Nitartha Digital Library
Tibetan
 
previousཉིན་བཅུ་དྲུག་པའི་ཆོས་ཁྲིད། no next

ཉིན་བཅུ་དྲུག་པའི་ཆོས་ཁྲིད།

མཐའ་ཡས་ནམ་མཁའ་དང་མཉམ་པའི་མར་གྱུར་འགྲོ་བའི་ཚོགས་རྣམས་གཏན་དུ་འཁོར་བའི་སྡུག་བསྔལ་དང་བྲལ་བའི་ཐར་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པ་བགྱི། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་འཆད་ཉན་སྒོམ་སྒྲུབ་བགྱི་བར་བྱའོ་སྙམ་པའི་དགོངས་དོན་སྐྱོང་བའམ། ཡང་ན་ཐུགས་བསམ་བཞེས་ཕྱོགས་ཤིག་ལ་སྒོ་གསུམ་གྱི་དགེ་སྦྱོར་ཆེ་འབྲིང་ཆུང་གསུམ་གང་སྒྲུབ་ནའང་བསམ་པ་བྱང་ཆུབ་ཀྱི་སེམས། ཐབས་སྙིང་རྗེ་དང་ཤེས་རབ་རྫོགས་བྱང་གི་བློ་དང་ལྡན་ན། སྐྱེས་བུ་ཆེན་པོའི་ལམ་ཐེག་པ་ཆེན་པོའི་ཐར་བ་ཆ་མཐུན་གྱི་དགེ་རྩར་འགྱུར་བ་ཡིན་ལ། གལ་ཏེ་དེ་ལྟ་བུའི་སྙིང་རྗེ་དང་ཤེས་རབ་མི་ལྡན་པར་རང་དོན་དུ་འཁོར་བ་ལས་ཐར་བའི་བྱང་ཆུབ་ངེས་ལེགས་ཙམ་ཞིག་བསྒྲུབ་པ་ནི་ཐེག་པ་དམན་པའི་ལམ་སྐྱེས་བུ་འབྲིང་དང་། ངན་སོང་གསུམ་གྱི་སྡུག་བསྔལ་མི་འདོད་པར་མངོན་མཐོ་ལྷ་མིའི་གོ་འཕང་རྐྱང་པ་དོན་དུ་གཉེར་བ་སྐྱེས་བུ་ཆུང་ངུ་སྟེ། དེ་ལྟར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་སྦྱར་ནས་བློ་སྦྱོང་གི་ཆོས་ཡས་ཟིན་མས་ཟིན་གྱིས་ཐེངས་མ་ཆ་རེ་ལ་ཞུས་མྱོང་བ་ཡིན་ལ། ད་འདི་དག་ཐམས་ཅད་ཀྱི་སྔོན་དུ་དེང་སང་གི་དུས་ཚོད་འདིར་ལས་རྒྱུ་འབྲས་སྤྱི་དང་། ཁྱད་པར་དུ་སྐྱེ་བ་སྔ་ཕྱིའི་སྐོར་དེ་དང་པོར་ངེས་པ་གནད་ཆེ་བར་འདུག་པས། རིགས་འདྲ་སྔོན་སོང་དང་། གོམས་པ་སྔོན་སོང་དང་། བག་ཆགས་སྔོན་སོང་ལ་སོགས་པའི་ཉམས་ཞིབ་ཀྱི་སྟེང་ནས། རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པ་དང་། འབྲས་བུ་རྒྱུ་ལ་བརྟེན་ནས་མ་བྱུང་བ་མེད་པར་གྲུབ་ཕྱིར། འབྲས་བུ་རྒྱུ་ལས་བྱུང་བ་དང་རྒྱུ་ཉིད་ཀྱང་སྔ་མའི་འབྲས་བུ་ཡིན་པ་ཡང་། བྱ་དང་སྒོ་ང་གཉིས་ཀ་ལ་དཔེ་བླངས་ནས། གང་སྔོན་མ་ཡིན་པར་ངེས་པ་ཅན་གྱི་ཐོག་མའི་མཐའ་ཞིག་ཨེ་རྙེད་བལྟས་ན་དེ་མི་རྙེད་པས་ཀྱང་། འཁོར་བ་ཐོག་མ་མེད་པར་གྲུབ་པའི་རྟེན་ཅིང་འབྲེལ་འབྱུང་གི་ཆོས། སྟོང་ཉིད་ཀྱི་ངང་ལས་གནས་ཚུལ་ལ་མ་གྲུབ་ཀྱང་། སྣང་ཚུལ་ལ་ཅི་ཡང་འཆར་བའི་འགྲོས་འདི་ལྟ་བུ་བྱུང་བ་དེ་གཏན་ལ་ཕེབས་པ་ཡིན་པས། རིགས་པས་གྲུབ་པའི་ཚེ་སྔོན་རྗེས་སྐྱེ་བ་སྔ་ཕྱི་ཡོད་པར་ངེས་པའི་ངེས་ཤེས་ཀྱི་རྨང་གཞི་དེའི་སྟེང་ནས། དལ་རྟེན་རྙེད་པར་དཀའ་བ་དང་། ཚེ་ལ་རྟག་བརྟན་མེད་ལུགས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེ་དག་ཤེས་པའི་རྗེས་སུ་གཞི་ནས་ལས་རྒྱུ་འབྲས་ཀྱི་ཕྱོགས་ལ་ཡང་བསྐྱར། རྒྱལ་བས་ཆོས་འཁོར་དང་པོར་བསྐོར་དུས་ནས་གསུངས་པའི་བདེན་བཞི་ཀུན་ཉོན་ཕྱོགས་ཀྱི་རྒྱུ་འབྲས་དང་། རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་ལ་བསམ་བློ་བཏང་ན་ཞིབ་ཅིང་ཕྲ་བའི་གོ་དོན་ཞིག་རྙེད་རྒྱུ་ཡོད་ངེས་སྙམ་པ་ཡིན། དེ་ཡང་བདེན་གཉིས་ཀྱིས་ཕྱེ་བ་རྟེན་ཅིང་འབྲེལ་འབྱུང་རང་བཞིན་གྱིས་རྣམ་པར་དག་པ། སྲིད་དང་ཞི་བའི་ལས་ཐམས་ཅད་སེམས་ལ་བརྟེན་ཞིང་། དེ་ཡང་ཕུགས་དེད་ནས་སོང་ན་སེམས་ཉིད་འོད་གསལ་བ། ནམ་མཁའ་སྟོང་པ་ལྟ་བུའི་བྱེད་པོ་མི་དམིགས་སྤྲོས་པ་དང་བྲལ་བའི་གནས་ལུགས་ཇི་བཞིན་པའི་ཚུལ་ཤེས་པ་དང་མཉམ་དུ་དགེ་སྡིག་སོ་སོའི་འབྲས་བུ་མེད་བཞིན་དུ་སྣང་བ། རྟེན་འབྱུང་སྒྱུ་མའི་ངང་ཚུལ་ཡིན་པ་དེ་ཡང་ཇེ་གསལ་དུ་འགྲོ་བ་སྟེ། ཀུན་མཁྱེན་ཆེན་པོས། ལས་རྣམས་བརྟགས་ན་ངོ་བོ་འགའ་མེད་ཀྱང་། །རྨི་ལམ་བཞིན་དུ་བདེ་སྡུག་སྣ་ཚོགས་བྱེད། །བློས་བཏགས་ལས་རྣམས་དངོས་པོ་མཚན་མ་མེད། །རྒྱུ་འབྲས་མི་སླུ་རྟེན་འབྲེལ་ཟབ་མོ་ཉིད། །ཅེས་གསུངས་པ་ལྟར་དུ། སྟོང་ཉིད་རྟོགས་པའི་བློའམ་འཕགས་པའི་ཡེ་ཤེས་མངོན་དུ་མ་གྱུར་གྱི་རིང་ལ། རྟེན་འབྲེལ་བསླུ་མེད་རྒྱུ་འབྲས་ཀྱི་འགྲོས་ཇི་ལྟར་ཡིན་པ་དེ་ལྟར་ཏེ། དགེ་བ་མཐའ་དག་སྒྲུབ། སྡིག་པ་མཐའ་དག་དོར་ནས་མི་ཚེའི་དལ་རྟེན་དོན་ཡོད་པར་བྱ་དགོས་པ་མ་གཏོགས། ཡུན་རིང་དུ་མི་འདུག་པར་འགྲོ་དགོས་པ་ནི་ཧ་གོ་བཞིན་པ་རེད། འཇིག་རྟེན་ཕ་རོལ་ལ་ཐོན་དུས་བདེ་སྡུག་ཅི་ཡོང་ད་ལྟ་རང་བྱས་ཀྱི་ལས་ཀྱིས་ཤེས་ཤིང་། བདེ་བ་འདོད་ན་དགེ་སྒྲུབ་སྡིག་སྤངས་ཀྱི་སྒོ་ནས་ཐར་བ་བསྒྲུབ་དགོས་པ་ཡིན་ལ། ཐར་བ་སྒྲུབ་པ་དེ་ཡང་རང་སྟོབས་ཀྱིས་སྒྲུབ་པ་མ་གཏོགས་གཞན་གྱིས་སྒྲུབ་རོགས་བྱེད་དུ་མེད་པ་དེས་ན་དགེ་སྡིག་གི་བླང་དོར་རང་ཉིད་ཁོ་ནས་བྱེད་དགོས་པ་ཡིན། དེའི་བླང་དོར་བྱ་ཐབས་དང་གང་ལ་བླང་དོར་བྱས་ནས་ཉམས་འཇོག་དགོས་ས་ཐམས་ཅད་ངེས་པར་དུ་ངེས་དགོས་པ་ནི། དཔེར་ན། ས་འདི་ནས་རྒྱ་གར་རྡོ་རྗེ་གདན་ལ་གོམ་བགྲོད་ཀྱིས་འགྲོ་དགོས་ན། ལམ་རྒྱུས་མེད་པའི་མི་ཞིག་གིས་དང་པོར་ཁ་གཏད་སའི་ཕྱོགས་ཤིག་ངེས་དགོས་ན་ཡང་། ཐོག་མ་གོམ་པ་ལེན་ནས་འགྲོ་བའི་དུས་སུ་ལེ་བར་ཁྲི་ཕྲག་གི་ཕ་རོལ་གྱི་འཕྲང་དང་གཡང་སའི་ལམ་རྒྱུས་འདྲི་བ་བས། དང་པོར་དེ་རིང་ལམ་ལ་ཆས་དུས་ཁ་གང་ཕྱོགས་ལ་འཁོར་ནས། ལ་གང་བརྒྱག་དགོས་པ་དང་འཕྲང་གང་བརྒྱུད་ནས་འགྲོ་དགོས་པ་ཤེས་རྒྱུ་གལ་ཆེ་བ་ལས། དེ་མ་ཤེས་ན་རྒྱ་གར་རྡོ་རྗེ་གདན་ལ་ཐོན་རན་པའི་གནས་ཚུལ་གྱི་ཁ་བཤད་གཅིག་གོ་བ་དེས་བེད་ཆོད་པ་མ་ཡིན། ཆོས་ལོ་གྲངས་དུ་མ་ལ་ཞུས་ནའང་རང་རྒྱུད་ལ་ནེམ་ཐིགས་ཤིག་ཀྱང་འབྱུང་དུ་མེད་པ་ནི་དེ་དག་མ་ཤེས་པའི་རྐྱེན་གྱིས་ཡིན་ནའང་ལ་ཐང་མེད་ཅིང་། མངོན་མཐོ་སྒྲུབ་པའི་རྨང་གཞི་ཙམ་ཞིག་མེད་པ་ཞིག་གིས་ངེས་ལེགས་ཐར་བའི་བྱང་ཆུབ་ཇི་ལྟར་འགྲུབ། ཁ་སང་ཁེ་ཉིན་གོང་དུ་བཤད་པ་ལྟར་དུ་ཤི་མི་དགོས་པར་འདུག་ས་མེད་ཅིང་། ཤི་ནས་མེད་པར་མི་འགྲོ་བ་སྐྱེ་བ་ལེན་དགོས་པ་ཡིན། སྐྱེ་བ་དེའང་བདེ་འགྲོ་ངན་འགྲོ་གཉིས་ཀ་གང་ན་སྐྱེ་འདོད་ན་དེར་སྐྱེ་ཆོག་པའི་རང་དབང་དེ་ཡོད་པ་མ་ཡིན་ཏེ། སེམས་ཅན་ཡིན་པས་ན་ལས་ཀྱི་གཞན་དབང་ཅན་ཡིན་ལ། ལས་དཀར་ནག་དེ་བྱེད་པོ་རང་ཉིད་ཀྱིས་བྱས་པ་ཡིན་པས་ན་ལས་ཞེས་པའི་མིང་དེ་བྱུང་བ་ཡིན། དེ་ལ་ཡང་ལས་ངེས་པའི་ཚུལ་དང་། ལས་འཕེལ་ཆེ་བའི་ཐད་དང་། ལས་མ་བྱས་པ་དང་མི་འཕྲད་པ་དང་། བྱས་པ་ཆུད་མི་ཟ་བ་སོགས་ལ་ལེགས་པར་བརྟགས་ན། ལས་དགེ་བ་བྱེད་ན་བདེ་བ་འབྱུང་ཞིང་བདེ་འགྲོ་ཐོབ་པ་དང་། སྡིག་པ་བྱེད་ན་སྡུག་བསྔལ་འབྱུང་ཞིང་སྐྱེ་བ་ཕྱི་མར་ངན་འགྲོ་ལ་འགྲོ་བར་ངེས་ཤིང་། དེ་བཞིན་དུ་ལས་འདིའི་འཕེལ་ཆེ་ཚུལ་ལ་དཔྱད་ན། རྒྱུ་དགེ་སྡིག་གི་གཟུགས་བརྙན་ཆུང་ཆུང་ལས་ཀྱང་འབྲས་བུ་བདེ་སྡུག་ཆེན་པོ་འབྱུང་བ་ནི། དཔེར་ན། དུག་རྫས་ཆུང་ངུ་ཞིག་ཁ་ལ་སོང་ན་དོན་ཆེན་པོ་ཤི་བའི་རྐྱེན་ངན་དང་འཕྲད་པ་དང་། ས་བོན་ཆུང་ཆུང་ཞིག་ས་ལ་བཏབ་ན་འབྲས་བུ་ལོ་ཏོག་ཕུན་སུམ་ཚོགས་པ་ཞིག་སྨིན་དུ་ཡོད་པ་ལྟ་བུ་ལས་མ་འདས་ཤིང་། གཞན་ཡང་ཆུ་ཐིགས་བསགས་ནས་སྣོད་ཆེན་ཆུས་བཀང་བ་ལྟར་དུ་དགེ་བ་རེ་རེའི་ངོས་ནས་ཆེན་པོ་མེད་ནའང་མང་པོ་བསགས་ན་སོག་ས་གཅིག་ལ་དགེ་བ་རྒྱ་ཆེན་པོར་འགྱུར་ཐུབ་པ་དང་། ཡང་ལས་མ་བྱས་པ་དང་འཕྲད་དུ་མེད་པ་ནི། བདེ་བ་དང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ལས་ཤིག་མ་བསགས་ན། ལས་དེ་དང་དེའི་འབྲས་བུ་བདེ་དང་སྡུག་བསྔལ་འབྱུང་མི་སྲིད་པ་ཡིན། འོ་ན་སངས་རྒྱས་འོད་དཔག་མེད་ཀྱིས་སྔོན་སློབ་པ་ལམ་གྱི་སྐབས་སུ་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོའི་མདུན་ནས་ཐུགས་བསྐྱེད་དང་སྨོན་ལམ་ཚོགས་བསགས་སོགས་མཛད་པའི་སྟོབས་ཀྱིས། སངས་རྒྱས་ཏེ་སྨོན་ལམ་གྱི་མཐུ་གྲུབ་པས་སོ་སོའི་སྐྱེ་བོས་ཀྱང་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབ་ན་ཞིང་དེར་སྐྱེ་བ་ནི་ཇི་ལྟར་ཡིན་སྙམ་ན། སྟོན་པའི་ཐུགས་བསྐྱེད་སྨོན་ལམ་དང་། ཁྱད་པར་ཚོགས་གྲངས་མེད་བསགས་སྟོབས་ཀྱིས་དད་ལྡན་མོས་པ་ཐོབ་པའི་ལས་ཅན་དེའི་འབྲས་བུ་ལ་ལོངས་སྤྱོད་ཆོག་པའི་དབང་གིས་ཀྱང་། རྒྱུ་ཆ་ཚང་བསྒྲུབ་མི་དགོས་ནའང་ཆ་གཅིག་སྟེ་རྒྱུ་བཞི་ངེས་པར་བསྒྲུབ་དགོས་པས་ཀྱང་། ལས་མ་བྱས་པ་དང་མི་འཕྲད་པ་དཔོག་ཐུབ་ཅིང་། ལས་བྱས་པ་ཆུད་མི་ཟ་བ་ཡིན་པས་ན་ལས་མི་དགེ་བ་བསགས་ཚར་ནས་དེ་ཉིད་གཉེན་པོའི་དག་ཐབས་དང་མ་འཕྲད་ན། དུས་ཡུན་རིང་བསྐལ་བ་བརྒྱར་སོང་ཡང་ལས་དེ་ལ་བམ་རུལ་རྙིང་ནས་མེད་དུ་འགྲོ་མི་སྲིད་ལ། ཚོགས་ཤིང་དུས་སུ་བབས་ཚེ་སྨིན་པ་ནི། བྱ་ནམ་མཁའ་ལ་འཕུར་དུས་རེ་ཞིག་ས་གཞི་དང་བར་ཁྱད་བྱེ་ནས་གྲིབ་མ་མི་མངོན་ན་ཡང་དེ་ས་ལ་བབ་དུས་གྲིབ་མ་འབྲལ་བར་མེད་པར་ནག་རིལ་ལེ་ཐོན་ཡོང་བའི་དཔེ་ཡིས་བསྟན་པ་ཡིན། དེས་ན་ལས་བྱས་པ་འཕེལ་ཆེ་བ་དང་། ལས་མ་བྱས་པ་དང་མི་འཕྲད། བྱས་པ་ཆུད་མི་ཟ་བའི་ཚུལ་རྣམས་ཡང་ཡང་སེམས་ལ་ངེས་པ་བྱས་ནས། ནག་པོ་སྡིག་པའི་ཕྱོགས་ཀྱི་ལས་དེའི་ཀུན་སློང་ཙམ་ཞིག་ཡན་ཆད་ཀྱང་འགོག་ཅིང་། དཀར་པོ་དགེ་བའི་ལས་རྣམས་སྒྲུབ་ཅིང་། དེ་དང་ཉེ་བའི་ཕྱོགས་ཀྱི་ཀུན་སློང་བཟང་པོ་ཞིག་ཡན་ཆད་སྐྱེས་ཐབས་ལ་འབད་དགོས་པ་ཡིན། དཀར་པོ་དགེ་བའི་ལས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་འབྱོང་བ་བྱེད་པ་ཡིན་པ་དེས་ན། ཚོགས་གཉིས་བསགས་ཏེ་སྐུ་གཉིས་མངོན་དུ་བྱས་ནས། དོན་གཉིས་ལྷུན་གྱིས་གྲུབ་པར་བྱེད་པ་སྟེ། མདོར་ན་མཐའ་ཡས་མ་གྱུར་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སྒྲུབ་པའི་བསམ་སྦྱོར་གཉིས་ཀ་ཆ་འཕྲོད་པ་ཞིག་ཡོང་བ་ཡིན། ཚོགས་གཉིས་རྫོགས་པའི་ཐབས་དང་ལྡན་པའི་མདོ་སྔགས་ལམ་གྱི་འགྲོས་ལ་ཁྱད་པར་དུ་མ་ཡོད་ཀྱང་། ཐག་ཐུང་སའི་གོམ་པ་དང་པོ་སྤོ་དུས་ཀྱི་སྒོ་ལམ་མཚམས་སུ་སྣ་ཚུགས་ཁུར་ནས་ལོག་མི་འགྲོ་བའི་ཐབས་ནས་རིམ་པར་སྦྱོང་སྟེ། དགེ་བའི་ལས་ལམ་མཐའ་དག་བྱང་ཆུབ་སེམས་སྦྱོང་གི་ཡན་ལག་ཏུ་གྱུར་པས་མི་ཚད་པར་ཚོགས་གཉིས་མཉམ་དུ་རྫོགས་པའིི་དམིགས་རྣམ་དང་སྦྲེལ་ཐུབ་པ་ནི། བློ་སྟོབས་ཆེན་པོའི་གོམ་པ་བླངས་པ་ཡིན་པས། དེའི་གོམ་ཞེང་གཞན་དང་མི་འདྲ་བའི་དམིགས་གསལ་ཅན་ཞིག་སྤོ་ཐུབ་པའི་ཐབས་རྒྱ་ཆེ་བ་དང་འབྲེལ་ནས་ཡོད་པ་ཡིན། དེས་ན་རིང་ལམ། ཉེ་ལམ། ཤིན་ཏུ་མྱུར་ལམ་གྱི་ཁྱད་པར་དང་དབྱེ་བ་མགོ་དང་པོ་ནས་འབྱེད་དགོས་པ་ཡིན། འོ་ན་ལས་ཞེས་པ་འདི་གང་ནས་འབྱུང་བ་ཡིན་ཞེ་ན། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་གསུངས་པ་ལྟར་དུ། རང་བཞིན་གྱིས་དག་པའི་སེམས་ཉིད་ནམ་མཁའ་ལྟ་བུ་དེའི་སྟེང་ལ། དག་པ་སངས་རྒྱས་ཀྱི་ཞིང་དང་ཡོན་ཏན་ཡང་ཡེ་ལྡན་དུ་ཡོད་པའི་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་ཞེས་པ་བྲལ་བའི་གཞིར་གནས་པ་མྱ་ངན་ལས་འདས་པའི་རྟེན་དང་། དེ་ལ་མ་དག་པ་འཁོར་བའི་རྒྱུ་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་དང་། ཐར་བ་ཆ་མཐུན་གྱི་དགེ་བ་འདུས་བྱས་དག་ཀྱང་བརྟེན་ནས་ཡོད་པས་ཆོས་ཉིད་ངོ་བོ་ཀ་དག་ལས་ཆོས་ཅན་རྟེན་འབྲེལ་བསླུ་མེད་དུ་འབྱུང་བ་འདི་ནམ་མཁའ་ལས་སྤྲིན་བྱུང་བ་དང་། ཆུ་ལས་ཆུ་རླབས་འབྱུང་བའི་དཔེ་ཡིས་མཚོན་པ་ཞིག་ཡིན་པས་ན། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་མ་གྲུབ་ཀྱང་། མེད་ན་མི་འབྱུང་བའི་རྒྱུ་འབྲས་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་དེ་ཤེས་ན་ཤེས་རབ་ཀྱིས་ལྟ་བ་དག་པ་ཡིན། འོན་ཀྱང་ཐབས་ཀྱིས་སྤྱོད་པ་དག་དགོས་ཕྱིར་འཁྲུལ་བ་རང་ངོས་ནས་དག་མེད་ཚེ་རྒྱུ་འབྲས་སྤང་བླང་ཕྲ་ཞིབ་ཏུ་མ་ཕྱེད་ན། ཡང་གོམ་པ་སྤོ་དུས་ཐག་རིང་ལ་ཐོན་མ་དགོས་སྒོ་ཐེམ་མ་བརྒལ་བའི་གོ་ཁ་ངོ་མ་ནས་ཡར་ལངས་པ་དང་མཉམ་དུ་མར་སྣ་ཚུགས་ཁུར་ནས་ཡོད་པ་ཡིན། དེས་ན་ཆོས་ཞུགས་ལས་དང་པོ་བའམ་ཞུགས་ནས་ཡུན་རིང་སོང་བ་ཡིན་ན་ཡང། རྒན་པོ་བྱིས་པའི་ན་ཚོད་ཅན་ལུས་སྟོབས་རྫོགས་ཀྱང་བློ་སྟོབས་མ་རྫོགས་པའི་གང་ཟག་ལ། དོན་དམ་པར་མེད་པས་མེད་གོ་མི་ཆོད་པས་དགེ་སྡིག་ལ་བླང་དོར་ཕྲ་ཞིབ་ཀྱིས་བྱེད་དགོས་པ་ཡིན། ཐོག་མར་སེམས་ཅན་འཁྲུལ་བའི་སྐབས་སུ་ཕྱིར་སྣང་དུ་ཤེས་པ་གསལ་རིག་ལ་ཤར་ཡོང་དུས། ཤེས་པ་རང་གི་ངོས་ནས་ལུང་མ་བསྟན་ཡིན་ནའང་། འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །བདག་གིས་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་གསུངས་པ་ལྟར་དུ་དང་པོར་བདག་དང་བདག་གི་བ་ཞིག་ལ་དམིགས་ནས། གཟུང་འཛིན་རྒྱང་ཆད་དུ་སོང་ནས་བདག་དང་བདག་གི་བ་དེ་དང་དེ་ལྟར་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ཞིག་སྐྱེས་པ་ཡིན། དེ་ལ་བརྟེན་ནས་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང་། གཞན་ལས་རང་ཉིད་མཆོག་འཛིན་གྱི་ང་རྒྱལ་ལ་སོགས་པའི་ལྟ་ལོག་སྐྱེས་ཤིང་། དེ་སྐྱེས་པའི་སྟོབས་ཀྱིས་བདག་མེད་སྟོན་པའི་སྟོན་པ་དང་། དེས་བསྟན་པའི་དམ་ཆོས་དང་། ཁྱད་པར་དུ་ལས་འབྲས་ཀྱི་རྣམ་གཞག་སོགས་མི་བདེན་ནོ་སྙམ་པའི་ལོག་ལྟ་སྐྱེས། དེ་ལ་བརྟེན་ནས་ཉོན་མོངས་སྐྱེས། དེའི་དབང་གིས་ལས་སྣ་ཚོགས་བསགས་ནས། འཁོར་བའི་གནས་རིས་འདྲ་དང་མི་འདྲ་ལ་སྐྱེ་བ་བླངས་ནས་སྡུག་བསྔལ་གྱི་རིགས་རྣམ་པ་སྣ་ཚོགས་པ་མྱོང་བ་འདི་བྱུང་བ་ཡིན། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་མཐར་གཏུགས་ནས་དེད་ན་མ་རིག་པ་ལ་ཐུག་ཅིང་། དེ་ཡང་འཇིག་ལྟ་དང་མ་རིག་པ་གཉིས་སོ་སོར་འདོད་པའི་ལུགས་ལྟར་དུ་བྱས་ན། དཔེར་ན་མུན་རུབ་པའི་ནག་གྲིབ་གསལ་མ་རབ་རིབ་ལ་ཐག་པའི་གནས་ལུགས་གསལ་བོ་ཞིག་མ་རིག་པར་དེ་ལ་སྦྲུལ་འཛིན་གྱི་བློ་སྐྱེས་པ་དང་འདྲ་བར་ཕུང་པོའི་གནས་ལུགས་ལ་སྒྲིབ་པའི་མ་རིག་པའི་མུན་པ་དེ་ལས་ཕུང་པོར་བདག་འཛིན་གྱི་འཁྲུལ་བ་སྐྱེས་པ་དང་། འཁྲུལ་བ་དེ་ལས་ཉོན་མོངས་གཞན་དག་སྐྱེ་བ་ཡིན། མ་རིག་པ་དང་འཇིག་ལྟ་གཉིས་ཀ་གཅིག་ཏུ་འདོད་པའི་ལུགས་ལྟར་དུ་བྱས་ན་འཇིག་ལྟ་ཁོ་རང་ཉོན་མོངས་ཀྱི་རྩ་བ་ཡིན་པ་ནི། ཚད་མ་རྣམ་འགྲེལ་ལས། ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཅན། །གསུངས་པ་ལྟ་བུ་སྟེ། འཇིག་ལྟས་བདག་ཏུ་བཟུང་ཡོང་དུས་རང་གཞན་སོ་སོར་ཕྱེས་ནས་ཆགས་སྡང་བསྐྱེད། བདག་དེ་ལ་རྟག་ཆད་དུ་ལྟ་བ་དང་། ལྟ་བ་དེ་དང་སྤྱོད་པ་ངན་པ་ལ་མཆོག་ཏུ་འཛིན་པ་དང་ལོག་ལྟ་སོགས་ཀྱང་རང་ཤུགས་ཀྱིས་སྐྱེ་བ་ཡིན་པས། ཉོན་མོངས་སྐྱེ་བའི་རྒྱུ་རྟེན་དང་དམིགས་པ་དང་འདུ་འཛི་ལ་སོགས་པ་དྲུག་ལ་བརྟེན་ནས། ཆགས་སོགས་ཉོན་མོངས་སྐྱེས་ནས་ལས་བསགས་པ་ནི། དབུ་མ་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར་དུ་ཉོན་མོངས་དུག་གསུམ་ནི་ངོ་བོ་ཉིད་ཀྱི་མི་དགེ་བ་དང་། མི་དགེ་བ་དེས་ཀུན་ནས་སློང་བའི་ལས་ནི་མཚུངས་ལྡན་གྱི་མི་དགེ་བ་དང་། ཉོན་མོངས་པ་ཀུན་ནས་སློང་བྱེད་ནི་སེམས་བྱུང་སེམས་པའམ་ཡིད་རྟོག་བཅས་ཡིན། ཉོན་མོངས་པ་ནི་ཡུལ་ལ་བརྟེན་ནས་སྐྱེ་དགོས་ལ། དེ་ཡང་ཡུལ་ཡིད་འོང་ལ་བརྟེན་ནས་འདོད་ཆགས། ཡུལ་ཡིད་དུ་མི་འོང་བ་ལ་བརྟེན་ནས་ཞེ་སྡང་། བར་མ་ལ་བརྟེན་ནས་གཏི་མུག་སྐྱེ་བའི་རྒྱུ་གོང་ནས་སྨྲོས་མ་ཐག་ལ། ཉོན་མོངས་པས་ཀུན་ནས་སློང་སྟེ་སྤང་བྱ་མི་དགེ་བའི་ལས། སྲོག་གཅོད་ལ་སོགས་ལུས་ཀྱི་ལས་གསུམ་དང་། རྫུན་དང་ཕྲ་མ་ལ་སོགས་ངག་གི་ལས་བཞི་དང་། བརྣབ་སེམས་གནོད་སེམས་ལ་སོགས་ཡིད་ཀྱི་ལས་གསུམ་འབྲས་བུ་དང་བཅས་པ་སྐྱེད་ཅིང་། བསྒྲུབ་བྱ་དགེ་བའི་ལས་ཀྱང་བསགས་པའི་སྒོ་ནས་བསྡུས་ཡོང་ན། སྒོ་ལུས་ངག་ཡིད་གསུམ་ལ་བརྟེན་ཡོད་པའི་མི་དགེའི་ལས་ལམ་བཅུ་བོ་ལས་ལྡོག་པའི་མི་དགེ་བཅུ་སྤང་གི་ཚུལ་ཁྲིམས་དང་། སྲོག་གཅོད་སྤང་ནས་སྲོག་བསྐྱབས་པ་ལ་སོགས་པའི་དགེ་བཅུ་ཁྱད་པར་བ་འབྲས་བུ་དང་བཅས་པའི་དགེ་སྡིག་དཀར་ནག་གི་ལས་འབྲས་ཀྱི་རྣམ་གཞག་འདི་འབྱུང་བ་ཡིན། རང་རེ་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་ལ་ཞུགས་པ་ཞིག་ལ་མཚོན་ན། འཁོར་བའི་སྡུག་བསྔལ་མཐའ་དག་སྤངས་པའི་ཐར་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་རང་གཞན་འགོད་འདོད་ཀྱི་ཐུགས་བསྐྱེད་སྔོན་དུ་སོང་བའི་སྒོ་ནས། ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་བསླབ་པར་བགྱི་བ་ནི་མ་ནོར་བྱ་བའི་ལས་ཡིན་པ་དང་། དེ་ལས་ཀྱང་ཚུལ་ཁྲིམས་ཀྱི་བསླབ་པ་ནི་བསླབ་པ་གཞན་གཉིས་ཀྱི་གཞིའམ་རྟེན་དུ་གྱུར་པ་ཡིན་པས། ཐུན་མོང་དང་ཐུན་མིན་གྱི་རྒྱུ་འབྲས་སྤྱི་དང་བྱེ་བྲག་གི་ཚུལ་ལུང་ལས་ཇི་ལྟར་འབྱུང་བ་བཞིན་དུ་བླང་དོར་བྱས་ནས། ཉེས་ལྟུང་གི་རྙོག་མས་མི་གོས་པར་སོ་ཐར་གྱི་འདུལ་ཁྲིམས། བྱང་སེམས་ཀྱི་རྩ་ལྟུང་དང་སྦོམ་པོའི་རྣམ་གཞག་གི་བསླབ་བྱ། སྔགས་ཀྱི་དབང་བཞི་བླང་བའི་དམ་ཚིག་རྣམ་གྲངས་དང་བཅས་པ་ཐམས་ཅད། ཕྲ་ཞིང་ཕྲ་བ་ནས་མི་ཉམས་པ་བྱེད་པ་གལ་ཆེ་ཞིང་། དེ་ཡང་མི་ཤེས་པ་དང་། མ་གུས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་སྟེ་ལྟུང་བ་འབྱུང་བའི་སྒོ་བཞི་ལ་ཤིན་ཏུ་གཟབ་དགོས་པ་ལས་དེ་དག་གི་དབང་གིས་འགལ་ཉེས་ཤོར་བ་ཡིན། དེ་ཡང་མི་ཤེས་པའི་ལྟུང་བ་འབྱུང་བའི་སྒོ་འགོག་པ་ལ། སོར་བྱང་སྔགས་གསུམ་གྱི་བསླབ་བྱའི་གནས། བཤེས་གཉེན་ཚུལ་དང་ལྡན་པ་ཞིག་ལ་བསྟེན་ནས་བསླབ་བྱའི་གནས་ཆེ་ཕྲ་ཐམས་ཅད་ཤེས་པར་བྱེད། མ་གུས་པའི་ལྟུང་བ་འབྱུང་བའི་སྒོ་འགོག་པར་བྱེད་པ་ལ་བསླབ་པ་དང་དེ་སློབ་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ཐམས་ཅད་ལ་གུས་པར་བྱེད་པ་དང་། བག་མེད་པའི་ལྟུང་བ་འབྱུང་བའི་སྒོ་འགོག་པར་བྱེད་པ་ལ་རང་རྒྱུ་མཚན་དུ་བྱས་པའི་ངོ་ཚ་དང་། གཞན་རྒྱུ་མཚན་དུ་བྱས་པའི་ཁྲེལ་ཡོད། དྲན་ཤེས་བཞིན་དང་ལྡན་ཞིང་བག་ཡོད་པ་གསུམ་པོ་དང་མི་འབྲལ་བར་བྱེད་པ་དང་། ཉོན་མོངས་མང་བའི་ལྟུང་བ་འབྱུང་བའི་སྒོ་འགོག་པ་ལ། སྤང་སྒྱུར་ལམ་བྱེད་ལ་སོགས་པ་ཐེག་པ་སོ་སོའི་འགྲོས་དང་། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་ཐུན་མིན་གྱི་ཡེ་དག་བྱང་ཆུབ་ཀྱི་སེམས། སྤང་བླང་བྱ་རྩོལ་ལས་འདས་པ་ལ་ཐུགས་གཞོལ་བའི་ཉམས་ལེན་གྱི་གནད་དང་བསྟུན་པར་བྱེད་པའམ། དོན་དམ་པའི་གཤིས་ལ་ལས་ཞེས་པ་ཞིག་མེད་ཀྱང་། ཀུན་རྫོབ་རྨི་ལམ་དང་འདྲ་བར་སྣང་བའི་སྐབས་འདིར། ལས་དགེ་དང་མི་དགེ་འབྲས་བུ་བདེ་སྡུག་སོ་སོར་བྱེད་པ་ཡིན་པས་ན་ལས་འབྲས་ཕྲ་ཞིང་ཞིབ་པའི་སྒོ་ནས་སྤང་བླང་འདོར་ལེན་བྱེད་པར་གཟབ་དགོས་པའི་ཚུལ་ཅུང་ཙམ་ཞུས་ནས། སྐབས་འདིར་གང་ཞིག་འཆད་ཉན་བྱེད་བཞིན་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་ལས། གོང་དུ་ཤན་འབྱེད་ཀྱི་འཕྱོངས་ཆེན་པོའི་ཐེ་ཚོམ་གྱི་རྟོག་མཐའ་བསལ་བའི་སྐབས་ཀྱི། རང་བྱུང་གི་དགོངས་པར་བཞག་པས་འཁྲུལ་སྣང་འཁོར་བ་དག་ལུགས་ཀྱི་ཤན་འབྱེད་དང་། རིག་པ་རང་མལ་དུ་ཤན་འབྱེད་པས་ཞི་གནས་དང་སོ་སོར་དབྱེ་བ་གཉིས་གོང་དུ་སོང་ནས་དེ་རིང་།

ག༽གསུམ་པ་ཀུན་གཞི་དང་ཆོས་སྐུའི་ཁྱད་པར་ཤན་དབྱེ་བ།

ཀུན་གཞི་དང་ཆོས་སྐུའི་ཁྱད་པར་ཤན་དབྱེ་བ་ལས།

ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད།།

དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས།།

ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ།།

དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི།།

དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ།།

དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན།།

ཞེས་གསུངས་ཏེ། རིག་པའི་རང་ངོ་མེ་ལོང་ལྟ་བུ་དང་དེའི་རྩལ་དྭངས་ལྟ་བུ་ལས་རོལ་བ་གཟུགས་བརྙན་དང་འདྲ་བར་ཤར་དུས་རིག་པའི་ངོ་བོ་ཆོས་སྐུར་གནས་པའི་ངང་ལས་མ་གཡོས་པར་བྱ་བ་ནི་ཆོས་སྐུའོ། །ཀུན་གཞི་ནི་རིག་པ་ཟང་ཀར་མ་རྟོགས་པའི་རྟོག་མེད་ལུང་མ་བསྟན་ཏེ། དེའི་ངང་ལ་གནས་ན་ཁམས་གོང་མའི་ལས་སོག་པས་བསམ་གཏན་གྱི་སྒྲིབ་པའོ། །དེའི་ངང་ལས་ཀུན་གཞི་རྣམ་པ་ཤེས་པའི་ཆ་དང་། ཚོགས་དྲུག་ཡུལ་ལ་འཆར་བས་དབང་ཤེས་ཡུལ་ལ་ཕར་འཕྲོ་བ་ནི། འཁོར་བ་ཟང་ཀའི་ལས་སོག་པ་སྟེ། མདོར་ན་འཁོར་བའི་ཆོས་ཐམས་ཅད་ཀུན་གཞི་ལ་བརྟེན་པའོ། །ཆོས་སྐུའི་ངང་ལས་གཡོས་ན་ཡིད་དཔྱོད་ཡིན་ལ་དེ་ཉིད་འཁོར་བ་དང་རྒྱུ་འབྲས་ཡིན་ཕྱིར། དེ་གཉིས་ཀ་ཤན་འབྱེད་ཀྱིས་ཤན་ཕྱེས་པ་དང་། དབྱེ་འབྱེད་ཀྱིས་ལ་ཟློས་པའམ་ཐག་ལེགས་པ་ཞིག་མ་ཆོད་ན་ནོར་བའི་སྐྱེ་བོ་དེ་ཉིད་འོག་ནས་འོག་ཏུ་འགྲོ་བ་ཡིན་པ་དེས་ན་རིག་པའི་རང་ངོ་དེ་ཉིད་མེ་ལོང་ཞིག་ལ་དཔེར་བྱས་པ་དེའི་དྭངས་ལས་གཟུགས་བརྙན་ཤར་བ་ལྟ་བུའི་རིག་པའི་རྩལ་ལས་རོལ་བ་སྣང་སྲིད་སྣ་ཚོགས་སུ་ཤར་བ་ཡིན། དེ་ལྟར་ཤར་བའི་སྐབས་སུ་ཡང་རིག་པའི་ངོ་བོ་ཆོས་སྐུར་གནས་པའི་ངང་ལས་མ་གཡོས་པ་དེ་ཉིད་ནི་ཆོས་ཀྱི་སྐུའོ། །མེ་ལོང་གི་དྭངས་ལས་གཟུགས་བརྙན་ཡག་བཙོག་ཅི་ཞིག་ཤར་རུང་མེ་ལོང་ལ་ཡག་བཙོག་གི་འགྱུར་བ་འགྲོ་མ་མྱོང་པ་ལྟར་དུ། ཆོས་སྐུའི་ངོ་བོ་རིག་པ་དྲི་བྲལ་ནི་རྣམ་པ་ཐམས་ཅད་དུ་ལྡོག་བྱ་མིན་པར་མཐར་ཐུག་གི་གྲོལ་གཞི་རུ་ཡོད་པས་ན་གཉིད་སད་པ་དང་འདྲ་ཞིང་། འོ་ན་ཀུན་གཞི་ཞེས་པ་དེ་ཇི་ལྟར་ཞེ་ན། རིག་པ་ཟང་ཀར་མ་རྟོགས་པའི་རྟོག་མེད་ལུང་མ་བསྟན་ཏེ། དཔེར་ན་གཉིད་དུ་སོང་བ་ལྟ་བུ་ཞིག་ཡིན་ལ། དེ་ཡང་འཁྲུལ་སྣང་རྨི་ལམ་སྣ་ཚོགས་འཆར་བའི་རྟེན་དུ་གྱུར་པ་དག་བྱའི་དྲི་མ་ཡིན་པས་དེ་ལས་སད་དགོས་ཤིང་། མ་སད་ན་དེའི་ངང་ལས་ཀུན་གཞིའི་རྣམ་ཤེས་ཀྱི་ཆ་དང་ཚོགས་དྲུག་ཡུལ་ལ་འཆར་ནས་འཁོར་བའི་ལས་གསོག་པས་ན་འཁོར་བའི་ཆོས་ཐམས་ཅད་ཀུན་གཞི་ལ་བརྟེན་པ་ཡིན་ནོ། །འདིར་རྣལ་འབྱོར་པས་ཆོས་སྐུ་དང་ཀུན་གཞི་མ་ཕྱེད་ན་འཁོར་འདས་ཀྱི་རྩ་བ་མི་ཆོད་པས། ཆོས་བྱས་ཚད་འཁོར་བའི་བསྣོན་མར་འགྲོ་བ་ལས་བཟློག་པའི་ཕྱིར་བཤད་དེ། ཞེས་གསུངས་ཏེ། ཀུན་གཞི་ནི་ཚོགས་བརྒྱད་དང་མཚུངས་པར་ལྡན་པ་ཡིན་པས་གཟུང་འཛིན་དང་བཅས་པ་ཡིན་ལ། གཟུང་འཛིན་དང་བཅས་པའི་དྲན་བསམ་ནི་ཡེ་ཤེས་ཀྱི་སྒྲིབ་བྱེད་ཡིན་པ་དང་། ཆོས་སྐུ་ནི་ཡེ་ཤེས་དང་མཚུངས་ལྡན་སོ་སོ་རང་གིས་རིག་པའི་བདག་ཉིད། དྲན་བསམ་རང་ག་མ་ལས་འདས་པ་ཞིག་ཡིན་པས་ན་དབྱེ་བ་འདི་ལྟར་གསུངས་ཏེ། ཆོས་སྐུ་ནི་ཟང་ཀའི་རིག་པ་རྗེན་ལ་བུད་པ་སྤྲོས་བྲལ་སྟོང་གསལ་འདི་ཡིན་པས། ལས་དང་བག་ཆགས་ཀྱི་རྟེན་མ་ཡིན། ངོ་བོ་སྟོང་པས་ཆོས་སྐུ། ཞེས་གསུངས་ཏེ། དེ་ཡང་ཆོས་སྐུའི་གནས་སྐབས་ན་ངོ་བོ་ཀ་དག་གི་ཡེ་ཤེས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་པོ་གཞི་ལ་ཚང་ཞིང་། འོན་ཀྱང་དེ་མཚན་མ་རིས་ཅན་ཞིག་ནི་མ་ཡིན་ནོ། །རང་བཞིན་གསལ་བས་ལོངས་སྐུ། ལོངས་སྐུའི་གནས་སྐབས་ན་ཆོས་དབྱིངས་ཡེ་ཤེས་ལ་སོགས་པ་སོ་སོའི་མཚན་ཉིད་འཛིན་པའི་ཡེ་ཤེས་སོ་སོར་གསལ་བ་ཡིན་ཡང་ཡུལ་དང་ཡུལ་ཅན་དུ་གྲུབ་པ་མ་ཡིན་ནོ། །ཐུགས་རྗེ་འཆར་གཞི་མ་འགགས་པས་སྤྲུལ་སྐུར་གནས་པའོ། །སྤྲུལ་སྐུའི་གནས་སྐབས་ན་ཇི་ལྟར་མཁྱེན་པའི་ཡེ་ཤེས་དང་། ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་སུ་གནས་ན་ཡང་བྱ་བ་དང་བྱེད་པ་ལས་འདས་པའོ། །ཀུན་གཞིའི་ངོ་བོ་རྟོག་མེད་ལུང་མ་བསྟན་གཟུགས་མེད་པའི་ཤེས་པ་དང་ཆ་འདྲ་བ་གཏི་མུག་གི་ས་པའོ། །ཀུན་གཞིའི་ངོ་བོ་ནི་གང་ལ་མི་རྟོག་པ་རྩེ་གཅིག་རྟོག་མེད་ལུང་མ་བསྟན་པ། འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་ཐོག་མར་སྐྱེས་པ། གཟུགས་མེད་པའི་ཤེས་པ་དང་ཆ་འདྲ་བ་གཏི་མུག་གི་ས་པའོ། །ཀུན་གཞི་དེའི་རང་བཞིན་ཀུན་གཞིའི་རྣམ་པར་ཤེས་པའི་ཆ་ཡུལ་ལ་མ་འཕྲོས་ཤིང་འཕྲོ་ལ་ཁད་པ་ཡུལ་དང་བཅས་པའི་གསལ་རིག་ཅན་དབང་ཤེས་རྣམས་ཀྱི་འཆར་གཞིར་གྱུར་པའོ། །ཐུགས་རྗེའི་དོད་དུ་ཚོགས་དྲུག་གི་ཤེས་པ་ཡུལ་ལ་འཛིན་པ་དང་བཅས་པའོ། །དེ་དག་གིས་འཁོར་བའི་ལས་དུ་མ་སོག་ཀྱང་གཙོ་བོར་ཀུན་གཞིའི་ངང་དུ་གོམས་ན་གཟུགས་མེད། ཀུན་གཞིའི་རྣམ་ཤེས་པའི་ངང་དུ་གོམས་ན་གཟུགས། ཚོགས་དྲུག་གི་ཤེས་པས་འདོད་པར་འཁྲུལ་པའི་གོ་འབྱེད་པའོ། །སྒོམ་པ་པོའི་ཉམས་ལེན་གྱི་སྐབས་སུ་ཚོགས་དྲུག་བཀག་ནས་དྲན་མེད་དུ་སོང་ན་གཏི་མུག་གི་སྒོམ་པར་གོལ་བ་དང་། ཡང་ཡུལ་དྲུག་བཀག་ནས་བསྒོམས་ན་དྲན་པ་ཡོད་ཀྱང་ཡུལ་མི་གསལ་བས་ན་ཞི་གནས་ཕྱོགས་གཅིག་ཏུ་ལྷུང་འགྲོ་ཞིང་། ཡུལ་སྣང་ན་ཡང་ལྟ་བས་མཐའ་མ་ཆོད་པ་ནི་རིག་པ་རྗེན་ལ་བུད་མ་ཐུབ་པར་བློ་གསལ་སྟོང་ཙམ་དུ་གནས་པ་ནི་ཀུན་གཞིའི་རྣམ་ཤེས་ཀྱི་ཕྱོགས་སུ་ལྷུང་བའོ། །དེ་ལྟ་ན་ཀུན་གཞི་བསྒོམ་པ་དང་། ཀུན་གཞིའི་རྣམ་ཤེས་ཤེས་པ་དྭངས་ལ་མི་རྟོག་པ་ཙམ་སྒོམ་པ་དང་། ཚོགས་དྲུག་གི་ཤེས་པ་རྟོག་པ་ཤར་གྲོལ་དུ་སྐྱོང་བ་ཐམས་ཅད་ཁམས་གསུམ་ལས་མི་འདའོ། །ཆོས་སྐུ་ལ་ཀུན་གཞིའི་སྒྲས་བསྙད་པའམ་གཞིའི་ཆ་ལ་ཀུན་གཞིར་བསྙད་པའི་སྐབས་ཡོད་སྲིད་ན་མ་གཏོགས་ལ། གཞན་དུ་ཀུན་གཞི་ཆོས་སྐུར་འདོད་མཁན་ཡོད་ན་ནི་ཐུན་མོང་ཐེག་པ་ཡང་བཀག་པ་ཡིན་པས་ན། གསང་བ་བླ་མེད་ཀྱི་ཐེག་པར་ལྷག་ཏུ་བཀག་ངེས་པ་ཡིན་པ་དེས་ན། རྣལ་འབྱོར་པས་གོམས་པ་ཀློང་དུ་མ་གྱུར་བར་དུ་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་ལ་ཆོས་སྐུའི་དགོངས་པ་དང་། རིག་པ་རང་གསལ་དུ་སྒོམ་མོ་སྙམ་ན་ནོར་སོ་ཆེའོ། །འཁོར་བར་ཡོད་བཞིན་དུ་འཁོར་བའི་སེམས་སྒོམ་པ་ནི་ལམ་ལོག་དེ་བས་ཐུ་མེད་པ་ཡིན་པས། དེ་བས་སེམས་བཟང་མ་ཎི་བཏོན་པས་མི་དགའ་འམ་སྙམ་པ་ཡང་འབྱུང་བ་ཡིན་ནོ། །རྫོགས་པ་ཆེན་པོའི་སྐབས་འདིར་རིག་པ་ཟང་ཐལ་དེ་ངོས་འཛིན་པས་རྩ་བ་ཆོས་སྐུ་ཟིན། རྟོག་མེད་ཀྱི་ཞི་གནས་ལ་སྒོམ་དུ་མི་རེ་བས་ཀུན་གཞི་ལོག དྭངས་དྭངས་པོ་གསལ་རིག་ཅན་ཙམ་ཞིག་ལ་བསྒོམ་པ་ལ་ལམ་མི་བྱེད་པས་ཀུན་གཞིའི་རྣམ་ཤེས་ལོག རྟོག་པ་ཕྱིར་ཤར་བ་ལ་ལམ་མི་བྱེད་པས་ཚོགས་དྲུག་གི་ཤེས་པ་ལོག་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ཡེ་ཤེས་ལ་རྒྱུན་དུ་གནས་ཏེ། ངོ་བོ་གང་དུའང་མ་གྲུབ་པའི་རིག་པ་སྟོང་པར་བབས་ཀྱིས་གནས་པས་ཆོས་སྐུའི་ཡེ་ཤེས། ཟང་ཐལ་གསལ་ཆ་དང་བཅས་པས་ལོངས་སྐུའི་ཡེ་ཤེས། འཆར་གཞི་མ་འགགས་པའི་རིག་པ་ཟང་མར་རྟོགས་པས་སྤྲུལ་སྐུའི་ཡེ་ཤེས་སོ། །ཞེས་གསུངས་ཏེ། ནན་གྱིས་གསུངས་པ་ནི་ནམ་ཡང་རིག་པ་ཟང་ཐལ་དུ་རྗེན་ལ་བུད་པ་དགོས་པའི་གནད་དེ་ཡིན་ནོ། །རིག་པ་རྗེན་ལ་བུད་ནས་ཟང་ཀར་མ་བུད་ན་ཁམས་གསུམ་གྱི་ཤེས་པ་ལས་མི་གྲོལ་བས་འཁོར་བ་འདི་ནས་སྔ་འདྲེས་གཅིག་གིས་མི་འཕགས་སོ། །འཁོར་བའི་ཆོས་ཐམས་ཅད་སེམས་ལ་བརྟེན་པ་འབའ་ཞིག་ཡིན་པས་ན། སེམས་ཀྱི་ངོ་བོ་དང་དེའི་གཞི་དག་ཚེ་འཁོར་བ་དག་པ་དང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རིག་པའི་ཡེ་ཤེས་ལ་བརྟེན་པས་ན་རིག་པ་ཡིན་ཐོག་ཏུ་བཞག་ན་སངས་རྒྱས་རང་ཤུགས་སུ་འཆར་བས་ན། འཁོར་འདས་ཀྱི་གནད་ཐམས་ཅད་འདི་གཉིས་སུ་འདུ་བའོ། །དེའི་ཕྱིར་ན་ཀུན་གཞི་དང་ཆོས་སྐུ་ཕྱེད་དགོས་ཏེ། སླར་ཡང་རྒྱས་བཤད་མཛད་པ་ལ། ངོ་བོ་ངེས་ཚིག་དང་བཅས་པའི་དབྱེ་བས་གསུངས་པ་ནི། ཀུན་གཞིའི་ངོ་བོ་བག་ཆགས་ཀྱི་སྣོད་དུ་གྱུར་པ། ངེས་ཚིག་ཀུན་གཞི་འཁོར་བའི་ཆོས་ཏེ། དེའི་གཞི་ཡིན་པས་ཀུན་གཞིའོ། །དབྱེ་ན་ལུས་ཀྱི་ཀུན་གཞི་ལུས་སུ་སྣང་བའི་ཐོག་མ་མེད་པའི་བག་ཆགས་དང་། དེ་ལས་སོ་སོའི་ལུས་ཀྱི་ཚོགས་པའི་རྟེན་དུ་གྱུར་པ་དང་། སྦྱོར་བ་དོན་གྱི་ཀུན་གཞི་ཕུང་པོ་ལ་སོགས་པ་སྲིད་པར་ཀུན་ཏུ་སྦྱོར་བའི་ལས་ཐམས་ཅད་སོག་པའི་རྟེན་མ་རིག་པ་དང་། ཡེ་དོན་གྱི་ཀུན་གཞི་ཐོག་མ་མེད་པའི་མ་རིག་པ་འཁོར་བའི་ཆོས་ལ་ཁྱབ་པར་བརྟེན་པ་སྟེ་གསུམ་མོ། །ཆོས་སྐུའི་ངོ་བོ་རིག་པ་ཟང་ཐལ་སྤྲོས་པ་དང་བྲལ་བ། ངེས་ཚིག་ཡང་དག་པའི་ཆོས་དོན་གྱི་ངོ་བོ་སྟེ། དེའི་རྟེན་བྱེད་པས་སྐུའོ། །དབྱེ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་སྐུ་གསུམ་གྱི་ཆར་གནས་པས་གསུམ་མོ། །དེ་ཡང་ཐལ་འགྱུར་ལས། ཀུན་གཞི་དང་ནི་ཆོས་སྐུའི་གནད། །དེ་ལ་ཀུན་གཞི་རེ་ཞིག་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ངོ་བོ་ངེས་ཚིག་དབྱེ་བར་བཅས། །ངོ་བོ་བག་ཆགས་རྣམས་ཀྱི་སྣོད། །དབྱེ་བ་ལུས་དང་སྦྱོར་བ་དང་། །སྣ་ཚོགས་པ་དང་ཡེ་གཞིའོ། །ངེས་ཚིག་ཀུན་ནི་འདུས་པ་ལས། །གཞི་ནི་ཚོགས་ཤིང་སོག་པའོ། །ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་གར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱིས་ཕྱེ་བས་ཁྱད་པར་འཇུག །ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་འགྲུབ་པའོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཉིད་ནི་བསགས་པའི་ཕྱིར། །ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་སྦགས་དྲན་པ་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང་། །རང་དག་མཚོན་པ་ཀུན་དང་བྲལ། །རྒྱུ་དང་རྐྱེན་བཅས་ཀུན་གཞི་ལ། །བག་ཆགས་སོག་ཕྱིར་རྫིང་དང་འདྲ། །ཆོས་ཀྱི་སྐུ་ནི་བག་ཆགས་བྲལ། །ཡིད་དང་སེམས་སྩོགས་འདུས་པ་ལས། །ལུས་ཅན་ཀུན་གཞི་དུ་མར་སྣང་། །ཆོས་སྐུ་ཡིད་སོགས་བྲལ་བས་ན། དུ་མ་གཟུགས་སྣང་ལུས་མེད་པའོ། །ཞེས་སོ། །རྒྱས་པར་ནི་འོད་གསལ་རིན་པོ་ཆེའི་མཛོད་དུ་ཤེས་པར་བྱའོ། །ཞེས་ཚིག་དོན་མཛོད་དུ་ཞལ་འཕངས་པའོ། །ཚིག་དོན་མཛོད་ལས། ཀུན་གཞི་དང་ཆོས་སྐུའི་དབྱེ་བ་དཔེ་དོན་སྦྲེལ་ཏེ། ཀུན་གཞི་ནི་འཁོར་བའི་རྩ་བ་དང་། བག་ཆགས་སྣ་ཚོགས་ཀྱི་རྟེན་བྱེད་པའི་ཆ་ནས་གྲུ་གཟིངས་ལྟ་བུ་ཞིག་ཡིན་པ་དང་། ཆོས་སྐུ་ནི་མྱ་ངན་ལས་འདས་པའི་རྩ་བ། བག་ཆགས་ཐམས་ཅད་དང་བྲལ་བས་ན། ཟག་པ་ཟད་པ་རྒྱ་མཚོ་དྭངས་པ་ལྟ་བུ་ཞིག་ཡིན་པར་གསུངས་པ་དང་། གཞིར་གནས་ཀྱི་ཆོས་སྐུ་རྒྱ་མཚོ་དྭངས་པ་ལྟ་བུ་དེའི་ངང་ན་ཀུན་གཞི་གྲུ་གཟིངས་ལྟ་བུ་དེ་ལ་སེམས་རྣམ་ཤེས་ཀྱི་ཚོགས་པ་མང་པོ་མི་ཅ་ལག་དང་བཅས་པས་གྲུ་གཟིངས་གང་ཡོད་པ་ལྟ་བུ་སྟེ་ཆོས་སྐུའི་ངང་ལས་དེ་ཉིད་མ་རྟོགས་པར་འཁྲུལ་བའི་ལམ་བྱུང་བ་ནི་དེ་ལྟར་ཡིན་པར་གསུངས་སོ། །ཀུན་གཞི་དང་ཆོས་སྐུ་གཅིག་ཡིན་ན། ཆོས་སྐུ་བག་ཆགས་དང་བཅས་པར་ཐལ་བ་དང་། ཆོས་སྐུ་གནས་འགྱུར་དགོས་པར་ཐལ་བ་དང་། ཆོས་སྐུ་རེ་འགའ་བར་ཐལ་བ་སོགས་ཀྱི་སྐྱོན་མང་པོ་ཞིག་ལྡོག་མེད་དུ་འབབ་པར་གསུངས་སོ། །ཀུན་མཁྱེན་ཕྱི་མས་ཀྱང་རྣམ་མཁྱེན་ཤིང་རྟ་ལས་དེ་བཞིན་དུ་རྒྱས་འགྲེལ་མཛད་དེ་གསུངས་པ་ཡིན་ནོ། །དེ་ཡན་གྱིས་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་སོང་སྟེ། ད་ནི་སེམས་དང་ཡེ་ཤེས་ཀྱི་ཤན་འབྱེད་ནི། སེམས་དང་ཡེ་ཤེས་ཀྱི་གནད་ཀྱང་། སེམས་ཀྱི་ངོ་བོ་འཁྲུལ་རྟོག་གོ །ངེས་ཚིག་ཡུལ་ལ་སེམས་པས་ན་སེམས་སོ། །དབྱེ་ན་དག་པའི་སེམས་ཐར་པར་ཕྱོགས་པ་དང་མི་རྟོག་པ། མ་དག་པའི་སེམས་འཁོར་བར་རྟོག་པའོ། །ཡེ་ཤེས་ཀྱི་ངོ་བོ་ཆོས་སྐུའི་ཆ་ལས་ཤེས་རིག་གི་ལྡོག་པ་ལ་ངོས་གཟུང་བའོ། །ངེས་ཚིག་ཡེ་ནས་དེ་ལྟར་ཆོས་སྐུ་ལ་གནས་པའི་ཤེས་པ་ཡིན་པས་ཡེ་ཤེས་སོ། །དབྱེ་ན་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། མཚན་ཉིད་འཛིན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་སོགས་པ་ལྔ། ཡུལ་ལ་ཀུན་ཁྱབ་ཀྱི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་སོ། །རྫོགས་ཆེན་གྱི་སྐབས་སུ་སེམས་དང་ཡེ་ཤེས་སུ་གསུངས་པ་འདི་གཞུང་ལུགས་ཕལ་ལ་གྲགས་པའི་སེམས་དང་ཡེ་ཤེས་ཀྱི་བརྡ་ཆད་དང་བསྲེ་བ་མི་བྱ་ཞིང་། སེམས་ཀུན་རྟོག་བརྒྱད་ཅུ་སྣང་གསུམ་དང་བཅས་པ་ཡིན་ལ། ཡེ་ཤེས་ནི་རིག་སྟོང་རྣམ་པར་མི་རྟོག་པ་འོད་གསལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་ངོས་འཛིན་དགོས་སོ། །ཐལ་འགྱུར་ལས། སེམས་དང་ཡེ་ཤེས་གནད་ཉིད་ནི། །སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། །ངོ་བོ་འཇུག་ཅིང་ཁྱབ་པ་ལ། །དྲན་བསམ་རྣམས་ཀྱི་གཞི་མའོ། །དབྱེ་བ་དག་དང་མ་དག་པའོ། །ངེས་ཚིག་བསམ་པས་དྲན་ཡུལ་སྐྱེ། །གང་ལ་སེམས་དང་གང་གིས་སེམས། །གང་སེམས་པ་དང་གང་ཕྱིར་སེམས། །ཡེ་ཤེས་རྟོག་པ་མ་ཡིན་ཏེ། །ངོ་བོ་རང་གསལ་སྙིང་པོའི་དོན། །དབྱེ་བ་དག་ནི་གསུམ་དུ་འདོད། །ངེས་ཚིག་ཡེ་ནས་གནས་པའི་དོན། །དེ་ལྟར་ཤེས་པས་ཡེ་ཤེས་སོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། སེམས་ནི་འདུས་ཚོགས་འབྱུང་བའི་ཕྱིར། །དྲི་མ་ཉིད་དང་ཡང་སྦགས་པས། །ཀུན་གཞི་སྡུད་པའི་སེམས་ལ་སོགས། །དྲི་མའི་གྲངས་སུ་གྱུར་པས་ན། །སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་ས། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཐུགས་ནི་བསྐྱོད་པ་ཀུན་བྲལ་བས། །བེམ་པོ་ལྟ་བུ་མ་ཡིན་ཏེ། །ཤེས་ཤིང་རིག་པ་གསལ་བྱེད་སྣང་། །རྣམ་པར་རྟོག་པ་ཀུན་བསྲེགས་ཏེ། །ཡེ་ཤེས་ཉིད་ནི་མེ་བཞིན་ཟ། །ནམ་མཁའ་ཉིད་དང་མཚུངས་པ་ཡིན། །སྟོང་གསལ་རིག་བཅས་ཉིད་ཡིན་ནོ། །དེ་ཕྱིར་ཡེ་ཤེས་སྣང་བར་སྟོན། །འབྱེད་མེད་ཐུགས་རྗེ་རང་ཤར་བས། །ཁྱབ་ཅིང་ཀུན་འགྲེལ་ཆོས་ཀུན་རྫོགས། །དྲན་པ་ཉིད་ནི་དྲན་མེད་པས། །ཡེ་ཤེས་དྲན་གཞི་ཉིད་དང་བྲལ། །ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། །གཞི་གནས་དག་པའི་ཡེ་ཤེས་དང་། །མཚན་ཉིད་འཛིན་དང་ཡུལ་ཁྱབ་བོ། །ཞེས་གསུངས་སོ། །འདི་དག་གི་རིམ་པ་རྒྱས་པར་ནི་ཐེག་པའི་མཆོག་རིན་པོ་ཆེར་བསྟན་པ་བཞིན་རྟོགས་པར་བྱའོ། །ཐེག་མཆོག་མཛོད་དུ་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ཤིན་ཏུ་རྒྱས་པར་བསྟན་མཛད་པ་ལས་མདོར་བསྡུ་ན། སེམས་ནི། རྩ་བ་མ་རིག་པ་དང་མཚུངས་པར་ལྡན་པ་དྲི་མ་དང་བཅས་པའི་ཆོས་འཁོར་བ་རང་ཀ་མ་ཡེ་ཤེས་ཀྱི་ཉི་མ་སྒྲིབ་པས་སྤྲིན་དང་འདྲ་ལ། ཡེ་ཤེས་ནི། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པ་དྲི་མ་མེད་ཅིང་སེམས་ཀྱི་དྲན་བསམ་དང་ལྷན་ཅིག་མི་གནས་པ་ཉི་མ་ལྟ་བུར་གསུངས་པ་དང་། དེའང་རིག་པ་ལ་སྒྲིབ་བྱེད་སེམས་དེ་ཡོད་པར་ལྡན་པས་སེམས་ཅན་ཞེས་བྱ་ལ། སེམས་དེས་ལས་བསགས་པས་འཁྲུལ་པ་ཉིང་འཁྲུལ་གཅིག་ནས་གཅིག་ཏུ་འཁོར་བའི་ལས་བྱེད་པས་ན་འཁོར་བ་ཞེས་པའི་མིང་ཐོགས་པ་དང་། དེས་ན་ཁམས་གསུམ་འཁོར་བ་ལས་གྲོལ་བའི་རིག་པ་དྲི་མ་དང་བྲལ་བ་མངོན་དུ་གྱུར་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་དེ་སེམས་ཡིན་པར་བསྟན་པ་དང་། སེམས་དེ་ཡང་གཟུང་བ་ཡུལ་གྱི་སེམས་ཡུལ་སྣང་འདི་དང་འདིའོ་ཞེས་བརྡ་དང་མིང་དང་སྤྱི་འཛིན་པ་དང་། འཛིན་པ་ཡུལ་ཅན་གྱི་སེམས་དེའི་ཁྱད་པར་ལ་དཔྱོད་ཅིང་ཞིབ་མོར་འབྱེད་པ་གཉིས་ཀྱི་ཁྱད་པར་དང་། འདིའི་ངོ་བོ་ངེས་ཚིག་དབྱེ་བ་ལ་སོགས་པ་དང་། དག་པའི་སེམས་དང་མ་དག་པའི་སེམས། རྩ་ཉོན་ཉེ་ཉོན་དང་གཟུང་འཛིན་གྱིས་ཕྱེས་པའི་སྟོང་ཕྲག་བརྒྱད་ཅུ་རྩ་བཞི། དུག་གསུམ་དང་ཆ་མཉམ་ལས་གྱུར་པ་བརྩིས་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་མང་ཞིང་། ཡེ་ཤེས་ནི། ནམ་མཁའ་ལྟར་སྤྲོས་པ་ཞི་ཞིང་། སངས་རྒྱས་ཀྱི་ཆོས་ཚད་མེད་པའི་གཞི་དང་འབྱུང་ཁུངས་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཆོས་སྐུའི་ཁྱིམ་ན་རྟག་ཏུ་གནས་པས་ཉོན་མོངས་པ་དང་བག་ཆགས་ཀྱི་ཚང་ཚིང་ཐམས་ཅད་བསྲེགས་པས་མེ་ལྟར་གནས་པར་གསུངས་ཤིང་། ཡེ་ཤེས་ཀྱི་ངོ་བོ་ནི། སོ་སོ་རང་གིས་རིག་པ་མཁྱེན་ཆར་གནས་པས་ན་ཡེ་ཤེས། ངེས་ཚིག་ནི། ཡེ་ནས་གནས་པའི་དོན་རྟོགས་ཤིང་ཤེས་པས་ན་ཡེ་ཤེས། དབྱེ་བ་ནི། གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཡུལ་ལ་ཁྱབ་པའི་ཡེ་ཤེས་གསུམ་པོས་དབྱེ་གཞི་བྱས་པའི་དབྱེ་བ་རྒྱ་ཆེའོ། །འདིའི་སྐབས་ཀྱི་གསལ་འབྱེད་དམ་ཁྱད་པར་ལུགས་འདི་ལ་གོམས་པ་ཆུང་བའི་རིགས་ཀྱིས་ཤེས་དགོས་པ་ཞིག་ནི། སེམས་སྤོང་དགོས་ཚེ་སེམས་མེད་ན་བེམ་པོ་རྡོ་བ་ལྟ་བུ་ཞིག་ཏུ་འགྱུར་རོ་སྙམ་ན་མ་ཡིན་ཏེ། སེམས་མེད་ཀྱང་ཡེ་ཤེས་ཡོད་པས་རིག་པ་འགག་པ་མ་ཡིན་པའི་ཕྱིར་རོ། །དེའང་མ་རིག་པ་འཁྲུལ་པའི་སེམས་འགགས་པས། ཡེ་ཤེས་གསལ་བའི་ཉི་མ་འཆར་ཏེ། མཚན་མོ་སངས་པས་ཉིན་མོ་ཤར་བ་བཞིན་ནོ། །རིག་པས་མ་རིག་པ་ལ་ཕར་ཁྱབ་ཀྱང༌། མ་རིག་པས་རིག་པ་ལ་ཚུར་མ་ཁྱབ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་བཞིན་ནོ། །སེམས་འགགས་ན་རིག་པ་མི་འགགས་པ་ཡང་། སེམས་ནི་འགགས་ཏེ་རིག་པའི་ཡེ་ཤེས་གསལ་དུས་སེམས་ཀྱི་གཞི་མ་རིག་པ་ཆ་དང་བཅས་པ་འགགས་ཀྱང་། རིག་པ་མི་འགགས་ཏེ་འགག་གཞི་རིག་པ་ཡིན་པའི་ཕྱིར་རོ། །རིག་པའང་མེད་ན་གང་གི་སྟེང་དུ་འགག་པ་བསམ་པར་འོས་སོ། །འདིར་མ་རིག་པ་སེམས་ཀྱི་ཆ་དང་བཅས་པ་འགགས་པས་རིག་པ་ཡེ་ཤེས་སུ་རྒྱས་ཏེ་མཁྱེན་པ་གཉིས་ལ་ལོངས་སྤྱོད་པར་བསྟན་པ་ཡིན་ནོ། །དེ་ལྟར་ཀུན་གཞི་དང་ཆོས་སྐུ། སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ངེས་པ་ནི། རྫོགས་པ་ཆེན་པོ་སྙིང་ཐིག་གི་ཤན་འབྱེད་ཀྱི་གནད་གལ་པོ་ཆེ་ཡིན་པས་དབྱེ་བ་ཕྱེད་པ་ཤིན་ཏུ་གཅེས་སོ། །དེ་ཡན་གྱིས་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་ལ་སོགས་སོང་ངོ་།།

ང༽བཞི་བ་དེ་དག་གི་ཁོངས་ན་རྒྱུ་འབྲས་ངེས་པའི་ཤན་འབྱེད་གནས་པས་དེ་བསྟན་པ།

དེ་དག་གི་ཁོངས་ན་རྒྱུ་འབྲས་ངེས་པའི་ཤན་འབྱེད་གནས་པས་དེ་བསྟན་པ་ནི།

འདི་ཡི་ངང་ལ་རྒྱུ་འབྲས་བྱ་བཙལ་མེད།།

ལྟ་བ་བསྒོམ་དུ་མེད་ལ་སོགས་པ་སྟེ།།

མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི།།

གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལ།།

རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་བས།།

རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག།

ཅེས་གསུངས་ཏེ། ཆོས་སྐུ་ཡེ་ཤེས་ཟང་ཐལ་གྱི་ངོ་བོ་རྗེན་པར་གནས་པས་དོན་དམ་པའི་བདེན་པའི་ངང་ལ་ལྟོས་ནས་རྒྱུ་འབྲས་དང་སྤང་བླང་དང་བྱ་བཙལ་ལ་སོགས་པ་རང་བཞིན་བཅུ་མེད་པར་བསྟན་གྱི། ཀུན་གཞི་དང་དེའི་རྩལ་ལས་རྣམ་ཤེས་དུ་མ་ཤར་ནས་སྣ་ཚོགས་སུ་སྣང་བའི་འཁོར་བའི་ཆོས་ཀུན་ཏུ་རྟོག་པ་དང་བཅས་པ་ལ་རྒྱུ་མེད་འབྲས་བུ་མེད་ལ་སོགས་པ་བརྗོད་ན། རྒྱང་འཕེན་པ་ལྟར་ཆད་པར་ལྟ་བར་འགྱུར་ཏེ། འཁོར་བ་ཀུན་རྫོབ་པའི་ཆོས་རྣམས་ནི་རྒྱུ་རྐྱེན་རྟེན་འབྲེལ་སྒྱུ་མ་ལྟ་བུའི་མཐུ་ལས་སྣང་བ་ཡིན་ནོ། །ཇི་ལྟར་སྣང་བ་ཐམས་ཅད་ཡེ་ནས་ཆོས་སྐུའི་རང་བཞིན་དུ་དག་པ་མངོན་དུ་གྱུར་པའི་རྣལ་འབྱོར་པ་སྣང་ཤེས་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བར་ཐག་ཆོད་པས་མ་ཚད། ཡེ་ནས་ལྷུན་གྲུབ་ཆོས་སྐུར་སངས་རྒྱས་པའི་རང་སྣང་ཡེ་ཤེས་ཀྱི་ངོ་བོ་རང་ཤར་ཏེ། སངས་རྒྱས་ཀྱི་ཞིང་དང་སྣང་བ་ཡེ་ཤེས་ཆེན་པོའི་རོལ་བར་ཐག་ཆོད་སོང་བ་ཞིག་ཡིན་ཚེ། འདི་ཡི་ངང་ལ་རྒྱུ་འབྲས་བྱ་བཙལ་མེད་པ་ཡིན་པས་ན། ལྟ་བ་སྒོམ་དུ་མེད་པ་ལ་སོགས་པ་སྒྲ་ཇི་བཞིན་པར་ཡིན་ལ། ཆོས་སྐུ་ཡེ་ཤེས་ཟང་ཐལ་རྫོགས་པར་མཐོང་དུས་དོན་དམ་བདེན་པ་ལ་ལྟོས་ན་བསྐྱེད་རྫོགས་དབང་དང་དམ་ཚིག་ལ་སོགས་པ་ལོགས་སུ་མི་དགོས་པས། མཐའ་དབུས་གཉིས་སུ་མེད་པའི་བླང་དོར་བྱ་བཙལ་གྱི་ཆོས་བཀག་པའོ། །འོན་ཀྱང་དེ་ལས་གཞན་དུ་གྱུར་པ་སྟེ། རིག་པ་ཆོས་སྐུའི་ཡེ་ཤེས་མངོན་འགྱུར་ལས་གཞན་དུ་གྱུར་པ། མ་རིག་པ་དང་མཚུངས་ལྡན་གྱི་ཀུན་གཞི་དང་དེའི་རྩལ་ལས་ཕྱིར་འཆར་རྣམ་ཤེས་དུ་མ་ཤར་ཏེ། རོལ་པ་ཁམས་གསུམ་འཁོར་བའི་སྣ་ཚོགས་སྣང་བ་དགུ་འཆར་བས་ཞེས་དེ་ལྟར་འགྲེལ་བའི་དུས་སུ་འདིའི་ཕྱིར་འཁྱལ་གྱི་འཁྱལ་འདི་འཆར་ཡིན་པ་ལྟ་བུར་ཡོད་ཅིང་། གཞན་དུ་འཁྱལ་གྱི་དབང་དུ་བྱས་ན་གཞི་རིག་པའི་ངང་ལས་ཕྱིར་ཁ་འཁྱལ་བའི་རིག་རྩལ་མ་རིག་པ་ལས་རོལ་བ་སྣ་ཚོགས་སྣང་སྲིད་དགུ་འཆར་ཞེས་འགྲེལ་ནའང་ཆོག་ཅིང་། དོན་ལ་གཅིག་ཏུ་འབབ་པ་ཡིན། འདིའི་དགུ་འདི་འདོད་དགུ་ཡོད་དགུ་ལྟ་བུའི་མང་ཚིག་གོ །དེའི་ཕྱིར་ན་ལྟ་བ་མཐོན་པོ་ཞིག་རྟོགས་མེད་ཀྱང་ཡོད་པར་བརླམས་ཏེ་རྒྱུ་འབྲས་མེད་ཅེས་དུས་ནམ་ཡང་མ་བརྗོད་ཅིག དེ་ལྟར་སྨྲས་ན་རྒྱང་འཕེན་པ་གསར་བ་རུ་འགྱུར་རོ་ཞེས་པ་དང་། རྒྱུ་རྐྱེན་རྟེན་འབྲེལ་སྒྱུ་མ་ལྟ་བུ་འདི་སྒྱུ་མ་ལྟ་བུའི་འཁྲུལ་སྣང་རང་གི་ངོ་ཁར་བསླུ་བ་མེད་པར་སྣང་བ། སྣང་བཞིན་དུ་བདེན་པས་ན་ཀུན་རྫོབ་བདེན་པ་ཞེས་སུ་གསུངས་སོ། །དེ་ཡང་ཇི་ལྟར་སྣང་ཞེ་ན།

རྟེན་འབྲེལ་རྐྱེན་བྱུང་འདུས་བྱས་གྲངས་བསམ་འདས།།

འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས།།

དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད།།

ཅེས་གསུངས་ཏེ། དག་པའི་ཞིང་དང་བདེ་བ་དང་། མ་དག་པའི་ཞིང་དང་སྡུག་བསྔལ་ནི། ནམ་མཁའི་དབྱིངས་དང་མཉམ་པར་ཁྱབ་པ་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་སྒྱུ་མ་ལྟ་བུ་སྟེ། ངོ་བོ་མེད་པས་སྟོང་པ་ཡིན་ཡང་། རྣམ་པ་སྣང་བ་དེ་རྟེན་འབྲེལ་གྱི་མཐུ་སྟེ། སྒྱུ་མའི་སྔགས་དང་རྫས་ལས་རྟ་གླང་དུ་སྣང་བ་བཞིན་ནོ། །འཕགས་པ་ཡོན་ཏན་རིན་པོ་ཆེ་ཡོངས་སུ་སྡུད་པའི་མདོ་ལས། ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་ཡས། །འཇིག་རྟེན་འདྲེན་པའི་ཤེས་རབ་དེ་ཡང་ཕ་མཐའ་ཡས། །སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་ཡས། །ཞེས་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། དགེ་བའི་ལས་ལས་བདེ་བ་རྣམས་འབྱུང་ཞིང་། །སངས་རྒྱས་ཞིང་མང་མཐའ་ཡས་མཐོང་བར་འགྱུར། །མི་དགེའི་ལས་ལས་སྡུག་བསྔལ་རྣམ་པར་འབྱུང་། །ངན་སོང་ངན་འགྲོ་འབར་བའི་གནས་རྣམས་མྱོང་། །ཞེས་སོ། །ཕྱིའི་རྟེན་ཅིང་འབྲེལ་འབྱུང་ས་བོན་ལས་མྱུ་གུ་ལ་སོགས་པ་དང་། ནང་གི་རྟེན་ཅིང་འབྲེལ་འབྱུང་མ་རིག་པ་ལས་འདུ་བྱེད་དང་། དེ་ལས་རྣམ་ཤེས་ལ་སོགས་པ་རྒྱུ་རྐྱེན་འདུས་པ་ལས་བྱུང་བའི་འདུས་བྱས་ཀྱི་ཆོས། མཐོང་བའི་ཆོས་ལ་མངོན་པར་གྱུར་པ་ཁ་གྲངས་རྩིས་གྲངས་ལས་འདས་པ་བསམ་གྱིས་མི་ཁྱབ་པ་དང་། འཁོར་བའི་འཁྲུལ་སྣང་སྡུག་བསྔལ་གསུམ་གྱིས་བཅིངས་ཤིང་མནར་ནས་ཡོད་པ་དང་། དེ་ལས་གཞན་དུ་ཞི་བ་དང་བདེ་བ། མཐོ་རིས་དང་ཐར་བས་བསྡུས་པ། དེ་ལྟར་གྲངས་བསམ་འདས་པ་དེ་དག་ཀུན་ཀྱང་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་མིན་ཞེས་སུས་ཀྱང་བསྙོན་དུ་མེད་ཅིང་། སངས་རྒྱས་སྐུ་གསུམ་གྱི་ཞིང་ཁམས་བཀོད་ཚུལ་གསུང་བའི་སྐབས་སུ་ས་ཆུ་མེ་རླུང་ནམ་མཁའ་དང་ལྔས་གར་ཁྱབ་ཐམས་ཅད་ཚངས་ཆེན་གྱི་བསྐལ་བའི་ཁོངས་སུ་བསྡུ་བ་དང་། སེམས་ཅན་གྱི་འཁྲུལ་སྣང་དང་རྡུལ་ཕྲན་རེ་རེའི་གོ་ན་ཡང་ཞིང་ཁམས་ཚད་མེད་གྲངས་མེད་དུ་སྣང་བ་ཡིན། དེ་ལ་ཡང་སྣང་ལུགས་མི་འདྲ་བར་བདེ་སྡུག་སྣང་བ་ཐ་དད་པར་སྣང་བ་དེ་དག་དོན་དུ་མ་གྲུབ་པའི་མེད་པ་གསལ་སྣང་ཡིན་ན་ཡང་འཁྲུལ་ངོར་བདེན་པ་རྟེན་འབྲེལ་བསླུ་བ་མེད་པ་ཡིན་ནོ།།

ཅ༽ལྔ་བ་རྒྱུ་འབྲས་ལ་བཟླ་བའི་ཤན་འབྱེད་པ།

རྒྱུ་འབྲས་ལ་བཟླ་བའི་ཤན་འབྱེད་པ་ནི།

གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར།།

ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས།།

གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི།།

གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར།།

ཞེས་གསུངས་ཏེ། ཆོས་སྐུ་དོན་དམ་གྱི་ཡེ་ཤེས་རང་ཐོག་ཏུ་གནས་པའི་དགོངས་པའི་རང་དུས་ན་འཁོར་འདས་དང་རྒྱུ་འབྲས་ལ་སོགས་པ་གང་དུའང་མ་གྲུབ་སྟེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་གྲུབ་བསལ་མེད་པའི་ཕྱིར་རོ། །གཤིས་དེ་ཉིད་ལ་ལས་མེད་པས་འཁོར་བ་ཆད་པ་ལྟར། དུས་ཐམས་ཅད་དུ་དེ་ལས་མ་གཡོས་པར་བྱེད་པ་ནི་རྒྱུ་འབྲས་རྫོགས་པ་ཆེན་པོར་ལ་བཟླ་བ་སྟེ། དགེ་སྡིག་རྒྱུ་འབྲས་ལས་འདས་པ་འདི་ལ་ཟེར་གྱི། གཞན་དུ་རྒྱུ་འབྲས་ལ་འཆོལ་བས་འཁོར་བ་མི་འདོད་ཀྱང་འབྱུང་སྟེ། དྲོད་གཤེར་འཛོམ་པའི་ས་བོན་ཐེབས་ནས་མྱུ་གུ་འབྱུང་བ་ལྟར། གཤིས་ལས་འཁྲུལ་ཆ་ཕྱིར་ཤོར་ན་རྣལ་འབྱོར་མ་འབྱོར་མེད་དོ། །དེས་ན་གཏན་སྲིད་མ་ཟིན་གྱི་བར་ལ་རིག་པ་རྐྱེན་ངན་གྱིས་མ་བསླུས་པ་གལ་ཆེ་བས། ཟང་ཐལ་རིག་པའི་རྩལ་སྦྱོང་མཆོག་ཏུ་གཅེས་སོ། །མུ་ཏིག་ཕྲེང་བ་ལས། འདི་ནི་རྫོགས་སངས་རྒྱས་ཀྱི་ས། །ངོ་བོ་ཉིད་ལས་མ་གཡོས་པའོ། །ཞེས་པ་དང་། རྩལ་རྫོགས་ལས། ཆོས་སྐུ་རྟོག་མེད་རང་སངས་སྒོམ་པ་ཡིན། །དམིགས་པའི་ཡུལ་མེད་རང་གི་དོན་རྟོགས་ན། །འདུ་འབྲལ་མེད་པའི་བསམ་གཏན་ཆེན་པོ་ཡིན། །ཞེས་སོ། །རྒྱུད་ལས་གསུངས་པའི་རྡོ་རྗེའི་གད་མོ་བཅུ་གཉིས་དང་། ངོ་མཚར་བའི་གསང་ཚིག་རྣམ་བདུན་ལ་སོགས་ཀྱི་དགོངས་དོན་སྒྲ་ཇི་བཞིན་དུ་རྒྱུད་ལ་འབྱོར་ནས་ཆོས་སྐུ་དོན་དམ་གྱི་ཡེ་ཤེས་རང་ཐོག་ཏུ་གནས་པའི་རྣལ་འབྱོར་པའི་དགོངས་སྤྱོད་དང་མཐུན་པའི་གཤིས་ལ་སྦྱར་ན། དགོངས་པ་དེའི་རང་དུས་ན་འཁོར་འདས་དང་རྒྱུ་འབྲས་ལ་སོགས་པ་གང་དུ་ཡང་མ་གྲུབ། མ་གྲུབ་པ་ཇི་བཞིན་ལམ་དུ་བྱེད་པ་གཤིས་ཐོག་ནས་མི་གཡོ་བའི་ཆོས་སྐུའི་དགོངས་པ་ཀློང་དུ་གྱུར་པ་དེའི་ཚེ་བརྩིས་པ་ཡིན་ལ། གཤིས་ཐོག་དེར་འཁོར་བའི་རྒྱུ་ལས་ཉོན་མེད་པས་ན་གཤིས་ཐོག་ཏུ་མཐར་ཕྱིན་ཚེ་འཁོར་བ་ཆད་པའམ་མེད་པར་ཡིན་པས་ན་གང་གིས་ཀྱང་གོས་པར་མི་འགྱུར་ཞིང་། དུས་ཐམས་ཅད་དུ་མ་བཅོས་གཤིས་ཀྱི་བཞུགས་ཚུལ་དེ་ལས་མ་གཡོས་ན། རྒྱུ་འབྲས་རྫོགས་པ་ཆེན་པོར་ལ་བཟླས་ཤིང་ཐག་ཆོད་ཚར་བ་ཡིན་པས་ན་དགེ་སྡིག་རྒྱུ་འབྲས་ལས་འདས་པ་ཞེས་པ་ནི་འདི་ལ་གསུངས་པ་ཡིན་གྱི། འདིའི་རྩ་བའི་ཤུགས་བསྟན་འགྲེལ་བར་བཀྲལ་བ། དེ་ལས་གཞན་དུ་རྒྱུ་འབྲས་འཆོལ་ཉོག་ཏུ་སྤྱད་དེ་རྟོགས་མེད་ཀྱང་རྟོགས་མདོག་དང་། གྲུབ་མེད་ཀྱང་གྲུབ་མདོག་བྱས་ཀྱང་གཤིས་ལས་འཁྲུལ་ཆ་ཕྱིར་ཤོར་ན་རྣལ་འབྱོར་མ་འབྱོར་མེད་དོ། །དེ་ནི་མིང་ཙམ་གྱི་རྣལ་འབྱོར་དོན་ལ་རྣལ་དུ་མ་འབྱོར་པའམ་ཡང་ན་མཚན་མ་ཚིག་གི་རྣལ་འབྱོར་ལ་སོགས་རྣལ་འབྱོར་ཐ་མ་པ་ལས་མི་འཕགས་ཏེ། དུག་གི་ལྟོ་ཡོད་པ་རྨ་བྱ་ཙམ་ལས་གཞན་གྱིས་དུག་ཟོས་ན་འཆི་རྒྱུ་ལས་མི་འདའ་བ་ལྟ་བུ་ཡིན་པས་ན། དྲོད་གཤེར་འཛོམས་པའི་ས་བོན་ཐེབས་ན་མྱུ་གུ་མ་སྐྱེས་ན་ཨང་སྙམ་ན་ཡང་སྐྱེ་ངེས་པ་བཞིན་དུ་། འབྲས་བུ་ངན་སོང་གི་སྡུག་བསྔལ་མྱོང་བ་ལས་འོས་མེད་པས། ལམ་འདིར་ཞུགས་པའི་རང་གཞན་ཐམས་ཅད་ཀྱིས་ཉམས་ལེན་གྱི་གཏན་སྲིད་རང་བློ་ཁེལ་བ་ཞིག་མ་བྱུང་གི་བར་དུ་རྐྱེན་ངན་གྱིས་བསླུ་སྐྱེན་པའི་བདུད་དབང་དུ་མི་ཤོར་བར་ཟང་ཐལ་རིག་པའི་རྩལ་སྦྱོང་མཆོག་ཏུ་གནད་ཆེ་བས་གཅེས་པར་ཟུངས་ཤིག་ཅེས་པའོ། །དེ་དག་གིས་གོལ་སྒྲིབ་སྐྱོན་སེལ་གྱི་ཤན་འབྱེད་ཆེན་པོ་ལྔའི་ཆིངས་ཐལ་ལོ། །དེ་ལྟར་ན་འདི་ཡན་གྱིས་གཞག་ཐབས་བཞི་དང་། ཏིང་ངེ་འཛིན་གསུམ་དང་། མདོ་ཆིངས་ཉི་ཤུ་རྩ་གཉིས་ཏེ་བསྡོམས་པས་ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་དགུས་ནི་འདིའི་གལ་མདོ་ངེས་པའི་གཟེར་བུའམ་མི་འགྱུར་བརྟན་པའི་གཟེར་བུའམ་འཛེར་མ་གསུམ་དུ་བསྟན་པས་གནད་མི་འཆུགས་པར་བྱེད་པའོ།།

༼ང༽བཞི་བ་དེ་དག་གི་དོན་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ཆོས་ཉིད་དུ་བསྡུ་བ།

ད་ནི་དེ་དག་གི་དོན་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ཆོས་ཉིད་དུ་བསྡུ་བ་ནི།

ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི།།

རྟེན་མེད་སྒྱུ་མའི་སྤྲུལ་པའི་རྩེད་མོ་བྱེད།།

འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ།།

དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད།།

དེ་ཕྱིར་ཆོས་ཉིད་དགོངས་པ་མ་གཡོས་གཅེས།།

འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་།།

ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས།།

ཞེས་གསུངས་ཏེ། འཁོར་བ་རྒྱུ་འབྲས་ཀྱི་འཁྲུལ་པ་རྨི་ལམ་དང་འདྲ་བ་འདི་ལས་ད་རེས་གྲོལ་བ་དགོས་ལ། དེ་ཡང་རྒྱུ་ལས་དང་ཉོན་མོངས་པ་རྐྱེན་ལ་ཟློས་ན་འབྲས་བུ་འཁོར་བ་མི་འབྱུང་སྟེ། ས་བོན་མེད་ན་དེའི་འབྲས་བུ་མྱུ་གུ་མི་འབྱུང་བ་བཞིན་ནོ། །འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པའི་ཕྱིར་འཁོར་བ་ལྡོག་པ་ལ་དེའི་རྒྱུ་འགོག་པར་ཀུན་མཐུན་ཏེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །ཞེས་འབྱུང་བ་བཞིན་ནོ། །རྒྱུ་འབྲས་ཕྱིན་ཅི་ལོག་འགོག་པའི་ཐབས་ནི་རང་བཞིན་རྫོགས་པ་ཆེན་པོ་ལས་ཟབ་པ་མེད་ལ། དེའི་ལུགས་ནི་དགོངས་པ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པར་བྱེད་པ་སྟེ། འདི་ལ་རེ་དོགས་དང་འཛིན་པའི་མཐའ་ལས་འདས་པ་ཤིན་ཏུ་གཅེས་པ་ཉིད། ཀུན་བྱེད་ལས། བདེ་བ་འདོད་པ་ཆགས་པའི་ནད་ཡིན་པས། །འདོད་པ་མེད་པས་བདེ་བ་ལེན་པར་བྱེད། །སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་གསུངས་སོ། །ཁམས་གསུམ་འཁོར་བའི་གནས་ན་རྒྱུ་ཞིང་སྡུག་བསྔལ་གསུམ་གྱིས་ཉམ་ཐག་པ་ཐམས་ཅད། འཁོར་བ་རྒྱུ་འབྲས་སུ་སྣང་བའི་འཁྲུལ་བ་རྨི་ལམ་ལྟ་བུ་འདི་ལས་སད་དུ་མེད་པ་ནི་སད་ཐབས་མ་ཤེས་པའི་ཁུངས་ནས་བྱུང་ཞིང་། ཀུན་འབྱུང་ཉོན་མོངས་ལས་དང་བག་ཆགས་ཀྱི་ཀློང་ཆེན་འདི་རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱས་པ་ལྟ་བུ་ལས་མ་འདས་པས་དོན་དུ་གྲུབ་པ་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་ཞིག་ཡིན་ཡང་། འཁྲུལ་ངོར་བདེན་པ་སྡུག་བསྔལ་དྲག་པོའི་རྒྱུ་འབྲས་ལས་ཐར་དཀའ་བ་ཡིན་ཕྱིར་གཏན་བདེའི་འདུན་མ་མ་འཕྱུགས་པ་ཞིག་བྱེད་པ་ལ་འདི་ལས་ངེས་པར་ཐར་དགོས་པ་ཡིན་པས་རྒྱུ་འབྲས་ལ་ཟློས་ཏེ་རྒྱུ་རྐྱེན་གྱི་སྟེང་ནས་ཐག་བཅད་དེ་འཁོར་རྒྱུ་དང་འཁོར་རྐྱེན་མེད་པར་གྱིས་ཤིག དཔེར་ན་རྒྱུ་ས་བོན་དང་རྐྱེན་ཆུ་དང་དྲོད་སོགས་མེད་ན་འབྲས་བུ་མྱུ་གུ་མི་འབྱུང་བ་བཞིན་དུ་རྒྱུ་བཀག་ན་འབྲས་བུ་མི་འབྱུང་བ་ནི་འབྲས་བུ་རྒྱུའི་རྗེས་སུ་བྱེད་པ་ཡིན་པས་སོ། །དེའི་ཕྱིར་འཁོར་བ་ལྡོག་པ་ལ་དེའི་རྒྱུ་འགོག་པར་བྱ་དགོས་པ་ནི་མདོ་སྔགས་ཀྱི་ཐེག་པ་ཐམས་ཅད་གུང་མཐུན་པར་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་བ་དང་དེ་འགོག་པའི་ཚུལ་བཅོམ་ལྡན་འདས་ཀྱིས། སྡིག་པ་ཅི་ཡང་མི་བྱ་ཞིང་། །སོགས་ཀྱང་གསུངས་པ་ཡིན། དགེ་བ་ཕུན་སུམ་ཚོགས་པ་ཡང་སྒོས་སུ་རྒྱུ་འབྲས་ཕྱིན་ཅི་ལོག་འགོག་པའི་ཐབས་རང་བཞིན་རྫོགས་པ་ཆེན་པོའི་ཡན་གྱི་ཆོས་དང་མན་ངག་ཟབ་མོ་ཞིག་མེད་པ་དེས་ན་ཆོས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་དགོངས་པ་ལས་མ་གཡོས་པ་ཤིན་ཏུ་གཅེས་པས། འདི་ཉིད་རྒྱལ་བ་ཀློང་ཆེན་པ་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་རེ་དོགས་འཛིན་པའི་མཐའ་ཐམས་ཅད་ལས་འདས་པ་ཞིག་ཏུ་ཞོག་ལ། ཀུན་ཡིན་ཐམས་ཅད་ཆོས་ཉིད་གཅིག་ཏུ་སངས་རྒྱས་པ་ཡིན་པ་དང་། ཀུན་མིན་འཁོར་བའི་འཁྲུལ་སྣང་ཐམས་ཅད་བདེན་པ་ཚུགས་ཐུབ་མིན་པ་སྟེ། མདོར་ན་ཐམས་ཅད་ཡིན་མིན་བློ་ལས་འདས་པའི་རྒྱལ་བའི་དགོངས་པ། འཁོར་འདས་རོ་མཉམ་ཆོས་དབྱིངས་ཉག་གཅིག་གི་ངང་དུ་མ་བཙལ་རང་བཞིན་ལྷུན་གྲུབ་ཀྱི་གནས་ལུགས་མི་གཡོ་བའི་ངང་དུ་ཞོག་ཅིག འདི་ཉིད་གལ་ཆེན་གནད་ཀྱི་གདམས་པ་ཡིན་ལུགས་དང་བཅས་ཏེ་ལེའུའི་མཚན་གྱིས་མཇུག་བསྡུ་བ་ནི། ལེའུའི་གནས་འདི་ནི་འདིའི་ཉམས་སུ་ལེན་པའི་རང་གནད་ངེས་པ་ཕྱོགས་གཅིག་ཏུ་བསྟན་པ་སྟེ་མདོ་ཆིངས་གལ་པོ་ཆེ་ཡིན་ནོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པ་སྟེ། ལེའུ་བཅུ་པའི་འགྲེལ་པའོ།། །།


previousཉིན་བཅུ་དྲུག་པའི་ཆོས་ཁྲིད། no next