོལ་བ་ལྟར་སྣང་བ་ཡང་ཡེ་གྲོལ། ནམ་མཁའ་ལྟ་བུའི་རང་བཞིན་ཡིན་པར་གསུངས་པའི་ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པའི་ཚིག་གསུམ་འདི། འགྲེལ་བས་ཐག་བཅད། འཕྲང་བསལ། ལ་བཟླ་བ་གསུམ་གྱིས་བསྟན་ཡོད་པ་འདི། ཡོད་མ་མྱོང་བར་ཐག་བཅད། ངོ་བོ་སྟོང་པས་འཕྲང་བསལ། འགག་པ་ཙམ་དུ་ཡང་མ་གྲུབ་པས་ལ་བཟླས་པ་ཡིན། ཡོད་མ་མྱོང་བས་མེད་པར་ཇི་ལྟར་སྒྲུབ་ན། དཔེ་སྨིག་རྒྱུ་ཆུ་རུ་སྣང་བའི་དུས་ཉིད་ནས་ཆུ་རུ་ཡེ་ནས་མེད་པའམ་གྲོལ་ཟིན་པ་བཞིན་དུ། ཆོས་ཐམས་ཅད་ཡེ་ནས་སྟོང་ཞིང་བདག་མེད་དངོས་མཚན་ལས་གྲོལ་བ་ཡིན། འགྲོ་དྲུག་རང་སྣང་གི་ཆོས་ཀྱང་དེ་ལྟར་ཡིན་ལ། སྐུ་གསུམ་དག་སྣང་གི་ཆོས་ཀྱང་དེ་ལྟར་ཡིན། རིག་པ་གཟུང་འཛིན་ལ་གྲོལ་བའི་དབྱིངས་ལས་གཞན་ན་མེད། སྣང་ཤེས་གང་སྣང་གང་ཤར་ཐམས་ཅད་དང་པོ་ཉིད་ནས་སྐྱེ་བའི་རྒྱུས་སྟོང་པའི་ཕྱིར་ན་ཤར་བར་སྣང་བ་ཉིད་ནས་མེད་པར་བསྟན་པ་ཡིན། འོ་ན་མཐོང་བ་དང་ཐོས་པ་དང་རེག་ཏུ་ཡོད་པའི་བཀྲ་ལམ་མེ་བ་འདི་དག་ཅི་ཡིན་ཅེ་ན། མཐོང་འདུག་རྒྱུ། གོ་འདུག་རྒྱུ། རེག་འདུག་རྒྱུ་འདི་དག་ཐམས་ཅད་མེད་པ་གསལ་སྣང་སྨིག་རྒྱུའི་ཆུ་དང་། བྲག་ཅའི་སྒྲ་ལྟ་བུ་ལས་མི་འདའ་བ་ཡིན། གནས་པ་རང་གི་ངོ་བོས་སྟོང་པ་ཡིན་པས་ན་འཕྲང་བསལ། དེ་ལྟར་མ་སྐྱེས་མི་གནས་པ་དེ་འགག་པར་གྲུབ་པ་ག་ལ་ཡོད། འགག་པར་སེམས་པ་ནི་ཡོད་པར་ཞེན་སའི་འཛིན་པ་ལོག་པ་ཙམ་མ་གཏོགས་པར་ག་ལ་ཡོད། ལར་དངོས་པོ་མེད་ན་དངོས་པོ་འགག་པ་དེ་བས་ཀྱང་མི་འགྲུབ་པར་ལ་བཟླ་བ་ཡེ་ནས་གྲོལ་བར་བསྟན་ནས། འདི་ལག་ལེན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་དུས་ན་གཞི་མེད་དུ་ཤེས་པས་གང་ལའང་བཅོས་བསླད་མེད་པར་ཕྱལ་གྱིས་གཏོང་བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ཀར་གཞི་མེད་དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག མི་འཛིན། མི་དཔྱོད་པར་རིག་པ་རྗེན་པ་དེ་ཉིད་ཕྱལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་སྐྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། །ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་བའི་འགག །གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ཤེས་པ་ཤར་དུས་ཅོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གདབ་ཅིང་རྒྱས་སུ་བཤད་དོ། །ཅེས་གསུངས་ཏེ། ཐོག་མེད་ནས་ད་ལྟའི་བར་འཁོར་བར་འཁྱམས། མེད་ལ་ཡོད་པར་བཟུང་བའི་ཞེན་སྣང་སྐྱེས་པ་ནི་ཨ་འཐས་ཚབ་ཆེ་ཞིང་འཐས་སྟངས་དྲག་སོང་བའི་དབང་གིས་ཐག་བཅད་འཕྲང་བསལ་ལ་བཟླ་གང་བཤད་ཀྱང་། གཟུང་འཛིན་གྱི་ཞེན་སྣང་འདི་སླ་མོ་ཞིག་གིས་འགག་མི་ཐུབ་པ་ནི་སོ་སོའི་སྐྱེ་བོ་སྤྱི་ལ་ཡོད་པ་ཡིན་ཕྱིར། འདིར་མན་ངག་ལག་ལེན་དུ་འགག་བསྡམ་པ་ཡང་བསྐྱར་ནན་གྱིས་བསྟན་ནས། ཐུག་ཕྲད་གསུམ་གྱི་ལམ་ཁྱེར། ཤེས་པ་ཐུག་ཕྲད། སྣང་བ་ཐུག་ཕྲད། རིག་པ་ཐུག་ཕྲད་གསུམ་གསུངས་པ་སྟེ། དང་པོ་ནི་ཤེས་པའི་ངོ་ཁ་ལ་ཡུལ་ཞིག་སྣང་བའི་དུས་སུ་ཤེས་པ་ཐུག་འཕྲད་ཀྱིས་གཞི་མེད་དུ་ཕྱལ་གྱིས་བཏང་ནས་ཤར་བ་བར་མེད་དུ་སངས་སོང་དུས། སྣང་བ་ཐུག་འཕྲད་ཀྱིས་གང་སྣང་སེམས་ཀྱི་རོལ་བ་མེད་པ་གསལ་སྣང་ལ་མི་འཛིན། མི་དཔྱོད། དེའི་སྟེང་དུ་གང་སྣང་རིག་པ་ཐུག་ཕྲད་ཀྱིས་གང་ཤར་མ་ཡེངས་ཡུལ་སེམས་གཉིས་མེད་ཀྱི་རིག་པར་འགག་བསྡམ་པ་ཡིན་ནོ། །ཐུག་འཕྲད་གསུམ་པོ་ལྷན་ཅིག་ཏུ་གསུངས་པའི་སྐབས་སུ། གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམ། །ཞེས་པ་འདི་ཞེ་ལ་བཟུང་དགོས་པ་ཡིན། སྣང་བ་ལ་ཤེས་པ་ཤར་དུས་ཕྱི་སྣང་བའི་རྗེས་མ་བཅད། ནང་ཤེས་པ་ཚུར་མ་འཛིན་པར་ཅོག་གེར་ཞོག་དང་། བཞག་པའི་སྐབས་དེར་རིག་པ་ཟང་ཀ་རྗེན་པ་འཆར་བ་ཡིན། དེའི་སྐབས་སུ་ཤར་བ་ངོས་བཟུང་། དེའི་ཐོག་ཏུ་ཐག་བཅད་པ་འདི་ཤིན་ཏུ་གནད་ཆེ་བ་ཡིན་ཕྱིར་གོ་བ་ལོན་ཤག་ཤག་དང་། གདམས་ངག་ཐོབ་ཤག་ཤག་ཅིག་ཨེ་རེད་དགོངས་ནས་རྒྱས་བཤད་དང་ནན་བཤད་མཛད་པའོ།།

༼ང བཞི་བ་ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ།

ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི།

ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད།།

རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད།།

རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད།།

གཡང་ས་མེད་པས་གོལ་ས་ག་ལ་ཡོད།།

ཅེས་གསུངས་ཏེ། འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་དང་དེ་གཉིས་བློས་རིག་པའི་ཆ་ལ་བརྟགས་པ་ལས། ཤར་གྲོལ་དུས་ལ་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁམས་གསུམ་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ས་དང་སྒྲིབ་པ་མེད་དེ་ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་དོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །ཅེར་གྲོལ་འདི་མཐོང་ཡལ་ཡིན་པས། ཅེར་གྱིས་མཐོང་བ་ཙམ་གྱིས་དེ་ཉིད་དུ་གྲོལ་བ། མཐོང་ཐོས་རིག་པའི་སྐད་ཅིག་དང་པོ་ནས་གྲོལ་བ་ཡིན་པས་ན། ཤར་བ་དང་ཡལ་བ་དུས་མཉམ་པ། དཔེར་ན་ཆུའི་རི་མོ་ལྟ་བུ་ཡིན་ལ། སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་པར་ཤར་བ་དང་ཡལ་བ་དུས་མཉམ་ཡིན་པས། གནས་པའང་ཤར་བ་དང་ཡལ་བ་གཉིས་ཀ་བློས་རིག་པའི་ཆ་ཙམ་ལ་བརྟགས་པ་ལས་མེད་པས། ཤར་གནས་གྲོལ་གསུམ་གྱི་ཤར་གྲོལ་རྒྱུན་ཆད་མེད་པ་ནི། ཤར་གཞི། གནས་གཞི། གྲོལ་གཞི་རིག་པ་ལ་རྒྱུན་ཆད་མེད་པས་ཡིན་ཕྱིར། རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་སོག་ལོང་མེད་པས་རྒྱུ་འབྲས་བར་མ་ཆོད་ཅིང་། རྒྱུ་འབྲས་བར་མ་ཆོད་པས་འཁོར་རྒྱུ་སྟོང་ནས་འབྲས་བུ་ཁམས་གསུམ་འཁོར་བའི་གཡང་ས་ཆོད་པ་ཡིན། གཡང་ས་མེད་པས་གཡང་ལ་ལྷུང་དོགས་དང་ལྷུང་བ་མེད་པས་གནད་འདི་ལ་གོལ་བ་དང་སྒྲིབ་པ་མེད་པར་རེ་དོགས་ཆོས་ཉིད་དུ་ཆོད་པར་བསྟན་པའོ། །འདི་ལག་ལེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་ཅིར་ཤར་ཡང་འདྲ་སྟེ། ཤར་ས་དེར་ཅེར་གྱིིས་བཞག་པའི་སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་བས་དྭངས་ཆ་ལྷག་ཏུ་ཆེ་ལ་ཆོད་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སང་ངེ་བ་རྟོག་མེད་དེ་བསྒོམ་ཡང་། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དོ། །གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཡུལ་ལ་བློ་སྣང་བའམ་བློ་ལ་ཡུལ་སྣང་བའམ་གང་ཅི་ཞིག་ཏུ་ཤར་ཡང་། ཤར་ས་དེའི་ཐོག་ལ་ཅོག་གཞག་ཅེར་གྱིས་བཞག་པའི་སྐད་ཅིག་གི་རང་དུས་དེར། གཏད་ཡུལ་གང་དུ་ཡང་མ་དམིགས་པ་ཡིན་ཕྱིར་རང་ཡལ་རྗེས་མེད་དུ་མི་འགྲོ་བར་མི་སྲིད་ཅིང་། དེའི་དུས་སུ་ཡལ་བའི་ངང་དེར་བཞག་དུས། རིག་པ་གསལ་དག་དྭངས་ཟང་ངེ་ཞིག་ཡོད་པ་དེ་ངོས་བཟུང་དགོས་པ་ཡིན། དྭངས་ཆ་ཅི་ཙམ་ཆེ་ན་དེ་ཙམ་གྱིས་ཆོད་ཆེ་བ་ཡིན། འགའ་རེས་ཡལ་བའི་ངང་སྟོང་སང་ངེ་བའི་རྟོག་མེད་ལ་སྒོམ་པར་བྱེད་ཀྱང་། ཁོང་གིས་དགོངས་ན་རིག་པའི་གནས་ཆ་ཞི་གནས་རེད། ཞི་གནས་ལ་ལྟེངས་སོང་ན་གོལ་གཞི་ཡིན། འདིའི་གནད་ཕལ་ཆེར་གྱིས་རིག་མི་འདུག་པས་དྭངས་ཆ་སྐྱོང་པ་གནད་ཆེ། ནམ་གྱི་སྐབས། གང་གི་དུས་ཡིན་ཡང་རིག་པ་རྗེན་པ་ཟང་ཐལ་ལེ་བ་ཉམས་ཞེན་འཛིན་གྱི་ཤུབས་ནས་འདོན། རེ་དོགས་ཀྱི་འཕྲང་ལས་གྲོལ་ཞིང་ཐེ་ཚོམ་ནང་ནས་ཆོད་པ་དེ་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན་པས་ཤེས་དགོས་སོ་ཞེས་པའོ། །དེ་ནས་ཅེར་གྲོལ་གྱིས་འགག་བསྡམ་ལུགས་ལུང་དང་བཅས་པས་བསྟན་པ་ནི། ཅེར་གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་གཉིས་རང་གསལ་བས། །བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། །ཕྱིའི་ཡུལ་སྣང་ལ་སྣང་བ་སྣང་ནས་ནང་ཤེས་པ་སྟོང་རིག་ལ་ཤར་བའི་བར་དེར་ཅེར་གྱིས་བཞག་ནས་རིག་ངོ་ལས་མ་ཡེངས་པར་བྱེད་པའི་སྐབས་དེར། ཅེར་གྱིས་བཞག་པའི་བཞག་སར་གྲོལ་ཞིང་། གྲོལ་བའི་ངོ་བོ་མཐོང་ཡལ་ཡིན་པས་ན་ཡལ་ས་ཆོས་ཀྱི་སྐུ་རིག་པ་རང་དག་ཀློང་ཆེན་གྱི་ངང་ལ་འགག་བསྡམ་པའོ།།

༼ཅ ལྔ་བ་མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ།

མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི།

ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་།།

འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང་།།

གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ།།

སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད།།

ཅེས་གསུངས་ཏེ། རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་ཏུ་བཟང་པོ་སྟེ་སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་རང་ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་པ་དང་། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་སོ། །མཐའ་གྲོལ་ནི་ལྟོས་པ་དང་བྲལ་བའི་གྲོལ་ལུགས་ཡིན་ཞིང་། འདིས་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ཡིན་པས། རིག་པའི་ངོ་བོ་ཡེ་ནས་མི་འགྱུར་བ། གང་དུ་ཡང་མ་གྲུབ་པ། ཅིར་ཡང་སྣང་བ། སྣང་དུས་ཉིད་ནས་ལྟོས་གཞི་མེད་པ་ཀུན་ཏུ་བཟང་པོ་སྟོང་གསལ་ཟང་ཐལ་མཐའ་དབུས་བྲལ་བའི་ཀློང་ཡིན་པས་ན། དེ་ལྟ་བུའི་འཕོ་འགྱུར་མེད་པ་ཡེ་ནས་དག་པ་རྡོ་རྗེ་སེམས་དཔའི་གནས་ལུགས་ཀྱི་ཀློང་དེ་ངོས་ཟིན་ནས་རང་ངོ་ཤེས་པ་ཙམ་ཞིག་ལ་སངས་རྒྱས་ཞེས་སུ་མིང་དུ་བཏགས་པར་ཟད་པས་དེ་ལས་གཞན་དུ་ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་རྫོགས་པའི་སངས་རྒྱས་ཞེས་པ་ཞིག་ཟུར་ནས་རྙེད་དུ་མེད་པས་ན། སེམས་ཉིད་རིག་པའི་ངོ་བོ་སྟོང་གསལ་མཐའ་དབུས་དང་བྲལ་བ་དེའི་ངང་ལ་བསམ་བརྗོད་དང་བྲལ་བར་ཞོག་ཅེས་པའོ། །འདི་ལག་ཏུ་ལེན་ན་སྟེ། འདི་ལག་ལེན་ལ་བཏབ་ནས་ཉམས་ལེན་གྱི་གནད་ཐོག་ལ་འབད་དུས་ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་སེམས་ལ་ཚུར་མི་རྟོག བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་གར་གནས་ཏེ། བློའི་མདུན་ན་མི་གནས་པར་གསུངས་པའི་དོན་ནི། རྟོག་པའི་འཕྲོ་འདུ་མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང་། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས། འཁོར་འདས་སུ་འཇལ་ཞིང་འཛིན་བྱེད་ཀྱི་རྣམ་པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་པ་དང་། ཁྱུང་ཆེན་ལས་ཀྱང་། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ། །ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །ལྟོས་བྲལ་ངོ་བོ་ཉིད་ཀྱི་རིག་པ་གང་ལ་ཡང་མ་ལྟོས་པས་མཐའ་དང་བྲལ་བ་ཡིན། དེས་ན་མཐའ་བྲལ་ལ་མཐའ་མེད་ཕྱིར་དབུས་ཞེས་པ་ཡང་མ་དམིགས་པའི་ལྟ་བ་སྟེ། དེའི་ངང་ལ་བཞག་པས་ཕྱི་ཡུལ་ལ་ཕར་མི་སེམས་ཤིང་ཡུལ་རྗེས་སུ་མི་བསྙེག ནང་སེམས་ལ་ཚུར་མི་རྟོག་ཅིང་འཛིན་པའི་བཟོ་རྒྱ་མི་བསྐྱེད་པ་དང་། བར་སྐྱེ་མེད་ཀྱི་རང་ས་ལ་འཇོག་ས་འཇོག་ཡུལ་དང་བྲལ་བའི་རིག་པ་ཟང་ཐལ་ལས་གཞན་དུ་གྱུར་པ་ཞིག་མེད་པ་ཡིན་པས། དེའི་ཟང་ཐལ་རྗེན་པ་མཐའ་གྲོལ་མུ་བཞི་རང་འགག་རང་གཞག་ཙམ་གྱི་ལྟོས་པ་དང་བྲལ་བ་ལ་ཅོག་གཞག་ཅེས་ཚིག་ཏུ་བཀྲོལ་བའི་མཐའ་ཙམ་དུ་ཡང་འགག་སོང་བ། སྨྲ་བསམ་བརྗོད་བྲལ་བློ་འདས་ཆེན་པོའི་མ་བཅོས་བཅོས་སླད་དང་བྲལ་བ། དངོས་དངོས་མེད་གཉིས་ཀའི་ཕ་རོལ་བློའི་ཡུལ་ལས་འདས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་ངང་ལ་འགག་བསྡམ་པར་བསྟན་པའོ།།

༼ཆ དྲུག་པ་མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ།

མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི།

འདི་ཉིད་རྟོགས་ན་བླང་དོར་ཆོས་མེད་པས།།

ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ།།

གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན།།

མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད།།

གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ།།

འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་།།

བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད།།

ཅེས་གསུངས་ཏེ། ཆོས་ཐམས་ཅད་གཞི་མེད་ནམ་མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམ་པས་གཟུགས་ཅི་སྣང་ཡང་བཟང་ངན་མེད་པའི་དངོས་པོ་ཕལ་པའི་རྡོ་གསེག་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །མཐའ་གྲོལ་ལྟོས་པ་དང་བྲལ་བའི་གྲོལ་ལུགས་ནི། ཡོད་མེད་སྣང་སྟོང་ལ་སོགས་པའི་མཐའ་གང་ལའང་ལྟོས་མི་འཆའ་ཞིང་། དོན་གྱི་ཐོག་ནས་འདི་ཡིན་འདི་མིན་གྱི་རྩིས་གདབ་ལས་འདས་པར་གྲོལ་བ་སྟེ། དེ་ཡང་དགོངས་པ་བློ་འདས་ཆོས་ཉིད་ཀྱི་དོན་མཁའ་ལྟར་ཡངས་པ་འདི་ཉིད་རྟོགས་ནས་བླང་དོར་རེ་དོགས་ཀྱི་ཆོས་ཟད་ཅིང་མེད་པས་ན་ཆོས་ཐམས་ཅད་མཚོན་བརྗོད་ལས་འདས་པ་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། རིན་པོ་ཆེ་གསེར་གླིང་ལ་ཐོན་སོང་ན་ས་གཞི་རི་བྲག་ཐམས་ཅད་གསེར་མ་གཏོགས་པར་ས་རྡོ་ལ་སོགས་པ་གཅིག་ཀྱང་མེད་པ་བཞིན་དུ། འཁོར་འདས་ཐམས་ཅད་ཆོས་ཉིད་མཉམ་ཉིད་གཅིག་གིས་ཕྱམ་གདལ་སོང་བ་ལས་གཞན་པའི་དབྱེ་བསལ་མེད་པ་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་གཅིག་གིས་ཀྱང་མ་རེག་ཅིང་ཡུལ་དུ་མ་གྱུར་པ་ཡིན་པས་ན། གོལ་སྒྲིབ་ཅིག་ཡོད་ཡོང་སའི་གོ་སྐབས་ཡོད་པ་མིན་ལ། དེ་ལྟར་བདར་ཤ་ཆོད་པས་གཡང་ས་མེད་པའི་ཆོས་ཉིད་རིག་པ་བྱང་ཆུབ་སེམས་ཀྱི་ངང་ལ་འབད་ཅིང་རྩོལ་བ་ཟུར་ནས་སྒྲུབ་མི་དགོས་པར་སྐུ་གསུམ་རང་ལ་ལྷུན་གྱིས་རྫོགས་ཅིང་མཐའ་གང་ལ་ཡང་མི་གནས་པས་ལྷུན་གྱིས་རྫོགས་པ་སྟེ། ལྷུན་རྫོགས་ཞེས་པ་ཡང་མིང་གི་བླ་དྭགས་ཙམ་མ་གཏོགས་དོན་ལ་མཐའ་བཞིའི་དྲི་མ་རང་སངས་ཤིང་འཛིན་པའི་ཕྱོགས་ཆ་དང་བྲལ་བའི་མཐའ་བྲལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་མཛད་པའོ།།

༼ཇ བདུན་པ་གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ།

གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི།

སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ།།

མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས།།

མ་བཅོས་རྣལ་གཞག་ཆོས་ཉིད་ཆེན་པོར་གསལ།།

བློ་བདེའི་མལ་ན་ལུས་སེམས་ཁོང་གློད་དེ།།

ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན།།

སྒྲིམ་ཀློད་མེད་པས་ལུས་སེམས་གང་བདེར་ཞོག།

ཅེས་གསུངས་ཏེ། སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། དེ་རྟོགས་པས་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་ངོ་ན་གསལ་ཏེ། བློ་བདེ་རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་ཟིན་པ་ལྟ་བུའི་གདམས་ངག་གོ །གཅིག་གྲོལ་ལ་ཟླ་མེད་པ་ཞེས་པ་སྟེ། གཅིག་ལ་ཟླའམ་རོགས་པ་ཡོད་པ་མིན་ཞིང་། ཟླའམ་རོགས་པ་ཡོད་དུས་གཅིག་མ་ཡིན་པར་གཉིས་ལ་སོགས་པར་སོང་བ་ཡིན་པས། གཅིག་གྲོལ་ལ་ཟླ་མེད་པའི་གནད་དེ་ལ་བརྟེན་ནས། ཐབས་དང་ཤེས་རབ་ལ་རག་མ་ལུས་པར་གཅིག་པུ་ཟང་ཀ་རྗེན་པར་འགག་བསྡམས་ནས་གསུངས་པ་ཡིན། འོ་ན་གཅིག་དེ་གང་ཡིན་ཞེ་ན། རྫོགས་ཆེན་ཐིག་ལེ་ཉག་གཅིག་ཆོས་དབྱིངས་སྤྲོས་པ་ཀུན་བྲལ། ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉིད་ཡིན་ལ། རང་ཉིད་དང་ཡེ་ནས་འབྲལ་མ་མྱོང་བའི་རིག་པ་གཅིག་པུ། སྣང་བ་རྒྱ་ཡན་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་གཅིག་ཏུ་རང་གསལ་བ། དེ་ཡང་འཁོར་འདས་ཀྱིས་རིག་པ་མ་བསླད་ཅིང་མ་བསྒྲིབས་པས། རིག་པ་རང་ཉིད་འཁོར་འདས་ཀུན་ལ་ཁྱབ་པར་གདལ་ཞིང་སྣ་ཚོགས་ཆོས་དང་འདྲེས་པ་མེད་པར་ཟང་ཐལ་བ་ཡིན་པས་ན། རྣལ་འབྱོར་པས་རིག་པ་ཟང་ཀ་གཅིག་པུ་དེའི་ངང་ལ་བཞག་ནས། བློ་བདེ་བར་བྱས་ཆོས་ཟིན་པའི་བྱར་མེད་ཀྱི་ཐོག་ནས་བྱ་བ་ཀུན་དང་བྲལ་བའི་ཉལ་སའི་ནང་དུ་ལུས་སེམས་གཉིས་ཀ་ཁོང་གློད་དེ་ཤེས་པ་བག་ཡངས་ལས་ཟིན་བྱར་མེད་ཀྱི་སྐྱེས་བུ་བཞིན་དུ། སྒྲིམ་ཞིང་གྲིམ་དྲག་པ་དང་གློད་ཅིང་འཁྲུལ་བར་མ་འཕྱན་པར་ལུས་སེམས་རང་བབས་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལ་གང་བདེར་ཞོག་ཅེས་པའོ། །དེའི་འཇོག་ལུགས་ཀྱི་ལག་ལེན་ཡང་བསྐྱར་ནན་གྱིས་གསུངས་པ་ནི། འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་བས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་བརྟོད་ཕུར་གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །འུབ་ཀྱིས་དྲིལ་ན་ཕྱི་སྣང་བ་དང་ནང་ཤེས་པ་གཉིས་པོ་ཅོག་གཞག་ལ་སྐྱུར་བའི་བར་དེར་ཤེས་པ་ཟང་ཀ་གཅིག་ཏུ་འགག་བསྡམ་པ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གི་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། །ཞེས་པ་དང་། ཡང་། ལས་དང་དབང་པོ་ཚིག་དང་བློ་ཟད་པའི། །བསླད་བཅོས་ཐབས་དང་ཤེས་རབ་གེགས་བསལ་བ། །ཆོས་མེད་དེ་ལ་བརྟེན་པ་འབྲས་བུའི་འདོད་པ་ཉིད། །དགོས་པ་མེད་ཅིང་སླར་འདོད་འཆིང་བ་ལས། །ལྷུག་པ་སོ་གཉུག་རྣལ་མ་དྲོད་ཀྱི་འགག །རང་སོར་བསྒྱུར་ཏེ་འཁོར་འདས་བར་དུ་བསྡམ། །ཞེས་སོ། །གཅིག་གྲོལ་གྱི་ལག་ལེན་གྱི་ཐོག་ནས་བཤད་ན། གཅིག་གྲོལ་ལ་ཟླ་མེད་པ་ཡིན་པས་གྲོལ་བ་འདི་ཉིད་ནི་གཅིག་ཤེས་པ་ན་ཀུན་གྲོལ་བ་སྟེ། དེ་ཡང་གཅིག་རིག་པར་ཤེས་པས་ན་ཀུན་འཁོར་འདས་ཐམས་ཅད་གྲོལ་བར་འགྱུར་བ་སྟེ། རིག་པའི་ཆོས་ཉིད་གཅིག་པུ་དེ་ངོ་ཤེས་སོང་དུས་སྣང་ཤེས་ཐམས་ཅད་རང་ཤུགས་ཀྱིས་གྲོལ་བར་བསྟན་པ་ཡིན། དེ་ཡང་འཁོར་འདས་སུ་འཛིན་པའི་སྤང་བླང་ནི། ཡུལ་དང་གཅིག ཤེས་པ་དང་གཉིས། དེ་ཉིད་ཡིད་ལ་བྱེད་པ་དང་གསུམ་པོ་འཛོམས་པ་ལས་བྱུང་བ་ཡིན་ལ། དེ་ཡང་གང་ལས་བྱུང་བ་བརྟགས་ན་དེ་ནི་རིག་པ་ཟང་ཀ་དེའི་རྩལ་ཞིག་ཡིན་པས། ཡུལ་སྣང་ཤེས་གསུམ་འཛོམས་པའི་དུས་སུ་ཤེས་པ་ཡུལ་ཐོག་ལ་ཇི་ལྟར་འཆར་ཡང་། དེ་ལ་མི་བསམ་མི་རྟོག་པར་རིག་པ་རྗེན་པ་གཅིག་པུ་དེ་ངོས་བཟུང་བའི་ཐོག་ལ་འཇོག་པར་བྱེད་ན། ཡུལ་ཤེས་གཉིས་ཀ་དེའི་སྟེང་ནས་རྒྱ་གྲོལ་གཞི་མེད་ལ་སོང་བ་ནི། འདི་ནས་དོ་ཐག་བཅད་ན་དོ་ཡ་གཉིས་ཀ་རང་ཞིག་ལ་འགྲོ་བའི་དཔེ་ཡིས་གསུངས་པ་སྟེ། མདོ་ཚིག་གི་རྩ་བ་ཚུར་བསྡུས་ན། ཕྱི་སྣང་བ་ལ་ཕར་མ་ཆད། ནང་ཤེས་པ་ལ་ཚུར་མི་འཛིན་པའི་སྣང་ཤེས་འབྲེལ་ཐག་ཆོད་པའི་ཅོག་གཞག་ཙམ་དུ་སྐྱུར་བའི་བར་དེ་ནས། ཤེས་པ་ཟང་ཀའི་རིག་པ་གཅིག་པོས་འགག་བསྡམ་པར་གྱིས་དང་དེ་ཡིས་ཆོག་གོ་ཞེས་པའོ།།

༼ཉ བརྒྱད་པ་གཅིག་གྲོལ་གྱི་འཐད་པ་དགོད་པ།

གཅིག་གྲོལ་གྱི་འཐད་པ་དགོད་པ་ནི།

ཇི་ལྟར་འདུག་ཀྱང་རང་གི་ངང་ལ་འདུག།

ཇི་ལྟར་གནས་ཀྱང་རང་གི་ངང་ལ་གནས།།

ཇི་ལྟར་འགྲོ་ཡང་རང་གི་ངང་ལ་འགྲོ།།

བྱང་ཆུབ་དབྱིངས་ལ་འགྲོ་འོང་ངང་གིས་མེད།།

འགྲོ་འོང་མེད་པ་རྒྱལ་བ་རྣམས་ཀྱི་སྐུ།།

ཞེས་གསུངས་ཏེ། རྨི་ལམ་ན་འགྲོ་བ་དང་། འདུག་པ་དང་། གནས་པར་སྣང་བ་ཐམས་ཅད་གཉིད་གཅིག་གི་ངང་ལ་སྣང་ཡང་གཉིད་ལས་འགྲོ་འདུག་གནས་པ་མེད་པ་ལྟར། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་འདི་ན་སྐྱེ་དགུ་འགྲོ་འདུག་གནས་པར་སྣང་ཚད། གཞི་སྣང་མེད་པ་གསལ་སྣང་རིག་པ་གཅིག་གི་ངང་ལས་མ་གཡོས་པ་སྟེ། རིག་པའི་ངོ་བོ་ནི་འགྲོ་འོང་མེད་པའི་བདག་ཉིད་རྒྱལ་བའི་ཆོས་སྐུ་རང་མལ་ན་གནས་པ་ལས་མ་གཡོས་པའོ། །ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་འཁོར་འདས་དེ་བཞིན་ཉིད། །བྱང་ཆུབ་སེམས་ལས་གཡོས་པ་མེད་པ་སྟེ། །ཐམས་ཅད་བྱང་ཆུབ་སེམས་ལས་གཡོས་མེད་ཞི། །ཞེས་སོ། །སྣང་སྲིད་ཀྱི་ཆོས་ཐམས་ཅད་མེད་པ་གསལ་སྣང་གི་སྟོང་པར་དབྱིངས་གཅིག་ལ། རིག་པ་རང་གི་ངོ་བོ་ནམ་མཁའ་ལྟར་སྟོང་གསལ་སྤྲོས་པ་དང་བྲལ་བར་ཀློང་གཅིག་ཅིང་། རིག་པ་དང་སྣང་བའི་སྟོང་པ་གཉིས་རིས་མེད་སྟོང་པ་བར་མེད་གཉིས་མེད་ཐིག་ལེ་ཉག་གཅིག་ཏུ་རོ་གཅིག་པས། ཆོས་སྐུ་ཐིག་ལེ་ཉག་གཅིག་གྲྭ་ཟུར་མེད་པའི་དབྱིངས་སུ་རྩ་བ་གཅིག་པ་ཞེས་བྱ་སྟེ། དེས་ན་གཅིག་གྲོལ་རྒྱལ་བའི་ཆོས་སྐུ་རང་མལ་ལས་གཡོ་མ་མྱོང་བས་ན། ཇི་ལྟར་འདུག་ཀྱང་རང་གི་ངང་། ཇི་ལྟར་གནས་ཀྱང་རང་གི་ངང་། ཇི་ལྟར་འགྲོ་ཡང་རང་གི་ངང་། སྣ་ཚོགས་སྣང་བའི་ཆོས་བྱ་བྱེད་འགྲོ་འདུག་ལ་སོགས་པ་ཐམས་ཅད་དོན་བྱང་ཆུབ་ཀྱི་དབྱིངས་གཅིག་པུ་རིག་པ་ཐིག་ལེ་ཉག་གཅིག་ལ་འགྲོ་འོང་མེད་པའི་ངོ་བོ་ཉིད་ཀྱི་ཆིངས་རྒྱལ་བའི་ཆོས་སྐུ་དེ་བཞིན་ཉིད་གདོད་ནས་གཡོ་བ་མེད་པ་ཡིན་པས། གཅིག་གྲོལ་དུ་མ་རོ་གཅིག་ཏུ་འཐད་ཅིང་གཏན་ལ་ཕེབས་པ་ཡིན་ནོ། །དེས་གཅིག་གྲོལ་གྱི་འཐད་པ་བཀོད་པའོ། །དེ་ཡན་ཆད་ཀྱིས་རང་གྲོལ། ཡེ་གྲོལ། ཅེར་གྲོལ། མཐའ་གྲོལ། གཅིག་གྲོལ་ཏེ་གྲོལ་ལུགས་ལྔ་རུ་བསྟན་པའོ། །འདིའི་གྲོལ་ལུགས་ལྔ་བོ་དེ་གང་ཟག་གཅིག་གི་ཉམས་ལེན་ལ་ཚང་དགོས་པའི་ངེས་པ་མེད་ཅིང་། དབང་པོའི་རིམ་པ་ཡིས་སོ་སོ་གང་ལ་གང་མོས་ཀྱིས་གྲོལ་ཚེ་གྲོལ་ས་ཀ་དག་གི་རིག་པ་གཅིག་གི་གཞི་ཀློང་ཡིན་ལ། འདིར་ངོ་བོ་ཉིད་ཀྱི་ཆིངས་སྨྲ་བརྗོད། དྲན་རྟོག སྣང་གྲག་ལ་སོགས་པ་ཐམས་ཅད་རིག་པ་གཅིག་པོར་བསྟན་པ་ཡིན་ནོ།།

༼ཏ དགུ་བ་སྨྲ་བརྗོད་ཐམས་ཅད་རིག་པ་བརྗོད་མེད་ཀྱི་ངང་ལས་མ་འདས་པས་དོན་ལ་བརྗོད་དུ་མེད་པར་བསྟན་པ།

སྨྲ་བརྗོད་ཐམས་ཅད་རིག་པ་བརྗོད་མེད་ཀྱི་ངང་ལས་མ་འདས་པས་དོན་ལ་བརྗོད་དུ་མེད་པར་བསྟན་པ་ནི།

ཇི་ལྟར་སྨྲས་ཀྱང་རང་གི་ངང་ལ་སྨྲ།།

ཇི་ལྟར་བརྗོད་ཀྱང་རང་གི་ངང་ལ་བརྗོད།།

བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད།།

སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་།།

ཞེས་གསུངས་པ་སྟེ། འདི་ཡང་རྨི་ལམ་གྱི་སྨྲ་བརྗོད་གཉིད་ལས་མ་གཡོས་པ་ལྟར། ད་ལྟར་གྱི་སྒྲ་ཐམས་ཅད་རིག་པའི་ངང་ལས་གཞན་མེད་ལ། རིག་པ་བརྗོད་མེད་མཁའ་མཉམ་དག་པ་སྟེ། ཀློང་དྲུག་པ་ལས། བདེན་གཉིས་འདྲ་གཞིའི་ཚིག་རྣམས་ནི། །བདག་ཅག་རྣམས་ཀྱི་བློ་ལ་ཡང་། །རྨི་ལམ་ལྟ་བུའི་ཚིག་ཏུ་གོ །ཞེས་པ་བཞིན་ནོ། །སྒྲ་རུ་གྲག་པ་ཐམས་ཅད་སྤྱིར་ན་བྲག་ཅ་ལྟ་བུར་གསུངས་པས། སྨྲ་བ་བྱེད་པའི་ཚིག་གི་བརྗོད་པ་ཐམས་ཅད་དོན་དུ་མ་གྲུབ་པ་བྲག་ཅའི་སྒྲ་སྐད་ཕྱི་ནང་བར་གསུམ་ལ་མེད་ཀྱང་སྣང་བ་ལྟ་བུ་ཡིན་ལ། འདིར་རྨི་ལམ་གྱི་སྨྲ་བརྗོད་གཉིད་ལས་མ་གཡོས་པ་བཞིན་དུ། སྐྱེས་བུ་སོ་སོས་བཟང་ངན་སྐྱིད་སྡུག་གི་སྨྲ་བརྗོད་གང་དང་གང་སྨྲས་ཀྱང་ཐམས་ཅད་རིག་པ་གཅིག་པུ་དེའི་རང་གི་ངང་ལ་སྨྲ་ཞིང་རང་གི་ངང་ལ་བརྗོད་བཞིན་ཡོད་པས། སྒྲ་གྲག་པ་ཐམས་ཅད་རིག་པའི་ངང་ལས་གཞན་དུ་ཡོད་པ་མ་ཡིན་པ་དང་། སྨྲ་བརྗོད་མེད་པ་དེ་ཉིད་ནི་བརྗོད་མེད་དུས་གསུམ་རྒྱལ་བའི་གསུང་གི་གསང་བར་གྲུབ་པར་བསྟན་པའོ།།

༼ཐ བཅུ་བ་དྲན་རིག་བྱང་ཆུབ་སེམས་ལས་མ་གཡོས་པས་དོན་ལ་དྲན་རྟོག་གཞི་མེད་རྩ་བ་དང་བྲལ་བ་སྟེ་དྲན་རིག་ཏུ་སྣང་བ་ཉིད་ནས་ཡོད་མ་མྱོང་བར་བསྟན་པ།

དྲན་རིག་བྱང་ཆུབ་སེམས་ལས་མ་གཡོས་པས་དོན་ལ་དྲན་རྟོག་གཞི་མེད་རྩ་བ་དང་བྲལ་བ་སྟེ་དྲན་རིག་ཏུ་སྣང་བ་ཉིད་ནས་ཡོད་མ་མྱོང་བར་བསྟན་པ་ནི།

ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ།།

ཇི་ལྟར་བརྟགས་ཀྱང་རང་གི་ངང་ལ་རྟོག།

བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད།།

བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས།།

ཞེས་གསུངས་ཏེ། དྲན་རིག་ཏུ་འཆར་བ་ཉིད་ནས་དྲན་རིག་ཡོད་མ་མྱོང་བ་རྨི་ལམ་གྱི་དྲན་རྟོག་ལྟ་བུ་སྟེ་མེད་པ་ལ་ཡོད་པར་འཛིན་པས་སེམས་ཅན་འཁྲུལ་རྟོག་ལ་སྤྱོད་པ་ཞེས་བྱའོ། །དོན་ལ་རིག་པའི་ངང་ལས་མ་གཡོས་ལ་རིག་པ་དྲན་རྟོག་གི་ཡུལ་ལས་འདས་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་སངས་རྒྱས་རྣམས་ཀྱི་ཐུགས་ནི་དྲན་རྟོག་གི་མཐའ་དང་བྲལ་བར་བཞུགས་སོ། །ནོར་བུ་འཕྲ་བཀོད་ལས། སངས་རྒྱས་ཀྱི་ཐུགས་ནི་བདག་རྟོག་གི་མཐའ་དང་བྲལ་བས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཉིད་དོ་ཞེས་སོ། །དོན་དེ་ཉིད་རྣལ་འབྱོར་པས་རྟོགས་པས་རང་རིག་དང་པོའི་སངས་རྒྱས་རང་ལས་ཟང་ཐལ་ཆེན་པོར་རྙེད་ནས་འཁྲུལ་སྣང་གི་འཁོར་བ་སྟོངས་པ་སྟེ། ཀློང་དྲུག་པ་ལས། མི་རྟོག་ཡེ་ཤེས་ལས་བྱུང་བ། །མ་བཙལ་གཞག་པའི་མན་ངག་གིས། །ཡེ་ཡོད་དང་པོའི་སངས་རྒྱས་རྙེད། །དེ་ཚེ་འཁྲུལ་བའི་སྣང་བ་དག །དག་པའི་རྟགས་སུ་ཆོས་རྣམས་ཟད། །འདི་ཉིད་ཟད་པས་འཁོར་བ་སྟོངས། །ཞེས་སོ། །ཐོལ་གྱིས་ཤར་ཞིང་སངས་ཀྱིས་ཡལ་བའི་དྲན་རིག་གི་འདུ་འཕྲོ་སེམས་ཀྱིས་བསམ་བཞིན་པ་འདི་དག བརྟག་ན་གང་བྱུང་འདི་བྱུང་། འདིར་གནས་འདིར་སོང་གི་ངེས་པ་མི་རྙེད་པ། དོན་ངོ་མའི་སྟེང་ནས་དང་པོ་དྲན་རིག་ལ་ཤར་དུས་ནས་ཡོད་མ་མྱོང་བ་མདང་གི་རྨི་ལམ་ལྟ་བུ་ཡིན་ལ། རྨི་ལམ་གཉིད་ལས་མ་གཡོས་པ་ལྟར་དུ་ཇི་ལྟར་བསམ་ཡང་རིག་པ་རང་གནས་ཀྱི་ངང་ལ་བསམ། དེ་བཞིན་ཇི་ལྟར་བརྟག་པར་བྱས་ཀྱང་རང་གི་ངང་ལ་རྟོག་པ། དོན་དངོས་སུ་རིག་པ་བྱང་ཆུབ་ཀྱི་སེམས་བསམ་རྟོག་གི་ཡུལ་ལས་འདས་ཤིང་བསམ་རྟོག་གི་མཐའ་དང་བྲལ་བ་ཡིན་པས་ན། བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་དང་མ་ནས་མེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཕྱིར་བསམ་རྟོག་བྲལ་བ་དེ་ཉིད་དུས་གསུམ་རྒྱལ་བའི་ཐུགས་ཀྱི་གསང་བ་ཟབ་མོ་ཡིན་ལ། རྣལ་འབྱོར་པས་རང་ལ་ཡོད་པའི་རང་ཞལ་ཟང་ཐལ་ཆེན་པོ་མཇལ་ནས་འཁྲུལ་སྣང་འཁོར་བའི་ཆོས་ཟད་དེ་སྟོང་པ་ཡིན་ནོ།།

༼ད བཅུ་གཅིག་པ་དེ་ལྟར་སྣང་བ་གྲག་པ་རྟོག་པ་ཐམས་ཅད་རིག་པ་གཅིག་པུའི་ངང་ལས་གཞན་ན་མེད་པ་ལྟར་སྐུ་གསུམ་ཞིང་ཁམས་དང་བཅས་པ་ཡང་རང་རིག་གཅིག་པུར་བསྟན་པ།

དེ་ལྟར་སྣང་བ་གྲག་པ་རྟོག་པ་ཐམས་ཅད་རིག་པ་གཅིག་པུའི་ངང་ལས་གཞན་ན་མེད་པ་ལྟར། སྐུ་གསུམ་ཞིང་ཁམས་དང་བཅས་པ་ཡང་རང་རིག་གཅིག་པུར་བསྟན་པ་ནི།

མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ།།

ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས།།

དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ།།

འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་མཚོན་བརྗོད་ལས་འདས་པས་དངོས་པོ་དང་མཚན་མར་གྲུབ་པའི་གཞི་མེད་པ་ནི་ཆོས་སྐུའོ། །ཟང་ཐལ་དུ་རྟོགས་ནས་དེའི་ངང་ལ་རིག་པ་དེ་ཉིད་ལྷུན་གྲུབ་ཏུ་སྤྱོད་པ་སྟེ་རང་མལ་དུ་གནས་པས་ཕྱང་མ་ཆད་པར་རང་གསལ་གྱི་གཞི་ནི་ལོངས་སྐུའོ། །གསལ་དྭངས་ལས་ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་ཆ་ནི་སྤྲུལ་སྐུའོ། །དེ་ལྟར་སྐུ་གསུམ་རིག་པ་ཉིད་ལས་གཞན་ན་མེད་པ་ནི་རང་བྱུང་གི་ཡེ་ཤེས་ཏེ། སྒྱུ་འཕྲུལ་གསང་བ་ལས། ངོ་མཚར་སྐུ་དང་སངས་རྒྱས་ཞིང་ཁམས་ཀྱང་། །གཞན་ན་མེད་དེ་རང་བྱུང་ཡེ་ཤེས་ངང་། །ཞེས་སོ། །དེ་ལྟར་ན་འཁོར་འདས་རིག་པ་གཅིག་ལས་མ་གཡོས་པས། རིག་པ་གཅིག་གྲོལ་ན་འཁོར་འདས་ཀུན་གྲོལ་བའི་གནད་འདི་རབ་ཏུ་ཟབ་པར་བསྟན་ཏོ། །གྲོལ་ལུགས་ལྔ་པོ་དེ་དག་ཀྱང་། མུ་ཏིག་ཕྲེང་བ་ལས། ངོ་བོ་དཔེ་དང་བཅས་ཏེ་གསུངས་པ། འགག་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་པ་མེད། །ཡེ་གྲོལ་ཡིན་པས་རྟེན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བར་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོངས། །རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་ལྟོས། །ཡུལ་རྣམས་ཡུལ་གྱིས་གྲོལ་བ་ལ། །གཟུང་འཛིན་གཉིས་ལ་ང་མི་ལྟོས། །རྒྱུ་ཉིད་རྒྱུ་ཡིས་གྲོལ་བ་ལ། །འཁོར་འདས་གཉིས་ལ་ང་མི་ལྟོས། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བྱེད་བློ་ལ་ང་མི་ལྟོས། །དྲི་མས་དྲི་མ་འཁྲུ་བ་བཞིན། །དེ་བཞིན་དག་པས་དག་པ་གྲོལ། །དུག་གིས་དུག་རྣམས་འཇོམས་པ་དང་། །ལྕགས་ཀྱིས་ལྕགས་རྣམས་གཅོད་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་དང་། །ཤིང་གིས་ཤིང་རྣམས་སྲེག་པ་ལྟར། །རང་རང་དགྲ་ནི་རང་གིས་བྱེད། །རིགས་མི་མཐུན་པས་གྲོལ་བ་མིན། །ཞེས་སོ། །སྣང་བ་གྲག་པ་སྟོང་པ་གསུམ་པོ་དེ་རིག་པ་གཅིག་པོའི་ངང་ལས་གཞན་དུ་མེད་པར་མཐོང་ན། དེ་ལྟར་བསྟན་པའི་གོ་རིམ་བཞིན་དུ་སྐུ་གསུམ་ཞིང་ཁམས་དང་བཅས་པ་རིག་པ་གཅིག་པུ་ལས་མ་འདས་པ་སྟེ། གཞུང་རྩ་བས་ལམ་གྱི་གོ་རིམ་བཞིན་དུ་ལུགས་ལྡོག་གིས་བསྟན་པ་དང་། འགྲེལ་བས་དབྱིངས་ཀྱི་མཚོན་ཚུལ་བཞིན་དུ་ལུག་འབྱུང་གིས་བཀྲལ་བ་ཡིན། རིག་པའི་ངོ་བོ་ཅིར་ཡང་མ་གྲུབ་པའི་སྟོང་པ་བརྗོད་བྲལ་སེམས་དང་ངག་གི་ཡུལ་ལས་འདས་པ། དངོས་པོ་དང་མཚན་མའི་དངོས་གཞི་མེད་པ་ཆོས་སྐུ། ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྐུ། རང་བཞིན་མ་འགགས་འཁོར་འདས་ཀུན་ཏུ་རང་གསལ་བ་དེའི་ངང་ལ་རིག་པ་དེ་ཉིད་མ་འགགས་རང་གསལ་ལྷུན་གྲུབ་འདོད་དགུར་རྫོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། རིག་པའི་གསལ་གདངས་དེ་ཐུགས་རྗེ་ཆོ་འཕྲུལ་ཅི་ཡང་འཆར་བ་ཀུན་ཁྱབ་སྤྲུལ་བའི་སྐུ་སྟེ། འབྲས་བུ་སྐུ་གསུམ་དུ་ལྷུན་གྱིས་གྲུབ་པའི་ཀློང་རང་བྱུང་སྐུ་གསུམ་འདུས་པའི་རིག་པ་གཅིག་པུ་ཉིད་ལས་གཞན་མེད་པར་གསུངས་པའོ། །འཁོར་འདས་སྣ་ཚོགས་སྣང་སྲིད་ཀྱི་ཆོས་གང་དུ་སྣང་ཡང་རིག་པ་གཅིག་པུ་དེ་ལས་གཡོས་མ་མྱོང་བས་ན། རིག་པ་གཅིག་གྲོལ་ན་འཁོར་འདས་ཀུན་གྲོལ་བའི་གནད་ཀྱི་གསང་ཆེན་དེ་འདི་ལ་ཐུག་པར་བསྟན་པའོ། །གོང་དུ་བསྟན་པའི་གྲོལ་ལུགས་ལྔ་བོ་ཡང་རྒྱུད་མུ་ཏིག་ཕྲེང་བའི་ལུང་གིས་ངོ་བོ་དཔེ་དང་བཅས་ཏེ་གསུངས་ཤིང་། དེ་དག་གིས་གྲོལ་ལུགས་ལྔ་ངོ་བོ་ཉིད་དང་བཅས་པའི་ཆིངས་དྲུག་ཐལ་ལོ། །དེ་ཡན་ཆད་ཀྱིས་མདོ་ཆིངས་ངེས་པའི་འགག་བསྡམ་པའི་རང་གནད་ངེས་པ་ལ་རྣམ་གྲངས་ཉི་ཤུ་རྩ་གཉིས་ཡོད་པ་ལས་བཅུ་གཅིག་པ་ཡན་ཆད་སོང་ནས། དེ་རིང་གི་དུས་ཚོད་ཀྱང་ཚང་ནས་འདུག་ཆོས་མཚམས་འདི་ནས་གཞག་རྒྱུ་བྱེད། ཆོས་ཁྲིད་རྗེས་མ་དགོངས་ཀློང་ཆོས་ཉིད་དུ་གདམས་པའི་རིམ་པ་ནས་ཞུ་རྒྱུ་བྱེད། སང་ཉིན་འཕོ་ཁྲིད་རེད་དོན་ཁྲིད་རྡོ་རྗེ་སྙིང་པོའི་ཕྱག་དཔེ་བསྣམ་ཡོང་དགོས། སང་ཉིན་སྔ་དྲོའི་ཆོས་ཁྲིད་དེ་དུས་རྒྱུན་ལྟར་དུ་ཆོས་ཁྲིད་གཉིས་ཀ་རྒྱུན་ལྡན་ལྟར་དུ་ཡོད། སྔ་དྲོའི་ཆོས་ཁྲིད་གཉིས་རེ་ཡོད་ཚེ་འདི་ལ་ཁྲིད་ལུང་གི་དུས་ཚོད་ཐུང་བས་མང་པོ་འགྲོ་མི་ཐུབ་ན་ཡང་། བླ་མ་ཡང་ཏིག་གི་ཚེ་ལ་ཉིན་གང་རྒྱབ་ཀྱི་ཆོས་ཁྲིད་ཆ་ཚང་ཞིག་ཡོད་པས། མཛོད་བདུན་དེ་ད་ལོ་ཆ་ཚང་བ་འགྲོ་འཆར་ཡིན། མཛོད་གསུམ་ལྷག་ཡོད་པ་ཐམས་ཅད་འགྲོ་རྒྱུ་རེད། དེའི་སྟེང་ལ་སེམས་ཉིད་ངལ་གསོ་དེ་འདོན་ཨེ་ཐུབ་ན་བསམ་པ་ཡིན། འོན་ཀྱང་ཚོད་ད་རུང་མི་ཐེངས་པས། སེམས་ཉིད་ངལ་གསོ་མ་སོང་ན། ཤིང་རྟ་རྣམ་གསུམ་གྱི་ནང་ནས་ཉུང་བ་རྣམས་འདོན་ཐུབ་ན་ཅི་ཤེས། བླ་མ་ཡང་ཏིག་གི་རྗེས་ཀྱི་དུས་ཚོད་རེའུ་མིག་ད་རུང་བྲིས་མེད་པ་ལས། དེ་ལ་མཐུད་ནས་དུས་རྒྱུན་གྱི་འཆར་ཅན་ལྟར་དུ་འཇམ་དཔལ་རྒྱུད་ལུགས་ཀྱི་དབང་ཞིག་དང་ཆོས་ཁྲིད་གཞན་དག་ཀྱང་ཡོད་པ་ཡིན། འོན་ཀྱང་ཕྱོགས་ནས་ཕེབས་པ་ཚོས་རང་རང་གི་དགོས་མཁོ་དང་བསྟུན་ཞོར་ལ་བྱོན་བཞུགས་ཅི་དགོས་རང་གིས་གཟིགས། གཏན་བཞུགས་མཁན་ཚོའང་དེ་དང་དེའི་རང་བཞིན་རེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་བཅུ་བཞི་བའི་ཆོས་ཁྲིད། next