Nitartha Digital Library
Tibetan
 
previousཉིན་བཅོ་ལྔ་བའི་ཆོས་ཁྲིད། next

ཉིན་བཅོ་ལྔ་བའི་ཆོས་ཁྲིད།

ལས་དང་བྱ་བ་གང་ཞིག་སྒྲུབ་ཀྱང་། ཅིའི་ཕྱིར་དང་། ཅི་ཞིག་བསྒྲུབ་པ་དང་། གང་དོན་དུ་གཉེར་བྱའི་དམིགས་འདུན་དང་། དེའི་བྱེད་ལས་དང་། ངོ་བོ་རྣམས་ཐོག་མ་ཉིད་ནས་ངེས་དགོས་པ་ཡིན་པས། རང་རེ་གང་ཞིག་འཆད་ཉན་ལ་འཇུག་པའི་དམ་ཆོས་ཞེས་པ་དེ་ཡང་། ལུང་དང་རྟོགས་པའི་བདག་ཉིད་ཀྱི་སྟོན་པའི་བསྟན་པ། བཤད་དང་སྒྲུབ་པ་གཉིས་ཀས་ཇི་ལྟར་འཛིན་སྲུང་སྤེལ་བའི་ནང་དོན་ཅན། སྒྲ་ཚིག་ཡི་གེའི་རྣམ་པར་སྣང་བ་དེ་སྟོན་པ་སངས་རྒྱས་ཀྱིས་ཞལ་ནས་གསུངས་པ་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་གནང་བའམ། འཆོས་སྐྱོབ་ཡོན་ཏན་གཉིས་ལྡན་གྱི་བཀའ་དང་བསྟན་བཅོས། མདོ་དང་རྒྱུད་སྡེའི་དགོངས་དོན། ཐེག་པ་མཐའ་དག་གི་གཞི་ལམ་འབྲས་བུའི་རྣམ་གཞག་ཡིན་ལ། དེ་ལག་ལེན་ཚིག་གཅིག་ལ་བསྡུས་པ་ནི། བསྟན་པའི་བདག་པོ་བཅོམ་ལྡན་འདས་ཉིད་ཀྱིས། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་དེ་ལ་ཨེ་ཡིན་གྱི་ཐེ་ཚོམ་ཙམ་ཡང་སྟོན་པའི་རྗེས་འཇུག་ནང་པ་སངས་རྒྱས་པ་ངོ་མ་ཞིག་ལ་ཡོད་པ་མ་རེད། དེས་ན་སེམས་འདུལ་བ་ཞེས་པ་ནི་སེམས་རྒྱུད་མ་རུང་བ་བཏུལ་ནས་དུལ་བར་བྱེད་པ་ལ་གསུངས་པ་ཡིན་པས། གང་ཞིག་མ་ཞི་བའམ་མ་སྨིན་པ། ལས་སུ་རུང་བར་མ་གྱུར་པ་སྟེ། དཔེར་ན་རྟ་རྒོད་ཁ་ལོ་མ་ལོབས་པ་ལྟ་བུའམ། གླང་ཆེན་འདུལ་སྦྱོང་བྱེད་མ་མྱོང་བ་འདྲ་འདྲ་དང་། སྨན་རི་རྒོད་ལ་སྐྱེས་པ་དུག་འདོན་མ་བྱས་པ་དེ་བཙོ་སྦྱང་བཀྲུ་གསུམ་གང་ལ་གང་འོས་ཤིག་བརྒྱུད་ན་དུག་རིགས་ཡིན་ཡང་སྨན་དུ་རུང་བ་ལྟ་བུའི་ཕན་ཐོགས་འབྱུང་བའི་ཆེད་དུ་རྒྱལ་བས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སེམས་འདུལ་བ་ལས་བརྩམས་ནས་གསུངས་པ་ཡིན་ཞིང་། དེ་ཡང་ནོར་བུ་བཀྲུ་སྦྱང་གི་དཔེ་བཞིན་དུ་རིམ་བགྲོད་བྱེད་པ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པས་ཆ་ཚང་བར་འཇུག་དགོས་པ་ཡིན་པས་སྔོན་འགྲོ་བློ་སྦྱོང་གི་ཆོས་འདི་མེད་དུ་མི་རུང་བ་ཡིན། དམ་པའི་ཆོས་སྒྲུབ་པ་དེ་ཡང་རང་གཞན་ལ་དམིགས་པའི་འདུན་པ་ཁྱབ་ཆེ་ཆུང་ལ་མ་ལྟོས་པར། དོན་དུ་བདེ་བ་སྒྲུབ་པའི་དགོས་ཆེད་དོན་གཉེར་ཅན་གྱི་ཕྱིར་དུ་ཡིན་པས། དང་པོར་སྡུག་བསྔལ་དེ་ཤེས་དགོས་པ་ཡིན་ཏེ། དེ་ཤེས་པའི་རྗེས་སུ་དེ་ལས་ལྡོག་པའི་བདེ་བའི་དབྱེ་འབྱེད་ཇི་ལྟར་བསྒྲུབ་དགོས་པ་ཤེས་པ་དེ་ཡོང་བ་ཡིན་པའི་ཕྱིར། དེས་ན་འཁོར་བའི་སྡུག་བསྔལ་འདི་ཐོག་མའི་བསམ་བྱ་གལ་ཆེན་ཞིག་ཡིན་པར་གྲུབ་ཅིང་། དེ་ལྟར་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་མན་ངག་རིན་པོ་ཆེའི་མཛོད་ལས། འཁོར་བའི་གནས་ལ་འཇིགས་པའི་ཆོས་དྲུག་ནི། །མི་རྣམས་སྡུག་བསྔལ་བསམས་ན་ཡིད་རེ་སྐྱོ། །ལྷ་མིན་སྡུག་བསྔལ་བསམས་ན་སྐྱི་རེ་གཡའ། །ལྷ་ཡི་སྡུག་བསྔལ་བསམས་ན་གཡང་རེ་ཟ། །བྱོལ་སོང་སྡུག་བསྔལ་བསམས་ན་ངུ་རེ་བྲོ། །ཡི་དྭགས་སྡུག་བསྔལ་བསམས་ན་སྐྱི་རེ་བུང་། །དམྱལ་བའི་སྡུག་བསྔལ་བསམས་ན་སྙིང་རེ་འདར། །དེ་བས་འགྲོ་དྲུག་གནས་ནས་འབྲོས་རེ་རན། །རན་པ་བས་ཀྱང་ཕྱིས་པར་གྱུར་པ་ཙམ། །ཞེས་གསུངས་པ་ལྟར་དུ། འཁོར་བའི་སྡུག་བསྔལ་འདི་ལ་མ་བསམ་ན་དམ་ཆོས་རྣམ་པར་དག་པ་ཞིག་འགྲུབ་མི་སྲིད་ཅིང་། རང་གཞན་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱ་ཞེས་པ་དེ་ཡང་ཚིག་སྐམ་པོའི་སྐད་ཆ་སྟོང་བཤད་ཅིག་ཏུ་འགྱུར་བ་ཡིན་པས། འཁོར་བའི་སྡུག་བསྔལ་སེམས་པའི་ངེས་ཤེས་དེ་གཏིང་ནས་འདྲོངས་དགོས་པ་ཡིན། དོ་ཞག་ཆོས་ཁྲིད་སྔོན་མའི་སྐབས་ནས་ངན་སོང་གསུམ་གྱི་སྡུག་བསྔལ་བཤད་པ་རེད། དེའི་ནང་གི་དུད་འགྲོའི་འགྲོ་བའི་སྡུག་བསྔལ་ང་ཚོ་འགྲོ་བ་མིས་ཀྱང་ཕལ་ཆེར་མཐོང་ཐུབ་པ་ཞིག་ཡིན་ལ། དམྱལ་བ་དང་ཡི་དྭགས་ལ་སྔོན་ཆད་རང་ཉིད་ཐེངས་མ་མང་པོ་རྩིས་མི་ཐེབས་པའི་གྲངས་ཤིག་ལ་སྐྱེས་མྱོང་ཡོད་ན་ཡང་ད་ལྟའི་སྐྱེ་བ་འདི་ལ་མཐོང་མ་མྱོང་བ་ཙམ་རེད། དེ་དག་ཀྱང་ལུང་ལས་ཇི་ལྟར་འབྱུང་བ་བཞིན་ཡིན་པ་དེ་རིགས་པས་དཔྱད་ཀྱང་དཔོག་ཐུབ་རྒྱུ་ཅན་ཞིག་ཡིན་ལ། ང་ཚོ་འདོད་ཁམས་པའི་མིའི་ལུས་རགས་པའི་གཟུགས་སུ་གྲུབ་པ་རྟེན་ཕུང་ཁམས་སྐྱེ་མཆེད་ཚང་བ་འདི་ལ། ཟས་དགོས་འདུག སྐོམ་དགོས་འདུག གྲང་མི་ཉན་པ་དང་ཚ་ཆེ་མི་ཉན་པ་ཡིན། དེ་དག་ཐམས་ཅད་མཐུན་པ་ཞིག་བྱུང་ན་བདེ་བར་འཛིན་པ་ཡིན་ཞིང་། དེ་དག་ལས་གཅིག་ཁོ་ན་མ་རན་པ་ཞིག་བྱུང་དུས་མི་བདེ་བའི་སྣང་བ་ཤར་བ་ཡིན་ལ། མི་བདེ་བའི་ལུགས་ཀྱང་ཚང་མ་གཅིག་མཚུངས་མ་ཡིན་པར། ལྟོགས་སྐོམ་ཚ་གྲང་ཆེ་ཆུང་གི་ཚད་མཐོ་དམན་ལྟར་དུ་སྡུག་བསྔལ་ལ་ཆེ་ཆུང་འབྱུང་བ་བཞིན་དུ། ངན་འགྲོའི་འགྲོ་བའི་འཇིག་རྟེན་གཞན་དུ་ད་ལྟའི་ཚ་གྲང་གི་སྡུག་བསྔལ་འདི་ལས་ལྡབ་མང་པོའི་སྡུག་བསྔལ་ཆེ་ས་ཡོད་པར་གྲུབ་ཅིང་། དེ་ཇི་ལྟར་ཡིན་ན། རང་རེ་མིའི་འགྲོ་བ་སྤྱི་སེམས་ཀྱི་མཐུན་སྣང་གཅིག་ལ་གྲུབ་པ་རྣམས་ལའང། སྐྱིད་སྡུག་མ་འདྲ་བ་ཅི་འདྲ་འདྲ་ཡོད་འདུག འགའ་རེ་འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས། གཟུགས་བཟང་སྙན་པའི་གྲགས་པ་འབར། ལྷ་ཡུལ་གྱི་ལྷའི་གཞལ་ཡས་ཁང་དང་སྐྱེད་མོས་ཚལ་སོགས་དང་ཕྱོགས་ཀྱིས་འདྲ་བར་ངེས་སྙམ་ས་ན། མཐོ་རིས་ཀྱི་འབྱོར་བས་བརྒྱན་ནས་སྐྱིད་ཉལ་རྒྱག་བཞིན་ཡོད་པ་དང་། འགའ་རེས་ཁ་མི་སོས། ནམ་མི་ལངས། ལྟོགས་སྣང་སྐོམ་སྣང་འཁྱག་སྣང་གིས་མི་ཚེ་ཟད་དགོས་པ་དང་། བཀྲེས་ལྟོགས་ཀྱིས་མནར་ནས་མུ་གེས་འཆི་བ་དང་། འཁྱགས་གྲིར་ཤི་བ་ཡང་འཛམ་བུ་གླིང་ན་མི་ཉུང་བ་ཡོད་ཅིང་། དེ་བཞིན་དུ་གསོན་པོའི་སྲོག་མཚོན་གྱིས་བཅད་ནས་ཤི་བ་ལ་སོགས་པ། དམྱལ་བ་མིན་ཡང་དམྱལ་འདྲ་ཡོད་པ་དེ་དག་གིས། ངན་སོང་དམྱལ་བ་ཡི་དྭགས་ཀྱི་གནས་ཟེར་བའི་སྡུག་བསྔལ་བཟོད་དཀའ་ས་དང་། ལྷ་ཡུལ་གྱི་ལྷའི་བདེ་སྐྱིད་ཟེར་བའི་གནས་སྐབས་བདེ་ཞིང་སྐྱིད་ས། གང་བསམ་འགྲུབ་པའི་གཞན་འཕྲུལ་དབང་བྱེད་ཀྱི་གནས་དེ་ཚོ་ཡོད་ཆོག་པ་དང་དཔོག་ཐུབ་པ་དང་། ཞི་གནས་ཀྱི་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་མྱོང་བ་ཞིག་གིས། བསམ་གཏན་དང་གཟུགས་མེད་ཀྱི་ལྷ་གནས་ཀྱི་བདེ་བ་ཇི་ལྟར་ཡིན་པའི་མྱོང་བ་རགས་པ་ཞིག་སྐྱེ་ཐུབ་པ་དང་། འོན་ཀྱང་ངན་འགྲོའི་འགྲོ་བ་མིན་ནའང་བསམ་ཤེས་ན་མིའི་སྡུག་བསྔལ་འདི་ཡང་བཟོད་པར་དཀའ་བ་ཡིན་པའི་ཚུལ་ཤེས་དགོས་པ་ལས་བདེ་སྡུག་གོ་ནོར་དོགས་ཡོད་འདུག དེ་ཇི་ལྟར་ཡིན་པ་རེད་ཟེར་ན། ང་ཞེས་གདགས་སའི་ཉེར་ལེན་གྱི་ཕུང་པོ་འདིས་ཚེ་འདིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཆེན་པོ་བཞིའི་རྟེན་བྱེད་པས་མ་ཚད། ཕྱི་མའི་ཕྱི་མ་རྣམས་སུ་ཡང་སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བོ་བཞི་རྒྱུན་མི་ཆད་པའི་རྟེན་བྱེད་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་ཀ་ཡང་འདྲེན་པར་བྱེད་ཅིང་། ཉེར་ལེན་གྱི་ཕུང་པོ་འདི་གྲུབ་པ་ཙམ་ནས་འདུ་བྱེད་ཀྱི་གཞན་དབང་ཅན་ལ་སྐྱེ་བ་ཡིན་པས། ལས་ཉོན་སྔ་མའི་གཞན་དབང་དུ་གྱུར་པའི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ཕྱིར་ཉེར་ལེན་གྱི་ཕུང་པོའི་རང་བཞིན་ཅན་གྱི་འཁོར་བ་འདི་ལ། སྡུག་བསྔལ་ཞིག་མ་གཏོགས་ཡོད་པ་མ་རེད། སྐྱེ་བ་རྒ་དང་ན་ཤི་བཞི་བོ་དེ་གཅིག་རྗེས་གཅིག་གིས་དེད་ནས། ལུགས་འབྱུང་སྲིད་པའི་འཁོར་ལོ་ལ་རྟེན་འབྲེལ་བཅུ་གཉིས་རྒྱུད་མར་འཁོར་བ་ནི་ཆད་རྒྱུ་མེད་པའི་ཆུ་བོ་དང་འདྲ་ཞིང་། གནོད་པ་དང་སྡུག་བསྔལ་ཅན་བདུད་ཀྱི་སྦྱོར་བ་དང་ཆོས་མཚུངས་པ་ཡིན་པས་ན་བདུད་ཀྱི་ཆུ་བོ་བཞི་ཞེས་གསུངས་པ་ཡིན། འདི་དག་ལ་ཞིབ་ཏུ་བསམ་བློ་བཏང་ན། སྐྱེ་བའི་སྡུག་བསྔལ་ནི་ཟླ་དགུ་ངོ་མཐོང་གི་བཅུ་ཙམ་ཞིག་ལ་མའི་མངལ་མི་གཙང་བའི་ནང་དུ་འཁུམས་ནས་སྡོད་པ་ལ་སོགས་པའིསྡུག་བསྔལ། ཕྱི་ལ་བཙས་ཡོང་ན་སྐྱེ་བའི་དུས་ཚོད་ལ་ལུས་འཇུར་མིག་ལ་དྲངས་པ་ལྟ་བུ་དང་། ཚེར་མའི་གསེབ་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ་གྱི་ཚོར་བ་ཡོད་རབས་གསུངས་ཤིང་། ཁ་སྡུག་གི་ངུ་སྐད་ཅིག་དང་ལྷན་དུ་འཇིག་རྟེན་འདིའི་ཐོག་མ་མཐོང་བ་ཡིན། མགོ་དེ་ནས་བཙུགས་ནས་སྡུག་བསྔལ་ཏག་ཏག་མ་གཏོགས་མྱོང་མ་མྱོང་བ་རེད། ལུས་འདི་གྲུབ་དང་ཚུན་ཆད་དེ། ཁྱད་པར་དུ་བཙས་ནས་བཟུང་སྟེ། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ཐམས་ཅད་ལུས་འདི་ལ་བརྟེན་ནས་འཇུག་པ་ཡིན་ཞིང་། ལུས་འདི་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་གིས་ཁྱབ་ཡོད་པར་གསུངས་པ་དེ་ཚོ་ཐམས་ཅད་ཀྱི་བྱེད་པ་དང་། འབྱུང་བཞིའི་རྡུལ་ཕྲན་ཚོགས་པའི་གཟུགས་ཕུང་འདི་ཉིད་ཉིན་ཞག་ལོ་དང་ཟླ་བས་རྙིང་འགྲོ་བས་མི་ཚད་པར་སྐད་ཅིག་སྐར་མའི་ཡུན་དང་ཡུན་ལ་དེའི་རྒྱུན་བསགས་ནས། ཡར་འཕེལ་བའི་ཚད་ལོང་པ་ནས་མཐར་རྒུད་དེ་ཞིག་པར་འགྱུར་བའི་བར་གྱི་ན་རྒས་ཤི་གསུམ་པོས་མི་ཚེ་འདིའི་མཐའ་བསྡུ་བ་ཡིན་ཞིང་། མིའི་སྐྱེ་བ་འདི་ནི་ན་རྒས་ཤི་གསུམ་མམ་ཁྱད་པར་དུ་ཤི་བའི་ཆེད་དུ་སྐྱེ་བ་ལྟ་བུ་ཞིག་ཡིན་ལ། རྒས་ལོང་གཏད་ན་རབ་ཡིན་ཏེ། ཚེ་རིང་ལོ་བརྒྱ་ཐོབ་པར་སྨོན་པ་བྱེད་མདོག་བྱེད་ཀྱང་། རྒས་ལོང་ན་ལོང་གཉིས་ཀ་མི་གཏད་ནས་འཆི་བ་ཅི་འདྲ་འདྲའི་མང་འདུག་དེ་ཚོ་དེ་བས་སྡུག་བསྔལ་ཆེ་བ་རེད། ཚེ་རིང་ལོ་བརྒྱ་ཐོབ་ན་སྐྱིད་ཅིག་མེད་པ་ནི་བདུན་ཅུ་བརྒྱད་ཅུ་མ་དགོས་ལྔ་བཅུ་དྲུག་ཅུ་ལ་ཐོན་དུས། གོང་ནས་བཤད་པའི་ནད་དང་གདོན་མང་དག་དེའི་སྟོབས་ཤིག་རྒྱས། འབྱུང་བཞི་རང་དགྲ་རང་གཤེད་ཀྱིས་འདུ་བ་འཁྲུགས་ནས། རྒས་པ་དང་ན་བ་གཉིས་ཀའི་སྡུག་བསྔལ་མཉམ་དུ་འབྱུང་བ་ཡིན། རྒས་པའི་སྡུག་བསྔལ་རྐྱང་བ་ལ་བསམ་བློ་ཞིག་བཏང་ན། སྔར་གྱི་ཕོ་སྒོ་མོ་སྒོ་ཅན་པོ་ད་ལྟ་དེ་རེད་ཟེར་ན་བདེན་འཛིན་མི་ཐུབ་པ། སྒྱུ་ལུས་དེ་མར་རྙིང་ནས་རྒུད་པས། སྐེད་པ་གཞུ་ལྟར་དུ་གུག མགོའི་ཅོ་སྤུ་ལ་ཁའི་རྩ་སྐྱ་བཞིན་དུ་སེ། མིག་གིས་གཟུགས་ལ་ལྟས་ན་རབ་བེ་རིབ་བེ། རྣ་བས་སྒྲ་ལ་ཉན་ན་འ་ངེ་འང་ངེ་རུ་གྱུར་ནས་གོ་ལོག་ཐེབས་འགྲོ་བ། སེམས་ཀྱི་དྲན་པ་ཉམས་ནས་བརྗེད་ངེས་ཇེ་ཆེ་ལ་སོང་། སྔ་དྲོ་ཅི་བྱས་ཕྱི་དྲོ་ལ་མི་དྲན། ལུས་ཀྱི་སྟོབས་ཉམས། དབང་པོའི་མདངས་ཉམས་ནས། བྱ་བ་བྲལ་བ་མ་ཡིན་པར་གཙང་བཙོག་འདོར་ལེན་གྱི་རང་གཡོག་རང་གིས་མི་ཐུབ་པའི་སྟབས་ཀྱིས། ཨ་ཕྱི་མིས་འགོམ་ཁྱིས་འགོམ་གྱི་རྟོགས་ལྡན་མ། །ཞེས་གསུངས་པ་དེའི་སྟེང་དུ་སླེབས་པ་ཡིན། ན་བའི་སྡུག་བསྔལ་ལ་བསམ་བློ་བཏང་ན། རྒས་ནས་ན་བ་ནི་ཐོབ་ཐང་ཅན་ཚུལ་ལྡན་ལྟ་བུ་ཞིག་རེད། འབྱུང་བཞིའི་གཟུགས་པོ་ཕྱི་ནང་གཉིས་ཀ་ནས་རྒུད་ཡོང་དུས། ནད་འགོག་གི་ནུས་པ་ཤོར་བ་དང་། འབྱུང་བ་རྒུད་པའི་རང་གཟུགས་དེར་ནད་གདོན་ལྡང་བ་ལྟ་ཅི་སྨོས། གཞོན་ལང་ཚོ་དར་བཞིན་པའི་སྒང་ལའང་གློ་བུར་དུ་གཟེར་གཟེར་རྒོད་རྒྱག་པ་དང་། མ་བསམ་མ་དྲན་ས་ནས་བཅོས་སུ་མི་ཐུབ་པའི་ནད་ངན་དྲག་པོ་ཕོག་པ་དང་། ཡང་འགའ་རེ་སྐྱེས་པ་དང་མཉམ་དུ་ལྷན་སྐྱེས་ཀྱི་ནད་གཞི་ཆེན་པོ་ཡོད་པ་དང་། མི་འགའ་རེ་མི་ཚེ་ན་ཚས་བཅད་ནས་མི་ཞིག་ཅེ་ན་ནད་ཅིག་ཡིན་པ་ལྟ་བུ་སྟེ་ནད་ཀྱི་སྡུག་བསྔལ་བཤད་ནས་ཟད་རྒྱུ་ཞིག་ག་ལ་ཡོད། དེ་ནས་འཆི་བའི་སྡུག་བསྔལ་ནི། འཆི་ཟེར་རྒྱུ་བོ་དངོས་སུ་ཐོག་ལ་བབས་པ་ལྟ་ཞོག་དེའི་མིང་གོ་བ་ཙམ་ཡང་མི་འདོད་པ་ཞིག་ཡིན། དེའི་སྟབས་ཀྱིས་འགའ་རེས་ཤི་བའི་མིང་མི་འཛིན་པར་གཟུར་མདོག་བྱེད་པ་རེད། ཤི་བའི་མིང་འཛིན་རྒྱུ་ལ་ད་ལྟའི་སྐབས་ལ་གཟུར་ནས་ཤི་བའི་མིང་ཙམ་ཡང་མ་གཟུང་ན་ཆོག་ཀྱང་། ཤི་བ་ཁོ་རང་ལ་གཟུར་ཐུབ་པ་མ་རེད། འུ་གུ་ཤི་བ་ལ་གཟུར་མདོག་བྱས་ཀྱང་ཤི་བས་འུ་གུ་ལ་ཚུར་གཟུར་རོགས་བྱེད་པ་མ་རེད། སྐྱེ་བའི་རྗེས་སུ་ཤི་བ་མི་ཡོང་རྒྱུ་ཞིག་གང་ན་ཡོད། སྐྱེས་པ་ཐམས་ཅད་ཤི་རྒྱུ་ཅན་རེད། བཤའ་ལུག་ར་བའི་ནང་ལ་ཚུད་པ་བཞིན་དུ་ཐར་ས་དང་འཆོར་ས་ཞིག་ག་ལ་ཡོད། སྔོན་རྗེས་ཙམ་མ་གཏོགས་གསོད་རྒྱུ་ཡིན་པ་ལ་ཁྱད་མེད་ཅིང་། སུ་སྔོན་མ་ཡིན་པ་ནི་ཤན་པའི་ལག་ལ་གང་ཁེལ་ཡིན་པ་བཞིན་དུ་ཁྱིམ་གཅིག་དང་། དགོན་སྡེ་གཅིག་དང་། ཡུལ་གྲོང་གཅིག་གི་ནང་ནས་ཡིན་ནའང། ལོ་ཉུང་དང་རྒན་པོ་སུ་སྔོན་མ་ཡིན་ལས་ཀྱིས་གང་བསྐོས་ཡིན་པས་དེ་སུ་ཡིན་མ་ཤེས་པ་ལྟ་བུ་ཡིན། ཤི་ཨེ་འགྲོ་བསམ་པའི་དོགས་པ་ཡིས་སྐུ་རིམ་ཞབས་བརྟན་སྒྲུབ་པ་དང་། འཕྲོད་བསྟེན་སྨན་བཅོས་ལ་རེམ་མདོག་བྱེད་པ་དང་། ནད་པ་ཚབས་ཆེན་ཡིན་ཡང་མི་ཤི་ཙམ་ཞིག་ཨེ་ཡོང་གི་རེ་བ་ཡིས། གཏར་བསྲེག་དབུག་གསུམ་གྱི་དཔྱད་ཕར་ཞོག་ཅི་འདྲ་འདྲའི་གཤག་བཅོས་ཆེན་པོ་ཤི་གསོན་གཉིས་ཀའི་མཚམས་ལ་གོམ་པ་ཐེངས་གཅིག་ལ་སྤོ་དགོས་ཀྱང་། གཟེར་ཚ་ན་ཉེན་ཁ་རྒྱུ་ཚེགས་གང་ལ་ཡང་མི་འཛེམས་པར་མ་ཤི་ཙམ་ཞིག་བྱུང་ན་སྙམ་ནས་དྲག་རྒྱུའི་རེ་བ་བཅའ་མདོག་གིས་གསོན་དམྱལ་མྱོང་མྱོང་ནས་འཆི་བ་ཅི་འདྲ་མང་འདུག ཡང་མ་ན་མ་ཚ་ནས་ཤི་ན་ནི་ཤུལ་གྱི་གསོན་པོ་དག་གིས། སྨན་ལྷ་རྗེ་གཏོ་སྐུ་རིམ་ཞིག་ཀྱང་བྱེད་ལོང་གཏད་མ་བྱུང་སྙམ་ནས་འགྱོད་པ་སྐྱེ་བ་རེད། ཁྱད་པར་དུ་ཤི་བོ་ཁོ་རང་ཉིད་ཀྱང་ཤི་སྣང་ཞེ་ལ་མེད་པར་ད་རུང་ཡུན་རིང་ལ་འདུག་འདེང་བྱེད་ཅིང་། བྱ་བ་འདི་བྱེད་དེ་བྱེད་ཀྱི་འཆར་གཞི་མང་པོ་བཀོད་བཞིན་ཡོད་པའི་སྐབས་སུ་སྙིང་ཉེའི་གཉེན་གྲོགས་དང་གློ་བུར་དུ་གསོན་བྲལ་དགོས་དུས་ལྷག་པར་དུ་སྡུག་བསྔལ་ཆེ་བ་རེད། གལ་སྲིད་མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མ་གཏོགས་མེད་ན་དེ་ནི་ཐམས་ཅད་ཀྱི་ཐོག་ལ་ཡོང་རྒྱུ་ཞིག་ཡིན་པས་ང་ཁེ་རུ་མ་མ་རེད་སྙམ་པའི་སེམས་རྟེན་འདྲ་ཞིག་ཡོད་ཀྱང་། དེས་ག་ལ་ཚད་གཅིག་མཚུངས་མིན་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པར་ཡོད་ཅིང་། དེ་དག་ཐམས་ཅད་རིགས་བསྡུས་ནས་བཤད་ན། དགྲ་སྡང་བ་འཕྲད་པའི་སྡུག་བསྔལ། སྔོན་ལས་ཀྱིས་དགྲར་གྱུར་པ་ཚེ་འདིར་ཕར་གནོད་པ་འདི་བྱས་ཡོད་བསམ་རྒྱུ་ཞིག་མེད་ཀྱང་ཚུར་དགྲ་རུ་འཛིན་པ། ད་རུང་ཕར་ཕན་མི་ཆུང་བ་རེ་བཏགས་ཡོད་པ་དེའི་དབང་གིས་ཚུར་དགྲ་བྱེད་པ། ངས་དེ་ཅན་པོ་ལ་ཞིབ་འཇུག་ཐེབས་མྱོང་། ཡང་རང་ཉེས་ཀྱིས་དགྲར་གྱུར་པ། དངོས་སུ་ཕ་རོལ་པོ་ལ་གནོད་སྐྱེལ་བ་དང་། ཆེད་དུ་མ་བསམ་ཡང་ཞོར་དུ་གནོད་རེད་སོང་བ་ལ་སོགས་པ་དང་། མདོར་ན་དགྲ་ཡོད་ན་སུ་ཡང་དགའ་བ་མ་རེད་ཀྱང་མ་དགའ་བཞིན་དུ་དགྲས་གནོད་པས་སྡུག་བསྔལ་བ་དང་། གཉེན་བྱམས་པ་དང་འབྲལ་གྱི་དོགས་པའི་སྡུག་བསྔལ་ཡོད་པ་རེད། ཉིན་རེར་ཁ་ཐག་ཕྱེས་སོང་ནའང་སེམས་མི་བདེ་ནས་སེམས་ཁུར་བྱེད་སའི་མི་དང་ཡུན་རིང་བྲལ་བའམ་གཏན་བྲལ་དུ་སོང་བ་དང་། གཉེན་ཉེ་དུ་ཤ་ཁྲག་གི་འབྲེལ་བ་ཅན་ཏག་ཏག་མིན་ནའང་མཛའ་བཤེས། མཐུན་གྲོགས། བླ་སློབ། གྲྭ་རོགས་གྲོགས་མཆེད་སུ་ཡིན་ཡང་ཡང་དེ་ལས་མ་འདས་པས། གཉེན་ཉེ་བཟང་པོ་ལོས་བཟང་། སྙིང་ལོས་ཉེ་ཡང་། མཛའ་བཤེས་བཟང་པོ་ཡ་རབས་ཀྱི་གྲོགས་པོ་དེ་བས་ཀྱང་བཟང་བ་ཡིན། འོན་ཀྱང་འདུས་པ་འབྲལ་བའི་ཆོས་ཅན་ཡིན་ཕྱིར། ཀུན་མཁྱེན་ཆོས་རྗེས་ཀྱང་། འདོད་ཀྱང་མི་འོང་གདམས་པ་རྣམ་དྲུག་ནི། །བཟའ་ཚང་ཉེ་འབྲེལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །བཟང་པོའི་གནས་མལ་འདི་རུ་དུས་རྟག་ཏུ། །མི་འབྲལ་འདུག་པར་འདོད་ཀྱང་འགྲོ་བར་ངེས། །བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ། །མི་འབྲལ་སྤྱོད་པར་འདོད་ཀྱང་འབོར་བར་ངེས། །དལ་འབྱོར་མི་ལུས་མཆོག་འདི་དུས་རྟག་ཏུ། །མི་འབྲལ་རྟག་པར་འདོད་ཀྱང་འཆི་བར་ངེས། །བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས། །དམ་པའི་གྲོགས་བཟང་རྣམས་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་ངེས་པས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །འབྲལ་མེད་བདེ་ཆེན་གླིང་དུ་བགྲོད་རེ་རན། །སྐྱོ་ཤས་གཏིང་ནས་སྐྱེ་བའི་གྲོགས་རྣམས་ལ། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཞེས་གསུངས་པ་ལྟ་བུ་ཡིན་ལ། འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་དང་། མི་འདོད་པ་ཐོག་ཏུ་བབ་པའི་སྡུག་བསྔལ་ལ་སོགས་པ་མང་དག་ཡོད་ཅིང་། སྡུག་བསྔལ་གྱི་རྩ་བ་ཕལ་ཆེར་ནི་འདོད་པས་ངོམས་པར་མེད་པ་འདིའི་ཁུངས་ནས་འབྱུང་བ་ཡིན་ཏེ། དེས་ཡིད་མི་བདེ་བ་སེམས་ཀྱི་སྡུག་བསྔལ་འདྲེན་པས་མ་ཚད། ལུས་ཀྱི་སྡུག་བསྔལ་དྲག་པོ་མི་ཚེའི་མཐའ་ལ་མ་ཐུག་གི་བར་དུ་མྱོང་དུ་འཇུག་པ་ཡིན། ལྷ་དང་མིའི་འདོད་ཡོན་ཐམས་ཅད་པོ་མི་གཅིག་ལ་ཚོགས་ནས་འཛོམས་ན། འདོད་པའི་ཁ་ཞིག་གང་དུ་ཡོད་ན་གང་དགོས་ཀྱང། གང་དུ་མེད་པས་མ་ཚད་སྲེད་པ་ཕྱིར་ཞིང་ལྷག་པར་འཕེལ་ནས་འདོད་རྔམས་ཇེ་ཆེར་སོང་ནས། སྡུག་བསྔལ་དེ་བས་ཀྱང་ཆེ་བར་མྱོང་བའི་རྒྱུ་བྱེད་པ་ཡིན། དེས་ན་ལུས་བཟང་པོ་ཇི་ལྟ་བུ་ཞིག་ཐོབ། འབྱོར་བ་ལོངས་སྤྱོད་ཀྱི་ཕུན་སུམ་ཅི་འདྲ་ཞིག་ཚོགས་ཀྱང་། ཐམས་ཅད་ལ་ཡིད་རྟོན་མེད་པར་བསྐྱུར་ནས་འགྲོ་དགོས་པ་ནི་མདང་གི་རྨི་ལམ་ནང་གི་ཕུན་ཚོགས་དེ་རིང་མེད་པ་དང་གཅིག་མཚུངས་རེད། མིའི་སྡུག་བསྔལ་བཤད་ན་དེ་འདྲ་ཞིག་རེད། ལྷ་མ་ཡིན་གྱི་སྡུག་བསྔལ་ལ་བསམ་བློ་བཏང་ན། སྤྱིར་ན་ངན་སོང་གསུམ་གྱི་སྡུག་བསྔལ་ལྟ་བུའི་རགས་པ་མིན་པས་འགྲོ་བ་རིགས་དྲུག་ཏུ་བརྩིས་པའི་མཐོ་རིས་རྣམ་གསུམ་གྱི་གྲལ་དུ་བགྲང་བ་ཡིན་ནའང་། འདིའི་ནང་ཚན་གྱི་འགའ་རེ་ཡི་དྭགས་ཀྱི་རིགས་ལ་གཏོགས་པ་ཡོད་སྲིད་པ་དང་། འགའ་རེ་དུད་འགྲོའི་རིགས་ལ་གཏོགས་པ་དང་། མ་ཟད་ཚེ་དཔལ་ལྷའི་རིགས་སུ་གཏོགས་པའང་ཡོད་པས་ན་རྒྱུད་ལྔ་བརྩི་དུས་འདི་དག་སེམས་ཅན་གང་དུ་གཏོགས་པའི་འགྲོ་བས་བསྡུས་ནས་ལྔ་རུ་བརྩི་བ་ཡིན། སྤྱིར་ན་ལྷ་མ་ཡིན་པ་དག་ཕྲག་དོག་གི་ལས་ཀྱིས་འཕངས་ཤིང་འཐབ་ཅིང་རྩོད་པའི་ལས་ལ་གོམས་པ་བྱས་པའི་དབང་གིས། ལྷའི་དཔལ་ལ་མི་བཟོད་པའི་ཕྲག་དོག་དྲག་པོས་ཀུན་ནས་བསླངས་ཏེ་ལྷ་དང་གཡུལ་འཁྲུག་རྒྱུན་དུ་བྱེད་ཅིང་། དེའི་དུས་སུ་ཤི་རྨས་གསོད་བཅོད་ཀྱི་སྡུག་བསྔལ་མྱོང་བ་མང་བ་དང་། བདུད་དང་གནོད་སྦྱིན་སྲིན་པོའི་རིགས་གྱུར་དེ་ཚོ་ལས་ཀྱི་རྫུ་འཕྲུལ་ཅན་མཁའ་རྒྱུའི་སྡེ་རུ་གཏོགས་པ་རྣམས་ཀྱང་། སྤྱིར་ན་ཕྲག་དོག་དང་གནོད་སེམས་ཀྱི་དབང་གིས་སྣང་བ་དགྲ་རུ་ལང་། ཕྲག་དོག་དང་ཞེ་སྡང་གིས་སྡུག་བསྔལ། སྟོབས་ཆེན་གྱི་གཉེན་པོའི་མཐུ་སྟོབས་ཀྱིས་བསྲེགས་གཟིར་རྨོངས་རེངས་ཀྱི་སྡུག་བསྔལ་མྱོང་བ་དང་། གདུག་པ་ཀླུ་རིགས་སུ་གཏོགས་པ་དེ་ཚོ་ཡང་ལོངས་སྤྱོད་དང་འབྱོར་བ་ཆེ་ན་ཡང་། རྨོངས་པའི་སྡུག་བསྔལ་གྱིས་དུས་རྟག་ཏུ་མནར་བ་སྟེ་ལྷ་མ་ཡིན་གྱི་སྡུག་བསྔལ་ཡང་དེ་ལྟར་མང་བ་ཡིན་ནོ། །མཐོ་རིས་ཀྱི་གནས་གསུམ་པ་ལྷ་ཡུལ་ལ་མཚོན་ན། འདོད་གཟུགས་གཟུགས་མེད་གསུམ་པོ་ལ་གཏོགས་པའི་ལྷ་གནས་ཐམས་ཅད་ལ་ཚོར་བ་རགས་པའི་སྡུག་བསྔལ་གནས་རིས་འོག་མ་དང་འདྲ་བར་མེད་ན་ཡང་། ཁྱབ་པར་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྟག་ཏུ་མ་བཏང་བ་དང་། འདོད་ལྷའི་གནས་ལ་མཚོན་ན་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཤིན་ཏུ་དྲག་པོ་ཡོད་པ་ཡིན། འཆི་ལྟས་དེ་ལྷའི་ཞག་བདུན་ལ་ཡོང་བའི་དུས་ཚོད་རིང་པོ་དེའི་ཚེ་འཕོ་བའི་སྡུག་བསྔལ་མ་སངས་བཞིན་དུ་ལྟུང་བའི་སྡུག་བསྔལ་མྱོང་བ་སྟེ། ལྷ་གནས་སུམ་ཅུ་རྩ་གསུམ་པའི་ཞག་བདུན་དེ་མི་ལོ་བདུན་བརྒྱ་ཡིན་པར་གསུངས་ན། དེའི་རིང་ལ་འཕོ་ལྟུང་གི་སྡུག་བསྔལ་དྲག་པོ་མྱོང་དགོས་ཤིང་། ཁམས་གོང་མ་གཉིས་ཀ་ལ་འཆི་འཕོའི་སྡུག་བསྔལ་མངོན་གྱུར་པ་མེད་ཀྱང་། འཕེན་བྱེད་བསོད་ནམས་ཆ་མཐུན་གྱི་ལས་ཟད་པ་དང་མཉམ་དུ་གནམ་རྡོ་གྱེན་ལ་འཕངས་པ་ཤུགས་ཟད་དུས་ཐུར་དུ་ལྷུང་བ་བཞིན་དུ་བསམ་གཏན་གྱི་བདེ་བའི་གཉིད་ལྟ་བུ་དེ་སད་མ་ཐག་ཏུ་གནས་རིས་འོག་མར་ལྟུང་ནས་སྡུག་བསྔལ་བ་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་པ་དང་། ཀུན་མཁྱེན་བླ་མས། མཐོ་རིས་ཐོབ་ཀྱང་ཡིད་རྟོན་མི་རུང་བས། །སྐལ་བཟང་རྣམས་ཀྱིས་ཐར་པ་བསྒྲུབ་པར་བྱ། །ཞེས་གསུངས་པ་ལྟར་དུ་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པར་ཤེས་པའི་ཐོག་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ། ཉེས་ཅན་བཙོན་ཁང་ནས་ཐར་འདོད་དང་། བྱ་དུ་བས་བདུག་པ་ནམ་མཁར་འཕུར་འདོད་ཡོད་པ་འདྲ་ཞིག་ཡོང་དགོས་པ་ཡིན། དེ་ལ་བདག་ཅག་གི་སྟོན་པས་ཝཱ་ར་ཎཱ་སཱིར། ལྔ་སྡེ་བཟང་པོ་སོགས་ལ་དགེ་སློང་དག འདི་ནི་སྡུག་བསྔལ་ལོ། །དགེ་སློང་དག་སྡུག་བསྔལ་ཤེས་པར་བྱ་སྟེ། ཤེས་པར་བྱར་མེད་པ་གསུངས་པ་ལ་སོགས་པའི་བདེན་པ་བཞིའི་ངོ་བོ་བྱ་བ་འབྲས་བུ་དང་བཅས་པས་བདེན་བཞི་ལན་གསུམ་བཟླས་ནས་སྤྲོས་ཏེ་གསུངས་པའི་སྡུག་བདེན་འཁོར་བའི་མཚན་ཉིད་ཤེས་ནས་དམ་པའི་ཆོས་ལ་བློ་འཇུག་པ་དང་། རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་ནས་ཚེ་འདིའི་འདོད་ཡོན་སྙན་གྲགས་ཐམས་ཅད་བློས་ཐོངས། བྱམས་སྙིང་རྗེ་རྒྱུད་ལ་སྐྱེ་བ་ལ་སོགས་པ་ནས་རིམ་གྱིས་ཀུན་འབྱུང་སྤང་བ་དང་བདག་མེད་རྟོགས་པ་དེ་ལམ་རྒྱུད་ལ་བརྟེན་པས་འགྲུབ་པ་དང་། ལམ་མཐར་ཕྱིན་ནས་འགོག་པ་མྱ་ངན་ལས་འདས་པ་མངོན་དུ་བྱ་བ་ཡིན་པས། དེ་ཡང་ངོ་བོ་ཉིད་དུ་མངོན་པར་བྱར་མེད་པ་མཐར་ཐུག་གཞི་འབྲས་དབྱེར་མེད་རྫོགས་ཆེན་མཐར་ཐུག་གི་ངེས་དོན་འཆད་བཞིན་པ་ལྟར་དུ་མདོ་སྔགས་གཉིས་ཀ་འགལ་མེད་ལམ་གྱི་འགག་མདོ་གནད་གཅིག་ལ་དྲིལ་རྒྱུ་ཡིན་པ་རེད། དེ་ལྟར་ན་སྐྱེས་བུ་ཆུང་འབྲིང་དང་འབྲེལ་བའི་བློ་སྦྱོང་གང་བྱས་ཀྱང་བློ་འབྱོངས་པའི་ཚད་ནི་སྔར་བློ་སྦྱོང་མ་བྱས་པའི་སྔོན་དུ་ཚེ་འདིའི་དོན་སྒྲུབ་འདོད་གཙོ་བོ་དང་། ཚེ་ཕྱི་མའི་དོན་དུ་དམ་ཆོས་སྒྲུབ་རྒྱུ་དེ་ཞོར་འབྱུང་གི་ལས་ཀ་ཙམ་ཞིག་ལ་ལྟ་བ་ཡིན་ནའང། འདིའི་བློ་སྦྱོང་འདི་བརྒྱུད་ནས་ཚེ་འདིའི་དོན་བསྒྲུབ་རྒྱུ་དེ་ཞོར་འབྱུང་ཙམ་ཞིག་དང་། ཕྱི་མའི་དོན་ཆེན་སྒྲུབ་རྒྱུའི་འདུན་པ་ཤུགས་ཆེན་ཞིག་གཏིང་ནས་སྐྱེས་ན་བློ་འབྱོངས་པ་ཞེས་བྱ་བ་ཡིན་པས། དེ་འདྲ་ཞིག་མ་བྱུང་གི་རིང་ལ་ནི་བློ་སྦྱོང་གི་ཚིག་ཁ་ཡིས་བཤད་ཀྱང་དོན་རྒྱུད་ལ་མ་འབྱོར་པ་ཞེས་བྱ་བ་ཡིན་པས། ཆོས་བསྒྲུབས་པ་དང་འགྲུབ་པ་གཉིས་ཀའི་ཕུག་ལ་ཐོན་མེད་པ་ནི་ལྟ་ཅི་དང་པོའི་སྒོ་ཐེམ་གྱི་ལ་མོའང་བརྒལ་མེད་པ་རེད། རང་དོན་ཙམ་མ་ཡིན་པར་རང་གཞན་སེམས་ཅན་ཐམས་ཅད་ཀྱི་མཐར་ཐུག་གི་ཕན་བདེ་བསྒྲུབ་རྒྱུ་ལ་དམིགས་ནས། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འདི་དག་ཐམས་ཅད་ཀྱི་དོན་དུ་ང་ནི་མནར་མེད་ཀྱི་མེ་དཔུང་ལ་འཇུག་དགོས་ཀྱང་གཟོད་པར་བྱ་ལ། འོན་ཀྱང་སེམས་ཅན་བདེ་ལ་འགོད་པའི་ནུས་པ་བསྒྲུབ་པའི་ཆེད་དུ་ངས་དམ་པའི་ཆོས་ཤིག་ཞུས་ནས་དེའི་ཉམས་ལེན་ལ་འབད་དེ་འདི་དང་འདི་ལྟར་བྱའོ་སྙམ་པ་ནི་སྐྱེས་བུ་ཆེན་པོའི་བློ་སྦྱོང་དང་འབྲེལ་བའམ་ཐེག་ཆེན་སེམས་བསྐྱེད་དང་འབྲེལ་བ་ཡིན། གང་ལྟར་ཡང་འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག་དང་སྐྱོ་ཤས་ཆུང་ཚེ་མིང་ཆེ་ཆུང་དང་ཐོབ་གོ་གནས་གང་ཞིག་ཡོད་ཀྱང་རུང་། ཡང་མིན་ན་ཚེ་རབས་སྔ་མའི་ཆོས་ཀྱི་བག་ཆགས་སྲབ་པའམ། དེ་མིན་ན་ཚེ་འདིར་ཐོས་བསམ་བྱས་པ་དེ་གནད་དུ་མ་སོང་ནས་ཆོས་ལ་དྲེད་པ་ཡིན་པའི་རྟགས་ལས་མ་འདས་ཤིང་། ཚེ་རབས་སྔ་མར་ཆོས་ཀྱི་བག་ཆགས་ཞན་པ་ལས་ཀྱང་བློ་ཆོས་ལ་དྲེད་པ་དེ་ཚབས་ཆེ་སྟེ། བཅོས་དགོས་ཀྱང་ཆོས་དྲེད་ཆོས་རྒྱུའི་མཁན་ཆོས་ཀྱིས་མི་ཐུལ་པས་གཞན་གྱི་ཐབས་ཡོད་དཀའ་བ་རེད། དུག་ནད་སྨན་གྱིས་བཅོས་ཐུབ་ཀྱང་སྨན་དུག་ཏུ་ལོག་ན་སྨན་གྱིས་ཀྱང་བཅོས་ཐབས་དཀའ་བ་ལྟ་བུ་རེད། བུད་མེད་ཆོལ་གསུམ་འགྲིམས་པ་དང་གཅིག བྱ་བཟུང་བ་རྙི་ནས་ཤོར་བ་དང་གཉིས། བན་སར་ཆོས་ལས་དྲེད་པ་དང་གསུམ་པོ་དེ་གཡོ་བའི་ནང་ནས་ངན་གསུམ་དུ་གསུངས་པ་དེས་ན་དལ་རྟེན་རྙེད་པར་དཀའ་བ་འདི་རྙེད་ཅིང་། དེ་ཡང་ཡུན་དུ་བརྟན་པ་མེད་པའི་ཚུལ་ཤེས་པ་དང་། འཁོར་བ་འདི་རུ་བདེ་བ་མེད་པའི་གནད་དེ་རྟོགས་ནས། རང་གཞན་ཐར་བའི་ལམ་ལ་ཇི་ལྟར་བགྲོད་རྒྱུའི་བློ་སྦྱོང་རྣམ་པ་ཀུན་ཏུ་ཐུགས་ལ་འཆང་དགོས་པའི་ཚུལ། ལས་དང་པོ་བ་ལ་དམིགས་ཏེ་གཙོ་བོར་དང། གཞན་རྣམ་པ་ལ་ཡང་ཐུགས་གསོས་ཙམ་དུ་ཞུས་པ་དང་བཅས་ཏེ། སྐབས་འདིར་གང་ཞིག་གསན་པར་བྱ་བ་འོད་གསལ་རྫོགས་པ་ཆེན་པོའི་གསང་རྒྱུད་བཀའ་ཡི་དགོངས་པ་གངས་ཅན་བོད་ལ་འདྲེན་པའི་ཤིང་རྟ་བ་ཆེན་པོ་རྒྱལ་བ་ཀློང་ཆེན་པའི་གསུང་རབ་ཀུན་གྱི་ཡང་བཅུད། ཀུན་བཟང་ཆོས་སྐུའི་དགོངས་པ་རྗེན་ཅེར་དུ་བསྟན་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་མན་ངག་གི་བསྟན་བཅོས་ཆེན་པོ་འདི་ཉིད་ཀྱི་རང་འགྲེལ་ལུང་གི་གཏེར་མཛོད་ལ་འཆད་ཉན་བྱེད་པའི་སྐལ་བ་བཟང་པོ་མངོན་དུ་གྱུར་པའི་སྐབས་ནས་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ཞིང་། བར་དུ་དགེ་བ་གཞུང་གི་དོན་གྱི་ལེའུ་བཅུ་བ་འདིའི་ས་བཅད་དང་པོ་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བ་བསྟན་པ་དང་། གཉིས་པ་དེ་དག་གི་དོན་ཆོས་ཉིད་མཉམ་པ་ཆེན་པོར་བསྡུ་བ་ལས་ཀྱང་། མདོ་ཆིངས་ངེས་པའི་འགག་བསྡམས་པ་ནང་གསེས་རྣམ་གྲངས་གཉིས་ཀྱིས་བསྟན་པ་དང་བཅས་པ་ཆོས་ཁྲིད་སྔོན་མའི་སྐབས་སུ་སོང་ནས།

༼ཁ གཉིས་པ་དགོངས་ཀློང་ཆོས་ཉིད་དུ་གདམས་པའི་རིམ་པ་བསྟན་པ།

དེ་ལ་མཁའ་མཉམ་བསམ་བརྗོད་འདས་པར་ཆིངས་སུ་བཅིང་བ་དང་། རིག་པ་གསལ་སྟོང་ཆེན་པོར་འགག་བཅིང་བ་དང་། ཤར་གྲོལ་རིས་མེད་རྗེན་པར་བཅིང་བ་སྟེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གཞག་ཐབས་གསུམ་ལས།

ཀ༽དང་པོ་མཁའ་མཉམ་བསམ་བརྗོད་འདས་པར་ཆིངས་སུ་བཅིང་བ།

ད་ནི་དགོངས་ཀློང་ཆོས་ཉིད་དུ་གདམས་པའི་རིམ་པ་ལས། མཁའ་མཉམ་བསམ་བརྗོད་འདས་པར་ཆིངས་སུ་བཅིང་བ་ནི།

བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས།།

དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ།།

ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན།།

དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན།།

ཞེས་གསུངས་ཏེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། དང་པོ་ངོ་བོའི་ངང་ངེས་པ་ནི་སེམས་ཉིད་དྲན་བསམ་མེད་པའི་དབྱིངས་སུ་འབྱུང་འཇུག་རེ་དོགས་དང་བྲལ་བར་ཕྱམ་གདལ་ནས་འཇོག་པ་སྟེ། ཁྱུང་ཆེན་ལས། མ་བསྒོམས་བཞག་པའི་ས་སྟེ་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང་། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །ཞེས་པ་དང་། ཀུན་བྱེད་ལས། བླང་དོར་མེད་པའི་བྱང་ཆུབ་ཆོས་ཉིད་ལ། །མཁའ་ལྟར་གནས་པས་ལུས་སེམས་བཅོས་སུ་མེད། །འདུ་ཤེས་ཞེན་འཛིན་མེད་པས་བསྒོམ་དུ་མེད། །མཁའ་ལྟར་རབ་ཞི་རྙོག་པ་ཀུན་བྲལ་ལ། །ཡུལ་ལ་མི་འཇུག་དགོངས་པ་དམིགས་འཇུག་བྲལ། །ཞེས་སོ། །དགོངས་ཀློང་ཆོས་ཉིད་དུ་གདམས་པའི་རིམ་པ་འདིས་ངོ་བོ། རང་བཞིན། ཐུགས་རྗེ་གསུམ་པོ་དེ་རིག་པ་གཅིག་ལ་ཚང་བའི་ཚུལ་རིམ་པར་བསྟན་པ་ལས། མཁའ་མཉམ་བསམ་བརྗོད་འདས་པར་ཆིངས་སུ་བཅིང་བ་འདིས་ངོ་བོའི་ངེས་པ་བསྟན་པ་ཡིན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། མཁའ་མཉམ་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོའི་ཀློང་དུ་ཡེ་ནས་མངོན་སངས་རྒྱས་ཟིན་པས་ན། སེམས་ཉིད་དྲན་བསམ་མེད་པར་ངོ་བོ་ངོས་བཟུང་གི་མཐའ་ལས་འདས་པ་ཀློང་ཆེན་ཡངས་པ་ཕྱམ་གདལ་དེའི་ངང་ཉིད་ལས། སྣང་རྟོག་ཇི་ལྟར་སྣང་ཡང་རིག་པའི་ངང་ལས་མ་གཡོས་པའི་དོན་ཁོང་དུ་ཆུད་པར་བྱས་ཏེ། ཤེས་པའི་མཚན་མ་དང་འདུ་ཤེས་ཞེན་འཛིན་ཡིད་ལ་མི་གཡོ་བའི་གཞི་མེད་ཤར་བ་ཡེ་སངས། བླང་དོར་རྩོལ་སྒྲུབ་དང་བྲལ་བ་དེ་ཉིད་སངས་རྒྱས་ཉག་གཅིག་གི་དགོངས་པ་ངོ་བོའི་ངང་ངེས་པ་ཡིན་པ་སྟེ། དེ་ཉིད་ཆིངས་སུ་བཅིངས་པའོ།།

ཁ༽གཉིས་པ་རིག་པ་གསལ་སྟོང་ཆེན་པོར་འགག་བཅིང་བ།

རིག་པ་གསལ་སྟོང་ཆེན་པོར་འགག་བཅིང་བ་ནི།

བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ།།

དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག།

རང་གི་རང་བཞིན་མ་གཡོས་བཅོས་པ་མེད།།

མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ།།

རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད།།

འགྱུ་འཕྲོའི་ཀུན་རྟོག་མེད་ན་སྒོམ་པའི་མཆོག།

ཅེས་གསུངས་ཏེ། རིག་པའི་རང་བཞིན་འོད་གསལ་བ་ཉི་ཟླ་བསྒྲིབ་པ་མེད་པ་ནམ་མཁའི་དཀྱིལ་ན་སྣང་བ་ལྟར། རང་གསལ་རྗེན་ལ་བུད་པའི་ངང་ལ་རྣམ་རྟོག་འཕྲོ་འདུ་མེད་པར་ས་ལེ་བཞག་པས། ལྷུན་གྲུབ་རང་དོན་གསལ་བ་སྟེ། ཁྱུང་ཆེན་ལས། མ་བསྒོམས་ཡེ་ཤེས་ལྷུག་པ་བཅོས་པ་མེད་པའི་གནད། །རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་བསྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོའི་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་སོ། །དེའང་རྣམ་རྟོག་རང་དྭངས་ཀྱི་འགལ་ཟླར་གྱུར་པ་དང་། མཐའ་མེད་པས་གཞག་པའི་ས་མེད་པའི་ཕྱིར། རྟོག་བྲལ་རང་སངས་རྗེན་པ་རང་བཞིན་གྱི་རང་དྭངས་ལ་གནས་དགོས་ཏེ། ཀུན་བྱེད་ལས། རྣམ་རྟོག་ཡུལ་ལ་མཚན་མའི་གྲངས་ལས་འདས། །བྱས་པས་མི་ཟིན་རྟོག་པས་རྟོག་པ་འཇིལ། །ཆུ་ལས་རྙོག་པ་བཞིན་དུ་བྱིས་པ་བསླུས། །ཞེས་སོ། །རིག་པ་གསལ་སྟོང་ཆེན་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ་མཁའི་དཀྱིལ་ཡངས་ལ་ཉི་ཟླ་ཤར་བ་ལྟ་བུའི་རྒྱུ་རྐྱེན་བྲལ་བའི་རང་སྣང་འོད་གསལ་སྒྲིབ་པ་མེད་པར་གསལ་བའི་རང་གསལ་རྗེན་པ་ལྷང་ལ་བུད་པ་དེའི་ངང་ལ་བཞག་པས། དྲན་པ་དང་རྟོག་པ་མེད་ཅིང་ཚིག་བྲལ་བརྗོད་དུ་མེད་པའི་སྒོམ་པ། ངོ་བོ་ཀ་ནས་དག་ཅིང་རང་བཞིན་ལྷུན་གྱིས་གྲུབ་པ་མཆོག་ཏུ་ཤར་བ་དེའི་རང་བཞིན་ནི། གནས་ལུགས་སྤྲོས་པ་དང་བྲལ་ཞིང་མཚན་མཚོན་གཞི་གསུམ་གྱི་ཆོས་སུ་མ་གྲུབ་པས། ཡེ་ནས་གཡོས་མ་མྱོང་ལ་སླར་ཡང་བཅོས་སྒྱུར་མི་དགོས་པ། གར་ཡང་མི་བསམ་གང་དུ་ཡང་མི་དམིགས་པས་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བ་སྟེ། དེ་ལྟ་བུའི་དངོས་མཚན་བྲལ་བའི་ཆོས་ཉིད་སྟོང་པ། འགག་མེད་རང་བབས་ཀྱི་ཆོས་ཉིད་ལ་དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་ཅིང་། རང་བཞིན་ལྷུན་གྲུབ་འོད་གསལ་བའི་རང་གདངས་འགག་མེད་དུ་གསལ་བ་ཡིན་ལ། དེ་ལྟ་བུའི་འགྱུ་འཕྲོའི་ཀུན་རྟོག་མེད་པའི་རྟོག་བྲལ་རང་སངས་རྗེན་པར་རང་དྭངས་ལ་གནས་པའི་དུས་སུ་མ་བསྒོམས་པར་ངང་གིས་འཆར་བའི་སྒོམ་པའི་མཆོག་སྟེ། དེ་ལྟར་གསལ་སྟོང་ཆེན་པོར་འགག་བཅིངས་པའོ།།

ག༽གསུམ་པ་ཤར་གྲོལ་རིས་མེད་རྗེན་པར་བཅིང་བ།

ཤར་གྲོལ་རིས་མེད་རྗེན་པར་བཅིང་བ་ནི།

དེ་བཞིན་ཉིད་དེ་གང་གནས་དམ་པའི་སེམས།།

སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ།།

མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ།།

རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག།

ལུས་སེམས་བཅོས་མའི་འཆིང་བ་རྣམས་སྤང་ཞིང་།།

གྱིན་འདའ་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང་།།

གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན།།

ཐམས་ཅད་ཀུན་བཟངས་དགོངས་ཀློང་ཡངས་པ་ཡིན།།

ཞེས་གསུངས་ཏེ། རིག་པའི་དྭངས་ལས་འཆར་ཚུལ་མ་འགགས་པར་འགྱུ་འཕྲོར་ཤར་ཡང་། ཆུ་དང་རླབས་ལྟར་བཟང་ངན་མེད་པས་མཉམ་པ་ཆེན་པོར་ཟང་ཐལ་བའི་རིག་པ་ངོས་བཟུང་ནས་གཞག་དུས། ཤར་བ་དང་གྲོལ་བ་དུས་མཚུངས་ཏེ་འགྱུས་པ་ཉིད་ཀྱིས་འགག་པར་སྐྱེས་པའི་མཚང་ངོ་ཤེས་པས་གང་དགར་འཆར་དུ་འཇུག་པ་གནད་དུ་ཆེ་སྟེ། ཤར་ས་ལ་ངོས་འཛིན་གྱི་གཉེན་པོས་མ་བསམས་མ་བསླད་པས་སྤང་གཉེན་མེད་པར་གྲོལ་ཟིན་པ་ཉིད། ཁྱུང་ཆེན་ལས། གནས་པས་འགགས་ལ་འགྱུས་པས་རང་སར་དག །མེད་མཐོང་མ་སྤངས་ངོ་ལ་སངས་མེད་པ། །ས་མེད་འདི་ཉིད་གནས་ཏེ་གང་འགའི་ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་བ་མེད་པའོ། །ཞེས་པ་དང་། ཀུན་བྱེད་ལས། རྟོག་དཔྱོད་འདས་ལ་རྟོག་དཔྱོད་བསམ་མི་བྱེད། །མ་བཅོས་ཇི་བཞིན་པ་ལ་འཆོས་མི་བྱེད། །བྱ་བ་གང་བཏང་ཅི་སྣང་ཆོས་ཉིད་ལ། །མ་བསམས་རང་བཞིན་བཞག་པས་གྲོལ་བར་སྟོན། །ཞེས་སོ། །ཐུགས་རྗེའི་རིག་པའི་ངང་དེ་ལས་འཆར་ཚུལ་མ་འགགས་པའི་རོལ་བ་ཅི་ཡང་འགྱུ་ཞིང་འཆར་རུང་ཡིན་པ་ནི་ངང་ལས་གཡོ་བ་མེད་པའི་དེ་བཞིན་ཉིད་དེ། འགྱུས་པ་ཉིད་ཀྱིས་འགགས་པའི་མཚང་དེ་ཕུད་ནས་རིག་སྟོང་སྐྱེ་འགག་དང་བྲལ་བ་གང་ལ་གཡོ་བའང་མེད་པར་གནས་པ་དེ་ནི་རང་གསལ་དམ་པའི་སེམས་ཞེས་བྱ་བ། སངས་རྒྱས་ཉག་གཅིག་མཚན་མཚོན་བསམ་བརྗོད་དང་བྲལ་བ། མི་གཡོ་བའི་ཆོས་དབྱིངས། ཐ་མལ་གྱི་འཛིན་རྟོག་བྲལ་བ། ཕྱམ་ཕྱལ་ཡངས་པ་ཆེན་པོར་ལ་བཟླས་པ་སྟེ། དེ་ལྟ་བུའི་རང་བཞིན་ཡངས་པའི་ཆོས་ཉིད་ཀྱི་མཆོག་གམ་ཆོས་མཆོག་དེའི་ངང་ལ་གནས་ནས་རིག་པ་གཅིག་པུའི་ངང་དེ་ལས་མ་གཡོས་པས། ལུས་སེམས་བཅོས་མའི་འཆིང་བ་རྣམས་སྤངས་ཤིང་། མ་བཅོས་ཇི་བཞིན་ལྷོད་ཆགས་ཀྱི་ངང་ལ་གནས་བཞིན་དུ་འགྱུ་འཕྲོ་དྲན་བསམ་ཅི་དང་གང་དག་ཅི་དགར་འགྱུས་ཀྱང་། སྤང་བླང་གཉེན་པོས་མ་བསླད་པར་གྲོལ་བའི་གཞི་གཞག་རིག་པ་ཆོས་ཉིད་ཀྱི་ངང་དེ་ལས་མ་གཡོས་པས་ན། ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པའི་མཆོག་ཡིན་ནོ་ཞེས་ཤར་གྲོལ་རིས་མེད་རྗེན་པར་བཅིང་པའོ། །སླར་ཡང་དོགས་པ་བསལ་བ་ནི། འདིར་འགྱུ་བ་འཆར་བ་ལ་སྐྱོན་དུ་མི་ལྟ་བ་དང་། གོང་དུ་རྟོག་པ་མེད་པར་བཤད་པ་འགལ་ལོ་ཞེ་ན། མཚར་ཆེ། ཁྱད་པར་དེ་ཙམ་བརྗོད་ནས་ད་རུང་མི་ཤེས། སྐལ་མེད་རྨོངས་ཆེན་འབར་བ། ཕག་ཡིན་ནོ་ཞེས་བརྗོད་ན་ཅིར་འགྱུར། འོན་ཀྱང་གསལ་བར་བཤད་ན། ཐུགས་རྗེའི་རྩལ་ལས་འགྱུ་འཕྲོ་ཤར་དུས་འཕྲོ་ཆ་དེ་རྟོག་པ་རླུང་གི་རྟ་ཅན་ཡིན་པས་དེ་ལ་རྗེས་མི་མཐུད་ངོ་ལ་མི་ལྟ་བར་ཅོག་གཞག་ནས། རིག་པ་རྗེན་པ་ཟང་ཐལ་དེ་ངོས་འཛིན་པས་ཟང་ངེ་རྗེན་ནེ་སང་ངེ་བར་མེད་གསལ་དྭངས་ཆེན་པོར་སྐྱོང་བ་ཡིན་ནོ། །ཐུགས་རྗེས་རིག་པའི་འཆར་ཚུལ་བཤད་པའི་སྐབས་འདིར་འགྱུས་ཤིང་འཆར་ན་མི་སྐྱོན་པའི་ཚུལ་དང་། ངོ་བོའི་སྐབས་ནས་རྟོག་མེད་དུ་བཤད་པ་གཉིས་ཀ་འགལ་བར་འདུའོ་སྙམ་ན། གོང་དུ་ཁྱད་པར་དང་དབྱེ་བ། གཅིག་ཏུ་འདུས་ཤིང་གཉིས་སུ་དབྱེ་རུ་རུང་ཚུལ། གཞི་གཅིག་རྣམ་པའི་སྣང་ཚུལ་དང་། གྲོལ་བའི་ངོས་འཛིན་གྱི་ཐད་དུ་དང་པོ་ཉིད་ནས་འཕྱུག་མི་རུང་བའི་ཚུལ་སོགས་ཅི་འདྲ་འདྲའི་མང་དག་བཤད་ཀྱང་ད་དུང་མི་ཤེས་ན། ཆོས་སྐལ་མེད་པའི་རྨོངས་པ་ཁྱོད་ཕག་རེད་ཅེས་སྨོད་ཀྱང་ཅིར་འགྱུར། འོན་ཀྱང་གསལ་བར་བཤད་ན་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་དེ་རིག་པ་གཅིག་ལ་ཚང་ཞིང་། དེ་ཚང་བའི་སྟབས་ཀྱིས་ངོ་བོ་སྟོང་གསལ་འགག་མེད། རང་བཞིན་གསལ་སྟོང་དབྱེར་མེད། ཐུགས་རྗེ་རིག་སྟོང་ཀུན་ཁྱབ་ཡིན་པ་ལས། ཐུགས་རྗེའི་རྩལ་དེ་འགྱུ་འཕྲོར་ཤར་བ་ཡིན། འཕྲོ་ཆ་རླུང་གི་རྟ་ཅན་རྟོག་པར་འགྱུས་པས་དེ་ལ་རྗེས་མཐུད་མི་བྱེད། ངོ་ལ་མི་ལྟ་བར་ཅོག་གཞག་གི་ངང་ནས་རིག་པ་ཟང་ཐལ་རྗེན་པ་ངོས་བཟུང་སྟེ་དེའི་སྟེང་དུ་རང་བབས་ཀྱིས་བཅོས་བསླད་མེད་པར་ཞོག་དང་། རིག་པ་ཀུན་ཏུ་བཟང་པོ་ལ་མི་བཟང་ས་དང་མི་བཟང་བའི་དུས་མེད་ལ་ནོར་ཡོང་སའང་མེད་ཅེས་སྔར་ཡང་ཡང་བཟླས་པར་ལྟར་རོ། །དེ་དག་གིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གཞག་ཐབས་ཐལ་ལོ།།

༼ག གསུམ་པ་དགོངས་པ་ཆོས་ཉིད་ཡངས་པར་འཕྲང་བསལ་བ།

དེ་ལ་དང་པོ་རྩལ་དང་རོལ་བའི་འཆར་ཚུལ་མ་འགགས་པར་དག་མཉམ་བློ་འདས་གཅིག་ཏུ་འཕྲང་བསལ་བ་དང་། རྟོགས་མ་རྟོགས་འཆིང་གྲོལ་གྱི་རང་བཞིན་ཡིན་པས་འཕྲང་བསལ་བའི་ཆིངས་དང་། དགོངས་པའི་ངོ་བོ་བློ་ལས་འདས་པར་འཕྲང་བསལ་ནས་དྲན་བསམ་འཕྲོ་འདུ་ལས་འདས་པར་བཅིང་བ་དང་། ཉག་གཅིག་སྤྲོས་པ་དང་བྲལ་བའི་རིག་པ་ལ་གང་ལྟར་ཡང་གདགས་སུ་ཡོད་པར་འཕྲང་བསལ་བའི་ཆིངས་དང་། ཐམས་ཅད་རང་བྱུང་ཡེ་ཤེས་སུ་འཕྲང་བསལ་བས་གཞི་མཉམ་ཡངས་པ་ཆེན་པོར་བཅིང་བ་སྟེ་ཐེ་ཚོམ་དང་རྟོག་མཐའི་འཕྲང་ལས་སྒྲོལ་བའི་ཆིངས་ལྔ་ལས།

ཀ༽དང་པོ་རྩལ་དང་རོལ་བའི་འཆར་ཚུལ་མ་འགགས་པར་དག་མཉམ་བློ་འདས་གཅིག་ཏུ་འཕྲང་བསལ་བ།

ད་ནི་དགོངས་པ་ཆོས་ཉིད་ཡངས་པར་འཕྲང་བསལ་བ་ལས། རྩལ་དང་རོལ་བའི་འཆར་ཚུལ་མ་འགགས་པར་དག་མཉམ་བློ་འདས་གཅིག་ཏུ་འཕྲང་བསལ་ཏེ།

མ་བཟུང་མ་བཏང་འཇུར་བུའི་སྒྲིམ་གློད་མེད།།

ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན།།

མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང་།།

དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན།།

རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན།།

ཞེས་གསུངས་ཏེ། འདི་ནི་རིག་པའི་ངོ་བོ་སྟོང་གསལ་དུ་མ་ཡེངས་ན། །དེ་ལས་རྩལ་རྒྱ་ཡན་དུ་ཤར་ཡང་སྐྱོན་མེད་ཅེས་སྟོན་པ་སྟེ། ཤེལ་གོང་ལག་ནས་མ་ཤོར་ན། འོད་ལྔ་ཕྱོགས་མཚམས་སུ་ཤོར་ཡང་འགལ་བ་མེད་ཅེས་མཚོན་པ་ཡིན་ནོ། །རྒྱ་ཡན་དུ་ཤར་བའི་ཤེས་པ་དེ་དང་གཅིག་གིས་འཛིན་པ་ལྟ་བུ་མ་ཡིན་གྱི། དེའི་འཆར་གཞི་རིག་པ་ཟང་ཀ་དེའི་ངང་ལས་ཟང་ངེ་ཐལ་ལེ་མ་ཡེངས་པར་བྱེད་པའོ། །འོ་ན་འཕྲོ་བ་གང་དགར་ཤོར་བས་ཡེངས་སོ་སྙམ་ན་ཡེང་མི་སྲིད་དེ། རླུང་ཕར་གྱེས་རིག་པ་ཚུར་འདུས། གདངས་ནང་དུ་ལོག་པས་རྩལ་གཞི་ཐིམ་ལ་གྲོལ་ཏེ། ངོ་བོ་ཟང་ཀ་ཐིག་ལེ་གཅིག་ཏུ་འདུས་པའི་ངང་དེ་དང་མ་བྲལ་བའི་ཕྱིར་རོ། །ཀུན་བྱེད་ལས། ཆོས་ཀྱི་དབྱིངས་སུ་གཅིག་པས་བགྲོད་དུ་མེད། །སྙིང་པོའི་དོན་དང་འགྲོགས་པས་ཡེང་བ་མེད། ཐིག་ལེ་གཅིག་ཏུ་འདུས་པས་གར་མི་འཕྲོ། །ཞེས་སོ། །རྩལ་དང་རོལ་བ་གཉིས་ཀའི་འཆར་ཚུལ་གང་ཤར་ན་ཡང་དགོངས་པ་ཆོས་ཉིད་ཀྱི་ཀློང་ལས་གཡོ་བ་མེད་པར་དག་མཉམ་བློ་འདས་གཅིག་ལ་རྫོགས་པའི་དོན་སྟོན་ནས། འཆར་བས་གནས་པ་ལ་མི་གནོད་པའི་འཕྲང་བསལ་བའི་གོ་དོན་གཞིར་བཞག་ནས། རྣམ་རྟོག་གང་ཤར་ཆེད་དུ་བཟུང་མི་དགོས། ཆེད་དུ་མི་བཟུང་བར་བཏང་བའི་རྩོལ་བའང་བྱེད་མི་དགོས། འཇུར་བུའི་འཕྲང་ལ་གཅུར་བའི་བསྒྲིམ་པ་དང་གློད་པའི་བྱ་རྩོལ་མེད་བཞིན་དུ། ཇི་ལྟར་ཡིན་པ་དེ་ལྟར་དུ་རང་བབས་རྒྱ་ཡན་ལ་ཞོག་དང་ངང་གིས་ཟིན་ནས་ཡོད་པ་ཡིན། མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་རིག་པའི་ཀློང་དུ་དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་རུ་འགྲོ་བ་ནི་རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན་པར་བསྟན་པ་ཡིན། དཔེར་ན་ཤེལ་གོང་ལག་ནས་མ་ཤོར་པ་དང་འདྲ་བར་རིག་པའི་ངོ་བོ་སྟོང་གསལ་འགག་མེད་ཀྱི་ངང་མ་ཤོར་ན། འོད་ལྔ་ཕྱོགས་བཞི་མཚམས་བརྒྱད་ལ་ཤོར་ཡང་ཅང་མི་སྐྱོན་པ་བཞིན་དུ་རྩལ་གང་དུ་ཤར་ཡང་ངང་ལས་མི་འདའ་བ་ཡིན། རྒྱ་ཡན་ལ་ཤར་བའི་ཤེས་པ་དེ་ངང་གཅིག་གིས་བཟུང་བ་ལྟ་བུ་མིན་པར་དེའི་འཆར་གཞི་རིག་པ་ཟང་ཀའི་ངང་ལས་མ་ཡེངས་པར་བྱེད་དགོས་པར་གསུངས་པ་དང་། ད་རུང་དོགས་པ་སློང་ནས། གང་དགར་འཕྲོས་པ་དེ་ཤོར་བ་མིན་ན་ཅི་ཡིན་མ་སེམས་ཤིག འཆར་གཞིི་རིག་ངོ་ལས་མ་ཡེངས་ན་མི་ཡེངས་པ་ཡིན་པར་བཤད་ཟིན་ལ། སླར་ཡང་གསལ་བར་བཤད་ན་རླུང་རྟ་ལྟ་བུ་དེ་ཕར་གྱེས། རིག་གདངས་མི་ལྟ་བུ་དེ་ནང་དུ་ལོག་ཚེ། རིག་རྩལ་རིག་པའིི་གཞི་ལ་ཐིམ་ནས་ཟང་ཐལ་ཐིག་ལེ་ཉག་གཅིག་གི་ངོ་བོའི་ངང་དུ་འདུས་པ་ཡིན། ངང་གིས་ཟིན་ཞེས་པའི་ངང་དེ་དེ་ལ་གོ་དགོས་ཤིང་། ཐིག་ལེ་ཉག་གཅིག་གི་ཀློང་དུ་འདུས་དུས་བགྲོད་དུ་མེད་ལ་ཡེངས་པ་མེད་པ་དང་། འཕྲོ་བ་མེད་པའི་ཆོས་དབྱིངས་སྙིང་པོའི་དོན་གཅིག་ལ་འདུས་པ་ཡིན་ནོ།།

ཁ༽གཉིས་པ་རྟོགས་མ་རྟོགས་འཆིང་གྲོལ་གྱི་རང་བཞིན་ཡིན་པས་འཕྲང་བསལ་བའི་ཆིངས།

རྟོགས་མ་རྟོགས་འཆིང་གྲོལ་གྱི་རང་བཞིན་ཡིན་པས་འཕྲང་བསལ་བའི་ཆིངས་ནི།

མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན།།

དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང་།།

ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང་།།

མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ།།

ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད།།

བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས།།

དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་སེམས།།

རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཅེས།།

ཞེས་གསུངས་ཏེ། གནད་མ་རྟོགས་ན་ལམ་དུ་འགྲོ་བར་དཀའ་སྟེ། སེམས་རྩེ་གཅིག་པའི་སྒོམ་པ་ཉིན་མཚན་འདྲེས་ཀྱང་། དེ་ལ་ཞེན་འཛིན་དང་བདེ་གསལ་མི་རྟོག་པའི་ཉམས་ལ་ཆགས་པ་ཡོད་ན་བསམ་གཏན་ལྷའི་སྒོམ་དང་གཅིག་པས་འཁོར་བ་འདི་ནས་སྔ་འདྲེས་གཅིག་གིས་ཀྱང་འཕགས་མི་ནུས་ཏེ། ཏིང་ངེ་འཛིན་ཚོགས་དམ་པའི་ལེའུ་ལས། ཏིང་ངེ་འཛིན་ཀྱང་རབ་བརྟན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། བྱིས་པ་ཉེར་སྤྱོད་ས་ཞེས་བྱ། །མྱ་ངན་འདས་པ་ཉིད་མི་འགྱུར། །ཞེས་སོ། །རྣལ་འབྱོར་པ་གང་གིས་རིག་པ་ཟང་ཀར་རྟོགས་དུས་རྩལ་ལས་ཤེས་པ་ཡུལ་ལ་འཇུག་ཀྱང་ངོ་བོ་ཆོས་ཉིད་ཀྱི་ངང་ལས་མ་འདས་པས་ཆོས་སྐུ་ལྷུན་གྲུབ་ཀྱི་དགོངས་པ་ལས་མ་གཡོས་ཏེ། ཀུན་བྱེད་ལས། རྟོག་པ་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་བཙལ་མེད། །ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན། །ཞེས་སོ། །དབང་རབ་ལས་སྐལ་ལྡན་པའི་རྣལ་འབྱོར་བ་ཞིག་གིས། མ་བཅོས་རིག་པ་ཟང་ཀ་མ་ཆོས་ཉིད་སྤྲོས་པ་ཀུན་བྲལ་གྱི་ཀློང་དུ་མ་ཡེངས་འཛིན་ཆགས་དང་བྲལ་བའི་ངང་དང་ལྡན་པ་དེ་དང་མ་བྲལ་ན། རྩལ་དྲན་རྟོག་ཡིད་ལ་འཆར་འཆར་འདྲ་བའི་འཇུག་པ་ཡང་ཆོས་ཉིད་ཀྱི་ངང་དང་མི་འབྲལ་བ་ཡིན་པའི་ཚུལ་ཤེས་པ་ཡུལ་ཐོག་ཏུ་ཤོར་བ་དང་། རྩལ་སྣང་རིག་ངོར་འཆར་བ་གཉིས་ཀ་མི་འདྲ་བའི་ཚུལ་སྔར་ཡང་གསུངས་པ་དང་མཚུངས་པར་དེ་ནི་ཆོས་སྐུ་ལྷུན་གྲུབ་ཀྱི་དགོངས་པ་ལས་མ་གཡོས་པ་ཡིན་ནོ། །གལ་ཏེ་དེའི་གནད་ཀྱི་གལ་མདོ་མ་ཤེས་ནས་སེམས་རྩེ་གཅིག་ཏུ་ཆེད་དུ་འཇུར་བུས་བཅོས་ན་སྒོམ་པ་ཉིན་མཚན་འདྲེས་ཡོད་ཀྱང་། འཆིང་ཞེན་ཞིག་གིས་བཅིངས་ནས་བསམ་གཏན་ལྷའི་སྒོམ་པ་ཁམས་གོང་མར་བསྐལ་བ་བརྒྱད་ཁྲིའི་བར་དུ་རྟོག་མེད་དུ་གནས་ནས་དེ་ཚང་དུས་ཕྱིར་ལྟུང་བ་དེ་ལས་མ་འདས་པ་ཡིན་པར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ཤིང་། ཆོས་ཉིད་མི་རྟོག་མཁའ་ལྟར་ཕྱོགས་མེད་ཡངས་ཤིང་ཉི་བཞིན་འོད་གསལ་བ་ཡིན་ན་ཡང་། བློ་ཆུང་བློ་ཡི་ཞེན་འཛིན་གྱི་གཟེབ་ཀྱིས་བསྟུམ་ན་བྱ་རྒྱ་ཡིས་བཟུང་བ་ལྟ་བུར་འགྲོ་བ་ཡིན། དེ་བས་མ་ཡེངས་པའི་ངང་ནས་ཆེད་དུ་སྒོམ་པའི་འབད་རྩོལ་ཞིག་པའི་སེམས་ཉིད་རང་བབས་འཛིན་རྩོལ་ལས་འདས་པའི་ངང་དུ་འཇོག་པ་ནི་གལ་ཆེའི་གདམས་པ་གཅེས་པའི་མན་ངག་ཡིན་ནོ། །འདིར་འཕྲང་བསལ་བའི་འགག་བསྡུ་ན། ཆེད་དུ་དམིགས་པས་བཅོས་པའི་ལྟ་སྒོམ་བསྟན་ཡང་མཚན་མའི་ཆོས་སུ་ཤེས་པར་བྱའོ། །ཐ་མལ་མ་བཅོས་པ་ལའང་རིག་པ་ཟང་ཀར་མ་རྟོགས་པའི་ཤེས་པ་ཡུལ་ཐོག་ཏུ་འཆོར་བ་འཁོར་བའི་རྟོག་པར་ཤེས་པར་བྱའོ། །རིག་པ་ཟང་ཐལ་གྱི་ངང་ལ་རེ་དོགས་ཀྱི་ལྷད་མ་ཞུགས་པར་གྲ་ཟང་ངེ་རྟོགས་པའི་ངང་ལས་མ་ཡེངས་ན་གཉིས་སུ་མེད་པ་རྒྱལ་བའི་དགོངས་པར་ཤེས་པར་བྱ་སྟེ། སེམས་རྟོག་མེད་ཀུན་གཞིའི་སྟེང་དུ་ཚོགས་དྲུག་གི་ཤེས་པ་བཀག་ནས་སྒོམ་པ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་དང་། དེའི་སྟེང་དུ་ཉོན་ཡིད་བཀག་ན་འགོག་པའི་སྙོམས་འཇུག་ཡིན་ལ། འདུ་ཤེས་མེད་པའི་སྙོམས་འཇུག་ལ་སོ་སོའི་སྐྱེ་བོ་མ་གཏོགས་འཕགས་པ་འཇུག་པ་མིན་ཞིང་། འགོག་སྙོམས་ལ་ཉན་རང་འཕགས་པ་དག་མཐོང་ཆོས་བདེར་གནས་ཀྱི་ཕྱིར་དུ་འཇུག་པ་དང་། བྱང་སེམས་འཕགས་པ་དག་ཏིང་ངེ་འཛིན་གྱི་རྩལ་སྦྱང་བའི་ཕྱིར་དུ་འཇུག་སྲིད་པ་ཙམ་ཡིན་ལ། འདིར་རིག་པ་ཟང་ཀར་རྟོགས་ཚེ་ཆོས་སྐུ་ལྷུན་གྲུབ་ཀྱི་དགོངས་པ་ལས་གཡོ་བ་མེད་ཕྱིར་དེའི་རང་རྩལ་ཡུལ་ལ་གཡོས་པ་ལྟར་དུ་སྣང་ན་ཡང་ཆོས་ཉིད་ཀྱི་ངང་ལས་མ་འདས་པས་གཉིས་མེད་རྒྱལ་བའི་དགོངས་པ་ལས་མ་འདས་པ་ཡིན་པ་དང་། ཆེད་དུ་དམིགས་པས་བཅོས་པའི་ལྟ་སྒོམ་ནི་མཚན་མ་མེད་པ་ལྟར་དུ་སྣང་བ་ཡིན་ནའང་མཚན་མའི་ཆོས་ལས་འདའ་བར་མ་ནུས་པ་ཡིན་ནོ། །ཆེད་དུ་འབད་པས་རྩོལ་ནས་དམིགས་པས་བཅོས་དགོས་པའི་ལྟ་སྒོམ་ནི་ཅི་འདྲའི་མིང་ཆེན་དང་དྲག་ཤོས་ཤིག་གིས་བསྟན་ཡང་མཚན་མའི་ཆོས་ལས་མ་འདས་པས་ན་དེ་ནི་རྟོག་གྲོལ་དུས་མཉམ་གྱི་མྱུར་ལམ་ག་ལ་ཡིན། ཐ་མལ་མ་བཅོས་ཞེས་པའི་ཚིག་ལ་འཆེལ་ནས། རིག་པ་ཟང་ཀར་རྗེན་པར་སྐྱོང་མ་ཤེས་པར་ཤེས་པ་ཡུལ་ཐོག་ཏུ་ཤོར་བ་ནི་ཐ་ཆད་པ་འཁོར་བའི་ལྡོག་པ་མདོག་མ་འགྱུར་པ་ཡིན་པ་དེས་ན་བརྗོད་མེད་ཀྱི་རིག་པ་ཟང་ཐལ་རེ་དོགས་ཀྱི་ལྷད་མ་ཞུགས། གཉིས་འཛིན་གྱི་གདོན་མ་ཞུགས་པའི་ངོ་མ། རྗེན་པ། འཕོ་འགྱུར་དང་བྲལ་བ། གྲ་ཟང་ངེ་བ་སྟེ་ཇི་ལྟར་ཡིན་པ་དེ་ལྟར་གནས་པའི་གནས་ལུགས་ཆོས་ཉིད་གཤིས་ཀྱི་ངང་དེ་ལས་མ་ཡེངས་ན་རྒྱལ་བའི་དགོངས་པ་དང་། དེ་མ་ཡེངས་པར་དྲན་པས་བཟུང་བ་ནི་མན་ངག་ཡིན་ནོ། །དེ་ལ་རྒྱུད་ཀྱི་ལུང་གིས་ཤེས་བྱེད་བསྟན་པ་ནི། རྒྱུད་དེ་ཉིད་ལས། ཀྱེ་སྟོན་པའི་ངོ་བོ་ཀུན་བྱེད་རྒྱལ་པོ་ཡིན། བསྒོམ་ཞིང་བསམ་དུ་མེད་པའི་ཆོས་ཉིད་ལ། །མ་བསམས་ཡལ་བར་གནས་པས་འཁོར་བ་ཉིད། །བཙལ་ཞིང་བསྒོམས་པས་རྣམ་རྟོག་མཚན་མའི་ལམ། །དེ་བས་རེ་དོགས་བཅས་པའི་ཏིང་འཛིན་ལ། །གནས་པས་གྲོལ་བར་ཀུན་བྱེད་ལུང་མི་སྟོན། །རྟོགས་པས་གཉིས་ཀའི་འཆིང་བ་རབ་བཅད་ནས། །མི་འགལ་མཉམ་པའི་དོན་ལ་གནས་བྱས་པས། །ཀུན་བྱེད་ང་ཡི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་པ་དང་། དེ་ལྟར་བསྒོམ་དུ་མེད་པའི་སྙིང་པོ་ལ། །མ་ཡེངས་དྲན་པས་གཟུང་བ་མན་ངག་ཡིན། །ཞེས་སོ།།

ག༽གསུམ་པ་དགོངས་པའི་ངོ་བོ་བློ་ལས་འདས་པར་འཕྲང་བསལ་ནས་དྲན་བསམ་འཕྲོ་འདུ་ལས་འདས་པར་བཅིང་བ།

དགོངས་པའི་ངོ་བོ་བློ་ལས་འདས་པར་འཕྲང་བསལ་ནས། དྲན་བསམ་འཕྲོ་འདུ་ལས་འདས་པར་བཅིང་བ་ནི།

རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས།།

འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི།།

དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ།།

གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ།།

ཅེས་གསུངས་ཏེ། རིག་པའི་ངོ་བོ་ལ་སྤྲོས་པའི་མཐའ་དང་བྲལ་བས། །རྣལ་འབྱོར་པ་བྱང་ཆུབ་འདོད་པས་ལམ་ཡང་ངོ་བོ་ལས་མ་གཡོས་པ་གཅེས་ཏེ་གཞི་ལམ་འཛོལ་བས་འབྲས་བུ་མི་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་རིག་པ་ཟང་ཀར་རྟོགས་པ་རང་བཞིན་དག་པའི་ཡུལ་ལས་མ་གཡོས་པ་ཙམ་ལས། ཆེད་དུ་གཏད་སོའི་སྒོམ་པ་མེད་པ་ནི། རང་བྱུང་ཡེ་ཤེས་ཀྱི་དགོངས་པ་སྟེ། མ་སྤངས་ཡོངས་རྫོགས་ཆེན་པོར་གྲོལ་བ་ནི། ཁྱུང་ཆེན་ལས། རང་བཞིན་ཡུལ་ལ་འགག་མེད་སྙིང་པོའི་རྗེས། །སྟོང་ཡུལ་མ་དཔྱད་རང་སར་བཞག་སྟེ་གྲོལ། །མཐའ་བྲལ་དེ་ཉིད་གོང་མའི་སྐྱེ་གནས་དག །ཅེས་པ་དང་། ཀུན་བྱེད་ལས། ཀྱེ་རྣལ་འབྱོར་དུས་གཅིག་འཇུག་པའི་སྐལ་ལྡན་ལ། །ཀུན་བྱེད་རྒྱལ་པོའི་དགོངས་པ་བསྟན་བྱས་ན། །རྟོགས་པའི་ཀློང་ལ་དྲན་ཞིང་འདྲིས་པ་ལས། །བསྒོམ་ཞིང་འཇུག་ཏུ་མེད་པར་ལུང་སྟོན་ཅིག །ཅེས་སོ། །རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཆོས་ཉིད་ཀྱི་རིག་པ་དེ་ནི་མཐའ་བྲལ་ཕྱོགས་དང་རིས་མེད་པ་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་བྲལ་བ་ཞིག་ཡིན་པས་ན། མཚན་མ་ཅན་གྱི་བློ་ཞིག་གིས་འདི་དང་འདིའོ་ཞེས་སྨྲ་བ་དང་སེམས་པའི་སྨྲ་བརྗོད་དྲན་བསམ་ཐམས་ཅད་ལས་འདས་ཤིང་རང་བཞིན་སྤྲོས་ཀུན་ངང་གིས་ཞི་བ་སྟེ། རྣམ་གྲོལ་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པའི་ལམ་བཟང་མ་ནོར་བ་ལ་ཞུགས་འདོད་ཡོད་པའི་གང་ཟག་དག་གིས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་ནོར་བ། བློ་འདས་སྨྲ་བསམ་བརྗོད་མེད་ཀྱི་ངང་སྐྱོང་བ་གཅིག་པུ་གནད་ཆེ་ཞིང་། གལ་ཏེ་གཞི་དང་ལམ་དང་འབྲས་བུ་གསུམ་པོ་འཛོལ་ནས་གཞི་དང་མི་མཐུན་པའི་ལམ་ཞིག་བསྒྲུབས་ན་འབྲས་བུ་ཡང་དག་པ་ཞིག་འཐོབ་ཏུ་མེད་པ་དེའི་ཕྱིར་ན་དྲན་བསམ་འཕྲོ་འདུ་ལས་འདས་པའི་དོན་སྒོམ་དུས། དྲན་བསམ་འཕྲོ་འདུའི་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ནས། གཞི་བྲལ་ཡངས་པ་ཆེན་པོ་ཇི་བཞིན་མ་བཅོས་པ་ཡི་དོན་རྒྱལ་བའི་དགོངས་པ་བློ་འདས་ཡངས་པར་སྒོམས་ཤིག་དང་མ་སྤངས་ཡོངས་རྫོགས་ཆེན་པོར་གྲོལ་བ་དང་། སྒོམ་མེད་སྒོམ་པའི་རྒྱལ་པོ་ཡིན་ཚུལ་ལུང་གིས་བསྔགས་པའོ།།

ང༽བཞི་བ་ཉག་གཅིག་སྤྲོས་པ་དང་བྲལ་བའི་རིག་པ་ལ་གང་ལྟར་ཡང་གདགས་སུ་ཡོད་པར་འཕྲང་བསལ་བའི་ཆིངས།

ཉག་གཅིག་སྤྲོས་པ་དང་བྲལ་བའི་རིག་པ་ལ། གང་ལྟར་ཡང་གདགས་སུ་ཡོད་པར་འཕྲང་བསལ་བའི་ཆིངས་ནི།

ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ།།

ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ།།

སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་འོང་མེད།།

སྤྱོད་པ་ཉག་གཅིག་བླང་དོར་གཉིས་སུ་མེད།།

འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ།།

འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པ་ཡིན།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་ཟང་ཐལ་ཐིག་ལེ་ཉག་གཅིག་ལ་ཐ་སྙད་ཀྱི་ལྡོག་པས་ཕྱེ་ན། ངོ་བོ་ཟང་ཐལ་པས་ཆོས་སྐུ་ཉག་གཅིག་གོ །དེ་ཉིད་སྤྲོས་པའི་མཐའ་དང་བྲལ་བའི་ངོས་ནས་ལྟ་བ་མཐའ་བྲལ་རྫོགས་པ་ཆེན་པོའོ། །དེ་ཉིད་རང་ངོ་རྟོགས་པའི་ངང་ལ་བཏང་བཞག་གི་ཤེས་པ་འཕྲོ་འདུ་འགྲོ་འོང་མེད་པར་དྭངས་ལ་མི་རྟོག་པས་སྒོམ་པ་འོད་གསལ་ཉག་གཅིག་གོ །དེ་ཉིད་ལ་བླང་དོར་གཉིས་བཅས་མེད་པས་བླང་དོར་རང་སངས་པའི་ཆ་ནི་སྤྱོད་པ་གཉིས་མེད་ཉག་གཅིག་གོ །དེའི་ངོ་བོ་ལ་འཁོར་འདས་མེད་པས་སྤངས་ཐོབ་རེ་དོགས་མེད་པ་ནི་འབྲས་བུ་ཉག་གཅིག་སྟེ། སེང་གེ་རྩལ་རྫོགས་ལས། སྤྱོད་པ་འཛིན་ཆགས་གཉིས་ལས་འདས། །སྒོམ་པ་བཏང་གཞག་གཉིས་ལས་འདས། །ལྟ་བ་ཕྱོགས་དང་རིས་ལས་འདས། །འབྲས་བུ་སྤངས་ཐོབ་མཐའ་གཉིས་བྲལ། །ཞེས་སོ། །སྤྲོས་བྲལ་ཀ་དག་གི་དགོངས་པ་ཀློང་ཡངས་པའི་ངོས་ནས་བལྟས་ཡོང་ན་རིག་པ་ཐིག་ལེ་ཉག་གཅིག་དུ་འདུས་པ་དེ་ཉིད། ལྷུན་གྲུབ་རིག་པའི་འཆར་སྒོ་སྣ་ཚོགས་མ་འགགས་པར་འཆར་རུང་བས་མ་ཚད་ཐ་སྙད་ཀྱི་ལྡོག་པས་ཕྱེས་ཡོང་ན་ཉག་གཅིག་གི་རྣམ་པ་ཡང་གུད་དུ་བཅད་པ་ལྟ་བུ་མ་ཡིན་པར་ཅི་ཡང་རུང་ཞིང་གང་ཡང་འདུས་པ། ངོ་བོ་ཆོས་ཉིད་སྟོང་པ། ཟང་ཐལ་ཆོས་སྐུ་ཉག་གཅིག རང་བྱུང་གི་ཡེ་ཤེས་ཏེ། དེ་ཉིད་སྤྲོས་པའི་མཐའ་དང་བྲལ་བས་ན་མཐའ་གྲོལ་ལྟ་བ་ཉག་གཅིག རྫོགས་པ་ཆེན་པོ་བཏང་བཞག་འགྲོ་འོང་དང་བྲལ་བའི་རིག་པ་ཆོས་ཉིད་ཀྱི་ལྟ་བའི་ངང་དེ་སྐྱོང་ཞིང་དེ་ཉིད་ལས་མི་འདའ་བ་ནི་འོད་གསལ་སྒོམ་པ་ཉག་གཅིག གཉིས་འཛིན་མཚན་མའི་བླང་དོར་མེད་པས་ན་གཉིས་མེད་སྤྱོད་པ་ཉག་གཅིག རིག་པ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཀློང་དུ་འཁོར་འདས་ཐམས་ཅད་རོ་མཉམ་ཞིིང་འཁོར་བ་ཞེས་པའི་མིང་ཡང་མེད་པས་ན་སྤང་ཐོབ་རེ་དོགས་གཉིས་མེད་ཀྱི་འབྲས་བུ་ཉག་གཅིག་དུ་འདུས་པར་བསྟན་པའོ།།

ཅ༽ལྔ་བ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་འཕྲང་བསལ་བས་གཞི་མཉམ་ཡངས་པ་ཆེན་པོར་བཅིང་བ།

ཐམས་ཅད་རང་བྱུང་ཡེ་ཤེས་སུ་འཕྲང་བསལ་བས་གཞི་མཉམ་ཡངས་པ་ཆེན་པོར་བཅིང་བ་ནི།

སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས།།

ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་།།

རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས།།

གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ།།

ཞེས་གསུངས་ཏེ། རྨི་ལམ་ན་སྣ་ཚོགས་སྣང་ཞིང་ལོ་ཟླ་དང་བསྐལ་པར་སོང་བར་སྣང་ཡང་རང་རིག་མལ་ལས་མ་གཡོས་པ་ལ་དེ་ལྟར་སྣང་བ་ཙམ་ལས་གྲུབ་པ་མེད་པ་ལྟར། ད་ལྟར་གྱི་སྣང་སྲིད་འཁོར་འདས་སུ་སྣང་ངོ་ཅོག་དང་ཡུན་རིང་པོ་ཞིག་སོང་བར་སྣང་ཡང་ངོ་བོ་དབྱིངས་ལས་མ་གཡོས་པས་གདོད་མའི་ངང་དུ་འཕོ་འགྱུར་མེད་པར་ཤེས་པར་བྱ་སྟེ། རྩལ་ཆེན་ཡོན་ཏན་རྫོགས་པའི་ལུང་ལས། སྣང་སྲིད་འཁོར་འདས་ཆོས་སོ་ཅོག །གདོད་ནས་རང་བྱུང་ཡེ་ཤེས་ངང་། །མ་གཡོས་རྩལ་ཆེན་ལྷུན་གྱིས་རྫོགས། །དངོས་བྲལ་སྟོང་པའི་རང་སྣང་ངོ་། །ཞེས་སོ། །སྣང་སྲིད་སྣོད་བཅུད་འཁོར་བ་དང་མྱང་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཡོད་ཚད་ཐམས་ཅད་ཀུན། ངོ་བོ་ཆོས་ཉིད་གདོད་མའི་ངང་རང་བྱུང་ཡེ་ཤེས་ཉིད་ལས་ཡེ་ནས་གཡོས་མ་མྱོང་བས་ན། རྨི་ལམ་གྱི་སྐབས་སུ་སྣ་ཚོགས་བདེ་སྡུག་གི་སྣང་བ་སྣང་ཞིང་། ལོ་ཟླ་བསྐལ་པའི་དུས་ཚོད་རིང་པོ་ཅི་སོང་བར་རྨིས་ཀྱང་གཉིད་ཐུན་གཅིག་ལས་གཡོས་མ་མྱོང་བ་བཞིན་དུ། སྣ་ཚོགས་སྣང་བའི་ཆོ་འཕྲུལ་ཇི་ལྟར་ཤར་གང་ལྟར་སྣང་ཡང་། གཞི་ཆོས་ཉིད་གདོད་མའི་རིག་པ་ལས་གཡོ་འགུལ་མེད་པར་དེའི་ངང་དུ་རང་བཞག་མཉམ་པ་ཆེན་པོར་བཅིང་བ་ནི་འཕྲང་སྒྲོལ་གྱི་གནད་དམ་པ་ཡིན་པར་བསྟན་པའོ། །དེ་དག་གིས་ཐེ་ཚོམ་དང་རྟོག་མཐའི་འཕྲང་ལས་སྒྲོལ་བའི་ཆིངས་ལྔ་ཐལ་ལོ།།

༼ང བཞི་བ་རང་དྭངས་རྒྱ་མཚོ་དྭངས་པའི་འོད་གསལ་དུ་ལ་བཟླ་བ།

མི་གཡོ་མཉམ་པ་ཆེན་པོར་རང་ས་གཟུང་བ་དང་། རང་གསལ་ཟང་ཐལ་རྗེན་པར་ས་གཟུང་བ་དང་། རྒྱ་གྲོལ་ཡངས་པ་ཕྱམ་གདལ་དུ་དཔང་བསྟོད་པ་དང་གསུམ་ལས།

༡༽དང་པོ་མི་གཡོ་མཉམ་པ་ཆེན་པོར་རང་ས་གཟུང་བ།

ད་ནི་རང་དྭངས་རྒྱ་མཚོ་དྭངས་པའི་འོད་གསལ་དུ་ལ་བཟླ་བ་ལས། མི་གཡོ་མཉམ་པ་ཆེན་པོར་རང་ས་གཟུང་བ་ནི།

སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་རྣམས་ལ།།

གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར།།

རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག།

ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས།།

ཞེས་གསུངས་ཏེ། རིག་པ་རང་ངོ་དྭངས་དུས་སྣང་ཚུལ་མ་འགགས་པར་ས་ལེ་བའི་ངང་རང་རིག་སྤྲོ་བསྡུ་མེད་པའི་ཆོས་ཉིད་ལ་གཞག་པ་སྟེ། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། །གང་ལ་མ་བརྟེན་གཅིག་གིས་གྲོལ་བའི་ཀློང་ཉིད་དོ། །ཞེས་པ་དང་། ཀུན་བྱེད་ལས། གང་དུ་ཇི་ལྟར་གཞག་པའི་ཚུལ་མེད་པར། །མ་བཙལ་རང་སར་བཞག་པས་སྒོམ་པ་ཡིན། །ཞེས་སོ། །གང་ལྟར་སྣང་ཡང་རང་གཞག་མཉམ་པ་ཆེན་པོ་རིག་པའིི་ངང་ལ་འཇོག་པ་དེ་ཡང་། སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཐམས་ཅད་ལ་གཞག་ས་གང་དུ་འདི་ལྟར་འཇོག་ཅེས་པ་ལ་སོགས་པའི་ཆེད་འཛིན་ཅན་མ་ཡིན་པར། རིག་པའི་དྭངས་སྣང་ཚུལ་མ་འགགས་པར་ས་ལེར་གསལ་བའི་ངང་ཡོན་ཏན་ཡེ་ནས་ལྷུན་གྲུབ་ཡོད་པས་ན། རང་བབས་སྤྲོ་བསྡུ་བྲལ་བའི་ཆོས་ཉིད་ལ་ཆེད་དུ་གཞག་པ་མེད་པར་མ་བཅོས་ལྷུན་གྱིས་རང་བབས་སུ་ཞོག་ཅིག་དང་། སྐྱེ་མེད་རང་སར་གྲོལ་བའི་ཆོས་ཉིད་མཉམ་པ། རྒྱུ་འགག རྐྱེན་ཡལ། འབྲས་བུ་ཟད་པའི་གྲོལ་བ་ཆེན་པོའི་ཀློང་དུ་མི་གཡོ་མཉམ་པར་ངང་གིས་གནས་པ་ཡིན་ནོ་ཞེས་བསྟན་པའོ།།

༢༽གཉིས་པ་རང་གསལ་ཟང་ཐལ་རྗེན་པར་ས་གཟུང་བ།

རང་གསལ་ཟང་ཐལ་རྗེན་པར་ས་གཟུང་བ་ནི།

དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ།།

དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བས།།

བདག་ལ་མི་བསམ་གཞན་ལ་མི་རྟོག་པར།།

ཕྱམ་ཕྱལ་ཡངས་པ་ཆེན་པོར་རང་གསལ་ཞོག།

ཅེས་གསུངས་ཏེ། རྒྱ་མཚོ་དྭངས་པར་གཟུགས་བརྙན་ཤར་བ་ལྟར། །ལུས་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་། མིག་མི་འགུལ་ཧར་གཞག་དྭངས་པ། ཡུལ་མི་དགག་སྣ་ཚོགས་གསལ་སྣང་། སེམས་མི་རྟོག་སྤྲོ་བསྡུ་རང་ཆད། རིག་པ་ཟང་མ་ཐལ་དུ་གཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། རིག་པའི་ངོ་བོ་དེ་ཉིད་ལ། །འགག་མེད་ཟང་ཐལ་གནས་པའི་དཔེ། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །གཟའ་དང་སྐར་མ་ཤར་བ་བཞིན། །བག་ལ་ཉལ་བའི་དུག་མེད་པར། །སྣ་ཚོགས་ཟང་ཐལ་ཆེན་པོར་གནས། །ཞེས་སོ། །དེ་ཡང་ཕྱིའི་སྣ་ཚོགས་སྣང་བའི་དངོས་པོ་དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་མ་འདྲེས་པ་ལ། འཛིན་པའི་ཀུན་རྟོག་མེད་ཅིང་མ་འགགས་རྒྱ་མཚོ་དྭངས་པར་གཟའ་སྐར་གྱི་གཟུགས་བརྙན་ཤར་བ་ལྟ་བུར་སྣང་བ་ལ། མི་གཡོ། མི་འགུལ། མི་དགག སྤྲོ་བསྡུ་མེད་པར་རིག་པ་ཟང་མ་ཐལ་བྱུང་གི་ངང་ལ་ཞོག་ཅེས་པ་སྟེ། ལུས་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་པས། དབང་པོ་ཐམས་ཅད་ནང་དུ་མི་བསྡུ། ཕྱི་རུ་མི་སྤྲོ། མིག་མི་འགུལ། མདུན་གྱི་བར་སྣང་ལ་གཏད་མེད་ཧར་གཞག་དྭངས་པར་བཞག་པའི་སྒོ་ནས། ཡུལ་མི་དགག་པར་སྣ་ཚོགས་གསལ་སྣང་གི་དྭངས་སྤྲོ་བཞིན་ཡོད་ཀྱང་། སེམས་མི་རྟོག་སྤྲོ་བསྡུས་བྱེད་པོ་མ་དམིགས་པར་རང་ཆད་ནས། བདག་ལ་མི་བསམ། གཞན་ལ་མི་རྟོག་པའི་རིག་པ་ཟང་མ་ཐལ་བྱུང་ཕྱམ་ཕྱལ་ཡངས་པ་ཆེན་པོར་འགག་མེད་ཟང་ཐལ་རང་གསལ་དུ་འཇོག་དགོས་པར་བསྟན་པའོ།།

༣༽གསུམ་པ་རྒྱ་གྲོལ་ཡངས་པ་ཕྱམ་གདལ་དུ་དཔང་བསྟོད་པ།

རྒྱ་གྲོལ་ཡངས་པ་ཕྱམ་གདལ་དུ་དཔང་བསྟོད་པ་ནི།

རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས།།

ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ།།

ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས།།

བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར།།

ཞེས་གསུངས་ཏེ། ངོས་ཟིན་པ་ཙམ་གྱིས་གཏད་སོ་མི་བསྒོམ་པར། རོ་སྟོད་སེང་བྱས། ལྟ་སྟངས་ཕྱལ་བྱས། མིག་ཀྱང་ཕར་འཁྲུལ་ཚུར་འཁྲུལ་བར་སྣང་གི་དབྱིངས་དང་ཐག་རིང་པོར་གཏད་ནས། རིག་པ་རྒྱ་བསྐྱེད། སྒོ་ལྔ་རང་ཡན་དུ་འཆོར་བཅུག་ནས་བསྒོམས་པས་ཕྱི་ནང་བར་མེད་དུ་ཕྱལ་སོང་ནས། ལུས་དང་ནམ་མཁའ་འདྲེས་པའི་ཉམས་དང་། བདེ་གསལ་མི་རྟོག་པ་ཟང་ཐལ་ཆེན་པོའི་ཉམས་དང་། རིག་པ་ཟང་ཐལ་རྗེན་པའི་ཉམས་འཆར་ཏེ། སྣང་བ་ཐམས་ཅད་སང་སེང་ཁྲལ་ཁྲོལ་ཟང་ཐལ་བ་སྙམ་པ་དང་། ཤེས་པ་ཟང་ཐལ་རྗེས་མེད་ཕྱལ་ཕྱལ་བ་སྙམ་པ་དང་། ཐམས་ཅད་ཟང་ཐལ་རྒྱ་གྲོལ་སྟོང་པར་མཐའ་ཆོད་ནས་ཅི་ཡང་མེད་པའི་ངང་ནས་ཅི་ཡང་འཆར་བ་སྙམ་པ་དང་། ཇི་ལྟར་བརྟགས་ཤིང་བསམས་ཀྱང་རྣམ་རྟོག་བཙལ་གྱིས་མ་རྙེད་པར་ད་སྐྱེ་མི་སྲིད། སྔར་ཡང་སྐྱེས་པ་མི་འདུག ད་ལྟ་རྟོག་པ་སུ་ལ་ཡང་མི་འདུག་པར་རྣམ་རྟོག་མང་ཟེར་བ་ཅི་ཡིན་ན་ཨང་སྙམ་པ་ལ་སོགས་པ་ཟང་ཐལ་གྱི་ཉམས་བརྗོད་ལས་འདས་པ་འཆར་རོ། །སེང་གེ་རྩལ་རྫོགས་ལས། དགོངས་པ་རང་གནས་ཏིང་འཛིན་ཅོག་གཞག་ངང་། །དངོས་མེད་རང་སྣང་དཀྱིལ་འཁོར་ཀུན་གྱི་གཙོ། །འགྱུར་མེད་རང་སངས་ཆོས་ཉིད་ཀུན་གྱི་ཡུལ། །རང་སྣང་མི་རྟོག་གཅིག་པུ་ལྷང་ངེ་གནས། །དཔྱོད་པ་ཡིད་ཀྱི་རྣམ་རྟོག་བྲལ་བ་ནི། །གསང་སྔགས་དོན་གྱི་གཏན་ཚིགས་ཆེན་པོ་ཡིན། །ཞེས་སོ། །རིག་པ་ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་དེར་གཡོ་མེད་ཡེངས་པ་དང་བྲལ་བའི་ཉམས་ལེན་གྱི་ངང་སྐྱོང་བའི་སྐབས་སུ་རིག་པ་སྒོམ་མེད་དུ་ལ་བཟླ་ཞིང་འཕྲང་བསལ་བའི་མན་ངག་དང་ལྡན་དགོས་ཤིང་། དེ་དང་མ་ལྡན་ན་ཟང་ཐལ་ཉམས་ཀྱི་རྟོགས་པ་ཇི་བཞིན་མི་འཆར་བ་ཡིན་པས་ན། འདིར་རྒྱ་གྲོལ་ཡངས་པ་ཕྱམ་གདལ་དུ་རིག་པའི་དཔང་བསྟོད་པ་ནི། རིག་པ་སྤྲོ་བསྡུ་བྲལ་བའི་མཉམ་བཞག་དེ་གུད་དུ་བཅད་པའི་ཐུན་ཐུན་ཞིག་མ་ཡིན་པར་རྒྱ་ཆེ་ཤར་རེ། གུ་ཡངས་ཁྲོལ་ལེ། ནམ་མཁའི་དཀྱིལ་ནས་མདུང་བསྐོར་བྱས་ན་ཐོགས་ས་མེད་པ་ལྟ་བུའི་ཟང་ཐལ་བཅོས་མ་མ་ཡིན་པའི་ཉམས་རྩལ་དེ་རྟོགས་པའི་ཡེ་ཤེས་སུ་རྫོགས་པར་བྱེད་པ་ལ། རིག་པ་ངོས་ཟིན་པ་ཙམ་གྱིས་རིག་ངོ་ཞིག་ཟིན་སོང་སྙམ་པའི་གཏད་སོ་མི་འཛིན་པར་རྒྱ་བསྐྱེད་དཔངས་བསྟོད་གྱིས་ཤིག་ཅེས་པའོ། །རྒྱ་བསྐྱེད་དཔངས་བསྟོད་ཇི་ལྟར་བྱེད་ཚུལ་འགྲེལ་བས་ལག་ལེན་མན་ངག་གིས་བཀྲལ་བ་ནི། ལུས་ཚུགས་འཁུམ་འཁུམ་མི་བྱེད་པར་རོ་སྟོད་ཡར་བསྲངས་ནས་སངས་སེ་ཡོད་པ་དང་། ལྟ་སྟངས་ཕྱལ་བྱས་ཞེས་པ་འདི་མིག་རྐྱང་པའི་ལྟ་སྟངས་ལ་གོ་རྒྱུ་མིན་པར། དགོངས་པ་གདེང་ཡངས་པ་གཏད་མེད་དུ་ཕྱལ་བར་བསྙམས་པར་བྱེད་པ་དང་། མིག་ཀྱང་ཕར་འཁྲུལ་ཚུར་འཁྲུལ་བརྒྱུད་ནས་བར་སྣང་གི་མཁའ་དབྱིངས་དང་ཐག་རིང་པོའི་ས་ལ་གཏད་ནས་ནང་གི་རིག་པ་རྒྱ་བསྐྱེད་ནས་སྒོ་ལྔ་ནང་དུ་འཁུམ་མི་འདུག་པ་རང་ཡན་དུ་འཆོར་བཅུག་ན་ཕྱི་ནང་བར་མེད་དུ་ཕྱལ་ཞིང་གུད་དུ་བཅད་པ་ལྟ་བུ་མ་ཡིན་པར་སོང་ནས། ཉམས་གསུམ་འཆར་བ་ཡིན་ཏེ། དེ་ཡང་ལུས་དང་ནམ་མཁའ་འདྲེས་པའི་ཉམས་དང་གཅིག བདེ་གསལ་མི་རྟོག་པའི་ཟང་ཐལ་ཆེན་པོའི་ཉམས་དང་གཉིས། རིག་པ་ཟང་ཐལ་རྗེན་པའི་ཉམས་དང་གསུམ་འཆར་བའོ། །དེ་ལས་ལུས་ནམ་མཁའ་དང་འདྲེས་པའི་ཉམས་ཀྱིས་སྣང་བ་སང་སེང་ཁྲལ་ཁྲོལ་ཟང་ཐལ་ལ་འགྲོ་བ་དང་། བདེ་གསལ་མི་རྟོག་པའི་ཉམས་ཀྱིས་ཤེས་པ་ཟང་ཐལ་རྗེས་མེད་ཕྱལ་བ་ཡངས་པར་བཏང་བ་དང་། རིག་པ་རྗེན་པའི་ཉམས་ཀྱིས་ཐམས་ཅད་ཟང་ཐལ་རྒྱ་གྲོལ་སྟོང་པ་བར་མེད་ལ་མཐའ་ཆོད་པའི་ཟང་ཐལ་རང་སངས་ཀྱི་ཆོས་ཉིད་དུ་མི་རྟོག་སྤྲོས་པ་བྲལ་བའི་ཏིང་འཛིན་འཆར་བ་སྟེ། ཅི་ཡང་མེད་པའི་ངང་ནས་ཅི་ཡང་འཆར་བའི་སྣ་ཚོགས་ཀྱི་སྣང་བ་ལ་དཔྱོད་པ་ཡིད་ཀྱི་རྣམ་རྟོག་དང་བྲལ་བ་ནི་གསང་དོན་གྱི་གཏན་ཚིགས་ཆེན་པོ་ཡིན་ནོ། །དེ་དག་གིས་རིག་པ་སྒོམ་མེད་ཀྱི་ངང་དུ་ལ་བཟླ་བའི་ཆིངས་གསུམ་ཐལ་ལོ། །དེ་ཡན་ཆད་ཀྱིས་ལེའུ་འདིའི་སྤྱི་དོན་ས་བཅད་དང་པོ་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བ་བསྟན་པ་དང་། གཉིས་པ་ཆོས་དབྱིངས་མཉམ་པ་ཆེན་པོར་བསྡུ་བའི་མདོ་ཆིངས་ངེས་པ་ཡི་འགག་བསྡམ་པ་རྣམ་གྲངས་ཉི་ཤུ་རྩ་གཉིས་ཀྱིས་བསྟན་པ་ཐམས་ཅད་སོང་བའོ།།

༼ག༽གསུམ་པ་ཤན་འབྱེད་ཀྱི་འཕྱོང་ཆེན་པོས་ཐེ་ཚོམ་གྱི་རྟོག་མཐའ་བསལ་བ།

རང་བྱུང་གི་དགོངས་པར་བཞག་པས་འཁྲུལ་སྣང་འཁོར་བ་དག་ལུགས་ཀྱི་ཤན་འབྱེད་དང་། རིག་པ་རང་མལ་དུ་ཤན་འབྱེད་པས་ཞི་གནས་རྩེ་གཅིག་དང་སོ་སོར་དབྱེ་བ་དང་། ཀུན་གཞི་དང་ཆོས་སྐུའི་ཁྱད་པར་ཤན་དབྱེ་བ་དང་། དེ་དག་གི་ཁོངས་ན་རྒྱུ་འབྲས་ངེས་པའི་ཤན་འབྱེད་གནས་པས་དེ་བསྟན་པ་དང་། རྒྱུ་འབྲས་ལ་བཟླ་བའི་ཤན་འབྱེད་པ་སྟེ་གོལ་སྒྲིབ་སྐྱོན་སེལ་གྱི་ཤན་འབྱེད་ཆེན་པོའི་ཆིངས་ལྔ་ལས།

ཀ༽དང་པོ་རང་བྱུང་གི་དགོངས་པར་བཞག་པས་འཁྲུལ་སྣང་འཁོར་བ་དག་ལུགས་ཀྱི་ཤན་འབྱེད།

ད་ནི་ཤན་འབྱེད་ཀྱི་འཕྱོང་ཆེན་པོས་ཐེ་ཚོམ་གྱི་རྟོག་མཐའ་བསལ་བ་ལས། རང་བྱུང་གི་དགོངས་པར་བཞག་པས་འཁྲུལ་སྣང་འཁོར་བ་དག་ལུགས་ཀྱི་ཤན་འབྱེད་ནི། ཞེས་པ་སྟེ། འཕྱོང་ཞེས་པ་ནི་མདོ་ཆིངས་སམ་ཡང་ན་མདོར་བསྡུས་པ་དང་སྡོམ་ལྟ་བུ་ཞིག་ལ་གོ་བ་ཡིན། མདོ་རྒྱུད་གང་ཡིན་ནའང་རང་གཞུང་གི་ཆོས་སྐད་རེ་ཡོད་པས། འདི་རྫོགས་པ་ཆེན་པོའི་ཆོས་སྐད་ཀློང་ཆེན་སྙིང་ཐིག་གི་སྐབས་སུ་ཁྱད་པར་དུ་རྣམ་དབྱེའི་རྩལ་འདོན་མཛད་ས་ཞིག་རེད།

གཞི་གཞག་མི་གཡོ་ཆོས་ཉིད་དགོངས་པ་ལ།།

ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ།།

ཞེས་པའི་ཚིག་རྐང་གཉིས་འདིས། གཞི་ཀ་དག་མི་གཡོ་ཆོས་ཉིད་ཀྱི་དགོངས་པ་རང་བྱུང་གི་ཡེ་ཤེས་ཡེ་སྟོང་གདོད་ནས་དག་པ་མི་འགྱུར་ཆོས་སྐུའི་དགོངས་པ་ལ། ཕྱི་དང་ནང་། འཁོར་འདས་དང་བདེ་སྡུག ཡོད་མེད་ཡིན་མིན། གྲོལ་བ་དང་འཁྲུལ་བ། རིག་མ་རིག་ལ་སོགས་པ་གང་དུ་ཡང་མ་གྲུབ་པས། གཟུང་དང་འཛིན་པ་ཕྱི་དང་ནང་དུ་ཞེན་པའི་སྤྲོས་པ་ཐམས་ཅད་དང་ཡེ་ནས་བྲལ་བ་ཡིན་ནོ་ཞེས་སྤྱི་ཆིངས་ཀྱིས་ངོ་བོ་མདོར་བསྟན་ནས། བྱེ་བྲག་ཏུ་གཟུང་དང་འཛིན་པའི་རང་བཞིན་མི་དམིགས་པ་སོ་སོར་བསྟན་པ་ལ། དང་པོ་གཟུང་བའི་ཆོས་མེད་པར་བསྟན་པ་ནི།

ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས།།

གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ།།

འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ།།

རང་རིག་གི་ངོ་བོ་ལ་གཟུང་བ་མེད་པ་དང་རོལ་བར་སྣང་ཡང་མ་བཟུང་བས་ཕྱི་སྣང་བས་རིག་པ་ལ་མ་གོས་ཏེ། ད་འཁོར་བར་སྐྱེ་བའི་ཡུལ་མེད་ལ། ཞེས་གསུངས་ཏེ། དེ་ཡང་རང་རིག་གམ་རིག་པ་ཆོས་ཉིད་ཡེ་དག་གི་ངོ་བོ་ལ། འཁོར་འདས་སྣང་རྟོག་ཐམས་ཅད་ཆོས་ཉིད་དུ་གཅིག་པ་ཡིན་པས་ན། མ་འགགས་སྣ་ཚོགས་སྣང་བའི་རོལ་བར་སྣང་ན་ཡང་ཡུལ་ཞེས་གཞན་དུ་ཞེན་སའི་སེམས་མེད་པས་གཟུང་བའི་ཆོས་མེད། སྣོད་བཅུད་སྣང་ཞེན་དང་བྲལ་བ་ཡིན་པས་ན་མ་གཟུང་བས། ཕྱི་སྣང་བ་རུ་སྣང་ཡང་སྣང་བས་རིག་པ་ལ་མ་གོས་ཏེ་གཟུང་བ་མེད་པས་ན་ད་འཁོར་བར་སྐྱེ་བའི་ཡུལ་མེད་པ་ཡིན་ནོ། །གཉིས་པ་འཛིན་པ་མེད་པར་བསྟན་པ་ནི།

རང་ཞེས་སེམས་ལ་ནང་དུ་མི་རྟོག་པས།།

འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི།།

འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད།།

དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལཔའི་ཆོས།།

གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན།།

ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས།།

ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང་།།

ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན།།

ནང་སེམས་སུ་རྩལ་ལས་ཤར་བ་ལ་མ་བཟུང་བས་ལས་དང་ཉོན་མོངས་པ་སྟོངས་ཏེ་འཁོར་བར་སྐྱེ་མཁན་ནམ་འཁྲུལ་དུ་འཇུག་མཁན་དེ་མེད་པས། སྣང་ཤེས་ཀྱི་འཛིན་པ་གྲོལ་ཞེས་འཛིན་པའི་སེམས་མེད་པར་བསྟན་པ་དེ་ཉིད་བཀྲལ་བ་ཡིན། གཟུང་འཛིན་གྱི་མཁར་པོ་འགྱེལ། འཁྲུལ་སྣང་དང་འཁྲུལ་འཛིན་སྟོངས་པས་རིག་པ་ཟང་ཐལ་དུ་མངོན་དུ་གྱུར་དུས་ཆོས་ཉིད་ཟད་པའི་སར་ཐུག ཀུན་ཏུ་བཟང་པོའི་ཞིང་དུ་ཕྱིན། ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ཞེས་བྱའོ། །ཞེས་གསུངས་ཏེ། རང་ངམ་ང་ཞེས་ངར་འཛིན་གྱི་སེམས་ལ་ནང་དུ་མི་རྟོག་པས་ན། འཛིན་པའི་ཆོས་འཁོར་བར་འཁྲུལ་བྱེད་ཀྱི་སྲིད་པའི་རྩ་བ་བཅད་པས་ཀུན་རྟོག་ཞི་ནས། འཁོར་བར་འཁོར་བའི་ལས་དང་ཉོན་མོངས་ཐམས་ཅད་སྟོངས་ནས། འཁོར་བར་སྐྱེ་བའི་མཁན་པོ་ཕྱི་གཟུང་བ་དང་ནང་འཛིན་པར་རྟོག་པའི་རྩ་བ་རྩད་ནས་ཆད། རྨང་ནས་མེད་པར་གྱུར་དུས་དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་བའི་ཆོས་ལ་སོགས་པས་རང་བྱུང་གི་དགོངས་པར་བཞག་པས་འཁྲུལ་སྣང་གི་འཁོར་བ་དག་ལུགས་བསྟན་པ་སྟེ། དེ་ཡང་འཁྲུལ་སྣང་འཁྲུལ་འཛིན་དང་བྲལ་བ་དེའི་ཚེ་ན་མཁའ་འདྲ་སྟེ་མཁའ་མཉམ་རྫོགས་པ་ཆེན་པོའི་ཀློང་དུ་གཟུང་འཛིན་གྱིས་བསྡུས་པའི་ཕྱི་ནང་འཁྲུལ་དང་འཁྲུལ་འཛིན་གྱི་འཁོར་བའི་ཆོས་གང་ཡང་མི་དམིགས་པར་ཡེ་ནས་མངོན་སངས་རྒྱས་པའི་ཆོས་སྐུའི་དགོངས་པར་ཕྱིན་ནས། ཇི་ལྟར་སྣང་བ་ཐམས་ཅད་ཡེ་ནས་དག་པ་ཆོས་སྐུའི་རང་བཞིན་རིག་པ་ཟང་ཐལ་ཆེན་པོའི་དོན་མངོན་དུ་གྱུར་དུས། ལྟ་སྒོམ་ཟད་སར་སྐྱེལ་བའི་སར་ཕྱིན་ནས་ཆོས་ཉིད་ཟད་པའི་སར་ཐུག་པ་ཡིན་ལ། དེའི་དུས་སུ་སྣང་ཤེས་ཐམས་ཅད་པོ་ཡེ་སྟོང་རྩ་བ་དང་བྲལ་བར་ཐག་ཆོད་པའི་ཐོག་ལ། ཡེ་ནས་ལྷུན་གྱིས་གྲུབ་པའི་རང་སྣང་ཡེ་ཤེས་ཀྱི་ངོ་བོར་རང་ཤར་བ་ཀུན་ཏུ་བཟང་པོའི་སངས་རྒྱས་ཀྱི་ཞིང་དང་སྣང་བར་ཆེན་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་སྟེ། ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པའོ། །རང་བྱུང་གི་དགོངས་པར་བཞག་པས་འཁྲུལ་སྣང་གི་འཁོར་བ་དག་ལུགས་བསྟན་པའོ། །དེ་ནས་ཤན་འབྱེད་ཀྱི་འཕྱོང་གིས་ཐེ་ཚོམ་གྱི་རྟོག་མཐའ་བསལ་བའི་ཆེད་དུ་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་བསྟན་པ་ནི། རིག་པ་སེམས་དང་བྲལ་དུས་སེམས་ཀྱི་འཁྲུལ་སྣང་དང་ཞར་ལ་བྲལ་བས། སངས་རྒྱས་ཉག་གཅིག་ལས་འགྲོ་ས་མེད་དེ། ངོ་བོ་སངས་རྒྱས་སུ་ཡིན་པ་དེ་སྒྲིབ་བྱེད་དང་བྲལ་བས་མངོན་དུ་གྱུར་པའི་ཕྱིར་རོ། །རིག་པ་ལ་སེམས་དང་བཅས་དུས་སེམས་ཅན་ཟེར། སེམས་དང་བྲལ་དུས་སངས་རྒྱས་ཟེར་ཏེ། མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་ས། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཞེས་སོ། །སེམས་ཆོས་ཅན་དང་རིག་པ་ཆོས་ཉིད་ཡིན་པས་ཆོས་ཅན་གྱི་སེམས་དེ་ཆོས་ཉིད་རིག་པའི་ཀློང་དུ་དག་སོང་དུས་རིག་པ་སེམས་དང་བྲལ་སོང་བ་ཡིན། དེ་ཡང་བྲལ་ནས་ཟུར་ཞིག་ལ་འཕངས་པ་ལྟ་བུ་མ་ཡིན་པར་བཟང་ངན་མེད་པར་ཆོས་ཉིད་རིག་པའི་ངང་ལ་རོ་གཅིག་པར་གྱུར་ཚེ་སེམས་ཀྱི་འཁྲུལ་སྣང་ཡང་གཉིད་སད་དུས་ཞར་ལ་རྨི་ལམ་རང་ཞི་ལ་སོང་བ་བཞིན་དུ་སངས་རྒྱས་ཉག་གཅིག་མ་གཏོགས་པར་འགྲོ་ས་མེད་པའོ། །འདིའི་ཡིན་ལུགས་ཀྱི་གནད་དེ་ཇི་ལྟར་ཞེ་ན། ངོ་བོ་དང་པོ་ཉིད་ནས་སམ་ཡེ་ནས་སངས་རྒྱས་ཡིན་པའི་གནད་ཀྱིས་སྒྲིབ་བྱེད་དང་བྲལ་དུས་དེ་མངོན་དུ་གྱུར་པ་ཡིན། དེའི་སྟབས་ཀྱིས་འདི་ནས་མན་ངག་གོ་བདེ་མཁས་བླུན་སུས་ཀྱང་རྟོགས་སླ་བར་གསུང་བ་ནི། རིག་པ་སེམས་དང་བཅས་དུས་སེམས་ཅན་དང་། སེམས་དེ་དང་བྲལ་དུས་སངས་རྒྱས་ཡིན་པར་བསྟན་པ་དང་། མུ་ཏིག་ཕྲེང་བའི་ལུང་གིས། གཟུང་བ་དང་འཛིན་པའི་སེམས་ཀྱི་དབྱེ་བ་དང་། དེ་ལས་འཁོར་བའི་སེམས་ཅན་རྨི་ལམ་ལྟར་དུ་འཁྲུལ་ནས་འཁོར་བའི་གནས་སུ་འཁོར་བའི་དོན་བསྟན་པ་དེ་བཀྲལ་བ་ནི། དེའང་གཟུང་བའི་སེམས་ལས་གཟུང་ཡུལ་མེད་པ་གསལ་སྣང་གཟུགས་སྒྲ་དྲི་རོ་རེག་བྱ་ལྔར་སྣང་ལ། འཛིན་པའི་སེམས་ལས་ལས་དང་རྣམ་སྨིན་ཉོན་མོངས་པ་དཔག་ཏུ་མེད་པར་སྣང་སྟེ། འདིའི་གཟུང་འཛིན་གྱི་སེམས་གསུང་བའི་གནས་སྐབས་སུ་ཐེག་པ་སྤྱིའི་གོ་ཡུལ་གྱི་ཕྱོགས་གཅིག་ལ་མི་འཕྱན་པར། དང་པོར་ཡུལ་གྱི་སྤྱི་འཛིན་པ་ཡིད་ཤེས་དང་། རྗེས་ལ་བྱེ་བྲག་འཛིན་པ་ཉོན་ཡིད་ལ་གཟུང་འཛིན་གྱི་བརྡ་ཆད་སྦྱར་བའི་དམིགས་བསལ་དེ་ངེས་དགོས་པ་ཡིན། ཡུལ་མེད་ཡུལ་དུ་འཛིན་པ་དང་། སེམས་མེད་སེམས་སུ་འཛིན་པའི་འཁོར་བ་སེམས་ཅན་ལ་རྨི་ལམ་ལྟར་སྣང་བ་སེམས་གཟུང་འཛིན་གྱི་རྣམ་པ་ཤར་བ་ལས་བྱུང་བའོ། །རྩལ་རྫོགས་ལས། མི་ཤེས་བྱིས་པའི་ངང་ཉིད་ཀྱིས། །ནན་གྱིས་མཁའ་ལ་མདུད་པ་བོར། །ཡུལ་སྣང་མེད་ལ་སྣང་བར་བཟུང་། །བདག་དང་གཞན་དུ་མེད་པ་ལ། །བདག་དང་གཞན་དུ་འཁྲུལ་བས་བཟུང་། །ཞེས་སོ། །འདི་ནས་གཟུང་འཛིན་གྱི་སེམས་ཞེས་དམིགས་ཀྱིས་བཀར་ནས་སེམས་ཀྱི་དབྱེ་བ་གསུང་ཡོང་དུས། གཞན་ལས་ཁྱད་པར་དུ་འཕགས་པའི་ཀུན་མཁྱེན་ཡབ་སྲས་ཀྱི་བཞེད་པ་ཐུན་མོང་མ་ཡིན་པ་དེ་མངོན་པ་ཡིན། གཟུང་འཛིན་མེད་བཞིན་སྣང་བ་དེ་ཐག་ཁྲར་སྦྲུལ་འཛིན་གྱི་དཔེ་དོན་སྦྲེལ་ཏེ་གསུང་དུས། གཟུང་བ་སྦྲུལ་དུ་སྣང་བའི་ཕྱིའི་ཐག་པ་དེ། འཛིན་པ་སྦྲུལ་ལོ་སྙམ་ནས་ནང་རང་གི་ཤེས་པ་ཡིན་པར་སྨྲ་ན་ཤིན་ཏུ་ཆེ་བའི་བླུན་གཏམ་མོ། །འོ་ན་ཇི་ལྟར་ཡིན་ཞེ་ན། སྣང་བ་དང་སྣང་ཡུལ་ཕྱེ་དགོས་པ་ཡིན། ཚོགས་དྲུག་གི་རྣམ་པ་ཐམས་ཅད་སེམས་ཡོད་པའི་ངོར་འཆར་བ་ལས་སེམས་མེད་བེམ་པོ་ལ་སྣང་བ་ནི་ག་ལ་ཡིན། དེའི་ཕྱིར་ན་ཡུལ་དྲུག་པོ་དེ་སྣང་ཡུལ་ཡིན་ཞིང་། སྣང་བ་དེ་མེད་བཞིན་སྣང་བ་རྨི་ལམ་གྱི་སྐབས་དང་འདྲ་བར་དེ་དང་དེ་འཛིན་གྱི་འཁྲུལ་བའི་དབང་དུ་གྱུར་པ་ནི་དཔེར་ན། ས་རབ་བི་རིབ་བི་ཞིག་ལ་ཐག་པ་ཞིག་ཐང་དུ་འཁྱིལ་བར་མཐོང་ནས་སྦྲུལ་ལོ་སྙམ་ནས་སྦྲུལ་འཛིན་གྱི་ཤེས་པའམ་རྣམ་ཤེས་ཤིག་སྐྱེས་དུས། སྦྲུལ་དུ་འཛིན་བྱེད་ཀྱི་ཤེས་པའམ་རྣམ་རྟོག་དང་པོ་དེ་གཟུང་བའི་སེམས་དང་། དེའི་རྗེས་སུ་རྣམ་རྟོག་སྔོན་མ་དེ་ལ་རྟོག་དཔྱོད་ཞུགས་ནས་ཡང་འཛིན་བྱས་པ་དེ་འཛིན་པའི་སེམས་སུ་ངོས་འཛིན་པ་ཡིན། དེའི་ཕྱིར་ན་གཟུང་བའི་སེམས་ལས་གཟུང་བའི་ཡུལ་མེད་པ་གསལ་སྣང་ཐག་པ་སྦྲུལ་ལོ་སྙམ་པ་བཞིན་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ཡི་སྣང་བ་འབྱུང་བ་དང་། དེ་ལ་སྤྱོད་པའི་འཛིན་སེམས་ལས་ལས་དང་ཉོན་མོངས་རྣམ་སྨིན་དཔག་ཏུ་མེད་པ་སྣང་བ་སྟེ། ཡུལ་མེད་ཡུལ་དུ་གྱུར་པའི་ཡུལ་ལྔ་དང་། བདག་མེད་བདག་ཏུ་འཛིན་པའི་ཉོན་མོངས་དང་རྟོག་ཚོགས་སོགས་མེད་བཞིན་སྣང་བ་འཁོར་བའི་འཁྲུལ་སྣང་གཉིད་མོ་ཆེའི་རྨི་ལམ་སད་དཀའ་བ་འདི་སྣང་བ་ཡིན། ཀུན་གྱི་རྩ་བ་དེ་གང་ཡིན་ན་སེམས་གཟུང་འཛིན་གྱི་རྣམ་པར་ཤར་བ་འདི་ལས་བྱུང་བར་བསྟན་པའོ། །དེ་ལྟར་བསྟན་ནས་ཡེ་ཤེས་ལམ་བྱེད་དང་སེམས་ལམ་བྱེད་ཀྱི་ཐེག་པ་མན་ངག་གི་ཁྱད་པར་གྱི་གོ་དོན་སེམས་ལ་འཇགས་ཐུབ་པའི་ཆེད་དུ་སླར་ཡང་། དེ་ལྟར་སེམས་མེད་པའི་རིག་པ་ཡེ་ཤེས་ཉག་གཅིག་ལམ་དུ་བྱས་པས། སེམས་དང་བྲལ་བའི་ཆོས་སྐུ་ཚེ་འདིར་འགྲུབ་པའི་གནད་དེ་ཡིན་ནོ། །གཞན་དག་སེམས་ལམ་དུ་བྱེད་པས་སེམས་ཅན་ལས་མ་འདས་ཏེ་སངས་རྒྱས་ཐོབ་དུས་མེད་པ་དེ་ཡིན་ནོ། །སེམས་རིག་གི་དབྱེ་བའི་ཐད་ནས་བཤད་ན། སེམས་མ་རིག་པ་དང་བཅས་པ་དེ་ལས་འཁྲུལ་རྟོག་རྒྱུན་ཆད་མེད་པར་བྱུང་བ་ནི་སེམས་བྱུང་དང་། དེ་དག་གི་དབྱིངས་འགྱུར་བ་མེད་པ་ཆོས་ཉིད་དེ་རིག་པ་ཡིན། ཡེ་ཤེས་ལམ་དུ་བྱས་ནས་དེ་ཇི་བཞིན་དུ་རྟོགས་ན། སེམས་དང་བྲལ་བའི་ཆོས་སྐུ་ཚེ་འདིའི་སྟེང་ནས་འགྲུབ་པ་དང་། སེམས་ལམ་བྱེད་མཁན་གྱིས་གང་བྱས་ཀྱང་སེམས་ཡིན་པའི་དབང་གིས། སངས་རྒྱས་འགྲུབ་དུས་ཤིག་མེད་པ་ཡིན་ཞེས་པའོ། །དོགས་སློང་འགོད་པ་ནི་སེམས་འཆར་བ་མི་འགག་པའམ་ཤར་གྲོལ་ཐུགས་རྗེའི་ཆ་དེ་ལམ་དུ་མི་བྱེད་དམ་ཞེ་ན། རིག་པ་གཅིག་ལ་ངོ་བོ་རང་བཞིན་ཐུགས་རྗེ་ཡེ་ཤེས་གསུམ་ཚང་ཚུལ་བཤད་དུས། གང་ཤར་འགག་མི་དགོས་པར་ཤར་གྲོལ་ཐུགས་རྗེའི་ཆ་ལམ་དུ་བྱེད་དགོས་པར་མ་སྨྲས་སམ་ཞེ་ན་ཞེས་པའི་དོན། ཐུགས་རྗེའི་ཆ་འཆར་གཞིའི་རིག་པ་ཟང་མ་རང་མལ་ལས་མ་གཡོས་པ་ལ་ཟེར་བས་དེ་ལམ་དུ་བྱེད་ཀྱི་རྩལ་ལས་སེམས་སུ་ཤར་ཟིན་རྟོག་པའི་ཆ་དེ་རྣམ་པ་ཐམས་ཅད་ནས་ལམ་དུ་མི་བྱེད་དེ། ངོ་བོ་རིག་པ་ལ་གཞག་དུས་སེམས་གང་དགར་རང་སངས་ལ་བསྐྱུར་བ་ཡིན་ནོ་ཞེས་སྔར་ཡང་ནས་ཡང་དུ་བཤད་ཟིན་ཏོ། །ཐུགས་རྗེའི་ཆ་འཆར་གཞི་རིག་པ་རང་མལ་ལས་མ་གཡོས་པ་གསུངས་པ་ལས་རྩལ་འཁྲུལ་བ་ཤར་ཟིན་གྱི་རྟོག་པའི་ཆ་ལས་མ་གཡོས་པ་གསུངས་མེད་པ་དེས་ན་ཁམས་གསུམ་སེམས་ཅན་དེ་ལས་གཡོས་ཡོད་པ་མིན་ཞིང་། དེས་ན་རིག་པའི་རང་ངོ་སྐྱོང་དུས་འཁྲུལ་སེམས་རང་སངས་ལ་བསྐྱུར་བ་ནི་ན་བུན་ནམ་མཁར་ཡལ་བའི་དཔེས་ཀྱང་མང་དག་གོང་དུ་བསྟན་པའོ། །དེས་ན་སེམས་འཁྲུལ་བ་མ་རིག་པའི་རྩ་བ་ཅན་ཡུལ་བདག་ཏུ་འཛིན་ཞིང་ཡུལ་ཕྱིར་མ་འབྲངས་ན་ས་གཅིག་ཏུ་འདུག་མི་ཚུགས་པ་དེ་ལ་སྒྲོ་མ་རེག་པར་བྱས་ནས། ཡེ་ཤེས་ཟང་ཐལ་རྟོག་མེད་བདག་རྟོག་གི་བློ་དང་བྲལ་བ་དེ་ལམ་དུ་བྱེད་དེ། སེང་གེ་རྩལ་རྫོགས་ལས། སེམས་ཅན་བློ་ལ་གཉིས་སུ་བྱུང་། །སེམས་དང་མ་རིག་སྣང་བ་ནི། །ཡུལ་མེད་པ་ལ་འཛིན་པས་བཟུང་། །རིག་པ་ཡེ་ཤེས་སྣང་བ་ནི། །བདག་ཏུ་རྟོག་པའི་བློ་དང་བྲལ། །ཡིན་པ་ལ་ཡང་རེ་བ་མེད། །མིན་པ་ཉིད་ལ་ཐེ་ཚོམ་སངས། །ཞེས་སོ། །སེམས་དང་རིག་པ་གཉིས་ཀ་རྣམ་པའི་ཐོག་ནས་དབྱེ་བ་བྱས་ན་དཔེ་ཆུ་དང་ཆུ་བུར་ལྟ་བུ་སྟེ། ཆུ་སྐྱོན་མེད་ཡིན་པའི་དབང་དུ་བཏང་ནས་ཆུ་བུར་དེའི་སྐྱོན་ལ་འགྱུར་བ་དང་ཁྱད་པར་མེད་པ་ཡིན། སེམས་ལམ་བྱེད་ཀྱིས་སེམས་རྟོག་མེད་ལམ་དུ་བྱས་པ་དང་། ཡེ་ཤེས་ལམ་བྱེད་ཀྱིས་རིག་པ་ཡུལ་མེད་དུ་ཟིན་པ་གཉིས་ཀ་ཁྱད་པར་གནམ་ས་ལྟ་བུ་ཆེ་བ་ཡིན། སེམས་འཁྲུལ་བ་མ་རིག་བདག་འཛིན་གྱི་རྩ་བ་ཅན་ཡུལ་ཞིག་གི་རྗེས་སུ་མི་འབྲངས་པར་བདག་ཏུ་ཅི་ཞིག་འཛིན་ཡོང་། ཡུལ་མེད་ཀྱི་སེམས་ཤིག་སྐྱེ་ལུགས་ག་ལ་ཡོད། སེམས་རང་གསལ་རྟོག་མེད་ཙམ་དུ་ཟིན་ན་ཡང་ཀུན་གཞིའི་ཆ་བག་ལ་ཉལ་དང་འདྲེས་པས་ཡིད་ཤེས་གཟུང་འཛིན་གྱི་རྟོད་ཕུར་གྱིས་བཟུང་བཟུང་ཁ་ལ་ཡོད་ཅིང་། རིག་པ་ཡུལ་མེད་རང་གསལ། དྲན་བསམ་རྗེས་མེད་འཁོར་འདས་རྒྱལ་གྲོལ་དུ་རྟོགས་པ། ནམ་མཁའ་ལྟར་རྒྱ་ཆེ་ཞིང་ཉི་ཟླ་ལྟར་དུ་འོད་གསལ་བ། སྟོང་གསལ་འདུས་མ་བྱས་པ་ཞིག་ཡིན་ནོ། །དེའི་ཕྱིར་ན་སེམས་དང་ཡེ་ཤེས་ཁྱད་པར་འབྱེད་པའི་གནད་འདི་ཁོ་ན་གལ་ཆེ་བར་རིག་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ་ཞེས་པ་དང་། ཚིག་གསལ་ལས་ཀྱང་། སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཡང་རྒྱུན་ཆད་པ་དང་ཞེས་པ་དང་། འཇུག་པ་ལས་ཀྱང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་ལ་སོགས་པ་འབྱུང་བ་བཞིན་ནོ། །ད་རུང་འདིའི་ཐད་ནས་ཞིབ་ཀྱིས་བཤད་ན། སེམས་དང་ཡེ་ཤེས་གཉིས་ཀའི་ཤན་འབྱེད་ནི་རྣམ་པ་འདྲ་མིན་གྱི་ཐོག་ནས་གསུངས་པ་མང་ཡང་། མདོར་བསྡུས་ན་ངོ་བོ། ངེས་ཚིག དབྱེ་བ་དང་གསུམ་གྱི་སྒོ་ནས་བཤད་ན། དང་པོ་སེམས་ཀྱི་ངོ་བོ་ནི། ཡུལ་ཡུལ་ཅན་གཟུང་འཛིན་དུ་སྐྱེས་པའི་ཤེས་པ་གང་ཞིག་མ་རིག་པ་ཁྱབ་བྱེད་དུ་ཡོད་པ་དང་། ངེས་ཚིག་ནི། གཟུང་འཛིན་དུ་སྐྱེས་པས་ཡུལ་དང་ཡུལ་ཅན་དུ་སེམས་པས་སེམས་ཞེས་བྱའོ། །དབྱེ་ན། དག་པ་དང་མ་དག་པ་གཉིས་སོ། །དག་པ་ལ་སེམས་ཉིད་དག་པ་དང་། སེམས་དག་པ་གཉིས་ལས། སེམས་ཉིད་དག་པ་ནི། སེམས་སེམས་བྱུང་དང་དངོས་པོ་མཚན་མར་འཛིན་པས་སྟོང་པའི་ཆོས་ཉིད་དེ་བཞིན་ཉིད་སོ་སོ་རང་གི་རིག་པ་སྟེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་བཞིན་ནོ། །སེམས་དག་པ་ནི། ལམ་དུས་ཀྱི་སེམས་རྟོག་པས་མ་བསླད་པ་ཐར་པའི་རྒྱུར་རུང་ཏིང་ངེ་འཛིན་དུ་སྐྱེས་པ་དང་། རྟོག་བཅས་སྙིང་རྗེ་སེམས་བསྐྱེད་ལ་སོགས་པ་ཐར་པའི་རྒྱུ་རུང་རྣམས་ཏེ། འདི་དག་ཀྱང་རང་བྱུང་གི་དོན་དམ་དོན་སྤྱི་འཛིན་པ་ལས་དངོས་སུ་དམིགས་པར་མི་ནུས་པས། འཁོར་བའི་ཆར་གཏོགས་པའི་སེམས་སུ་སྡུད་པའོ། །མ་དག་པའི་སེམས་ལ་རྒྱན་དང་རོལ་བའི་དབྱེ་བ་ཡོད་པས། མ་རིག་པའི་རོལ་བ་ལས་སེམས། སེམས་ཀྱི་རྒྱན་ལས་ཡིད། ཡིད་ལས་ཉོན་མོངས་སུ་ཤར་བའི་དབྱེ་བ་ཅན་ནོ། །ཡེ་ཤེས་ལའང་ངོ་བོ། ངེས་ཚིག དབྱེ་བའི་སྒོ་ནས་འཆད་དུ་ཡོད་པས། དང་པོ་ཡེ་ཤེས་ཀྱི་ངོ་བོ་ནི། སོ་སོ་རང་གི་རིག་པ་ཡེ་ནས་མཁྱེན་ཆར་གནས་པ་དང་། དེའི་ངེས་ཚིག་ནི། ཡེ་ནས་གནས་པའི་དོན་རྟོགས་ཤིང་ཤེས་པའམ་དབྱིངས་རིག་པ་ཀ་དག་གི་ཆོས་ཉིད་སྟོང་པའི་ངང་ལས་ཤར་བའི་ཡེ་ནས་འདུས་མ་བྱས་པའི་ཤེས་པ་ལ་ཡེ་ཤེས་བྱའོ། །དབྱེ་ན་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཡུལ་ལ་ཁྱབ་པའི་ཡེ་ཤེས་དང་གསུམ་སྟེ། དང་པོ་གཞི་གནས་ཀྱི་ཡེ་ཤེས་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་ཀ་དག་གི་ཡེ་ཤེས་ནི་ཡོད་མེད་ཀྱི་མཐའ་ལས་འདས་པ་ནམ་མཁའ་ལྟ་བུ་དང་། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ནི་ཡེ་ནས་ཡོན་ཏན་རྫོགས་པས་རྩལ་དང་འཆར་གཞིར་གྲུབ་པ་འདོད་འབྱུང་གི་ནོར་བུ་ལྟ་བུར་སྣང་བཞིན་པའི་ངོ་བོ་དངོས་པོ་དང་མཚན་མས་སྟོང་པ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ནི་རང་ངོར་མེད་ལ་འཆར་གཞིར་འཕྲོ་བའི་རྩ་བ་བྱེད་པ་ཉི་མའི་འོད་ལྟ་བུ་སྟེ། དཔེ་ནམ་མཁའ་དང་ནོར་བུ་དང་ཉི་མ་གསུམ་ལ་བཞག་ནས་བཤད་ན་དོན་ཕྱོགས་ཙམ་མཚོན་ནུས་པར་བཤད་ཐུབ་པའོ། །གཉིས་པ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི། ཆོས་དབྱིངས་མེ་ལོང་མཉམ་ཉིད་ལ་སོགས་པ་རྩ་བ་ལྔ། དེ་ལས་དབྱེ་ན་ལྔ་ལྔ་ཉི་ཤུ་ལྔ་ཡི་བདག་ཉིད་ཅན། གསུམ་པ་ཡུལ་ལ་ཁྱབ་པའི་ཡེ་ཤེས་ནི། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སམ། འདི་ཐོད་རྒལ་དང་སྦྱར་ནས་བཤད་ན། ནང་གི་རང་གདངས་འོད་ལྔ་དང་དེ་ལས་ཁ་དོག་ལྔའི་སྣང་བ་ཕྱིར་འཆར་བ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་བཤད་ཆོག་པ་ཡིན། སྤྱིར་སེམས་དང་ཡེ་ཤེས་ཀྱི་གོ་དོན་གྱི་ཐུན་མོང་མ་ཡིན་པ་དང་ཕྱོགས་བསྟུན་ན་དེ་ལྟ་བུ་ཡིན། དག་མ་དག་ཅེས་པའང་སྣང་ངོར་དང་ངེས་ངོར་གྱི་ངོས་ནས་ཁྱད་པར་འབྱེད་པ་དང་། གནས་ཚུལ་དང་སྣང་ཚུལ་ལ་སོགས་པའི་བཤད་ཚུལ་མང་ཞིང་། སེམས་འགག་པ་དེ་སྐུ་ཡི་མངོན་སུམ་མཛད་ཅེས་པ་ལ་སོགས་པའི་མདོ་དང་རྒྱུད་སྡེ་ཟབ་ཅིང་གཏིང་དཔོག་དཀའ་བའི་ལུང་གི་གནས་འདི་དེང་སང་ཕལ་གྱི་བློར་མ་ཆུད་པས་སྟོང་པ་ཕྱང་ཆད་ཀྱི་ལྟ་བ་སོགས་ཅི་ལ་ཟེར་བ་ཆ་མེད་ནས་གོ་ནོར་དུ་སོང་པ་ཉིད། རྫོགས་པ་ཆེན་པོ་འདིར་མིག་ཕྱེ་བ་བཞིན་གསལ་བོར་བཤད་པས་འདི་ཉིད་ཐེག་པ་རྒྱལ་པོའི་མཛོད་ཅེས་བྱ་བ་དོན་ལ་གྲུབ་པ་ངེས་པར་བཤད་པ་ཡང་ཤེས་པར་བྱའོ། །དེས་འཁྲུལ་སྣང་འཁོར་བ་དག་ལུགས་ཀྱི་ཤན་འབྱེད་བསྟན་ཟིན་པའོ།།

ཁ༽གཉིས་པ་རིག་པ་རང་མལ་དུ་ཤན་འབྱེད་པས་ཞི་གནས་རྩེ་གཅིག་དང་སོ་སོར་དབྱེ་བ།

རིག་པ་རང་མལ་དུ་ཤན་འབྱེད་པས་ཞི་གནས་རྩེ་གཅིག་དང་སོ་སོར་དབྱེ་བ་ནི།

ད་ལྟའི་རིག་པ་གཞི་ལས་མ་གཡོས་ན།།

དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས།།

ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ།།

རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད།།

སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན།།

འདི་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས།།

རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན།།

ཞེས་གསུངས་ཏེ། རིག་པ་རང་མལ་དུ་གནས་པ་ནི་ཟང་ཐལ་རྗེན་པའི་རིག་ཆ་ཡིན་ལ། ཞི་གནས་རྩེ་གཅིག་ནི་རྟོག་པ་མི་འཕྲོ་བར་གནས་ཆ་ཡིན་པས་ཕྱེད་བར་བྱ་སྟེ། རིག་པ་དེའི་ངང་ལ་གོམས་པས་ཡང་སྲིད་ལེན་པའི་ལས་དང་བག་ཆགས་ཟད་པ་ནི་སེམས་འགགས་པའི་ཡོན་ཏན་ལས་བྱུང་སྟེ། ད་ལྟར་རིག་པ་སེམས་དང་བྲལ་བ་དེ་གོམས་པས་མཐར་ཐུག་གི་ཆོས་སྐུ་སེམས་དང་བྲལ་བ་དེ་མངོན་དུ་བྱེད་པ་ནི། སེམས་དང་བྲལ་བའི་རིག་པ་ཐམས་ཅད་གཞི་ལས་མ་གཡོས་པར་གཅིག་པས། དར་རེ་དར་རེའི་རྒྱུན་མཐུད་པ་ལས་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་དུ་ཤར་བ་སྟེ། འཁོར་འདས་གཞི་སྣང་དུ་རྩལ་ལས་རོལ་བར་ཤར་དུས་གཞི་ལས་རྩལ་གྱི་རོལ་བར་མེད་པ་གསལ་སྣང་དུ་མཉམ་པ་སྟེ། རིག་པ་སེམས་དང་བྲལ་དུས་ངོ་བོ་མ་གྲུབ་པར་མཉམ་པས་ན། འཁོར་འདས་གཉིས་མེད་རིག་པར་མཉམ་པ་ཞེས་བཤད་དེ། འདི་དག་ནི་མན་ངག་གི་གདམས་པ་ཞལ་གསལ་ལ་གོ་བདེ་བ། ངེས་པ་བསྐྱེད་ཅིང་བྱིན་རླབས་རང་ཤུགས་ཀྱིས་འཇུག་པ། དོན་བརླིང་ཞིང་གཏིང་ཟབ་པ་ཡིན་ལ། འོན་ཀྱང་ཅི་འདྲའི་ཡག་པ་དང་སྙན་པའོ་སྙམ་ནས་ལྟད་མོའི་ཡུལ་ཙམ་དུ་རྒྱང་ལ་མི་བཞག་པར། རང་རྒྱུད་ཉམས་ལེན་གྱི་གནད་ལ་སྦྱར་རྒྱུ་ནི་རང་གཞན་ཐམས་ཅད་ལ་གལ་ཆེན་ཡིན་པར་མཐོང་ཆོས་སུ་ཡོད་པ་ཡིན། འདི་ནི་རིག་པ་རང་མལ་ལ་གནས་པ་དང་། ཞི་གནས་རྩེ་གཅིག་གཉིས་ཀ་སོ་སོར་འབྱེད་བྱེད་ཀྱི་གནམ་ཐིག་ལྟ་བུའི་གདམས་པ་སྟེ། གཞི་མ་བཅོས་པ་ལ་ལམ་མ་བཅོས་པ་བརྒྱུད་ནས་འབྲས་བུ་མ་བཅོས་པའི་བཙན་ས་ལ་སྙེག་པ་ལས། གཞི་ལམ་འཛོལ་བ་ལ་འབྲས་བུ་ཡང་དག་ཅིག་འཐོབ་ཏུ་མེད་པ་ནི་གོང་ནས་ཀྱང་གསུངས་ལ། རིག་པ་རང་མལ་ལ་གནས་པ་ནི་སྟོང་གསལ་ཟང་ཐལ་རྗེན་པའི་རིག་ཆ་ཡིན། ཞི་གནས་རྩེ་གཅིག་གི་ཐོག་ལ་འདུག་པ་ནི་སེམས་མི་རྟོག་པའི་གནས་ཆ་ཙམ་ཞིག་ཡིན། དེས་ན་ད་ལྟའི་རིག་པ་གཞིའི་ངོ་བོ་སྤྲོས་པ་དང་བྲལ་བ་ཟང་ཐལ་རྗེན་པ་དེ་ངོས་བཟུང་ནས་ངོ་ཤེས་པ་དེ་ལས་མ་གཡོས་པར་དེའི་ངང་དུ་གློད་ཤེས་ན། དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས་ཏེ་ཡང་སྲིད་ལེན་པའི་ལས་དང་བག་ཆགས་ཟད་པ་ནི་སེམས་འགག་པའི་ཡོན་ཏན་ལས་བྱུང་བ་ཡིན་ལ། སེམས་ཀྱི་དྲི་མ་གློ་བུར་བ་རིག་པའི་གཤིས་ལ་མ་གྲུབ་པས་རང་ཡལ་རྗེས་མེད་དུ་དག་ནས་བག་ཆགས་དང་བྲལ་བས་བག་ཆགས་ཀྱིས་གོས་པ་མི་འབྱུང་བ་སྟེ། ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ་ཚུལ་དེ་ལྟར་ཡིན། གཞི་ལམ་འབྲས་གསུམ་གྱི་རིག་པ་ཐམས་ཅད་ངོ་བོ་གཞི་ལས་མ་གཡོས་པ་གཅིག་པ་ཡིན་པས། ད་ལྟ་ལམ་གྱི་སྐབས་ལ་ཡིན་ན་ལས་དང་པོ་བའི་རིག་ངོ་སྐྱོང་བ་ནི་དར་རེ་དར་རེ་ཡིན་ནའང་དེའི་རྒྱུན་མཐུད་པའི་གོམས་ཆ་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་དུ་ཤར་ཡོང་དུས། རྒྱུ་འབྲས་ལ་ཟློས་ནས་འཁོར་འདས་མཉམ་པར་བརྗོད་ཅིང་། སྲིད་ཞིར་མི་གནས་མཐའ་གཉིས་ལས་འདས་ཤིང་མི་གནས་པའི་བྱང་ཆུབ་སྙིང་པོར་ཕྱིན་པ་ཡིན་ནོ། །འོན་ཀྱང་འདི་ཡང་ཞི་གནས་རྩེ་གཅིག་དང་མི་ནོར་བར་ཤན་འབྱེད་པ་ཤིན་ཏུ་གཅེས་ཤིང་གནད་ཆེའོ། །དེ་ནི་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན་ནོ་ཞེས་པའོ། །དེ་ཡང་ཞིབ་ཀྱིས་བཤད་ན་རིག་པ་རང་གནས་ཀྱི་ཤེས་རབ་ནི་ལྷག་མཐོང་ཁྱད་པར་ཅན་ཡིན་པས་རིག་པའི་ངོ་ལ་ཡུལ་སྣང་མི་འགག་ཀྱང་། རིག་པ་ཉིད་སྣང་ཐོག་ཏུ་མི་འཆོར་བས། བསམ་གཏན་གྱི་ངང་དུ་སེམས་གཅུར་བའི་ཐབས་ལ་མི་ལྟོས་ཤིང་། དེ་ལྟར་མ་གཅུར་བས་གནས་འགྱུ་ཐམས་ཅད་ལ་རིག་པས་དབང་བྱས་ནས་བྱིང་རྒོད་ཀྱི་གནོད་པས་ཀྱང་བརྫི་བར་མི་ནུས་སོ། །སེམས་ལམ་དུ་བྱེད་པའི་བསམ་གཏན་ནི་ཇི་ལྟར་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་འདོགས་ཤིང་དེ་ཡང་ལྟ་སྒོམ་གཉིས་རྟེན་དང་བརྟེན་པ་ལྟ་བུར་ཟུང་དུ་འཇུག་པ་དེ་ཉིད་རིག་པའི་སྒྲིབ་བྱེད་དུ་སོང་ནས་རྣམ་རྟོག་ངལ་གསོ་བའི་བསྟི་གནས་ལྟ་བུ་ལས་ས་ཆོད་ཆུང་བ་ཉིད་དོ། །དེ་བཞིན་དུ་རིག་པ་ནི་ཡུལ་ལ་ཤར་ཀྱང་རང་ངོ་དང་རྩལ་གཉིས་ཐ་དད་དུ་མི་འགྱེས་པས་ཕྱིར་མ་དཔྱད། ནང་དུ་མ་བརྟགས། བར་དུ་མ་བཞག་པའི་ཆོས་ཉིད་སྤྲོས་བྲལ་རྗེན་པར་བུད་པ་ལས་གཞན་དུ་མི་འགྱུར་བའི་ཕྱིར་སྣང་བའི་ཆས་ཟིལ་གྱིས་མི་ནོན་པ་སྟེ། དཔེར་ན་དངུལ་ཆུ་ཐལ་བ་འཇམ་པོའི་སྦུབས་སུ་བཙུད་ཀྱང་དེ་ལ་རྡུལ་གྱིས་ཅུང་ཟད་ཀྱང་གོས་པར་མི་འགྱུར་བ་བཞིན་ནོ། །རིག་པས་སེམས་གཞན་དུ་སྤངས་པ་མིན་ཀྱང་སེམས་དང་རིག་པ་ལྷན་གཅིག་ལ་མི་འདུ་བ་ནི་གཉིད་མ་གཉིད་གཉིས་ཀ་དུས་མི་མཚུངས་ལྟ་བུ་ཡིན་པར་གསུངས་ཤིང་། སེམས་ནི་ཀུན་ཏུ་རྟོག་པ་འཁོར་བའི་ཆོས་ཅན་ཡིན་པས་སེམས་ལ་སེམས་མ་མཆིས་ཞེས་པ་དང་། སེམས་ཉིད་ནི་སྤྲོས་པ་དང་བྲལ་བས་མྱ་ངན་ལས་འདས་པའི་ཆོས་ཉིད་ཅན་ཡིན་པས་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ཡིན། འོད་གསལ་ཞེས་པ་འདི་ཡང་སྣང་བའི་ཆ་ལ་འཇུག་པ་དང་། སྟོང་པའི་ཆ་ལ་འཇུག་པ་གཉིས་སུ་ཡོད་པས་སྐབས་ཐོབ་ཀྱི་གོ་བས་འབྱེད་དགོས་ཤིང་། མདོར་ན་སེམས་ལམ་བྱེད་ཞི་གནས་རྩེ་གཅིག་པ་དང་མ་འདྲེས་པའི་ཡེ་ཤེས་ལམ་བྱེད་རིག་པ་མངོན་དུ་གྱུར་དུས། ཉོན་མོངས་དང་འཁོར་བའི་བཙོན་ར་ལས་ཐར་བ་དང་གཉིས་ལ་མི་གནས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བ་ཡིན་ནོ། །རྩལ་རྫོགས་ལས། འཁོར་བ་ཉིད་དང་མྱ་ངན་འདས། །གཉིས་སུ་གདགས་སུ་ག་ལ་ཡོད། །ཅེས་པ་དང་། བྱང་ཆུབ་སེམས་འགྲེལ་ལས། །འཁོར་བ་མྱ་ངན་འདས་པ་ཡི། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། སྲིད་དང་ཞི་བ་གཉིས་མེད་དང་། །ཞེས་སོ། །དེ་ཡང་ཆོས་ཅན་རྣམ་ཤེས་ཚོགས་བརྒྱད་དང་དེའི་རང་བཞིན་ཆོས་ཉིད་ཀྱི་ཡེ་ཤེས་གཉིས་ཀ་གཅིག་དང་ཐ་དད་གང་ཡིན་ཞེ་ན། གཅིག་ཐ་དད་གང་དུ་ཡང་ཁས་ལེན་བྱ་ཞིག་མིན་པ་ནི། དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་པ་ཡིན། དེ་གཉིས་ཀ་ཐ་སྙད་དུ་གཅིག་མིན་ཏེ། སེམས་རྟོགས་པ་ཙམ་ཞིག་གིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་མི་རྟོགས་པ་དང་། གཅིག་ཆོས་ཅན་དང་ཅིག་ཤོས་ཆོས་ཉིད་ཡིན་པའི་ཕྱིར། དོན་དམ་པར་ཐ་དད་མིན་ཏེ། སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པས་ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར། དེ་ལ་སེམས་ཀྱི་སྒྲ་ཡིས་བསྙད་པའི་སྐབས་ཀྱང་ཡོད་དེ་དཔེར་ན་དོན་དམ་སེམས་བསྐྱེད་ཅེས་པའི་སྐབས་སུ། དོན་དམ་ཞེས་པ་དེ་ཆོས་ཀྱི་དབྱིངས་དང་། སེམས་ཞེས་པ་ནི་འོད་གསལ་བའི་ཡེ་ཤེས་ལ་གོ་དགོས་པའི་ཕྱིར། འོ་ན་དབྱིངས་དང་ཡེ་ཤེས་ཞེས་པ་དེ་ཇི་ལྟ་བུ་ཞིག་ལ་གོ་དགོས་ཤེ་ན། དབྱིངས་སྟོང་པ་ཀ་དག་གི་ངོ་བོ་དང་། རིག་པ་ཡེ་ཤེས་ཀྱི་རང་བཞིན་དེ་གཉིས་ཀ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་ལྟ་བུའི་དབྱེར་མེད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡིན་པས་མ་ཚད། དེའི་དག་པ་ཆེན་པོའི་དབྱིངས་དེ་དམ་པའི་ཆོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་གི་བརྗོད་དོན་མཐར་ཐུག་ཀྱང་ཡིན་པས། དབྱིངས་རིག་དབྱེར་མེད་དག་པ་ཆེན་པོའི་དབྱིངས་དེ་ནི་སངས་རྒྱས་དང་ཆོས་གཉིས་ཀ་ཡིན་པས་མི་ཚད། དགོངས་པ་དེ་རྟོགས་པ་པོ་དེ་འཕགས་པའི་དགེ་འདུན་ཡང་ཡིན་ཕྱིར། དཀོན་མཆོག་གསུམ་པོ་ཡང་དེར་འདུས་པའི་ཚུལ་ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་གསུངས་པ་ཡིན། ཡིན་ན་ཡང་ཆོས་ཉིད་གཅེར་མཐོང་དུ་རྟོགས། ཆོས་ཅན་རྟེན་འབྲེལ་དུ་ཤེས་པ་ལ་ཡང་རྫོགས་པ་ཆེན་པོའི་ཆོས་འདིའི་བྱིན་རླབས་འཕོ་བའི་ངོ་སྤྲོད་དང་བསྟུན་ཡོང་ན། ཚིག་བརྒྱུད་མིང་དང་ཡི་གེར་གྲུབ་པའི་བརྡ་དེ་ལ་བརྟེན་ནས་དོན་བརྒྱུད་སྐྱེས་བུའི་སྙིང་ལ་འབབ་དགོས་པ་ཡིན་ཞིང་། དེ་ཡང་ཚོགས་གཉིས་ཁྱད་པར་བ་ཞིག་རྫོགས་པ་ལ་བརྟེན་དགོས་པ་ནི་སྨྲོས་ག་ལ་དགོས། འོན་ཀྱང་ལམ་མས་སྦྱོང་གི་ཚོགས་གཉིས་རྫོགས་ཚུལ་སེམས་པ་ཡིད་ཀྱི་ལས་དང་བསམ་པ་ལུས་ངག་གི་ལས་ལ་བརྟེན་ནས། ཟག་བཅས་ཀྱི་རྣམ་སྨིན་དཀར་པོ་སྐྱེད་པ་དང་མི་འདྲ་བ་ཡིན། འོ་ན་ཇི་ལྟར་ཡིན་ཞེ་ན། ཆོས་དབྱིངས་དགེ་སྡིག་ལས་འདས་པའི་དོན་དེ་མངོན་དུ་བྱས་པ་ལ་ཚོགས་གཉིས་རྫོགས་པའི་ཐ་སྙད་བཏགས་ཤིང་། དོན་དུ་ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས་མངའ་དབང་རྫོགས་ཞེས་པ་དེ་ཡིན། ཚོགས་གཉིས་རྫོགས་པའི་ཐ་སྙད་བཏགས་པ་ཙམ་གྱིས་མི་འོང་བས། ཚོགས་གཉིས་རྫོགས་ཚུལ་དངོས་དེ་ཇི་ལྟར་ཡིན་ཞེ་ན། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་པ་ལྟར་དུ་ལུང་མ་བསྟན་གྱི་མ་རིག་པ་ཆ་དང་བཅས་པ་དེ་སྒྲིབ་བྱེད་བྲལ་བའི་ཤེས་རབ་ཀྱིས་སྤངས་ཤིང་ཉོན་མོངས་པ་ལས་གྲོལ་བས། འབད་པ་མེད་པར་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། དེ་བཞིན་ཉིད་ཀྱི་དགེ་བ་སྡིག་པའི་ཆོས་ཅན་མ་ཡིན་པ་སྐད་ཅིག་གཅིག་གིས་མངོན་དུ་བྱས་ནས་རང་བྱུང་དུ་རྟོགས་སོང་དུས་ཡེ་ཤེས་ཀྱི་ཚོགས་རྫོགས་ནས། ཚོགས་ཆེན་ཡེ་རྫོགས་དང་། སྒྲིབ་པ་ཡེ་དག་གི་ཀུན་ཏུ་བཟང་པོའི་རང་བྱུང་གི་ཆོས་དྲུག་གིས་ནང་གསལ་དག་པ་གཉིས་ལྡན་ལ་སངས་རྒྱས་པར་གསུངས་པ་མཚུངས་ཤིང་། ཡིན་ན་ཡང་ལམ་པའི་གང་ཟག་གི་ཉམས་ལེན་དུ་རིམ་བརྒྱུད་སྐས་ཀྱི་ཐེམ་པ་ལྟ་བུའི་འོག་མའི་ཡོན་ཏན་ཡར་ལྡན་དུ་རྫོགས་པས་ན་རྫོགས་ཆེན་ཞེས་བཏགས་པ་ཡིན་པས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་འདུལ་བ་དང་མཐུན་པར་རྨང་ནས་ཡར་བཤད་པའམ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་མདོ་སྡེ་དང་མཐུན་པར་རྩེ་ནས་མར་བཤད་པ་དང་། མཛོད་ཀྱི་ལུང་དྲངས་ནས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་མངོན་པའི་བསྟན་དོན་དེ་ཐེག་ཆེན་མངོན་པའི་སྡེ་སྣོད་ལྟར་བཀྲལ་ནས་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཁྱད་པར་ཅན་གྱི་གནད་བཟུང་ནའང་རུང་། མཐར་གཏུག་ས་རྗོད་བྱེད་སྡེ་སྣོད་གསུམ་གྱི་བརྗོད་བྱ་བསླབ་པ་གསུམ་གྱི་སྒྲོམ་གཞི་ལས་མི་འདའ་བ་ནི་རྩ་བ་ཡིན་ཞིང་། ཞི་ལྷག་གི་ཉམས་ལེན་ལ་བསམ་བློ་བཏང་ནའང་། ཞི་གནས་ནི་བསམ་གཏན་གྱི་ངོ་བོ་ཏིང་འཛིན་གྱི་བསླབ་པ་དང་། ལྷག་མཐོང་ནི་ཤེས་རབ་ཀྱི་ངོ་བོ་ཤེས་རབ་ཀྱི་བསླབ་པ་དང་། དེ་གཉིས་ཀ་སྒྲུབ་པར་བྱེད་པ་ལ་མེད་ན་མི་འབྱུང་བའི་རྟེན་དེ་གང་ཡིན་ན། ཚུལ་ཁྲིམས་རྣམ་པར་དག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཞིང་། དེ་གསུམ་པོའི་གྲོགས་ལ་བརྩོན་འགྲུས་ཀྱི་ཕར་ཕྱིན་དགོས་པ་སྟེ། མདོར་ན་དམིགས་བཅས་བསོད་ནམས་ཀྱི་ཚོགས་ལ་བརྟེན་ཏེ། དམིགས་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་བདེན་གཉིས་དབྱེར་མི་ཕྱེད་བའི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྒོ་ནས་འཇུག་པ་ནི་གཞུང་ལུགས་ཐམས་ཅད་འགལ་མེད་ལམ་གྱི་ཆ་ལག་ལུས་གཅིག་ལ་འདུས་པར་ཤེས་པ་ནི་མ་ནོར་ལམ་གྱི་འཇུག་ངོགས་ཡིན་པ་ནི་མཁྱེན་བཞིན་པ་ལྟར་ཡིན་ནོ། །དེ་རིང་གི་ཆོས་མཚམས་འདི་ནས་གཞག་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་བཅོ་ལྔ་བའི་ཆོས་ཁྲིད། next