Nitartha Digital Library
Tibetan
 
previousཉིན་བཅོ་བརྒྱད་པའི་ཆོས་ཁྲིད། next

ཉིན་བཅོ་བརྒྱད་པའི་ཆོས་ཁྲིད།

མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ལ་འགོད་པའི་སེམས་དང་ལྡན་པས་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ལམ་ལ་ཞུགས་པའམ། སེམས་བསྐྱེད་དེ་ལྟ་བུ་དང་ལྡན་པའི་ལམ་ལ་ཞུགས་ན་སྐྱེས་བུ་ཆེན་པོའི་ལམ་དུ་འགྱུར་བ་ཡིན། དེ་ལྟ་བུའི་རླབས་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་ནི། ཐེག་ཆེན་མདོ་སྔགས་གཉིས་ཀའི་ལམ་གྱི་གཞུང་རྟ་ལྟ་བུ་ཞིག་ཡིན་པར་མཁྱེན་པས་མི་ཚད། ཆོས་ཐེག་ཆེན་དར་བའི་ས་ཆ་ཞིག་ནས་སྐྱབས་སེམས་གཉིས་ཀ་སྔོན་དུ་མ་སོང་བའི་ངག་འདོན་ཆོ་ག་ཙམ་ཞིག་ཀྱང་མེད་པ་ནི་ཐམས་ཅད་ཀྱིས་ངག་ཐོག་ཏུ་བྱང་ནས་ཡོད་པ་རེད། འོན་ཀྱང་སེམས་བསྐྱེད་ཀྱི་ངག་འདོན་གཅིག་དེ་དབུ་མཛད་གཅིག་གིས་ཚིག་མགོ་བླངས་ནས། དེའི་འགྲོས་སུ་ཐམས་ཅད་ཀྱིས་ཚིག་གཅིག་གི་མང་ཉུང་མེད་པར་མཉམ་དུ་བཏོན་ཀྱང་། དོན་ལ་སེམས་བསྐྱེད་མཚན་ཉིད་པ་རུ་སོང་ཡོད་མེད་རྣམ་པ་སྣ་ཚོགས་ལས་འདྲ་བ་གཅིག་རྐྱང་དུ་ཆགས་མེད་ཅིང་། དེ་བཞིན་དུ་ཆོས་ཁྲིད་ནམ་བཤད་ལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་ཟེར་བཞིན་ཡོད་ཀྱང་། འགའ་རེའི་སེམས་དེའི་ཕྱོགས་ཙམ་དུ་ཡང་ཉེ་མེད་ན། སེམས་བསྐྱེད་ཀྱི་ཕྱོགས་ཙམ་ཞིག་ཏུ་ཡང་སོང་མེད་པས། དེ་ནི་ཐེག་ཆེན་གྱི་ཆོས་ཙམ་དུ་ཡང་མ་སོང་བ་རེད། འགའ་རེ་ཟུར་ཙམ་ལ་སོང་ཡོད་ན། སེམས་བསྐྱེད་ཡང་ཟུར་ཙམ་ཞིག་དང་། ཐེག་ཆེན་གྱི་ཆོས་ཡིན་པའི་ཟུར་དུ་ཐོན་ཙམ་ཞིག་ཡིན་པ་རེད། དེས་ན་དེ་གཉིས་ཀའི་སེམས་བསྐྱེད་མཚན་ཉིད་པར་སོང་མེད་པའི་ཕྱིར་ན། དེ་ལྟ་བུས་ཆོས་འཆད་ཉན་སྒོམ་སྒྲུབ་བྱས་པ་དེ་མིང་ཇི་ཙམ་ཆེ་ཡང་། དུས་ཚོད་ཇི་འདྲའི་མང་པོར་སོང་ཡོད་ཀྱང་ཐེག་ཆེན་གྱི་ཆོས་ཀྱི་གྲལ་དུ་མ་ཐོན་པ་ཡིན། དེ་ལྟར་བྱས་ནས་ཆོས་ཞུས་པའི་དགེ་བ་དེ་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་བར་རེད་མེད་པའི་རྒྱུ་མཚན་གྱིས། སངས་རྒྱས་འགྲུབ་པའི་ཉེ་རྒྱུ་རུ་འགྱུར་དཀའ་བ་ཡིན། གལ་ཏེ་ངེས་འབྱུང་ཙམ་ཡང་མེད་པར་ལེགས་སྨོན་དང་འཇིགས་སྐྱོབ་དང་ལུང་མ་བསྟན་རྣམས་ཀྱི་དབང་གིས་ཆོས་གྲལ་དུ་བསྡད་ནས། ཐུན་ཞིག་བཅད་མདོག་བྱས་པ་དེ་ནི་ཐེག་དམན་ཐར་བ་ཆ་མཐུན་ཙམ་ལ་ཡང་བསླེབས་མེད་པས་མི་ཚད། ད་རུང་དེའི་ཐོག་ཏུ་རྒྱུ་འབྲས་ཡང་དག་གི་ལྟ་བ་དང་མ་འབྲེལ་ན། མངོན་མཐོ་དོན་གཉེར་ཙམ་ཡང་འགྲུབ་ཏུ་མེད་པ་དོན་དག་དངོས་ཀྱིས་ར་འཕྲོད་པ་ཡིན། དེས་ན་མཐོ་ས་ནས་བཤད་དགོས་ཏེ། ཐེག་དགུའི་རྩེ་རྒྱལ་མན་ངག་རྫོགས་པ་ཆེན་པོའི་གདམས་ཟབ་ཀྱི་ཁྲིད་རྒྱུན་སྤེལ་བའི་སྐབས་རེད། འོན་ཀྱང་དམའ་ས་ནས་འཇུག་དགོས་ཏེ་བསྟན་པའི་སྒྲོམ་གཞི་དང་གང་ཟག་གི་རྒྱུད་ཚོད་དང་བསྟུན་ཡོང་ན། ཐམས་ཅད་ལ་རང་རང་གི་ཚོད་དང་མཐུན་པའི་ཆོས་ཀྱི་བདུད་རྩིའི་བགོ་སྐལ་ཞིག་ཐོབ་འགྲོ་བ་ཡིན། མཐར་གཏུགས་ན་ཐམས་ཅད་སྐྱེས་བུ་ཆེན་པོའི་ལམ་སྦྱོང་པའི་སྔོན་འགྲོའམ་ཡན་ལག་ཏུ་འགྱུར་བ་ཡིན། དེས་ན་ཁྱད་པར་དུ་བློ་སྦྱོང་ཞེས་པ་འདི་སྟོན་པའི་དམ་ཆོས་མཐའ་དག་གིས་བསྟན་དོན་རེད་ཅེས་བཤད་ན་ཡང་ཆོག་པ་རེད། ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། བློ་ཡང་དག་གི་ལམ་དེ་བྱང་ཞིང་འབྱོངས་ནས་ཡོན་ཏན་ཁོང་དུ་ཆུད་པ་ལ་བྱང་ཆུབ་ཅེས་སུ་ཟེར་ཆོག་པ་ཡིན། བློ་འཁྲུལ་བ་ཡུལ་དང་བཅས་པའི་མུན་པ་སྦྱངས་ཤིང་སངས་ཏེ་སྤངས་རྟོགས་མཐར་ཕྱིན་མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱས་པ་ལ་སངས་རྒྱས་ཞེས་སུ་བཏགས་པ་ཡིན། དེ་ཡང་དོན་ལ་མི་གནས་པ་ཞིག་མིན་པས། ལམ་རིམ་བགྲོད་ཀྱི་གང་ཟག་ལ་དང་པོར་བློ་སྦྱོང་ཡོད་དགོས་པ་ཡིན། བློ་སྦྱོང་མེད་ན་མངོན་མཐོ་ལྷ་མིའི་བདེ་བ་འདོད་ན་ཡང་ངན་སོང་གི་སྡུག་བསྔལ་བློ་སྦྱོང་གིས་མ་ཤེས་པས། དེ་ལས་ལྡོག་པའི་མཐོ་རིས་ཀྱི་ལམ་དོན་གཉེར་བྱེད་མི་ཤེས་པ་ཡིན། དེ་མ་ཤེས་ན་མངོན་མཐོ་ཇི་ལྟར་བྱས་ཏེ་ཐོབ་ཡོང་། བར་དུ་ཡང་བློ་སྦྱང་དགོས་པ་ཡིན། འཁོར་བར་ངེས་འབྱུང་གི་བློ་ཞིག་མེད་ན་རང་དོན་ཞི་བདེ་ཉན་རང་གི་ཐར་བ་ཙམ་ཡང་མི་ཐོབ་པ་ཡིན། ཐ་མར་ཡང་བློ་སྦྱང་དགོས་པ་ཡིན། སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཤིག་རྒྱུད་ལ་མ་སྐྱེས་ན་ཐེག་ཆེན་ཐར་བའི་ལམ་སྣེ་ཞིག་ཀྱང་མི་ཟིན་པ་ཡིན། བྱང་ཆུབ་ཀྱི་སེམས་ཤིག་རྒྱུད་ལ་སྐྱེས་ནས་ཐར་བའི་ལམ་སྣེ་ཞིག་ཟིན་པ་ཡིན་ན། དེའི་སྐབས་སུ་བློ་སྙིང་རྗེར་འབྱོངས་ནས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནས། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེའི་བར་གྱི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཤེས་རབ་ཁྱད་པར་ཅན་དང་འབྲེལ་ཏེ། བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོའི་རྫོགས་སྨིན་སྦྱངས་པ་བརྒྱུད་དེ། ལམ་མཐར་ཕྱིན་པར་བྱེད་པ་ཡིན། བློ་སྦྱོངས་བློ་སྦྱོངས་རང་གི་བློ་འདི་སྦྱོང་ཡག་གྱིས་དང་། གལ་ཏེ་བྱང་ཆུབ་ཀྱི་སེམས་ཤིག་སྐྱེས་ནས་རང་གི་བློ་དེ་ལ་སྦྱངས་ཏེ་འབྱོངས་པ་ཡིན་ན། ལུས་ངག་གི་དགེ་བ་གཞན་སྣ་གཅིག་མ་འགྲུབ་ཀྱང་རང་གཞན་དོན་གཉིས་མ་འབད་ཤུགས་ཀྱིས་འགྲུབ་པ་ཡིན་ཞེས་གསུངས་པ་ཡང་དོན་དེ་ཡིས་ཡིན། དེས་ན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་མཐུན་པའི་བློ་སྦྱོང་། བློ་ལྡོག་རྣམ་པ་བཞིའི་སྒྲོམ་ནས་དུས་དང་རྣམ་པ་རྒྱུན་དྲུག་ཏུ་འཆད་བཞིན་ཡོད་པས། བསྟན་པའི་སྒོར་ཞུགས་པ་ལ་ངེས་འབྱུང་རྣམ་པར་དག་པ་ཞིག་དང་པོ་ཉིད་ནས་དགོས་པ་ཡིན། ངེས་འབྱུང་དང་སེམས་བསྐྱེད་ཀྱིས་མ་ཟིན་ན། ཐེག་ཆེན་སོ་ཐར་གྱི་སྡོམ་པ་རྩ་བ་ནས་ཐོབ་ཨེ་ཡོད་ཀྱང་མི་ཤེས་པའི་ཚད་ལ་བསླེབས་ནས་ཡོད་པ་ཡིན། འོན་ཀྱང་རང་གི་མོས་པ་གཙོར་བསྐྱེད་དང་། དགེ་བའི་བཤེས་གཉེན་མཁན་སློབ་ཀྱིས་གོ་བརྡ་ཞིག་ལས་ཆོག་གི་སྒོ་ནས་སྤྲད་པ་སོགས་ལ་བརྟེན་ནས་སྤྱིར་བཏང་གི་སྡོམ་པ་ཞིག་ཐོབ་ཏུ་ཡོད་པ་ཡིན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་རང་གི་གྲུབ་མཐའ་དང་བསྟུན་ན། རྒྱུའི་རྐྱེན་རང་རྒྱུད་ཀྱི་འབྱུང་བ་བཞི་དང་། བདག་རྐྱེན་གཞན་གྱི་རྣམ་པའི་རིག་བྱེད་སོགས་ལ་བརྟེན་ཏེ། རྒྱུ་གསུམ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀྱིས་བསྡུས་པའི་གཟུགས་རྫས་བདུན་ནམ་སྤང་བ་བདུན་ལྡན་གྱི་ངོ་བོར་སྐྱེས་པ་དང་། རང་ལུགས་ཐུན་མིན་གྱིས་བཤད་ན་སྤང་སེམས་རྒྱུན་ཆགས་པ་ས་བོན་དང་བཅས་པ་ལས་སྐྱེས་པ་ཡིན་པས། དེ་ལ་བསྙེན་རྫོགས་ཞུས་པ་མང་ཆེ་བས་དོགས་པ་ཅི་དགོས། འོ་ན་འདི་ནས་བཤད་དོན་ངོ་མ་ཅི་ཞིག་འཆད་བཞིན་ཡོད་པ་རེད་ཟེར་ན། ངེས་འབྱུང་གིས་མ་ཟིན་ན་ཐར་ལམ་ལ་མི་འགྲོ་བ་ཡིན། ཐོག་མར་བློ་སྦྱོང་བའི་དོན་པོ་ངེས་འབྱུང་བསྐྱེད་དགོས་པ་ཡིན། ངེས་འབྱུང་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། འཁོར་བའི་གནས་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་རྒྱུ་འབྲས་འབའ་ཞིག་ལས་མི་འདའ་བས། དགོས་དོགས་ཤིག་མི་འདུག་ཨ་རོ་རྨུས་ལེ་ཡིན་སྙམ་པ་ཙམ་ལ་ངེས་འབྱུང་ཟེར་བ་མ་ཡིན། དེ་ལྟར་ཡིན་ན་རྒད་པོ་རྒད་མོ་རྣམས་ཀྱང་བཟའ་འཛིང་གཏུག་ཞོར་དུ་རྨུས་ཡོད་པ་དང་། དམྱལ་བའི་སེམས་ཅན་ལ་ཡང་ངེས་འབྱུང་སྐྱེ་ཟེར་དགོས་པ་འདུག་ཀྱང་། འདི་ནས་བྲོས་ཏེ་འདི་ན་ཐར་དགོས་སྙམ་པའི་བློ་འཁོར་བའི་གནས་ནས་བྲོས་ཏེ། ཐར་བའི་གོ་འཕང་འདི་ལྟ་བུ་ཞིག་ལ་བསྙེག་དགོས་སྙམ་པ་ཞིག་ཡོད་ན་དོན་གཉིས་ཚང་པའི་ངེས་འབྱུང་ཞེས་ཟེར་བ་ཡིན། དེས་ན་འཁོར་བའི་གནས་ལ་སྐྱོ་ཤས་གཅིག་པུས་མི་ཆོག་པར་གང་དུ་བསྙེག་པའི་ཐར་བ་ངོས་ཟིན་པར་བྱེད་པ་ལ། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐར་བ་ཉན་རང་གི་བྱང་ཆུབ་དང་། རང་གཞན་དོན་གཉིས་འགྲུབ་པའི་ཐམས་ཅད་མཁྱེན་པའི་གོ་འཕང་བྱང་ཆུབ་ཆེན་པོ་སྟེ་ཐར་བ་རྣམ་པ་གཉིས་སུ་ངེས་པར་ཡིན་པས། སྐྱེས་བུ་འབྲིང་དུ་གྱུར་པ་དེས་སྲིད་པ་མཐའ་དག་ལ་སྐྱོ་བ་སྐྱེས་ནས། སྲིད་པ་དེ་ལས་གྲོལ་བའི་ཐར་བ་རང་དོན་དུ་ཐོབ་བྱར་བྱས་པ་རེད། དེའི་ཐར་བ་དེ་ཐོབ་པའི་ཐབས་སུ་བསླབ་པ་གསུམ་ལ་འཇུག་དགོས་པ་ཡིན་པས། ཉན་རང་གི་ཐེག་པ་ལས་བརྩམས་ཏེ་གསུངས་པ་ཐམས་ཅད་སྐྱེས་བུ་འབྲིང་དངོས་ཀྱི་ལམ་དང་། དེ་དང་ཐུན་མོང་པའི་ཆོས་སྐོར་དུ་འདུས་པར་ཡིན་པ་དང་། སྐྱེས་བུ་ཆེན་པོའི་ཆོས་སྐོར་རང་གཞན་དོན་གཉིས་སྒྲུབ་པའི་བྱང་ཆུབ་ཆེན་པོའི་གོ་འཕང་རྣམ་མཁྱེན་སྒྲུབ་པའི་ཐབས་དེ་གང་ཡིན་ན། ཐེག་ཆེན་མདོ་སྔགས་གཉིས་ཀ་སྟེ་གསང་སྔགས་དང་ཕར་ཕྱིན་གྱི་ཐེག་ཆེན་གཉིས་ཀ་ཡིན་པ་རེད། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་མཐའ་ཡས་སྡུག་བསྔལ་གྱིས་མནར་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དུ། སངས་རྒྱས་ཐོབ་པའི་ཆེད་དུ་ཕྱིན་དྲུག་དང་རིམ་གཉིས་ཀྱི་ལམ་ལ་སློབ་པར་བྱེད་པ་ཡིན། སྤྱིར་ན་ཐར་བ་ཞེས་པ་དེ་བཅིངས་པ་ལས་གྲོལ་བའི་གོ་དོན་ཡིན། ལས་དང་ཉོན་མོངས་གཉིས་ཀ་འཁོར་བའི་གནས་སུ་འཆིང་བྱེད་ཡིན། ཁམས་གསུམ་འགྲོ་བ་བརྒྱུད་ལྔ་སྐྱེ་བ་རྣམ་པ་བཞིས་བསྡུས་པའི་ཕུང་པོའི་ཉིང་མཚམས་སྦྱོར་བ་དེ་བཅིངས་པའི་ངོ་བོ་དང་། དེ་ལས་གྲོལ་བ་དེ་ཐར་བའི་ངོ་བོ་ཡིན་པས། འཁོར་བ་ལས་གྲོལ་བའི་ཐར་བ་ཐོབ་འདོད་ཀྱི་དོན་གཉེར་གྱི་བློ་དེའི་བསྐུལ་ཏེ་ཐར་བ་ཐོབ་པ་ཡིན། ངེས་འབྱུང་འདི་སྒོམ་ཆེ་སོང་ན་འཁོར་བ་ཞུགས་རྒྱུར་མི་དགའ་བ་ཞི་བ་ཕྱོགས་གཅིག་པའི་མཐར་ལྷུང་བའི་ཉན་རང་གི་སྒོམ་ལ་འགྲིག་འདུག་མ་གཏོགས། འདི་བྱང་སེམས་ཀྱི་སྐབས་སུ་དེ་ཙམ་འགྲིག་གམ་སྙམ་ན། བྱང་ཆུབ་སེམས་དཔས་སྨོན་ལམ་དང་སྙིང་རྗེའི་དབང་གིས་སྲིད་པར་མི་སྐྱོ་བར་སེམས་ཅན་གྱི་དོན་དུ་མནར་མེད་ཀྱི་མེ་དཔུང་དུ་ཡང་འཇུག་པར་ནུས་པའི་ཐུགས་བསྐྱེད་མཛད་པ་རེད་མ་གཏོགས། ལས་ཉོན་གྱི་དབང་གིས་འཁྱམས་པའི་འཁོར་བའི་སྡུག་བསྔལ་ལ་ཡིད་མ་འབྱོང་པའི་དོན་ག་ལ་ཡིན། དེ་ལྟར་ན་འཁོར་བ་ལས་ཐར་པའི་རྣམ་གྲོལ་སྒྲུབ་པའི་ལུས་རྟེན་མཆོག་ཏུ་གྱུར་པ་རབ་ཏུ་བྱུང་པའི་རྟེན་འདི་ཡིན་པས། བསྟན་རྩ་སོ་ཐར་ལ་གུས་པའི་རབ་བྱུང་གི་རྟེན་དེ་ལས། ལམ་ཅི་ཞིག་བསྒོམས་ཏེ་ཐར་བ་ཐོབ་དགོས་པ་རེད་ཟེར་ན། ལམ་བསླབ་པ་གསུམ་ལ་བསླབས་ན་འཁོར་བ་ལས་གྲོལ་བའི་ཐར་བ་ཐོབ་ཐུབ་པ་ཡིན། སྲིད་པའི་སྡུག་བསྔལ་མཐོང་ནས་ཉོན་མོངས་ཞི་བའི་ཐབས་སུ་རང་དོན་ཐར་བ་ཐོབ་འདོད་ཀྱི་བསླབ་གསུམ་ཉམས་ལེན་བྱས་ཏེ་ཐར་བ་ཐོབ་པ་དེ་ཕྱིར་འཁོར་བར་མི་ལྡོག་པས། མཐོ་རིས་ལྷ་མིའི་ཡུལ་དུ་སྐྱེས་པ་དང་མི་འདྲ་ཞིང་། འོན་ཀྱང་དེས་གཞན་དོན་རླབས་པོ་ཆེ་ཞིག་འགྲུབ་པ་མིན་པས་ན། རང་གཞན་གྱི་དོན་གཉིས་རླབས་ཆེན་འགྲུབ་པའི་སངས་རྒྱས་ཐོབ་པ་ལ་མཐར་སངས་རྒྱས་ཀྱིས་བསྐུལ་ཏེ་འགོག་པ་ལས་བསླངས་ཏེ་ཐེག་ཆེན་ལ་གཞི་ནས་འཇུག་དགོས་པ་ཡིན་པས། ཐོག་མ་ཉིད་ནས་ཐེག་ཆེན་ལ་འཇུག་པའི་ལམ་འདི་ལ་ཞུགས་པ་གལ་ཆེ་བ་ཡིན། དེ་ཆེ་དོན་གྱི་རྒྱུ་མཚན་ཅི་ཞིག་ཡོད་པ་ཡིན་ཟེར་ན། ལམ་འདི་ནི་རང་དང་གཞན་གྱི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་དང་། རྒུད་པ་མཐའ་དང་སེལ་བའི་སྨན་མཆོག འདས་དང་མ་འོངས་ཀྱི་སྐྱེ་བོ་མཁས་པ་ཐམས་ཅད་ཀྱི་བགྲོད་ལམ་ཉག་གཅིག་ཁེ་རུ་མ། མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་འགྲོ་བ་ཐམས་ཅད་ཀྱི་གསོས་སྨན་དུ་འགྱུར་བའི་དོན་ཆེན་འབད་མེད་དུ་འགྲུབ་པ། གཞན་དོན་ལ་ཞུགས་ཏེ་རང་དོན་ཞར་ལ་འགྲུབ་ཡོད་པའི་ཐབས་བཟང་པོ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་ལ་བསམས་ཏེ་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་དགོས་པ་ཡིན། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱངས་ནས་ཐེག་ཆེན་མདོ་དང་སྔགས་ཀྱི་ལམ་ལ་ཞུགས་ཏེ། མཐའ་འབྲས་སྐུ་བཞི་ཡེ་ཤེས་ལྔ་ལྡན་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་གང་ཡིན་པ་དེ་ཐར་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་པས། དེ་ལྟ་བུའི་གོ་འཕང་ཐོབ་པ་ལ་ཐེག་ཆེན་མདོ་སྔགས་གཉིས་ཀའི་ལམ་ལ་ཞུགས་དགོས་པ་ཡིན། དེ་གཉིས་གང་ལ་ཞུགས་ཀྱང་ཐོག་མའི་ལམ་གྱི་འཇུག་སྒོ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཁོ་ན་ལས་མི་འདའ་བ་ཡིན། དེ་རྒྱུད་ལ་ནམ་སྐྱེས་ན་གཞན་ཅི་ཡང་མེད་ཀྱང་ཐེག་ཆེན་པ་ཡིན། དེ་ཡོད་ནས་མེད་སོང་བའམ། དང་པོ་ཉིད་ནས་རང་རྒྱུད་ལ་མ་སྐྱེས་པ་གང་ལྟར་ཡིན་ཡང་། དེ་མེད་ན་ཐེག་ཆེན་པ་མིན་པའམ་ཐེག་ཆེན་པའི་གྲལ་དུ་མི་ཚུད་པ་ཡིན། ཡོན་ཏན་གཞན་ཅི་ཞིག་ཡོད་ཀྱང་ཕན་ཐོགས་མ་ཡོད་པར་ཐེག་ཆེན་པའི་ས་ནས་ལྷུང་བ་ཡིན། དེས་ན་ཆོས་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ཡིན་པས་མི་ཆོག་པར་མི་རང་ཉིད་ཐེག་ཆེན་པར་ཡིན་དགོས། དེ་ཡང་ཡིན་ཞེས་པ་ཙམ་གྱིས་མི་ཆོག་པར་དོན་ངོ་མས་ཡིན་དགོས། དེའི་རྩ་བ་གང་ལ་ཐུག་ཡོད་ན། རྩ་བ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ཡོད་མེད་ལ་ཐུག་པ་རེད། སེམས་བསྐྱེད་དེ་ཡང་ཁ་བཤད་གོ་ཡུལ་ཙམ་ལས་མེད་ན། ཐེག་ཆེན་པ་ཕྱིའི་རྣམ་པའི་གཟུགས་བརྙན་ཙམ་འཆང་བ། ཁ་ལ་ཡོད་པ་དོན་ལ་མེད་པ་ཙམ་ཞིག་ཡིན་པ་རེད། སེམས་བསྐྱེད་དེ་མཚན་ཉིད་པ་ཞིག་རྒྱུད་ལ་སྐྱེས་ཡོད་ན། ཐེག་ཆེན་པ་མཚན་ཉིད་པ་དངོས་དང་། ལམ་དེ་དང་འདྲ་བའི་མཐའ་འབྲས་ཀྱང་དེ་བཞིན་འབྱུང་བ་ནི་རྒྱུ་འབྲས་བསླུ་མེད་ཀྱི་འགྲོས་ཏེ། དེ་གཅིག་གིས་གསར་དུ་བྱས་པ་མ་ཡིན་པར་ཡེ་ནས་དེ་ལྟར་གྲུབ་པ་ཡིན། དེས་ན་ཐར་པའི་ཕན་ཡོན་དང་ཐར་བ་དངོས་ལ་བསམ་པའི་སྐབས་འདིར་གང་ཞིག་ཐར་བ་ཐོབ་བྱེད་ཀྱི་རྒྱུ་ཡིན་པ་དང་། གང་ཞིག་ཐར་བའི་འབྲས་བུ་ཡིན་པ་དེ་ཤེས་ཏེ་ངེས་པར་བྱ་དགོས་པ་ཡིན་པས། ཐར་བའི་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཐོག་ནས་བཤད་པ་ཡིན། འོ་ན་སྐྱེས་བུ་གསུམ་གྱི་ཐ་སྙད་འདི་བྱུང་བའི་འབྱུང་ཁུངས་གང་ནས་ཡོང་བ་ཡིན་ཞེ་ན། གཏན་ལ་དབབ་པ་བསྡུ་བ་དང་། མཛོད་འགྲེལ་ལ་སོགས་པ་བཀའ་དང་དགོངས་འགྲེལ་མང་པོའི་ནང་ནས་བྱུང་བ་ཡིན། ཐར་བ་བྱང་ཆུབ་སྒྲུབ་པ་དེ་ལ་ལུས་རྟེན་ཞིག་ལ་བརྟེན་ནས་བསྒྲུབ་དགོས་པས། རྟེན་ནི་རབ་བྱུང་མཆོག་ཏུ་བསྔགས་པ་ཡིན་ཞེས་བཤད་མ་ཐག་པ་བཞིན་དུ་མངོན་མཐོའི་ལུས་རྟེན་ཞིག་ངེས་པར་དགོས་པ་ཡིན་ཕྱིར་སྐྱེས་བུ་ཆུང་ངུའི་ལམ་འཇིག་རྟེན་པའི་ཐེག་པ་དེ་བསྟན་པ་ཡིན། འཇིག་རྟེན་པའི་ལམ་ནས་ཐར་བ་མི་འགྲུབ་པར་ཡིན་པས་ན་འཇིག་རྟེན་ལས་འདས་པའི་ལམ་ཀུན་སློང་རང་འདོད་ཡིད་བྱེད་ཡིན་ཡང་། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བྱས། མངོན་རྟོགས་བསླབ་པ་གསུམ་གྱི་ཉམས་ལེན་ལ་ཞུགས་ན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས། གང་ཟག་གིས་བདག་མེད་རྟོགས་པའམ་བདག་མེད་ཕྱེད་དང་གཉིས་རྟོགས་ཀྱི་ཉན་རང་དགྲ་བཅོམ་ཐོབ་པ་ནི་འབྲས་བུ་ཡིན་པ་དང་། སྐྱེས་བུ་ཆེན་པོ་ལམ་སྙིང་རྗེ་ཆེན་པོའི་ཀུན་ནས་བསླངས་ཏེ་རང་གཞན་དོན་གཉིས་སྒྲུབ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རིང་ལམ་མཚན་ཉིད་ཐེག་པའི་ལུགས་ལྟར་དུ་དུས་རིང་པོ་བསྐལ་པ་གྲངས་མེད་མང་པོར་རྫོགས་སྨིན་སྦྱང་པ་རྒྱ་མཚོ་མཐའ་ཕྱིན་པར་བྱས་ཏེ། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་དང་། ཉེ་ལམ་གསང་སྔགས་རྡོ་རྗེའི་ཐེག་པར་ཞུགས་ཏེ་སྨིན་བྱེད་ཀྱི་དབང་གིས་སྨིན་པར་བྱས། རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ཏེ། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་བསྒོམས་ཏེ། མི་ཚེའི་སྐྱེ་བ་ཁ་གྲངས་ཅན་གྱིས་རིགས་གསུམ་རིགས་བཞི་རིགས་ལྔའི་རྡོ་རྗེ་འཛིན་པའི་གོ་འཕང་སྒྲུབ་པའི་ཕྱི་རྒྱུད་གསུམ་དང་། མྱུར་ལམ་ནང་རྒྱུད་མ་ཧཱ་ཨ་ནུ་གཉིས་ཀ་ལྟ་བུ་ཡིན་ན། སྨིན་གྲོལ་ལམ་གྱི་རིམ་པ་བསྐྱེད་རྫོགས་ཀྱི་ཉམས་ལེན་བྱས་ནས། མི་ཚེ་གཅིག་གི་ཐོག་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ཐུབ་པ་དང་། ཤིན་ཏུ་མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོའི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཉམས་སུ་བླངས་ཏེ། ལོ་དང་ཟླ་བས་ཆོས་ཉིད་ཟད་པའི་སར་ཕྱིན་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་ཏེ། ནང་གསལ་ཕྲ་བའི་དབྱིངས་སུ་སྐུ་གསུམ་ཆོས་སྐུ་ཉག་གཅིག་ཏུ་གཞི་འབྲས་དབྱེར་མེད་པར་རོ་གཅིག་ཏུ་འཁྱིལ་ཏེ། དེའི་བྱིན་རླབས་དང་གདུལ་བྱའི་སྨོན་ལམ་གྱི་དབང་གིས། ཕྱི་གསལ་ཡེ་ཤེས་དང་འཕྲིན་ལས་དག་པའི་གཟུགས་སྐུ་རྣམ་གཉིས་ཀྱི་སྣང་བས་མཁའ་དང་ཆུ་ཡི་ཟླ་བ་ལྟར་དུ་འགྲོ་བའི་དོན་དུ་སྣང་བ་ཡིན། དཔེར་ན་ཆུ་སྣོད་མེད་པར་གྱུར་དུས་ཟླ་བའི་ངང་ལ་ཆུ་ཟླའི་གཟུགས་བརྙན་རང་ཐིམ་དུ་སོང་བ་བཞིན་དུ། གདུལ་བྱའི་ཆུ་སྣོད་མེད་པས་གདུལ་བྱ་དེའི་ངོ་ཁར་སྣང་བའི་འདུལ་བྱེད་སངས་རྒྱས་སྤྲུལ་སྐུའི་ཟླ་གཟུགས་དེ་རང་སྣང་ལོངས་སྐུའི་ངང་ཙམ་ལས་མེད་པར་ཡིན་པས་དེར་ཐིམ་ཞེས་པའི་ཐ་སྙད་བཏགས་པ་ཙམ་ལས། དོན་དུ་གཅིག་ནས་ཡོང་སྟེ་གཅིག་ཏུ་སོང་བ་ལྟ་བུ་མ་ཡིན་ལ། ཟླ་བའང་གནམ་གང་གི་སྐབས་སུ་མི་སྣང་པའི་མཁའ་དབྱིངས་སུ་འཁྱིལ་བ་ལྟར་དུ། རང་སྣང་གི་ལོངས་སྐུ་དེ་ཡང་ནང་གསལ་ཆོས་སྐུའི་དབྱིངས་སུ་ཐིམ་པ་ལ་རྫོགས་པ་ཆེན་པོའི་སྐབས་སུ་ཡེ་ཤེས་དབྱིངས་སུ་འཁྱིལ་བ་ཞེས་བྱའོ། །དེའི་ཚེ་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་ཕྲ་བའི་ཡེ་ཤེས་སུ་གྱུར་པས་ཤིན་ཏུ་མཉམ་པར་གཞག་པའི་གནས་སྐབས་སོ། །དབུ་མ་ལས་དེའི་ཚེ་འཇུག་པ་ཆོས་ཀྱི་དབྱིངས་སུ་ཞི་བས་གང་དུའང་དམིགས་སུ་མེད་པ་འགོག་པ་དམ་པའི་ངང་ལ་མཉམ་པར་གཞག་པའོ་ཞེས་འདོད་ལ། རྒྱུད་བླ་མ་ལ་སོགས་པ་ནས་མཉམ་པར་གཞག་པའི་ཡེ་ཤེས་ཞེས་འདོད་དོ། །ཡང་གདུལ་བྱ་ཡོད་ན་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་སྐད་ཅིག་གིས་ཕྱི་གསལ་དུ་རང་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་རྣམས་སྔ་ཕྱི་མེད་པར་དོན་མཛད་པ་སྔ་མ་བཞིན་མི་རྟོག་པའི་ངང་ནས་འབྱུང་ངོ་། །འདི་ལ་དབུ་མ་ནས་སྔོན་གྱི་སྨོན་ལམ་ལས་གཞན་སྣང་དུ་དོན་མཛད་ཅེས་འདོད་ལ། རྒྱུད་བླ་མ་ལ་སོགས་པ་ནས་རྗེས་ཐོབ་ཏུ་དོན་མཛད་ཀྱང་མཉམ་གཞག་གི་ངོ་བོ་ལས་མ་གཡོས་པ་ཞེས་འདོད་པ་ཡིན། མདོར་ན་མདོ་སྔགས་ཐམས་ཅད་ཀྱི་དགོངས་དོན་མཐར་གནད་གཅིག་ཏུ་འབབ་པའི་གང་དོན་དུ་གཉེར་བྱ་ཐར་བ་རྒྱུ་འབྲས་རྣམ་དབྱེ་དང་བཅས་པའི་གོ་ཡུལ་རགས་རིམ་ཙམ་ཞིག་ཞུས་ཏེ། སྐབས་སུ་བབ་པ་གང་ཞིག་འཆད་ཉན་བྱ་བ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་མན་ངག་གི་བསྟན་བཅོས་ཆེན་པོ་སྟེ། འདི་ནི་མདོ་སྔགས་བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོའི་དོན་གཅིག་ཏུ་དྲིལ་བ། དབུ་མ་འདི་ཡིན་ཕ་རོལ་ཕྱིན་པ་འདི། །གཅོད་ཡུལ་འདི་ཡིན་སྡུག་བསྔལ་ཞི་བྱེད་དེ། །ཕྱག་རྒྱ་ཆེ་དང་རྫོགས་པ་ཆེན་པོ་དངོས། །ཆོས་ཀུན་འདིར་འདུས་ཀུན་ལས་ཁྱད་དུ་འཕགས། །ཞེས་གསུངས་པ་ལྟ་བུའི་གཞུང་བརྒྱ་གནད་གཅིག་ཏུ་བསྡུས་པ། ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་དཔལ་བེའུ་ནས་བྱོན། མགུལ་གྱི་བུམ་བཟང་བརྒྱུད་དེ་སྒྲ་ཚིག་གི་གདངས་སུ་འཕོས་པ། ལྗགས་ཀྱི་རྩེ་མོ་ནས་བྱོན་པའི་ཆོས་སྐུའི་བསྟན་པའི་མཆོད་སྡོང་ངམ་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོར་བཞུགས་པ་འདི་ཉིད་ཀྱི་རང་འགྲེལ་ལུང་གི་གཏེར་མཛོད་ཀྱི་སྟེང་ནས་འཆད་ཁྲིད་བྱེད་བཞིན་པའི་སྐབས་ལས། འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་སྟེ། བར་དུ་དགེ་བ་གཞུང་དོན་གྱི་ལེའུ་བཅུ་གཅིག་པ་ཅི་སྣང་མཁའ་མཉམ་དག་པར་བསྟན་པའི་ལེའུ་ལས། ཁ་རྩང་གནད་ཀྱི་གནམ་གཟེར་ཆེན་པོ་བཅུ་གཅིག་པ་ཡན་ཆད་སོང་མ་ཐག་པའི་མཚམས་ཀྱི། དེ་རིང་གནད་ཀྱི་གནམ་གཟེར་ཆེན་པོ་བཅུ་གཉིས་པ་ཆེ་བ་རང་ལ་གནས་པ་ལྟ་སྒོམ་སྤྱོད་འབྲས་ཀྱི་མདོ་མདུད་བསྟན་པས་ལེའུ་ཡི་དོན་བསྡུ་བ་སྟེ།

ག༽གསུམ་པ་ཆེ་བ་རང་ལ་གནས་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་མདོ་མདུད་དང་བཅས་པས་བསྟན་པ།

ད་ནི་ཀུན་མཉམ་ཡངས་པ་ཆེན་པོའི་གནམ་གཟེར་རང་བབས་ཆོས་ཉིད་དག་པར་གདབ་པ་ནི།

འདི་ལྟར་ཆོས་རྣམས་ཡོད་མཉམ་མེད་མཉམ་ལ།།

སྣང་མཉམ་སྟོང་མཉམ་བདེན་མཉམ་རྫུན་མཉམ་པས།།

སྤང་གཉེན་འབད་རྩོལ་འཆིང་ཞེན་ཀུན་ཐོང་ལ།།

ཡུལ་མེད་མཉམ་པ་ཆེན་པོར་ཕྱམ་གདོལ་ཞིག།

སེམས་མེད་རིག་པ་ཆེན་པོར་ཕྱམ་གདོལ་ཞིག།

སྐྱོན་མེད་དག་མཉམ་ཆེན་པོར་ཕྱམ་གདོལ་ཞིག།

ཅེས་གསུངས་ཏེ། ཕྱི་སྣང་བ་ནང་ཤེས་པ་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་མཉམ་མེད་པ་གསལ་བར་སྣང་བས་སྤང་གཉེན་འཆིང་ཞེན་མེད་པར་ཕྱམ་གདལ་ལོ། །སྟོང་མཉམ་གཞི་ནས་དག་པས་ཡུལ་མེད་ནམ་མཁའ་ལྟ་བུར་ཕྱམ་གདལ་ལོ། །བདེན་བརྫུན་སྒྲོ་བཏགས་རང་ཤར་དུ་མཉམ་པས་རིག་པ་མཐའ་གྲོལ་ཀློང་ཡངས་སུ་ཕྱམ་གདལ་ལོ། །འཁོར་འདས་ཡེ་སྟོང་གཞི་མེད་དུ་གཤིས་མཉམ་པས་སྐྱོན་ཡོན་དག་མཉམ་ཆེན་པོར་ཕྱམ་གདལ་ལོ། །དེ་ལྟར་ཕྱམ་གདལ་བའི་རིག་པ་ནི་ཐེག་པ་རྒྱལ་པོའི་ཆེ་བ་རང་ལ་གནས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཐེག་པ་ཀུན་གྱི་གོང་མར་གྱུར་པས་ཆེ། །གནས་ལུགས་དོན་ལ་ཡེངས་པ་མེད་པས་ཆེ། །ལྟ་བ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །དགོངས་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །སྤྱོད་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །འབྲས་བུ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །འགྱུར་མེད་ངང་ལ་འགག་མེད་གསལ་བས་ཆེ། །འཛིན་མེད་ངང་ལ་རྟོག་མེད་གསལ་བས་ཆེ། །ཞེན་མེད་ངང་ལ་ཆགས་མེད་གསལ་བས་ཆེ། །བརྗོད་མེད་ངང་ལ་བདེ་ཆེན་གསལ་བས་ཆེ། །བྱང་ཆུབ་གདལ་བའི་སྙིང་པོ་ཡིན་པས་ཆེ། །བྱ་བཙལ་བྲལ་བའི་རིག་པ་ཡིན་པས་ཆེ། །བདེ་ཆེན་ས་ལ་མི་གཡོ་མཉམ་པས་ཆེ། །འཛིན་པའི་ཡུལ་མིན་ཀུན་ལ་ཡོད་པས་ཆེ། །ཚིག་དང་ཡི་གེས་གཏན་ལ་མི་ཕེབ་ཆེ། །ཞེས་སོ། །ཞེས་གསུངས་ཏེ། འདི་ལྟར་སྣང་བའི་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་པོ། བདེན་རྫུན་སྒྲོ་འདོགས་ཀྱི་ཡུལ་དུ་སྣང་བས་ཡོད་པ་མཉམ་པ་དང་། མེད་པ་གསལ་སྣང་གི་ཆོས་དོན་ལ་གཞི་མེད་དུ་དག་པར་ཡིན་པས་ན་མེད་མཉམ་ཡང་ཡིན་ལ། སྣང་མཉམ་སྒྱུ་མ་ཆུ་ཟླ་ལྟ་བུར་གཅིག་པར་ཡིན་ཡང་། སྟོང་མཉམ་དོན་ལ་མེད་པ། ཡོད་མེད་སྣང་སྟོང་ཐམས་ཅད་བདེན་མཉམ་འཁྲུལ་བའི་ཀུན་རྟོག་ལ་སྒྲོ་འདོགས་ཀྱི་གཞིར་གྲུབ་ཀྱང་། རྫུན་མཉམ་ཡང་ཡིན་ཏེ་སྣང་དུས་ཉིད་ནས་ནམ་མཁའ་ལྟ་བུར་དག་པ། སྤང་གཉེན་རེ་དོགས་ཀྱི་འབད་རྩོལ་དང་དེ་ལས་བྱུང་པའི་འཆིང་ཞེན་དཀར་ནག་གི་ཐག་པ་ཀུན་ཐོང་ལ། ཕྱིའི་སྣང་བ་ཐམས་ཅད་ནང་རིག་པའི་ཀློང་དུ་སྐྱེ་འགག་གནས་པར་སྣང་བ་ཡིན་ན་ཡང་སྟོང་པའི་ངང་ལས་མ་གཡོས་པ་དེ་ཇི་ལྟར་ཞེ་ན། སྤྲིན་བྲལ་ནམ་མཁའ་དག་པ་ལྟ་བུར་ཡུལ་མེད་མཉམ་པར་ཆེན་པོར་ཕྱམ་གདོལ་ཞིག ནང་དྲན་རྟོག་ཤར་གནས་གྲོལ་གསུམ་རིག་པའི་ངང་ལས་མ་གཡོས་པ་ནི་རྒྱ་མཚོའི་རླབས་ཆུ་བོ་ལས་མ་གཡོས་པ་བཞིན་ཡིན་པས། སེམས་མེད་རིག་པ་ཆེན་པོར་ཕྱལ་གདོལ་མཛོད། ཕྱི་རང་སྣང་གི་ཡུལ་ལྔ། ནང་ཤར་གྲོལ་གྱི་སེམས་དང་བཅས་པ་ཐམས་ཅད་པོ་རང་བྱུང་གི་ཡེ་ཤེས་སྟོང་པ་རང་སངས་ཡེ་སྟོང་རྩ་བྲལ་ལས་མ་གཡོས་པར་ཡིན་པས་ན། སྐྱོན་མེད་དག་མཉམ་ཆེན་པོར་ཕྱམ་གདོལ་ཞིག དེ་ལྟར་ཕྱམ་གདལ་མཁའ་མཉམ་དག་པའི་ཆེ་བ་རང་ལ་གནས་པའི་ཆེ་བའི་ཆེ་ཚུལ་ལུང་གིས་བསྟན་པའོ། །དེ་ཉིད་ལྟ་སྒོམ་སྤྱོད་འབྲས་ཀྱི་མདོ་མདུད་ཡིན་པར་བསྟན་པ་ནི་འདི་ལྟར། དེའང་རིག་པ་ཕྱམ་གདལ་གྱི་ངོ་བོ་དེ་ལྟ་སྒོམ་སྤྱོད་འབྲས་ལས་འདས་ལ། ལྟ་སྒོམ་སྤྱོད་འབྲས་ཀུན་གྱི་ངོ་བོ་དང་མདོ་མདུད་ཆེན་པོ་ཡིན་པས། ཆ་ཅུང་ཟད་དབྱེ་ན་རིག་པ་ཕྱམ་གདལ་ཡེ་སྟོང་ནམ་མཁའ་ལྟ་བུ་ཞིག་ཡིན་པས། དེ་ལ་ལྟ་སྒོམ་སྤྱོད་འབྲས་ཕྱོགས་རེ་པས་གཞལ་དུ་མེད་ཅིང་། གཞལ་དུ་མེད་པས་མ་ཟད་ལྟ་སྒོམ་སྤྱོད་འབྲས་ལས་འདས་པ་ཡང་ཡིན་པས། རྫོགས་པ་ཆེན་པོ་ཀུན་རྫོགས་གཅིག་གི་ངོ་བོར་རྫོགས་པ། རིག་པ་ཟང་ཐལ་རྟོག་དཔྱོད་བྲལ་བ་ནམ་མཁའ་ལྟ་བུ་སྟེ། ནམ་མཁར་སྣོད་བཅུད་ཀུན་ཤོང་པ་ལྟར། རིག་པར་ཀུན་རྫོགས་པའམ་ལྟ་སྒོམ་སྤྱོད་འབྲས་ཀུན་ཀྱི་ངོ་བོ་གཅིག་འདུས་དང་། མདོ་མདུད་ཆེན་པོར་ཡིན་པར་ལུང་གིས་དོན་བཀྲལ་བ་སྟེ། དེའི་རྒྱབ་རྟེན་གྱི་ཁུངས་དང་བཅས་པས་ཡིད་ཆེས་པར་བྱེད་པ་ནི། ཀློང་དྲུག་པ་ལས། སངས་རྒྱས་སྙིང་པོ་གསང་མཆོག་བླ་ན་མེད། །འདི་ལྟར་ཡོད་ཅེས་བརྗོད་པའི་སྒྲ་དང་བྲལ། །འོན་ཀྱང་ཚིག་ཙམ་ཕྱོགས་ཀྱིས་མཚོན་པ་ནི། །རྡུལ་མེད་རྡུལ་དང་བྲལ་བའི་རང་རིག་འོད་པོ་ཆེ། །སྒྲ་ཚིག་མིང་གི་བློ་གཏིང་ཡིད་ཆེས་བྱས་ནས་ནི། །རེ་དོགས་གཡང་ས་ཆོད་པའི་སྙིང་པོ་གསང་ཆེན་ལས། །སངས་རྒྱས་ཀུན་གྱིི་སྙིང་པོ་གསང་བ་མཆོག་ཡིན་ཏེ། །ཞེས་རིག་པ་ཕྱམ་གདལ་ཆེན་པོ་རྡུལ་མེད་རྡུལ་བྲལ་གྱི་འོད་གསལ། མཐའ་གྲོལ་གསང་བ་ཆེན་པོའི་བཞུགས་ཚུལ་སྤྱི་ཆིངས་ཀྱིས་བསྟན་ཏེ། དགོངས་དོན་མན་ངག་རྣམས་ཀྱིས་དེ་ཡི་ཕྱོགས་བརྟགས་ནས། །ལྟ་བའི་སྙིང་པོ་རང་རིག་ཡེ་ཤེས་སྒྲོན་མ་ནི། །རྒྱ་མ་ཆད་ཅིང་ཕྱོགས་ལྷུང་མེད་པར་སྣང་བ་ནི། །འདི་ལ་སུ་འདྲིས་སྐྱེས་བུ་མྱ་ངན་འདའ་བའི་ཞིང་། །དགོངས་དོན་སྙིང་པོ་རྣམས་ཀྱི་བཅུད་དུ་འདི་འགྲོ་བས། །ཕྱི་ཕྱིར་དཀོན་པའི་དོན་འདི་སྨྲ་བསམ་བརྗོད་མེད་པའོ། །དེ་ཡན་གྱིས་ལྟ་བའི་སྙིང་པོ་རང་རིག་ཡེ་ཤེས་ཀྱི་སྒྲོན་མ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་སྨྲ་བསམ་བརྗོད་མེད་དེ་གཏན་ལ་ཕབ་པའོ། །བསྒོམ་པ་ཀུན་གྱི་སྙིང་པོ་ཡེ་ཤེས་གསང་བཅུད་པས། །ཞི་བར་གནས་དང་ལྷག་མཐོང་ཡེ་ནས་ཟུང་དུ་འབྲེལ། །འདི་ཉིད་མཉམ་པ་ཆེན་པོའི་དོན་བསྒོམ་རྣལ་འབྱོར་པ། །མི་ཡི་ནང་ནས་འཇིག་རྟེན་ཀུན་གྱི་གཙོ་བོ་སྟེ། །ཡང་རབ་མཆོག་ཏུ་གྱུར་པ་ལྷ་མིའི་བཀུར་སྟིའི་གནས། །མཉམ་གཞག་གནད་གསུམ་ཟིན་པས་བདེ་བ་རང་བདེ་ཆེ། །བདེ་བ་ཉིད་ལ་མི་རྟོག་ཡེ་ཤེས་ཉམས་ཤར་བས། སྣང་བ་ཀུན་ཀྱང་བདེ་བའི་ཀློང་དུ་རྣམ་པར་རོལ་བའོ། །ཞེས་གསུངས་ཏེ། དེ་ཡན་གྱིས་སྒོམ་པ་ཞི་ལྷག་ཟུང་འབྲེལ་གནད་གསུམ་ལྡན་པའི་ཏིང་ངེ་འཛིན་མི་རྟོག་བདེ་ཆེན་གྱི་ཡེ་ཤེས་བདེ་ཀློང་གཅིག་ཏུ་འཁྱིལ་བའི་རྣམ་གཞག་དེ་བསྟན་པ་ཡིན་ནོ། །དེ་ཕྱིར་ལུས་ཀྱི་བདེ་བས་སྐུ་གསུམ་གནད་ཟིན་བདེ། །ངག་གི་བདེ་བས་ཆོས་ཀུན་བརྗོད་མེད་རྟོགས་ཏེ་བདེ། །སེམས་ཀྱི་བདེ་བས་འཁོར་འདས་གཉིས་མེད་འདྲེས་པས་བདེ། །བདེ་བའི་སྙིང་པོ་འདི་ནི་སངས་རྒྱས་ཀུན་གྱི་ཡང་སྙིང་ངོ་། །བཅོས་པ་མེད་པའི་སྙིང་པོས་ཐམས་ཅད་རྣལ་དུ་འབེབས། །འགག་མེད་སྙིང་པོས་རང་སྣང་ཐད་ཀར་གཅོད་པར་བྱེད། །སྐྱེ་མེད་སྙིང་པོས་འཁོར་བ་དོང་ནས་འདོན་པར་བྱེད། །རང་བཞིན་གནས་པའི་སྙིང་པོས་ཐེག་པའི་རུ་ཤན་འབྱེད་པར་བྱེད། །ཅེས་གསུངས་ཏེ། སྤྱོད་པ་སྒོ་གསུམ་འཁོར་འདས་གཉིས་མེད། སྐྱེ་འགག་གནས་གསུམ་བྲལ་བའི་བོགས་འདོན་གྱིས། སྐུ་གསུམ་བདེ་བ་ཆེན་པོའི་གནད་ཟིན་པར་བསྟན་པའོ། །ཁྱབ་གདལ་ཆེན་པོའི་སྙིང་པོས་ཆོས་ཀྱི་དབྱིངས་རྣམས་སྡུད་པར་བྱེད། །ཡེ་དག་ཆེན་པོའི་སྙིང་པོས་ཆོས་ཀུན་ཆམ་ལ་འབེབས་པར་བྱེད། །སྟོང་པ་ཆེན་པོའི་སྙིང་པོས་ཉོན་མོངས་དངོས་རྣམས་འདུལ་བར་བྱེད། །རང་གསལ་ཆེན་པོའི་སྙིང་པོས་མུན་པའི་དམག་དཔུང་ཟློག་པར་བྱེད། །ཡེ་རྫོགས་ཆེན་པོའི་སྙིང་པོས་མཐོ་དམན་ཐམས་ཅད་སྙོམས་པར་བྱེད། །རྟོག་མེད་གསང་བའི་སྙིང་པོས་འཁོར་བ་གཏིང་ནས་ཟློག་པར་བྱེད། །གསང་བ་ཡང་ཐིག་སྙིང་པོས་སེམས་ཅན་གནས་རྣམས་སྟོངས་པར་བྱེད། །ཅེས་སོ། །དེས་འབྲས་བུ་ཡེ་དག་རེ་དོགས་བྲལ་བའི་ཁྱབ་གདལ་ཆེན་པོའི་ཆོས་ཀྱི་དབྱིངས་སུ་ལུས་པ་མེད་པར་སྡུད་པར་བྱེད་པ་ཡིན། ཡེ་དག་ཆེན་པོས་ཆམ་ལ་འབེབས། སྟོང་པ་ཆེན་པོས་འདུལ་བར་བྱེད། རང་གསལ་ཆེན་པོས་དམག་དཔུང་ཟློག ཡེ་རྫོགས་ཆེན་པོས་སྙོམས་པར་བྱེད། རྟོག་མེད་གསང་བའི་སྙིང་པོ་རྒྱུ་འབྲས་བྱ་རྩོལ་དང་བྲལ་བས་འཁོར་བ་གཏིང་ནས་ཟློག་པར་བྱེད། གསང་བ་ཡང་ཐིག་སྙིང་པོ་ཆོས་སྐུ་ལྷུན་གྲུབ་རང་གནས་ཀུན་ཏུ་བཟང་པོའི་དགོངས་ཀློང་དུ་འདུ་བ་ཡིན་པས། སེམས་ཅན་གྱི་གནས་རྣམས་སྟོངས་པར་བྱེད་པའི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་རྫོགས་པར་བསྟན་ཏོ། །དེ་ལྟ་བུའི་ལྟ་སྒོམ་སྤྱོད་འབྲས་དེ་དག་རྫོགས་པའི་རྟགས་ཚད་ཇི་ལྟར་སྙམ་པའི་གང་ཟག་ལ་འདི་ལྟར། དེ་དག་གི་རྟགས་ཚད་ངེས་པར་བསྟན་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྐུ་གསུམ་ཕྱིར་མི་ལྡོག་པས་འབྲས་བུའི་ཚད་དང་ལྡན། །རྒྱ་ཆད་ཕྱོགས་ལྷུང་མེད་པས་ལྟ་བའི་ཚད་དང་ལྡན། །གསལ་ལ་རྟོག་པ་མེད་པས་སྒོམ་པའི་ཚད་དང་ལྡན། །རང་བྱུང་བཅོས་བསླད་མེད་པས་སྤྱོད་པའི་ཚད་དང་ལྡན། །ཞེས་གསུངས་སོ། །དེ་དག་ཀྱང་ལྟ་བ་ལ་གཞི་བྱས། སྒོམ་པ་ལ་ལམ་བྱས། སྤྱོད་པ་ལ་གྲོགས་བྱས་པའི་མཐར་འབྲས་བུ་འབྱུང་བ་ཐུན་མོང་བའི་ལུགས་ལྟ་བུ་ནི་མ་ཡིན་ཏེ་རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པའི་ཕྱིར་རོ། །ཁྱུང་ཆེན་ལས། སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །ཞེས་སོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་ལུང་གིས། ཕྱམ་གདལ་རང་རིག་རྒྱལ་པོའི་ཆེ་བ་བསྟན་པ་དང་། ཀློང་དྲུག་པའི་ལུང་གིས། དེ་ཉིད་ལྟ་སྒོམ་སྤྱོད་འབྲས་ཀྱི་མདོ་མདུད་ཡིན་པར་རྒྱས་བཤད་ཀྱིས་བཀྲལ་བ་དང་། ཡང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་ལུང་རྗེས་མ་དེས་རྟགས་ཚད་བསྟན་པ་དང་། ཁྱུང་ཆེན་གྱི་ལུང་གིས་དོན་བསྡུ་དོགས་སེལ་དང་བཅས་པར་བསྟན་པའོ། །དེས་ན་རིག་པའི་རང་ངོ་ལ་ལྡོག་པས་ཕྱེ་ན་དུས་གཅིག་ལ་བཞི་པོ་དེ་དབྱེར་ཡོད་དེ། རིག་པའི་ངོ་བོ་ལྟ་བ། རང་བཞིན་སྒོམ་པ། ཐུགས་རྗེ་སྤྱོད་པ། དབྱེར་མེད་ལྷུན་གྱིས་གྲུབ་པའི་འབྲས་བུ་ཞེས་བརྗོད་པའོ། །ལྟ་སྒོམ་སྤྱོད་འབྲས་བཞི་པོ་དེ་གཞི་ལམ་འབྲས་བུའི་ཚུལ་གྱིས་རིམ་ཅན་དུ་འབྱུང་བའི་ཐུན་མོང་པའི་ལུགས་ལྟར་དུ་མིན་ཚུལ་དང་། རིག་པ་ཕྱམ་གདལ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་ཡིན་པ་དང་། དེ་དག་གོང་ནས་ཀྱང་ལན་གཅིག་མ་ཡིན་པར་བསྟན་པ་ཡིན་ཡང་། འདི་ནས་རིག་པ་གཅིག་ལ་བཞི་བོ་དུས་གཅིག་ལ་དབྱེ་རུ་ཡོད་པ་དང་། བཞི་ཉིད་རིག་པ་གཅིག་ལ་འདུས་པའི་མདོ་མདུད་ཀྱི་ཆིངས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་དབྱེར་མེད་ལྷུན་གྱིས་གྲུབ་པ་དང་བཞི་ལ་སྦྱར་པ་ཡིན་ནོ། །ཀུན་མཁྱེན་ཆེན་པོའི་གདམས་ངག་ཚིག་གཅིག་འདིས་རྒྱུད་ལུང་མན་ངག་ཀུན་གྱི་གནད་ཀྱི་མདོ་ཆིངས་བསྟན་པའོ། །ལེའུ་མཚན་གྱིས་མཇུག་བསྡུ་བ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ་སྟེ། ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།

ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ་སྟེ་ལེའུ་བཅུ་གཉིས་པའི་འགྲེལ་པ།

ལེའུ་བཅུ་གཉིས་པ་འདི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་གྲོལ་བའི་རང་བཞིན་བསྟན་པའི་ལེའུ་སྟེ། དེ་ལྟར་ལེའུ་གོང་མས་སྤྱོད་པའི་ཆས་རྐྱེན་སྣང་དབྱིངས་སུ་དག་པར་བྱ་བ་ནི། ཡེ་ནས་གྲོལ་བའི་འབྲས་བུ་རང་གནས་སུ་ཡོད་པའི་གནད་ལ་ཐུག་པའི་ཕྱིར། འདིར་ཡེ་ནས་གྲོལ་བའི་འབྲས་བུ་རང་གནས་སུ་ཡོད་པ་དེ་ཉིད་བསྟན་པ་ལས། འདི་ལ་ས་བཅད་རྣམ་པ་གསུམ་དུ་བསྡུས་ཏེ་བཤད་པ་ལ། དང་པོ་དག་མཉམ་ཡེ་གྲོལ་གྱི་ཆིངས་བསྟན་པ། གཉིས་པ་རྟོགས་པ་ཆོས་ཟད་ཀྱི་དགོངས་པ་བཤད་པ། གསུམ་པ་གྲོལ་བ་གནད་ཀྱི་མན་ངག་གིས་འགག་བསྡུ་བ་དང་གསུམ་ལས།

༼ཀ༽དང་པོ་དག་མཉམ་ཡེ་གྲོལ་གྱི་ཆིངས་བསྟན་པ།

དེ་ལ་ཡང་དབྱིངས་ཡེ་གྲོལ་གདལ་བར་མདོར་བསྟན་པ་དང་། གྲོལ་ལུགས་རྒྱས་པར་བཤད་པ་གཉིས་ལས།

༼ཀ དང་པོ་དབྱིངས་ཡེ་གྲོལ་གདལ་བར་མདོར་བསྟན་པ།

དབྱིངས་ཡེ་གྲོལ་གདལ་བར་བསྟན་པ་ནི།

ཆོས་ཀུན་བྱང་ཆུབ་སེམས་སུ་ཡེ་གྲོལ་བས།།

མ་གྲོལ་བ་ཡི་ཆོས་ནི་ཡོད་མ་ཡིན།།

ཞེས་གསུངས་ཏེ། རིག་སྔགས་ཀྱི་མཐུ་དང་རྫས་ཀྱི་རྟེན་འབྲེལ་ལས་སྐྱེས་པ་བུད་མེད་རྟ་གླང་ལ་སོགས་པར་སྣང་བ་ཐམས་ཅད་སྒྱུ་མའི་ངང་དུ་ཡེ་ནས་གྲོལ་བས་མེད་པ་གསལ་བར་སྣང་བ་ཙམ་ལས་དོན་ལ་རྟ་གླང་རང་མཚན་པ་མེད་པ་ལྟར། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པའི་ངང་ལས་གཞི་སྣང་གི་ཆོ་འཕྲུལ་དུ་ཤར་བ་ཙམ་ལས་ངོ་བོར་གྲུབ་པ་མེད་པས་སྣ་ཚོགས་སྒྱུ་མ་ཞེས་བྱ་སྟེ། རང་བཞིན་མེད་ལ་སྣང་བས་རིག་པའི་ངང་དུ་ཡེ་ནས་གྲོལ་བ་ཉིད་དེ། ཁྱུང་ཆེན་ལས། ཡེ་ནས་རང་གྲོལ་གྲོལ་བའི་རྒྱུ་མེད་ཉིད། །ཅེས་སོ། །འདི་ལྟར་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་རང་རིགས་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་ཟིན་དུ་ཡོད་པ་སྟེ། དེ་ཡང་སྒྱུ་མའི་རིག་སྔགས་ཀྱི་ནུས་པ་དང་དེའི་རྫས་ཚོགས་པའི་རྒྱུ་རྐྱེན་རྟེན་འབྲེལ་ལས། སྒྱུ་མ་མཁན་པོས་ཇི་ལྟར་སྤྲུལ་བར་འདོད་པའི་རྟ་གླང་རི་དང་ཁང་ཁྱིམ་སྐྱེས་པ་བུད་མེད་ཡུལ་ལྗོངས་སྐྱེད་ཚལ་ལ་སོགས་པ་ཇི་ལྟར་སྣང་ན་ཡང་། དོན་དུ་མེད་པ་སྒྱུ་མའི་སྟོང་གཟུགས་ཡིན་པས། དང་པོར་སྒྱུ་མའི་རྫས་བསགས་པ་དང་དེའི་རིག་སྔགས་བཏབ་དུས་ནས་གྲོལ་ཞིང་མེད་ཀྱང་སྤྲུལ་བ་སྣ་ཚོགས་སུ་སྣང་ཆོག་པ་བཞིན་དུ་ཆོས་ཀུན་ཡེ་ནས་གྲོལ་བས། གཞི་སྣང་དུ་རིག་པའི་ངང་ལས་ཆོ་འཁྲུལ་དུ་སྣང་བ་སྣ་ཚོགས་སུ་སྣང་ན་ཡང་དེ་བཞིན་དུ་གྲུབ་པ་མེད་པ་སྟེ། སྣ་ཚོགས་སྒྱུ་མ་ཞེས་པ་ཡེ་གྲོལ་རིག་པའི་ངང་དུ་ཡེ་ནས་གྲོལ་བས་གྲོལ་བྱ་འདིའོ་ཞེས་པ་ཞིག་བསྟན་དུ་མེད་པར་ཡེ་ནས་རང་གྲོལ་ཡིན་པར་བསྟན་པའོ།།

༼ཁ གཉིས་པ་གྲོལ་ལུགས་རྒྱས་པར་བཤད་པ།

དེ་ལ་གཞི་མེད་རྩ་བ་བྲལ་བར་ཡེ་ནས་གྲོལ་བའི་ཚུལ་དང་། རང་སྣང་རྨི་ལམ་སྒྱུ་མར་ཤར་བས་བདེ་སྡུག་དག་མཉམ་གཞི་མེད་དུ་ཡེ་ནས་གྲོལ་བར་བསྟན་པ་དང་། བགྲོད་ལམ་ནམ་མཁའ་ལྟ་བུར་དག་པས་ཡེ་གྲོལ་བྱ་བཙལ་ལས་འདས་པར་བསྟན་པ་དང་། ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པར་བསྟན་པ་དང་། གནད་ངེས་པའི་འགག་བསྡུ་བ་དང་། དེ་དག་གི་འཐད་པ་དགོད་པ་ཡང་འདི་ལྟར་འབད་ཅིང་རྩོལ་བའི་དོན་མེད་པར་བསྟན་པ་དང་དྲུག་ལས།

༡༽དང་པོ་གཞི་མེད་རྩ་བ་བྲལ་བར་ཡེ་ནས་གྲོལ་བའི་ཚུལ།

གྲོལ་ལུགས་རྒྱས་པར་བཤད་པ་ལས། གཞི་མེད་རྩ་བ་བྲལ་བར་ཡེ་ནས་གྲོལ་བའི་ཚུལ་ནི།

འཁོར་བ་ཡེ་གྲོལ་གདོད་ནས་དག་པར་གྲོལ།།

འདས་པ་ཡེ་གྲོལ་ལྷུན་གྱིས་རྫོགས་པར་གྲོལ།།

སྣང་བ་ཡེ་གྲོལ་གཞི་རྩ་མེད་པར་གྲོལ།།

སྲིད་པ་ཡེ་གྲོལ་བྱང་ཆུབ་སྙིང་པོར་གྲོལ།།

སྤྲོས་པ་ཡེ་གྲོལ་མུ་མཐའ་མེད་པར་གྲོལ།།

སྤྲོས་མེད་ཡེ་གྲོལ་མ་སྐྱེས་དག་པར་གྲོལ།།

ཞེས་གསུངས་ཏེ། རྩ་བའི་ཚིག་ཤོ་ལོ་ཀ་གཅིག་དང་ཕྱེད་འདིས། འཁོར་འདས་སྣང་སྟོང་སྤྲོས་དང་སྤྲོས་མེད་ཐམས་ཅད་གདོད་ནས་དག་པར་གྲོལ་བ། ལྷུན་གྱིས་རྫོགས་པར་གྲོལ་བ། གཞི་རྩ་མེད་པར་གྲོལ་བ། བྱང་ཆུབ་སྙིང་པོར་གྲོལ་བ། མུ་མཐའ་མེད་པར་གྲོལ་བ། མ་སྐྱེས་དག་པར་གྲོལ་བ་སྟེ་ཚིག་རྐང་དྲུག་པོའི་གྲོལ་ལུགས་དྲུག་གིས་ཡེ་གྲོལ་དུ་གཏན་ལ་ཕབ་པའོ། །དེ་ལ་སྣང་ནས་སྟོང་པར་གྲུབ་པ་ནི་ཆོས་ཉིད་དེ་དེ་ལ་ཡེ་གྲོལ་ཞེས་ཐ་སྙད་བརྗོད་པ་ནི། རང་བཞིན་བདེན་པར་མ་གྲུབ་པའི་ཆ་ལས་མིང་དུ་བཏགས་པ་ལས། འཁོར་འདས་སུ་སྣང་བ་ནི་རིག་པའི་གཞི་ལས་གཞི་སྣང་དུ་ཤར་བའི་རོལ་བ་བཟང་སྣང་ངན་སྣང་ཙམ་སྟེ། རྨི་ལམ་བཟང་ངན་དང་འདྲའོ། །འཁོར་བའི་སྣང་བ་ལ་ཕྱི་ཡུལ་དུ་སྣང་བ་སྣོད་བཅུད་གཉིས་ལ་སྣང་སྲིད་ཅེས་བརྗོད་དེ། སྣོད་འབྱུང་བ་ལྔའི་གཟུགས་བརྙན་དུ་སྣང་བ་དང་། བཅུད་ལས་དང་ཉོན་མོངས་པ་ལས་བདེ་སྡུག་སྣ་ཚོགས་སུ་སྲིད་པའི་རང་བཞིན་དང་། ནང་སེམས་སུ་སྣང་བ་ལ་འདོད་པའི་སེམས་སྤྲོས་པ་དང་བཅས་པ་དང་། ཁམས་གོང་མའི་སེམས་མི་རྟོག་པ་སྤྲོས་མེད་ཏིང་ངེ་འཛིན་གྱི་རྣམ་པ་སྟེ། དེ་ཐམས་ཅད་རྨི་ལམ་ལྟར་སྣང་ཡང་དོན་ལ་མ་གྲུབ་པས་ཡེ་ནས་མེད་པ་གསལ་སྣང་ཙམ་ལས། ཡོངས་གྲོལ་མཚན་མ་ཡེ་སྟོང་དུ་བསྟན་པ་ནི། རིག་པ་རང་གྲོལ་ལས། དེ་བཞིན་བློ་དངོས་ཆོས་རྣམས་ཀུན། །ངོ་བོ་ཉིད་དུ་གྲོལ་བའོ། །ཞེས་པ་དང་། ཁྱུང་ཆེན་ལས། འགྲོ་བ་དྲུག་ཅེས་མིང་ཙམ་བཏགས་པས་སྟོང་། །སྟོང་པ་ཡེ་གྲོལ་གནད་ཀྱིས་བྱར་མེད་དེ་ཉིད་ངང་། །གང་དུ་ཕྱིན་པའི་ས་མེད་ཡེ་ནས་བཅོས་མེད་ངང་། །ཞེས་སོ། །འཁོར་བར་སྣང་བ་འདི་དབྱིངས་ཀ་དག་གི་ཡེ་གཞི་ལས། ཡེ་ཤེས་ཀྱི་རླུང་གཡོས་ཏེ། རིག་པ་གཞི་ནས་འཕགས་པའི་གཞི་སྣང་ལྷུན་གྲུབ་འཁོར་འདས་ཀྱི་སྣང་བར་ཤར་ཞིང་། ཁྱད་པར་དུ་སྣང་སྲིད་འོད་དང་སྐུར་ཤར་ཚེ་དེའི་ངོ་བོའི་རྩལ་ལས་ལོངས་སྐུའི་སྣང་བ་དང་། ཡོན་ཏན་གྱི་རྩལ་ལས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སམ་དེའི་ཞིང་སྣང་། ཐུགས་རྗེའི་རྩལ་ལས་འཁོར་བའི་སྒོ་རང་སྣང་ལ་རྨི་ལམ་ལྟར་ཤར་བ་ཡིན་ལ། འཁོར་བ་ཡེ་གྲོལ་གདོད་ནས་དག་པའི་ཀ་དག་གི་རང་ངོ་ལས་སྣང་བས་ན། མ་དག་པ་གཞི་ལ་མི་སྲིད་པའི་དག་པ་ཆེན་པོ་གསར་དུ་བཀྲོལ་བ་ལྟ་བུ་མ་ཡིན་པར་ཡེ་གྲོལ་ནས་གྲོལ་བ་དང་། འཁོར་བ་མིང་ཙམ་མེད་པ་གཞི་མེད་དུ་སྣང་བ་དེ་ལ། དེ་ལས་འདས་པའི་མྱང་འདས་ཀྱང་གཞི་ལས་གཞི་སྣང་ཤར་པའི་གནས་སྐབས་ཀྱི་རོལ་བ་བཟང་ངན་ལ་བཏགས་པ་ཙམ་ལས། གཞི་ཀ་དག་གི་ཆོས་ཉིད་ལ་དག་དང་མ་དག་གི་མཐའ་ལས་འདས་ཤིང་། འཁོར་དང་མྱང་འདས་སུ་སྣང་དུ་རུང་བར་ཡིན་པས་ན། ལྷུན་གྱིས་རྫོགས་པར་གྲོལ་བ་ཡིན། དེ་ལྟར་ན་འཁོར་འདས་གཉིས་སུ་སྣང་བ་འདི་རིག་པའི་གཞི་ལས་གཞི་སྣང་དུ་ཤར་བའི་རྨི་ལམ་བཟང་སྣང་ངན་སྣང་དུ་ཤར་བ་དང་ཁྱད་པར་མ་མཆིས་ཤིང་། སྣང་ཞིང་སྲིད་པ་ཞེས་པ་ནི་འཁོར་བའི་ཆོས། ཕྱི་ཡུལ་སྣོད་བཅུད་འབྱུང་གཟུགས། ནང་སེམས་ཀུན་ཏུ་རྟོག་པ་གཞི་དང་བཅས་པ་འདི་ཡིན་པས་ན། སྣང་བ་ཡེ་གྲོལ་འཁྲུལ་བའི་སྣང་བ་གཉིད་མ་བདེ་བའི་སྣང་བ་ལྟ་བུ་འདི་ལ་གཞི་དང་རྩ་བ་མེད་པས་ན་གཞི་རྩ་མེད་པར་གྲོལ་བ་དང་། དེ་ཡང་ལས་དང་ཉོན་མོངས་ཀྱི་དབང་གིས་མཐོང་སྣང་དང་མྱོང་སྣང་བདེ་སྡུག་སྣ་ཚོགས་སུ་སྲིད་པ་ཅན་ཡིན་པས་སྲིད་པ་ཁམས་གསུམ་འཁོར་བའི་གནས་འདི་གྲུབ་པར་སྣང་ཞིང་། སྲིད་ཚད་བརྟགས་ན་མ་གྲུབ་རིག་པའི་རོལ་བ་ཡིན་ཕྱིར་སྲིད་པ་ཡེ་གྲོལ་བྱང་ཆུབ་སྙིང་པོ་གཉིས་མེད་བདེ་ཀློང་འཁྱིལ་བའི་ཀློང་དུ་གྲོལ་བ་དང་། སྤྲོས་དང་སྤྲོས་མེད་འདོད་སེམས་དང་ཁམས་གོང་མའི་སེམས་སུ་བཀྲལ་ནས། བློ་དང་དངོས་པོའི་ཆོས་ཐམས་ཅད་གཞི་མེད་རྩ་བྲལ་ཡེ་ནས་གྲོལ་བར་གཏན་ལ་འབེབས་པ་རྩ་བའི་གོ་དོན་གྱིས་གནད་དུ་བཟུང་བ་ཡིན་པས། སྤྲོས་པ་ཡེ་གྲོལ་མཐའ་ཡས་མུ་མེད་པས་ཐོག་མཐའ་དབུས་ཀྱི་མུ་མེད་དུ་གྲོལ་བ་དང་། སྤྲོས་མེད་ཡེ་གྲོལ་མ་སྐྱེས་གྲུབ་མ་མྱོང་པ་འགྲོ་དྲུག་ཡེ་གྲོལ་ལ་ཡང་གྲོལ་མཚན་མའི་ཆོས་ཀྱིས་སྟོངས་པའི་ཡེ་གྲོལ་བྱར་མེད་དུ་བསྟན་པའོ།།

༢༽གཉིས་པ་རང་སྣང་རྨི་ལམ་སྒྱུ་མར་ཤར་བས་བདེ་སྡུག་དག་མཉམ་གཞི་མེད་དུ་ཡེ་ནས་གྲོལ་བར་བསྟན་པ།

རང་སྣང་རྨི་ལམ་སྒྱུ་མར་ཤར་བས་བདེ་སྡུག་དག་མཉམ་གཞི་མེད་དུ་ཡེ་ནས་གྲོལ་བར་བསྟན་པ་ནི།

བདེ་བ་ཡེ་གྲོལ་ཆོས་ཉིད་ཕྱམ་དུ་གྲོལ།།

སྡུག་བསྔལ་ཡེ་གྲོལ་གཞི་མཉམ་ཡངས་པར་གྲོལ།།

བར་མ་ཡེ་གྲོལ་མཁའ་མཉམ་ཆོས་སྐུར་གྲོལ།།

དག་པ་ཡེ་གྲོལ་དག་གཞིས་སྟོང་པར་གྲོལ།།

མ་དག་ཡེ་གྲོལ་ཡོངས་གྲོལ་ཆེན་པོར་གྲོལ།།

ཞེས་གསུངས་ཏེ། བདེ་དང་སྡུག་དང་བར་བ་གསུམ། དག་མ་དག་གཉིས་དང་ལྔ་པོ་གྲོལ་བར་བསྟན་པ་སྟེ། རྨི་ལམ་གྱི་ངོ་བོ་ཉིད་དུ་བདེ་བ་དང་། སྡུག་བསྔལ་དང་། བར་མ་དང་། དག་པ་སངས་རྒྱས་ཀྱི་ཞིང་དང་། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ངོ་བོ་གཞི་མེད་དུ་གནས་པས་དང་པོར་སྐྱེ་བའི་རྒྱུས་སྟོང་པས་ཡེ་གྲོལ། རང་བཞིན་སྣང་ཙམ་མ་འགགས་པས་གཟུགས་བརྙན་ལྟར་སྣང་བ་ཉིད་ཀྱིས་སྟོང་པར་ཤར་ཏེ། ད་ལྟ་གནས་པའི་ངོ་བོ་སྟོང་པས་གནས་གྲོལ། ཐུགས་རྗེ་རོལ་བའི་སྣང་ཆ་མ་འགགས་པས་འགག་པ་རྒྱུ་མེད་རྐྱེན་དག་ཏུ་གྲོལ་བས་ཐ་མ་འགྲོ་འོང་སྤྲུལ་པར་ཤར་ཏེ། འགག་མེད་སྒྱུ་མའི་དཔེ་བརྒྱད་དུ་དག་པས་མཐའ་གྲོལ་ཏེ། སྣང་སྟོང་སྒྱུ་མའི་རོལ་བར་གྲོལ་བ་ནི། རིག་པ་རང་གྲོལ་ལས། དེ་བཞིན་མཚན་མའི་ཆོས་རྣམས་ཀུན། །མཚན་མ་མེད་པའི་ངང་དུ་གྲོལ། །བྱས་པ་དངོས་པོའི་ཆོས་རྣམས་ཀུན། །བྱར་མེད་སྟོང་པའི་ངང་དུ་གྲོལ། །འཛིན་མེད་རང་སྣང་ཆོས་རྣམས་ཀུན། །རྣམ་དག་སྟོང་པའི་ངང་དུ་གྲོལ། །ཞེས་པ་དང་། ཁྱུང་ཆེན་ལས། བར་སྣང་རྫས་རྣམས་བརྟེན་པར་མི་ནུས་ཤིང་། །ཡེ་ནས་ཕྱོགས་སུ་ལྷུང་བ་མེད་པའི་སེམས། །འཁོར་བ་ངན་སོང་སུ་ལ་གྲུབ་སྣང་བ། །མི་བདེན་རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་ཁྱེར་བཞིན། །བརྫུན་སྣང་བདེན་པའི་ནུས་པ་འདི་ལ་མི་སྲིད་དོ། །ཞེས་སོ། །དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་བརྟགས་ན་ཡོང་མི་སྣང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། ཡུམ་བར་མ་ལས་ཀྱང་། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་བས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་སོ། །མྱ་ངན་ལས་འདས་པ་ལས་ལྷག་པ་ནི་རང་བྱུང་གི་ཡེ་ཤེས་ཏེ། དབྱིངས་དེ་རྟོགས་མ་རྟོགས་ཀྱིས་འཁོར་འདས་ཀྱི་གཞིར་གྱུར་པའི་ཕྱིར་རོ། །དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་དུ་མེད། །ཅེས་འབྱུང་བ་བཞིན་ནོ། །བདེ་དང་སྡུག་བསྔལ་བར་མའི་ཚོར་བར་སྣང་བ་དང་། དག་པ་སངས་རྒྱས་ཀྱི་ཞིང་ཁམས། མ་དག་སེམས་ཅན་གྱི་འཁྲུལ་སྣང་འདི་ཐམས་ཅད་པོ། རྨི་ལམ་གཟུགས་བརྙན་སྤྲུལ་བ་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད་བཞིན་དུ་སྣང་ཞིང་སྟོང་པ། དེ་ཡང་སྣང་བ་ཉིད་ཀྱིས་སྟོང་པར་གྲུབ་ཅིང་ཤར་བ། འདིའི་བདེ་སྡུག་བར་མ་དག་དང་མ་དག་ཐམས་ཅད་པོ། དང་པོ་སྐྱེ་གཞི་མེད་པ་སྐྱེ་བ་རྒྱུ་ཡི་སྟོངས་པས་ན་ཡེ་གྲོལ་ཡིན། བར་དུ་གནས་པ་རང་གི་ངོ་བོས་སྟོང་པས་ན་གནས་གྲོལ་ཡིན། ཐ་མ་རྒྱུ་མེད་རྐྱེན་དག་ལ་འགག་པ་འགྲོ་འོང་མེད་པར་དག་ཕྱིར་མཐའ་གྲོལ་དུ་གསུངས་པ་ཡིན། ངོ་བོ་གཞི་མེད། རང་བཞིན་སྣང་ཙམ་པ། ཐུགས་རྗེ་འགག་མེད་ཡིན་པའི་རྒྱུ་མཚན་དེས། བདེ་སྡུག་དག་མཉམ་གཞི་མེད་དུ་བསྟན་པ་དང་། བདེ་བ་ཡེ་གྲོལ་ཆོས་ཉིད་ནམ་མཁའི་དགོངས་པ། ཆོས་ཟད་བློ་འདས་ཀྱི་དབྱིངས། ཕྱམ་ཕྱལ་ཡངས་པ་ཆེན་པོར་མ་གྲོལ་བ་ཡི་མིང་མེད་པ་དག་གཞི་ཉིད་ཀྱིས་གྲོལ་བ་དང་། སྡུག་བསྔལ་ཡེ་གྲོལ་གཞི་འཁོར་འདས་དག་མཉམ་ཡངས་པ་ཆེན་པོར་གྲོལ་བ་ཡིན། བར་མ་ཡེ་གྲོལ་དག་དང་མ་དག་མེད་པའི་མཁའ་མཉམ་རྫོགས་པ་ཆེན་པོའི་རང་བབས་གཤིས་ཀྱི་བཞུགས་ཚུལ་ལ་བར་མ་ཙམ་དུ་ཡང་གདགས་སུ་མེད་པར་ཆོས་སྐུ་རང་དག་གི་ངོ་བོར་གྲོལ་བ་ཡིན། དག་པ་ཡེ་གྲོལ་གང་དུ་དག་པའི་གཞི་ཉིད་ཆོས་དབྱིངས་གང་དུ་ཡང་མ་གྲུབ་པའི་ཆོས་ཉིད་མཚན་མས་སྟོངས་པས་ན་དེའི་ཐོག་ཏུ་གྲོལ་བ་ཡིན། མ་དག་པ་ཡང་ཡེ་གྲོལ་ཡིན་ཏེ་ཁམས་གསུམ་ཡང་གྲོལ་ཆེན་པོ་གདོད་ནས་དག་པ་ལ་མ་གྲོལ་བའི་ཆོས་ཤིག་དམིགས་སུ་མ་མཆིས་པས་ན་ཡང་གྲོལ་ཀ་དག་ཆེན་པོ་རང་བྱུང་གི་གཞི་དབྱིངས་སུ་རང་བྱུང་གི་ཡེ་ཤེས་ཡིན་པས་གྲོལ་བ་སྟེ། དེ་ལ་བགྲོད་པའི་ལམ་དང་གོལ་བའི་ས་མེད་པར་ཡེ་ནས་ལྷུན་གྲུབ་ཡིན་པས་བཙལ་དུ་མེད་པར་བདེ་སྡུག་དག་མཉམ་གཞི་མེད་ཡེ་གྲོལ་དུ་བསྟན་པའོ།།

༣༽གསུམ་པ་བགྲོད་ལམ་ནམ་མཁའ་ལྟ་བུར་དག་པས་ཡེ་གྲོལ་བྱ་བཙལ་ལས་འདས་པར་བསྟན་པ།

དེ་ལའང་ལ་བཟླ་བའི་ཆིངས་དང་འགག་བསྡམ་པའི་གནད་འགག་གཉིས་ལས།

༼ཀ དང་པོ་ལ་བཟླ་བའི་ཆིངས།

བགྲོད་ལམ་ནམ་མཁའ་ལྟ་བུར་དག་པས་ཡེ་གྲོལ་བྱ་བཙལ་ལས་འདས་པར་བསྟན་པ་ནི།

ས་ལམ་ཡེ་གྲོལ་བསྐྱེད་རྫོགས་བྲལ་བར་གྲོལ།།

ལྟ་སྒོམ་ཡེ་གྲོལ་སྤང་བླང་མེད་པར་གྲོལ།།

སྤྱོད་པ་ཡེ་གྲོལ་ཀུན་ཏུ་བཟང་པོར་གྲོལ།།

འབྲས་བུ་ཡེ་གྲོལ་རེ་དོགས་མེད་པར་གྲོལ།།

དམ་ཚིག་ཡེ་གྲོལ་ཆོས་ཉིད་ཆེན་པོར་གྲོལ།།

བཟླས་བརྗོད་ཡེ་གྲོལ་གླེང་བརྗོད་བྲལ་བར་གྲོལ།།

ཏིང་འཛིན་ཡེ་གྲོལ་བསམ་ཡུལ་འདས་པར་གྲོལ།།

ཞེས་གསུངས་ཏེ། ས་དང་ལམ། ལྟ་སྒོམ་སྤྱོད་འབྲས། དམ་ཚིག་བཟླས་བརྗོད། ཏིང་འཛིན་ཐམས་ཅད་པོ་ཡེ་གྲོལ་བྱ་རྩོལ་ལས་འདས་པར་ལ་བཟླ་བའི་ཆིངས་བསྟན་པ་སྟེ། རིག་པའི་ངོ་བོ་ལ་ས་དང་ལམ་ལ་སོགས་པ་དེ་དག་ཏུ་མེད་པས། ས་ལམ་ལྟ་སྒོམ་ལ་སོགས་པ་རིག་པའི་ངང་དུ་བྱེད་ཀྱང་མེད་པ་ལ་བྱ་བྱེད་རྫས་འགལ་བས་ཡེ་གྲོལ་བྱར་མེད་ཆེན་པོར་རྟོགས་པར་བྱ་སྟེ། འདིའི་དོན་གཙོ་བོར་རྒྱུད་ཀྱི་ལུང་ཁུངས་མས་བཀྲལ་ཏེ་གོ་བར་མཛད་པ་སྟེ། མུ་ཏིག་ཕྲེང་བ་ལས། སྤྱོད་པས་མ་བསྒྱུར་སྣང་བ་གྲོལ། །སྒོམ་པས་མ་བཙལ་ཆོས་ཅན་གྲོལ། །ལྟ་བས་མ་བརྟགས་རྟག་ཆད་གྲོལ། །འབྲས་བུས་མ་བཅིངས་རང་སེམས་གྲོལ། །སྣང་བ་ཡེ་རྒྱས་ཐེབས་པའོ། །ཞེས་པ་དང་། དེ་ཡིས་ཡེ་གྲོལ་བྱར་མེད་ཀྱི་དོན་བསྟན་པའོ། །ཁྱུང་ཆེན་ལས། སྟོང་པ་ཡེ་གྲོལ་གནད་ཀྱི་བྱར་མེད་དེ་ཉིད་རང་། །གང་དུ་ཕྱིན་པའི་ས་མེད་ཡེ་ནས་བཅོས་མེད་ངང་། །ལྷུན་འབྱམས་སྙིང་པོ་ཡེ་ནས་ཡུལ་སྣང་བས། སྔགས་ཟློས་དཀའ་ཐུབ་བསམ་གཏན་ངོ་བོ་ཉིད་ལ་སྒྲིབ། །ཡིག་འབྲུ་སྒྱུར་བྱེད་ལུས་ངག་དགེ་བ་རྣམས། །ཡེ་གྲོལ་རང་དག་གནད་ལ་གནོད་པར་བྱེད་པའོ། །ཞེས་པ་དང་། དེ་ཡིས་བྱ་བྱེད་རྩོལ་བས་སྒྲུབ་པའི་ལུས་ངག་གི་དགེ་བ་ལས་འདས་པའི་སྟོང་པ་ཡེ་གྲོལ་གྱི་གནད་བསྟན་པའོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ཕྲིན་ལས་བཙལ་མེད་ཡེ་ཤེས་བསྒྲུབ་ཏུ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་བ་མེད། །སེམས་ལ་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་སོ། །དེ་ཡིས་མཁའ་མཉམ་བྱང་ཆུབ་ཀྱི་སེམས་ལ་བྱ་རུ་མེད་པས། བྱར་མེད་བྱང་ཆུབ་སེམས་ཀྱི་ལྟ་བ་ཡིན་པར་བསྟན་པའོ། །འདི་ནས་མར་ལུང་དོན་སླར་ཡང་རྒྱུད་ཁུངས་མའི་ལུང་དང་བཅས་པས་གསལ་བར་བཀྲལ་བ་ནི། སྐབས་འདིར་ལ་བཟླ་བའི་ཆིངས་དང་། འགག་བསྡམ་པའི་གནད་འགག་གཉིས་བརྩི་སྟེ། ཆོས་སྐུ་རང་ལ་གནས་པས་གཞན་ནས་བཙལ་ཞིང་བསྒྲུབ་ཏུ་མེད་ལ། རིག་པ་ཟང་ཐལ་རྗེན་པ་བྱས་པའི་ཆོས་ཀྱིས་བྱར་མེད་པ་ཡིན་པས་ན་ལྟ་སྒོམ་སྤྱོད་འབྲས་ལ་སོགས་པས་བསྒྲིབས་པའི་ཕྱིར། བསྐྱེད་རྫོགས་ལྟ་སྒོམ་ལ་སོགས་པའི་བྱ་བྱེད་ཀྱི་ཆོས་ལས་འདས་པའི་རང་རིག་ནམ་མཁའ་ལྟར་གཏན་ལ་དབབ་པ་སྟེ། དེར་ལ་བཟླ་བ་ཡིན་པས་དེའི་དོན་སེང་གེ་རྩལ་རྫོགས་ལས། ཨེ་མ་ཧོ། རང་རིག་པ་ལ་སངས་རྒྱས་རྣམས་ཀྱི་སྐུ་ཤར་བ། །འདུ་ཤེས་ཡུལ་དུ་མེད་པས་ཆོས་ཉིད་ཞི་བའི་ངང་། །སྣང་བ་རང་ལ་རྙེད་པའི་རང་རིག་ཟང་ཐལ་ཉིད། །རྟོག་པའི་ཕྱོགས་སུ་མ་ལྷུང་རང་གི་གདངས་ལ་འདུག །སྣང་བའི་སེམས་བྲལ་ཆོས་ཉིད་རང་ལ་སྤྱོད་པའི་དོན། །སྤྲོ་བསྡུ་མ་བྱེད་རིག་པའི་ངང་ལ་བལྟ་བར་བྱ། །གཏིང་མཐའ་མེད་པའི་ཆོས་ཉིད་ཀུན་ཏུ་བཟང་། །ཡིན་མིན་མེད་པའི་མཐའ་གཉིས་རྣམ་པར་བསལ། །སྐྱེ་འབྲི་མེད་པའི་ངང་དུ་རྟོག་པ་ཆོད། །ཅེས་པས་ཞེས་གསུངས་ཏེ། གཏིང་མཐའ་མེད་པའི་ཆོས་ཉིད་དེ། ཡིན་མིན་མེད་པའི་མཐའ་བྲལ་སྐྱེ་འབྲི་མེད་པའི་ངང་དུ་རྟོག་པ་ཆོད་ཚེ་ལ་བཟླས་པ་ཡིན་པས་དགོངས་པ་ཀློང་གསལ་མཁའ་ཁྱབ་ཏུ་ལ་བཟླས་ནས། ཞེས་པ་སྟེ། དེ་ཡང་ཇི་ལྟར་བཟླས་པ་ཡིན་ན་རང་རིག་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་འཚོལ་དུ་མེད་པའི་སངས་རྒྱས་རྣམས་ཀྱི་ཆོས་སྐུ་རང་ལ་འཆར་བ་དེ་ཉིད། འདུ་ཤེས་མཚན་འཛིན་གྱི་ཡུལ་དུ་མེད་པས་ངོ་བོ་ཆོས་ཉིད་གདོད་ནས་ཞི་བའི་སྤྲོས་བྲལ་སྟོང་གསལ་གྱི་ངང་ལས་མ་གཡོས་ཤིང་། རང་བཞིན་སྣང་བ་རང་གསལ་གཞན་ལས་མ་ཡིན་རང་ལས་རྙེད་པའི་རང་རིག་གསལ་སྟོང་མཐའ་དབུས་བྲལ་བའི་སྟོང་གསལ་འདུས་མ་བྱས་པ་དེ་ཉིད། ཐུགས་རྗེ་རྟོག་པའི་ཕྱོགས་སུ་མ་ལྷུང་བར་རིག་སྟོང་རང་གི་གདངས་ལ་འདུག་ཅིང་། འཛིན་པ་སྣང་བའི་སེམས་དང་བྲལ་བར་ཡིན་པས་ན། ཆོས་ཉིད་རང་ལ་སྤྱོད་པ་དེ་ཉིད་སྤྲོ་བསྡུ་མེད་པའི་རང་རིག་རང་ཞལ་མཇལ་བ་ཡིན་པས། དགོངས་པ་ཀློང་གསལ་མཁའ་ཁྱབ་ཏུ་ཤར་བ་དེའི་ཐོག་ཏུ་ལ་བཟླ་བའམ་ཐག་བཅད་དེ། རིག་པ་ཉིད་རིག་པ་ལས་ཤར་བའི་ཆོས་སྣང་སེམས་ལ་སོགས་པ་གང་གིས་ཀྱང་དངོས་སུ་མཚོན་ཞིང་གཏན་ལ་མི་ཕེབས་ལ། བྱར་མེད་ལྷུན་གྲུབ་ཉག་གཅིག་རང་མལ་ན་ཡོད་པ་དེ། ཆོས་ཀྱིས་བཅོས་བསྒྱུར་དང་མཚོན་དུ་ཡོད་ན། ཆོས་སྐུ་རྫོགས་པ་ཆེན་པོ་རང་ལ་མེད་པའི་སྐྱོན་དུ་འགྱུར་བས་བྱ་བཙལ་མཚན་མའི་ཆོས་ལས་ལ་བཟླ་བར་བསྟན་པ་ཡང་། རྒྱུད་དེ་ཉིད་ལས། བསམས་པས་ཡེ་ཤེས་དོན་མི་རྙེད། །བསམས་པས་ཡེ་ཤེས་དོན་རྙེད་ན། །རང་བྱུང་ཡེ་ཤེས་བརྫུན་པར་འགྱུར། །བསྒོམས་པས་ཆོས་ཀྱི་སྐུ་མི་མཐོང་། །བསྒོམས་པས་ཆོས་ཀྱི་སྐུ་མཐོང་ན། །རང་སྣང་ཆོས་ཉིད་བརྫུན་པར་འགྱུར། །བལྟས་པས་རིག་པའི་དོན་མི་རྟོགས། །བལྟས་པས་རིག་པའི་དོན་རྟོགས་ན། །ཆོས་སྐུ་འགག་མེད་བརྫུན་པར་འགྱུར། །ཆོས་ཀྱིས་མ་རིག་རྩད་མི་ཆོད། །ཆོས་ཀྱིས་མ་རིག་རྩད་ཆོད་ན། །ཀ་དག་ཡེ་ཤེས་བརྫུན་པར་འགྱུར། །དགེ་བས་སངས་རྒྱས་དོན་མི་རྟོགས། །དགེ་བས་སངས་རྒྱས་དོན་རྟོགས་ན། །རྫོགས་ཆེན་གནས་ལུགས་བརྫུན་པར་འགྱུར། །སྡིག་པས་འཁོར་བར་ལྟུང་མི་འགྱུར། །སྡིག་པས་འཁོར་བར་ལྟུང་འགྱུར་ན། །སྐད་ཅིག་རྣམ་གསུམ་བརྫུན་པར་འགྱུར། །སྟོང་པས་ཡང་དག་དོན་མི་མཐོང་། །སྟོང་པས་ཡང་དག་དོན་མཐོང་ན། །ཡེ་ཤེས་འོད་གསལ་བརྫུན་པར་འགྱུར། །མཚན་མས་རང་རིག་དོན་མི་མཐོང་། །མཚན་མས་རང་རིག་དོན་མཐོང་ན། །རང་གསལ་ཆོས་ཉིད་བརྫུན་པར་འགྱུར། །བྱས་པས་ལྷུན་རྫོགས་དོན་མི་རྙེད། །བྱས་པས་ལྷུན་རྫོགས་དོན་རྙེད་ན། །ངོ་བོ་འགྱུར་མེད་བརྫུན་པར་འགྱུར། །གཟུང་བས་སྣང་བ་མཐོང་མི་འགྱུར། །གཟུང་བས་སྣང་བ་མཐོང་འགྱུར་ན། །རང་བཞིན་འགག་མེད་བརྫུན་པར་འགྱུར། །སྤྱད་པས་ཕ་རོལ་སྒྲོལ་མི་འགྱུར། །སྤྱད་པས་ཕ་རོལ་སྒྲོལ་འགྱུར་ན། །ཐུགས་རྗེ་ཀུན་ཁྱབ་བརྫུན་པར་འགྱུར། །ཅེས་གསུངས་ཏེ་ལུང་གིས་འགྲེལ་བ་ཡིན། །རང་བྱུང་གི་ཡེ་ཤེས་རང་ལ་གནས་པ་ཡིན་པས་ན། བསམས་པས་ཡེ་ཤེས་ཀྱི་དོན་མི་རྙེད། དེ་རྙེད་ན་རང་བྱུང་ཡེ་ཤེས་མིན་པའི་རྟགས་ཡིན། དེ་བཞིན་དུ་བསྒོམས་པས་ཆོས་སྐུ་མཐོང་བ་མིན། དེ་མཐོང་ན་རང་སྣང་གི་ཆོས་ཉིད་རྫུན་པ་ཡིན། བལྟས་པས་རིག་པའི་དོན་མི་རྟོགས། ཆོས་སྐུ་འགག་མེད་ལ་བལྟས་དང་མ་བལྟས་ཀྱི་ཁྱད་པར་མེད། བྱས་པའི་ཆོས་ཀྱིས་མ་རིག་འཁྲུལ་གཞིའི་རྩད་མི་ཆོད། དེ་ཆོད་ན་བྱར་མེད་ཀ་དག་གི་ཡེ་ཤེས་རྫུན་པར་འགྱུར་བ་ཡིན། དགེ་བས་སངས་རྒྱས་ཀྱི་དོན་མི་རྟོགས། དེ་རྟོགས་ན་རྫོགས་ཆེན་དགེ་སྡིག་ལས་འདས་པའི་དོན་མི་བདེན་པར་འགྱུར་བ་ཡིན། དེ་བཞིན་དུ་སྡིག་པས་འཁོར་བར་མི་ལྟུང་། དེ་ལྟུང་ན་ཟག་མེད་རང་ངོ་ཤེས་པས་གྲོལ་བའི་སྐད་ཅིག་རྣམ་གསུམ་ཡང་རྫུན་པར་འགྱུར་བའི་ཕྱིར། སྟོང་པས་ཡང་དག་གི་དོན་མི་མཐོང་། དེ་མཐོང་ན་ཡེ་ཤེས་འོད་གསལ་ལྷུན་གྲུབ་མི་བདེན་པར་འགྱུར་རོ། །དེ་ལྟར་དུ་མཚན་མས་རང་རིག་གི་དོན་མི་མཐོང་། དེ་མཐོང་ན་རང་གསལ་ཆོས་ཉིད་མི་དགོས་པར་འགྱུར་བ་ཡིན། བྱས་པས་ལྷུན་རྫོགས་ཀྱི་དོན་མི་རྙེད། དེ་རྙེད་ན་ངོ་བོ་འགྱུར་མེད་མིན་རྟགས་ཡིན། གཟུང་བས་སྣང་བ་མཐོང་བ་ཡིན་ན་རང་བཞིན་འགག་མེད་མི་བདེན་པ་ཡིན། སྤྱད་པས་ཕ་རོལ་ཏུ་སྒྲོལ་བ་ཞིག་ཡིན་ན་ཐུགས་རྗེ་ཀུན་ཁྱབ་རྫུན་པར་འགྱུར་རོ་ཞེས་བྱ་བཙལ་མཚན་མའི་ཆོས་ལས་ལ་བཟླ་བ་བསྟན་ཏེ། ཤན་འབྱེད་དོན་གྱི་ལ་བཟླ་དང་མི་འགྱུར་བ་ངོ་བོའི་ལ་བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་སྟོང་། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང་། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །ཞེས་དེ་ལྟར་ངོ་མཚར་པའི་ཚིག་གིས་སྣ་དྲངས་ཏེ། གང་ངོ་མཚར་པའི་དོན་རང་བྱུང་ཡེ་ཤེས་ཡེ་ནས་མ་སྐྱེས་པའི་དཀྱིལ་འཁོར་རྣམ་པར་དག་པ་ལ། རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ་བ་དེ་གསལ་བ་རང་བྱུང་ཡེ་ཤེས་ཀྱི་དོན་ཡིན། ཡིད་དྲུག་འཛིན་པ་མ་དག་པར་ཡུལ་རྐྱེན་གང་དག་ཏུ་འཛིན་པའི་གནས་སྐབས་སུ་འཛིན་བྱ་འཛིན་བྱེད་ཀྱི་འཛིན་པ་ཉིད་ཀྱིས་སྟོང་པར་གྱུར་པ་གང་ཡིན་པ། ཕྱོགས་སུ་འཛིན་པ་མེད་ན་ཟུག་ངུ་མེད་པས་བདེ་བ་སྟེ། ངར་འཛིན་གྱི་ཡུལ་ལས་ཐར། བདག་འཛིན་གྱི་ཆོས་ཀྱིས་སྟོང་། རྟག་པར་འཛིན་པའི་ཡུལ་ལས་གྲོལ་ནས། གཟུང་བ་ཕྱོགས་ཆད་མ་ཡིན་པའི་མཚན་མེད་ལྟོས་ཆོས་དང་བྲལ་བའི་ཡེ་ཤེས། ཕྱོགས་མེད་རྒྱ་ཡན་ཆེན་པོ་རོལ་བའི་རྒྱན་ཉིད་དུ་མཐོང་སྟེ། ལྟོས་པ་ལམ་གྱི་ཆོས་ལས་ནམ་མཁའ་ལྟ་བུར་དག་པར་གྲོལ་བ་བསྟན་པའོ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚིག་ལས་འདས། །ཞེས་པ་དང་། མི་འགྱུར་པ་ངོ་བོའི་ལ་བཟླ་རིག་པའི་དོན་རྟོགས་པ་ཡེ་ཤེས་ཀྱི་དོན་དང་མཇལ་བ་ཡིན། མཇལ་ཞེས་ཀྱང་མཐོང་ལུགས་ཀྱི་དཔེ་འདིའོ་ཞེས་པའི་མཚོན་བྱེད་ཅིག་ལོགས་སུ་མེད་པས་དཔེ་མེད་རང་བྱུང་གི་ཡེ་ཤེས་ཡིན་པར་བསྟན་པ་དང་། དེ་ཉིད་གང་གིས་ཀྱང་མ་གོས་གང་གིའང་ཕྱོགས་སུ་ལྷུང་བ་མེད་པས་ན་ཕྱོགས་མེད་ཕྱོགས་དང་བྲལ་བ་དང་། འདས་དང་མ་འདས་ཞེས་པ་དེ་ཡང་ཚིག་གི་ལམ་ཞིག་སྟེ། ལམ་གྱིས་ཆགས་ཤིང་འཛིན་པ་དང་བཅས་པས་ན་བཅོས་སུ་མེད་པ་ནི་ཆགས་མེད་ཡེ་ཤེས་ཡིན། འོན་ཀྱང་དེ་ཉིད་ཆགས་དང་མ་ཆགས་ཀྱི་མཐའ་ལས་འདས་པ་ཙམ་གྱིས་མ་ཚད་པར། མཐའ་ལས་འདས་མ་འདས་ཀྱི་ཚིག་ལས་ཀྱང་འདས་པའི་འགྱུར་བ་མེད་པ་ཡིན་ཕྱིར་འགྱུར་མེད་དོན་གྱི་ངོ་བོར་བསྟན་པའོ། །རྒྱུད་ཀྱི་ལུང་འདི་དག་ཧང་ཧང་གིས་ལྟ་ཙམ་བྱས་ན་གོ་བ་ལྟ་བུ་ཡིན་ཡང་། ངོ་མས་ཞིབ་ཀྱིས་ཡང་མཇལ་བྱས་ན་རྡོ་རྗེའི་ཚིག་གི་སྒྲོམ་ལྕི་བ་དང་། དོན་ཟབ་པར་ཡིན་པས་ནམ་མཁའ་འདོམ་གྱིས་གཞལ་བ་བཞིན་དུ་འུ་ཚོ་སོ་སྐྱེ་བྱིས་པའི་བློས་གཏིང་དཔོག་པ་མ་རེད། ཡང་འགའ་རེ་གདུལ་བྱའི་བློ་དང་འཚམས་པའི་ཞལ་སལ་དུ་གསུངས་པ། ལུང་དང་འགྲེལ་བ་གཉིས་ཀའི་གོ་ཆོད་མཛད་པ་ཡང་ཀུན་མཁྱེན་ཆེན་པོའི་གསུང་དུ་ཡང་མང་པོ་འབྱུང་བ་ཡིན། འདིའི་ལུང་འདི་དག་ཀྱང་ཕར་བལྟས་ན་ལུང་གི་དོན་མ་བཀྲལ་བ་ལྟ་བུ་ཞིག་སྣང་ཡང་། མཚམས་སྦྱོར་གྱི་ཚིག་འདི་དག་གིས་རྒྱུད་དོན་ལྟ་དགོངས་ཀྱིས་ཕྱེས་ཡོད་པར་སེམས། དེ་ཇི་ལྟར་ཞེ་ན། དགོངས་པ་ཀློང་གསལ་མཁའ་ཁྱབ་ཏུ་ལ་བཟླས་ནས་ཞེས་པ་དང་། བྱ་བཙལ་མཚན་མའི་ཆོས་ལས་ལ་བཟླ་བར་ཞེས་པ་དང་། ཤན་འབྱེད་དོན་གྱི་ལ་བཟླ་དང་མི་འགྱུར་ངོ་བོའི་ལ་བཟླ་ནི་ཞེས་པ་དང་། འབྱུང་མ་རག་པའི་བརྡ་ཆེན་དབྱིངས་ཀྱི་ལ་བཟླ་ཞེས་པ་ལ་སོགས་པ་འདི་དག་ཚིག་འགྲེལ་དོན་ཐོག་ཏུ་ཞོག་ཙམ་མི་ཞོག་ཙམ་གྱི་དུམ་པ་ཁ་ཤས་འབྲི་བ་ལས། འདིའི་ཚིག་རྡོག་མ་ཁ་ཤས་བོའི་ཚིག་སྒམ་ཞིང་དོན་བརླིང་བ། བཀྲལ་ན་ཡིག་འབྲུ་རེ་རེའི་ནང་དོན་ཡང་པོ་ཏི་ཁ་ཤས་སུ་བྱེད་ཆོག་པ་དེ་འདྲ་ཞིག་རེད། གཏེར་ཡིག་བྲག་ནང་ནས་བླངས་པ་དེ་བརྡ་ཁྲོལ་བའི་གང་ཟག་གིས་བལྟས་ན་མང་དུ་བཀྲོལ་རྒྱུ་ཡོད་པ་ལོས་ཡིན་ཡང་། མི་འགྱུར་གསང་བའི་བརྡ་རིས་ཀུན་ཏུ་བཟང་པོའི་དགོངས་ཀློང་ན་བཞུགས་པའི་ཡེ་ཤེས་དེ་ཉིད། རྡོ་རྗེ་འཆང་དང་གཉིས་མེད་དུ་རང་གསལ་བ་དེ་རྡོ་རྗེ་སེམས་དཔའི་ཚུལ་གྱིས། དགའ་རབ་རྡོ་རྗེ་ལ་རྒྱལ་ཐབས་སྤྱི་བླུགས་སུ་བྱས་པ་དང་། དེས་ཤྲཱི་སེང་ཧ་སོགས་ལ་བརྡ་ཡིས་རྟོགས་ཐབས་མཛད་པ་དེ་དག་ཀློང་ཆེན་པས་ཁོང་ཉིད་ཀྱི་འདྲ་འབག་ཏུ་དགོངས་བརྡ་སྙན་གསུམ་ཚང་པར་བྱས་ཏེ་འདི་ལྟར་བཞག་མཛད་འདུག་བསམ་པའི་ངེས་ཤེས་ཞིབ་ཀྱིས་འཇུག་ན་བླ་ལྷག་ཏུ་སྐྱེ་བ་ཡིན། དེ་སྐྱེས་དུས་ཀུན་མཁྱེན་བླ་མས། རང་ཉིད་ལ་རིགས་ཀྱི་བུ་ཁྱོད་ཀྱིས་ངའི་བསྟན་པའི་གདུང་འཚོབ་བོ། །བསྟན་ལ་བྱ་བ་བྱས་སོ་སོགས་ཀྱི་དབུགས་དབྱུང་མཛད་པ་ཡིན་པར་བསམ་ཡང་ཆོག་གོ་སྙམ་མོ། །བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། ཐལ་འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མི་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱིས་ངན་སོང་གསུམ་དུ་འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་བོ། །བལྟས་པས་ཁམས་གསུམ་འཁོར་བ་ལས་། །བསྒོམས་པས་ཉོན་མོངས་ལས་ཀུན་སོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང་། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་དཀྱིལ་འཁོར་ནས། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོང་པས། །མྱ་ངན་འདས་པ་ཕྱགས་མས་བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང་། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོངས་ཕྱེ་མུན་པས་གཏིབས། །རྣོ་བའི་ངར་བཏབ་གཅིག་མ་ཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང་། །སྣ་ཚོགས་འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཀུན་མཁྱེན་ཆེན་པོས་རྡོ་རྗེའི་ཚིག་གི་བརྡ་འགྲོལ་མཛད་པ་འུ་ཅག་གིས་ཀྱང་དེའི་གོ་བ་ལེན་པའི་ཉམས་བསྟན་དགོས་པས། སྲོག་མ་བཅད་ན་སངས་མི་རྒྱ་ཞེས་པ་ནི་འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་ཞེས་པ་ཡིན་ཞིང་། དེ་ཡང་འཁོར་བ་ཞེས་པ་གཞི་ཆོས་ཉིད་རིག་པའི་དབྱིངས་ལས་གཞི་སྣང་དུ་ཤར་ཚེ། རང་ངོ་མ་ཤེས་པར་གཉིས་འཛིན་གྱིས་གཟུང་འཛིན་རྒྱང་ཆད་དུ་གཟུང་ནས་འཁྲུལ་བ་ཡིན་པས་ན། འཁོར་བའི་སྲོག་གཟུང་འཛིན་གཉིས་པོ་དེ་མ་བཅད་ན་སངས་མི་རྒྱ་བས། གཟུང་འཛིན་ཡེ་སྟོང་རྩ་བྲལ་ཆེན་པོར་ལ་བཟླ་པས་བཅད་དོ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །ཞེས་པ་ནི་ཤེས་པ་སྣང་བ་ལ་ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ །སྐར་ཁུང་བརྒྱབ་སྟེ་མ་བཀག་ན་མུན་པ་མི་སངས་གསུངས་པ་ནི་ཕྱིན་ཅི་ལོག་གསུང་བ་ལྟ་བུ་ཞིག་སྟེ། སྐར་ཁུང་ཕྱེས་ན་མུན་པ་སངས་པ་ལས་སྐར་ཁུང་བརྒྱབ་ན་མུན་པ་ཅིའི་ཕྱིར་སངས་ལྟ་བུ་ཞིག་ཡིན་མོད་ཀྱང་། སྤྱིར་ན་ཡེ་གྲོལ་རྫོགས་ཆེན་གྱི་ལྟ་བ་དང་སོ་སྐྱེ་བྱིས་པའི་སྣང་ཚུལ་གཉིས་ཀ་རྒྱབ་སྤྲོད་ཡིན་པས། འདི་ནས་གཙོ་བོར་གསུངས་པ་ནི། ཡེ་གྲོལ་བྱ་བཙལ་ལས་འདས་པའི་ལྟ་སྒོམ་ནམ་མཁའ་ལྟ་བུ་དེ་གཏན་ལ་འབེབས་སྐབས་དང་། དེ་ཡང་བརྡ་ཆེན་དབྱིངས་ཀྱི་ལ་བཟླ་བའི་བརྡ་ཐབས་ཀྱི་མན་ངག་བསྟན་པའི་སྐབས་འདིར། ཤེས་པ་ལ་སྣང་བ་གདོང་གཏད་ཀྱིས་ཡུལ་ཕྱི་རོལ། སེམས་ཚུར་རོལ་སྤྲོས་པས་སྤྲོས་པ་སྒྲུབ་པའི་ལྟ་བ་འཛིན་ཞེན་ཅན་གྱི་སྐར་ཁུང་དེ་མི་གཡོ་ཅོག་བཞག་རང་བབས་ཀྱི་བསམ་གཏན་དག་པ་མཁའ་བཞིན་ཡངས་པ། ཉི་བཞིན་གསལ་བ། རི་ལྟར་བརླིང་པ་དེས་མ་བཀག་ན་འཁོར་བའི་མུན་པ་ལོ་བརྒྱ་ཡི་མི་ཚད་བསྐལ་པ་སྟོང་དུ་བསྒུགས་ཀྱང་མི་སངས། དེ་སྔོན་མ་སངས་པ་བཞིན་དུ་ད་རུང་ཡང་མི་སངས། རང་བྱུང་གི་ཡེ་ཤེས་རང་ལ་ཡེ་ནས་གནས་པ་ཡེ་གྲོལ་རྩོལ་མེད་སྤྲོས་པ་ཀུན་བྲལ་གྱི་ངང་ལ་མ་ཡེངས་པར་འཛིན་ཞེན་ཉམས་ཀྱི་ཤུན་པ་དང་བྲལ་པའི་རིག་པ་རྗེན་པ། རྟོག་པ་སོ་མའི་ངང་ལ་ཞོག་དང་ལོ་སྟོང་གི་མུན་པ་སྒྲོན་མེས་སྐད་ཅིག་གཅིག་གིས་གསལ་བ་ཡིན་ནོ། །ཡང་དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་གཤིན་རྗེ་ཆོས་རྒྱལ་ཡིན། ཆོས་ཀྱིས་ངན་སོང་དུ་ཁྲིད། སྡིག་པ་སྤྱད་ན་དགེ་བ་ཐོབ་ཅེས་གསུངས་པ་ནི། དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ཐར་བ་འཚོལ་བ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་སངས་རྒྱས་པ་དེ་ཇི་ལྟར་བྱུང་བ་ཡིན་ན། ལམ་ལ་རིམ་གྱིས་བསླབས་ཏེ་ཚོགས་གཉིས་བསགས་སྒྲིབ་གཉིས་སྦྱངས་པ་ལས་བྱུང་བ་ཡིན་དགོས་ལ། དེ་ཡང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་དད་པ་དང་བཅས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་འཚོལ་ཏེ་རང་གཞན་འཁོར་བའི་མཚོ་ལས་སྒྲོལ་བའི་སེམས་བསྐྱེད་དེ། སྤྲོས་ཀུན་ཉེ་བར་ཞི་བའི་ལམ་བཟང་ལ་ཞུགས་པ་ཡིན་པས་ན། དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དང་། དེའི་ནང་ནས་ཀྱང་ངན་སོང་དང་། ཁྱད་པར་དུ་དམྱལ་བའི་ཚ་གྲང་གི་སྡུག་བསྔལ་ལ་སྐྲག་སྟེ། དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ངེས་འབྱུང་གིས་བསྐུལ་ཏེ་ཐར་བ་འཚོལ་བ་སྟེ། ལྟ་དགོངས་མཐོན་པོ་ནམ་མཁའ་དང་མཉམ་པའི་སྔོན་དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །རྫོགས་པ་ཆེན་པོའི་སྐབས་སུ་སེམས་དང་ཡེ་ཤེས་ཀྱི་ཤན་འབྱེད་ཀྱིས་འཁྲུལ་དང་མ་འཁྲུལ་གྱི་ཤན་འབྱེད་པ་ཡིན་པས། སེམས་དང་སེམས་ལས་བྱུང་པ་ཐམས་ཅད་མཚོ་དང་རླབས་བཞིན་དུ་རིག་པ་ཡེ་ཤེས་ཀྱི་རྩལ་དུ་མ་གྱུར་པ་མེད་ཀྱང་། རྩལ་གཟུང་འཛིན་གྱི་ཞེན་པ་ཨ་འཐས་ན་འཁོར་བའི་སྡུག་བསྔལ་བསྐྱེད་བ་ཡིན་པས་ན། སྤང་བླང་བྱ་རྩོལ་གྱི་ཆོས་སེམས་ལམ་བྱེད་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པ་ཡིན་པས་ན་བར་དུ་ལམ་ལ་སློབ་པའི་གནས་སྐབས་ན་གཉེན་པོ་རང་སར་གྲོལ་བ་གཅེས་ཏེ་ཟས་མ་ཞི་བའི་དུག་ནད་སྨན་གྱིས་གསོ་ཡང་སྨན་མ་ཞི་པའི་འཁྲུ་ནད་སྨན་གྱིས་ཀྱང་སྦྱོང་ཐབས་མེད་པ་ལྟར་ཡིན་པས་སོ། །རྩལ་ལས་རོལ་བར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་ཡི་རང་རྩལ་དང་། ཉོན་མོངས་པ་དེ་སྡིག་པའམ་ངོ་བོ་ཉིད་ཀྱི་མི་དགེ་བ་ཡིན། ཉོན་མོངས་ཀྱིས་ལས་བསགས་སྡིག་པ་མི་དགེ་བའི་ལས་ཀྱིས་འཁོར་བ་ངན་སོང་གི་རྒྱུ་བྱེད་པ་ཡིན་ཡང་། རང་གྲོལ་རྗེན་པར་རྟོགས་པས་ལྕགས་ལ་གསེར་འགྱུར་གྱི་རྩི་ཡིས་ཐེབས་པ་ཇི་བཞིན་དུ་ཐམས་ཅད་ཆོས་ཉིད་དུ་དག་པའམ་ནམ་མཁའ་ལྟ་བུར་དག་སོང་དུས། ཡེ་གྲོལ་བྱ་རྩོལ་དང་བྲལ་བ་གནས་ལུགས་དོན་གྱི་དགེ་བ་ཡིན་པས་མཐར་ཐུག་རྒྱུ་འབྲས་ལ་ཟློས་ཏེ་ཆོས་ཉིད་གཅིག་ཏུ་དག་པར་ཐག་ཆོད་པའོ། །གཉིས་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང་། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང་། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང་། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །ཐལ་འགྱུར་གྱི་ལུང་། འབྲས་བུས་འཁོར་བའི་རྒྱུ་ཉིད་དོ། །ཞེས་པ་མན་ཆོད་ཀྱིས་བདེ་ཆེན་དབྱིངས་ཀྱི་ལ་བཟླ་བསྟན་པ་དང་། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །ཅེས་པ་མན་ཆད་ཀྱིས་རང་བྱུང་དོན་གྱི་ལ་བཟླ་བསྟན་པ་ཡིན། རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང་། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་པར་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་༼བཅས་པ་ཡིན་ནམ༽སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །ཅེས་པ་བཞིན་ནོ། །འདི་ནས། གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ལ་སོགས་པའི་དོན་བཀྲལ་བ་སྟེ། སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་བ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་མེད་པས་ཕྱགས་མས་བཏབ་པའོ། །ཁམས་གསུམ་འཁོར་བའི་གཞི་སྟོང་པས་མྱང་འདས་ཀྱང་ཕྱགས་མས་བཏབ་པ། གཙུབ་ཤིང་གཙུབས་པའི་མེ་ཉིད་ཀྱང་རང་ཞིར་སོང་བ་བཞིན་དུ་སྤང་གཉེན་ཡེ་གྲོལ་དུ་སོང་བར་བསྟན་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བས་སྤང་གཉེན་དུ་འཛིན་པ་དྲུངས་ཐོན་པའམ་དྲུངས་ནས་ཕྱུང་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པའོ། །རྣོ་བའི་ངར་བཏབ་གཅིག་མ་ཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང་། །ཞེས་པ་བཞིན་དུ། ཀུན་རྟོག་རྣོ་ངར་ཅན་གྱི་མཚོན་ཆ་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མ་ཆོད་པར་རྟོག་པ་ཕྱིར་མཆེད་ལ། དེ་བཞིན་དུ་ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང་། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་ཉག་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། ཡོད་མེད་མཐའ་ཡི་རྟོག་མཐའ་བསལ་བ། སེམས་ཡུལ་སྣང་ལ་ཕྱིར་མི་སྤྲོ་ནང་དུ་མི་བསྡུ་བར་ཐམས་ཅད་ཞོག་ལ་རྟོག་མཐའ་བསལ་བར་བྱས་ནས། དོན་མ་བཅོས་རང་གསལ་དུ་ནང་དུ་རང་བྱུང་གི་རིག་པ་སྟོང་གསལ་སྐྱེ་འགག་དང་བྲལ་བར་ལྟོས་དང་དེ་ཉིད་བྱ་རྩོལ་མེད་པར་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྡོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ་བཞིན་ནོ། །དེ་ཡིས་གོང་ནས་ཀུན་བྱེད་རྒྱལ་པོའི་ལུང་ཞིག་གི་འཕྲོར་སྐབས་འདིར་ལ་བཟླ་བའི་ཆིངས་དང་འགག་བསྡམ་པའི་གནད་འགག་གཉིས་བརྩི་སྟེ་ཞེས་ས་བཅད་གཉིས་བཞག་པའི་དང་པོ་ལ་བཟླ་བའི་ཆིངས་སོང་ནས།

༼ཁ གཉིས་པ་འགག་བསྡམ་པའི་གནད་འགག

འགག་བསྡམ་པའི་གནད་འགག་ནི།

ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ།།

རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ།།

ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ།།

ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ།།

ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ།།

ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ།།

བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ།།

རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ།།

ཞེས་གསུངས་ཏེ། ཤོ་ལོ་ཀ་གཉིས་འདིས་ཡོད་མེད་རྟག་ཆད། ཡང་དག་ཡིན་མིན། ལས་ཉོན་བག་ཆགས་རྣམ་སྨིན་དང་བཅས་པར་གྲོལ་བ་བསྟན་པ་སྟེ། ཅི་ཞིག་གི་འགག་བསྡམས་པ་ཡིན་ཅེ་ན། ཡེ་གྲོལ་བྱ་བཙལ་ལས་འདས་པ་དེ་སྐབས་འདིའི་བསྟན་དོན་གྱི་སྙིང་པོ་ཡིན་པས་དེའི་དོན་ནི་བོར་མི་རུང་བའི་གནད་འགག་སྟེ། རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་གྲོལ་བ་དེ་ཡང་ཀུན་ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་གྲོལ་བའི་འཐད་པ་ཡིན་ཏེ། གཞན་དུ་ཐམས་ཅད་ཡོད་མ་མྱོང་པའི་ཆོས་ཉིད་གཅིག་གིས་ཁྱབ་མེད་ན་གྲོལ་བའི་ངེས་པ་མེད་དེ། དཔེར་ན་རང་གིས་རང་ཉིད་རྡབ་མ་འཆོར་བའམ་རྡབ་གདུང་རེད་མ་ཤོར་ན། སྒྱུ་མའི་དམག་གིས་གཡང་སར་བསྐྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྲིད་དེ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། སྒྱུ་མའི་དམག་ཡིན་པར་མ་ཤེས་པས་སྔངས་ཏེ་བྲོས་པས་གཡང་ས་མཐོན་པོའི་བྲག་རོང་དུ་འཆོར་བ་ལ། སྒྱུ་མའི་དམག་གི་མཚན་ཉིད་ཤེས་པ་དག་མ་བྲོས་པར་བདེ་བདལ་དུ་ཕྱིན་པས་ཉེ་ཞོའམ་ཉེར་འཚེ་མེད་པ་ལྟ་བུའོ། །ཞེས་དཔེའི་གཏམ་རྒྱུད་དང་སྦྱར་ཏེ་གཅིག་རྟོགས་པས་ཀུན་གྲོལ་བའི་སྤྱི་ཆིངས་བསྟན་པའོ། །དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང་། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང་། ཆད་པ་མེད་པའི་རང་བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང་། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང་། ཡོད་མེད་ཡེ་ནས་གྲོལ་བ་གཉིས་ཀ་རྨི་ལམ་ནང་གི་སྣང་སྟོང་དང་ཁྱད་མེད་པས། ཡོད་མེད་གཉིས་ཀ་ཡོད་མེད་ཀྱི་མཐའ་ལས་འདས་པར་གྲོལ་བ་དང་། རྟག་ཆད་ཡེ་ནས་གྲོལ་བ་རྟག་པ་རྒྱུན་དང་ཆད་པ་ཆ་མེད་དུ་འཛིན་པ་གཉིས་ཀ་རྒྱུན་དང་སྐད་ཅིག་མའི་གཞི་འཛིན་ས་ཙམ་ཡང་མ་དམིགས་པས་གཞི་རྩ་མེད་པར་གྲོལ་བ་དང་། ཡང་དག་ཡེ་ནས་གྲོལ་བ་ཡང་དག་ཡིན་བསམས་ནས་ཐར་ལམ་འཚོལ་བའི་དགེ་བ་སྒྲུབ་པ་ཡང་གང་དུ་དམིགས་བྱ་དམིགས་བྱེད་ཀྱི་ཆོས་སུ་མ་གྲུབ་པས་ན་དམིགས་བསམ་འདས་པར་གྲོལ་བའོ། །དེ་བཞིན་དུ་ཡང་དག་པ་མ་ཡིན་པ་འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་ལ་མ་གྲུབ་པ་ཉིད་ཀྱིས་ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ་བ་དང་། ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པ་དང་། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། རིག་པ་གཅིག་གི་ངོ་བོ་རྟོགས་ཚེ་ཀུན་གྲོལ་བ་ཡིན་པ་ནི་གོང་ནས་གསུངས་པ་ལྟར་ཡིན་ཞིང་། ལས་རྣམས་ཡེ་གྲོལ་ལས་དོན་ལ་མེད་པས་གོས་པ་མེད་པར་གྲོལ་བ་དང་། ཉོན་མོངས་ཡེ་གྲོལ་བཅིང་བྱ་དང་འཆིང་བྱེད་དུ་མ་དམིགས་པས་འཆིང་གྲོལ་མེད་པར་གྲོལ་བ་དང་། བག་ཆགས་ཡེ་གྲོལ་དོན་ལ་མེད་པ་སྨིག་རྒྱུའི་ཆུ་བཞིན་དུ་རྟེན་གཞི་མེད་པར་གྲོལ་བ་དང་། དེ་ལྟར་ལས་དང་ཉོན་མོངས་བག་ཆགས་དང་བཅས་པ་མེད་པས་རྣམ་སྨིན་ཞིག་གང་ན་ཡོད་དེ་མེད་པས། རྣམ་སྨིན་ཡེ་གྲོལ་ནམ་མཁའི་པདྨོ་བཞིན་དུ་མྱོང་གཞི་མེད་པར་གྲོལ་བའོ། །ལས་ཉོན་བག་ཆགས་རྣམ་སྨིན་དང་བཅས་པ་དེ་དག་གལ་ཏེ་སེམས་ལ་ཡོད་ན་དང་པོ་བྱུང་བ་དང་། བར་དུ་གནས་པ་དང་། མཐར་འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་གཅིག་ཀྱང་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང་། བརྟེན་པ་རྣམ་སྨིན་མི་རྙེད་དེ། ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང་། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་སོ། །ལས་དང་ཉོན་མོངས་བག་ཆགས་རྣམ་སྨིན་ཐམས་ཅད་རྟེན་ས་སེམས་ལ་བརྟེན་ཡོད་དགོས་པ་ཡིན་པས། སེམས་ཀྱི་བྱུང་གནས་འགྲོ་གསུམ་ལ་བརྟགས་ཡོང་ན། རྫོགས་པ་ཆེན་པོའི་དངོས་གཞིའི་ཁྲིད་ཀྱི་ཐུན་མིན་ཁྱད་པར་ཅན་གྱི་སྔོན་འགྲོའི་སྐབས་ནས་འབྱུང་པ་ལྟར་དུ། རང་སེམས་སྟོང་པ་གཞི་མེད་རྩ་བྲལ་ཆེན་པོ་བྱུང་གནས་འགྲོ་གསུམ་གྱིས་སྤྱིར་བརྟགས། གཅིག་དང་ཐ་དད་ཀྱིས་བྱེ་བྲག་ཏུ་བརྟགས་པར་བྱས་ཡོང་ན། དམིགས་སུ་མ་མཆིས་ཤིང་གཞི་མེད་སྟོང་པ་མཛུ་གུ་བཙུགས་ཡུལ་ཞིག་མེད་པར་གྲུབ་པ་ཡིན། འདི་དག་ནི་ལས་དང་པོ་པའི་ཉམས་ལེན་གྱི་སྐོར་ཞིག་རེད། དེ་དུས་ཤིག་ནས་དེ་དག་བལྟས་ཚར་བ་བསམ་དུ་ཡོད་པ་མ་ཡིན་ཏེ། ཡིན་སྙམ་རྗེས་འདེབས་དང་ཡིད་དཔྱོད་དུ་ལུས་ཏེ་སྟོང་སྒོམ་དུ་དེ་ལྟར་བྱས་ནས་ལོག་ཉེན་ཡོད་པ་ཡིན་པས། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་པ་ཡིན་པས། ཟང་ཐལ་རྗེན་པ་མ་རྟོགས་ན་འཁོར་འདས་ཀྱི་ཤན་ཐང་འབྱེད་པ་མིན་པས་བླ་མའི་མན་ངག་ལ་འདྲིས་པར་བྱས་ཏེ། བྱུང་གནས་འགྲོ་གསུམ་འདི་དག་དང་པོར་བྱུང་ས་བྱུང་མཁན་ལ་བརྟགས་པ་དང་། བར་དུ་གནས་ས་གནས་མཁན་ལ་བརྟགས་པ་དང་། ཐ་མར་འགྲོ་ས་འགྲོ་མཁན་ཐམས་ཅད་ལ་བརྟགས་ན། གཟུང་པ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་དུ་ཐག་ཆོད་པ་ཡིན། འཛིན་རྟོག་ནམ་མཁའ་ལྟ་བུར་རང་ཤུགས་ཀྱིས་རྟོགས་ན་འཛིན་པ་རྟེན་མེད་རྩ་བྲལ་དུ་རང་ཞིག་ཏུ་སོང་བ་ཡིན། དེ་བཞིན་དུ་གཅིག་ཐ་དད་སོགས་སུ་བརྟགས་ཏེ་མདོར་ན་ཕྱི་ནང་ཡུལ་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་དུ་སོང་ནས། ཆོས་ཟད་ཀྱི་དགོངས་པ་བློ་ཟད་དུ་ཤར་བ་ཞིག་ཡོང་དགོས་པ་ཡིནནོ། །དེ་རིང་། ལུས་དང་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་སོ་ཞེས་པའི་མཚམས་འདི་ནས་བཞག་སྟེ་སང་ཉིན་ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་བསྟན་ས་ནས་བཤད་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པར་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་བཅོ་བརྒྱད་པའི་ཆོས་ཁྲིད། next