Nitartha Digital Library
Tibetan
 
previousཉིན་བཅུ་བདུན་པའི་ཆོས་ཁྲིད། next

ཉིན་བཅུ་བདུན་པའི་ཆོས་ཁྲིད།

གདུལ་བྱ་ཐར་ལམ་ལ་བཀྲི་བའི་ཆེད་དུ་རྒྱལ་བས་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་ཞིག་གསུངས་པ་ཐམས་ཅད་ཀུན། གདུལ་བྱའི་གང་ཟག་བློ་ཐ་འབྲིང་རབ་གསུམ་གྱི་རྒྱུད་ཚོད་དང་བསྟུན་ཏེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་གསུངས་པ་ཞིག་ཡིན་ལ། འདིའི་རིམ་པ་སྐས་ཀྱི་གདང་བུ་ལྟར་དུ་ཞུགས་པའམ། ཡང་ན་ཡོན་ཏན་ཡར་ལྡན་དུ་རྫོགས་པའི་ཚུལ་གྱིས་གོང་མར་འོག་མའི་ཡོན་ཏན་ཐམས་ཅད་ལྡན་དགོས་པ་ཡིན། འོན་ཀྱང་རེ་ཞིག་འོག་མར་གྱུར་པའི་སྐྱེས་བུ་བློ་ཆུང་ངམ་བློ་འབྲིང་དུ་གྱུར་པ། གོང་མའི་ཡོན་ཏན་ལ་རེ་བ་ཆུང་པའི་རིགས་ཅན་ལ། དེའི་བློ་ཚོད་དང་མཐུན་པར་མ་བསྟན་ན། གོང་མ་ནས་སྦྱངས་ཀྱང་བསམ་པ་གོང་མ་མི་སྐྱེ་ཞིང་། འོག་མ་ནི་མ་སྦྱངས་པར་མཐོ་བསྙེགས་བྱས་པས་གོང་མའི་སར་མ་ཐོན་པས་མ་ཚད། འོག་མ་ཡང་མ་ལོན་པར་དེའི་བར་ནས་འདྲ་ཡ་ཁ་འཁྱར་མུག་གྲིར་ཤི་བའི་དཔེ་ལྟར་ཡོང་བ་ཡིན་པས། སྤྱིར་ན་བློ་སྦྱོང་འདི་བློ་ཆེ་འབྲིང་ཆུང་གསུམ་སུ་ལ་ཡང་རྣམ་པ་ཀུན་ཏུ་འབྲལ་མི་རུང་པར་ཡིན་པ་དང་། དོན་དུ་རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་པོ་ཡང་བློ་སྦྱོང་ཡིན་ཕྱིར། ཐུན་མོང་ཐུན་མིན་གྱི་སྔོན་འགྲོའི་སྦྱོང་བ་ལ་བློ་སྦྱོང་ཞེས་པ་ནི་དམིགས་ཀྱིས་བཀར་བའི་ཐ་སྙད་བཏགས་པ་ཙམ་ཞིག་ཡིན། ཁྱད་པར་དུ་བློ་གསར་བུའི་རིགས་ལ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་གི་བློ་སྦྱོང་དང་སྦྲེལ་ཏེ་བཤད་ན་ཕན་ཐོགས་ཆེན་པོར་འབྱུང་བའི་ཚུལ། མགོན་པོ་ཀླུ་སྒྲུབ་ཀྱིས། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང་། །ཞེས་གསུངས་པ་ལྟར་དུ། གང་ཟག་ཆེ་འབྲིང་ལ་ཡང་མངོན་མཐོ་དང་ཐར་བ་དོན་གཉེར་དགོས་པ་ཡིན་པས་འགལ་མེད་ལམ་གྱི་ཆ་ལག་གཅིག་ཏུ་དྲིལ་ཏེ། ཐུགས་གསོས་རེ་ཞུ་ཤོམ་རེད། དཔེར་ན་ཟས་སྐོམ་གྱིས་མ་འདང་པས་ལྟོགས་ཏེ་ལུས་ཟུངས་ཟད་དེ་ལང་རེ་མེད་པ་ལ་ཉེ་བའི་མི་ཞིག བང་མཛོད་ཆེན་པོ་རིན་ཆེན་སྣ་ཚོགས་དང་། རྒྱན་ཆ་སྣ་ཚོགས། ཡོ་བྱད་སྣ་ཚོགས། ཟས་གོས་ཕུན་སུམ་ཚོགས་པ་ལ་སོགས་པས་གང་ནས་ཅི་འདོད་གང་འདོད་ཐམས་ཅད་ལེན་ཆོག་པ་ཞིག་ཏུ་ཐོན་སོང་ན། དང་པོར་རིན་པོ་ཆེ་སྣ་ཚོགས་གསེར་ལ་སོགས་པའི་རིན་ཐང་ཆེན་པོ་ཅན་གྱི་རྒྱུ་ནོར་ལ་འཐམ་པ་ཡིན་ནམ། ཟས་སྐོམ་ཁ་གང་ལྟོ་བར་ཨེ་འགྲོ་ལྟ་བ་ཡིན་ཟེར་ན། གསེར་དངུལ་དང་རིན་པོ་ཆེའི་རིགས་དེ་དག་ནོམ་ཆེན་པོ་ཡིན་ནའང། མི་དེ་ད་ལྟར་གཟུགས་མགོར་མི་ཆགས་པར་དབུགས་ཁམ་བུ་གང་པོ་འགྲོ་ལ་ཉེ་བ་ཞིག་ཡིན་ཕྱིན་དེ་དག་མི་ལེན་པས་མ་ཚད་སེམས་སུ་ཤི་ལ་ཉེ་བས་རྒྱུ་ནོར་གྱིས་ཅི་བྱེད། དང་པོར་ཟས་ཁམ་གང་ཟ་རྒྱུ་ལོན་ན་ཉམས་ལ་རན་པའི་སྨན་དེ་ཡིན་སྙམ་ནས་ཟ་བར་བྱེད་པ་ཡིན། དེའི་འཕྲོས་ལུས་ཡར་སོས་ཏེ་རྐང་པས་ཁྱག་པ་ཞིག་རེད་དུས་ད་གཟོད་རིམ་གྱིས་རང་གི་གཟུགས་པོའི་སྟོབས་དང་བསྟུན་ཏེ་རྒྱུ་ནོར་གང་བཟང་། དེ་ཡང་རང་ཉམས་ལ་འཕྲོད་པའམ་བེད་ཆོད་ཤག་ཤག་དེ་བླངས་ན་བྱ་བའི་གོ་རིམ་མ་ནོར་བར་ཡིན་པ་དང་། འགྲུབ་རྒྱུ་ཡང་ཡོད་པ་ཞིག་ཡིན། དེ་བཞིན་དུ་སོ་སྐྱེ་ཐ་མལ་པ་སྤྱིར་འཆིང་བ་ཀུན་ལྡན། ཁྱད་པར་དུ་དུས་སྙིགས་མའི་སྐབས་ཀྱི་ངན་སྤྱོད་སྣ་དགུ་བསམ་ངན་སྦྱོར་རྩུབ་འབའ་ཞིག་གིས་ཁེངས་པའི་དུག་གི་ནགས་ཚལ་ལྟ་བུའི་ཁོར་ཡུག་ནས་ཡོང་བ་དེ། དམ་པའི་ཆོས་ལ་ཚ་ཞུགས་བྱས་ཏེ་ཆོས་སྒྲ་ལན་རེ་ལན་གཉིས་གོ་བ་ཞིག་ཙམ་གྱིས། ཟབ་ཆོས་གདམས་པ་ཇི་འདྲའི་མཐོ་ས་ཞིག་ནས་བཤད་ཀྱང་ཉམས་དངོས་ལ་དེ་ཙམ་མ་རན་པ་སྣང་ཞིང་། དེས་མ་ཚད་དམ་པའི་ལྷ་གྲལ་དུ་དམ་པའི་མཚན་བཅངས་ཏེ་ཞུགས་པ་ཙམ་ཡོད་ཀྱང་དམ་པའི་ཡོན་ཏན་འགོ་བ་ཡང་དཀའ་བར་སྣང་སྟེ། མ་ལ་ཡ་ཡི་ནགས་ཀློང་དུ་འཁྱམས་པའི་སྡོང་དུམ་ཕལ་བ་ལ་ཙན་དན་གྱི་དྲི་ཡིས་ཁྱབ་པ་དེ་ཡང་དུས་ཡུན་ངེས་པ་ཅན་ཞིག་དང་། ཆར་གྱིས་བརླན་པའི་ཡལ་འདབ་ཀྱི་ཟིལ་བ་ཕོག་ས་ཞིག་དང་། དེའི་དྲི་བསུང་གི་བསིལ་བཅུད་ཀྱི་ནུས་པ་འདྲེན་པའི་མཐུན་རྐྱེན་ཚོགས་པ་སྟེ་དེ་དག་ཚང་མ་འཛོམས་པ་དགོས་པ་ཡིན་ལ། འོན་ཀྱང་དེ་རིང་ཁ་རྩང་རབ་བྱུང་གི་སྡེར་ཞུགས་ཚད་ཐམས་ཅད་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སྐྱོན་མེད་པ་འབའ་ཞིག་མིན་པས་མ་ཟད། མཐར་མི་ཕྱིན་པ་ཡང་མི་ཉུང་པ་དང་། ཉམས་ལེན་སྙིང་པོའི་དོན་ལ་མི་ཚེ་དྲིལ་བ་ཡིན་ཟེར་རུང་། ལོ་དང་ཟླ་བའི་སྒོམ་སྲན་ཙམ་ཡང་མེད་པའི་དུས་ཡིན་པའི་ཕྱིར། དེས་ན་སྤྱིར་བློ་སྦྱོང་འདི་དག་ལ་གཟབ་དགོས་པ་དང་། ཁྱད་པར་དུ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་གི་བློ་སྦྱོང་འདི་དག་ལ་གཟབ་པ་གནད་ཆེ་བར་སྙམ་ནས། དོ་ཞག་རིང་ལ་དལ་འབྱོར་རྙེད་དཀའ། ཚེ་མི་རྟག འཁོར་བའི་ཉེས་དམིགས་སོགས་ཀྱི་ཐད་ནས་ཞུས་པ་ཡིན། ལས་རྒྱུ་འབྲས་ཀྱི་ཐད་ནས་ཀྱང་། ཁ་རྩང་སྤྱི་ཁོག་གི་གོ་བའི་སྒྲོམ་གཞི་ལྟ་བུའི་ཐད་ནས་རང་བློས་གང་ལྕོགས་ཀྱིས་ཞུས་པ་དེ་དག་རྣམ་པ་ཀུན་ཏུ་ཉམས་ལེན་པ་གསར་རྙིང་ཐམས་ཅད་ཀྱིས། ཐུགས་སྣང་ལ་འཇོག་དགོས་པའི་དོན་ཟབ་གནད་ཆེན་ཞིག་ཀྱང་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས། ལྟ་བ་ནམ་མཁའ་བས་མཐོ་ཡང་། ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ་དགོས་པར་གསུངས་པ་ཡིན་པས། སྤང་པ་བསམ་གཏན་པ་ལྟ་བ་མཐོ་མཐོ་མོའི་སྐད་ཆ་ཇི་ལྟར་བཤད་པ་ཞིག་ཡིན་རུང་། ཀློག་པ་ཐོས་བསམ་པ་གཞུང་བཀའ་པོད་ལྔའི་འཆད་ཉན་ལ་ཞུགས་ཏེ་འཆད་རྩོད་ལ་ཁ་ཐོག་ནས་ཇི་ལྟར་བཤད་མཁས་ཀྱང་། ཉམས་ལེན་རྒྱུད་ལ་འབྱོར་པའི་ཚོད་ཀྱིས་དགེ་བཅུ་ཁྱད་པར་བ་ཡང་དག་ཁྱིམ་པའི་ཚུལ་ཁྲིམས་ཙམ་ཡང་སྲུང་ཐུབ་པ་མེད་ན། དོན་གྱིས་སྐྱེས་བུ་ཆུང་ངུའི་ལམ་ཙམ་ཡང་སྙེག་ཏུ་མེད་པ་མིན་ན་ཅི་ཡིན། ཐེག་རྩེ་འོད་གསལ་རྫོགས་ཆེན་གྱི་ཆོས་སྒོར་ཞུགས་ཏེ་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་ལེན་ཐུན་དུ་བཅད་མདོག་མདོག་ཡོད་ཀྱང་། དོན་ལ་བསམ་གཏན་དང་གཉིས་ཀྱི་དངོས་གཞིའི་ཉེར་ལྡོག་ཙམ་ཡང་ཕར་ཞོག བློ་སེམས་རྩེ་གཅིག་པ་ཞིག་གི་ཐོག་ཏུ་སེམས་གནས་ཙམ་ཡང་སྒོམ་མ་ཐུབ་ཚེ། འཇིག་རྟེན་པའི་བསམ་གཏན་ཙམ་ལ་ཡང་མ་བསླེབ་ན་འཇིག་རྟེན་ལས་འདས་པའི་བསམ་གཏན་ནི་དེ་བས་ཀྱང་ཕར་ཚད་རེད། དེ་ལྟར་ན་ཀུན་མཁྱེན་ཆོས་རྗེས། ལས་ཀྱི་རྟེན་དང་། བརྟེན་པ་དང་། འབྲས་བུ་དང་གསུམ་དུ་དབྱེ་བ་མཛད་ནས་གང་བརྟེན་པའི་ལས་ཉིད། ཇི་སྐད་དུ། རྟེན་ཆོས་ལས་ཀྱི་རྩ་བ་མ་རིག་པ། །ངོ་བོ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་སྲིད་པར་འདུ་བྱེད་དཀར་ནག་གཉིས། །ཞེས་གསུངས་ཏེ། དང་པོར་འོད་གསལ་བའི་སེམས་ཉིད་འོད་གསལ་གྱི་རང་ངོ་མ་རིག་པས་གཟུང་འཛིན་འཁྲུལ་བའི་གཞི་བཏིང་བས་འཁོར་བར་སེམས་ཅན་ཐམས་ཅད་ཐ་འབྲིང་མཆོག་གསུམ་དུ་འཁྲུལ་ཏེ། ཐ་མ་ངན་སོང་གསུམ། འབྲིང་པོ་མིའི་འགྲོ་བ། མཆོག་ལྷའི་རིགས་རྣམས་རང་རང་གི་ལས་སྔར་བསགས་ཀྱི་དབང་གིས་བདེ་སྡུག་སྣ་ཚོགས་ལ་སྤྱོད་པ་དེ་ཡང་། རྩ་བ་མ་རིག་པ། དེ་དང་མཚུངས་ལྡན་གྱི་དུག་གསུམ། དེ་དང་མཚུངས་ལྡན་གྱི་མི་དགེ་བ་དང་། དགེ་བ་བསོད་ནམས་ཆ་མཐུན་དུ་ཡོད་པ་ལས། དགེ་བས་ནི་བདེ་བ་དང་མཐོ་རིས་བསྒྲུབ་ལ། མི་དགེ་བས་སྡུག་བསྔལ་དང་ངན་འགྲོ་བསྐྱེད་པའི་ནང་གི་མཐོ་རིས་ནས་ངན་སོང་དུ་ལྟུང་ཞིང་སྡུག་བསྔལ་ཏག་ཏག་བསྐྱེད་པའི་མི་དགེ་བ་བཅུ་ལ། ལུས་ཀྱི་སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད་གསུམ། ངག་གི་རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་དང་བཞི། ཡིད་ཀྱི་བརྣབ་གནོད་ལོག་ལྟ་གསུམ་སྟེ་དེ་དག་གི་རྩི་གཞི་དེ་རང་རྒྱུད་ལ་སྦྱར་ཏེ་ཐོ་ཞིག་གཏུགས་ན། དམ་ཆོས་འདུལ་བའི་བཅས་ཁྲིམས་རྩ་བ་ནས་མི་བཤད་པར། ཁྱིམ་པ་དགེ་བསྙེན་གཙང་མ་ཞིག་གི་སྲུང་བྱའི་ཐད་ཀྱི་སྲོག་གཅོད་ཀྱི་ཐད་ལྟ་བུ་ཞིག་ལ་མཚོན་ན། རང་གི་ལག་དར་ཏེ་གཞི་བསམ་སྦྱོར་བ་མཐར་ཐུག་གི་དངོས་གཞི་ཚང་མེད་ཀྱང་། དེ་ལྟར་བྱེད་དམ། བྱེད་དུ་བཅུག་པ་འམ། བྱས་པ་ལ་རྗེས་སུ་ཡི་རང་བ་རྣམས་ཕྱོགས་ནས་བསམས་ན་སྲོག་གཅོད་དང་འབག་མེད་ཟེར་བའང་དཀའ་བའི་གནས་སུ་ཡོད་པ་དང་། དུག་གསུམ་གྱི་ཀུན་སློང་གི་ཁྱད་པར་གྱིས་རྣམ་སྨིན་ལ་ལྕི་ཡང་ཡོད་ཀྱང་། གསད་བྱའི་སེམས་ཅན་གྱི་སྲོག་ལ་སྦོམ་ཕྲ་དང་རང་སྲོག་ལ་མི་གཅེས་པ་མེད་པས། ཐ་ན་རྩྭ་སྦུར་གྱི་ནང་གི་འབུ་སྲིན་དང་སྦྲང་བུ། བྱེའུ་ཨབ་ར་ཙི་གུ་ཚུན་ཆད་ཀྱི་སྲོག་ལ་འཚེ་ཡོད་མེད་དང་། དེའི་འཛེམ་བག་ཆེ་ཆུང་སོགས་ཀྱང་བསམ་བློ་གཏོང་ཡུལ་ཆེ་བ་ཞིག་རེད་ཡོད་པ་ཡིན། བྱང་སེམས་ཀྱི་སྐབས་སུ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མ་དང་བཅས་པར་དགོངས་གསོལ་ཞུས། སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཟུང་། སེམས་ཅན་ཐམས་ཅད་དཔང་པོར་མགྲོན་དུ་བོས་ཏེ། བྱང་ཆུབ་ཀྱིས་སེམས་བསྐྱེད། རང་ལུགས་སུ་སྨོན་འཇུག་གི་སྡོམ་པ་སྟབས་གཅིག་ཏུ་བླངས་པ་ཡིན་ན། བྱིའུ་ཨབ་ར་དུག་སྦྲང་ཕན་ཆད་དང་གནོད་བྱེད་ཀྱི་དགྲ་བོ་ཚུན་ཆད་ལ་གནོད་པ་བྱས་པ་དང་། ཁྱད་པར་དུ་སྲོག་ལ་འཚེ་བའི་ཉེས་འགལ་གྱི་ཆ་ཤས་འགོས་པ་ཞིག་རེད་ཡོད་ན། སེམས་ཅན་ཐམས་ཅད་ཅེས་པ་དེ་མ་ཚང་པ་རེད་མོད། སྔགས་ཀྱི་སྡོམ་གཟུང་དེ་སོར་བྱང་གཉིས་ཀྱི་སྡོམ་པའི་རྨང་གཞིའི་ཐོག་ནས་ལེན་པ་ཡིན་ལ། སོར་བྱང་སྔགས་གསུམ་གྱི་སྡོམ་པའི་གཞི་འཛིན་སའམ་མཛུ་གུ་འཛུགས་ས་ཞིག་ཀྱང་མེད་ཚེ། ཁ་ནས་དེའི་ཡན་གྱི་ཉམས་ལེན་སྐྱོང་བ་ཡིན་ཟེར་རུང་། གཞན་ངོས་ནས་དག་ཀྱང་རང་ངོས་ནས་མི་དག་པ་ཞིག་རང་ཤུགས་ཀྱིས་ཡོང་བ་ཡིན། དེ་བཞིན་དུ་མ་བྱིན་ལེན་གྱི་ཐད་ནས་ཀྱང་། མཐུ་དང་འཇབ་བུ་དང་དབང་གིས་ལེན་པ་སོགས་སྣ་ཚོགས་པ་ཞིག་ཡོད་པ་ཡིན་པས། དངོས་སུ་རྐུ་མ་མྱོང་ཡང་མ་བྱིན་ལེན་གྱི་ལྟུང་བ་བྱུང་མེད་ཟེར་དཀའ་སྟེ། ཚོང་གི་ཐད་དང་། དགེ་འདུན་སྤྱིའི་དཀོར་ནོར་བེད་སྤྱོད་བྱེད་ལུགས་དང་། དཀོན་མཆོག་ལ་བསྔོས་པའི་རྒྱུ་ཟས་དཀོན་མཆོག་གི་ཞིང་སར་འགྲོ་ཐུབ་ཡོད་མེད་དང་། ཁྱད་པར་དུ་དེང་སང་གི་རྟེན་གཞི་བཞེངས་སྐྲུན་གྱི་སྐབས་སུ་དེ་དང་དེ་དག་ལ་ཕག་གཡར་ཏེ། བསོད་ནམས་མ་ཡིན་པ་བསགས་ཡོད་དང་མེད། དགེ་འདུན་ལ་དབང་པ་རང་ཉིད་ཀྱིས་སྤྱོད་པ་དང་། དགེ་འདུན་ལ་འབུལ་རྒྱུ་རང་ཉིད་ཀྱིས་ཐོབ་ཐབས་བྱས་པ་ལྟ་བུ་ཡོད་ན་དགེ་འདུན་འདུ་བའི་སྒོ་ཕྲོགས་པ་ཡང་རེད་འགྲོ་བ་ཡིན། མིན་ཡང་ལོག་འཚོ་བརྒྱད་པོ་རེ་རེ་ཁ་ནས་ཞིབ་ཀྱིས་དཔྱད་པ་བཏང་སྟེ་རྩིས་བཤེར་ཞིག་བྱས་ན། རྐུ་ཤོབ་གཉིས་དང་མགོ་གཡོགས་གསུམ་པོ་ཚང་འགྲོ་བར་འདུག་བསམ་རྒྱུ་ཡོད་པ་རེད། དེ་དག་རྒྱུ་ཆེ་ཆུང་གང་གི་ཐད་ནས་ཀྱང་། དེ་རིང་ཁ་རྩང་སྒོར་མོ་ཁྲི་ཚོ་བརྩི་གྲངས་བརྒྱབ་ནས་ཧེབ་ཁ་གང་རྒྱུ་མེད་པའི་སྐབས་ཤིག་རེད་ཀྱང་། ཀཱར་ཥཱ་པ་ཎའི་གོང་ཚད་ཀྱིས་བཤད་ཡོང་ན་སྡོམ་རིས་དེ་སྔར་ཞིག་ནས་ཅི་རེད་ཡོད་ན་བསམ་རྒྱུ་དེ་ལྟར་ཡིན་པ་རེད། ལོག་གཡེམ་ནི་ཁྱིམ་པའི་ཁྲིམས་ཡིན་ཡང་། མི་ཚངས་སྤྱོད་ཆ་དང་བཅས་པ་ནས་བསམ་བློ་གཏོང་ན། ཕམ་ལྟུང་གསུམ་པའི་དངོས་གཞི་མིན་རུང་སྦོམ་པོ་དང་ཉེས་བྱས། དགེ་འདུན་ལྷག་མའི་ཆར་གཏོགས་པ་ཚུན་ཆད་ལ་ཞིབ་ཀྱིས་དཔྱད་ན། འདུལ་གཞུང་ལ་མ་བལྟས་ན་སླ་མོ་ཞིག་ཡིན་པར་སེམས་ནས། ཆོས་འདུལ་བ་མི་ཤེས་པའི་བན་དེ་སྐྱིད་ཟེར་ཡང་། ཅི་ཞིག་སྐྱིད་དེ་ལྟུང་བ་འབྱུང་པའི་སྒོ་བཞིའི་ནང་གི་མ་ཤེས་པས་བྱས་པ་ལ་ཉེས་པ་མེད་གསུངས་མེད་པས་སོ། །དེང་སང་དུས་སྙིགས་མ་རེད་ཟེར་དོན་ཡང་དགེ་སློང་ཞིག་གིས་དགེ་ཚུལ་གྱི་ཁྲིམས་རགས་བརྩིས་བྱས་ན་རགས་པ་བཅུ་དང་། ཞིབ་ཀྱིས་བརྩིས་ན་བླངས་འདས་སོ་གསུམ་གྱི་ཐད་ནས་སྲུང་སྡོམ་ཡག་པར་རེད་ཡོད་ན་ཆོག་པར་ལྟ་བའི་དུས་ཚོད་རེད། དེའི་ཡན་བྱང་སེམས་ཀྱི་བསླབ་བྱ་དང་སྔགས་ཀྱི་དམ་ཚིག་གི་ཐད་ནས། ཇོ་བོ་རྗེས། ཉེས་པ་ཅར་རྒྱག་ཉར་རྒྱག་བྱུང་ན་ཡང་། ཁོང་ལྟུང་པ་དང་ཞག་གཅིག་འགྲོགས་མ་མྱོང་གསུངས་པ་ཡིན། འུ་ཚོ་གོ་ལྡོག་སྟེ་ལྟུང་པ་དང་ཞག་གཅིག་འབྲལ་མ་མྱོང་བ་ལྟ་བུ་སྣང་ན། ཡང་སྡོམ་གསུམ་གང་ཐད་ནས་རང་སེམས་རང་གི་དཔང་པོར་འདུག་མི་ནུས་པའི་ཚོད་ལ་ཐོན་པ་དང་། ངག་གི་རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་བཞི་ཡོད་པ་ལས། དེའི་ཐད་ཀྱི་རྫུན་ཕལ་བ་ཁ་ཤོབ་སྣ་ཤོབ་དང་ཆེན་པོའི་ཕྱོགས་སྨྲ་བ་དང་། ཁྱད་པར་དུ་མཆོག་གསུམ་ལ་ཡོན་ཏན་མེད། དགེ་སྡིག་ལ་ཕན་གནོད་མེད་ཟེར་བ་ལ་སོགས་པ། གཞན་དག་དེའི་རྗེས་སུ་འབྲངས་ན་གནོད་པ་ཆེན་པོ་བསྐྱལ་བའི་ཤོབ་ཆེན་པོ་དང་། མི་ཆོས་བླ་མའི་རྫུན་ལྷ་མཐོང་འདྲེ་མཐོང་དུ་སྨྲ་བ་ལ་སོགས་པ་ཡིན་ཞིང་། སྤྱིར་དེང་སང་གི་དུས་འདི། བདེན་པ་མི་བྲིན་རྫུན་པ་བྲིན་པའི་སྐབས་ཡིན་ཡང་། ལས་ཅི་ལ་ཐུག་ཀྱང་རང་ཉིད་ཟོག་པོ་རྫུན་རྐྱལ་བྱས་པའི་འགྱོད་སེམས་ཤི་ཁར་དྲན་རྒྱུ་མེད་པ་ཞིག་བྱེད་དགོས་འདུག་པས། རྫུན་གྱི་རིགས་འདི་ངག་གི་ཉེས་པར་བཞག་ཡོད་ཀྱང་། ལུས་ངག་གི་རྣམ་འགྱུར་གཞན་དང་གཞན་གྱི་ཐོག་ནས་མགོ་སྐོར་ཁས་བཤད་པ་ལས་ཆེ་ཞིག་བྱས་ན་བྱེད་པ་གཅིག་པས་རྫུན་དུ་འགྲོ་བ་ཡིན། ཁྱིམ་པ་སྐྱེ་བོ་ཕལ་བ་ཞིག་གིས་ལྷ་མཐོང་འདྲེ་མཐོང་བཤད་ན་སྨྱོན་པ་རེད་ལོས་བསམ། འོན་ཀྱང་བླ་མ་སེར་མོ་བས་འཛེམ་དགོས་ཤིང་། ཁྱད་པར་དུ་དེང་སང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྐབས་སུ་དཔལ་འབྱོར་འགྲན་རྩོད་ཀྱི་ནང་དུ་ཞུགས་ཆེས་པའི་དབང་གིས། དེའི་དོན་དུ་རང་ཉིད་ཀྱང་བློས་བཏང་བར་བྱེད་ན། དེའི་འཕྲོས་འབད་པ་སུས་དོན་དང་ཅི་ཞིག་གི་ཆེད་དུ་བྱེད་དགོས། དེ་ཡང་འདེང་ཡང་རྒྱག་དགོས་ས་ཞིག་རེད་སྙམ། ངག་གི་མི་དགེ་བ་གཉིས་པ་ཕྲ་མ་ཡིན་ལ། ཕྲ་མ་ལ་མངོན་ཕྲ་དང་ལྐོག་ཕྲ། ད་རུང་ནང་གསེས་ཀྱི་དབྱེ་མ་མང་ཞིང་། སྡེ་བ་དང་སྡེ་བའི་བར། དགོན་པ་དང་དགོན་པའི་བར། ཁྱད་པར་དུ་མཆེད་གྲོགས་ནང་ཕན་ཚུན་དང་། བླ་སློབ་ཀྱི་བར་ལ་དབྱེན་དང་ཕྲ་མ་བྱས་ན། ཉེས་པ་ཆེ་བས་མི་ཚད་དེ་འབྱུང་ཉེ་བ་ཡང་ཡིན་པས། ངག་གི་ཉེས་པ་འདི་དག་མི་འབྱུང་པའི་ཆེད་དུ་སྨྲ་བ་བསྡམས་ན་ཡོན་ཏན་ཆེ་བ་ཡིན། དང་པོར་གཙུག་ལག་ཁང་ནས་སྨྲ་བ་སྡོམ་པའི་མགོ་བཙུགས་ན་ཅི་མ་རུང་། དེ་ནས་ཚིག་རྩུབ་ངག་འཆལ་གཉིས་ཀ་རེད། ཚིག་རྩུབ་སྨྲ་བ་དེ་སྤྱིར་མི་ཡོན་ཏན་མེད་པ། མཐོང་རྒྱ་ཆུང་བ། རྒྱུད་མ་རུང་པར་ཡིན་པ་རྣམས་ཀྱིས་བཤད་པ་རེད། བཤད་རྒྱུ་ཚིག་རྩུབ་མིར་བཤད་བཞིན་ཡོད་ཀྱང་། སྟོན་རྒྱུ་རང་མདོག་དང་རང་མཚང་མི་ལ་ངོམ་པ་དང་གཉིས་སུ་མེད་ཅིང་། སྒོས་ཁྱད་པར་དུ་གྲྭ་ཇོ་སེར་གྱིས་སྐད་མགོ་དམའ་དགོས། ཚིག་ངག་འཇམ་དགོས། ཞེ་ས་གུས་ཞབས་དང་ལྡན་པ་ནི་ཡ་རབས་སྐྱེ་བོའི་སྲོལ་ལུགས་ཡིན་པས། དེ་རབ་བྱུང་མཆོད་གནས་ཀྱི་སྡེ་ལ་དེ་མ་ཚང་བར་མ་མཐའི་མི་ཡི་ཀུན་སྤྱོད་བཟང་པོའི་དྲི་མ་ཞིག་ཀྱང་འགོས་མེད་པའི་རྐྱེན་གྱིས། གཅིག་གི་མཛད་སྤྱོད་ཞན་སོང་དུས་ཐམས་ཅད་དེ་བཞིན་ཡིན་སྣང་ཤར་ནས། གཞན་རྒྱུད་བསྲེགས་ཤིང་ལོག་ལྟ་ཚུན་ཆོད་དེའི་དབང་གིས་འདྲེན་ཡོང་བ་རེད། ངག་འཆལ་ནི་ཆགས་སྡང་དང་འབྲེལ་བའི་གཏམ་སྣ་ཚོགས་ཤིག་ཡིན་ལ། ཁྱད་པར་དུ་མི་མང་ཆེ་བས་མཚར་སྤྱད་དགོད་སྤྱད་དེ། གཞན་སྐྱོན་གླེང་སྟེ། དེ་ཡིས་མཚར་བཞིན་དགོད་བཞིན་ཡོད་པ་རེད། ལར་ངག་འཆལ་ཉེས་པ་ཆེ་བ་དང་། དེའི་ནང་ནས་ཟབ་མོའི་ཆོས་འཆད་ཉན་དང་། བསྐྱེད་རྫོགས་བཟླས་བརྗོད་ལ་སོགས་པ་ངག་འཆལ་དང་བསྲེས་ན། འབྲས་བུ་མི་འབྱིན་པ་ཡིན། དཔལ་སྤྲུལ་ཚང་གིས། འཛིན་དགོས་པ་གསུམ་ནི། ཚོགས་སུ་ཁ། གཅིག་པུར་ལག ནམ་ཡང་སེམས་ཡིན་པར་གསུངས་ཤིང་། བླ་བཙག་རྐང་འདྲེན་བྱེད་སྐབས་བཤད་ས་དེས་དེ་ཚེ་དེ་གང་ལ་ཉན་ནས་ཡོད་ཀྱང་། ཁ་ཕར་འཁོར་དུས་ང་ལ་ཡང་ཁོས་དེ་ལྟར་བཤད་རྒྱུ་རེད་ལོས་བསམ། དེ་ལྟར་ཁ་ཤས་ཀྱིས་རང་གི་རིན་ཐང་རང་གིས་བརླགས་ཏེ་མི་ས་ནས་ལྷུང་བྱེད་ནི་ཚིག་རྡོག་མ་ཆ་རེའི་ཁ་རླངས་མངགས་ལུགས་ཡག་བཙོག་གིས་འགྲོ་བ་ཡིན། དེ་ནས་ཡིད་ཀྱི་མི་དགེ་བ་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་ལས། བརྣབ་སེམས་ནི་གཞན་གྱི་འབྱོར་བ་དང་ཡོན་ཏན་ལ་མ་གཟོད་པར་ངས་ཡིན་ན་ཨང་སྙམ་པའི་ཡིད་ཀྱི་མི་དགེ་བ་དང་། གནོད་སེམས་ནི་གཞན་ལ་གནོད་པར་བྱེད་པའི་སེམས་དང་གཞན་ལ་མི་འདོད་པ་བྱུང་ན་དགའ་བ་སྒོམ་པ་དང་། ལོག་ལྟ་ནི་ལས་རྒྱུ་འབྲས་ལ་སྐུར་བ་འདེབས་ཤིང་རྟག་ཆད་ཀྱི་མཐར་ལྷུང་བ་རྣམས་ཡིན། རབ་ཏུ་བྱུང་བ་ཞིག་ལ་མཚོན་ན་ཁྱིམ་ན་གནས་པ་ཞིག་གི་འདོད་ཡོན་ལ་ཞེན་པའི་བརྣབ་སེམས་པ་འགའ་རེ་ལ་བལྟས་ན་ཅུང་ཟད་ཨེ་མི་དྲག་ཀྱང་། ལྷ་ཆ་མཆོད་རྫས་ཆས་གོས་ཡོ་བྱད་ཌ་དྲིལ་ཞིག་ཚུན་ཆད་ལ། ང་དེ་འདྲ་ཞིག་ཨ་ཤི་རེ་བསམ་ན་ཡང་བརྣབ་སེམས་རེད། དེང་སང་ཁྱད་པར་དུ་གློག་ཆས་ཀྱི་རིགས་དང་། རྫས་འཕྲུལ་ཉེར་སྤྱད་ཀྱི་རིགས་ལ་སོགས་པའི་ཉེར་མཁོའི་ཡོ་བྱད། རྣམ་གཡེང་དང་འདུ་འཛིའི་རྒྱུ་ན་ནིང་མེད་པ་ད་ལོ་དང་། ད་ལོ་མེད་པ་སང་ལོར་ཡོད་ཡོང་བ་རེད། དེ་དག་ལ་ཡས་དེ་ང་ལ་ཡོད་ན། མས་དེ་ང་ལ་ཡོད་ན་ཅི་མ་རུང་སྙམ་ནས་དུས་ཚོད་འཕྲོ་བརླག་ཏུ་བཏང་པས་མ་ཚད། ཆགས་སྡང་རྨོངས་གསུམ་གྱི་ཚུལ་མིན་ཡིད་བྱེད་འདྲེན་བྱེད་ཀྱི་ཅ་ལག་དེ་དག་སེར་སྐྱ་ཚང་མ་ལ་གནོད་སྐྱེལ་བྱེད་ཡིན་པ་རེད། གནོད་སེམས་ཀྱིས་བསམ་པ་ངན་པ་མི་ལ་བྱེད་ཀྱང་། དེའི་སྦྱོར་བ་རྩུབ་མོ་རང་ལ་ཚུར་འཁོར་བ་ཡིན། ལོག་ལྟའི་ཉེས་པ་ལས་ཆེ་བ་ཞིག་ག་ལ་ཡོད། མི་དགེ་བཅུ་ལས་ལོག་ལྟ་ལྕི། །ཞེས་གསུངས་པ་རེད། སྡིག་པ་གཞན་ལ་བཤགས་རྒྱུ་ཡོད་པ་རེད། ལོག་ལྟའི་བཤགས་ཡུལ་དཀོན་མཆོག་གསུམ་ལ་ལོག་ལྟ་བྱས་པས་བཤགས་ཡུལ་ཡང་མེད་པ་རེད། ངོ་མས་བཤད་ན་རབ་བྱུང་རྒྱལ་བའི་བསྟན་སྒོར་རང་བསམ་གྱིས་ཞུགས་པ་ཞིག་ལ་ལོག་ལྟ་སྐྱེ་མི་འོས་ཀྱང་། དུས་ངན་སྙིགས་མའི་སྐབས་སུ་མི་སེམས་སུ་འདྲེ་ཞུགས་ནས། སྐྱེ་འགྲོའི་ཤེས་རྒྱུད་བགེགས་ཀྱིས་རློམ་དུས་ཡིན་པས། གཞུང་བཀའ་པོད་ལྔ་ཡི་འཆད་ཉན་ཐོས་བསམ་མཐར་ཕྱིན་པ་རེད་ཟེར་སའི་ནང་ན་ཡང་། ལས་རྒྱུ་འབྲས་ལ་ཡིད་ཆེས་མེད་པར་སངས་རྒྱས་རྫུན་མ་རེད། ཆོས་རྫུན་རེད་ཟེར་མཁན་ཡོད་རབས་ཐོས་པ་དེས་ན་རང་རྒྱུད་བྱི་དོར་གྱི་ཆེད་དུ་དེ་འདྲ་བ་ཞེ་ལ་ཤར་ནས་བློ་སེམས་འདྲེ་ཡིས་མི་བསྒུལ་པར་ཤོག་ཅེས་སྨོན་ལམ་འདེབས་པའི་དྲན་སོས་ཤིག་ཀྱང་དགོས་པ་ཡིན། དེ་ལྟ་བུའི་མི་དགེ་བཅུ་བོའི་རྣམ་སྨིན་རྒྱུ་མཐུན་ལ་སོགས་པའི་འབྲས་བུ་ལ་བསམ་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་མཐོ་རིས་ལྷ་མིའི་གོ་འཕང་ཡང་ཐོབ་རྒྱུ་ལས་སླ་མོ་ཞིག་མིན་ན་ཡང་། མངོན་མཐོའི་རྟེན་བཟང་ཐོབ་པའི་རྟེན་དེར་སྐྱེས་བུ་འབྲིང་དང་ཐུན་མོང་བྱས་ན། སྡུག་བདེན་འཁོར་བའི་ཉེས་དམིགས་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་ནས་བསམ་པའི་ཀུན་ཉོན་ཕྱོགས་ཀྱི་རྒྱུ་འབྲས་ཀྱིས་འཁོར་བ་ལས་བློ་ལྡོག་པ་དང་། སྡུག་བསྔལ་ཉེ་བར་ཞི་བ་ལམ་ལ་བརྟེན་ནས། ཉེར་ཞིའི་འགོག་པ་ཐར་བ་མངོན་དུ་བྱ་བའི་རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་ལ་ཕྱོགས་པའི་ངེས་འབྱུང་རྣམ་པར་དག་པ་དང་ལྡན་པས། རྟེན་རབ་བྱུང་གི་དངོས་པོ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཚུལ་བཞིན་དུ་བྱས་ཏེ། དེ་ལྟ་བུའི་སྐྱེས་བུ་ཆུང་འབྲིང་གི་ལམ་གྱི་རྨང་གཞི་དེའི་ཐོག་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་མྱུར་ལམ་སྔགས་ཀྱི་ཆོས་སྒོར་ཞུགས་ནས། ཐབས་དང་ཤེས་རབ་ཁྱད་དུ་འཕགས་པའི་སྒོ་ནས་བདག་གཞན་སེམས་ཅན་ཐམས་ཅད། བླ་མེད་རྫོགས་བྱང་ལ་འགོད་པ་དེ་ལྟ་བུའི་ལམ་གྱི་རིམ་པའི་རྨང་གཞི་ཡོན་ཏན་ཡར་ལྡན་དུ་རྫོགས་དགོས་པའི་དགོངས་བཞེས་དང་བཅས་པས། གང་དུ་རྫོགས་ས་ནི་གང་ཡིན་ན། འོད་གསལ་རྫོགས་པ་ཆེན་པོ་ཡིན་པས་དེར་སྦྱོར་རྒྱུ་ཡིན་པས། དེའི་ཡང་ཟབ་མན་ངག་གི་གདམས་ཁྲིད་འཆད་ཉན་གསན་བཞེས་གནང་བཞིན་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་མན་ངག་གི་བསྟན་བཅོས་ཆེན་པོ་འདི་ཉིད། ཀློང་ཆེན་པ་ཉིད་ཀྱིས་རང་འགྲེལ་ལུང་གི་གཏེར་མཛོད་ཀྱི་ཐོག་ནས་འཆད་ཉན་བྱེད་བཞིན་པ་ལས། འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་སྟེ། བར་དུ་དགེ་བ་གཞུང་དོན་ལས་ཀྱང་། ལེའུ་བཅུ་གཅིག་པའི་རྐྱེན་སྣང་རང་ཡལ་དུ་དག་པའི་གདམས་པ་ལ། གནད་ཀྱི་གནམ་གཟེར་ཆེན་པོ་བཅུ་གསུམ་ཡོད་པ་དེ་ཉིད། ས་བཅད་གསུམ་ལ་ཕྱེས་ཏེ་བཤད་པའི་དང་པོ་གྲོལ་བའི་གནམ་གཟེར་དགུ་ཡིས་གནད་བཀྲོལ་བའི་བདུན་པ་ཡན་ཆོད་སོང་སྟེ།

༼ཉ བརྒྱད་པ་ཉོན་མོངས་རང་སར་གྲོལ་བའི་གནམ་གཟེར།

ཉོན་མོངས་རང་སར་གྲོལ་བའི་གནམ་གཟེར་ནི།

དེ་ལྟར་འདོད་དང་མི་འདོད་བར་མའི་སེམས།།

དུག་གསུམ་རྩལ་ལས་རོལ་བར་ཤར་ཏོ་ཅོག།

དབྱིངས་ལས་བྱུང་ཞིང་དབྱིངས་ཀྱི་ངང་དུ་ཤར།།

དབྱིངས་སུ་མ་གཏོགས་གཡོས་པ་འགའ་མེད་པས།།

གཟེག་དང་བཅོས་བསྒྱུར་གང་ཡང་མི་བྱེད་པར།།

དབྱིངས་ཉིད་ངོས་གཟུང་ངང་དེར་བཞག་མ་ཐག།

རང་ཞི་རང་ཡལ་རང་གྲོལ་འགྲོ་བ་གནད།།

ཅེས་གསུངས་ཏེ། འཁོར་འདས་དབྱིངས་ཀྱི་ངང་ལས་མ་གཡོས་པས་གཞི་མེད་སྟོང་པའི་རང་གཟུགས་ཙམ་སྟེ། ཉོན་མོངས་པ་ཡང་ངོ་བོ་ཡོད་མ་མྱོང་། རྟེན་པའི་ས་མེད། བྱུང་བའི་རྩ་བ་མེད་པས་རང་བཞིན་དུ་ཅོག་གཞག་གཅིག་གིས་རྒྱ་གྲོལ་ལ་འགྲོ་སྟེ། རིག་པའི་ངོ་བོ་ཟང་ཐལ་དུ་ངོས་ཟིན་དུས། ཉོན་མོངས་རྣམས་རང་ས་རང་སར་སངས་ནས་རང་གྲོལ་དུ་འགྲོ་བ་རྒྱ་མདུད་ཀྱི་ཕུར་པ་བཏོན་པས་དོ་ཐག་རང་སར་གྲོལ་བ་བཞིན་ནོ། །ནམ་མཁའི་ངང་ནས་སྣོད་བཅུད་སྣང་བ་དང་མཚུངས་པར་རིག་པ་སྐྱེ་མེད་ཀྱི་ངང་ནས་འགག་མེད་དུ་ཤར་པའི་རྩལ་སྣ་ཚོགས་སུ་སྣང་བར་བསྟན་པ་དེ་ལྟར་དུ་འདོད་དང་མི་འདོད་བདེ་སྡུག་བར་མའི་སེམས་ཐམས་ཅད་དབྱིངས་ཀྱི་ངང་ལས་གཡོས་པ་མེད་པས། གཞི་མེད་སྟོང་པའི་རང་གཟུགས་ཡིན་པ་དེ་ལས། ཉོན་མོངས་པ་དུག་གསུམ་ཡང་གཞི་མེད་སྟོང་པའི་རང་གཟུགས་ཡིན། རྩལ་ལས་རོལ་བ་ཤར་ཏོ་ཅོག་ཐམས་ཅད། དང་པོ་དབྱིངས་ཀྱི་ངང་དུ་ཤར། ཤར་དུས་ཉིད་ནས་ཡོད་མ་མྱོང་མེད་མ་མྱོང་། རྟེན་པའི་ས་མེད་བྱུང་བའི་རྩ་བ་མེད། དེ་མེད་པས་མཐའ་འགག་པ་ཡང་མེད་པས། ཤར་བ་ནུབ་པ་སྐྱེས་པ་འགག་པ་ཐམས་ཅད་དབྱིངས་སུ་མ་གཏོགས་དེ་ལས་གཞན་དུ་གཡོ་བར་མེད་པ་ཡིན་པས་ན། བྱ་རྩོལ་གྱིས་གཟེབ་དང་བཅོས་བསྒྱུར་གང་ཡང་མི་བྱེད་པར་དབྱིངས་ཉིད་རིག་པའི་ངོ་བོ་ཟང་ཐལ་དུ་ངོས་ཟིན་ནས་དེའི་ངང་དུ་བཞག་མ་ཐག་ཏུ་རང་ཞི་རང་ཡལ་རང་གྲོལ་དུ་འགྲོ་བ་སྟེ། རྒྱ་མདུད་ཀྱི་ཕུར་བ་བཏོན་པས་དོ་ཐག་རང་སར་གྲོལ་བའི་གནད་དེ་ཉོན་མོངས་རང་སར་གྲོལ་བའི་གནམ་གཟེར་དུ་བསྟན་པའོ། །དེ་ལྟར་མ་ཤེས་ན་སྤངས་ཀྱང་མི་སྤོང་སྟེ་ལུས་དང་གྲིབ་མ་ལྟར་རང་འཁོར། སྦྱངས་ཀྱང་མི་སྦྱོང་སྟེ་ཤེལ་ལ་དཀར་པོ་སྦྱངས་པས་མི་སྦྱོང་བ་ལྟར་སྦྱོང་བྱེད་སྦྱང་བྱ་ལས་ཐ་མི་དད། བསྒྱུར་ཡང་མི་འགྱུར་ཏེ་གཡུ་ཁ་དོག་མི་འགྱུར་བ་ལྟར་སེམས་ཀྱིས་སེམས་མི་འགྱུར། རང་ཞིར་བཏང་བས་ཞིར་མི་བཏུབ་སྟེ་གཏོང་མཁན་རྟོག་པ་ལས་གཞན་མ་ཡིན། གཉེན་པོས་གྲོལ་དུ་མི་ནུས་ཏེ་ཆུ་དྭངས་པར་འདོད་ནས་དབྱུག་པས་རྙོག་པ་ལྟར་གཉེན་པོ་ཉིད་སྤང་བྱ་དང་བྱེད་པ་མཚུངས། ཉོན་མོངས་པ་ཉིད་ཀྱང་ཆོས་ཉིད་མ་ཡིན་ཏེ་ཐ་མལ་བླུན་པོའི་ཤེས་པ་དང་ཁྱད་མེད་པས་འཁོར་བ་ལས་འདའ་མི་ནུས་པ་ཉིད། ཉི་ཟླ་ཁ་སྦྱོར་ལས། ཉོན་མོངས་པ་དེ་རྣམས་སྤོང་བ་ལགས་སམ། སྦྱོང་བ་ལགས་སམ། སྒྱུར་བ་ལགས་སམ། རང་ཞིར་གཏོང་བ་ལགས་སམ། དེ་དག་རེ་རེ་ལ་གཉེན་པོ་རེ་རེས་འདུལ་བ་ལགས་སམ། དེ་ཉིད་རང་ལུགས་སུ་འཇོག་པ་ལགས་སམ། དེ་ཉིད་རང་ཆོས་ཉིད་ལགས་སམ། དེ་དག་རྣམས་རང་གིས་རང་གྲོལ་བ་ལགས་སམ། སྟོན་པས་གསུང་དུ་གསོལ། དེ་ནས་རྡོ་རྗེ་འཆང་གིས་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་ཐུབ་པ་ཆེན་པོ་ཉོན། །ངས་བསྟན་པ་ཡི་ཚིག་དེ་རྣམས། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །དེ་དག་རྣམས་ཀྱིས་འཁོར་བར་བཅིངས། །བདེ་བ་ཆེན་པོ་ཉིད་བསྒྲིབས་ན། །འདི་དག་རྣམས་ནི་སྤོང་བ་མིན། །དེ་བཞིན་ཉིད་དུ་མ་རྟོགས་ན། །རྣལ་འབྱོར་ལུས་དང་གྲིབ་མ་བཞིན། །དེ་ལས་དེ་ཉིད་རང་འབྱུང་བས། །སྤོང་བས་སྤོང་བ་མ་ཡིན་ནོ། །དེ་བཞིན་སྦྱོང་བས་ཀྱང་ནི་མིན། །སྒྱུར་བས་ཡང་ནི་མི་འགྱུར་རོ། །འགྱུར་མེད་སྙིང་པོ་མ་རྟོགས་པར། །ཤེལ་གྱི་བྲག་གམ་གཡུ་རྡོ་བཞིན། །སྦྱང་ཞིང་སྒྱུར་བར་ནུས་མ་ཡིན། །རང་བཞིན་གྱིས་ནི་གནས་དག་ཏུ། །རྣལ་འབྱོར་ལྡན་པ་ཡིས་ནི་བརྟག །དེ་བཞིན་ཞི་བ་ཉིད་ཀྱང་མིན། །མངོན་སུམ་ལྷག་མཐོང་མ་ཤེས་པར། །རི་རབ་རི་ཡི་རྒྱལ་པོ་བཞིན། །སུས་ཀྱང་གཞིག་པར་ནུས་པ་མིན། །གཉེན་པོ་ཡིས་ནི་གྲོལ་བ་མིན། །མ་བཙལ་རང་དག་མ་ཤེས་པར། །རྙོག་མ་སངས་འདོད་ཆུ་རྙོག་བཞིན། །ཕྱི་ཕྱིར་སངས་པ་མ་ཡིན་ནོ། །དེ་ཉིད་རང་ཡང་ཆོས་ཉིད་མིན། །རང་སྣང་ལྷུག་པ་མ་ཤེས་པར། །ཐ་མལ་བླུན་པོའི་སྣང་བ་བཞིན། །མངོན་ཞེན་ལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་ཉོན་མོངས་དུག་གསུམ་དུ་སྣང་བ་འདི་དག་ཐམས་ཅད། དབྱིངས་ཀྱི་ངང་ལས་མ་གཡོས་པའི་གཞི་མེད་སྟོང་པའི་རང་གཟུགས་ཡིན་པར་ཤེས་ནས་དེའི་ངང་དུ་ཅོག་བཞག་ཅིག་གིས་བཞག་མ་ཐག་ཏུ། རྒྱ་གྲོལ་རིག་པའི་ངང་དུ་རང་གྲོལ་དུ་སངས་ནས་རང་ཞི་རང་ཡལ་དུ་འགྲོ་བའི་གནད་དེ་མ་ཤེས་ན། ཉོན་མོངས་སྤང་དགོས་བསམ་ཀྱང་སྤང་མི་ཐུབ། གཉིས་འཛིན་གྱིས་གཉིས་སྣང་སྤང་བའི་ཚུལ་མེད། ལུས་དང་གྲིབ་མ་འབྲལ་བ་མེད་པ་ཡིན་པ་ལྟར་ཚུར་ལ་འཁོར་དུ་ཡོང་། སྦྱངས་ཀྱང་སྦྱོང་མི་ཐུབ་སྟེ་ཤེལ་དཀར་པོ་བཀྲུས་པས་འདག་ཏུ་མེད། སྦྱོང་བྱེད་སྦྱང་བྱ་གཉིས་ཀ་གཅིག་དང་། རང་ཞི་ཡང་བྱེད་དུ་མེད་དེ་ཞི་བྱེད་ཁོ་རང་ཞི་བྱ་ཡིན་པའི་ཕྱིར། གཉེན་པོ་བརྟེན་པས་མི་ཐུབ་སྟེ་ཆུ་དྭངས་སུ་འདོད་ནས་དབྱུག་པས་རྙོག་པ་ལྟར་དུ་འགྲོ། སྤང་བྱ་དང་སྤོང་བྱེད་གཉིས་ཀའི་བྱེད་པ་མཚུངས་ན་སུས་སུ་ཞིག་སྤང་བར་བྱེད། ཡང་སྤང་མི་དགོས་ཏེ་ཉོན་མོངས་ཆོས་ཉིད་རེད་ཅེ་ན། བླུན་གཏམ་དངོས་ཏེ་སྨྱོན་པས་སྨྱོ་བཤད་བྱས་པ་དང་ཁྱད་པར་མེད་པས་དེ་ཐམས་ཅད་ཀྱིས་འཁོར་བ་ལས་འདའ་མི་ནུས་པ་ལུང་གིས་ཀྱང་བསྟན་པ་བཞིན་ནོ། །དེ་ལ་ཐེག་པ་གཞན་གྱིས་འབད་ཀྱང་དག་པར་མི་ནུས་པ་ཉིད། འདིར་རང་རིག་ཟང་ཐལ་དུ་རྟོགས་པའི་གནད་ལས་མ་སྤངས་དབྱིངས་སུ་དག་པ་སྟེ། དེ་ཡང་འབད་བཅས་རང་གཞག་གི་སྣང་བ་ཐོད་རྒལ་བསྒོམས་པས་གྲོལ་ལ། འབད་མེད་རང་གྲོལ་གྱི་རིག་པ་ཁྲེགས་ཆོད་ཟང་ཀར་རྟོགས་པས་གྲོལ་ལོ། །དེའང་རིག་པ་ཟང་ཀས་ཉོན་མོངས་གྲོལ་བ་མིན་ཏེ། ཉོན་མོངས་པ་དེ་ཉིད་དེ་ཉིད་ཀྱིས་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུའོ། །ཉོན་མོངས་ཉིད་སྐྱེ་གྲོལ་དུ་གྲོལ་བའི་གནད་ནི་རིག་པ་ཟང་ཀར་རྟོགས་པའི་ངང་མ་བརྗེད་པ་ལ་ཐུག་པས་རིག་པས་ཉོན་མོངས་གྲོལ་བ་འདྲ་མོ་ཞིག་སྣང་ཡང་དོན་ལ་དེ་ལྟར་མིན་ནོ། །ཡང་རྒྱུད་དེ་ཉིད་ལས། ཀྱེ་མ་ཐུབ་པ་ཡང་ཉོན་ཅིག །འདི་དག་བློ་རིམ་རྣམ་གཉིས་ཏེ། །འབད་བཅས་རྣམས་དང་འབད་མེད་དོ། །འབད་བཅས་རྣམས་ནི་རང་སར་གཞག །སྣང་བ་གོམས་པའི་ཚད་རྣམས་ཀྱིས། །ཡེ་ཤེས་དག་པའི་སྣང་བ་ཉིད། །ཕྱི་ནང་ཀུན་ལ་རང་ཤར་ཚེ། །རྐྱེན་དེས་སྐྱེ་བ་མ་ཡིན་ནོ། །ཇི་སྲིད་དེ་དག་སྐྱེ་འགྱུར་ཡང་། །རང་གཞག་རང་ས་ཉིད་དུ་གྲོལ། །དེ་ཕྱིར་རྣལ་འབྱོར་སྣང་བའོ། །འབད་མེད་རྣམས་ནི་འདི་ལྟ་སྟེ། །རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤེགས་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པས་དོན་རྣམས་རྙེད། །མ་བསྒོམས་པས་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་འཕྲད་པ་སྟེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་ཉིད་མེད་ན་ར་ཀན། །ཞེས་སོ། །གོང་དུ་ཉོན་མོངས་པ་སྤང་བ་དང་། སྒྱུར་བ། རང་ཞིར་གཏོང་བ། རང་ལུགས་སུ་འཇོག་པ་ལ་སོགས་པ་ཐེག་པ་གཞན་གྱི་ལུགས་ཀྱིས་འབད་ཀྱང་དག་མི་ནུས་པ་ཉིད། འདིར་རྫོགས་པ་ཆེན་པོའི་སྐབས་སུ་རང་རིག་མཁའ་མཉམ་ཟང་ཐལ་སྤྲོས་བྲལ་བསམ་བརྗོད་ལས་འདས་པར་རྟོགས་པའི་གནད་ཀྱིས། ཆེད་དུ་སྤང་མི་དགོས་པར་མ་སྤང་དབྱིངས་སུ་དག་པ་སྟེ། དེ་ཡང་འབད་བཅས་སྒོམ་པ་རང་གཞག་གིས་གྲོལ་བ་སྣང་བ་ཐོད་རྒལ་དང་། འབད་མེད་ཟང་ཐལ་རང་གྲོལ་རིག་པ་ཁྲེགས་ཆོད་གཉིས་ཀའི་ལམ་ནས་ཐ་མི་དད་པར་གྲོལ་བ་ཡིན་ནོ། །འོན་ཀྱང་འདི་ན་གནད་གཅིག་ཡོད་དེ། རིག་པ་ཟང་ཀ་ཡོད་པས་ཉོན་མོངས་གྲོལ་བ་མིན་པར། ཉོན་མོངས་ཉོན་མོངས་ཀྱིས་གྲོལ་བ་ཡིན། གལ་ཏེ་གཅིག་གིས་གཅིག་འཇིག་པར་བྱེད་དགོས་ཚེ་གྲོལ་བ་མིན་པར་བཀྲོལ་བ་ཡིན། འོན་ཀྱང་འགྲོལ་བྱེད་དགྲོལ་བྱ་དང་བྱེད་པ་མཚུངས་པས་གྲོལ་བར་མི་འགྱུར་བས། ཉོན་མོངས་ཉིད་སྐྱེས་དུས་ནས་གྲོལ་ཏེ་ཡོད་པ་ནི། དེ་རིག་པ་རྟོགས་པའི་ངང་མ་བརྗེད་པའི་གནད་ལ་ཐུག་ཡོད་པའི་ཚུལ་ལུང་དང་བཅས་པས་ཉོན་མོངས་རང་སར་གྲོལ་བའི་གནམ་གཟེར་བསྟན་པའོ།།

༼ཏ དགུ་བ་བཟང་ངན་བླང་དོར་མེད་པའི་གནམ་གཟེར།

བཟང་ངན་བླང་དོར་མེད་པའི་གནམ་གཟེར་ནི།

ཉོན་མོངས་ལས་དང་བག་ཆགས་ཐམས་ཅད་ཀྱང་།།

རྩལ་ལས་རོལ་བར་ཤར་བའི་ཆོ་འཕྲུལ་ལ།།

གཉེན་པོ་བཟང་བྱས་ཐར་པའི་ལམ་ཉིད་ཀྱང་།།

རྩལ་ལས་རོལ་བར་ཤར་བའི་ཆོ་འཕྲུལ་ཏེ།།

གཉིས་ཀ་རྩལ་ལས་རོལ་བར་ཡེ་ཤར་བས།།

ངོ་ཤེས་ངང་དུ་མ་བཅོས་འཇོག་པ་གནད།།

བང་མཉམ་འགྲོས་མཉམ་གཞི་ནས་གཡོས་པར་མཉམ།།

རྐྱེན་བྱུང་འདུས་བྱས་རྒྱུ་འབྲས་མ་འདས་པས།།

རང་གཞག་ཅོག་གཞག་རྒྱུ་འབྲས་ཟློས་པ་གཅེས།།

ཞེས་གསུངས་ཏེ། སྤང་བྱའི་ཀུན་ཏུ་རྟོག་པ་སྣ་ཚོགས་སུ་ཤར་བ་དང་། དེ་སྤོང་བྱེད་གཉེན་པོའི་བཟང་རྟོག་ཐམས་ཅད་རིག་པའི་རྩལ་ལས་རོལ་བར་ཤར་བར་མཉམ་པས་བཟང་ངན་དང་བླང་དོར་མེད་པར་རང་སོར་གཞག་པ་གཅེས་སོ། །དེའང་བཟང་རྟོག་ངན་རྟོག་གཉིས་པོ་དེ་རིག་པའི་ངང་དུ་ཤར་ནས་ཡུལ་ལ་རྟོག་པར་བང་མཉམ་པས་འགག་པ་དང་རང་ཡལ་བ་ལྟར་སྣང་བ་ལ་ཁྱད་མེད། གཉིས་པོ་དེ་ད་ལྟ་རང་སོར་རིག་པའི་ངང་ན་སྣང་བ་ལྟར་སྣང་བའི་གྲོགས་སུ་སྣང་བ་ལ་ཁྱད་མེད། དང་པོ་གཞི་ལས་གཡོས་ནས་ཕྱིར་གསལ་བར་འཆར་བའམ་སྐྱེ་བར་སྣང་བར་ཁྱད་མེད་པའི་ཕྱིར་རོ། །བཟང་རྟོག་གཉེན་པོའི་ཆ་དང་། ངན་རྟོག་སྤང་བྱའི་ཆ་གཉིས་ཀ་རང་གྲོལ་ཅོག་གཞག་ཆེན་པོས་རིག་པའི་ངང་དུ་རྒྱུ་འབྲས་ལ་ཟློས་པ་གཅེས་ཏེ། ལམ་གཉེན་པོའི་བཟང་རྟོག་ལྟ་སྒོམ་སྤྱོད་འབྲས་དང་། སྤང་བྱ་འཁྲུལ་བའི་ངན་རྟོག་ཐམས་ཅད་ལ་དང་པོའི་གཞི་རྩ་མེད་པས་བཙལ་ཡང་མཐའ་མེད། ད་ལྟ་མེད་ལ་སྣང་བས་བརྟགས་ན་མེད་ལ་མ་བརྟགས་ན་གྲངས་བསམ་བརྗོད་པ་ལས་འདས། མཐར་འགྲོ་འོང་མེད་པས་ངོ་བོ་རྙེད་མཐའ་དང་བྲལ་ལ། རྒྱུ་འབྲས་མུ་མཐའ་མེད་པས་མཐའ་ལ་ཐུག་པ་མེད་པའི་ཕྱིར། ཅོག་གཞག་དང་རང་གཞག་ཆེན་པོ་མ་གཏོགས་པ་མཐའ་ཆོད་པ་དང་ཟིན་པའི་དུས་མེད་དེ། ཁྱུང་ཆེན་ལས། གཞི་མེད་ལམ་ཞེས་འབྲས་བུ་སུ་འདོད་པ། །འདོད་ཕྱིར་ཐར་པའི་ལམ་ལ་འདི་ཡིས་སྒྲིབ། །སྟོང་མུན་བསལ་དང་ཡོད་དང་མེད་པ་ཉིད། །རྟག་ཆད་རྒྱུ་འབྲས་བཞི་སྟེ་བརྒྱད་རྣམས་ལ། །མཐའ་མེད་ནམ་མཁའི་དབྱིངས་དང་མཚུངས་པ་ཉིད། །མུ་མཐའ་འཚོལ་བར་འདོད་པ་གང་ཡིན་པ། །བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ་སྟེ་རྙེད་པ་མིན། །མི་རྙེད་དོན་དེ་ཉིད་ལ་སུས་ཀྱང་བཅོས་མི་སྲིད། །ཤེས་བྱ་སྤྲོས་མེད་འདི་ལ་མཐའ་མ་མི་སྲིད་དོ། །ཞེས་སོ། །ཉོན་མོངས་ལས་དང་བག་ཆགས་ཀྱི་སྤང་བྱའི་ཀུན་རྟོག་སྣ་ཚོགས་སུ་ཤར་བ་ཐམས་ཅད་ཀྱང་། ཆོས་ཉིད་རིག་པའི་དབྱིངས་ཆེན་པོའི་རྩལ་ལས་རོལ་བར་ཤར་བའི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བར་ཡིན་པ་ལ། གཉེན་པོ་བཟང་པོའི་ཕྱོགས་སུ་འཇོག་པར་བྱས་པའི་སྤོང་བྱེད་གཉེན་པོའི་བཟང་རྟོག་ཐར་བའི་ལམ་ཉིད་ཀྱང་། ཆོས་ཉིད་རིག་པའི་དབྱིངས་གཅིག་གི་རྩལ་ལས་རོལ་བར་ཤར་བའི་ཆོ་འཕྲུལ་ཡིན་པར་གཅིག་མཚུངས་ཡིན་པས། ངན་རྟོག་སྤང་བྱ་དང་བཟང་རྟོག་གཉེན་པོ་གཉིས་ཀ་དང་པོ་ཤར་ས་རིག་པའི་ངང་ནས་ཤར་ལུགས་གཅིག་ཡིན་པ་དང་། བར་དུ་ཤར་ཏེ་རང་རང་གི་ཡུལ་ལ་རྟོག་ཚུལ་ཡང་འདྲ་བ་ཡིན་པས། དེ་གཉིས་ཀ་རྩལ་ལས་རོལ་བར་ཡེ་ཤར་ཡིན་པའི་གནད་ཀྱིས། གཉིས་ཀ་ངོ་ཤེས་ངང་དུ་མ་བཅོས་འཇོག་པ་སྟེ། བཟང་ངན་བླང་དོར་མེད་པ་རང་སོར་གཞག་པ་གནད་དུ་གཅེས་པ་དང་། བཟང་རྟོག་ངན་རྟོག་གཉིས་ཀ་ཐོག་བར་མཐའ་གསུམ་དུ་བང་མཉམ་འགྲོས་མཉམ་གཞི་ནས་གཡོས་པར་མཉམ་པ་ཡིན་པས། བཟང་རྟོག་ལྟ་སྒོམ་སྤྱོད་འབྲས་དང་ངན་རྟོག་སྤང་བྱའི་འཁྲུལ་བ་ཐམས་ཅད་རྐྱེན་ལས་བྱུང་བ་ཡིན་ཕྱིར་འདུས་བྱས་དང་། འདུས་བྱས་རྒྱུ་འབྲས་ལས་མ་འདས་ཤིང་། རྒྱུ་འབྲས་ལ་མུ་མཐའ་མེད་པར་ཡིན་པས་མཐར་ཐུག་སྟེ་ཟད་དུ་ཡོད་པ་མ་ཡིན་པ་དེས་ན། མ་བཅོས་འདུས་མ་བྱས་པའི་རང་བཞག་དང་ཅོག་བཞག་སྟེ། རྒྱུ་འབྲས་དོན་ལ་མེད་པར་ཐག་ཆོད་པའི་གཞི་མེད་རྩ་བ་བྲལ་བའི་ཡེ་གྲོལ་རིག་པའི་ངང་དུ་བཞག་ན། དེ་ནི་བཟང་ངན་ཐམས་ཅད་ཕྱམ་གཅིག་ཏུ་གྲོལ་བའི་བླང་དོར་མེད་པའི་གནམ་གཟེར་ཆེན་མོའོ།།

༼ཁ༽གཉིས་པ་སྐལ་ལྡན་ལས་འཕྲོ་ཅན་ལ་གདམས་པ་གཏད་ཅིང་སྣོད་མིན་ལ་གསང་བར་བསྟན་པ།

ཐེག་པ་རྒྱལ་པོའི་གདུང་རབས་འཛིན་པ་དང་བློ་དམན་ལ་གསང་བའི་གནམ་གཟེར་བསྟན་པ་ནི།

འདི་ནི་མཆོག་གསང་ཐེག་པའི་ཡང་རྩེ་སྟེ།།

བློ་དམན་རྣམས་ལ་མི་སྨྲ་ཤིན་ཏུ་གསང་།།

སྒྲོ་སྐུར་དབང་གིས་སྙིང་པོའི་བསྟན་པ་འཆལ།།

སྒྲོ་འདེབས་ཉིད་དང་དགོངས་པ་ལོག་པར་ཞུགས།།

གསང་སྒོ་འཆོལ་རྣམས་མཐའ་མེད་ངན་འགྲོར་ལྟུང་།།

དེ་བས་རབ་གསང་ཐེག་པ་རྒྱལ་པོའི་གདུང་།།

སྐལ་བཟང་དམ་པ་རྣམས་ལ་བསྟན་ཞིང་གཏད།།

ཅེས་གསུངས་ཏེ།

ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང་བར་བསྟན་པ་དང་། སྐལ་ལྡན་ལ་བསྟན་དགོས་ཚུལ་དང་། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་དགོས་པར་བསྟན་པ་དང་གསུམ་ལས།

༼ཀ དང་པོ་ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང་བར་བསྟན་པ།

ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང་། སྐལ་ལྡན་ལ་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་སྟེ་གསུམ་དུ་ཡོད་པ་ལས། དང་པོ་སྐལ་མེད་ལ་གསང་པ་ལ། ངོ་བོ། དབྱེ་བ། གསང་ཚུལ། མ་གསང་བའི་སྐྱོན། གསང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་དད་མེད་ལོག་ལྟ་ཅན་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པས་དེའི་ཕྱོགས་སུ་མོས་པ་དང་བ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང་། སྤྱིར་ཆོས་ལ་མོས་པ་ཡོད་ཀྱང་བློ་ཆུང་བས་གསང་སྔགས་ཀྱི་ཆོས་བསྟན་ན་སྐྲག་ཅིང་སྔངས་པ་ཐེག་པ་ཐུན་མོང་ལ་ཞུགས་པའམ་གསང་སྔགས་ལ་མི་དད་པ་དེ་དག་རྣམས་དང་། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་སྐལ་མེད་རྣམ་པ་གསུམ་མོ། །དེ་ལྟར་རྣམ་པ་གསུམ་དུ་བསྟན་པ་ལས་ཀྱང་ཁྱད་པར་དུ་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་བ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་བས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ན་བླ་མས་སློབ་མ་བརྟག་པ་ནི་བྱ་བ་གང་ཞིག་ལས་ཀྱང་གནད་ཆེ་བ་ཡིན་ཏེ། བླ་མས་སློབ་མ་བརྟག་པའམ་བརྟགས་ཀྱང་ནོར་འཁྲུལ་བྱུང་བས་ཟབ་ཆོས་བསྟན་ན། གསང་སྒྲོགས་ཀྱི་ཉེས་པ་འབྱུང་བས་མ་ཚད། ཁྱད་པར་དུ་སེམས་ཅན་དེ་ཉིད་ངན་འགྲོའི་དུཿ་ཁ་མུ་མཐའ་མེད་པར་མི་བརྒྱུད་པའི་ཆེད་དུ། དེར་སྙིང་རྗེའི་དབང་གིས་ངེས་པར་དུ་སྣོད་མིན་ལ་ཆོས་ཟབ་མོ་འཆད་དུ་མི་རུང་ཞིང་། བླ་མས་སློབ་མའི་སྣོད་བརྟག་དུས་ལོ་དང་ཟླ་བའི་བར་དུ་སྔོན་དུ་འགྲོ་དགོས་པའི་ཆོས་རྣམས་ཉམས་སུ་ལེན་དུ་བཅུག་སྟེ། གནད་ཀྱི་མན་ངག་རྣམས་རིམ་པས་སྦྱིན་པ་ལས་དུས་གཅིག་ཏུ་སྦྱིན་མི་ཉན་པ་ཡང་གསུངས་ཤིང་། སྣོད་མིན་ཁ་གསག་ཅན་ལ་གསང་བ་དུས་གཅིག་ལ་བསྟན་ན་བསྟན་པ་འཆོལ་བར་འགྱུར་པས་མ་ཚད། ཆོས་ཀྱི་བྱིན་རླབས་ཡལ་བར་འགྱུར་བ་སོགས་ཀྱང་འབྱུང་བ་ཡིན་ནོ། །སྣོད་མིན་ལ་ཆོས་བཤད་ན་ཕན་ལས་གནོད་པ་ཆེ་ཚུལ་རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ལྡན་བྱེད་དང་། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །གསང་སྒོ་འཆོལ་བར་བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང་། །ཞེས་སོ། །དེ་ལྟར་སྣོད་ལྡན་ལ་བསྟན་ཅིང་སྣོད་མིན་ལ་གསང་དགོས་པར་བསྟན་ནས། ད་ནི་གསང་ཚུལ་ལ་གསང་བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསང་ཚུལ་དངོས་བཤད་པ་ལ་གསུམ་ལས། དང་པོ་གསང་བའི་ཡུལ་ནི་རྒྱུད་སེངྒེ་རྩལ་རྫོགས་དེ་ཉིད་ལས། མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །སྔ་རབས་པ་ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡེ་གསང་ཐབས་ཀྱིས་ཆོད་ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་ན་དེ་ལྟར་བཤད་ཡམས་སུ་བརྗོད་པའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང་། གསང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །འདི་ཡང་གཡང་སྟོན་རྡོ་རྗེའི་དཔལ་ལ་སོགས་པའི་དགོངས་པའི་བཀྲལ་ལུགས་ཀྱི་ཁྱད་པར་ཡོད་ཀྱང་། མཐར་འབབ་ས་གཅིག་ཏུ་བསྡུ་ཐུབ་ལ། གཞུང་གང་བཤད་ཀྱང་གཞུང་རང་ཉིད་ལྟར་དུ་བཤད་པ་ནི་མན་ངག་གོ །ཕལ་པ་ལ་དེ་བས་ཀྱང་གསང་དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། །གསང་ཚུལ་ལ་ཡང་སྤྱིར་བློ་དམན་དང་། ཁྱད་པར་སྣོད་མིན་ལོག་ལྟ་ཅན་གྱི་རིགས་ལ་ཆོས་ཟབ་མོ་འདི་དངོས་སུ་བསྟན་པ་ཕར་ཞོག བསྟན་པ་ཡིད་ཀྱིས་ཀྱང་བསམ་མི་རུང་ལ། ཚིག་འབྲུ་ངག་ཏུ་བརྗོད་པ་དང་གླེགས་བམ་ལག་ཏུ་གཏད་པ་ནི་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱ་བར་གསུངས་ཤིང་། འོན་ཀྱང་དེང་སང་གི་དུས་སྙིགས་མ་ཡིན་པ་དང་། ཕྱོགས་གཅིག་ནས་བསྟན་པའི་མེ་རོ་ཡར་གསོའི་སྐབས་ཀྱང་ཡིན་པས་སམ། དཔེ་ཆ་རྣམས་ས་དར་རྡོ་དར་དུ་སོང་ཞིང་། དེ་ཡང་མི་རིགས་མང་པོའི་ཡིག་རིགས་སུ་བསྒྱུར་ནས་ཡོད་པ་དང་། འགའ་རེས་བླ་མ་ཡང་ཏིག་གི་མན་ངག་ཁ་ཕྱེས་ནས་ལག་ལེན་དང་བསྒོམས་པར་བྱས་ཀྱང་ཅི་ཡང་ཡོང་རྒྱུ་མི་འདུག་ཟེར་མཁན་ང་ལ་ཡང་ཐུག་མྱོང་། ངས་ཁྱོད་ཀྱིས་ཐོབ་ཨེ་མྱོང་ཞེས་པས་ཐོབ་མ་མྱོང་ཟེར། བྱིན་རླབས་བརྒྱུད་པའི་ཕ་ཕོག་ཐོབ་མ་མྱོང་བའི་དབང་གིས་ཕན་ཐོགས་མ་བྱུང་བ་ཡིན་ངེས་ཞེས་བཤད་པ་ཡིན། དེ་དག་གི་བསམ་པ་ནི་གློག་སྒོའམ་འཕྲུལ་འཁོར་གྱི་སྒོ་ཕྱེ་ལྟ་བུའི་འདེང་རྒྱག་བྱེད་ཀྱིན་འདུག འདེང་རྒྱག་དེ་ལས་མེད་ན་དྲག་ཀྱང་། ལོག་ལྟ་སྐྱེ་ན་རྒྱུད་མ་རུང་པར་བྱེད་ཚུལ་གོང་ནས་གསུངས་པ་ལྟར་རེད། གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང་། །ཞེས་པས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང་། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང་། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། །ཞེས་འབྱུང་ངོ་། །ཆོས་འདི་ལ་སྐྱོན་ཞིག་ཡོད་ནས་མི་ལ་བསྟན་མ་ཕོད་ནས་གསང་བ་ཞིག་མིན་པར་དེ་ལས་ལྡོག་པའི་ཡོན་ཏན་དང་རིན་ཐང་ཆེ་བས་ན་སྣོད་ངན་ཕལ་ལ་མི་ཆགས་པའི་དཔེ་སེང་གེའི་འོ་མ་ལ་བཞག་ནས་གསུངས་པ་ལྟ་བུ་ཡིན། གཞན་ཕ་རོལ་པོ་ལ་གནོད་སྐྱེལ་བ་དང་། ཆོས་ཀྱི་གླེགས་བམ་ཚོང་རའི་ཁྲོམ་ཅོག་གི་ཐོག་ཏུ་ལྷམ་དོར་མ་རྣམས་དང་འདྲ་བར་ཐོན་པས་མ་ཚད། ཆོས་རྫོགས་ཆེན་བཤད་པ་ལས་ཁ་ཤགས་མཁན་དང་གླུ་བའི་གླུ་ཡིས་རིན་ཐང་ཆེ་བའི་དུས་སུ་སྤྱིར་ཆོས་ཀྱི་བྱིན་རླབས་ཉམས་རྟགས་ཡིན་པས། མ་གསང་བར་རང་གར་འཆད་ན་ཆོས་ཀྱི་ཆེ་བ་ཉམས་པའི་རྒྱུ་རུ་འགྲོ་བ་ཡིན་ནོ། །གཏད་རྒྱས་དམ་དུ་སྦ་ཞེས་གསུངས་པ་དེ་ཇི་ལྟར་དམ་དུ་སྦ་དགོས་ན། སྣོད་མིན་ལ་གསང་བའི་བཀའ་རྒྱས་བཏབ་ཅིང་། སྣོད་ལྡན་ལ་བསྟན་པའི་བཀའ་རྒྱ་མཛད་པ་སྟེ། མདོར་ན་དམ་དུ་སྦ་ཞིང་གསང་བའི་ཁྱད་པར་དེ་ལྟར་གསུངས་པ་ལས་ཡིན་གཅིག་མིན་གཅིག་ཁུག་མ་ཁ་བཅིངས་པ་བཞིན་དུ་སྡོམས་ཤིག་གསུངས་པ་ག་ལ་ཡིན། གསང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང་། བློ་ཆུང་དང་། གསང་སྒྲོགས་པ་གསུམ་གྱི་རིགས་ལ། ཆོས་འདིའི་མིང་དང་། ཡི་གེ་དང་། གནད་དང་། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང་། ཡུལ་ཕྱོགས་མི་མོས་པ་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང་། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང་། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་རང་ཉིད་ཀྱི་བླ་མའི་མདུན་ནས་གཞན་བཀའ་མ་ཐོབ་པར་རྫོགས་པ་ཆེན་པོ་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། །འོག་མ་རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་བར་དུ་ཡང་། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་པ་ཡང་། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །རྫོགས་པ་ཆེན་པོའི་ཆོས་ཟེར་དུས་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད་ཐམས་ཅད་ལ་གོ་དགོས་ཤིང་། ཁྱད་པར་དུ་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་འཕོ་མ་དགོས་དབང་གི་བརྡ་དོན་གྱི་གནད་ཙམ་ཡང་གོ་བས་མ་ཁྲོལ་བ་ཞིག་གིས། དབང་གཞན་ལ་བསྐུར་བྱེད་པ་ཡང་བསྟན་པ་ཉམས་པའི་སྔོན་རྟགས་མ་ཟད་རང་རྟགས་ཀྱང་ཡིན་ནོ། །མ་གསང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང་། སྙིང་པོའི་བསྟན་པ་ནུབ་པ་དང་། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང་། ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེ་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར། །གཞན་ཡང་མཚན་མར་གྱུར་པ་བསྲེག །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །ཞེས་པ་དང་། ཕན་ཐོགས་མ་ཆེ་ཡང་གནོད་པ་མེད་ན་བླ་ཡང་། གསང་སྔགས་ཟབ་མོའི་ལམ་དེ་སྦྲུལ་སྨྱུག་སྦུག་ཏུ་བཅུག་པ་ཡང་ན་ཡར་གྱི་ཁར་དང་ཡང་ན་མར་གྱི་མཐིལ་གཉིས་ལས་འགྲོ་ས་མེད་པ་བཞིན་དུ། སྣོད་དང་མི་ལྡན་པ་དང་། ཉམས་སུ་མི་ལེན་པ་དང་། ཆོས་ལ་དབང་ཟོས་པས་མ་ཚད་ཆོས་དང་བླ་མ་ལ་ལོག་ལྟ་དང་སྐུར་འདེབས་བྱས་ན། ཚེ་འདིར་ཚེ་ཐུང་ནད་མང་། བསམ་པ་ལམ་དུ་མི་འགྲོ། མི་འདོད་སྣ་དགུ་ཐོག་ཏུ་བབ། ཕྱི་མ་ངན་སོང་གི་གནས་ནས་ཡར་ཐར་མེད་པའི་སྡུག་བསྔལ་མྱོང་བ་དང་། དེའི་སྒྲོ་སྐུར་གྱི་དབང་གིས་སྙིང་པོའི་ཐེག་པ་ནུབ་རྐྱེན་བྱེད་པའི་ཕྱིར། སེམས་ཅན་ཇི་འདྲའི་མང་པོ་ཞིག་ལ་གནོད་སྐྱེལ་བར་འདུག་ལེགས་པར་སེམས་དགོས་སོ། །ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ། །ཅེས་སོ། །སྐལ་བ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། །གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བཀུར་ཡིད་ཐུང་བཟློག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །འདི་དང་འདི་འདྲའི་རིགས་མདོ་རྒྱུད་བཀའ་གཏེར་དག་ལས་ལན་གཅིག་མིན་པར་མང་རབ་འབྱུང་བ་ཡིན། གསང་བའི་ཡོན་ཏན་ནི། གོང་དུ་བཤད་པའི་སྐྱོན་ལས་ལྡོག་སྟེ་རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །དེ་ཡིས་སྣོད་མིན་ལ་གསང་བ་ནང་གསེས་ཀྱི་དབྱེ་བ་དང་བཅས་པ་བསྟན་ཟིན་ནས།

༼ཁ སྐལ་ལྡན་ལ་བསྟན་དགོས་ཚུལ་བསྟན་པ།

ད་ནི་སྐལ་ལྡན་ལ་བསྟན་པ་ལའང་། མཚན་ཉིད་དང་། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ཉིད་ནི། ནོར་བུ་ཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དང་། །ཤེས་རབ་བློ་རྩལ་ཆེ་བ་དང་། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང་། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཞེས་པ་དང་། མཐའ་གཅིག་ཏུ་རིགས་མཐོ་བ་ཙམ་གྱིས་སྣོད་ལྡན་ཡིན་པའི་ངེས་པ་ཡང་མེད་ཅིང་། ཡང་རྒྱུད་འདི་ལས། རིགས་ངན་གང་དག་སུ་ཡིན་ཡང་། །ལྷག་མ་མེད་པར་ཡོངས་སུ་སྦྱིན། །ཞེས་གསུངས་ཡོད་པས། སློབ་མའི་རྒྱུད་ཀྱི་མཐུན་རྐྱེན་ཚོགས་པ་དེ་གཙོ་བོ་ཡིན་ཞིང་། དེ་ཡང་གནས་སྐབས་ལྟར་སྣང་དུ་ཚོགས་པ་ཙམ་གྱིས་མི་ཆོག་པར་བརྟན་ཞིང་དེས་པ་དང་། བྱ་དཀའ་བའི་ལས་ལ་མི་ཞུམ་ཞིང་འགྱུར་ལྡོག་མེད་པ་ལ་སོགས་པ་འོག་ནས་འབྱུང་འགྱུར་ཡིན་ལ། སློབ་མའི་མཚན་གཞི་མདོ་ཕྱོགས་ལས་ཀྱང་། འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང་། །འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་ལ་སོགས་པ་གསུངས་ཡོད་པས། སློབ་དཔོན་སློབ་མ་སུ་ཡིན་ཡང་མི་ཡིན་པས། དང་པོ་མ་མཐའ་ཡང་མི་རབ་ཚད་ལྡན་མི་བཟང་ཞིག་ཡིན་པའི་རྨང་གཞིའི་ཐོག་ཏུ་མདོ་རྒྱུད་ནས་གསུངས་པའི་སློབ་མ་དང་སློབ་དཔོན་གྱི་མཚན་ཉིད་ལ་བརྟག་པ་དེ་ཉམས་སུ་མྱངས་པས་ཀྱང་དཔོག་ཐུབ་པ་ཞིག་ཡིན་ནོ། །སློབ་མའི་མཚན་ཉིད་ནི། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་འཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་པར་སྤྱོད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་པ་དང་། ཀུན་བྱེད་ལས། དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡིད་རིང་སྐྱོ་དང་ཡིད་བཟློག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལའང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པ་སྦྱིན་པར་བྱ། །དྲེགས་པ་སྤང་ཞིང་ང་རྒྱལ་བྲལ་བ་དང་། །སྙིང་པོའི་དོན་ཕྱིར་ལུས་སྲོག་ཕངས་པ་མེད། །བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ། །སྙིང་པོའི་དོན་ལྡན་སྐྱེ་མེད་བསྟན་པ་སྦྱིན། །ཞེས་སོ། །ཆོས་སྐུའི་བསྟན་པ་རྫོགས་ཆེན་གསང་བ་སྙིང་པོའི་ཆོས་དང་གདམས་པ་བསྟན་ཅིང་གཏད་པ་སློབ་མ་ལ་ཚང་དགོས་པའི་མཚན་ཉིད་དེ་དག་བསྟན་ཏེ། ད་ནི་དེ་དག་ཚང་ཡོད་མེད་བརྟག་པ་ནི། ཆོས་ཞུ་བའི་སྔོན་དུ་སྣོད་དང་ལྡན་ནམ་མི་ལྡན་བརྟགས་པ་སྟེ། བྱ་དཀའ་བའི་ལས་བཅོལ་བའམ། སྙིང་ལ་ཕོག་པའི་ཚིག་གིས་གཤེ་བའམ། སྤྱོད་ལམ་འགལ་དུས་མི་དད་པ་བརྟགས་པའམ། ནོར་འདི་དང་འདི་འདོད་ཅེས་གཏོང་ཕོད་བརྟགས་པས། སྣོད་མེད་ཡིན་ན་དད་པ་ལོག་པའམ་ཡོ་བྱད་ལ་ཕངས་པས་ཕྱིར་བཟློག་སྟེ། དེ་ལྟ་བུ་ལ་ནི་ཕན་ཐོགས་པ་དང་དམ་ཚིག་ཐུབ་པ་མི་སྲིད་པས་མ་འབྲེལ་བ་ལེགས་པར་ཤེས་པར་བྱའོ། །དེ་ལྟར་མ་ཡིན་པར་དད་པ་དང་གཏོང་ཕོད་ལ་གནས་ན་སྐྱེ་བ་སྔ་མ་ནས་ལས་འབྲེལ་ཡོད་པའི་རྟགས་ཡིན་པས། ནོར་ལ་སོགས་པ་དགོས་པ་མེད་ཀྱང་ཚོགས་རྫོགས་པའི་ཕྱིར་བླངས་པས་དཔོན་སློབ་རྟེན་འབྲེལ་མི་འཆུགས་པའི་དགོས་པ་ཡོད་དེ། མི་ལས་མར་པར་བསྟེན་ཏེ་སྲས་མཁར་དགུ་ཐོག་ཁྱམས་དང་བཅས་པ་བཞེངས་པ་ལྟ་བུ་དང་། རྒྱལ་བ་ཀློང་ཆེན་པས་ཡར་སྟོད་རྐྱམ་གྱི་ཕུ་ནས་རིག་འཛིན་བླ་མ་ཀུ་མཱ་ར་ཛ་བསྟེན་པ་དང་། མཆིམས་ཕུ་ནས་སྒྲུབ་པ་མཛད་སྐབས་དཀའ་སྤྱད་དྲག་པོ་མཛད་ཚུལ་དང་། ངའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོས་ཆོས་རྗེ་གཞན་ཕན་སྣང་བ་བླ་མར་བསྟེན་ཏེ། གཞན་དགའ་ཚང་གི་སྐུ་ཚེའི་སྐེད་ནས་དགོངས་པ་ཆོས་དབྱིངས་སུ་མ་ཐིམ་གྱི་བར་དུ་རྒྱ་བོའི་ཕུ་སོགས་ནས་བླ་མའི་ཞབས་འབྲིང་གི་ཉེ་གནས་མཛད་ནས་བསྙེན་བཀུར་ཞུས་པ་ཡིན། ཀུན་བྱེད་ལས། འཇིག་རྟེན་ཞེན་དང་བྲལ་ཞིང་རྒྱུད་བརྟག་ཕྱིར། །ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ། །ནུས་དང་མི་ནུས་ཁྱད་པར་རྟགས་ལྡན་པས། །སྙིང་པོའི་དོན་ལྡན་ཀུན་བྱེད་རྒྱལ་པོ་སྦྱིན། །ཞེས་པ་དང་། གལ་ཏེ་བདག་ལ་དགོས་པར་མ་གྱུར་ཀྱང་། །དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་དབུལ། །ཞེས་སོ། །དེ་ཡན་གྱིས་དམ་པའི་ཆོས་བསྟན་ཆོག་ཅིང་བསྟན་པ་གཏད་ཆོག་པའི་སྐལ་བཟང་གི་སློབ་མ་སྣོད་ལྡན་གྱི་མཚན་ཉིད་བསྟན་ཟིན་ཏེ།

༼ག སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་དགོས་པར་བསྟན་པ།

ད་ནི་སྐལ་བཟང་དེ་ལྟ་བུ་ལ་བསྟན་པ་གཏད་པ་ལ། གཏོད་བྱེད་སློབ་དཔོན་གྱི་མཚན་ཉིད་དང་། ལེན་མཁན་སློབ་མའི་མཚན་ཉིད་དོ། །དེ་ལས་སློབ་དཔོན་ནི་མཁས་ཤིང་ཐུགས་རྗེ་དང་ལྡན་པ། གྲོལ་ཞིང་བྱིན་རླབས་དང་ལྡན་པ། གོམས་ཤིང་རྟགས་ཚད་དང་ལྡན་པ། འབྲེལ་ཚད་དོན་དང་ལྡན་ཞིང་བསྟན་པའི་ཁུར་ཆེན་བསྣམས་པ་སྟེ། སྔགས་རྒྱུད་ཀྱི་གསང་སྔགས་བསྟན་པའི་སློབ་དཔོན་མཁས་པ་དེ། ཚིག་ལ་སྒྲིམ་པའི་ཁ་བཤད་ཤེས་པ་ཙམ་ཞིག་མ་ཡིན་པར། དོན་གྱི་ཕུ་ཐག་ཆོད་དེ་ཉམས་ལེན་རང་ཉམས་དང་བསྟུན་པའི་འཆད་ལ་མཁས་ཤིང་། དོན་དམ་རྟོགས་པའི་ཡེ་ཤེས་ཐུགས་རྒྱུད་ལ་མངའ་བ་དང་། ཆུ་དང་རླན་མེ་དང་ཚ་བ་བཞིན་དུ་འབྲལ་བར་མེད་པའི་སྙིང་རྗེ་ཆེན་པོས་སུ་མཐོང་མ་ལྟར་བརྩེ་ཞིང་སྣོད་ལྡན་བུ་ལྟར་སྐྱོང་བ་དང་། བླ་མ་རང་ཉིད་མ་གྲོལ་ན་གཞན་དག་སྒྲོལ་དཀའ་བ་ཡིན་པས་རང་རྒྱུད་རྟོགས་པས་གྲོལ་ཞིང་བརྒྱུད་པའི་བྱིན་རླབས་དང་ལྡན་པ་དང་། ཉམས་ལེན་གྱི་གོམས་པ་ཀློང་དུ་གྱུར་ནས་གྲུབ་བརྙེས་རིག་འཛིན་གྱི་སར་བཤེགས་པའི་རྟགས་ཚད་དང་མཚན་ཉིད་ཀུན་གྱི་མཐོང་ཆོས་སུ་གྱུར་པ་དང་། བཟང་ངན་ལས་ཀྱིས་འབྲེལ་ཚད་དོན་ལྡན་དུ་འགྱུར་བ་དང་། མཇལ་བ་ཙམ་གྱིས་སྣང་བ་འགྱུར་ཞིང་། དད་པ་ཙམ་གྱིས་བྱིན་རླབས་འཇུག་ཐུབ་པ་ཞིག་དགོས་པ་ཡིན། འདིར་བསྟན་པའི་ཁུར་ཆེན་ཞེས་གསུངས་པ་དེ། རྒྱ་ཐོབ་བོད་ཐོབ་དང་ཐེལ་ཐམ་ཀ ཁྲི་མཐོན་པོ་དང་སྡེ་ཆུས་རི་ཆུས་དེ་དག་ལ་གོ་རྒྱུ་མ་ཡིན་པར་གསང་བ་རྫོགས་པ་ཆེན་པོའི་སྒྲུབ་བརྒྱུད་དོན་གྱི་བསྟན་པ། གྲུབ་ཐོབ་བརྒྱུད་པས་རི་སུལ་བཀང་ནས་འཕོ་ཆེན་འཇའ་ལུས་རྡོ་རྗེའི་ལམ་སྲོལ་གཏོད་པའི་ཁུར་འཛིན་ཐུབ་པ་ཞིག་ལ་གོ་དགོས་སོ། །ད་རུང་རྒྱུད་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་གཡེང་བ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་ཐབས་ཐམས་ཅད་ཕྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱིས། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་བཞིན། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་སོ། །མཚན་ཉིད་ལྡན་པའི་བླ་མ་དེའི་རྟོགས་པའི་ཡོན་ཏན་རང་རྒྱུད་གྲོལ་བའི་གཞིར་བཞག་གི་སྟེང་དུ། ལུང་གི་ཡོན་ཏན་བཤད་པའི་རྣམ་རིག་གིས་གཞན་རྒྱུད་སྨིན་ཅིང་གྲོལ་བར་བྱ་དགོས་པ་ཡིན། ཁྱད་པར་དུ་བཤད་པའི་སྐབས་སུ་ཡང་ཤོད་ཅེས་གོང་ཞིག་ལ་བཞག་ན་ཁ་ཡོད་པས་ཅིག་བཤད་ལོས་འདུག་ཀྱང་། བཤད་པ་ཙམ་གྱིས་མི་ཆོག་པ་གླེང་གཞི་ངེས་པའི་རྣམ་གྲངས་རྒྱུད་ལུང་མན་ངག་གང་བཤད་ཀྱང་རང་རང་གི་གཞུང་ལྟར་དུ་བཤད་དགོས་པ་སྟེ། དེ་ཡང་རྒྱུད་ལྟར་དུ་བཤད་ན་གནས་ངེས་པ་གསུམ་གྱིས་བཤད་དགོས་པ་དང་། ལུང་ལྟར་དུ་བཤད་ན་ཕུན་སུམ་ཚོགས་པ་ལྔ་ཡིས་བསྟན་དགོས་པ་དང་། མན་ངག་ལྟར་དུ་བཤད་ན་གཞི་ལམ་འབྲས་བུ་གསུམ་གྱིས་བཤད་དགོས་པ་ཡིན། བཤད་ལུགས་ཀྱི་རྣམ་གྲངས་ཀྱང་། སྟག་མོའི་མཆོངས་སྟངས་ལྟ་བུས་དོན་གྱི་ས་ཆེན་བཅད། ཁྱུང་ཆེན་མཁའ་ལྡིང་ལྟ་བུས་སྤྱིའི་ཁོག་ཕུབ། སེང་གེའི་གདངས་སྐད་ལྟ་བུས་ཐེག་དམན་ཟིལ་གྱིས་མནན་པ་སོགས་སྣ་ཚོགས་རིན་པོ་ཆེའི་དཔེ་ཉི་ཤུ་རྩ་གསུམ་དང་། དཔག་བསམ་ལྗོན་པའི་ཆིངས་ལྔ་སྟེ། ཉི་ཤུ་རྩ་བརྒྱད་ཀྱི་ཚུལ་དུ་བཤད་དགོས་སོ། །དེ་ཡན་གྱིས་གང་གདམས་ཟབ་འཆད་ཅིང་སྟོན་པའི་སློབ་དཔོན་བཟང་པོ་མཚན་ཉིད་ཀུན་ལྡན་གྱི་མཚན་ཉིད་ཇི་ལྟར་ཡིན་པ་ལེགས་པར་བསྟན་ནས། ད་ནི་དེ་ལས་ལྡོག་པའི་བཅོས་མ་གཟུགས་བརྙན་གྱི་སློབ་དཔོན་ནི། ཇི་ལྟར་ཞེ་ན། རང་ཤར་ལས། སློབ་དཔོན་མཁས་པའི་གསུང་འཛིན་པར། །མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་འཆལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་པས་སྤང་བར་གདམས་སོ། །དེ་ལྟ་བུའི་མཚན་གཞི་ཚང་མཁན་ཁྲིད་ཤོག་ཟེར་ན་དུས་འདིར་རང་གཞན་སུའི་ཐད་ནས་མང་བས་མ་ཚད། ད་རུང་དེའི་ཐོག་ཏུ་ངན་པའི་རང་གཤིས་བགྲང་དགོས་ན་བགྲང་གང་མང་ཡོད་པ་རེད། བསྟན་པ་གཏད་པ་དེ་ལེན་མཁན་སློབ་མའི་མཚན་ཉིད་ནི། བསྟན་པ་འཛིན་ནུས་པའི་རྟགས་ཡོད་པ་སྟེ། དེ་ལ་སྙིང་པོའི་ཡང་རྩེ་རྫོགས་པ་ཆེན་པོའི་དོན་གྱི་བསྟན་པ་འདི་གཏད་པར་བྱས་པས། བསྟན་པ་ཡུན་རིང་དུ་གནས་ཤིང་། སྐྱེ་དགུ་དཔག་ཏུ་མེད་པ་བྱང་ཆུབ་ཀྱི་ལམ་དུ་འདྲེན་པའི་སྲོལ་མི་ཉམས་པར་བྱེད་པ་སྟེ། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཁྱད་པར་ཅད་ལས་གྲུབ་པ་ཡིན་ནོ། །སྤྱིར་སྐྱེ་དགུའི་བདེ་སྐྱིད་ཀྱི་འབྱུང་རྩ་རྒྱལ་བའི་བསྟན་པ་ཡིན་པས་རྒྱལ་བའི་བསྟན་པ་དར་ནུབ་སེམས་ཅན་གྱི་ལས་ལ་རག་ལས་ནས་ཡོད་པ་ཡིན། དེ་ཡང་ཐལ་འགྱུར་ལས། ལྟ་བ་སྒོམ་པ་འཛིན་པ་ནི། །དད་པ་རབ་དང་བརྩོན་འགྲུས་ལྡན། །གཏོང་བར་ནུས་ཤིང་བླ་མར་གུས། །བརྟུལ་ཞུགས་ལྡན་ལ་སྡིག་ལ་འཛེམ། །འགྱུར་མེད་རབ་ཏུ་བརྟན་པོས་འཛིན། །ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང་། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཞེས་པ་དང་། ནོར་བུ་ཕྲ་བཀོད་ལས། ཡན་ལག་རགས་ཤིང་ཁ་དོག་ནག །སོ་ཉིད་ཐགས་བཟང་དཀར་ལ་འདྲིལ། །མིག་རྩ་ཡིད་ཙམ་དམར་བ་དང་། །སྐྲ་ཡི་མཚན་ཉིད་ཆེན་པོ་ཡང་། །གཡས་སུ་འཁྱིལ་ཞིང་ཁམ་ནག་མདོག །ལུས་ལ་བཀུར་སྟི་ཆུང་བ་དང་། །ཕྱི་ཡི་སྤྱོད་ལམ་ཐ་མལ་མདོག །ཚིག་རྣམས་ཤུགས་འབྱུང་སྨྲ་བ་དང་། །ཡང་ན་ཚིག་གི་རྣམ་པ་ཀུན། །གཅིག་གིས་གང་ལྟར་སྨྲས་པ་ལྟར། །སྐྱེས་བུ་དེ་ཡང་དེ་ལྟར་སྨྲ། །རྫོགས་ཆེན་གདམས་ངག་བསྟན་པར་གསུངས། །དེ་རྣམས་གཅིག་ལ་ཚང་བ་ན། །ཤན་པའི་རིགས་སམ་སྨད་འཚོང་རིགས། །ཕྱག་དར་ཁྲོད་པའི་རིགས་ཀྱང་རུང་། །རིགས་ངན་གང་དག་སུ་ཡིན་ཡང་། །གསང་བའི་མན་ངག་བཅུད་འདི་གཏད། །ཅེས་གསུངས་སོ། །མཐའ་གཅིག་ཏུ་རྒྱལ་རིགས་རྗེ་རིགས་ཡིན་དགོས་པའི་ངེས་པ་མེད་པར་བསྟན་པ་རེད། དེ་ཡན་གྱིས་ལེའུ་འདི་ལ་ས་བཅད་གསུམ་དུ་ཕྱེས་ཏེ་བཤད་པའི་གཉིས་པ་ཐེག་པའི་རྒྱལ་པོའི་གདུང་རབས་འཛིན་པ་དང་། བློ་དམན་ལ་གསང་པའི་གནམ་གཟེར་དང་། དེ་ཉིད་སྣོད་མིན་ལ་གསང་ཚུལ། གསང་ཡུལ་ལ་གསང་དགོས་དོན། ཇི་ལྟར་གསང་བ། སྐལ་ལྡན་ལ་བསྟན་ཅིང་བསྟན་པ་གཏོད་ཚུལ། གཏོད་བྱེད་སློབ་དཔོན། ལེན་མཁན་སློབ་མ་སོགས་ཀྱི་མཚན་ཉིད་སོང་སྟེ།

༼ག༽གསུམ་པ་མན་ངག་ངེས་པའི་དོན་ཆོས་ཉིད་ཅོག་གཞག་ཆེན་པོར་བསྡུ་བའི་གནམ་གཟེར།

དེ་ལ་ཆོས་ཅན་སྤར་གྱིས་ཟིན་པའི་གནད་བསྟན་དང་། མ་བཙལ་རང་གཞག་གི་སྙིང་པོའི་དོན་བསྡུས་པ་དང་། ཆེ་བ་རང་ལ་གནས་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་མདོ་མདུད་དང་བཅས་པས་བསྟན་པ་ལས།

ཀ༽དང་པོ་ཆོས་ཅན་སྤར་གྱིས་ཟིན་པའི་གནད་བསྟན་པ།

ད་ནི་མན་ངག་ངེས་པའི་དོན་ཆོས་ཉིད་ཅོག་གཞག་ཆེན་པོར་བསྡུ་བའི་གནམ་གཟེར་ནི།

མདོར་ན་གང་སྣང་ཡུལ་སེམས་རྐྱེན་རྣམས་ལ།།

གཉེན་པོ་མི་འཇུག་རྩོལ་བས་མ་སྤངས་པར།།

རང་གཞག་ཅོག་གཞག་རང་བབས་རིག་པའི་གནད།།

ཞེསགསུངས་ཏེ། རྐྱེན་སྣང་རང་སར་གྲོལ་བ་རང་བབས་ཅོག་གཞག་རིག་པ་རྗེན་པའི་གནད་ལས་བྱུང་བ་སྟེ། ཐ་མལ་པ་འཆིང་བ་རྣལ་འབྱོར་པའི་གྲོལ་ལམ་དུ་ཤར་བ་ནི་འདིའི་ཁྱད་པར་གྱི་ཆོས་སུ་གཞི་ནས་ཤར་ཏེ། ཁྱུང་ཆེན་ལས། སྒྲིབ་བྲལ་ཅོག་གཞག་བསླད་པ་མེད་པའི་ལམ། །མཐོང་མེད་མཚུངས་པ་མེད་ཅིང་ཡེ་ཤེས་ཀུན་གྱི་དངོས། །འཁྲུལ་བ་ཡུལ་ལ་གཟུང་བའི་ལྟོས་བྲལ་ཉིད། །རང་བཞིན་ཡུལ་ལ་འགག་མེད་སྙིང་པོའི་རྗེས། །སྟོང་ཡུལ་མ་དཔྱད་རང་སར་བཞག་སྟེ་གྲོལ། །ཞེས་པ་དང་། གང་གིས་མ་བསླད་རང་རིག་གྲོལ་བའི་གནད། །ལུས་དང་སེམས་དང་ཉོན་མོངས་རང་གི་ཆོས། །མི་ཤེས་བྱིས་པ་རྣམས་ཀྱི་རྒྱར་སྣང་ཡང་། །རང་གཞག་མ་བཅོས་རྣལ་མའི་རང་རིག་པ། །ཡེ་ནས་རང་གྲོལ་སུས་ཀྱང་བཤིག་པ་མེད། །མ་བཀྲོལ་རང་སར་གྲོལ་བས་འབད་ཅི་དགོས། །ཡེ་ནས་རང་གྲོལ་གྲོལ་བའི་རྒྱུ་མེད་ཉིད། །སྡིག་སྤྱོད་མི་དགེ་རྣམ་སྨིན་བདེ་བའི་གྲོགས་ཆེ་བས། །རང་ཤུགས་མ་བཙལ་འབད་པ་མེད་པའི་གནད། །འདི་ཉིད་རྟེན་བྲལ་དགེ་བས་སུ་ལ་ཕན། །སངས་རྒྱས་མེད་ཅིང་སུ་ཡིས་བཅིངས་པའི་རྒྱ། །འཁྲུལ་དང་མ་རིག་སེམས་ཅན་སུ་ལ་སྲིད་མིང་མེད། །དེ་ཕྱིར་ཡེ་ནས་མ་བཀྲོལ་ཕྱིས་གྲོལ་མེད་པའོ། །ཞེས་སོ། །གོང་དུ་བསྟན་པའི་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གྲོལ་བའི་གནམ་གཟེར་ཆེན་པོ་དགུ་ཡིས། ཐམས་ཅད་ཆོས་ཉིད་གཅིག་གི་ཀློང་ལས་མ་འདས་པས་རིག་པ་རང་བབ་ཅོག་བཞག་ལ་འདུས་པའི་བསྟན་དོན་ལྟར་དུ། སྤར་གྱིས་ཟིན་པའི་གནད་འཛིན་ཆོག་ཆོག་ཏུ་མདོར་བསྡུ་ན། ངན་པ་ཕར་དོར་ཏེ་བཟང་པོ་ཚུར་ལེན་པ་ལྟ་བུ་ཞིག་མ་ཡིན་པར། ཐ་མལ་པའི་འཆིང་བྱེད་དེ་ཉིད་རྣལ་འབྱོར་པའི་གྲོལ་བྱེད་ཀྱི་ལམ་དུ་ཤར་དགོས་པ་ཡིན། དེ་ཡང་མ་ཡིན་པ་ལ་ཡིན་པར་བློས་འཆོས་པ་ནི་མ་ཡིན་པར་གང་སྣང་གི་ཡུལ་དང་སེམས་ཀྱི་རྐྱེན་སྣང་འདྲ་དང་མི་འདྲ་ཅི་ཞིག་ཤར་ཡང་དེར་གཉེན་པོ་མི་འཇུག རྩོལ་བས་མ་སྤང་པར་ཅི་སྣང་དང་བཟང་ངན་གང་ཤར་ཤར་ཐམས་ཅད། ཤར་བ་ཉིད་ནས་གྲོལ་བའི་རང་བབས་ཅོག་གཞག་གི་རིག་པ་རྗེན་པའི་ངང་བསྐྱངས་ཏེ་སོ་ལ་གནས་པའི་གནད་ལས་བྱུང་བ་ཡིན་པས། དེའི་གནད་མི་ཤེས་པའི་བྱིས་པ་ཐམས་ཅད་ལུས་དང་སེམས་དང་ཉོན་མོངས་པས་འཆིང་བར་བྱེད་ཅིང་། དེ་ཡང་འཁྲུལ་བ་ཡུལ་ལ་གཟུང་པའི་འཁྲུལ་སྣང་མ་ཞིག་པས་ཡིན་ལ། སྒྲིབ་བྲལ་ཅོག་བཞག་ཡེ་ནས་བསླད་མ་མྱོང་པའི་གནད་མཐོང་པ་དག་གིས། རང་གཞག་མ་བཅོས་པར་བཞག་པས་ན་རྣལ་མའི་དོན་རིག་སྟེ། ཡེ་ནས་གྲོལ་ཟིན་སུས་ཀྱང་འགྲོལ་མི་དགོས་པའི་དབང་གིས་བྱིས་པ་འཆིང་བྱེད་དེ་རྣལ་འབྱོར་པའི་གྲོལ་བྱེད་དུ་སོང་བ་ཡིན་ནོ། །དོན་འདི་ཉིད་ཆོས་ཉིད་ཀྱི་བདེན་པ་ལ་གོམས་པས་སེམས་ལ་ལྟད་མོར་ཆེ་བ་ཞེས་བྱ་སྟེ། ཀློང་དྲུག་པ་ལས། བདེན་བསྒོམ་རྣལ་འབྱོར་སྐལ་ལྡན་པ། །སུས་མ་རྙེད་པའི་ནོར་བུ་རྙེད། །འདི་ལ་རིན་ཐང་དཔག་ཏུ་མེད། །དཔག་མེད་ནོར་དང་འཕྲད་པའི་མིས། །སུས་མ་མཐོང་བའི་སྣང་བ་མཐོང་། །འདི་ཉིད་རང་རིག་ལྟད་རེ་ཆེ། །དེ་ལྟར་སེམས་ལ་ལྟད་ཆེ་བ། །ཆོས་ཅན་དུམ་བུར་ཕྱགས་མས་བཏབ། །ཆོས་ཅན་དུམ་བུར་སུས་ཆོད་པ། །འདིས་ནི་རང་རིག་སྤར་གྱིས་ཟིན། །འདི་ལྟར་ཟིན་པའི་སྐྱེས་བུ་ནི། །སངས་རྒྱས་པས་ཀྱང་སྔར་སངས་རྒྱས། །བདེ་བ་ཡི་ནི་དཀྱིལ་འཁོར་ལ། །སུ་ཡིས་བལྟ་བར་ནུས་པ་དེ། །རིག་སྔགས་ཀུན་གྱི་གཙོ་བོར་འགྱུར། །ཞེས་སོ། །རིག་སྔགས་མཁན་གྱིས་སྔགས་བཏབ་པས་མི་མ་ཡིན་གྱི་ཡུལ་ཁམས་དང་དེ་ལས་འདས་པའི་མཐོང་སྣང་སྣ་ཚོགས་འབྱུང་བ་ལྟར་དུ། ཀློང་ཆེན་རིག་པ་ཅོག་བཞག་གི་དོན་གྱི་བདེན་པ་མཐོང་པའི་རྣལ་འབྱོར་པས། སུས་ཀྱང་མ་རྙེད་པའི་གདམས་པའི་མན་ངག་གི་བཅུད་ནོར་བུ་བསམ་དགུ་འགྲུབ་པ་འདི་རྙེད་པ་དང་། སུས་ཀྱང་མ་མཐོང་པའི་རིག་པ་ཡེ་གྲོལ་རང་བབས་ཀྱི་ལྟད་མོ་དེ་སེམས་ཀྱི་ཡུལ་ཁམས་རྒྱ་ཆེ་བ་ལ་སྣང་ཚེ། རང་རིག་དོན་གྱི་སྙིང་པོ་དེ་སྤར་གྱིས་ཟིན་ཏེ། སངས་རྒྱས་བས་ཀྱང་སྔོན་དུ་སངས་རྒྱས་པའི་བདེ་བའི་དཀྱིལ་འཁོར་གྱི་ལྟད་མོ་ལྟ་ཆོག་པ་འདི་རིག་སྔགས་ཐམས་ཅད་ཀྱི་རྒྱལ་པོའོ། །ཆོས་ཅན་དུམ་བུ་ནི་གང་ཤར་ཅིར་སྣང་རེང་བུའོ། །ཞེས་པ་སྟེ་ཆོས་ཅན་དུམ་བུར་ཤར་པའི་ཆོས་ཐམས་ཅད་ཆོས་ཉིད་རིག་པ་གཅིག་གི་ཀློང་ལས་མ་འདས་ཤིང་། གང་ཤར་ཅིར་སྣང་ཐམས་ཅད་དུས་མེད་རིག་པ་སྐད་ཅིག་མ་ལ་སྔ་ཕྱིའི་མཚན་མ་མེད་པའི་རིག་པ་རེང་བུ་ཉག་གཅིག་གི་ཀློང་དུ་བཟླུམ་པའོ། །ཕྱགས་མས་བཏབ་པ་ནི་མཚན་མེད་རང་གསལ་རྟོག་པའོ། །ཆོས་ཅན་སྤར་གྱིས་ཟིན་པའི་གནད་བསྟན་པའོ།།

ཁ༽གཉིས་པ་མ་བཙལ་རང་བཞག་སྙིང་པོའི་དོན་བསྡུ་བ།

བདེ་སྡུག་རོ་མཉམ་དུ་བསྲེ་བའི་གནམ་གཟེར་ནི།

བདེ་སྡུག་ཐམས་ཅད་རིག་པའི་འཆར་ཚུལ་ལ།།

བླང་དོར་གཉིས་སུ་གཟུང་བས་སྲིད་པར་འཆིངས།།

ཞེས་གསུངས་ཏེ། ཆུ་གཅིག་ལས་ཤར་བའི་དབའ་རླབས་གཉིས་ལ་བླང་དོར་དུ་འཛིན་ན་མི་རིགས་པ་ལྟར། རིག་པ་གཅིག་ལས་ཤར་བའི་ཤེས་པ་ལ་བདེ་བ་བླང་བྱར་འཛིན་པ་དང་། སྡུག་བསྔལ་དོར་བྱར་འཛིན་པ་མི་རིགས་ཏེ། ཆགས་སྡང་འཁོར་བའི་རྒྱུར་མཚུངས་པའི་ཕྱིར་རོ། །དབང་རྣམ་པར་ཕྱེ་བ་ལས། བདེ་སྡུག་ཐམས་ཅད་རིག་པའི་ཆོ་འཕྲུལ་ལ། །སྤང་བླང་གཉིས་སུ་འཛིན་པ་ཡང་རེ་འཁྲུལ། །ཞེས་པ་དང་། ཀུན་བྱེད་ལས། བདེ་བ་མ་ལེན་སྡུག་བསྔལ་མ་སྤངས་ཞེས་སོ། །སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའ་ལྟ་བུའི་ཀློང་དེ་ལས། རོལ་བ་ངེས་མེད་ཐུགས་རྗེའི་ཆོ་འཕྲུལ་ཅི་ཤར་ཡང་། ཐམས་ཅད་དབྱིངས་ཀྱི་རྒྱན་ལས་ལོགས་སུ་གྱུར་པ་ཞིགཡོད་པ་མིན་ལ། ཁྱད་པར་བདེ་སྡུག་ཏུ་ཤར་བའི་སྣང་ཚུལ་འདི་ཐམས་ཅད་རིག་པ་གཅིག་པུའི་འཆར་ཚུལ། ཆུ་གཅིག་ལས་ཤར་བའི་དབའ་རླབས་གཉིས་སུ་སྣང་བ་ལྟར་དུ། ཤར་ས་རིག་པ་གཅིག་ལས་བདེ་སྡུག་གཉིས་སུ་ཤར་ཞིང་། དང་པོ་ཉིད་ནས་གྲོལ་བར་མཉམ་པ་དེ་ལ། གཅིག་བླང་བྱ་ཡིད་འོང་གི་དངོས་པོ་དང་། གཅིག་དོར་བྱ་ཡིད་མི་འོང་པར་འཛིན་པ་གཉིས་ཀ་མི་རིགས་ཏེ། བླང་བྱ་རུ་ཆགས་ཏེ་ལེན་པ་དང་། དོར་བྱ་ལ་སྡང་སྟེ་དོར་བ་གཉིས་ཀ་ཆགས་སྡང་ལས་མ་འདས་ཤིང་། ཆགས་སྡང་གཉིས་ཀ་འཁོར་རྒྱུ་ཡིན་པར་མཚུངས་ཕྱིར། བླང་དོར་གཉིས་སུ་བཟུང་པས་ད་སྔར་སྲིད་པར་འཁྱམས་ཤིང་། ད་རུང་ཡང་ཆགས་སྡང་གིས་སྲིད་པར་འཆིང་བ་དེས་ན། བདེ་བ་མ་ལེན་སྡུག་བསྔལ་མ་སྤང་ཞེས་གདམས་པའོ། །བདེ་སྡུག་གཉིས་ཀ་མི་འདྲ་བ་མཐོང་ཆོས་མངོན་འགྱུར་ཡིན་པས་དེ་ལ་ཅིའི་ཕྱིར་སྙོན་ཞེ་ན།

གང་སྣང་ཡུལ་མཉམ་དབང་པོའི་ངོར་གསལ་ཙམ།།

གང་ཤར་སེམས་མཉམ་དྲན་རིག་རྗེས་མེད་ཙམ།།

གཉིས་ཀ་འཕྲལ་མཉམ་དགག་སྒྲུབ་འཆིང་བ་ཙམ།།

དོན་ལ་ཕུག་མཉམ་གཞི་མེད་སྣང་བ་ཙམ།།

ཡུལ་རྣམས་རིས་མཉམ་གཞིགས་ན་རྗེས་མེད་ཙམ།།

བློ་རྣམས་ངོར་མཉམ་དཔྱད་ན་ནམ་མཁའ་ཙམ།།

ཡུལ་སེམས་གཉིས་མེད་བར་སྣང་དག་པ་ཙམ།།

དེ་ལྟར་སུས་ཤེས་ཀུན་ཏུ་བཟང་པོའི་གདུང་།།

རྒྱལ་བའི་སྲས་མཆོག་ས་རབ་རིག་པ་འཛིན།།

ཞེས་གསུངས་ཏེ། འདི་ལྟར་རིག་པ་གཅིག་གི་རྩལ་ལས་ཤར་བའི་ཤེས་པ་བདེ་སྡུག་དང་། བཟང་ངན་དང་། རྟོགས་མི་རྟོགས་ལ་སོགས་པ་ཐམས་ཅད་ཆོས་ཉིད་ཀྱི་རིག་པས་མཉམ་པ་ཉིད་དུ་གནས་ཏེ། དེ་ཡང་ཡུལ་ལ་ཤར་ནས་དབང་ཤེས་རང་གསལ་དུ་མཉམ་པ་དང་། ཤར་བ་ཉིད་ཀྱིས་ཡལ་བར་སྐྱེས་པ་ཆུའི་རི་མོ་ལྟར་མཉམ་པ་དང་། ཡུལ་ཕྱིར་འབྲངས་པས་ཡེངས་ལ་སེམས་འཆིང་བས་གསེར་ཐག་དང་གྲེས་ཐག་ལྟར་འཕྲལ་དུ་འཆིང་བར་མཉམ་པ་དང་། དོན་ལ་གཞི་མེད་རྩ་བ་དང་བྲལ་བས་ཐམས་ཅད་མ་གྲུབ་པར་ཕུགས་མཉམ་པ་དང་། རྗེས་མེད་རང་ཡལ་ལ་འགྲོ་བས་རང་གྲོལ་དུ་ངོ་བོ་མཉམ་པ་དང་། དོན་ལ་ཡོད་མ་མྱོང་བས་གཤིས་མཉམ་པ་དང་། འཆར་གཞི་རིག་པར་གཅིག་པས་རང་བྱུང་གི་ཡེ་ཤེས་སུ་རོལ་བར་མཉམ་པ་དང་། ཡུལ་དང་སེམས་གཉིས་མེད་པ་གསལ་སྣང་དུ་རིས་མཉམ་པས། ཡུལ་ཕྱིར་མ་གྲུབ། སེམས་ནང་དུ་མ་གྲུབ་སྟེ། ནམ་མཁའི་རང་བཞིན་དུ་རྟོགས་པ་དེ་ནི་ཀུན་ཏུ་བཟང་པོའི་གདུང་འཛིན་པས་སྐལ་བཟང་རིག་པ་འཛིན་པ་སྙིང་པོའི་ས་ལ་གནས་པ་ཞེས་བྱའོ། །དེ་ཡང་གནད་མཐོང་ནས་རང་རིག་པ་བདེ་བའི་ཞིང་ལ་སྤྱོད་པའི་ཕྱིར་ཏེ། བདེ་སྡུག་ཐམས་ཅད་རིག་པའི་འཆར་ཚུལ་ལ་མཉམ་ལུགས་དོགས་སེལ་གྱི་ཚུལ་དུ། བློ་ཨ་འཐས་ཀྱི་འཁྲུལ་ཞེན་ལྡོག་དཀའ་བས་རྒྱས་པར་གསུངས་པ་སྟེ། གང་སྣང་གི་ཡུལ་མཉམ་པ་དང་། གང་ཤར་གྱི་སེམས་མཉམ་པ་དང་། གཉིས་ཀ་འཕྲལ་དང་ཕུགས་ལ་མཉམ་པ་ཡིན། དེས་ན་ཡུལ་སེམས་གཉིས་མེད་དུ་སུས་ཤེས་ན་བདེ་སྡུག་རོ་སྙོམ་དུ་འགྱུར་བར་གསུངས་པ་སྟེ། གང་སྣང་གི་ཡུལ་མཉམ་ནས་རིག་པ་གཅིག་གི་རྩལ་དང་རོལ་བ་ལས་ཤར་པའི་བདེ་སྡུག་བཟང་ངན་བར་མ་ཐམས་ཅད་ཆོས་ཉིད་རིག་པ་གཅིག་ཏུ་མཉམ་པ་ཡིན་ཞིང་། དེ་ཡང་མཉམ་ལུགས་གསུམ་མམ་དྲུག་གིས་བསྟན་པ་དང་། བདེ་སྡུག་གང་ཡིན་ཡང་ཡུལ་སྣང་ལ་ཤར་ཚེ་དབང་ཤེས་རང་གསལ་ཡིན་པ་ལ་ཁྱད་མེད་པར་དབང་པོའི་ངོར་གསལ་ཙམ་དུ་མཉམ་པ་དང་། ཤར་བ་ཉིད་ཀྱིས་ཡལ་བ་ནི་ཆུའི་རི་མོ་འབྲི་ཞིག་མཉམ་པ་དང་འདྲ་བས་ན་གང་ཤར་གྱི་སེམས་མཉམ་པ་དྲན་རིག་རྗེས་མེད་ཙམ་དུ་མཉམ་པ་དང་། བདེ་སྡུག་ལ་ཞེན་སྡང་བྱས་པ་གཉིས་ཀ་འཕྲལ་མཉམ་གསེར་སྒྲོག་ཐག་སྒྲོག་དགག་སྒྲུབ་འཆིང་བ་མཉམ་པ་དང་། དོན་ལ་ཕུགས་མཉམ་པ་གཉིས་ཀ་གཞི་མེད་རྩ་བྲལ་གྱི་སྣང་བ་རྫུན་མ་ཙམ་པ། ཡུལ་རྣམས་ངོ་བོའི་ཐོག་ནས་རིས་མཉམ་པ་ངོ་བོ་སྟོང་པ་ཡིན་པས་དོན་ལ་ཡོད་མ་མྱོང་པས། གཞིགས་ཤིང་བརྟགས་ན་རྗེས་མེད་རང་ཡལ་རང་གྲོལ་དུ་འགྲོ་བས་མཉམ་པ་དང་། བློ་རྣམས་ངོར་མཉམ་པ་གང་ལས་འཆར་བའི་གཞི་རིག་པ་གཅིག་ཡིན་པས་དཔྱད་ན་ནམ་མཁའ་ལྟ་བུའི་རང་བྱུང་གི་ཡེ་ཤེས་མཚན་མ་ཀུན་ལས་འདས་པ་ཙམ་དུ་མཉམ་པ་དང་། ཡུལ་སེམས་གཉིས་མེད་མེད་པ་གསལ་སྣང་སྨིག་རྒྱུ་ལ་རི་དྭགས་ཆུ་རུ་འཁྲུལ་བ་ལྟར་དུ། ཡུལ་ཕྱིར་མ་གྲུབ། སེམས་ནང་དུ་མ་གྲུབ། དཔེ་གཞག་ས་བར་སྣང་དག་པ་ཙམ་སྟེ། དེ་ལྟར་ཡིན་པ་སུས་ཤེས་ཤིང་རྟོགས་ན་ཀུན་ཏུ་བཟང་པོའི་གདུང་འཛིན་ཐོག་མའི་སངས་རྒྱས་ཀྱི་རྒྱལ་ཚབ་དང་། རྒྱལ་བའི་སྲས། རྒྱལ་བའི་འབྱུང་གནས་སྙིང་པོའི་ས་རབ་ཀྱི་མཆོག་ཏུ་གནས་པའི་གསང་བ་སྔགས་ཀྱི་རིག་པ་འདོད་འབྱུང་ཡིད་བཞིན་གྱི་ནོར་བུ་འཛིན་པའམ། དེའི་སྤར་འཆང་པའི་རིག་སྔགས་ཀུན་གྱི་བདག་པོ་རིགས་ཆེན་འཆང་བ་ཞེས་བྱའོ། །དེའི་དོན་ད་རུང་ལུང་གིས་བསྟན་པ་ནི། གསང་སྙིང་ལས། དེ་ལྟར་རིགས་མཆོག་འཛིན་པ་སྟེ། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །ས་རབ་རིག་པ་འཛིན་ལ་གནས། །ཞེས་པ་དང་། ཀློང་དྲུག་པ་ལས། རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །རང་རིག་སྐལ་མཉམ་སྟོང་ཉིད་གྲོལ། །འདི་ལ་གོམས་པའི་སྐལ་ཆེ་བས། །རྟོག་པ་མེད་པའི་སྐུ་བཟུང་སྟེ། །ང་ཡི་ཐུགས་རྗེའི་འོད་བཟུང་ནས། །འདི་དང་ང་ཉིད་སྐལ་བ་མཉམ། །ང་ཡི་དཀྱིལ་དང་འཁོར་ཡང་ཡིན། །ནོར་བུ་རིན་ཆེན་འོད་འབར་བའི། །སངས་རྒྱས་རྣམས་ཀྱི་གསང་ཆེན་འདི། །སུས་ཀྱང་མཐོང་མེད་ང་ཡིས་བསྟན། །ང་ནི་ཀུན་བཟང་རྟོག་མེད་ལ། །ཐུགས་རྗེའི་སྣང་ཐབས་མ་འགགས་པས། །སེམས་ཅན་རྣམས་ཀྱི་རེ་གནས་སོ། །མ་བཙལ་གཞག་པའི་རིན་པོ་ཆེ། །ཀུན་གྱི་སྤྱོད་ཡུལ་མིན་པས་ན། །འདི་ཉིད་རྟོགས་པའི་རྣལ་འབྱོར་པས། །རྟོགས་པའི་ནང་ནས་རྒྱལ་བའི་སྐུ། །དབང་ཕྱུག་ཡིད་ཀྱིས་གུས་ཕྱག་འཚལ། །ཀུན་ཏུ་བཟང་པོ་ང་ཡི་སེམས། །སུ་ཡིས་རིག་ཅིང་རྟོགས་པ་དེ། །སངས་རྒྱས་སྟོང་དང་སྐལ་བ་མཉམ། །སྐལ་ལྡན་སྐྱེས་བུ་བློ་རྩལ་ཅན། །མི་གཡོ་མཉམ་གཞག་རྗེས་སུ་འཛིན། །དཀྱིལ་འཁོར་འདུས་པའི་མངའ་བདག་གོ །འདི་ལྟར་སུ་ཡིས་རིག་ཅིང་ཤེས། །མ་བཙལ་བཞག་པའི་དོན་དང་འཕྲད། །ཅེས་སོ། །སླར་ཡང་རིག་པ་རང་གསལ་གྱི་ཡེ་ཤེས་རྒྱལ་མཆོག་ཀུན་ཏུ་བཟང་པོ་ཡེ་ནས་རང་ལ་གནས་པ་རང་གིས་རྙེད་པ་དེ། མ་བཙལ་བཞག་པས་དོན་དང་འཕྲད་པར་དོན་བསྡུས་པའོ། །དེ་ཡིས་དེ་རིང་གི་ཆུ་ཚོད་ཚང་སོང་འདུག འདིའི་མཚམས་ནས་བཞག་སྟེ་སང་ཉིན་ཀུན་མཉམ་ཡངས་པ་ཆེན་པོའི་གནམ་གཟེར་ནས་བཤད་རྒྱུ་བྱས་ན་ཆོག་ཁི། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པར་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་བཅུ་བདུན་པའི་ཆོས་ཁྲིད། next