Nitartha Digital Library
Tibetan
 
previousཉིན་བཅུ་དགུ་བའི་ཆོས་ཁྲིད། next

ཉིན་བཅུ་དགུ་བའི་ཆོས་ཁྲིད།

དམ་པའི་ཆོས་རྣམ་དག་ཅིག་ཞེ་སྙིང་གིས་བསྒྲུབ་པར་བྱ་སྙམ་པའི་གང་ཟག་ཅིག་ལ་མཚོན་ན། འཁོར་བ་ལ་སྐྱོ་སེམས་དང་ཐར་བ་ལ་ཐོབ་འདོད་ཀྱི་ངེས་འབྱུང་སྐྱེས་ཀྱང་། དེ་སྐྱེས་པ་ཙམ་གྱིས་མི་ཆོག་པར་ཐར་བའི་ལམ་སྣེ་དེ་ཟིན་དགོས་པ་ཡིན། འཁོར་བ་ལ་སྐྱོ་སེམས་ཡོད་པ་ཙམ་གྱིས་ཆོག་པ་མིན་པར་ཐར་བའི་ལམ་དེ་དངོས་སུ་ཐོབ་དགོས་པ་ལས། དེ་མ་ཐོབ་ན་ཕན་ཐོགས་དེ་འབྱུང་བ་མ་ཡིན་ཏེ། ད་སྔོན་ཡན་ཆོད་སྐྱེ་བ་ཐོག་མེད་ནས་ད་ལ་མ་ཐུག་གི་བར་དུ་འཁྲུལ་ཏེ་འཁོར་བར་འཁྱམ་པ་ནི་མ་འཁྲུལ་བའི་ལམ་ཞིག་མ་རྙེད་པར་ལམ་ལོག་ཁུར་བའི་དབང་གིས་ཡིན། ད་རེས་སྐྱེ་བ་ཚེ་འདིའི་ཐོག་ནས་དལ་རྟེན་སྟོང་ལོག་མི་ཁུར་པ་དང་། ཁྱད་པར་དུ་འགྲོ་དྲུག་སེམས་ཅན་གྱི་དོན་ལ་རླབས་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་ནས་གཞན་དོན་འགྲུབ་པར་བྱེད་པ་ལ་རང་དོན་སྤངས་རྟོགས་མཐར་ཕྱིན་དགོས་པ་ཡིན། དེ་མ་ཕྱིན་ན་རང་འཁོར་བའི་སྡུག་བསྔལ་གྱི་དུག་མཚོ་ལས་ཐར་མེད་པ་ཞིག་གིས། གཞན་ཕ་རོལ་པོ་དེ་ཐར་བའི་སྐམ་སར་བསྒྲལ་ཟེར་བ་ནི། བསམ་བཟང་སྨོན་པའི་རྗེས་འགྲོ་ཙམ་ཞིག་ལས་མ་འདས་པ་དེ་ཞེར་བླངས་ནས། བསམ་བློ་མུ་མཐུད་དེ་ནང་ལ་བསྐོར་ན། ད་རེས་སྟོན་པ་འཇིག་རྟེན་དུ་བྱོན་པ་དང་། བསྟན་པ་དམ་ཆོས་ད་རུང་མ་ནུབ་པར་བསྟན་ཞབས་སུ་སྐྱེས་ཡོད་ལ། རྒྱལ་བའི་བཀའ། རྗེས་འཇུག་གི་བསྟན་བཅོས། མདོ་རྒྱུད་མན་ངག་དང་བཅས་པའི་གསུང་རབ་པོ་ཏི་ཅི་དགོས་དགོས་བཞུགས་པ་རེད། དེ་ཡང་ཆོས་དཀོན་མཆོག་གི་རྟེན། རྩོད་ལྡན་གྱི་དུས་ཀྱི་ཐ་མ་ལ། ང་ཉིད་ཡི་གེའི་གཟུགས་སུ་བྱོན་གསུངས་པ་རེད། དཀོན་མཆོག་གསུམ་གྱི་ཚབ་ཀྱང་ཡོང་བ་ཡིན། དད་པས་མཆོད་པ་ཕུལ་ན་ཅི་འདྲའི་བསོད་ནམས་ཚད་མེད་པ་ཡོད་ལ། འོན་ཀྱང་གཙོ་ཆེར་སྟོན་པ་བཅོམ་ལྡན་འདས་ཀྱིས་ཁོང་ཉིད་ཡི་གེའི་གཟུགས་སུ་བྱོན་ནས་བླང་དོར་གྱི་གནས་སྟོན་པ་ཡིན་པར་གསུངས་ཤིང་། སྔོན་ཁོང་གིས་མཆོག་གི་སྤྲུལ་པའི་སྐུ་གཟུགས་སྐུའི་བཀོད་པས་འཇིག་རྟེན་ན་བཞུགས་ཡོད་དུས། ཆོས་ཟབ་ཞི་སྤྲོས་པ་དང་བྲལ་པའི་འོད་གསལ་འདུས་མ་བྱས་པ་བདུད་རྩི་ལྟ་བུ་དེ་བསྟན་ཏེ། ལས་ཅན་བརྩོན་འགྲུས་དང་ལྡན་པ་མང་པོ་ཞིག་གིས་གྲོལ་བ་ཐོབ་སོང་བར་གསུངས་པ་དང་། ང་ཉིད་ཡི་གེའི་གཟུགས་སུ་སྣང་། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་པ་དང་། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱིས། །ཐར་བ་རང་ལ་བརྩོན་པར་གྱིས། །གསུངས་པའི་ཚིག་དེ་ལྷང་ངེར་ཞེ་ལ་འཁོར་ཡོང་བར་འདུག གསུང་རབ་ལ་མཆོད་འབུལ་བྱས་ཀྱང་བསོད་ནམས་ཆེ་བ་སྨོས་མ་དགོས་ཀྱང་། གསུང་རབ་ཀྱི་ཞལ་མ་ཕྱེས་པར་བརྩིགས་བཞག་ནས་མཐའ་ཡི་མཐར་སོང་ན། སྔར་གྱི་ལོ་པཎ་རྒྱལ་བློན་བཀའ་དྲིན་ཅན་ཚོས་བོད་ཀྱི་སྐད་དུ་བསྒྱུར་ཞིང་། ཡང་མཚམས་དང་མཚམས་སུ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་བྱས་ཡོད་ཀྱང་། འདིའི་མུ་ལ་ཞལ་མ་ཕྱེས་ཏེ་ཡུན་རིང་འགོར་སོང་ན་ཉིན་གཅིག་བརྡ་མི་ཁྲོལ་ཞིང་། ཁ་འབག་མེད་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པ་དང་། ཚིག་འདོན་ཤེས་པ་ཙམ་དང་དོན་ཕྱོགས་ཀྱིས་གོ་བ་ཞིག་གིས་ཡོང་བ་མ་ཡིན་པར། བྱིན་རླབས་ཀྱི་བརྒྱུད་པ་དེ་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་ལ་སོགས་པ་ལ་བརྟེན་ཡོད་པ་ཞིག་ཡིན། ཐར་བའི་ཕན་ཡོན་ཤེས་པས་མི་ཆོག་པར་དེར་རང་ཉིད་ཐོན་དགོས་པ་ལས། མ་ཐོན་ན་མི་ཡུལ་ས་མཐའ་ཞིག་ན་ས་ཆ་སྐྱིད་པོ་ཞིག་ཡོད་པར་གླེང་བའི་རྒྱང་སྙན་གྱི་གཏམ་ཞིག་ལས་མ་འདས་པ་རེད། དེས་ན་ཐར་བའི་ལམ་དུ་འགྲོ་བ་ལ་ལམ་སྟོན་གྱི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་རྙེད་པར་བྱས་ཏེ། དེ་ལ་བསྟེན་པ་གལ་ཆེ་བས་བཤེས་གཉེན་བསྟེན་པའི་སྐོར་དེ་བློ་སྦྱོང་གི་རྗེས་ལ་མེད་མི་རུང་པ་ཞིག་ཡིན། སྤྱིར་བཤེས་གཉེན་ཟེར་བ་ཙམ་གྱིས་དགེ་བའི་བཤེས་གཉེན་ཡིན་པ་ཡང་མི་མཚོན་ལ། དེ་རིང་ཁ་རྩང་སྤྱིར་དུས་ཚོད་མཚར་པོ་རེད། དགེ་མིང་ཐོགས་ཚད་ཀྱི་རྒད་པོ་རྒད་མོ་ཡིག་ངོར་ལྟ་མྱོང་ཚད་ནས་བཟུང་སྟེ་དགེ་བའི་བཤེས་གཉེན་ཟེར་བའི་བརྡ་ཆད་ཅིག་སྦྱར་བར་འདུག དགེ་བའི་བཤེས་གཉེན་ཞེས་པ་དེ་ཚུར་ཚིག་སྡུད་བྱས་ན་དགེ་བཤེས་ཟེར་བ་རེད། དགེ་བཤེས་ལ་ལྷ་རམས་དང་རྡོ་རམས་ལ་སོགས་པའི་དབྱེ་བ་གྲྭ་ས་སོགས་ནས་ཡོད་པ་ཞིག་ཡིན་ལ། མཁས་མི་མཁས་ཀྱི་ཁྱད་པར་སྔར་ནས་ཡོད་པ་རེད། འོན་ཀྱང་མི་སྐྱ་ཕོ་མོ་ལ་དགེ་བཤེས་ཞེས་པ་དེ་ད་གཟོད་གོ་དུས། ལྷ་ས་པ་ཁོ་ཚོའི་ཁ་ལུགས་ལྟར་བྱས་ན་ཁེ་མཚར་འདྲ་ཞིག་རེད། དེ་ཅི་འཆད་བཞིན་ཡོད་ཟེར་ན། བཤེས་གཉེན་ཟེར་ཚད་དགེ་བའི་བཤེས་གཉེན་མ་རེད། མི་དགེའི་བཤེས་གཉེན་ཡང་ཡོད་པ་རེད། དེ་ཡོད་པ་དེའི་ཕྱིར་ན་བཤེས་གཉེན་བསྟེན་སྐབས་དང་པོར་བརྟག་པ་དེ་གནད་ཆེ་བར་གསུངས་པ་རེད། སློབ་མའི་རྒྱུད་ལ་ཡོན་ཏན་སྐྱེ་དང་སྐྱོན་འཕེལ། དེ་གཅར་ས་རྟེན་སའི་བཤེས་གཉེན་དེ་ལ་རག་ལས་པ་རེད། དེས་ན་བཤེས་གཉེན་བསྟེན་ནོར་རེད་མི་ཉན་མ་གཏོགས། དུག་ཅིག་འཐུང་ན་ཚེ་འདིའི་སྲོག་འཇོམས་ནས་འཆི་བར་བྱེད་པ་དང་། དགྲ་སྲོག་གཅོད་ཀྱི་གཤེད་མ་ཞིག་དང་ཐུག་ན་ཡང་ཚེ་རབས་གཏན་གྱི་འདུན་མ་རླག་ནུས་པ་མ་ཡིན། བཤེས་གཉེན་བསྟེན་པ་ལ་ནོར་བ་བྱུང་ནས་མི་དགེ་བའི་བཤེས་གཉེན་ཞིག་གིས་ལོག་ལམ་དུ་ཁྲིད་སོང་ན་ཚེ་རབས་གཏན་གྱི་ལེགས་པའི་འདུན་མ་བརླགས་པས་མི་ཚད། རང་དང་གཞན་གྱི་འཕྲལ་ཕུགས་ཀྱི་དོན་ཆེན་སྒྲུབ་པ་ཡང་བརླགས་པར་བྱས་པས། དགེ་བའི་བཤེས་གཉེན་མ་བསྟེན་གོང་དུ་དགེ་བའི་བཤེས་གཉེན་བཟང་པོའི་མཚན་ཉིད་ཚང་དང་མི་ཚང་དེ་བརྟག་པ་གནད་ཆེ་བ་ཡིན་ལ། བརྟག་ཐབས་ཀྱང་གཅིག་ན་དམ་པའི་གཞུང་དང་མཁས་པའི་ལེགས་བཤད་དཔང་པོར་བཞག་སྟེ། དེ་དག་ལས་གསུངས་པའི་བཤེས་གཉེན་ཞིག་གི་མཚན་ཉིད་ལྡན་དང་མི་ལྡན་དེ་བརྟག་པ་དང་། གཉིས་སུ་ཀུན་གྱིས་བཀུར་ཞིང་མཆོད་པའི་དམ་པས་ཀྱང་བསྔགས་པར་བརྗོད་པ་དང་། རང་བས་ལྷག་པ་ཀུན་གྱིས་ཀྱང་བཀུར་བ་ཞིག་ཡིན་ན་བློ་གཏད་ཕེར་ཆོག་པ་ཞིག་ཡིན་ན་ཡང་། ཕ་རོལ་པོ་དམ་པ་ཡིན་ཡང་རང་ཉིད་ལ་ལས་འབྲེལ་ཡོད་མེད་ཀྱིས་བྱིན་རླབས་འཇུག་དང་མི་འབྱུང་གི་ཁྱད་པར་ཡོད་ཕྱིར། རང་ཉིད་ཀྱིས་བརྟག་པ་དེ་གནད་ཀྱི་ཆེ་ཤོས་ཡིན་པ་རེད། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དེ་ཡང་ཐེག་པ་སོ་སོའི་དབང་དུ་བྱས་པའི་མཚན་ཉིད་ཀྱང་མང་པོ་ཞིག་གསུངས་ཡོད་ཅིང་། སྤྱིར་བཏང་པའི་ཐེག་ཆེན་དགེ་བའི་བཤེས་གཉེན་ཞིག་ལ་མཚོན་ན། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་དེ་ལྟ་བུའི་ཆོས་བཅུ་དང་ལྡན་པའི་དགེ་བའི་བཤེས་གཉེན་ཞིག་ལ་བསྟེན་དགོས་པར་གསུངས་ཤིང་། བཤེས་གཉེན་བསྟེན་པའི་དགོས་པ་ནི་སློབ་མའི་རྒྱུད་མ་དུལ་བར་ངན་རེངས་སུ་སོང་བ་དེ་བཏུལ་ནས། དུལ་བ་དང་བཟང་པོར་བཅོས་ནས་འཆོས་དགོས་པ་ཡིན་པས། རང་རྒྱུད་མ་དུལ་པ་ཞིག་གིས་གཞན་རྒྱུད་འདུལ་ཟེར་ན་ཡོང་རྒྱུ་མེད་པའི་བྱ་བ་ཞིག་རེད། དང་པོར་སློབ་དཔོན་གྱིས་ཁོང་ཉིད་ཀྱི་རྒྱུད་ཇི་ལྟར་བཏུལ་ནས་གང་ལྟར་དུལ་འདུག་པ་དང་། དུལ་བས་མི་ཚད་པར་ཞི་ཞིང་ཉེར་ཞི་ཇི་ལྟར་རེད་ཡོད་མེད་སོགས་བསླབ་པ་གསུམ་གྱི་ཐིག་ཚད་ཀྱིས་གཞལ་དགོས་པ་རེད། དུལ་བ་ཞེས་པ་དེ་ཚུལ་ཁྲིམས་ཀྱི་བསླབ་པས་དུལ་དགོས་པ་སྟེ། སོ་སོར་ཐར་བའི་མདོའི་ནང་ན། རྟག་ཏུ་འབད་པས་འདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱབ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་གསུངས་པ་ལྟར་དུ། རྟ་རྒོད་ཁ་ལོ་མ་ལོབས་པ་ལ་སྲབ་དཀོན་ནས་འདུལ་དགོས་པ་ལྟར་དུ། དབང་པོ་ཕྱིན་ཅི་ལོག་པའི་རྗེས་སུ་འབྲང་དགའ་ཅན་ནི་རྟ་རྒོད་ལྟ་བུ་ཞིག་ཡིན་པས། རྟ་དམུ་རྒོད་ཞོན་ན་བཞོན་མི་ཐུབ་ཁྲིད་ཀྱང་འཁྲིད་སར་མི་ཡོང་བ་ལ་ཅི་དགོས་པ་ཡིན་ན། རིམ་གྱིས་འབད་པས་ཁ་ལོ་བསླབ་ན་ཐུལ་ནས་བཀོལ་དུ་ཐུབ་པ་བཞིན་དུ། ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་བསྡམས་ན་སེམས་ཀྱི་རྟ་དེ་ཐུལ་པ་རེད། དེ་ཡང་ཐུལ་ཙམ་གྱིས་མི་ཆོག་པར་རྒྱུན་བརྟན་དགོས་པ་ཡིན། དེས་ན་ཞི་བ་དེ་ཇི་ལྟ་བུ་ཞིག་དགོས་ཤེ་ན། ལེགས་པར་སྤྱད་དམ་ཉེས་པར་སྤྱད་པའི་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ། དྲན་ཤེས་བཞིན་དང་རྒྱུན་དུ་མ་བྲལ་པའི་སེམས་ནང་དུ་ཞི་བར་གནས་པ་དེ་ཏིང་འཛིན་གྱི་བསླབ་པས་འགྲུབ་པ་རེད། ཉེར་ཞི་བ་གསུངས་པ་ནི། ཞི་བའི་ཐོག་ཏུ་ཉེ་བར་ཞི་བས་ཡང་ཞི་བ། སེམས་ལས་རུང་གི་ཏིང་འཛིན་བརྟན་ནས་ཞི་བར་གྱུར་པ་དེའི་ཐོག་ཏུ་ཡང་དག་པའི་དོན་ལ་མ་འདྲེས་སོ་སོར་དཔྱོད་པའི་ཤེས་རབ་ཡོད་དགོས་པ་ཡིན། དེ་ཤེས་རབ་ཀྱི་བསླབ་པས་འགྲུབ་པ་རེད། དེ་ལྟ་བུའི་བསླབ་གསུམ་གྱིས་རྒྱུད་དུལ་ཡོད་པ་ཙམ་ཞིག་གིས་མི་ཆོག་པར་རྟོགས་པའི་ཡོན་ཏན་དང་ལྡན་པས་མི་ཚད་ལུང་གི་ཡོན་ཏན་དང་ཡང་ལྡན་དགོས་པ་རེད། མང་དུ་ཐོས་པ་མཁས་པའི་ལུང་གི་ཡོན་ཏན་དང་མ་ལྡན་ན་ལུང་དོན་རྒྱུད་ལ་འབྱོར་བ་རྟོགས་པའི་ཡོན་ཏན་དང་ཡང་ལྡན་དཀའ་བ་རེད། དགེ་བའི་བཤེས་གཉེན་ཡང་མི་ཡིན་ལ། སློབ་མ་རང་ཉིད་ཀྱང་མི་ཡིན་པས་མ་མཐའ་ཡང་ཡོན་ཏན་རང་ལས་ལྷག་པ་ཞིག་བསྟེན་དགོས་པ་ཡིན། འདི་ནས་ཡོན་ཏན་ལྷག་པ་གསུངས་པ་དེ་མང་པོའི་ནང་ནས་ཁྱད་དུ་འཕགས་ཤིང་ལྷག་པ་ཞིག་ལ་གོ་དགོས། བརྩོན་བཅས་ལུང་གིས་ཕྱུག་ཅེས་པ་ནི་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་མཛད་པ་དེ་ཉིད་ལ་རྒྱུན་དུ་བརྩོན་པ་མི་འདོར་ཞིང་། མདོ་སྔགས་བཀའ་དང་བསྟན་བཅོས་ལ་མི་རྨོངས་པའི་ལུང་གིས་ཕྱུག་པ། དེ་ཡང་ཉམས་ལེན་མེད་པའི་ཁ་བཤད་དུ་མ་སོང་བར་བདག་མེད་མངོན་སུམ་དུ་རྟོགས་པའམ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མངོན་དུ་གྱུར་པ་དེ་ལྟ་བུ་ཞིག་དགོས་པ་ཡིན། དེ་ཡན་གྱི་ཆོས་དྲུག་གམ་བདུན་པོ་དེ་རང་གིས་ཐོབ་པའི་ཡོན་ཏན་ཡིན་ལ། འདིའི་འཕྲོས་ཀྱི་བཞིའམ་གསུམ་པོ་དེ་གཞན་རྗེས་སུ་འཛིན་པའི་ཡོན་ཏན་རེད། སྨྲ་མཁས་ལྡན་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས། མྱ་ངན་མ་བྱེད་ཀུན་དགའ་བོ་ང་ཉིད་དུས་ཀྱི་ཐ་མར་དགེ་བའི་བཤེས་ཀྱི་གཟུགས་སུ་སྤྲུལ་ནས་ཁྱོད་ལ་སོགས་པའི་དོན་བྱེད་པ་ཡིན་གསུངས་པ་དེ། ཁོང་གིས་དེ་དུས་ཡང་ཐར་བའི་ཐབས་ཆོས་གསུངས་ནས་བསྟན་པ་ཡིན་ཞེས་པའི་དོན་ཡིན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་ཉོན་མོངས་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་གྱི། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར་ཡིན་པས། དགེ་བའི་བཤེས་གཉེན་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ངེས་པ་དང་། གལ་ཏེ་མིན་ཀྱང་སངས་རྒྱས་ཀྱི་རྗེས་སུ་ཞུགས་པ་ཞིག་ཡིན་ཤག་ཤག་ཡིན་པས། སྟོན་པས་གནང་པའི་ན་བཟའ་གོན་ཡོད་ཚད་ཀྱིས་སྟོན་པའི་མཛད་པ་བསྒྲུབ་དགོས་པ་ཡིན། མཛད་པའི་སྙིང་པོ་ཆོས་བསྟན་པ་ལ་འདུས་ཡོད་པས། ཆོས་བཤད་པ་ལ་ཕ་རོལ་པོ་ལ་གོ་བརྡ་ཇི་མ་ཇི་བཞིན་དུ་འཕྲོད་དགོས་པ་ཡིན་ཕྱིར། རང་གིས་མ་གོ་ན་གཞན་ལ་གོ་རྒྱུ་ཅི་ཞིག་བཤད་ཡོང་། དེས་ན་ཚིག་དང་དོན་ལ་མཁས་པའི་སྨྲ་མཁས་རང་ཤུགས་ཀྱིས་ལྡན་པ་ཞིག་ངེས་པར་དགོས་པ་དང་། བརྩེ་བའི་བདག་ཉིད་རྙེད་དང་གྲགས་ཕྱིར་སོགས་མ་ཡིན་པར་སྙིང་རྗེའི་ཀུན་ནས་བསླངས་ཏེ་ཆོས་བསྟན་པ། དེའི་ཐོག་ཏུ་བརྩོན་བཅས་ཞེས་གཞན་དོན་ལ་སྤྲོ་བ་བརྟན་པའི་བརྩོན་འགྲུས་ཏེ། གཞན་རྗེས་སུ་འཛིན་པའི་སྐབས་ཀྱང་གལ་ཆེན་ཡིན་པས་འདི་འདི་ན་བརྩིས་ན་གཞན་རྗེས་སུ་འཛིན་པའི་ཡོན་ཏན་བཞི་ཡིན། སྐྱོ་བ་སྤངས་པ་ནི་ཡང་ནས་ཡང་དུ་འཆད་པ་ལ་སྐྱོ་ཞིང་ངལ་བ་མི་བཟོད་པ་དེ་ལྟར་མ་ཡིན་པའི་ཆོས་འཆད་པའི་དཀའ་སྤྱད་བཟོད་པ་ལ་གསུངས་པ་ཡིན། ཁྱད་པར་དུ་གསང་སྔགས་སྟོན་པའི་བླ་མ་ནི་ཐུན་མོང་ལས་ཀྱང་ཁྱད་པར་དུ་འཕགས་པ་ཞིག་དགོས་པ་ཡིན་པས། ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་ཀྱི་ནང་ན། བླ་མའི་མཚན་ཉིད་མང་པོ་ཞིག་གསུངས་ཡོད་ལ། མང་པོ་ཐམས་ཅད་ཚུར་བསྡུ་ན་བདུན་ལ་བསྡུས་ནས་བསྟན་པ། ཡིད་བཞིན་མཆོག་གི་བླ་མ་དང་། རང་བཞིན་ཡོན་ཏན་རྫོགས་པའི་བླ་མ། སྲིད་ལས་རྣམ་གྲོལ་མཆོག་རབ་ཀྱི་བླ་མ། ཤེས་རབ་རྒྱ་ཆེ་སྐལ་བཟང་གི་བླ་མ། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ལ་སོགས་པ་གསུངས་ཡོད་པ་ཡིན་པས། ཡིད་བཞིན་མཆོག་གི་བླ་མ་ཞེས་པ་དེ། ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་ལ་དཔེ་བླངས་ནས་གསུངས་པ་སྟེ། ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་སྐྱོན་དང་དྲི་མ་མེད་པས་རང་ངོས་ནས་དག་པ་ཞིག་ཡིན་པས་མི་ཚད་དགོས་འདོད་ཀྱི་རེ་བ་ཡིད་བཞིན་དུ་འགྲུབ་ཕྱིར་གཞན་ངོས་ནས་ཀྱང་དགོས་འདོད་སྐོང་པ་ལྟར་དུ། སྐུ་གསུང་ཐུགས་ལ་མི་དགེ་བའི་དྲི་མའི་ཉེས་སྐྱོན་མེད་པར་དག་པ། མདོ་རྒྱུད་ཀྱི་ཆོས་ཀྱི་མཛོད་དང་འགྲོ་དོན་འཕྲིན་ལས་ཀྱིས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་སེམས་ཅན་འགོད་པ་དེ་ལྟ་བུའི་སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ཞིག་སྙིགས་མའི་དུས་འདིར་རྙེད་དུ་ཡོད་ན་སངས་རྒྱས་དངོས་བྱོན་དང་འདྲ་བར་གསུངས་ཤིང་། དེ་འདྲ་ཞིག་མཇལ་ན་རབ་དྭངས་གུས་པས་སྲིད་ཞུ་བསྐྱེད་ལ་བསྙེན་དགོས་པ་དང་། རང་བཞིན་ཡོན་ཏན་རྫོགས་པའི་བླ་མའི་མཚན་ཉིད་ནི། གཙོ་བོ་བྱམས་དང་སྙིང་རྗེ་ཆེ་བ། ཐེག་པ་མཆོག་གི་ཆོས་ལ་མཁས་པ། སྔོན་སྦྱོང་གི་ལས་འཕྲོ་སད་ནས་སྐྱེ་བས་ཐོབ་པའི་ཤེས་རབ་ཡོད་པ། མདོར་ན་དམན་པའི་སྤྱོད་པ་ལས་རྒྱང་བསྲིངས་པ། སློབ་མ་སྐྱོང་ལ་མཁས་པ་ཞིག་ལ་གསུངས་པ་ཡིན། སྲིད་ལས་རྣམ་གྲོལ་མཆོག་རབ་བླ་མ་ནི། འཇིག་རྟེན་ཆོས་བརྒྱད་ཀྱི་ཞེན་པ་ཆོད། མི་ཆོས་རྒྱབ་ཏུ་བོར། གཞན་དོན་དང་དུ་ལེན་པ། ཐེག་ཆེན་གྱི་དོན་དང་ལྡན་པས་འགྲོ་དོན་ཐབས་ལ་མཁས་པས་བསྐྱང་པ་ཞིག་ལ་གསུངས་ཤིང་། བཞི་བ་ཤེས་རབ་རྒྱ་ཆེ་སྐལ་བཟང་གི་བླ་མ་ནི། འདིའི་ཤེས་རབ་ནི་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ལ་གོ་དགོས་པས། ཤེས་རབ་རྒྱ་ཆེ་པས་སྤྱིར་ཤེས་བྱ་ཐམས་ཅད། ཁྱད་པར་དུ་གདུལ་བྱ་ཐར་ལམ་ལ་འདྲེན་པའི་ཐེག་པ་ཐམས་ཅད་ཀྱི་ཚིག་དོན་འབྱེད་པས་མི་ཚད། ཐམས་ཅད་འགལ་མེད་དུ་བསྒྲུབས་ཤེས་ཤིང་། ཀུན་ཀྱང་གདམས་ངག་ལ་དྲིལ་མཁས་པ། རང་ཉིད་འཕགས་ནོར་བདུན་གྱིས་ཕྱུག་ཅིང་། གཞན་ཡང་དེ་ལ་གཞོལ་མཁས་པ། ཡང་སྒོས་ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་ཀྱིས་ཁྱད་པར་དུ་འཕགས་པ་ཞིག་ལ་གསུངས་པ་ཡིན། ད་རུང་རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་དང་། ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ། མཐར་ཐུག་སྙིང་པོའི་དོན་བསྟན་གྱི་བླ་མ་རྣམས་སུ་གསུངས་ཤིང་། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི། ཡོན་ཏན་གཞན་མི་དགོས་པ་མ་ཡིན་ཡང་གཙོ་བོར་བརྒྱུད་པའི་བྱིན་རླབས་ཀྱི་ཐུགས་མཛོད་ལྡན་པ་དང་། གོང་མའི་ཕྱག་བཞེས་ཀྱི་དོན་གཉིས་སྒྲུབ་ལ་མཁས་པ། ཁྱད་པར་དུ་གསང་སྔགས་བཀའ་བབ་ཀྱི་དམ་ཚིག་གཙང་བ་ཞིག་ལ་གསུངས་པ་ཡིན། ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་ནི། ཐུགས་རྗེ་ཟེར་ན་སྙིང་རྗེ་རེད་མོད། སྙིང་རྗེ་ཆེན་པོ་རང་རྒྱུད་ལ་འབྱོངས་པ་དང་། བླ་མའི་བྱིན་རླབས་རང་ཉིད་ལ་ཞུགས་ནས་རང་སྣང་དབང་དུ་འདུ་བ་ཞིག་གིས། གཞན་སྣང་ཟིལ་གྱིས་གནོན་ཐུབ་པ་དེ་ལྟ་བུའི་གདུལ་བྱ་ལམ་སྣ་འདྲེན་པའི་བླ་མ་དང་། མཐར་ཐུག་སྙིང་པོའི་དོན་སྟོན་གྱི་བླ་མ་ནི། ཚེ་འདིའི་ཐོག་ནས་གདུལ་བྱ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སྒྲོལ་ནུས་པ། གནད་ཀྱི་ངོ་སྤྲོད་དང་ཉམས་ལེན་གྱི་བོགས་འདོན་ལ་མཁས་པ། གནས་ལུགས་དོན་གྱི་རྟོགས་པ་ཁྱད་པར་ཅན་རང་གིས་བརྙེས་པས་གཞན་སྣང་ཡང་དགེ་ལ་སྦྱོར་ནུས་པ། འབྲེལ་ཚད་དོན་ལྡན་དུ་འགྱུར་བ་མར་སྡོད་ཚེ་སོ་སྐྱེ་ཐ་མ་པ་ཡིན་རུང་། ངོ་སྤྲོད་ཐོབ་ནས་ཡར་ལངས་དུས་རང་གནས་ཀྱི་ཆོས་སྐུ་རང་ལ་ཡོད་པའི་རང་ངོ་འཕྲོད་ནས། སྣང་བ་སྒྱུ་མར་དང་འཁྲུལ་སྣང་རང་སར་རྟོགས་པའི་གནད་གསང་ཁྲོལ་བ་ཞིག་བྱེད་ནུས་པ་ཞིག་ཡིན། དེ་ལྟའི་བླ་མའི་མཚན་ཉིད་བདུན་པོ་མཉམ་དུ་ཚང་བ་ལྟ་ཅི་བདུན་པོའི་ནང་གི་གང་ཞིག་ཡིན་རུང་གཅིག་ལས་གཅིག་བཟང་བ་ཡིད་བཞིན་མཆོག་གི་བླ་མ་འབའ་ཞིག་ཡིན་པས་མ་ཚད་དེ་དག་རེ་རེའི་ཡོན་ཏན་གྱི་ཆ་ཤས་ཆུང་ཆུང་རེ་ལྡན་ཡང་། བླ་མ་སངས་རྒྱས་དངོས་ཡིན་ཟེར་ཆོག་ཀྱང་། དེང་སང་ལྟ་ཅི་དེ་དུས་ཀྱང་དཀོན་ཚུལ་ཀུན་མཁྱེན་བླ་མ་ཁོང་ཉིད་ཀྱི་གསུང་གི་ནང་ན། ཀུན་ལྡན་བླ་མ་ཨུ་དུམ་ཝ་ར་ཙམ། །ཕལ་ཆེར་ལྡན་པའང་སངས་རྒྱས་དང་འདྲ་ཞིང་། །ཞེས་གསུངས་པ་སྟེ། ཨུ་དུམ་ཝ་ར་ཞེས་པའི་མེ་ཏོག་དེ་སངས་རྒྱས་འཇིག་རྟེན་དུ་བྱོན་དུས་དང་སྟོང་འཁོར་ལོས་སྒྱུར་པའི་རྒྱལ་པོ་བྱོན་དུས་ལས་སྐྱེ་མི་དར་པ་ཞིག་ཡིན་པ་བཞིན་དུ། བསོད་ནམས་ཆེན་པོ་ཞིག་མེད་ན་བླ་མ་དེ་ལྟར་དང་མཇལ་བར་དཀའ་བ་དང་། གོང་གི་བདུན་པོའི་ནང་གི་རེ་རེའི་ཡོན་ཏན་ཕལ་ཆེར་བ་དང་ལྡན་པར་འགྱུར་ན་ཡང་སངས་རྒྱས་མཇལ་པ་དང་འདྲ་བར་གསུངས་ཤིང་། ད་རུང་ཡང་། ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་སྟོང་ལས་ལྷག་པའི་མགོན། །ཞེས་རང་ཉིད་ཀྱིས་དད་པ་དང་མོས་པ་སངས་རྒྱས་མཇལ་བ་དང་འདྲ་བ་ཞོག་ན་སངས་རྒྱས་དངོས་མཇལ་བ་དང་འདྲ་བས་སངས་རྒྱས་ཀྱི་བྱིན་རླབས་འཇུག་པའི་ཡོན་ཏན་བླ་མ་ལ་ལྡན་པས་ན། ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ཞེས་གསུངས་པ་ཡིན། སངས་རྒྱས་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་ཞིག་བྱོན་དང་འབྱོན་བཞིན་པ་ཡིན་ཡང་། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །གསུངས་པ་ལྟར་དུ། ད་རུང་སེམས་ཅན་དུ་འདི་ལྟར་ལུས་ཡོད་པས། བླ་མས་སངས་རྒྱས་ཀྱི་མཛད་པ་སྒྲུབ་ཐར་བའི་ལམ་སྟོན། ཁྱད་པར་དུ་ལམ་ཟབ་ཚེ་གཅིག་གི་མྱུར་ལམ་བསྟན་ནས། སེམས་ཅན་སངས་རྒྱས་ལ་བསྒྱུར་པའི་བཀའ་དྲིན་དེ་སངས་རྒྱས་སྟོང་ལས་ལྷག་གསུངས་དོན་ཡང་། དམ་པའི་ཆོས་བསྟན་པའི་གསུང་གི་བདུད་རྩིས་སྨིན་གྲོལ་གྱི་ལམ་ལ་བཀོད་པས་ཡིན་དགོས་འདུག དེ་ལྟ་བུའི་བླ་མ་དམ་པ་ལ་བསྟེན་དགོས་ལུགས་ཀྱི་རྒྱུ་མཚན་ཡང་། གཏན་བདེའི་བྱང་ཆུབ་བསྒྲུབ་དགོས་ན་བློ་འདྲི་ས་བླ་མ་ལས་ལྷག་ཅིག་ཡོད་པ་མིན་པ་དང་། བླང་དོར་གྱི་དམིགས་ཤིག་བསྟན་དགོས་ན་ཡང་བླ་མ་མིན་པ་གཞན་གྱིས་བསྟན་མི་ནུས་པ་དང་། བསོད་ནམས་བསགས་པའི་ཡུལ་ཡང་བླ་མའི་ཡན་ཞིག་མེད་པར་གསུངས་པ་ཡིན། བླ་མ་དགོངས་འདུས་ཀྱི་དེའི་ཐད་ཀྱི་ལུང་ཞིག་ལས། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙན་དན་ཐིགས་པ་གཅིག་བྱུགས་པའི། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་གསུངས་པ་ཡིན། དེ་ལ་སོགས་པའི་ལུང་མང་པ་རེད། ད་རུང་བླ་མ་དགེ་བའི་བཤེས་གཉེན་དམ་པ་ལ་བསྟེན་ན། རང་ཉིད་ལ་ཕན་པ་ཆེན་པོ་འབྱུང་བ་དཔེ་ཡི་སྒོ་ནས། གངས་ཀྱི་རི་ལ་བརྟེན་པའི་རྩི་སྨན་ལྟར་དུ་དགེ་རྩ་ཐམས་ཅད་འཕེལ་བ་དང་། མཚོ་ཆེན་ལ་ཆུ་སྣ་འདུས་པ་ལྟར་དུ་ཡོན་ཏན་ཐམས་ཅད་ཚོགས་པའི་གཞིར་འགྱུར་བ་དང་། རྒྱ་མཚོར་རིན་པོ་ཆེ་འབྱུང་གནས་ཡིན་པ་ལྟར་དུ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་བ་ལ་སོགས་པའི་ཕན་ཡོན་དང་དགོས་པ་དཔག་ཏུ་མེད་པར་གསུངས་ཡོད་པ་དང་། བླ་མ་ནི་སྐྱབས་དང་སྐྱོབ་པ་བླ་ན་མེད་པར་ཡིན་པ་དང་། ཡོན་ཏན་རྒྱས་པར་བྱེད་དགོས་ན་ཡང་བླ་མ་མིན་པར་གཞན་བསྟེན་ནས་ཡོན་ཏན་གྱི་འབྱོར་བ་རྒྱས་ཐབས་མེད་པ་དང་། སྟོན་པའི་ངོས་ལས་ཀྱང་བླ་མ་ལས་ལྷག་པའི་སྟོན་པ་ཁྱད་འཕགས་གཞན་ཞིག་བསྟེན་དུ་མེད་པ་དང་། སྔར་སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས་ཀྱང་སངས་རྒྱས་སྐུ་དངོས་ཀྱིས་གདུལ་བྱའི་སེམས་ཅན་འདུལ་བ་དང་། དེའི་རྗེས་སུ་དགྲ་བཅོམ་པ་དང་པཎྜི་ཏ་སོགས་སུ་སྣང་པའི་དོན་མཛད་པ་ཡིན། དེང་སང་གི་དུས་འདིར་མཐུན་པས་མཐུན་པ་འདུལ་བའི་ཆེད་དུ་མིའི་གཟུགས་སུ་བྱོན་པ། སྐད་དང་ཆ་བྱད་སྤྱོད་ལམ་མཐུན་པའི་མིའི་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་བྱོན་པ་ཡིན་པས། བླ་མ་ལ་སངས་རྒྱས་དངོས་བྱོན་གྱི་དད་པ་ཞོག་དང་སངས་རྒྱས་དངོས་ཀྱི་བྱིན་རླབས་འཇུག་པ་ཡིན་ཅེས་པ་དེ་བཤེས་གཉེན་བསྟེན་པའི་སྡོམ་ཚིག་བྱས་ན་ཆོག་པ་ཞིག་རེད། སྙིགས་མའི་སྐབས་འདིར་བླ་མའི་མཚན་ཉིད་ཆ་ཙམ་ལྡན་པ་ཡོད་པ་མ་རེད་ཟེར་བ་མིན་ཀྱང་། ང་ལྟ་བུ་ནི་འདི་ལྟ་བུའི་བླ་མས་མི་ལོ་ཞེས་པའི་དཔེར་མཚོན་དུ་བཞག་ཆོག་རྒྱུ་ཅན་པོ་ཡིན་པ་རེད། འོན་ཀྱང་ལྷག་བསམ་དག་པས་ཆོས་བརྒྱུད་ཞིག་སྤེལ་བའི་ཆེད་དུ་བཏོན་བཞག་ན་ཉེས་པ་ཨེ་མི་ཆུང་བསམས་ནས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །གསུངས་པ་ལྟ་བུ་དང་། ཡང་གཅིག་བྱས་ན། བཤད་མཁན་ཐ་མལ་གྱི་མི་ཡིན་ཡང་། བཤད་རྒྱུ་ཆོས་སྐུའི་བསྟན་པ་འོད་གསལ་རྫོགས་པ་ཆེན་པོ། དེ་ཡང་རིམ་བརྒྱུད་བྱིན་རླབས་ཀྱི་ཕ་ཕོགས་མ་ཉམས་པའི་གདེང་ནས་བཅས་པས། དམ་པ་གོང་མ་སོགས་ལ་གསོལ་བ་འདེབས་ཞོར་དང་། ཐུགས་ཡིད་བསྲེ་ཞོར་དང་། དག་པ་ཆོས་ཉིད་ཀྱི་འཁོར་ལོའི་མོས་པ་ཡིད་བྱེད་ལྟ་བུ་ཞིག་བྱེད་ཁུལ་དང་བཅས་པས། ཆོས་དང་བརྒྱུད་པའི་བྱིན་རླབས་དབང་བཙན་དུ་བྱས་ཏེ་སྤོབས་པ་བསྐྱེད་ནས་བཤད་པ་ཡིན། དེ་ལྟར་བཤད་པའི་སྐབས་ཀྱི་ཐེངས་འདིར་གང་ཞིག་འཆད་ཉན་བྱ་བའི་ཆོས་ནི། གངས་རིའི་ཁྲོད་ཀྱི་རྫོགས་ཆེན་བསྟན་པའི་ཤིང་རྟ་པ་ཆེན་པོ་རྒྱལ་བ་ཀློང་ཆེན་པའི་གསུང་། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ། མཛོད་ཆེན་བདུན་གྱི་ཡ་གྱལ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་རང་འགྲེལ་ལུང་གི་གཏེར་མཛོད་འདི་ཉིད་འཆད་བཞིན་པ་ལས། ལེའུ་བཅུ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་གྲོལ་བའི་རང་བཞིན་བསྟན་པའི་སྐབས་ལས། ས་བཅད་དང་པོ་དག་མཉམ་ཡེ་གྲོལ་གྱི་ཆིངས་བསྟན་པའི་ནང་ནས། ཁ་རྩང་དབྱིངས་ཡེ་གྲོལ་གདལ་བར་བསྟན་པས་མདོར་བསྟན་པ་སོང་བ་དང་། རྒྱས་བཤད་ལས་ཀྱང་འགའ་ཞིག་སོང་སྟེ། དེ་རིང་།

༤༽བཞི་བ་ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ།

ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ནི། ཞེས་མཚམས་སྦྱར་ཏེ།

གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ།།

སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ།།

གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ།།

མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ།།

གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ།།

ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ།།

ཞེས་གསུངས་ཏེ། གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལམ་མེད་པ་ཉིད་དང་། སྤང་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་གཉིས་མེད་པ་ཉིད་དང་། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང་། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང་། གློད་པ་ཡེ་ནས་གྲོལ་ཏེ་གློད་རྒྱུ་གཞི་མེད་པ་ཉིད་དང་། ཅོག་གཞག་ཡེ་ནས་གྲོལ་ཏེ་གཞག་པ་དང་འཇོག་བྱེད་དང་འཇོག་རྒྱུ་ཡོད་མ་མྱོང་བའི་ཕྱིར། ཡེ་ནས་གཉིས་སུ་མེད་པའི་དེ་བཞིན་ཉིད་དེ། རྩལ་རྫོགས་ལས། རྫོགས་ཆེན་དགོངས་དོན་ལྟ་བ་ནི། །དགེ་སྡིག་ཕྱོགས་སུ་མ་ལྷུང་བས། །ཡིན་མིན་གཉིས་ཀྱི་མཐའ་ལས་འདས། །རྫོགས་དང་མ་རྫོགས་གཉིས་སུ་མེད། །རྫོགས་ཆེན་རིག་པའི་ངོ་བོ་ལ། །འཁྲུལ་དང་མ་འཁྲུལ་མེད་པའོ། །ཞེས་པ་དང་། རང་ཤར་ལས། རྟོག་པའི་ཡུལ་ལས་རྣམ་པར་འདས། །གཟུང་འཛིན་ཞེན་པའི་མཐའ་ལས་གྲོལ། །མཚན་མའི་མིང་ཚིག་མཐའ་ལས་འདས། །ཞེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་གྱིས་བཅིངས་པ་ཡང་དོན་དུ་འཆིང་བ་ལ་མཉམ་པའི་ཕྱིར་དེ་དག་གྲོལ་བར་བསྟན་པ་སྟེ། སྤང་བྱ་ལ་ལྟོས་ཏེ་གཉེན་པོ་འཇོག་དགོས་ལ། གོང་དུ་ཉོན་མོངས་ལས་དང་བག་ཆགས་སོགས་ཀྱང་གྲོལ་བར་བསྟན་པས། གཉེན་པོ་ལ་སྤང་བྱ་མེད་པས་ས་ལམ་མེད་པ་རུ་གྲོལ་བ་དང་། སྤང་བྱ་མེད་པས་བླང་བྱ་ཤུགས་ལ་མ་གྲུབ་པ་དང་། སྤང་བླང་དེ་གཉིས་སེམས་ལ་འདོགས་པ་ཡིན་ཞིང་སེམས་ཀྱང་ངོ་བོ་མེད་པས་སྤང་བླང་ཡེ་གྲོལ་རིག་པ་སྟོང་གསལ་མཁའ་ལྟར་དག་པའི་ཀློང་དུ་གྲོལ་བ་ཡིན། བཅིངས་པ་ལ་ལྟོས་ཏེ་གྲོལ་བར་འདོགས་པ་ཡིན་ལ། ཡེ་ནས་བཅིང་མ་མྱོང་པའི་ཕྱིར་ན་གྲོལ་བ་ཡེ་གྲོལ་བཅིངས་པ་གཏན་ནས་མེད་པར་གྲོལ་བ་དང་། མ་གྲོལ་བའི་ཆོས་ཞེས་བྱ་བ་ཞིག་ཡོད་ན་དེ་ཉིད་རང་བཞིན་མེད་པས་ཁྱབ་པར་ཡིན་པའི་ཕྱིར། མ་གྲོལ་ཡེ་གྲོལ་བཅིང་གྲོལ་གཉིས་ཀ་མེད་པར་གྲོལ་བ་དང་། གློད་རྒྱུ་ཞིག་ཡོད་པས་གློད་པ་ཡོད་དགོས་པས་གློད་པ་ཡེ་གྲོལ་གློད་པའི་གཞི་མེད་པར་གྲོལ་བ་དང་། བཞག་ས་ཞིག་ཡོད་པས་འཇོག་བྱེད་ཀྱང་དེ་དང་མཉམ་དུ་ཡོད་པས་འཇོག་དགོས་པ་ཡིན་ཕྱིར། ཅོག་གཞག་ཡེ་གྲོལ་བཞག་བྱ་འཇོག་བྱེད་བཞག་རྒྱུ་དང་བཅས་པ་ཡོད་མ་མྱོང་པའི་ཡེ་ནས་གཉིས་སུ་མེད་པའི་དེ་བཞིན་ཉིད། ཡེ་བཞག་ཆོས་སྐུ་རྒྱལ་པོའི་ཕོ་བྲང་རྫོགས་ཆེན་ལྟ་བའི་དགོངས་དོན་གཉིས་འཛིན་གྱི་ཕྱོགས་སུ་མ་ལྷུང་ཞིང་། མཚན་མའི་མིང་ཚིག་གི་མཐའ་ལས་འདས་པར་ཡིན་པར་བསྟན་པའོ།།

༥༽ལྔ་བ་གནད་ངེས་པའི་འགག་བསྡུ་བ།

གནད་ངེས་པའི་འགག་བསྡུ་བ་ནི།

མདོར་ན་སྣང་ཞིང་སྲིད་པའི་ཆོས་རྣམས་དང་།།

མི་སྣང་མི་སྲིད་ཆོས་ལས་འདས་སོ་ཅོག།

ཐམས་ཅད་ཡེ་ནས་དབྱིངས་སུ་གྲོལ་ཟིན་པས།།

ད་གཟོད་འབད་པས་སུས་ཀྱང་འགྲོལ་མི་དགོས།།

ཞེས་གསུངས་ཏེ། བློའི་ཡུལ་རུང་སྣང་སྲིད་ཀྱི་ཆོས་ཐམས་ཅད་དང་། མི་སྣང་ཞིང་མི་སྲིད་པ་ནི་རེ་ཞིག་ཚུ་རོལ་མཐོང་བའི་བློའི་ཡུལ་དུ་མ་གྱུར་པ་མྱ་ངན་ལས་འདས་པ་སྟེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་བརྗོད་པ་ལྟ་བུ་སྟེ། མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་སྟོང་བསམ་བརྗོད་ལས་འདས་པ་གདོད་མའི་དབྱིངས་སུ་གྲོལ་ཟིན་པ་སྟེ། རང་བཞིན་མེད་པའི་ཕྱིར་འབད་པས་བསྐྱར་ནས་གྲོལ་མི་དགོས་པ་ནི་ཡེ་གྲོལ་ཡིན་པའི་ཕྱིར་ཏེ། ཐལ་འགྱུར་ལས། ཡེ་ནས་གྲོལ་བས་བསྐྱར་མི་དགོས། །ཞེས་སོ། །གོང་ནས་དབྱིངས་ཡེ་གྲོལ་གདལ་བ་ཡིན་པས་མདོར་བསྟན་པ་དང་། གཞི་མེད་རྩ་བ་བྲལ་བར་གྲོལ་ཚུལ་དང་། བདེ་སྡུག་དག་མཉམ་གཞི་མེད་དུ་གྲོལ་ཚུལ་དང་། ཡེ་གྲོལ་བྱ་རྩོལ་ལས་འདས་པ་དང་། ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་སོགས་ཀྱིས་གྲོལ་ཚུལ་རྒྱས་པར་བསྟན་པ་དེ་དག་ཐམས་ཅད་ཀྱི་གནད་ངེས་པའམ་འགག་བསྡུ་བ་ནི། མདོར་ན་སྣང་ཞིང་སྲིད་པ་བློའི་ཡུལ་དུ་བྱ་རུང་གི་ཆོས་རྣམས་དང་། མི་སྣང་ཞིང་མི་སྲིད་པ་འཇིག་རྟེན་པའམ་ཚུ་རོལ་མཐོང་པའི་བློའི་སྤྱོད་ཡུལ་དུ་རེ་ཞིག་མངོན་དུ་མ་གྱུར་པ་བློ་ཀུན་རྫོབ་འཁྲུལ་བའི་སྤྱོད་ཡུལ་ལས་འདས་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་དང་། ད་རུང་དེ་གཉིས་ལས་འདས་པའི་ཆོས་ཤིག་ཡོད་སྲིད་ཀྱང་ཐམས་ཅད་མ་གྲོལ་བ་ཞིག་མེད་དེ། མདོར་བསྡུས་ན་ཆོས་ཐམས་ཅད་ཕྱིའི་ནམ་མཁའ་ལྟ་བུ་ཡེ་སྟོང་བསམ་བརྗོད་ལས་འདས་པ། སྟོང་གསལ་རང་བྱུང་གི་ཡེ་ཤེས། མ་བཅོས་གདོད་མའི་དབྱིངས་སུ་གྲོལ་ཟིན་དུ་ཡོད་པས་ཡང་བསྐྱར་འབད་ཀྱང་དོན་མེད་ཡིན་པར་བསྟན་པའོ།།

༦༽དྲུག་པ་དེ་དག་གི་འཐད་པ་དགོད་པ་ཡང་འདི་ལྟར་འབད་ཅིང་རྩོལ་བའི་དོན་མེད་པ་བསྟན་པ།

དེ་དག་གི་འཐད་པ་དགོད་པ་ཡང་འདི་ལྟར་འབད་ཅིང་རྩོལ་བའི་དོན་མེད་པ་ཉིད་ནི།

དེ་ལ་འབད་རྩོལ་བྱས་ཀྱང་དོན་མེད་པས།།

མ་བྱེད་མ་བྱེད་རྩོལ་ཞིང་སྒྲུབ་མ་བྱེད།།

མ་བལྟ་མ་བལྟ་ཡིད་ཀྱི་ཆོས་མ་བལྟ།།

མ་སྒོམས་མ་སྒོམས་བློ་ཡི་ཆོས་མ་སྒོམས།།

མ་དཔྱད་མ་དཔྱད་ཡུལ་སེམས་རྗེས་མ་དཔྱད།།

མ་སྒྲུབས་མ་སྒྲུབས་རེ་དོགས་འབྲས་མ་སྒྲུབས།།

མ་སྤངས་མ་སྤངས་ཉོན་མོངས་ལས་མ་སྤངས།།

མ་ལེན་མ་ལེན་ཡང་དག་ཆོས་མ་ལེན།།

མ་འཆིངས་མ་འཆིངས་རང་གི་རྒྱུད་མ་འཆིངས།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་ཟང་ཐལ་བས་གང་དུའང་མ་གྲུབ་པའི་ངོ་བོ་ལ་ལྟོས་ནས་དགག་པའི་ཚིག་ཉིས་བརྩེགས་སུ་བརྗོད་པ་དེ་ཡང་གཟུང་བ་དང་འཛིན་པའི་ཚུལ་གཉིས་སུ་གྱུར་པ་འགོག་པ་སྟེ། རིག་པའི་ངོ་བོ་ལ་བྱ་བའི་ཆོས་གཟུང་བ་དང་། བྱེད་པའི་ཆོས་འཛིན་པ་མེད་པས། རྩོལ་བའི་བྱ་བ་དང་སྒྲུབ་པའི་བྱེད་པ་གཉིས་མ་བྱེད་མ་བྱེད་ཅེས་ནན་ཆེར་བརྗོད་དེ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་པ་བཞིན་ནོ། །རིག་པའི་ངོ་བོ་ལ་བལྟ་བྱ་ལྟ་བྱེད་གཉིས་མེད་པས་ལྟ་བ་པོ་སེམས་ཀྱི་ཡུལ་རིག་པ་ལ་མ་བལྟ་ཞིག རིག་པ་ལ་བསྒོམ་བྱ་སྒོམ་བྱེད་གཉིས་མེད་པས་མ་སྒོམས་ཤིག དེ་བཞིན་དུ་སྤྱོད་པ་དང་། སྒྲུབ་པ་དང་། སྤོང་ལེན་དང་། འཆིང་ཞེན་མ་བྱེད་ཅིག་ཅེས་གདམས་ཏེ། ཡོད་མེད་གཟུང་འཛིན་ལས་འདས་པའི་ཕྱིར་རོ། །རང་ཤར་ལས། ཡོད་དང་མེད་པའི་ཆོས་ལས་གྲོལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །ཅེས་སོ། །དེ་ལྟར་སྣང་ཞིང་སྲིད་པ་མི་སྣང་མི་སྲིད་པ་མེད་པ་སྟེ། མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་པོ། ཡེ་ནས་གྲོལ་ཟིན་ལ་བསྐྱར་དུ་འབད་པས་གྲོལ་བར་བྱ་མི་དགོས་པར་བསྟན་པ་བཞིན་ཡིན་པས། དེ་ལ་འབད་རྩོལ་གྱིས་ངལ་བ་བྱས་ཀྱང་དོན་མེད་དུ་འགྱུར་བ་ཡིན་ཕྱིར། འདི་ནས་མ་བྱེད་མ་བྱེད་ལ་སོགས་པ་དགག་སྒྲ་ཉིས་བརྩེགས་སུ་སྦྱར་ནས་གསུངས་པ་འདི། ཤིན་ཏུ་དོན་དང་ལྡན་པ་གནད་ཆེན་གལ་ལ་ཐུག་པའི་སྟབས་ཀྱིས། དེའི་སྐབས་སུ་ཚིག་གཅིག་ལན་གཉིས་བརྗོད་པའི་གོ་དོན་འགྲེལ་བས་ཇི་ལྟར་བཀྲལ་བ་བཞིན་དུ་ཡིན་ལ། ད་རུང་འདིར་གོ་དོན་གཞན་ཞིག་སྦྱར་ན། དཔེར་ན་མ་བྱེད་སྔོན་མས་རྩོལ་ཞིང་སྒྲུབ་པར་མ་བྱེད་དང་། དགག་ཚིག་རྗེས་མས་རྩོལ་ཞིང་སྒྲུབ་པར་མི་བྱེད་པ་དེ་ཡང་མ་བྱེད་ཅེས་ཟང་ཐལ་གང་དུ་ཡང་མ་གྲུབ་པའི་ངོ་བོ་བཞག་བྱ་འཇོག་བྱེད་དང་བྲལ་བར་གོ་ཐུབ་པ་ཡིན། མ་བལྟ་མ་བལྟ་གཉིས་འཛིན་ཡིད་ཀྱི་ཆོས་མ་བལྟ། མ་སྒོམས་མ་སྒོམས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་རིག་པ་སྒོམ་དུ་རེ་བའི་བློ་ཡི་ཆོས་མ་སྒོམས། མ་དཔྱད་མ་དཔྱད་བྱ་ལོང་གིས་ནམ་མཁའི་མཐའ་འཚོལ་བ་ལྟ་བུའི་རྗེས་མ་དཔྱད། མ་སྒྲུབས་མ་སྒྲུབས་རེ་དོགས་ཀྱི་མཐའ་ལ་གཅུར་བའི་འབྲས་བུ་ཕྱི་དུས་ལ་རེ་བའི་སྤྱོད་པ་སྒྲུབ་པར་མ་བྱེད། མ་སྤོངས་མ་སྤོངས་ཉོན་མོངས་ཞེས་བྱ་བ་ཡེ་ཤེས་སུ་དག་པར་ཡིན་པས་སྤང་བྱ་མངོན་མཚོན་ཅན་གྱི་ཉོན་མོངས་ཀྱི་ལས་མ་སྤོངས། མ་ལེན་མ་ལེན་ཡང་དག་གི་ཆོས་ཡིན་སྙམ་པའི་བཟང་ངན་ཞེན་འཛིན་ཅན་གྱི་ཆོས་མ་ལེན། མ་འཆིང་མ་འཆིང་རང་རྒྱུད་གཟུང་འཛིན་འཆིང་བྱེད་ཀྱི་སྒྲོག་གིས་མ་འཆིང་ཞིག་ཅེས་དེ་ལྟར་གྲོལ་བའི་འཐད་པ་བཀོད་པའོ། །འདིའི་གནད་སླར་ཡང་འགྲེལ་བས་ཞིབ་ཏུ་བཀྲལ་བ་ནི། དེ་དག་གི་གནད་ཀྱང་ཆོས་ཀྱི་རྣམ་གྲངས་ངོ་བོ་ནང་གསེས་བཅུ་དྲུག་གི་དབྱེ་བ་དང་བཅས་པ་ལ་ཐུག་པ་ལས། ཞེས་སྡོམ་གྱི་ཆིངས་ཀྱིས་བསྟན་པ་སྟེ། དེ་ཡང་མན་ངག་གི་སྙིང་པོ་གསུམ་དང་། ལྟ་བའི་བཞག་ཐབས་གསུམ། སྤྱོད་པ་ཆགས་མེད་རང་གྲོལ་གྱི་གནད་གསུམ་སོགས་སུ་གསུངས་པ་ལས། དང་པོ་རིག་པའི་ངོ་བོ་འཁྲུལ་མ་འཁྲུལ་ལས་འདས་པའི་གནད་མན་ངག་གི་སྙིང་པོ་གསུམ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །ཚིག་གིས་མཚོན་པ་དང་བྲལ་བའི་གཞི་གནས་ཀྱི་ཡེ་ཤེས། རིག་པ་ཡེ་གྲོལ་རང་སངས་གཅིག་ལ་ཚང་པ་དེ། ངོ་བོ་ཀ་དག་གི་ཡེ་ཤེས་ནམ་མཁའ་རྣམ་པར་དག་པ་ལྟར་དུ་བཞུགས་པས་ངོ་བོ་སྟོང་གསལ་དབྱེར་མེད། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དེ་རྒྱ་མཚོ་དྭངས་པ་ལྟར་དུ་བཞུགས་པས་རང་བཞིན་གསལ་སྟོང་དབྱེར་མེད། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་དེ་ནོར་བུ་དྲི་མེད་ལྟར་དུ་བཞུགས་པས་ཐུགས་རྗེ་རིག་སྟོང་དབྱེར་མེད་དུ་བཞུགས་པའོ། །ལྟ་བའི་གཞག་ཐབས་གསུམ་ནི། ཕྱི་སྣང་བ་ཅོག་གཞག ནང་འགྱུ་བ་ཅོག་གཞག གསང་བ་རིག་པ་ཅོག་གཞག་གོ །ཕྱི་སྣང་བ་ཅོག་བཞག་དེ་ཕྱིའི་ཆོས་ཅན་ལ་བལྟས་ན་ཆོས་ཅན་རང་བཞིན་མེད་པར་མཐོང་། མཐོང་ལུགས་ནི་ཆོས་ཅན་དུམ་བུ་པ་ལ་རྡོ་རྗེའི་མིག་གི་བལྟས་པས་སྣང་བ་སྒྱུ་མའི་དཔེ་བརྒྱད་དུ་མཐོང་། ཆོས་ཅན་བྱེ་བྲག་པ་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས་སྣང་བ་གཞི་མེད་ཡེ་དག་ཏུ་རྟོགས་ནས་རིག་པ་ལ་ལས་དང་བག་ཆགས་མེད་པའི་བློ་བདེ་རྙེད་པ་ཡིན། ནང་འགྱུ་བ་ཅོག་གཞག་གིས་ནང་ཆོས་ཉིད་ལ་བལྟས་པས་རང་བཞིན་མེད་པ་ཡེ་ཤེས་ཀྱི་མིག་གིས་མཐོང་ནས། རང་རིག་དང་འཛིན་པའི་སེམས་མེད་པར་རྟོགས་ནས་ཆོས་ཟད་ཀྱི་ངང་དུ་བློ་བདེ་བ་ཡིན་པ་དང་། གསང་བ་རིག་པ་ཅོག་གཞག་གིས་གསང་བ་རིག་པ་ལ་བལྟས་པས་དབྱིངས་རིག་གཉིས་མེད་དུ་མཐོང་ནས། ཡིད་དཔྱོད་ཚིག་གིས་སངས་རྒྱས་མི་ཐོབ་པ་དང་འཁོར་འདས་ཀ་དག་ཆོས་ཟད་དུ་རིག་ནས་བློ་བདེ་བའོ། །སྤྱོད་པ་ཆགས་མེད་རང་གྲོལ་གྱི་གནད་གསུམ་ནི། སྣང་བ་ཅེར་གྲོལ། འགྱུ་བ་རང་གྲོལ། རིག་པ་ཡེ་གྲོལ་ལོ། །སྣང་བ་ཅེར་གྲོལ་ཅེར་གྱིས་གཞག་པས་གཞན་ལ་འཇུག་པའི་ཤེས་པ་མི་སྐྱེ་པར་དེ་ཉིད་དུ་གྲོལ་བ་དང་། འགྱུ་བ་རང་གྲོལ་ནི་འགྱུ་བ་རང་ལས་འགྱུ་བ་འགྱུས་པ་ཉིད་ལས་གྲོལ་བ་གཞན་རྐྱེན་ལ་མི་ལྟོས་པ་དང་། རིག་པ་ཡེ་གྲོལ་ནི་སྒོམ་སྒྲུབ་གང་ལ་མི་ལྟོས་པར་རིག་པ་གཞི་མེད་དུ་ལྡོག་ས་མེད་པའི་ཡེ་གྲོལ་ལོ། །ཡེ་ཡོད་ཆིག་ཆོད་ཀྱི་བསྒོམ་པ་བཞི་ནི། ཕྱི་སྣང་བ། ནང་ཤེས་པ། གསང་བ་རིག་པ། དེ་ཁོ་ན་ཉིད་གནས་ལུགས་བཞི་ལ་དྲན་བསམ་གྱི་རྟེན་དང་བྲལ་བའོ། །ཕྱི་སྣང་བ་སྣ་ཚོགས་ཀྱི་སྣོད་བཅུད་ཐམས་ཅད་པོ་སྣང་ཡང་བདེན་པས་སྟོང་པ། སྒྱུ་མའི་དཔེ་བརྒྱད་དུ་ཡེ་ནས་གྲོལ་གྲོལ་ཁར་ཡོད་པས་ན་བླང་དོར་དམིགས་པ་ཅན་གྱི་ཆོས་སུ་མ་གྲུབ། ནང་ཤེས་པ་སེམས་ཀྱི་ཆོས་སུ་སྣང་བ་འདི་ཡང་ངོ་བོ་ངོས་གཟུང་གི་མཐའ་ལས་འདས་པ་ཞིག་ཡིན་པས་ན། སེམས་འདི་ལ་བལྟ་བྱ་དང་སྒོམ་བྱའི་ཆོས་ཤིག་མ་གྲུབ་པར་ཡིན་པས་ན། འདི་ལ་སྤྱོད་པས་སྤྱད་བྱ་དང་སྒྲུབ་པས་ཐོབ་བྱའི་ཆོས་ཤིག་མི་དམིགས་པ་ཡིན། གསང་བ་རིག་པ་ལ་བལྟས་ན་སྤང་བླང་གཉེན་པོའི་གཟེབ་ཏུ་མ་ཚུད་པའི་རང་དག་བར་མེད་དུ་འཁོར་འདས་ཀྱི་མིང་མེད་པར་ཡིན་པས་ན་ཁམས་གསུམ་ཡོངས་གྲོལ་དུ་རྟོགས་པ་དང་། ཡང་གསང་དེ་ཁོ་ན་ཉིད་ཆོས་ཟད་ཆོས་སྐུའི་བཞུགས་ཚུལ་ཆོས་ཀུན་ཀ་ནས་དག་པ། འཁོར་འདས་གཞི་གྲོལ་གྱི་དགོངས་པ་ལ་མི་གཡོ་ཟང་ཐལ་དུ་རྟོགས་པ་ཞིག་པའོ། །རྟོགས་པ་རང་གསལ་དུ་གཟུང་བའི་གསང་བཅུད་གཉིས་ནི། གནས་དུས་དང་། འགྱུ་བའི་དུས་ཀྱི་རང་རིག་ཟང་ཐལ་ལ་ངོས་འཛིན་པའོ། །གནས་ན་གནས་ཐོག་ཏུ་ཕྱམ་གདལ་ནས་རིག་ཆ་རྗེན་པ་དེའི་ངང་སྐྱོང་བ་དང་། འགྱུས་ན་འགྱུ་ཐོག་ཏུ་དྭངས་ཕྱེད་ནས་རང་མལ་ཟང་ཐལ་རྗེས་མེད་དུ་བཏང་བ་ཡིན་ནོ། །རིག་པ་རང་བབས་རྟོག་མེད་ཀྱི་སྐྱེལ་ས་གཅིག་ནི་ཀ་དག་རྗེན་པའོ། །རང་རིག་སྟོང་གསལ་འཕོ་འགྱུར་དང་བྲལ་བའི་ངོ་བོ་ནི་ཀ་དག་ཡེ་གྲོལ་ཆེན་པོ་ཡིན་ལ། དེ་ནི་ཟང་ཐལ་རྗེན་པ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ལས་མ་འདས་ཤིང་། རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་བྱར་མེད་བློ་འདས་ཀྱི་ངང་དུ་ལྟ་སྒོམ་སྤྱོད་འབྲས་ཀྱི་ཆོས་བཞིས་བསླད་པ་མེད་པ་ཞིག་ཡིན་པས། དེར་བཅོས་བསླད་མི་བྱེད་པར་མ་སྒོམ་རང་བབས་ཕྱམ་གདལ་དུ་འཇོག་པའོ། །རིག་པ་ལྷུན་གྲུབ་ཀྱི་སྙིང་པོ་གཉིས་ནི་ངོ་བོ་ཀ་དག་ལ་རང་བཞིན་ལྷུན་གྲུབ་ཏུ་གནས་པས་རྟག་ཆད་ལས་འདས་པའོ། །ངོ་བོ་ཀ་ནས་དག་པས་དངོས་པོ་དང་མཚན་མའི་ཆོས་སུ་མ་གྲུབ་པས་ཡོད་པ་རྟག་པའི་མཐའ་ལས་གྲོལ་བ་ཡིན། རང་བཞིན་ལྷུན་གྲུབ་ཡིན་པས་སྟོང་པ་རྐྱང་ཆད་དུ་མ་སོང་བས་མེད་པ་ཆད་པའི་མཐའ་ལས་ཀྱང་འདས་པ་ཡིན། འོད་གསལ་སྟོང་པའི་ཆོས་ཉིད་མཁའ་ལྟར་རྣམ་དག ཉི་བཞིན་འོད་གསལ། སྐུ་དང་ཡེ་ཤེས་དབྱེར་མེད་དུ་ཡེ་སྟོང་རང་བྱུང་གི་ཡེ་ཤེས་སུ་བཞུགས་པ་ཡིན་ནོ། །འབྲས་བུ་ལྷུན་གྲུབ་ཀྱི་མན་ངག་གསུམ་ནི། སྟོང་པ། གསལ་བ། འགག་པ་མེད་པ་གསུམ་མོ། །ངོ་བོ་སྟོང་པ་ཆོས་སྐུ། སྐུ་གསུམ་འདུ་འབྲལ་མེད་པའི་འཆར་གཞི་རུ་ཆོས་སྐུ་གདོད་ནས་དག་པ་དམིགས་བསམ་མཚན་མ་དང་བྲལ་བ་དང་། རང་བཞིན་གསལ་བ་ལོངས་སྐུ་ནང་གསལ་འོད་ལྔ་ཡེ་ཤེས་ལྔ་ཡི་རང་མདངས་ཀྱི་མཁྱེན་ཆ་ནང་ན་གསལ་བ་དབྱིབས་དང་ཁ་དོག་གི་རིས་སུ་གྲུབ་པར་མེད་པའོ། །ཐུགས་རྗེ་འགག་མེད་སྤྲུལ་སྐུ་རིག་པའི་ཡེ་ཤེས་མཁྱེན་ཆ་འགག་མེད་དུ་བཞུགས་པར་ཡིན་པས་ན། བྱ་བྱེད་ཡུལ་དང་ཡུལ་ཅན་གྱི་རྣམ་པ་ཅན་དུ་མ་གྲུབ་ཀྱང་གདུལ་བྱའི་དགོས་འདོད་སྐོང་བ་སྟེ། སྐུ་གསུམ་ལྷུན་གྲུབ་གཞི་འབྲས་དབྱེར་མེད་པའི་བཞུགས་ཚུལ་བསྟན་པའོ། །ཐུག་ཕྲད་ལྔ་ནི་ཉོན་མོངས་དུག་ལྔ་རང་དག་གི་ངོ་བོ་རྗེན་པ་ལྔའོ། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་རང་དག་པའི་ཚེ་ན། འདོད་ཆགས་སོར་རྟོག་ཡེ་ཤེས། ཞེ་སྡང་མེ་ལོང་ཡེ་ཤེས། གཏི་མུག་ཆོས་དབྱིངས་ཡེ་ཤེས། ང་རྒྱལ་མཉམ་ཉིད་ཡེ་ཤེས། ཕྲག་དོག་བྱ་གྲུབ་ཡེ་ཤེས་ཏེ། མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་ངོ་བོར་རྗེན་ལ་ཤར་བའོ། །སྟོང་གསལ་དགོངས་པའི་དྭངས་མ་དྲུག་ནི། ཡེ་སྟོང་ཡིན་པས་སྤྲོ་བསྡུ་མེད་པ། རང་སྟོང་ཡིན་པས་རང་སར་གཞག་པ། གསལ་སྟོང་ཡིན་པས་ཡུལ་སྣང་མི་དགག་པ། ངོ་སྟོང་ཡིན་པས་ངང་ལས་མི་གཡོ་བ། ཡོད་སྟོང་ཡིན་པས་དངོས་པོ་དང་མཚན་མར་མི་འཛིན་པ། མེད་སྟོང་ཡིན་པས་རིག་པའི་དྭངས་མ་འགགས་པར་འཇོག་པའོ། །སྤྱིར་མན་ངག་གི་མྱོང་ཁྲིད་ལ་གཙོ་བོ་ཉམས་ལེན་གྱི་གནད་ལ་ཁེལ་བའི་གོ་དོན་རེ་འགྲོལ་རྒྱུ་དེ་གནད་ཆེན་བྱེད་པ་ལས་རྣམ་གྲངས་བརྩི་རྒྱུ་ཁོ་ན་གཙོར་འཛིན་བྱས་ན་ཐོས་པ་ཚིག་ཏུ་འཆེལ་འགྲོ་བ་ཡིན་པས་དེ་ལྟར་མི་རུང་བ་ཡིན། འོན་ཀྱང་ཚིག་ལ་མ་བརྟེན་པའི་དོན་མི་འབྱུང་བ་ཡིན་པས། གཙོ་ཆེར་མན་ངག་གི་ཁྲིད་ཡིག་ཟབ་མོ་འདི་དག་འཆད་ཉན་གྱི་སྐབས་སུ་མ་བཅོས་རྙོག་པ་དང་བྲལ་བའི་རིག་ཆ་ཡེངས་པ་མེད་པ་ལས་མི་འདའ་ཞིང་། རིག་གདངས་དད་དང་མོས་གུས་སུ་ཤར་བའི་ཞི་ལྷག་ཟུང་འབྲེལ་གྱི་ངང་བསྐྱངས་ན། རིག་རྩལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྣམ་ཆར་ཤར་བར་བྱས་ནས། ཀློང་ཆེན་པའི་རྡོ་རྗེའི་གསུང་གི་བརྡ་ཐ་སྙད་རེ་རེའི་ལྡེ་མིག་གིས་དགོངས་པའི་གཏེར་ཆེན་ཟད་མེད་ཀྱི་མཛོད་སྒོ་ནང་ནས་རང་ཉིད་ཀྱིས་ཁྲོལ་དགོས་པ་ཡིན། དེ་དུས་ཚིག་འདི་དག་གི་ཡན་ལ་བསྣན་དུ་མི་དགོས་པར་ཀློང་ཆེན་པ་ཁོང་ཉིད་ཀྱིས་འདི་ཙམ་དུ་བཀྲལ་མཛད་པ་དེས་ཆོག་པ་ཞིག་ཡོང་འདུག་སྙམ་པ་ཡིན། སྐྱེལ་ས་བརྒྱད་ནི། ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པ་དང་། འཁོར་བ་དང་། འདས་པ་དང་། བཅིང་བ་དང་། གྲོལ་བ་དང་བརྒྱད་ཀྱི་འཛིན་པ་མེད་པའི་མཐའ་གྲོལ་ཀློང་ཡངས་ཆེན་པོ་ཆོས་ཟད་མིང་མེད་ཀྱི་ཀ་དག་ལ་སྐྱེལ་བའོ། །མཐའ་བརྒྱད་གཉིས་འཛིན་གྱི་སྤྲོས་པ་ལྟོས་བྲལ་ངོ་བོ་ཉིད་ཀྱི་རིགས་པས་བཅད་ནས། གང་དུ་སྐྱེལ་ས་མཐའ་བྲལ་དབུས་སུ་ཡང་མི་དམིགས་པའི་མཐའ་གྲོལ་ཀློང་ཡངས་ཆེན་པོ། ཆོས་ཟད་མི་མེད་ཀྱི་ཀ་དག་གཞི་རྫོགས་འཕོ་འགྱུར་མེད་པའི་ཀུན་བཟང་གདོད་མའི་སར་ཕྱིན་པའོ། །དཀྱིལ་འཁོར་གསུམ་ནི། སྣང་བ་སྐུ། གྲག་པ་གསུང་། དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་དུ་རྟོགས་ནས་སྤང་བླང་མེད་པའོ། །དཀྱིལ་འཁོར་གྱི་དབྱེ་བ་དང་རྣམ་གྲངས་རིམ་གཉིས་སོ་སོའི་སྐབས་ཐོབ་ཀྱི་བཤད་ཚུལ་མང་ན་ཡང་། རྫོགས་པ་ཆེན་པོའི་དབང་རྣོན་གྱི་གདུལ་བྱ་ལ། དབང་དུས་སུ་གཅིག་ཅར་ངོ་སྤྲད་པའི་སྐབས་སུ་གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་གསུམ་དུ་གསུངས་པ་ཡང་ཡོད་ལ། འདི་ནས་གཙོ་བོ་རྫོགས་རིམ་ཀུན་གྱི་རྒྱལ་པོ་སྟེ་རྫོགས་ཆེན་ཨ་ཏི་ཡོ་གའི་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དང་མཐུན་པར་སྦྱར་ན། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སྐུ་དང་ཞིང་ཁམས་སུ་ཤར་བ་སྟེ། སྣང་བ་ཐམས་ཅད་སྐུའི་དཀྱིལ་འཁོར། གྲག་པ་ཐམས་ཅད་གསུང་གི་དཀྱིལ་འཁོར། དྲན་རིག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་ཏེ། གསང་བ་གསུམ་གྱི་ངོ་བོར་དེ་ལྟར་རྟོགས་ནས་སྤང་བླང་མེད་པའི་ཡེ་གྲོལ། འཁོར་བ་མིང་ཙམ་དུ་ཡང་མེད་པའི་འགག་དེ་རྡོ་རྗེ་གསུམ་ལ་བསྡུས་པའོ། །ཐབས་ཉི་ཤུ་རྩ་གཅིག་ནི། དབང་པོ་ཉི་ཤུ་རྩ་གཅིག་གི་ངོ་སྤྲོད་ཉི་ཤུ་རྩ་གཅིག་སྟེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། ཉི་ཤུ་རྩ་གཅིག་བློ་རིམ་བཞིན། །འོད་དང་ཡེ་ཤེས་ཉིད་ལ་ནི། །ངོ་སྤྲོད་རྣམ་པ་བདུན་དག་གིས། །བློ་ཆུང་རིམ་པ་བདུན་རྣམས་གྲོལ། །སྐུ་དང་ཐིག་ལེ་ཉིད་ལ་ཡང་། །ངོ་སྤྲོད་ཉིད་ནི་རྣམ་བདུན་གྱིས། །འབྲིང་པོ་བདུན་པོའི་དོན་དུའོ། །རིག་པ་དང་ནི་དབྱིངས་ལ་བདུན། །ཆེན་པོ་རྣམས་ཀྱི་དོན་དུའོ། །ཞེས་སོ། །འདིའི་དབང་པོ་ཉི་ཤུ་རྩ་གཅིག་ནི་དབང་པོ་རྣོ་རྟུལ་འབྲིང་གསུམ་ལ་རེ་རེ་བཞིན་དུ། ཐ་མ། འབྲིང་། རབ། རྩེ་མོ། ཕུལ། མཆོག མཐར་ཕྱིན་པ་དང་བདུན་དུ་ཕྱེས་པའི་བདུན་གསུམ་ཉི་ཤུ་རྩ་གཅིག་ཡིན་ལ། དེ་དང་བསྟུན་པའི་ཁྲེགས་ཆོད་ཐོད་རྒལ་གཉིས་མེད་ཀྱི་ངོ་སྤྲོད་ཡོད་པ་ལུང་གིས་བསྟན་དོན་ལྟར་དང་། བསྡུས་ན་དབང་པོ་ཉི་ཤུ་རྩ་གཅིག་འདི་དབྱེ་གཞི་གསུམ་པོ་ལ་འདུས་པ་དང་། དེ་ཡང་སྣང་བ་ཡུལ་གྱི་བློ་ཅན་དང་རིག་པ་རང་སྣང་གི་བློ་ཅན་གྱི་གང་ཟག་རིགས་གཉིས་ལ། འབད་མེད་དུ་གྲོལ་བ་ཁྲེགས་ཆོད་དང་། འབད་བཅས་སུ་གྲོལ་བ་ཐོད་རྒལ་ཏེ། དེ་ཡང་ངོ་བོ་གཅིག་ཏུ་འདུས་པ་ཀ་ལྷུན་ཟུང་འཇུག་གི་གདམས་པས་འདེབས་པ་ཐབས་ཀྱི་གཙོ་བོ་ཡིན་ནོ། །ཟིལ་གནོན་གསུམ་ནི། སྣང་བ་ཟིལ་གནོན་སྒྱུ་མའི་དཔེ་བརྒྱད། ཤེས་པ་ཟིལ་གནོན་རང་ཡལ་རྗེས་མེད་བར་སྣང་གི་སེར་བུ། རིག་པ་ཟིལ་གནོན་ཟང་ཐལ་སྟོང་པ་ནམ་མཁའ་ལྟ་བུའོ། །སྣང་བ་འཕྲོ་རྒོད་ཀྱི་རྟོག་པ་དེ་ཟིལ་གྱིས་གནོན་པའི་ཆེད་དུ། མེད་པ་གསལ་སྣང་སྒྱུ་མའི་དཔེ་བརྒྱད་ཀྱི་ཉམས་ལེན་དང་། ཤེས་པ་ཟིལ་གནོན་འགྱུ་འཕྲོ་རྗེས་མཐུད་དུ་ཤར་ན། རྣམ་རྟོག་རང་ཡལ་རྗེས་མེད་ནམ་མཁའི་བྱ་རྗེས་དང་བར་སྣང་གི་སེར་བུ་ལྟ་བུའི་རྩལ་སྦྱོང་། རིག་པ་ཟིལ་གནོན་རིག་པ་ཉམས་ཞེན་གྱི་རྩལ་དང་མ་བྲལ་ན། ཟང་ཐལ་ཡེ་སྟོང་རྗེན་སངས་ནམ་མཁའ་སྟོང་པ་ལྟ་བུའི་རྩལ་སྦྱོང་རྣམས་ཀྱིས་ཟིལ་གྱིས་གནོན་པར་བྱ་དགོས་སོ། །སྙིང་པོ་གསུམ་ནི་ཡེ་གྲོལ་རྗེན་པའི་སྙིང་པོ་སྟོང་པ། རང་གྲོལ་རྗེན་པའི་སྙིང་པོ་གསལ་བ། གནས་གྲོལ་རྗེན་པའི་སྙིང་པོ་འགག་མེད་དོ། །སྟོང་གསལ་འགག་མེད་སྐུ་གསུམ་གྱི་སྙིང་པོ་དང་མི་འབྲལ་བ་དེ། གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་འབྲས་གང་གི་སྐབས་ཡིན་ཡང་མཉམ་ལེན་གྱི་སྙིང་བཅུད་དུ་འཛིན་པ་ནི་གནད་དོ། །སྣང་བ་གསུམ་ནི། གདངས་ཀྱི་སྣང་བ་འོད་ལྔ། རིག་པའི་སྣང་བ་དྭངས་གསལ། གཤིས་ཀྱི་སྣང་བ་ཆོས་ཟད་འཛིན་པ་ཐམས་ཅད་ལས་འདས་པའོ། །འདི་དག་ཚང་མ་རྒྱུད་ལ་ཁུངས་གཏུགས་ནས་རྒྱུད་ཁུངས་མས་འགྲེལ་བ་ནི། དོན་དེ་དག་སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་ངོ་བོ་ལ། །འཁྲུལ་དང་མ་འཁྲུལ་མེད་པའོ། །སེམས་ཅན་བློ་ཡི་བསམ་པ་རྣམས། །ཚིག་དང་ཡི་གེས་མི་མཚོན་ཏེ། གདམས་ངག་སྙིང་པོ་གསུམ་ལ་ཐུག །ཅེས་པས་གོང་གི་མན་ངག་གི་སྙིང་པོ་གསུམ་དང་། རང་རིག་ཆོས་སྐུའི་སྣང་བ་ནི། །བལྟས་པས་མཐོང་བར་མི་འགྱུར་ཏེ། གཞག་ཐབས་ངོ་བོ་གསུམ་ལ་ཐུག །ཅེས་པས་ལྟ་བའི་གཞག་ཐབས་རྣམ་གསུམ་དང་། རྫོགས་ཆེན་འགག་མེད་སྤྱོད་པ་ཉིད། །བྱས་པས་འབྱུང་བར་མི་འགྱུར་ཏེ། ཆགས་མེད་རང་གྲོལ་གསུམ་ལ་ཐུག །ཅེས་པས་སྤྱོད་པ་ཆགས་མེད་རང་གྲོལ་གྱི་གནད་གསུམ་དང་། རྫོགས་ཆེན་གོམས་པ་ཡེ་ཡོད་ཉིད། །བསྒོམས་པས་བྱུང་བ་མ་ཡིན་ནོ། །འགྱུ་མེད་བསམ་བྲལ་བཞི་ལ་ཐུག །ཅེས་པས་ཡེ་ཡོད་ཆིག་ཆོད་ཀྱི་བསྒོམ་པ་བཞི་དང་། རྫོགས་ཆེན་དོན་གཉིས་རྟོགས་དཀའ་བས། །མཚོན་པའི་ཚིག་གིས་མི་རྙེད་དེ། །གདམས་ངག་གསང་བཅུད་གཉིས་ལ་ཐུག །ཅེས་པས་རྟོགས་པ་རང་སར་གཟུང་པའི་གསང་བཅུད་གཉིས་དང་། རྫོགས་ཆེན་རིག་པ་རྟོག་མེད་ཉིད། །བསྒོམས་པས་རྟོགས་པར་མི་འགྱུར་ཏེ། །སྐྱེལ་ས་ཆེན་པོ་གཅིག་ལ་ཐུག །ཅེས་པས་རིག་པ་རང་བབས་རྟོགས་མེད་ཀྱི་སྐྱེལ་ས་གཅིག་དེ་ཀ་དག་རྗེན་པ་ཡིན་པར་གསུངས་པ་དེ་དང་། རྫོགས་ཆེན་རང་བྱུང་ཡེ་ཤེས་ཉིད། །བསྒྲུབས་པས་འགྲུབ་པར་མི་འགྱུར་ཏེ། །ངེས་པའི་སྙིང་པོ་གཉིས་ལ་ཐུག །ཅེས་པས་རིག་པ་ལྷུན་གྲུབ་ཀྱི་སྙིང་པོ་གཉིས་དང་། རྫོགས་ཆེན་འབྲས་བུ་ཆིག་ཆོད་ཉིད། །བསྐྱེད་པས་རྫོགས་པར་མི་འགྱུར་ཏེ། །ཆགས་བྲལ་མན་ངག་གསུམ་ལ་ཐུག །ཅེས་པས་འབྲས་བུ་ལྷུན་གྲུབ་ཀྱི་མན་ངག་གསུམ་དང་། རྫོགས་ཆེན་སྣང་བ་ཐུག་ཕྲད་ཉིད། །གཟུང་བས་ཟིན་པར་མི་འགྱུར་ཏེ། །རྣམ་དག་ངོ་བོ་ལྔ་ལ་ཐུག །ཅེས་པས་ཉོན་མོངས་དུག་ལྔ་ཐུག་ཕྲད་རང་དག་གི་ངོ་བོ་ཡེ་ཤེས་ལྔ་དང་། རྫོགས་ཆེན་རྟོག་མེད་གསལ་གདངས་ཉིད། །ཆགས་པས་དོན་དམ་མི་རྟོགས་ཏེ། །ཡིན་པ་རྣམ་པ་དྲུག་ལ་ཐུག །ཅེས་པས་སྟོང་གསལ་དགོངས་པའི་གདངས་དྲུག་དང་། རྫོགས་ཆེན་རྣམ་པ་གཞི་རྫོགས་ཉིད། །དཔྱད་པས་མཐའ་ལ་མི་སྐྱོལ་ཏེ། །འཛིན་མེད་རྣམ་པ་བརྒྱད་ལ་ཐུག །ཅེས་པས་མཐའ་བརྒྱད་ཡེ་གྲོལ་དུ་བསྟན་པའི་སྐྱེལ་ས་བརྒྱད་དང་། རྫོགས་ཆེན་འགྱུར་མེད་ལམ་ལྔ་ཉིད། །སྦྱངས་པས་ཕྱིན་པར་མི་འགྱུར་ཏེ། །དཀྱིལ་འཁོར་རྣམ་པ་གསུམ་ལ་ཐུག །རྫོགས་ཆེན་འབྲས་བུ་རང་སངས་ཉིད། །བསྒྲུབས་པས་ཐོབ་པར་མི་འགྱུར་ཏེ། །ཉི་ཤུ་རྩ་གཅིག་ཐབས་ལ་ཐུག །ཅེས་པས་དབང་པོ་ཉེར་གཅིག་དང་། རྫོགས་ཆེན་གསང་སྔགས་ངོ་བོ་ཉིད། །མཆོད་པས་དངོས་གྲུབ་མི་འབྱུང་སྟེ། །ཟིལ་གནོན་རྣམ་པ་གསུམ་ལ་ཐུག །རྫོགས་ཆེན་སྟོང་ཉིད་ཡེ་ཤེས་ཉིད། །བསམས་པས་རང་རིག་མི་མཐོང་སྟེ། །བསྟན་པའི་སྙིང་པོ་གསུམ་ལ་ཐུག །དེ་དག་ནི་ཆོས་ལོངས་སྤྲུལ་སྐུའི་བསྟན་པ་གསུམ་ཞེས་འགྲེལ་ན་ཡང་ཆོག་པར་འདུག རྫོགས་ཆེན་རང་འོད་གསལ་བ་ཉིད། །སྤྲད་པས་མཐོང་བར་མི་འགྱུར་ཏེ། །དོན་གྱི་སྣང་བ་གསུམ་ལ་ཐུག །དེས་ནི་རྫོགས་ཆེན་མཐའ་ལ་སྐྱོལ། །རང་བཞིན་སྟོན་པ་དེ་བཞིན་ནོ། །ཞེས་སོ། །གོང་ནས་མ་བྱེད་མ་བྱེད་རྩོལ་ཞིང་སྒྲུབ་མ་བྱེད། །ལ་སོགས་པས་འབད་ཅིང་རྩོལ་བའི་དོན་མེད་པར་བསྟན་པའི་མཇུག་ཐོག་དེར། དེ་དག་གི་གནད་ཆོས་ཀྱི་རྣམ་གྲངས་ངོ་བོ་བཅུ་དྲུག་གིས་བསྟན་ནས། དེས་ནི་རྫོགས་ཆེན་མཐའ་ལ་སྐྱོལ། །རང་བཞིན་སྟོན་པ་དེ་བཞིན་ནོ། །ཞེས་པའི་དོན་འགྲེལ་ཐབས་གང་ལ་བརྟེན་ནས། ལམ་གང་བརྒྱུད་དེ། མཐར་རྫོགས་ཆེན་ལ་ཇི་ལྟར་སྐྱོལ་བའི་རང་བཞིན་གཞི་ལམ་འབྲས་གསུམ་ངོ་བོ་གཅིག་པར་བསྟན་པའོ། །ལམ་ལྔ་ནི། སྣང་བ་བཞི་ཆོས་ཉིད་རང་ངོ་ལ་གནས་པ་དང་ལྔ་སྟེ། ལམ་ལྔས་ཡེ་ཤེས་ལྔའི་སྣང་བ་མཚོན་པ་དེ་ཉིད་ཇི་བཞིན་དུ་བཀྲལ་བ་ལས། ཆོས་དབྱིངས་ཡེ་ཤེས་ཀྱི་ལམ་སྤྲོས་བྲལ་དོན་གྱི་རང་ངོ་ཆོས་ཉིད་ཟད་པའི་སྣང་བ། འདིར་ཆོས་ཉིད་ཟད་པའི་སྣང་བ་སྔོན་དུ་ཡོང་བ་ནི་ཁྲེགས་ཆོད་གཙོ་བོར་བཤད་པའི་སྐབས་ཡིན་པས་སོ། །སྤྱིར་ན་འོད་གསལ་གྱི་སྣང་བཞི་བཤད་དུས་ཐོད་རྒལ་གྱི་སྐབས་སུ་ལུགས་འབྱུང་དང་། ཁྲེགས་ཆོད་ཀྱི་སྐབས་སུ་ལུགས་ལྡོག་ཏུ་གསུངས་པའི་ཁྱད་པར་ཅི་ཞིག་གིས་བྱུང་ན། འཆར་ཚུལ་དང་རྟོགས་ཚུལ་གྱི་ཁྱད་པར་བཤད་པ་ཡིན། དེ་བཞིན་དུ་རྫོགས་ཆེན་མན་ངག་སྡེས་སྐུ་གསུམ་ལམ་སྣང་དུ་བཞེད་པ་འདི་ཡང་རང་སྣང་ཡེ་ཤེས་ཀྱི་ལམ་དུ་ལུགས་ལྡོག་དང་། གཞན་སྣང་ཐུགས་རྗེའི་ངོས་ནས་ལུགས་འབྱུང་གི་བཤད་ཚུལ་དང་གནད་འདྲ་བ་ཡིན། དེ་ཉིད་ལས་མེ་ལོང་ཡེ་ཤེས་ཀྱི་ལམ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་རིག་གསལ་གདངས་ཆེན་པོ་ཉིན་མཚན་རྒྱུན་གྱི་རྣལ་འབྱོར་རིག་པ་ཚད་ཕེབས་ཀྱི་སྣང་བ་དང་། དེ་ལས་མཉམ་ཉིད་ཡེ་ཤེས་ཀྱི་ལམ་ཉམས་ཀྱི་ཡོན་ཏན་གོང་དུ་འཕེལ་བའི་སྣང་བ་དང་། ཉམས་ལ་འཛིན་ཞེན་གྱི་མཐའ་དང་བྲལ་བའི་རང་སྣང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ལམ་ཆོས་ཉིད་མངོན་སུམ་གྱི་སྣང་བ་སྟེ། རང་རིག་དང་པོའི་གཞི་ལས་མ་གཡོས་པར་བསྟན་པ་དང་། དེ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ལམ་རིག་པ་ཀ་དག་ཏུ་གྲོལ་བས་ཟང་ཐལ་རྗེན་པའི་ཆོས་ཉིད་རང་ངོ་ལ་གནས་པ་སྟེ། ཁྲེགས་ཆོད་ཀྱི་སྐབས་འདིར་ཐོད་རྒལ་ལས་གོ་ལྡོག་པར་བསྟན་པ་ཡང་། བི་མ་ལས། དེ་དག་ཡང་ནི་ལྡོག་པ་ཡིས། །རང་རིག་ཐོག་མའི་གཞི་ལ་སྐྱེལ། །ཞེས་གསུངས་པའི་དོན་ཏོ། །དེ་ཡན་གྱིས་དག་མཉམ་ཡེ་གྲོལ་གྱི་ཆིངས་བསྟན་པ་ནང་གསེས་ཀྱི་དབྱེ་བ་མཐའ་དཔྱད་དང་བཅས་པ་སོང་ནས།

༼ཁ༽གཉིས་པ་རྟོགས་པ་ཆོས་ཟད་ཀྱི་དགོངས་པ་བཤད་པ།

དེ་ལ་རྟོགས་པའི་དུས་ངེས་པས་ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ་དང་། ཞེན་འཛིན་སྤང་བར་གདམས་པདང་། བྱང་ཆུབ་སེམས་སུ་ཀུན་འདུས་རྣམ་པར་དག་པ་བསྟན་པ་དང་། རྒྱུ་མཚན་ངེས་པའི་མཐའ་སྡུད་དང་བཞི་ལས།

ཀ༽དང་པོ་རྟོགས་པའི་དུས་ངེས་པས་ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ།

དེ་ལ་རྟོགས་པའི་དུས་ངེས་པས་ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ་དངོས་དང་། འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པར་བསྟན་པ་དང་། དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་དང་། རྟོགས་པ་ངེས་པའི་འགལ་ཟླ་བསལ་བར་གདམས་པ་དང་བཞི་ལས།

༡༽དང་པོ་རྟོགས་པའི་དུས་ངེས་པས་ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ་དངོས།

ད་ནི་རྟོགས་པའི་དུས་ངེས་པས་ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ་ནི།

ཐམས་ཅད་ཕྱམ་ལོག་གང་ལའང་ཡུལ་མེད་པས།།

ཁྲིགས་དང་ཆོས་མེད་དམིགས་གཏད་ངོས་གཟུང་མེད།།

གཞི་ལོག་ལམ་ལོག་འབྲས་བུའི་ཆོས་ལོག་པས།།

ལེགས་ཉེས་ཤོར་གོད་རྡུལ་ཙམ་དམིགས་སུ་མེད།།

ཕྱམ་ཕྱམ་ཕྱང་ཆད་ཡེ་ཆད་སྣང་སྲིད་ཆད།།

འཁོར་འདས་རུ་ལོག་དབྱིངས་ཀྱང་སོ་ན་མེད།།

གང་ཡིན་ཅི་ཡིན་འདི་ཡིན་གཏད་སོ་མེད།།

ཁྱེད་ཅག་ཅི་བྱ་ང་ནི་གང་ན་འདུག།

སྔར་ཤུལ་ད་མེད་འདི་ལ་སུས་ཅི་བྱ།།

ཧ་ཧ་འདི་འདྲ་མཚར་ཆེ་དགོད་རེ་བྲོ།།

ཞེས་གསུངས་ཏེ། རྟོགས་པའི་དུས་ངེས་པའི་ཚད་ལ་ཕྱིན་ནས་ཆོས་ཟད་ཀྱི་རྟོགས་པ་བརྙེས་པའི་སྐབས་སུ་ཆོས་ཟད་མིང་མེད་ཆེན་པོའི་ཕུ་ཐག་ཆོད་ནས། རང་དག་རྗེན་སངས་སུ་སོང་བ་དག་ཁྲུས་རྗེན་པ་དག་གཙང་བྱས་པའི་ཆིངས་དེ། སྣོད་བཅུད་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱམ་ལོག་པ་སྟེ་རུ་ལོག་ནས་རང་རང་གི་སྔར་གྱི་སོ་ན་མེད་ཅིང་། གང་ལ་ཡང་ཡུལ་མེད་པས་རིག་པ་ཟང་ཐལ་ཆོས་ཟད་མིང་མེད་ཆེན་པོར་རང་གི་རིག་པའི་གཤིས་སུ་རྟོགས་པས་སྣང་སྲིད་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་བདེན་ཞེན་དུ་འཛིན་པའི་ཕྱམ་ལོག་པ་ནི་ཡུལ་མེད་ནམ་མཁའ་ལྟར་དག་མཉམ་གཅིག་ཏུ་རྟོགས་པའི་གནད་ལས་ཤར་ཏེ། འཁོར་འདས་སུ་སྣང་བའི་ཕྱི་སྣང་བ། ནང་རིག་པ། གཟུང་འཛིན་སྣང་བརྟགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ཡོད་མ་མྱོང་བདེན་མ་མྱོང་རྫུན་མ་མྱོང་པའི་ཡེ་སྟོང་གི་ཐོག་ཏུ་ཡང་སྟོང་དུ་ཤར་བ་ཡིན་པས་ན། བདེན་ཞེན་དུ་འཛིན་པའི་ཕྱམ་ལོག་པ་ཞེས་ཐམས་ཅད་ཁྱབ་མཉམ་དུ་གདལ་བ་དེ་ནི་ཡུལ་མེད་ནམ་མཁའ་ལྟར་དག་མཉམ་ཡུགས་གཅིག་ཏུ་སྟོང་སངས་ཕྱམ་གཅིག་ཏུ་རྟོགས་པའི་གནད་ལས་ཤར་བ་ཡིན་ཏེ། དེ་ལྟར་ན་སྤོང་ལེན་རྩོལ་སྒྲུབ་ཀྱི་ཁྲིགས་ཏེ་འདི་སྤངས་ནས་འདི་བསྒྲུབ་དགོས། དེ་དོར་ནས་ཅིག་ཤོས་ལེན་དགོས་བསམ་པའི་ཁྲིགས་དང་འཆར་གཞི་མེད་པ་དང་། ཞེ་འདོད་བསྒྲུབ་བྱའི་ཆོས་ཀྱང་འདི་ཡིན་བསམ་རྒྱུ་ཞིག་མེད་པ་དང་། དམིགས་གཏད་ངོས་གཟུང་གི་འཁྲིས་སམ་ཞེན་འཛིན་མེད་པས། བློས་བྱས་བཅོས་མའི་གཞི་མཐའ་བྲལ་གདེང་དུ་འཆའ་བའི་ལྟ་བ་ལས་ལོག་སྟེ་གཏད་མེད་ཕྱོགས་བྲལ་གྱི་རིག་པ་མཚོན་བརྗོད་ཀྱི་ཡུལ་ལས་འདས། སེམས་འཛིན་ཞི་ལྷག་གི་བསྒོམ་པ་གྲོལ་བས་ངང་གནས་རང་དྭངས་ཀྱི་ལམ་དང་བྲལ་ཏེ་ཆོས་ཉིད་ཕྱོགས་ཡན་གྱི་རུ་ལོག་པས་རང་བབས་ལྷུན་གྲུབ་ཀྱི་དགོངས་པ་ལ་བར་དང་མཚམས་མེད། རེ་དོགས་གཉིས་འཛིན་གྱི་འབྲས་བུ་ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བསྒྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱང་ཆད། འཁོར་འདས་རིག་པའི་ངང་དུ་རུ་ལོག རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོ་ན་མེད། གང་ཡིན་དང་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་བུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་ཞེན་འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་ཕུར་བཏོན་པས་ང་དང་བདག་འཛིན་གྱི་ཐག་པ་བུད་དེ་རིག་པ་རང་ཡན་ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་གཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུས་ཅི་བྱ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང་། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག ནང་རང་རིག་གི་ཤེས་པ་རང་མལ་ལ་བལྟས་པས། ཕྱ་སངས། སྟོང་ཡལ། རིས་མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་བ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །ཞེས་པ་སྟེ་བློས་བྱས་བཅོས་མའི་མཐའ་བྲལ་གདེང་དུ་འཆའ་བའི་ལྟ་བ་ལ་གཙིགས་ཆེན་བྱེད་པའི་ཞེན་འཛིན་དེ་ལས་ལོག་སྟེ། གཏད་མེད་ཕྱོགས་དང་བྲལ་བའི་རྒྱ་ཡན་གྱི་རིག་པ་དོན་གྱིས་མཚོན་པ་དང་ངག་གིས་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པས། གཞི་ལོག་ལམ་ལོག་རང་བཞིན་གྲོལ་བའི་འབྲས་བུའི་ཆོས་ཀྱང་ལོག་པས་ན། སེམས་འཛིན་ཞི་ལྷག་གི་སྒོམ་པ་གཉེན་པོ་བཟང་བྱས་ཀྱི་ལམ་ཉིད་ཀྱང་གྲོལ་བ་ཡིན་ཕྱིར། ལྟ་སྒོམ་གྱི་མིང་མེད་ཕྱོགས་རིས་ཀྱི་ཆོས་མེད་པར། ངང་གནས་རང་དྭངས་ཀྱི་ལམ་དེ་རྩོལ་བ་ཡུལ་འཛིན་དང་བཅས་པར་བྲལ་ཏེ་བྱ་རྩོལ་དང་ལྟ་སྒོམ་ལས་ཡེ་ནས་འདས་པའི་ཡང་སངས་ཆོས་ཉིད་ཕྱོགས་ཡན་གྱི་རུའམ་ཕྱོགས་ཀྱང་ལོག་པས་ན་མི་འགྱུར་རང་བབས་ལྷུན་གྲུབ་ཀྱི་དགོངས་པ་ལ་བར་དང་མཚམས་མེད་ཅིང་། ཆོས་ལ་བྱར་མེད་ཅིང་བྱས་པ་ཆོས་མ་ཡིན་པས་ལེགས་ཉེས་ཤོར་གོད་རྡུལ་ཙམ་ཡང་དམིགས་སུ་མེད་ཅིང་རེ་དོགས་གཉིས་འཛིན་གྱི་འབྲས་བུ་ལོག་པས་ན། འཁོར་བ་མི་སྤང་འདས་པ་མི་ལེན་པའི་ཡེ་དག་རང་སྟོང་ཀ་དག་ཆོས་ཟད་ཀྱི་རིག་པ་ཟང་ཐལ་བློ་ལས་འདས་པ་རྗེན་ལ་བུད་དེ་འཆིང་གྲོལ་གཉིས་སུ་མེད་པའི་རང་བྱུང་ཡེ་ཤེས་ཀྱི་ཟད་ས་ཡུལ་མེད་རྟེན་བྲལ་ཆེན་པོ་མ་བསྒྲོད་རང་མལ་དུ་གནས་ཤིང་། ཕྱི་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད་དེ་ནང་འཛིན་རྟོག་མཁའ་ལྟར་དག་པ་དེ་རང་གིས་རྟོགས་པས་ན་བློ་བདེའི་ཉི་མ་ཁོང་ནས་ཤར་ཏེ། ཕྱམ་ཕྱམ་ཕྱང་ཆད་ཡེ་ཆད་སྣང་སྲིད་ཆད་ནས་གཟུང་འཛིན་ཡུལ་མེད་རྟེན་བྲལ་དུ་སོང་ནས། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་ཞིང་བོར་བའི་སྣང་སེམས་འབྲེལ་མེད་དུ་སོང་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་བ་གཞི་མེད་ཤེས་པ་ཤར་གྲོལ་ཕྱམ་ཕྱམ་ཡངས་པ་ཟང་ཐལ་དུ་གོ་ས་ཐམས་ཅད་མཉམ་པར་གདལ་བ་དང་། སྣང་བ་སང་སེང་ཤེས་པ་བདེན་མེད་འདིར་གཏད་མེད་པའི་ངང་དུ་ཕྱང་ཆད་ནས། འཁོར་འདས་ཀྱི་བར་ལག་འགྱེལ་བའི་དབང་གིས་འཁོར་འདས་རིག་པའི་ངང་དུ་རུ་ལོག་སྟེ་སྔར་གྱི་ཞེན་འཛིན་གྱི་རང་སོ་མེད་པར་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་ནས། རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོ་ན་སྔར་བཞིན་དུ་མེད་པར། གང་ཡིན་དང་ཅི་ཡིན་འདི་ཡིན་གྱི་གཏད་སོ་ཐམས་ཅད་དང་བྲལ་བས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་དཔེ་བརྒྱད་བཞིན་དུ་འདི་ཡིན་དང་ངོས་གཟུང་གི་ཕྱོགས་ལས་འདས་ཏེ། དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཕྱུག་ས་མེད་པའི་གནད་རིག་ཅིང་ཕྱི་སྣང་བ་ལ་གཟུང་བའི་སེམས་བུད་པས། ཁྱེད་ཅག་ཅི་བྱ་ང་ནི་གང་ན་འདུག །ཅེས་པ་ལྟར་དུ། མཐོང་སྣང་མ་གཅིག་པའི་སྟབས་ཀྱིས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། ཐམས་ཅད་རིག་པར་སྣང་ཡང་རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་ཞིང་། འཁོར་འདས་ཀྱིས་ཀྱང་རིག་པ་མ་མཐོང་བ་དང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་སྐད་ཅིག་ཀྱང་གཡོས་མྱོང་མེད་པས་བྱ་བ་དང་བྱེད་པའི་ཞེན་འཛིན་འདི་འདྲ་མིན་འོང་དུ་ཐང་སྟེ། ཡོད་མེད་མཐའ་གྲོལ་གཞི་མེད་རྨི་ལམ་གྱི་སྣང་བ་ལྟ་བུ་འདི་མཐོང་བས་ན་ཆོས་ཉིད་ཀ་དག་གི་དོན་ཤེས་རབ་ཀྱི་དབང་པོ་རྟོགས་པས་ཉམས་དགའ་བ་ཡིན། ནང་གཏད་འཛིན་སེམས་ཀྱི་རྟོད་ཕུར་རྨང་ནས་བཏོན་ཏེ་བུད་སོང་དུས་ང་དང་ང་ཡི་ཞེས་པ་དང་བདག་གིར་འཛིན་བྱེད་ཀྱི་ཐག་པ་ལྟ་བུ་དེ་བུད་ནས་རིག་པ་རང་ཡན་ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། མཐའ་ཐུག་སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ས་ཟིན་ནམ་དམིགས་གཏད་ཅན་ནི་བདག་ལ་མེད། སྔར་ཤུལ་ད་མེད་འདི་ལ་སུས་ཅི་བྱ། །ཞེས་པ་བཞིན་དུ། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་གཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུ་དེས་ཅི་ཞིག་བྱ། ཕྱི་སྣང་བ་ལ་བལྟས་པས་གཞི་མེད་ཟང་མ་ཐལ་དུ་སོང་། གཏད་མེད་སང་མ་སེང་། ངེས་གཟུང་དང་བྲལ་བས་ཡལ་མ་ཡོལ། གཟའ་གཏད་དང་གར་བྱེད་འདི་བྱེད་པས་ར་མ་རི། ཤར་གྲོལ་རྗེས་མེད་སྣང་སེམས་འབྲེལ་མེད་ལ་འདིར་རྒྱག་དང་འདི་བྱེད་དང་འདི་ཡིན་འདི་མིན་གྱི་ཕྱོགས་དང་རིས་སུ་མི་འདུག ནང་རང་རིག་གི་ཤེས་པ་རང་མལ་ལ་བལྟས་པས། རང་བཞིན་གྱི་རིག་པ་ནམ་མཁའ་ལྟ་བུ་ལ་སྤང་བླང་གཉེན་པོས་གཟེབ་ཀྱིས་འཆིང་མི་དགོས་པས་ན་རང་དག་ཕྱ་སངས། ཡེ་སངས་སྟོང་ཡལ། རིས་མེད་ཕྱོགས་འཛིན་དང་བྲལ་བ། རྟོག་སངས་འཛིན་པ་ཐམས་ཅད་བྲལ་ནས་འཛིན་པའི་མཐའ་ལས་འདས་པ། ཕྱང་ཆད་བར་མེད་། སྟོང་ཡལ་རྗེས་མེད་ཕྱལ་པ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ཀུན་མཁྱེན་བླ་མ་ད་ལྟ་ཅི་ཡང་མེད་པའི་ཆོས་ཟད་ཆོས་སྐུའི་དགོངས་པ་ཀུན་བཟང་ཆོས་སྐུའི་རྒྱལ་ས་ལ་བསྙེགས་ན་ཁྱེད་ཅག་གང་ན་འདུག་ཧ་ཧ་འདི་འདྲ་མཚར་ཆེ་དགོད་རེ་བྲོ་སྟེ་ཞེས། ཧ་ཧའི་བཞད་པ་བརྒྱད་ཀྱི་རྡོ་རྗེའི་སྒྲ་དབྱངས་དང་བཅས་ཏེ། འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རྒྱལ་བ་ཀློང་ཆེན་པ་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རྒྱུད་ཀྱི་ལུང་གིས་གསལ་བར་མཛད་པ་སྟེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་དུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་སྐྱེས་ཏེ་རང་གི་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་བར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པར་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང་། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །གོང་གི ཐམས་ཅད་ཕྱམ་ལོག་གང་ལ་ཡང་ཡུལ་མེད་པས། །ཁྲིགས་དང་ཆོས་མེད་དམིགས་གཏད་ངོས་བཟུང་མེད། །ཅེས་པ་ལ་སོགས་པ་ནས། ཧ་ཧ་འདི་འདྲ་མཚར་ཆེ་དགོད་རེ་བྲོ། །ཞེས་པ་ཡན་ཆོད་ཀྱི་དོན་རྡོ་རྗེའི་ཚིག་གིས་བཀྲལ་བ་ནི། མཁས་པས་བསྟན་བཅོས་རྩོམ་པ་ལས་བརྒྱ་འགྱུར་དང་སྟོང་འགྱུར་གྱིས་ཁྱད་དུ་འཕགས་པའི་དགོངས་པ་ཀློང་རྡོལ་གྱིས། ཀུན་ཏུ་བཟང་པོའི་ཐུགས་གསང་འགྲོ་བ་མིའི་སྒྲ་སྐད་ཀྱིས་གསུངས་པ་ཡིན་ལ། དེ་ཐམས་ཅད་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་འགྲེལ་ཡིན། མྱོང་བ་ངེས་པའི་རྟགས་ཚད་དུ་ཀུན་མཁྱེན་བླ་མ་ཁོང་ཉིད་ཀྱི་ཐུགས་བཅུད་དགོངས་པའི་ཡང་མཛོད་ནས་བྱུང་བར་ཡིན་པས་ན། ཆོས་ཀྱི་མཚན་ལ་ཡང་རྫོགས་ཆེན་སྙིང་ཐིག་ཞུ་བ་ཡིན། རྫོགས་ཆེན་གྱི་སྐབས་ཀྱི་ཆོས་སྐད་དང་ཐ་སྙད་འདི་དག་འགའ་རེ་བརྡ་གསར་རྙིང་གི་ཚིག་མཛོད་ཀློག་ནས་ཇི་ལྟར་བཙལ་ཡང་རྙེད་རྒྱུ་ཡོད་པ་མ་རེད། ཀློང་གྲོལ་དགོངས་པའི་ཀློང་ནས་བྱུང་བ་མིའི་བློ་ཡུལ་ལས་འདས་པའི་དོན་འགའ་རེ་དེ། མིའི་སྒྲ་ཚིག་ལས་འདས་པའི་ཚིག་གིས་མཚོན་པར་མཛད་དེ་བརྡ་བསྟན་པས་གྲོལ་བ་དབང་རབ་ཀྱི་ཆོས་སྐལ་ཡིན་པས་ཉན་མ་ཤེས་ན་གོ་དཀའ་བ་ཡིན། རྡོ་རྗེའི་གད་མོ་བཅུ་གཉིས་དང་ད་རུང་ངོ་མཚར་བའི་ཚིག་ཆེན་བརྒྱད་འདི་དག་གིས། ཁམས་གསུམ་ཡོངས་གྲོལ། འཁོར་འདས་མིང་མེད། མ་བྱས་ཡེ་ཟིན་གྱི་སྤང་བླང་ཡེ་གྲོལ་ཆེན་པོ་བྱར་མེད་དུ་ལ་བཟླས་ནས། རྫོགས་པ་ཆེན་པོའི་རང་སྐད་བློ་མཆོག་དབང་པོ་ཡངས་རབ་དེའི་སྐད་གོ་ནས་དོན་ཨ་ཁྲིག་གེར་ཡོད་པ་ལ། རིག་པའི་གཤིས་སྒྲ་ཇི་བཞིན་དེ་ཁོ་ནར་ངེས་པ་དེ་ཐད་དྲང་དུ་བསྟན་པ་ཡིན། བློ་དམན་གྱི་སྔུན་ནས་འདི་བཤད་ན་སྔངས་ཤིང་སྐྲག་པར་འགྱུར་བས། རྒྱུ་འབྲས་ངེས་དོན་དུ་འདོད་པའི་སྐལ་དམན་ལ་གསང་བར་གདམས་པ་ཡང་དེ་ཡིས་མཛད་པ་ཡིན། དེ་ཡན་གྱིས་རྟོགས་པའི་དུས་ངེས་པས་ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ་ཞེས་པའི་རྡོ་རྗེའི་ཚིག་གིས་གནད་བཀྲོལ་བ་རྒྱུད་ཀྱི་ལུང་དང་བཅས་པ་སོང་ནས།

༢༽གཉིས་པ་འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་བར་ལྷུན་གྱིས་གྲུབ་པར་བསྟན་པ།

འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་བར་ལྷུན་གྱིས་གྲུབ་པ་ནི།

སྣང་སྲིད་སྣོད་བཅུད་འཁྲུལ་བ་རུ་ལོག་པས།།

ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས།།

ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས།།

གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས།།

འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས།།

དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས།།

གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར།།

འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་མཚན་ཆེ།།

ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད།།

ཅེས་གསུངས་ཏེ། རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་བའོ། །འདི་ནི་མ་འཁྲུལ་བའོ་ཞེས་ཐ་སྙད་དུ་བདེན་པར་འཛིན་པའི་གཏད་འཛིན་སྟོར་བས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་བའི་སྣང་བའམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་ཏེ་དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚེས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་ར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་བ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས་མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ། ཞེས་པ་སྟེ་རྟོགས་པའི་དུས་ངེས་པ་ནམ་མཁའ་དང་འདྲ་བའི་རྣལ་འབྱོར་མཆོག་རབ་རྣམ་པ་མི་ཡི་ལུགས་སུ་བཞུགས་ཀྱང་དགོངས་པ་དང་པོའི་སངས་རྒྱས་དང་མཉམ་པ། ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་པའི་རྒྱ་གྲོལ་ལྷུན་གྲུབ་རང་སྣང་གི་རོལ་བར་སྤྱོད་པའི་གང་ཟག་དེའི་ངོ་ཁར། རིག་པ་ཟང་ཐལ་རྗེན་པ་ལ་འཛིན་ཞེན་གྱི་ཆོས་ཟད་པས་ན་ད་ལྟར་རང་རེ་འཁོར་བའི་སེམས་ཅན་ལ་སྣང་བ་འདིི་ལྟ་བུའི་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་བཞིན་མི་སྣང་པར་འཁྲུལ་བ་དག་པའི་གཟིགས་སྣང་ལ་འདི་ནི་འཁྲུལ་བའོ། །འདི་ནི་མ་འཁྲུལ་བའོ་ཞེས་ཐ་སྙད་ཙམ་དུ་བདེན་པར་འཛིན་པའི་གཏད་འཛིན་སྟོར་བས་སམ་བོར་བས་ན། བློས་བཏགས་གཞི་མེད་ཧ་སང་ཡེ་དག་ཏུ་སོང་སྟེ། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡོད་མེད་རྟེན་བྲལ་དུ་སོང་ཚེ་མཐོང་སྣང་ཐམས་ཅད་ཕྱལ་བ་མཉམ་གདལ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེའི་སྐབས་སུ་དུས་ཀྱང་དུས་གསུམ་དུས་ལས་འདས་པའི་ཀ་དག་གི་རང་དུས་ཤར་ཏེ། ཉིན་མཚན་ཡེ་སངས་ཉིན་མཚན་འཁོར་ཡུག་གི་འོད་གསལ་གཅིག་གི་ངང་དུ་སྦྲེལ་ནས་རང་སངས་ནམ་མཁའ་ལྟར་དུ་དག་ཀྱང་། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བའི་ཆོས་ཟད་ཀྱི་དགོངས་པ་ཐུགས་ལ་ཤར་ཚེ། ཆོས་ཟད་དང་ཤེས་པ་འཆོལ་ནས་ཧོན་ལོག་པ་གཉིས་ནོར་བ་ལྟ་བུ་མ་ཡིན་པར། སྔར་གྱི་གྲུབ་ཐོབ་ཚོས་ཆང་རིན་མ་འཕྲོད་པའི་ཚུལ་མཛད་ནས་ཉི་མ་སྟོད་ལ་གནོན་པ་དང་། བོད་ཀྱི་རྗེ་འབངས་གྲུབ་པ་ཐོབ་པ་དེ་ཚོས་ནམ་མཁར་སྐྱིལ་ཀྲུང་བཅའ་བ་དང་། བྲག་ལ་ཕུར་བ་འདེབས་པ་དང་། རི་བྲག་ཏུ་ཟང་ཐལ་གྱིས་རྒྱུ་བ་ལ་སོགས་པ་གྲུབ་པའི་རྟགས་བསྟན་ནས་རྟགས་ཚད་མཐོང་ཆོས་སུ་བསྟན་པ་དེ་ལྟར་ཡིན་ནོ། །དེ་སྔ་ཉིན་ཞག་དང་ཚེས་གྲངས་ཟླ་འཁོར་ལ་སོགས་པའི་ཆ་དང་དུས་ལ་རིང་ཐུང་དང་དེ་བཞིན་དུ་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་དག་ཅིང་སངས་ནས། བུ་ཆུང་བྱིས་པ་ཆུང་ཆུང་ལ་འདི་བྱ་དང་འདི་བྱེད་ཀྱི་གཏད་སོ་དང་སྔོན་རྩིས་མེད་པས་རང་མལ་ན་བློ་བདེ་བའི་སྣང་བའམ། སྨྱོན་པས་ཀྱང་འདི་བྱ་འདི་བྱེད་ཀྱི་སེམས་ཁུར་དང་། གྲགས་འདོད་མཛེས་འདོད་བསྟོད་འདོད་སྙན་འདོད་ལ་སོགས་པའི་རེ་དོགས་མི་ཤེས་པས་བློ་བདེའི་སྣང་བ་ཤར་བ་ལྟར་དུ་རྣལ་འབྱོར་པའི་སྤྱོད་ལ་ཡངས་པ་ཁོད་སྙོམས་ཀྱི་ཕྱལ་བ་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ་ཙམ་ཞིག་མ་གཏོགས་མེད་པར་ཆོས་ཅན་ཁོལ་བུ་པའི་གཟུང་བ་ཡུལ་འཛིན་གྱི་རྟོག་པ་ཞི་ནས་ཟང་ཐལ་དུ་སོང་བ་དང་། མཚན་མོའི་སྣང་བ་ཡང་དེ་བཞིན་དུ་རང་སངས་ཏེ་དོག་མེར་མེར་སྣང་སེམས་འབྲེལ་ཆད་པར་གྱུར་ནས། ཉིན་ཞག་ཚེས་གསུམ་དུས་བཞི་མཉམ་ཉིད་དུ་རྟོགས་པ་དུས་མེད་ཀུན་ཏུ་བཟང་པོའི་དུས་ལ་ལོ་ཟླ་སྐལ་བ་ཐམས་ཅད་སངས་པས། ཉིན་ཞག་གི་སྣང་བ་རང་སངས་ཏེ་དུས་འདས་འོངས་ལོ་ཟླ་བསྐལ་པའི་གཞི་རང་དག་ཏུ་ཕྱལ་ཕྱལ་མཉམ་པ་བར་མེད་དང་། ཚེས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་ཕྱལ་ཡངས་པ་མཁའ་མཉམ་དུ་ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ་དང་། འཆིང་བ་ཀུན་ལས་གྲོལ་ཏེ་གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་ཐམས་ཅད་སངས་ཤིང་། གཅིག་དང་ཐ་དད་ཀྱི་ཆོས་ཐམས་ཅད་ཀྱང་གཞི་མེད་དུ་སངས་པས་རྗེན་པ་སྟོང་པ་ཡེར་ཡེར་སངས་པས། འཁྲུལ་གཞི་གདོད་མའི་དབྱིངས་སུ་མཉམ་པར་སངས་ཤིང་དྭངས་པར་ཡིན་པས་ན་སྟོང་སངས་སངས། སྟོང་གསལ་ཀ་དག་གི་རིག་པ་རྗེན་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་ནས་དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་དེ་ལ་ཡང་ཞེན་འཛིན་ཐམས་ཅད་སངས་པས་ན་ཟང་ཐལ་ཐལ། དབྱིངས་ཞེས་ཐ་སྙད་བློས་བཏགས་ཀྱི་ཆོས་ཀྱང་སངས་པས། ད་ནི་གང་བསྒྲུབ། ཅི་འབད། ཅི་ཞིག་གཉེར། བྱས་ཆོས་བྱ་བ་བོར་པས་ན་གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་རའམ་ར་བ་དང་། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པའམ་ཁོར་ཡུག་དང་། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འདོད་བློའི་འཁྲི་བ་མེད་པ་ཞེན་འཛིན་གྱི་ཆོས་ཟད་ནས་ཆོས་ཟད་ཀྱི་ནམ་མཁའ། ཕྱོགས་མཐས་ཐུག་པ་མེད་པའི་ཕྱམ་མཉམ་ཡངས་པ་ཆེན་པོ་ཡངས་དོག་མཐོ་དམན་ལས་འདས་པའི་ཕྱལ་བ་ཟང་ཐལ་ཏེ། དེ་ལྟ་བུའི་ཆོས་ཟད་ཀ་དག་གི་དགོངས་པ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་རྩོལ་སྒྲུབ་ས་ལམ་ལས་འདས་པའི་ཆོས་ཉིད་གཅིག་གི་ས་ལ་ཕྱམ་གདལ་ཞིང་། དུས་གསུམ་དུས་ལས་འདས་པའི་དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་རིན་པོ་ཆེ་འདོད་དགུ་གདལ་བས། གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ནང་ནས་ཆོད་ནས། ཤེས་པ་རང་སངས་རང་བབས་ཀྱི་རིག་པ་རང་གསལ་རྗེན་ནེ་བ། དྲན་པ་རང་ཟད་ཕྱི་ནང་བར་མེད་དུ་དག་པ། དགོངས་པ་ཡེ་གནས་མི་རྟོགས་མཁའ་ལྟར་དག་པའི་ཆོས་སྐུའི་དགོངས་པ་བསལ་བཞག་དང་བྲལ་བ། གསལ་བ་བར་མེད་རང་དྭངས་རྙོགས་པ་བྲལ་བའི་དགོངས་པ་ལ་མཉམ་པར་མ་བཞག་པ་མེད་པའི་བར་མེད་ཕྱམ་སངས་ཏེ། ཆོས་བརྒྱད་རེ་དོགས་ཀྱི་ཆོས་དང་བྲལ་བའི་ཆོས་མེད་བྱ་བཏང་གི་ཀུ་སཱ་ལི་པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ་ཁོང་གི་རང་བཞིན་རྟོགས་པར་བརྗོད་ན་དེ་ཙམ་དུ་ཟད་དེ། ཐམས་ཅད་རང་སྣང་དུ་རིག་པའི་ཡོ་ལང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས་ཁོང་རང་ཉིད་ཀྱིས་དགོངས་ན་དུས་གསུམ་རྒྱལ་བའི་དགོངས་ཀློང་ལ་རོ་གཅིག་ཏུ་གྱུར་ནས་ངོ་མཚར་རྒྱལ་བའི་མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་པ་དེ་གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང་། རང་གྲོལ། རང་རིག་རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང་། སྟོང་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས། རང་སད། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཆར་དང་། རིམ་གྱིས་དང་། མཐར་ཆགས་དང་། ཐོད་རྒལ་དང་། ཡེ་དག་དང་། ཡེ་གནས་དང་། ཡེ་རྫོགས་དང་། ཡེ་འབྱུང་དང་། ཡེ་བཀོད་དང་། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ །ཞེས་རྒྱུད་ཀྱི་དགོངས་པ་དང་འབྲེལ་སྦྱར་ནས་རྟོགས་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་བར་ལྷུན་གྱིས་གྲུབ་ཚུལ་བསྟན་པའོ།།

༣༽གསུམ་པ་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ།

ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི།

ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང་།།

རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས།།

སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ།།

ཞེས་གསུངས་ཏེ། ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང་། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་བ་སྙམ་བྱེད་པའི་མཐུས་རང་སྣང་བའོ། །ཞེས་པ་སྟེ་དགོངས་པ་ཆོས་ཟད་ཀྱི་རྫོང་ས་གཞི་རིན་ཆེན་ནམ་མཁའ་བར་སྣང་གི་རྫོང་གསུམ་སྟེ། སྐྱེ་འགག་གནས་མེད་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་གྱིས་མཚོན་པར་མཛད་པའོ། །དེ་ལྟར་མཚོན་པར་མཛད་པའི་སྟོང་པ་ཡེ་སྟོང་ནམ་མཁའི་རྫོང་། གསལ་བ་འགག་མེད་ནོར་བུའི་རྫོང་། ཀུན་འབྱུང་རིག་པ་ས་གཞིའི་རྫོང་གསུམ་ལ་བསྡུས་ནས་བསྟན་པ་ནི་ལུགས་ལྡོག་གི་ཚུལ་གྱིས་གོ་དོན་དངོས་དང་སྦྱར་ན། སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ་བའི་རྒྱུ་མཚན་གྱིས། སྣང་སྲིད་སྣོད་བཅུད་ཐམས་ཅད་ཡེ་གདོད་མ་ཉིད་ནས་ཡོད་མ་མྱོང་པའི་གཞི་སངས་ཆེན་པོ་ཡིན་པས་ན་དང་པོ་སྐྱེ་བ་མེད་པ་དང་། སྐྱེ་བ་མེད་པའི་ཆོས་དེ་བར་དུ་གནས་པ་མེད་པ་དང་། དང་པོ་སྐྱེ་བ་དང་བར་དུ་གནས་པ་མེད་པ་ལ་མཐར་འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་སྤྲོས་བྲལ་ཆེན་པོ་དང་ཡུལ་མེད་རང་གསལ་ཆེན་པོ་དང་། རྟེན་མེད་རང་གྲོལ་རང་ཤར་གྱི་དགོངས་པ་ཉིད་དུ་དག་ཟིན་པས་ཞེས་རྟེན་མེད་རང་གྲོལ་དུ་འདུས་པའི་གཏད་མེད་ཡེ་གྲོལ་གྱི་དགོངས་པར་ལྷུན་གྱིས་གྲུབ་པ་གཏན་ལ་ཕེབ་པས། ཅིར་ཡང་སྣང་ཞིང་ཅི་ཞིག་ཏུ་ཤར་ཡང་སྟོང་ཆེན་ཆོས་སྐུའི་ངང་ལས་མ་འདས་པའི་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཀ་དག་ཆེན་པོར་གཞི་འཆོས། རང་བཞིན་གསལ་བ་འགག་མེད་ལོངས་སྐུའི་སྣང་བ་རང་སྣང་ལྷུན་གྲུབ་ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ་བ་ཡིན། གཉིས་མེད་ཐུགས་རྗེ་སྤྲུལ་བའི་རང་སྣང་དུ་ཀུན་འབྱུང་རིག་པ་ས་གཞིའི་རྫོང་སྟེ་རྫོང་གསུམ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་ངོར་གཅིག་པས་ན། སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་དབྱིངས་གཅིག་ཏུ་འདུས་པས་ན་ཆོས་ཟད་སྟོང་མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། སྟོང་པ་ལ་རྒྱ་ཆད་པ་དང་ལྷུན་གྲུབ་ལ་ཕྱོགས་སུ་ལྷུང་བར་མེད་པའི་གཉིས་མེད་ཀྱི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པའམ་ཐག་ཆོད་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་གྱི་དོན་ཇི་ལྟ་བ་བཞིན་དུ་རང་གི་རྒྱུད་ལ་རང་ཤར་བ་སྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ན་ཞེས་དེ་དག་གི་དགོངས་དོན་རྒྱུད་ཀྱི་ལུང་དང་འབྲེལ་སྦྱར་མཛད་པ་སྟེ་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས། སེམས་ཅན་བྱེ་བའི་སྲོག་གཅོད་པ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ། རིག་པའི་ངོ་བོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས། རྟག་ཏུ་སྟོང་པ་ཉིད་ལ་གོམས་པའི་སྐྱེས་བུ་དང་། སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཀྱང་མ་བྱས་པའི་གང་ཟག་གཉིས། སངས་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས་འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ལ། ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས། ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་། ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས། དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས། དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་ལ་རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས་ཡིད་ཆོས་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ། ངོ་བོ་རྟོགས་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ། འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི། འབད་པ་མེད་པར་ཉམས་སུ་ལོངས་པའི་གདེང་རྙེད་ནས། སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་སངས་རྒྱ་བ་ཡིན་ནོ་ཞེས་པའོ། །དེ་རིང་གི་ཆོས་མཚམས་འདི་ནས་བཞག་སྟེ་རྗེས་མའི་ཆོས་ཁྲིད། ད་ནི་རྟོགས་པ་ངེས་མེད་འགལ་ཟླ་བསལ་བར་གདམས་པ་ནི། ཕྱོགས་མེད་ཕྱོགས་སུ་འཛིན་པའི་བཅིངས་པ་རྣམས། །གསུངས་ས་ནས་མར་བཤད་རྒྱུ་བྱེད། སང་ཉིན་འུ་གུས་རྩ་རླུང་གི་ཆོས་ཁྲིད་བཤད་པའི་དུས་ཚོད་ལ་ཁེལ་བ་རེད། ཀློང་ཆེན་སྙིང་ཐིག་གི་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུའི་སྦས་དོན་ཐར་ལམ་མ་བསྒོམས་སངས་རྒྱས་དང་། ཡིད་བཞིན་མཛོད་ཀྱི་དོན་ཁྲིད་རྡོ་རྗེའི་སྙིང་པོ་གཉིས་ཀ་སྣོམས་ཤོག དེའི་འཕྲོས་སང་ཉིན་ཕྱི་དྲོ་ནས་རྩ་རླུང་གི་ཁྲིད་སྦྱོང་རན་པ་ཡིན་པས། ཨང་རག་དང་འབེབས་གདན་སོགས་གྲ་སྒྲིག་མཛད་དགོས་རྒྱུ་རེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པར་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་བཅུ་དགུ་བའི་ཆོས་ཁྲིད། next