Nitartha Digital Library
Tibetan
 
previousཉིན་ཉེར་གཅིག་པའི་ཆོས་ཁྲིད། next

ཉིན་ཉེར་གཅིག་པའི་ཆོས་ཁྲིད།

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་འཁོར་བའི་གནས་ལས་བསྒྲལ་ཏེ། གཏན་བདེའི་བྱང་ཆུབ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བགྱི། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་ཉན་ཅིང་། དེའི་དོན་ཚུལ་བཞིན་ཡིད་ལ་བྱེད་པ་དང་བཅས་པའི་སྒོ་ནས། སྔར་བྱོན་རྫོགས་པའི་སངས་རྒྱས་རྣམས་དང་དེའི་ཐུགས་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ལམ་ལ་ཇི་ལྟར་སྦྱངས་པ་དང་འགྲོ་བའི་དོན་ཇི་ལྟར་མཛད་པ་བཞིན་དུ། བདག་གིས་ཀྱང་དེ་ལྟར་བགྱི་བ་ཡིན་སྙམ་པའི་བྱང་ཆུབ་མཆོག་ལ་འདུན་པའི་ཐུགས་བསྐྱེད་དང་བཅས་ཏེ། ཐེག་ཆེན་མདོ་སྔགས་ཀྱི་དམ་ཆོས་གསན་བསམ་ཉམས་བཞེས་ལ་འཇུག་པ་ནི་ལྷག་ཏུ་ཞུ་མི་དགོས་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་ཚོགས་གཉིས་རྒྱ་མཚོ་ལྟ་བུ་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་པས་བསྡུས་པའི་མཛད་པ་ཐམས་ཅད་པོ་ཚིག་གཅིག་ལ་བསྡུས་ན་སེམས་ཅན་གྱི་དོན་ཁོ་ན་ལས་མ་འདས་ཤིང་། སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཆོས་ཤིག་གསུངས་སོ་ཅོག་ཐམས་ཅད་ཀྱང་དེའི་ནང་དུ་འདུས་ལ། དེ་ལྟར་ན་སེམས་ཅན་མཐའ་ཡས་པ་ཞིག་ཡོད་ཀྱང་ཐམས་ཅད་བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པ་ལ་རིགས་གཅིག་པ་ཡིན། བསྒྲུབ་བྱ་སེམས་ཅན་གྱི་དོན་ལ་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་གཉིས་སུ་ཕྱེས་ནས། རྒྱལ་བས་ཆོས་གསུངས་པ་ལ་སོགས་པའི་མཛད་པ་ཐམས་ཅད་བསྒྲུབ་བྱ་དེ་གཉིས་སྒྲུབ་པའི་ཆེད་དུ་གསུངས་ཤིང་མཛད་པ་ཡིན་ལ། དེ་ཡང་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་དུ་ཕྱེས་ནས། སྐྱེས་བུ་ཆུང་ངུ་ཚེ་འདིའི་བདེ་སྐྱིད་དམ་གཙོ་བོ་ཕྱི་མར་ལྷ་མིའི་མཐོ་རིས་ཀྱི་ཕུན་ཚོགས་དོན་དུ་གཉེར་བ་དང་། འབྲིང་སྲིད་པ་མཐའ་དག་ལ་སྐྱོ་བ་སྐྱེས་ནས་སྲིད་པ་ལས་གྲོལ་བའི་ཐར་བ་རང་གི་ཆེད་དུ་ཐོབ་བྱར་བྱེད་པ་དང་། སྐྱེས་བུ་ཆེན་པོ་དེ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་འཁོར་བའི་མཚོ་ལས་བསྒྲལ་འདོད་ཀྱིས་ཀུན་ནས་བསླངས་ཏེ་དེའི་ནུས་པ་བསྒྲུབ་པའི་ཕྱིར་དུ་སངས་རྒྱས་འཐོབ་བྱར་བྱེད་པ་སྟེ་གསུམ་གྱི་དབྱེ་བས་བཤད་པ་ཡིན་ལ། འོན་ཀྱང་སྐྱེས་བུ་ཆུང་འབྲིང་གཉིས་ཀའི་ལམ་དེ་ཡང་སྐྱེས་བུ་ཆེན་པོའི་ལམ་གྱི་ནང་དུ་འདུས་པའམ་དེའི་ལམ་གྱི་ཡན་ལག་ཏུ་གྱུར་པ་ཡིན། སྐྱེས་བུ་ཆེན་པོའི་ལམ་ཞེས་པ་ནི་ཐེག་ཆེན་གྱི་ཆོས་ཡིན་ལ། འུ་ཅག་བོད་གངས་ཅན་གྱི་ལྗོངས་འདིར་དར་བའི་ཆོས་འདི་ཐེག་ཆེན་གྱི་ཆོས་ཡིན་པ་དང་། དེར་ཞུགས་པའི་ཆོས་པ་དག་ཀྱང་ཐེག་ཆེན་པ་ཡིན་དགོས་ཤིང་། དེ་དགོས་ན་ཐེག་ཆེན་མདོ་སྔགས་གཉིས་ཀྱི་འཇུག་སྒོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པ་དང་། བྱང་ཆུབ་ཀྱི་སེམས་དེ་རྒྱུད་ལ་སྐྱེས་ན་ཐེག་ཆེན་པ་དངོས་ཀྱི་གྲལ་དུ་ཚུད་པས་མི་ཚད། བྱང་ཆུབ་སེམས་དཔའི་མིང་ཡང་ཐོབ་པ་སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །ཞེས་གསུངས་པ་ལྟ་བུ་དང་། དེ་འདྲའི་བྱང་ཆུབ་ཀྱི་སེམས་དེ་རང་རྒྱུད་ནས་ཉམས་སོང་བ་ཡིན་ན། དེ་མ་ཐག་ཏུ་རང་ཉིད་ཐེག་ཆེན་པ་མིན་པར་གྱུར་པའམ་དེ་ལས་བུད་སོང་བ་ཡིན། ཐེག་ཆེན་པའི་གྲལ་ནས་མ་ལྷུང་བར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བཞིན་དུ་སྐྱེས་པར་འབད་ན་ཅི་ཞིག་གི་ཕན་ཐོགས་ཡོད་ཅེ་ན། གནས་སྐབས་ཀྱི་ཕན་པ་སྡུག་བསྔལ་ཅན་གྱི་ངན་འགྲོ་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དུ་མི་ལྟུང་པར་བདེ་འགྲོ་ལྷ་མིའི་གནས་སུ་སྐྱེ་བ་དང་། བྱང་ཆུབ་ཀྱི་སེམས་དེ་རྒྱུད་ལ་སྐྱེས་ན་ངན་སོང་གི་རྒྱུ་སྡིག་པ་སྔར་བསགས་རྣམས་ཀྱང་དག་པ་དང་། ཕྱིན་ཆད་གསོག་པའི་རྒྱུན་ཡང་ཆད་ཐུབ་པ་དང་། དེ་དང་མཉམ་དུ་བདེ་འགྲོའི་རྒྱུ་སྔར་བསགས་རྣམས་སེམས་བསྐྱེད་དེས་ཟིན་པས་ན་རྒྱ་ཇེ་ཆེ་རུ་འཕེལ་བ་དང་། གསར་དུ་བྱས་པ་ཐམས་ཅད་ཀྱང་སེམས་བསྐྱེད་ཀྱི་ཀུན་སློང་དེས་ཟིན་པའི་དབང་གིས་ཟད་པའི་མཐའ་མ་ཡོད་པ་དང་། མཐར་ཐུག་གི་དོན་ཆེན་ཐར་བ་དང་ཐམས་ཅད་མཁྱེན་པ་ཡང་སེམས་བསྐྱེད་དེར་བརྟེན་ནས་འགྲུབ་པ་ཡིན། འོན་ཀྱང་དང་པོ་ཞིག་ནས་སེམས་བསྐྱེད་ནས་བརྩམས་ཏེ་སྐྱེས་བུ་ཆེན་པོའི་ལམ་རྐྱང་པ་འཆད་པར་བྱས་ཀྱང་། རང་དོན་སྒྲུབ་མི་ཤེས་པ་ཞིག་ལ་མཚོན་ན་གཞན་དོན་སེམས་བསྐྱེད་ཁ་ཙམ་ཡིན་པ་རང་རྒྱུད་ལ་བརྟགས་ན་ཤེས་པ་དང་། ཕྱི་མར་ངན་སོང་དུ་སྐྱེ་བའི་ལས་རང་ཉིད་ཀྱིས་སྒྲུབ་བཞིན་དུ་ད་རུང་བ་སྤུ་རླུང་གིས་མི་བསྒུལ་བ་ནི་བཟོད་ཆེན་མ་ཡིན་པར་བླུན་ཆེན་ཡིན་པས་ན་རྒྱལ་བ་ཐབས་མཁས་ཐུགས་རྗེ་ཅན་གྱིས་གདུལ་བྱའི་སྐྱེས་བུ་འདྲེན་པའི་ལམ་དེ། སྐས་ཀྱི་གདང་བུ་ལྟར་དུ་རིམ་འཛེགས་གདུལ་བྱའི་བློ་རིམ་དང་བསྟུན་ནས་གསུངས་པ་ཡིན་ཕྱིར། མཐར་ཐུག་ཐམས་ཅད་སྐྱེས་བུ་ཆེན་པོའི་ལམ་ལ་བགྲོད་ལུགས་ཀྱི་རྒྱུ་མཚན་དེ་ལྟར་ཡིན་པའི་གསལ་འདེབས་ལས་དང་པོ་པ་ཚོར་ཞུས་པ་དང་བཅས་ཏེ། ད་ཐེག་པ་ཆེན་པོའི་སེམས་བསྐྱེད་དུ་ཞུགས་པ་ལ་སོགས་པའི་ལམ་མཐའ་དག་གི་ཐོག་མའམ་རྟེན་གཞི་དེ་སྐྱབས་འགྲོ་ཡིན་ལ། བློ་སྦྱོང་གིས་བློ་འབྱོངས་ནས་ངེས་འབྱུང་གི་བསམ་པ་ཡང་དག་པ་ཞིག་སྐྱེས་པའི་སྟེང་དེར། སྐྱབས་འགྲོའི་སྐོར་འདི་གནད་ཆེན་པའི་ཕྱོགས་ནས་གསར་བུ་ཚོས་རྒྱུད་ཚོད་དང་བསྟུན་པའི་བསམ་བློ་ཞིག་གཏོང་ན། སྤྱིར་ན་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་ཚད་པོ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཏག་ཏག་ཡིན་ཞིང་། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་གསུངས་པས་ནང་པའི་དགེ་བསྙེན་ནམ་སྦྱིན་བདག་ཁྱིམ་ན་གནས་པ་ཞིག་ཡན་ཆོད་ཀྱིས་སྐྱབས་འགྲོ་བྱེད་པ་ཡིན། འོན་ཀྱང་སྐྱེས་བུ་ཆུང་ངུ་ཚེ་འདིའི་སྡུག་བསྔལ་དང་ངན་འགྲོའི་འཇིགས་པས་འཇིགས་ནས་སྐྱབས་སུ་འགྲོ་བ་དང་། འབྲིང་ཉན་རང་གཉིས་ཀས་སྲིད་པས་འཇིགས་ནས་སྐྱབས་སུ་འགྲོ་བ། སྐྱེས་བུ་ཆེན་པོ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱིས་མཐའ་ཡས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་དུ་སྐྱབས་སུ་འགྲོ་བ་སྟེ། སྐྱབས་སུ་འགྲོ་བྱེད་ཀྱི་རྒྱུ་མི་འདྲ་བ་གསུམ་དང་། སྐྱབས་སུ་འགྲོ་ཚུལ་གྱི་བསམ་པ་མི་འདྲ་བ་གསུམ་གྱི་ཁྱད་པར་དང་། དུས་ཀྱི་ཁྱད་པར་དང་། ཡུལ་གྱི་ཁྱད་པར་ལ་སོགས་པའི་ཁྱད་པར་མང་པོ་ཞིག་འབྱུང་བ་ཡིན། དེ་ཡིན་པའི་སྟབས་ཀྱིས་སྐྱབས་འགྲོ་ཕལ་བ་དང་། སྐྱབས་འགྲོ་མཆོག་དང་། བླ་ན་མེད་པའི་སྐྱབས་འགྲོ་སྟེ་གསུམ་གྱི་ཁྱད་པར་ཡོད་པ་ཡིན། གང་ལྟར་ཡང་སྐྱབས་སུ་མ་སོང་བ་ལ་སྡོམ་པ་མི་སྐྱེ་བ་དང་། སྡོམ་པས་མ་བསྡམས་པའི་གང་ཟག་ལ་ལམ་མེད་པའི་ཕྱིར་ན། ལམ་གྱི་གཞི་རྟེན་སྐྱབས་འགྲོ་ཡིན་པའང་དེ་ལྟར་གྲུབ་ཅིང་། སྐྱབས་འགྲོ་བདུན་ཅུ་པ་ལས་ཀྱང་། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཞེས་གསུངས་པ་ཡིན། སྐྱབས་འགྲོ་བཤད་དུས་གང་ལ་བརྟེན་པའི་སྐྱབས་སུ་འགྲོ་བའི་རྒྱུ་ཤེས་པ་དང་། རྒྱུ་དེར་བརྟེན་པའི་སྐྱབས་སུ་འགྲོ་བའི་ཡུལ་ངོས་ཟིན་པ་དང་། སྐྱབས་ཡུལ་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་སྐྱབས་སུ་འགྲོ་བས་མ་ཚད། དེའི་ཕན་ཡོན་དང་བསླབ་བྱ་ངེས་པས་སྐྱབས་འགྲོའི་ཐོག་མཐའ་བར་གསུམ་ཚང་བ་ཞིག་དགོས་པ་ཡིན། གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ་ནི། ཐུན་མོང་དུ་འཇིགས་དད་གཉིས་ཀ་གསུངས་པ་སྟེ། ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ཤིང་དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་པ་ལྡན་པ་རིག་ནས་དེར་དད་ནས་སྐྱབས་སུ་འགྲོ་བ་དང་། ཐུན་མིན་ཐེག་ཆེན་དང་ཁྱད་པར་རང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱིས་འཇིགས་པ་རྣམ་པ་གསུམ་གསུངས་པ་སྟེ། ཀུན་མཁྱེན་འཇིགས་གླིང་གིས་ཡོན་ཏན་རིན་པོ་ཆེའི་མཛོད་ལས། འཇིགས་པ་གསུམ་གྱི་ཆུ་གཏེར་འཁྲུགས་པ་ལ། །སྐྱབས་སུ་འོས་པར་ཡིད་ཆེས་སྲོག་བརྟན་པའི། །དཀོན་ཅོག་གསུམ་གྱི་གྲགས་པའི་གདུགས་དཀར་ནི། །བསྟན་ལ་འཇུག་པའི་ཐོག་མ་ཉིད་དུ་འཛིན། །ཞེས་པ་སྟེ། རང་དོན་ཡིད་བྱེད་ཀྱི་འཇིགས་པ་ཐེག་ཆེན་སྤྱིའི་སྐྱབས་འགྲོའི་ཁྱད་པར་དང་། སྔགས་དང་སྒོ་བསྟུན་པའི་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་སྟེ། དེ་གཉིས་བསྣན་པའི་འཇིགས་པ་གསུམ་པོ་དེ་དག་དང་། དད་པས་ཡིད་ཆེས་ཀྱི་སྲོག་བརྟན་པས་སྐྱབས་སུ་འགྲོ་བའི་རྒྱུ་བྱས་པའམ། ཡང་ན་ཐུན་མོང་ཐེག་པའི་དབང་དུ་བྱས་པའི་འཇིགས་དད་གཉིས་ཀས་རྒྱུ་བྱས་པའི་རྒྱུ་དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་ཡུལ་ཐོག་མར་ངོས་བཟུང་དགོས་པ་ཡིན་པས། སྐྱབས་སུ་འགྲོ་ཡུལ་ནི་སངས་རྒྱས་ཆོས་དང་དགེ་འདུན་གསུམ་སྟེ། སྐྱབས་འགྲོ་བདུན་བཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཐར་བར་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ཡིན། འདིའི་དབྱེ་བ་སྔགས་དང་སྦྱར་ན། ཐུན་མོང་ཕྱིའི་སྐྱབས་འགྲོ། ཐུན་མིན་ནང་གི་སྐྱབས་འགྲོ་དང་། ཐབས་མཆོག་རྡོ་རྗེ་སྙིང་པོའི་སྐྱབས་འགྲོ་སོགས་ཡོད་པ་མཁྱེན་བཞིན་པ་ལྟར་ཡིན་པས་དེ་བཤད་པའི་གནས་སྐབས་སུ་མ་བབ། འདིར་ཐུན་མོང་ལྟར་དུ་བཤད་ན་སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་སྐྱབས་སུ་འགྲོ་དགོས་པ་ཡིན་པས། སངས་རྒྱས་ནི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་སེམས་ཅན་རང་རང་གི་སྐད་དུ་ཆོས་སྟོན་པ། ཐུགས་མཁྱེན་པའི་ཡོན་ཏན་གྱིས་ཇི་ལྟར་ཇི་སྙེད་ཀྱི་ཆོས་ཐམས་ཅད་དུས་ཅིག་ཆར་ལ་མངོན་སུམ་དུ་རྟོགས་པ་དང་། བརྩེ་བའི་ཡོན་ཏན་གྱིས་འཁོར་བའི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པུའི་མ་ཡིས་བརྩེ་བ་ལྟར་དུ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་གདུལ་བྱའི་ཡུལ་ལ་དུས་ལས་མི་འདའ་བར་འཇུག་པ། འཕྲིན་ལས་འབད་མེད་ལྷུན་གྲུབ་རྒྱུན་མི་ཆད་པ་སྟེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ནི་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡིན། ཆོས་ཀྱི་ཡོན་ཏན་ཇི་ལྟར་ཞེ་ན། ལུང་དང་རྟོགས་པའི་བདག་ཉིད་འགོག་ལམ་གྱི་བདེན་པ། སྐྱོན་སྤངས་ཡོན་ཏན་སྒྲུབ་པའི་རང་བཞིན་ཅན་ཏེ། དེ་མངོན་དུ་བྱས་པས་ལས་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པར་བྱུང་བ་ཡིན་ཞིང་། དེ་ཡང་སངས་རྒྱས་ཀྱི་བདག་རྐྱེན་ལས་གཞན་དུ་མི་འབྱུང་པའི་ཕྱིར་ན། སངས་རྒྱས་ཀྱི་མཚན་གྱི་འཕྲོར་ཆོས་ཀྱི་ཡོན་ཏན་སྨོས་པའོ། །དགེ་འདུན་གྱི་ཡོན་ཏན་ནི། དགེ་འདུན་ནི་གཙོ་བོར་འཕགས་པའི་དགེ་འདུན་ལ་གོ་བ་ཡིན་ཞིང་། སངས་རྒྱས་དང་ཆོས་གཉིས་ཀའི་ཡོན་ཏན་རྗེས་སུ་སྒྲུབ་པའི་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའོ། །སྐྱབས་སུ་འགྲོ་ཚུལ་ནི། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་ཀྱི་ཐ་སྙད་བཏགས་པ་ཡིན་ཡང་། དོན་གྱིས་བཤད་ན་བསླབ་པ་གསུམ་པོའི་རྟེན་དང་གནས་སུ་ཤེས་པའི་ཐོག་ནས་སྐྱབས་སུ་འགྲོ་དགོས་པར་གསུངས་ཤིང་། རྒྱུ་དང་འབྲས་བུའི་སྐྱབས་འགྲོའི་ཁྱད་པར་དང་མཚན་ཉིད་ཀྱང་མཁྱེན་གལ་ཆེ་ཞིང་གནད་ཆེ་བ་དང་དེའི་སྐོར་སྔར་ཡང་ལན་མང་ཞུས་མྱོང་པའི་དབང་གིས་མཁྱེན་བཞིན་པ་ལྟར་ལས། འདིར་ཐུན་མོང་གི་སྐྱབས་སུ་འགྲོ་ཚུལ་གཙོ་བོར་བྱས་ནས་མདོ་ཙམ་སྨྲོས་པ་ཡིན། སྐྱབས་སུ་སོང་བའི་ཕན་ཡོན་ནི། ནང་པ་སངས་རྒྱས་པའི་ཆོས་ལ་ཚུད་པ། ཐར་བའི་ས་བོན་ཐེབས་པ་དང་། སྔོན་བསགས་ལས་ངན་གྱི་སྒྲིབ་པ་རྣམས་ཟད་དེ་བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་། དགེ་བ་གོང་དུ་འཕེལ་བ་དང་། སྡོམ་པ་ཀུན་གྱི་རྟེན་གཞིར་གྱུར་པ་དང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དང་། ཕག་གི་སྐྱེ་བ་ལེན་པར་འགྱུར་བའི་ལྷའི་བུ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་བའི་ཕན་ཡོན་གྱིས་ངན་འགྲོའི་ལུས་རྟེན་དེ་ལེན་མ་དགོས་པར་མཐོ་རིས་ཀྱི་ལྷ་ལུས་དེ་བས་ལྷག་པ་ཐོབ་པའི་ལོ་རྒྱུས་བཞིན་དུ་ངན་འགྲོའི་གནས་ལས་ལྡོག་ཐུབ་པ་དང་། ཚེ་འདི་ལ་ཡང་འཇིགས་པ་ཆེན་པོ་ཐམས་ཅད་ལས་སྐྱབས་ཏེ་བདེ་བར་འགྱུར་བ་དང་། སྨོན་པ་ཡིད་བཞིན་དུ་འགྲུབ་པ་དང་། འབྱུང་བར་མི་འདོད་པའི་ཉེར་འཚེ་ཞི་ནས་དཀོན་མཆོག་གི་སྣང་བ་དང་དུས་རྟག་ཏུ་མི་འབྲལ་ཞིང་འདིར་བདེ་ལ་ཕྱི་མར་སྐྱིད་པའི་ཕན་ཡོན་དཔག་ཏུ་མེད་པ་ཐོབ་པ་སྟེ། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་གསུངས་སོ། །སྐྱབས་འགྲོའི་བསླབ་བྱ་ནི། སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱ་གཉིས་ལས། སོ་སོའི་བསླབ་བྱ་ལ་ཡང་དགག་སྒྲུབ་ཆ་མཐུན་གྱི་བསླབ་བྱ་གསུམ་ལས། དགག་པའི་ཕྱོགས་ནས་སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང་། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང་བ་དང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་མི་འགྲོག་པའོ། །འུ་གུས་ཆོས་ཁྲིད་ཀྱི་སྔོན་ལ་བློ་སྦྱོང་རེ་ནམ་དུ་ཡང་བཤད་པ་དང་བསྟུན་ནས། སྐྱབས་འགྲོའི་ཐད་འདིར་རང་གིས་རང་ལ་རྒྱུགས་ཤིག་བླངས་ཏེ། ཅིའི་ཕྱིར་སྐྱབས་སུ་འགྲོ་བ་དང་། གང་སྐྱབས་སུ་འགྲོ་ཡུལ། ཇི་ལྟར་སྐྱབས་སུ་འགྲོ་བ། སྐྱབས་འགྲོའི་དབྱེ་བ་དང་མཚན་ཉིད་ལ་སོགས་པ་ཞིབ་ཅིང་ཕྲ་བར་ཤེས་དགོས་ན་དཀའ་ན་ཡང་། སྐྱབས་ཡུལ་ངོས་ཟིན། སྐྱབས་སྡོམ་མཚན་ཉིད་པ་རྒྱུད་ལ་སྐྱེས་ཡོད་པའི་དབང་དུ་བཏང་ཡང་། བསླབ་བྱ་དགུ་པོའི་ཐད་འདི་དག་ལ་བསམ་བློ་རེ་གཏོང་ན། རང་རྒྱུད་ལ་སྐྱབས་འགྲོའི་བསླབ་བྱ་མ་ཉམས་པ་ཞིག་ཡོད་འདུག་གམ་སྙམ་པའི་བསམ་བློ་ཤར་ཁོངས་ཡོད་པ་རེད། ལམ་གྱི་རྨང་གཞི་ལ་ཞུ་དག་འདང་རྒྱག་མི་བྱེད་པར་མི་ཤེས་ཁུལ་བྱས་ཀྱང་། དེའི་ཡན་གྱི་ཡོན་ཏན་གྱི་རྟེན་གཞི་མེད་སོང་དུས་ཅི་བསྒྲུབས་བསྒྲུབས་པོ་ཐམས་ཅད་དོན་མེད་སྟོང་ལས་སུ་མི་འགྲོའམ་སྙམ་པའི་དོགས་གཞི་ཆེན་པོ་དེ་ན་ཡོད་པ་ཡིན། འཇིག་རྟེན་པའི་ལྷ་དྲག་པོ་དབང་ཕྱུག ཁྱབ་འཇུག་སོགས་ལ་སྐྱབས་སུ་མི་འགྲོ་བར་འདུག་ཀྱང་། ཡུལ་ལྷ་གཞི་བདག་རེ་ལ་དཀོན་མཆོག་གསུམ་ལས་ཀྱང་ཡིད་ཆེས་ཀྱི་དད་པ་བྱས་ནས་སྐྱབས་སུ་སོང་ན་མི་རུང་པ་ཡིན། ཆོས་སྐྱོང་འདི་དག་ཆོས་སྐྱོང་བའི་སྲུང་མ་ཡིན་ནའང་འཇིག་རྟེན་པའི་ལྷ་སྐྱབས་ཀྱི་དྭངས་མར་བཟུང་ན་ག་ལ་རུང་། ཆོས་སྐྱོང་དེ་དག་དམ་ལྡན་བུ་བཞིན་དུ་སྲུང་བའི་སྲུང་མ་སྔོན་གྱི་ཁས་བླངས་དམ་ཚིག་ལ་གནས་པ་ཡིན་པས་དམ་ཅན་ཞེས་སུ་གྲགས་ལ། དུས་དང་ཐུན་མཚམས་ཀྱི་བསྐང་རྫས་ནར་མའི་མཆོད་པས་བསྐང་གསོལ་མ་ཆག་པ་ཞིག་ལོས་དགོས་མ་གཏོགས། ཐུགས་དམ་ཉམས་ལེན་གྱི་སྙིང་པོ་གསོལ་ཀ་ལ་འཛིན་པ་ནི་མི་རུང་ལ། རྣལ་འབྱོར་དམ་ཚིག་གཙང་ན་རང་ཤུགས་ཀྱིས་འགོ་བ་དང་། དམ་ཚིག་ལ་ཆག་ཉམས་ཆེན་པོ་བྱུང་ན་ཇི་ཙམ་བཏོན་ཀྱང་རང་གཤེད་རང་ལ་བབ་ནས་དམ་ཉམས་སྲོག་གི་གཤེད་མར་འགྱུར་བ་ཡིན། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་བྱེད་རུང་བ་མ་ཡིན། སེམས་ཅན་ཞེས་པ་ནི་ཁྱབ་ཆེ་བ་སྟེ། དངོས་ཡོད་སྡང་བྱེད་ཀྱི་དགྲ་དང་། དངོས་མེད་གནོད་བྱེད་ཀྱི་བགེགས་དེ་དག་ཐམས་ཅད་ལ་གནོད་སེམས་ཤིག་གཏན་ནས་མེད་པ་ནི། བསམ་སྤྱོད་གཉིས་ཀའི་ཐད་ནས་འགྲུབ་པ་དཀའ་བ་ཡིན་པས། འདི་དག་ཐུན་མོང་གི་སྐྱབས་འགྲོའི་བསླབ་བྱ་ཙམ་ཡིན་ཡང་ཚུལ་བཞིན་སློབ་བཞིན་ཡོད་ཟེར་ན་དཀའ་བའི་ཚད་ལ་ཐོན་ཡོད་པ་ཡིན། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་པ་ཡིན། ལོག་ལྟ་ཅན་ནི་མུ་སྟེགས་ཀྱི་ཕྱོགས་གཏོགས་རེད། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་རེད། བླ་མ་དང་དཀོན་མཆོག་ལ་སྐུར་བ་འདེབས་པའི་མི་དང་མཐུན་པར་བྱེད་མི་རུང་ཡང་། རང་ཉིད་ལ་ཁེ་ཕན་མི་ཆུང་པ་ཞིག་སྲུང་རྒྱུ་ཡོད་པ་དང་། ཡང་ན་གཅིག་པོའི་ངོ་སྲུང་གི་ཆེད་དུ་བླ་མ་དང་དཀོན་མཆོག་ཡིན་ཡང་ཟོལ་གྱིས་སྨད་པ་བྱས་ན། སྐྱབས་འགྲོའི་བསླབ་བྱ་ལ་སྐྱོན་བྱུང་བ་ཡིན། སྒྲུབ་པའི་བསླབ་བྱ་ཡང་སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ཞིག་ཚུན་ཆད། ལྟ་སྣང་ལ་ལེགས་ཉེས་ཇི་ལྟར་ཡིན་ཡང་མཐོང་སྣང་དེར་འཕྱ་བ་སོགས་མི་རུང་ཞིང་། སྐུ་གསུང་ཐུགས་རྟེན་ཚོང་རྫས་སུ་བསྒྱུར་ནས་ཟོང་དུ་དགྲམ་པ་ནི་ག་ལ་རུང་ཡར་ཐར་མེད་པའི་ཉེས་པ་ཅན་ཡིན། གཏའ་མར་འཇོག་པ་སོགས་ཀྱང་རུང་བ་མིན། གསུང་རབ་ཀྱི་པོ་ཏི་ས་སྒྲེ་བོར་བཞག་ན་ཉེས་པ་ཡོད་པར་གསུངས་དེ་ཙམ་ལ་ཡང་ཉམས་འཇོག་དགོས་པ་ཡིན། དགེ་འདུན་དཀོན་མཆོག་གི་རྟེན་རབ་བྱུང་གི་རྟགས་ཙམ་འཛིན་པ་ཞིག་ཡིན་ཡང་། དེ་ལ་གཤེ་ཞིང་བརྙས་པ་མི་རུང་སྟེ། ལྷག་བསམ་བསྐུལ་བ་ལས། རྒྱགས་པའི་སྒོ་ནས་དགེ་སློང་དམན་པ་ཞིག་ལ་བརྙས་པར་བྱས་ན་བསྐལ་པ་གཅིག་གི་བར་དུ་ཐར་བ་མི་ཐོབ་པར་གསུངས་པ་ཡིན། བསྐལ་པ་གཅིག་ནི་ཡུན་རིང་པོ་རེད། ལྷན་པ་སེར་བོ་ཙམ་ལ་ཡང་དེ་བཞིན་དུ་གུས་བཀུར་བྱེད་དགོས་པ་ཡིན་པས། རབ་བྱུང་སེར་གཟུགས་ཐོགས་ཚད་པོ་ལ་གཤེ་ཞིང་སྐུར་བ་དང་སྨོད་པ་ཅི་ལ་བྱེད། གུས་པ་དང་ཞེ་ས་མ་ཞུས་པར་རབ་ཏུ་བྱུང་བའི་གྲྭ་ཇོ་སེར་ནང་ཕན་ཚུན་ཡིན་ཡང་ང་དང་ཁྱོད་ཅེས་ཁྱེད་ལགས་ཤིག་མ་སྤྲད་ན། དེ་ཡང་གང་ཟག་སྒེར་བ་གཉིས་ཀྱི་དོན་མ་ཡིན་པ་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་འཛུལ་ནས་སྐྱབས་འགྲོའི་བསླབ་བྱ་ཉམས་དང་མི་ཉམས་ས་མཚམས་གཞན་རྒྱུད་ཀྱི་བསླབ་པ་ལ་གུས་མི་གུས་ཀྱི་གནད་འགག་ལ་མི་ཐུག་པར་འགྲོ་ས་མེད་པ་ཡིན། དེ་དག་ནི་སོ་སོའི་བསླབ་བྱའོ། །ཐུན་མོང་གི་བསླབ་བྱ་ལ་དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས། ཡང་དང་ཡང་དུ་སྐྱབས་སུ་འགྲོ་དགོས་པ་ཡིན། དེའི་ཁྱད་པར་དང་ཡོན་ཏན་རྗེས་སུ་དྲན་པ་ལ་མཚོན་ན། ལར་དེ་དག་ཅི་ཞིག་ཡིན་ཙམ་ཡང་མ་ཤེས་པ་དང་། ཤེས་དགོས་སྙམ་པ་ཙམ་ཡང་སྐྱེས་མ་མྱོང་ན་རྗེས་སུ་ཅི་ཞིག་དྲན། སྐྱབས་སུ་འགྲོ་ཚུལ་ཡང་དེ་བཞིན་དུ་མ་ཤེས་ན་ཐུན་མོང་གི་བསླབ་བྱ་དང་པོ་མི་ཚང་པ་ཡིན། གཉིས་པ་བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པས་དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་དགོས་པ་ཡིན། བཟའ་བཅའ་བཏུང་བའི་ཕུད་ཅིག་ཚུན་ཆད་དཀོན་མཆོག་ལ་ཕུལ་ཞིང་མཆོད་པ་བྱེད་དགོས་པ་ཡིན། དེ་རིང་ལེགས་ཕྱོགས་དང་བཟང་ཕྱོགས་ཀྱི་གྲལ་དུ་བརྩི་རྒྱུ་ཞིག་འགྲུབ་ན་ཡང་དེ་དཀོན་མཆོག་གི་བཀའ་དྲིན་རེད། འདི་དཀོན་མཆོག་གིས་གནང་བ་ཡིན་བསམ་དགོས་པ་ལས། ང་རང་གིས་ངན་གཡོ་ཆོ་འཕྲུལ་བཤམས་པའི་འབྲས་བུ་ཡིན་པས་ང་རང་རྒོད་པོ་ཡིན་སྙམ་པ་དང་། མཚམས་རེར་མི་འདོད་པ་ཞིག་མི་ཡོང་བའི་ཆེད་དུ་ཞབས་རིམ་རེ་སྒྲུབ་དུས། དཀོན་མཆོག་ལ་མཆོད་པ་འབུལ་རྒྱུ་དེ་ཡང་ཟ་མའི་ནང་ནས་འདང་འཕྲོ་ལྷག་མོ། ཅ་ལག་གི་ནང་ནས་བེད་མེད་ཀྱི་རྒྱུ་རྫས། དུས་ཚོད་ཀྱི་ནང་གི་ཁོམ་སྐབས་ཀྱི་དུས་ཚོད་ལྷག་མོ། ལས་ཀའི་ནང་གི་ཐ་མ་ལྟ་བུ་དང་གནད་ཆུང་ལྟ་བུར་བཞག་ན། དཀོན་མཆོག་གིས་དེའི་བཟང་ངན་ལ་གཟིགས་པར་མི་འདུག་ཀྱང་རང་ཉིད་ཀྱིས་ཞིང་སྟོབས་ཆེན་ལ་ཇི་མི་སྙམ་པའི་བསོད་ནམས་མ་ཡིན་པ་དང་། ཁས་བླངས་ཀྱི་བསླབ་པ་ལས་ཉམས་སོང་ཚེ་སྡུག་རྒྱུ་རང་ཉིད་སྡུག་པ་ཡིན། ད་རུང་སྙིང་རྗེ་ཆེན་པོའི་འགྲོ་བ་གཞན་ཡང་ཚུལ་འདི་ལྟ་བུ་ལ་འགོད་པ་དང་། བྱ་བ་གང་སྒྲུབ་དཀོན་མཆོག་ལ་བློ་བཀལ་ནས་ཡིད་ཁྱེད་ཤེས་ཀྱི་དད་པའི་སྒོ་ནས་སྒྲུབ་པ་དང་། དཀོན་མཆོག་གསུམ་སྲོག་དང་བཞད་གད་ཀྱི་ཕྱིར་ཙམ་ཡང་མི་སྤངས་པའི་བསླབ་བྱ་དེ་ལྟར་བླངས་པ་ཡིན་ཡང་། སྐྱབས་འགྲོ་ནི་སོར་བྱང་སྔགས་གསུམ་གྱི་སྡོམ་པའི་རྟེན་ནམ་གཞི་ཡིན་པས། སྐྱབས་སུ་འགྲོ་བའི་ཡུལ་ཡང་དག་ཅིག་མ་ཤེས། སྐྱབས་སུ་འགྲོ་ཚུལ་ལ་བསམ་བློ་ཙམ་ཡང་གཏོང་མ་མྱོང་། སྐྱབས་འགྲོའི་བསླབ་བྱ་ཅི་ཞིག་ཡིན་བསྐྱར་ཟློས་ཙམ་ཡང་མི་ཤེས། ཨེ་ཤེས་ལྟ་བའི་བསམ་བློ་ཞིག་ཀྱང་འཁོར་མྱོང་མེད་པའི་སྐས་ཐེམ་དང་པོའི་ཐོག་ལ་རྐང་པས་བརྫིས་མེད་པ་ཞིག་གིས། བསྐྱེད་རྫོགས་རྫོགས་ཆེན་ལ་མཆོངས་ཐེངས་གཅིག་གིས་ཁང་ཐོག་ཏུ་མཆོང་འགྲོ་ལུགས་ཤིག་ཡོད་པ་མ་ཡིན། བློ་སྦྱོང་རང་ཉམས་ལ་རན་པའི་ཆོས་གང་ཟག་དམན་པའི་རྒྱུད་ཚོད་ཡར་སྦྱར་ནས་བཤད་ན། དེ་ལྟ་བུའི་ཕྱོགས་སུ་མི་ལྷུང་བ་ཡག་ཐོག་ལ་ཡག་གིས་བརྒྱན་ནས་ཡོད་ན་ཉམས་ལེན་གྱི་བློ་བསྐྱེད་ཐོན་པ་ཡིན། ཆོས་པ་སད་ཀྱིས་ཁྱེར་མེད་པའི་རྟགས་ས་ཚོད་འདི་ཙམ་ཞིག་ལ་ང་རང་ཉིད་ཡོད་འདུག་སྙམ་པའི་རྟོགས་འབུལ་རང་གིས་རང་ལ་བཀྱག་པ་ནི་དྲ་མ་དེ་ཡིན་འདུག་སྙམ། དེ་ལྟ་བུའི་རང་སེམས་གཙང་མ་དཔང་པོ་བཞག་སྟེ་རང་ཉིད་མགུ་བ་ཞིག་རེད་དུས། ལྷ་དང་བླ་མས་དབྱིངས་ནས་ཁྲེལ་བ་མིན་པས། རང་གཞན་འདུན་མ་ལེགས་པའི་རྩ་བ་འགྱོད་སེམས་མེད་པའི་སྤྲོ་སེམས་དང་ལྡན་པ་ཞིག་གི་ཐོག་ནས། སྐབས་འདིར་གང་ཞིག་གསན་པར་བྱ་བ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་འཆད་བཞིན་པ་ལས། ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་གྲོལ་བའི་རང་བཞིན་བསྟན་པའི་ལེའུ་འདི་ལ་ས་བཅད་ཀྱི་ཆིངས་གསུམ་ཡོད་པ་ལས། གཉིས་པའི་སྐབས་དང་། དེ་ལ་ཡང་གསུམ་དུ་ཕྱེས་པའི་གསུམ་པ་བྱང་ཆུབ་སེམས་སུ་ཀུན་འདུས་རྣམ་པར་དག་པ་བསྟན་པ། དེ་ལ་ཡང་ནང་གསེས་བཞིར་ཕྱེས་པའི་གཉིས་པ་ཡན་ཆོད་སོང་ནས་དེ་རིང་།

༣༽ གསུམ་པ་བྱང་ཆུབ་སེམས་ཀྱི་ངེས་ཚིག་བྱེ་བྲག་ཏུ་བཤད་པ།

བྱང་ཆུབ་སེམས་ཀྱི་ངེས་ཚིག་བྱེ་བྲག་ཏུ་བཤད་པ་ནི།

རང་བྱུང་ཡེ་ཤེས་གཞི་ཀློང་ཡངས་པ་ལ།།

ཡེ་ནས་དྲི་མེད་འཁོར་བས་མ་གོས་བྱང་།།

ཡོན་ཏན་ལྷུན་གྲུབ་རྒྱུ་འབྲས་འདས་པས་ཆུབ།།

རང་རིག་སྙིང་པོ་འོད་གསལ་དག་པས་སེམས།།

བྱང་ཆུབ་སེམས་སུ་ཀུན་འདུས་རྣམ་པར་དག།

ཅེས་གསུངས་ཏེ། རིག་པའི་ངོ་བོ་ལ་དྲི་མ་ཡེ་ནས་མེད་པས་འཁོར་བ་ཡོད་མ་མྱོང་བའི་ཕྱིར་བྱང་བ་ཞེས་བྱའོ། །སྙིང་པོ་དེ་ཉིད་ལ་ཡོན་ཏན་ལྷུན་གྱིས་གྲུབ་པས་ཆུབ་པ་སྟེ། གང་ཡང་འཆར་རུང་དུ་ཡོད་པའི་ཕྱིར་རོ། །ཐུགས་རྗེ་ཀུན་ཁྱབ་ཏུ་གནས་པས་འཁོར་འདས་ཀུན་ལ་ཁྱབ་ཅིང་འོད་གསལ་བའི་ཕྱིར་དང་སོ་སོ་རང་རིག་པར་སྐྱེས་པའི་ཕྱིར་སེམས་ཞེས་བྱའོ། །དེའང་རྟོག་ཚོགས་ཀྱི་སེམས་སེམས་བྱུང་ནི་རོལ་བའི་རྩལ་ལས་མ་དག་པར་ཤར་བས་བྱང་ཆུབ་ཀྱི་སེམས་མ་ཡིན་ཏེ། འཁོར་བའི་སེམས་ཡིན་པས་རྫས་འགལ་བའི་ཕྱིར་ན། རྩལ་དང་རྩལ་ལས་རོལ་བར་ཤར་བའི་ཁྱད་ཡོད་དེ། དེ་ཡང་ཀུན་བྱེད་ལས། བྱང་བའི་དོན་ནི་འདི་ལྟ་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ནི། །རང་བྱུང་ཡེ་ནས་རྣམ་དག་པས། །ཀུན་བྱེད་རྒྱལ་པོས་བྱས་པ་ཀུན། །ཀུན་བཟང་ཉིད་དུ་རྣམ་དག་པས། །བྱང་ཞེས་བྱ་བར་བཤད་པ་ཡིན། །ཆུབ་ཅེས་བྱ་བ་འདི་ལྟ་སྟེ། །སྙིང་པོ་རང་བྱུང་ཡེ་ཤེས་དེ། །སྣང་བ་དང་ནི་སྲིད་པ་དང་། །སྣོད་དང་བཅུད་ཀྱིས་བསྡུས་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དང་། །དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཀུན་ལ་ཆུབ་སྟེ་ཁྱབ་པར་གནས། །དེས་ན་ཆུབ་ཅེས་བྱ་བར་བཤད། །སེམས་ཀྱི་དོན་ནི་འདི་ལྟ་སྟེ། །སྙིང་པོ་རང་བྱུང་ཡེ་ཤེས་དེས། །སྣང་སྲིད་སྣོད་བཅུད་ཐམས་ཅད་ལ། །འཇུག་ཅིང་དབང་སྒྱུར་གསལ་བར་གཅོད། །དེས་ན་སེམས་ཞེས་བྱ་བར་བཤད། །ཅེས་སོ། །འདིས་ནི་རང་བྱུང་བྱང་ཆུབ་ཀྱི་སེམས་ཞེས་པའི་ངེས་ཚིག་འགྲེལ་བ་སྟེ། དེ་ཡང་གང་བྱང་བའི་འབྱང་གཞི་རང་བྱུང་གི་ཡེ་ཤེས་གཞི་ཀ་དག་ཀློང་ཆེན་ཡངས་པ་ནམ་མཁའ་ལྟ་བུའི་རིག་པའི་གཤིས་དེ་ལ། བྱང་བྱ་ཡེ་ནས་དྲི་མེད་འཁོར་བས་མ་གོས་པའི་རང་རིག་སྟོང་གསལ། དྲི་མ་ཡེ་ནས་ཡོད་མ་མྱོང་པར་བྱང་བའི་སྙིང་པོ་དེ་ལ། ཡོན་ཏན་ལྷུན་གྲུབ་རིག་པའི་རང་བཞིན་འཁོར་འདས་ཐམས་ཅད་ཀྱི་འཆར་གཞི་ཡེ་ནས་ལྷུན་གྱིས་གྲུབ་ཅིང་རྩལ་དང་རོལ་བ་ཇི་ལྟར་ཤར་ཡང་རང་ངོ་རྒྱུ་འབྲས་ལས་འདས་ཤིང་འཁོར་འདས་སུ་མ་གྲུབ་པས་ཆུབ་པ་དང་། རང་རིག་སྙིང་པོ་དེ་ཐུགས་རྗེ་ཀུན་ལ་ཁྱབ་པ་འོད་གསལ་འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་སུ་ཡེ་ནས་དག་པས་ན་སེམས་ཏེ། ངོ་བོ་ཡེ་ནས་དག་པས་རོལ་བ་འཁོར་འདས་སྣང་སྲིད་སྣ་ཚོགས་སུ་ཇི་ལྟར་ཤར་ཡང་དབྱིངས་གཅིག་ལས་མ་འདས་པར་བྱང་ཆུབ་སེམས་སུ་ཀུན་འདུས་རྣམ་པར་དག་པའོ། །འདིར་རང་རིག་སྙིང་པོ་འོད་གསལ་དག་པས་སེམས་ཞེས་པའི་སེམས་ནི་འོད་གསལ་ཀུན་ཁྱབ་ཀྱི་ཡེ་ཤེས་དང་། རིག་པ་དེ་ཉིད་རིག་ཆ་ཤེས་རབ་ཀྱི་རྣམ་ཆར་ཤར་བའི་སོ་སོར་རང་རིག་པར་སྐྱེས་པ་དེ་ལ་གོ་བ་ལས་རོལ་རྩལ་མ་དག་པར་ཤར་བའི་སེམས་སེམས་བྱུང་ལ་ཐད་ཀར་གོ་རྒྱུ་མིན་པར་གསུངས་པ་དང་དེས་དོན་ལུང་གིས་ཀྱང་བཀྲལ་བའོ།།

ང༽བཞི་བ་རྒྱུ་མཚན་ངེས་པའི་མཐའ་སྡུད།

རྒྱུ་མཚན་ངེས་པའི་མཐའ་སྡུད་ནི།

རྩལ་ལས་རོལ་བར་ཤར་བའི་རང་ངོ་ལ།།

རྟོགས་པས་གློ་བུར་ཡང་སངས་རྒྱས་པ་དང་།།

མ་རྟོགས་མ་རིག་འཁྲུལ་བའི་ཚོགས་ཤར་བས།།

ཀུན་གཞི་ལས་མཆེད་ཚོགས་བརྒྱད་ཡུལ་དང་བཅས།།

སྣང་སྲིད་སྣོད་བཅུད་རོལ་བར་ཅི་ཤར་ཡང་།།

བྱང་ཆུབ་སེམས་ཀྱི་ཀློང་ལས་གཡོས་པ་མེད།།

སེམས་ཀློང་མ་གཡོས་མཉམ་པའི་ངང་ཉིད་དུ།།

འཁོར་འདས་འུབ་ཆུབ་དགོངས་ཀློང་ཡངས་པར་གྲོལ།།

ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནོར་བུ་དྲི་མ་མེད་པ་ཟང་ཐལ་བ་ལྟ་བུའི་ངང་གིས་རང་དྭངས་རྩལ་ལས། རྟོགས་པ་གློ་བུར་དྲི་བྲལ་གྱི་སངས་རྒྱས་སུ་སྣང་བའང་རིག་པ་ཉིད་ཀྱི་སྣང་ཚུལ་ལས་གཞན་དུ་མ་གཡོས་ལ། མ་རྟོགས་པས་མ་རིག་འཁྲུལ་བའི་སེམས་ཅན་གྱི་སྣོད་བཅུད་ཚོགས་བརྒྱད་དང་བཅས་པ་ཡང་རིག་པའི་ངང་ལས་གཡོས་པ་མེད་དོ། །དེ་ཡང་རང་རང་ལ་གང་སྣང་བ་དེ་རང་གི་རིག་པའི་ངང་ལས་མ་གཡོས་པར་བརྗོད་ཀྱིས། ཐམས་ཅད་ལ་སྤྱི་ཐུན་མོང་བའི་རིག་པའི་ངང་གཅིག་ཏུ་རོ་གཅིག་པ་དང་མ་གཡོས་པ་ལྟ་བུ་ནི་མེད་དེ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། །ཀུན་གཞི་སེམས་ཀྱི་རྩ་བ་ཅན་མ་རིག་པ་ལུང་མ་བསྟན་ལས། ཆོས་ཐམས་ཅད་རིག་པ་དང་རིག་པའི་རྩལ་གཉིས་ལས་མི་འདའ་ཞིང་། རིག་པ་བྱང་ཆུབ་ཀྱི་སེམས་དེ་ནོར་བུ་དྲི་མེད་ཟང་ཐལ་ལྟ་བུ་ཞིག་ཡིན་པའི་སྟབས་ཀྱིས་ཁོ་རང་གི་ངང་ལས་བྱུང་བའི་དྭངས་དེའི་རྩལ་ལས་རོལ་བ་ཤར་བའི་རང་ངོ་ལ་རྟོགས་པས་གློ་བུར་ཡང་སངས་རྒྱས་པ་དང་། མ་རྟོགས་མ་རིག་འཁྲུལ་བའི་ཚོགས་ཏེ་ཀུན་གཞི་ལས་མཆེད་ཚོགས་བརྒྱད་ཡུལ་དང་བཅས་པ་ཅི་དང་གང་དུ་ཤར་ཡང་། དེ་ཐམས་ཅད་པོ་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་སྣང་ཚུལ་གྱི་ཀློང་ལས་གཞན་དུ་གཡོས་པ་མེད་པ་ཡིན་ནོ། །འདིར་དོགས་པ་གཅད་རྒྱུ་ཞིག་ལ་རང་རང་ལ་དག་དང་མ་དག་གང་སྣང་ཡང་སྣང་བ་དེ་རིག་པའི་ངང་ལས་མ་གཡོས་པར་གསུངས་པ་ལས། གྲོལ་མ་གྲོལ་གཉིས་ཀ་བསྲེས་པ་གཅིག་ཏུ་གྱུར་པ་ལྟ་བུ་མིན་པར་གསུངས་སོ། །ཀུན་གཞི་ལས་མཆེད་པའི་ཚོགས་བརྒྱད་ཡུལ་དང་བཅས་པ་དེ་ཇི་ལྟར་ཡིན་ཞེ་ན། ཀུན་གཞི་ནི་སྒྲིབ་ལུང་མ་བསྟན། བག་ཆགས་ཐམས་ཅད་ཀྱི་གཞི། སེམས་ཀྱི་རྩ་བ་ཅན་མ་རིག་པའི་ཆར་གནས་པ་ཞིག་སྟེ། ཀུན་གཞིའི་རྣམ་ཤེས་རྟོག་མེད་དྭངས་པ་ཙམ་དང་། སྒོ་ལྔའི་རྣམ་ཤེས་རྟོག་མེད་རང་གསལ་དང་། ཡིད་ཀྱི་རྣམ་ཤེས་རྟོག་པ་དང་བཅས་པ་ཡུལ་འཛིན་པ་དང་རྟོག་མེད་རྩེ་གཅིག་གནས་པ་ཙམ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་ཤེས་དུག་གསུམ་གང་རུང་དུ་སྐྱེས་པའི་ཆར་གནས་པའོ། །དེ་དག་ཀྱང་རིག་པའི་རང་བཞིན་འཁོར་འདས་ཐམས་ཅད་ཀྱི་འཆར་གཞི་ཡེ་ནས་གྲུབ་པ་དེའི་རང་ངོར་འཁོར་འདས་སུ་མ་གྲུབ་ཀྱང་རྩལ་ལས་རོལ་བར་ཤར་བ་སྟེ་རིག་པའི་ངང་ན་མེད་པ་གསལ་སྣང་ཙམ་དུ་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་སུ་སྣང་བའོ། །དེ་ལྟར་ན་ཐམས་ཅད་འབྱུང་ཞིང་འཆར་བའི་གཞི་རིག་པ་དེ་ནི་ནོར་བུ་དང་། བང་མཛོད་དང་། མེ་ལོང་དང་། ཤེལ་གོང་དང་། ཟ་འོག་དང་། ཁྱུང་ཆེན་དང་། སེང་གེ་དང་། རྒྱ་མཚོ་དང་། ནམ་མཁའ་དང་། ས་གཞི་དང་ཆོས་མཚུངས་པ་ཉིད་དེ། འདི་དག་གི་དོན་རྒྱུད་ཀྱི་ལུང་གིས་བཀྲལ་བ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་བསྐང་བས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་འདྲ། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་སྣང་བས་ཟ་འོག་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །རང་བྱུང་གྲོལ་བས་ནམ་མཁའ་བཞིན། །ཐམས་ཅད་བརྟན་པས་ས་གཞི་ལྟར། །ཡུལ་རྣམས་ཀུན་ལས་ཁྱད་པར་འཕགས། །ཞེས་སོ། །དེའང་དཔེར་བརྗོད་ནས་ཕྱོགས་རེ་མཚོན་པ་ལས་ཐམས་ཅད་འདྲ་བ་འགའ་ཡང་མེད་དོ། །ཤེས་རབ་ཆུང་ངུ་དག་སྒྲ་རང་མཚན་དེས་ཐམས་ཅད་འདྲའོ་སྙམ་དུ་རྟོག་པའམ་ལོག་ཕྱོགས་ལ་དཔེར་མཚོན་ཏེ། ནོར་བུ་ལྟ་བུ་ལ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པར་ཕྱོགས་མཚོན་པ་དེ་བཞག་ནས། རིག་མེད་བེམ་པོའི་དཔེར་འཛིན་པ་ལ་སོགས་པ་སྟེ། འདིར་ཕྱོགས་མ་རྟོགས་པ་དག་ཐེ་ཚོམ་ངན་པ་དེ་ལྟ་བུ་བསམ་པར་མི་བྱའོ། །འདིར་དཔེ་མང་པོ་ཞིག་གསུངས་པ་ནི་ཕྱོགས་མང་པོ་ནས་དཔེ་མང་པོ་ཞིག་བཞག་ནས་མཚོན་ཐབས་མཛད་པ་སྟེ། དཔེ་གཅིག་གིས་ཐམས་ཅད་ནས་ཐམས་ཅད་མཚོན་ཐུབ་ན་དེ་ནི་དཔེ་མ་ཡིན་པར་དོན་རང་ཉིད་དུ་འགྲོ་བ་ཡིན། དཔེར་ན་ནོར་བུ་དང་འདྲ་ཞེས་པའི་སྐབས་སུ་ནོར་བུ་ལ་གསོལ་བ་བཏབ་ན་དགོས་འདོད་ལྷུན་གྲུབ་ཏུ་འབྱུང་བ་བཞིན་དུ་རིག་པ་ཐམས་ཅད་འབྱུང་ཞིང་འཆར་བའི་གཞི་ཡིན་པས་ན་ནོར་བུ་དང་འདྲ་བར་བསྟན་པ་ལས་རིག་པ་བྱང་ཆུབ་ཀྱི་སེམས་དེ་རིག་མེད་བེམ་པོ་རྡོ་འདྲ་ཞིག་ཡིན་གསུངས་པའི་དོན་ག་ལ་ཡིན། །དེ་བཞིན་དུ་སེང་གེ་དང་རྒྱ་མཚོ་སོགས་གསུངས་དུས་རིག་པ་སེང་གེ་ལྟ་བུའི་དུད་འགྲོ་ཁ་ཆེན་པོ་ཞིག་དང་། རྒྱ་མཚོ་ལྟ་བུ་མེར་སེ་ཡོད་པ་ཞིག་ཏུ་གསུངས་པར་མིན་པར་ལྟ་བའི་རྩལ་ཆེན་གདིང་ནས་རྫོགས་ཏེ་ཡ་ང་དང་བག་ཚ་མེད་པར་རི་དྭགས་གཅན་གཟན་ཐམས་ཅད་ཀྱི་རྒྱལ་པོ་སེངྒེ་དེ་དེ་དག་གི་ཚོགས་ནས་དཔའ་མི་ཞུམ་ཞིང་རེ་དོགས་མེད་པར་རྒྱུ་བ་དང་འདྲ་བ་དང་། དྭངས་གསལ་གཡོ་མེད་རྒྱ་མཚོ་ལ་དཔེ་བཞག་པ་ལྟ་བུ་ཡིན་ཡང་། ཤིན་ཏུ་བློ་ཆུང་གི་རིགས་ཀྱིས་ཕྱོགས་རེའི་དཔེ་མཚོན་ལ་གོ་ནོར་མི་རུང་བས་བསྟན་པ་དང་། ད་རུང་དོགས་སེལ་དུ་དེ་ལ་ནོར་བུའི་དཔེ་འདི་ནི་རིག་པའི་ངོ་བོ་ལ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ་མཚོན་གྱིས། བེམ་པོ་ལྟ་བུར་མི་བསམ་མོ། །བང་མཛོད་ནི་དགོས་པ་རང་བྱུང་དུ་ཚང་བ་མཚོན་གྱིས། གནས་དང་དངོས་པོ་རང་མཚན་ལ་སོགས་པར་མི་བསམ་མོ། །མེ་ལོང་གིས་འཆར་གཞི་གོ་མ་འགགས་པར་མཚོན་གྱིས་ཤར་ཟིན་གཟུགས་བརྙན་གྱི་རོལ་བ་ལ་སོགས་པར་མི་བསམ་མོ། །ཤེལ་གྱིས་ཀ་དག་ཟང་ཐལ་དུ་མཚོན་གྱིས་དག་པ་ཕྱོགས་གཅིག་དང་ངོས་གཟུང་ཡོད་པ་ལ་སོགས་པར་མི་བསམ་མོ། །ཟ་འོག་གིས་སྣང་ཚུལ་མ་འགགས་པ་ཙམ་མཚོན་གྱིས་ཁ་དོག་དང་དབྱིབས་སུ་གྲུབ་པར་མི་བསམ་མོ། །ཁྱུང་གིས་གཤོག་རྩལ་ལུས་ལ་རྫོགས་སྟོབས་ཀྱིས་མཁའ་དབྱིངས་ལ་རང་དབང་རྒྱུ་བ་རང་གནས་རང་བབ་སྤྲོ་བསྡུ་མེད་པ་མཚོན་གྱིས་མ་གཏོགས་སྟོང་སྟོང་པོའི་དབྱིངས་ན་རིག་པ་ཡོད་པར་མི་བསམ་མོ། །སེང་གེས་ཉམ་ང་བ་དང་རེ་དོགས་མེད་པར་མཚོན་གྱིས་འགའ་ཞིག་ཟིལ་གྱིས་གནོན་གནོན་པོར་མི་བསམ་མོ། །རྒྱ་མཚོས་དྭངས་ཆ་མཚོན་གྱིས་ངང་དྭངས་ཟབ་ཟབ་མོ་མི་བསམ་མོ། །ནམ་མཁས་དངོས་པོ་མཚན་མས་སྟོང་པར་མཚོན་གྱིས་ཅི་ཡང་མེད་པའི་ཕྱང་ཆད་དུ་མི་བསམ་མོ། །ས་གཞིས་ཡོན་ཏན་ལ་སོགས་པའི་རྟེན་བྱེད་པའི་དབྱིངས་ཤར་གྱི་རྩ་བར་མཚོན་གྱིས་རིག་པའི་སྟེང་ན་འབྲེལ་བ་གྲུབ་པའི་རྟེན་དང་བརྟེན་པར་མི་བསམ་སྟེ། འཁོར་འདས་ཀྱི་སྣང་བ་དང་རིག་པ་གཉིས་ཡོད་མེད་ཀྱི་མཐའ་ལས་འདས་པ་དང་། གཞི་དང་སྣང་བ་ཤར་བ་ལ་སོགས་པའི་ཕྱིར་རོ། །དེ་ཡན་གྱིས་ལེའུ་འདིའི་ས་བཅད་ཀྱི་ཆིངས་བཞག་པའི་དང་པོ་གཉིས་པ་གཉིས་ཀ་ནང་གསེས་དང་བཅས་པར་སོང་སྟེ། ད་ནི་གསུམ་པ་གྲོལ་བ་གནད་ཀྱི་མན་ངག་གིས་འགག་བསྡུ་བ་སྟེ།

༼ག༽གསུམ་པ་གྲོལ་བ་གནད་ཀྱི་མན་ངག་གིས་འགག་བསྡུ་བ།

འདི་ལ་ནང་ཚན་གྱི་དབྱེ་བ་གཤིས་རང་བབས་རྣལ་མའི་ངོ་བོ་བཤད་པ་དང་། ཡེ་ནས་གྲོལ་བའི་ཚུལ་རྒྱས་པར་བཤད་པ་དང་། བརྟག་པ་རང་གི་ངོ་བོས་སྟོང་པས་ཡེ་གྲོལ་དུ་བསྟན་པ་དང་། རོལ་པ་ཆོས་ཉིད་དུ་གྲོལ་བའི་གནད་ངེས་པ་དང་། ཐམས་ཅད་གདོད་མར་གྲོལ་བའི་རང་བཞིན་བསྟན་པ་དང་ལྔ་ལས།

ཀ༽དང་པོ་གཤིས་རང་བབས་རྣལ་མའི་ངོ་བོ་བཤད་པ།

དེ་ལ་གཤིས་རང་བབས་རྣལ་མའི་ངོ་བོ་བཤད་པ་དངོས་དང་། དེ་ལ་དོགས་པ་གསལ་བ་གཉིས་ལས།

༼༡ གཤིས་རང་བབས་རྣལ་མའི་ངོ་བོ་བཤད་པ་དངོས་དང་།

ད་ནི་གཤིས་རང་བབས་རྣལ་མའི་ངོ་བོ་བཤད་པ་ནི།

གཤིས་ལ་འཁོར་འདས་མི་སྲིད་རང་བཞིན་བབས།།

བཟང་ངན་བླང་དོར་མི་སྲིད་རང་བཞིན་བབས།།

སྤངས་ཐོབ་གཟུང་འཛིན་མི་སྲིད་རང་བཞིན་བབས།།

དུག་ལྔའི་ཉོན་མོངས་མི་སྲིད་རང་བཞིན་བབས།།

རྒྱ་ཆད་ཕྱོགས་ལྷུང་མི་སྲིད་རང་བཞིན་བབས།།

རྩལ་དང་འཆར་བ་མི་སྲིད་རང་བཞིན་བབས།།

ཕྱོགས་ཙམ་བཏགས་པ་མི་འགོག་རང་བཞིན་བབས།།

ཞེས་གསུངས་ཏེ། ཐ་སྙད་སྣ་ཚོགས་སུ་བཏགས་ཀྱང་དོན་དམ་རིག་པའི་ངོ་བོ་ཟང་ཀ་ལ་འདི་དང་འདི་ཞེས་གྲུབ་བསལ་བརྗོད་པ་ལས་འདས་པའི་ཕྱིར། འཁོར་འདས་དང་། བཟང་ངན་དང་། བླང་དོར་དང་། སྤངས་ཐོབ་དང་། ཉོན་མོངས་དང་། རྒྱ་ཆད་དང་། ཕྱོགས་ལྷུང་དང་། རྩལ་དང་། རོལ་བ་དང་། འཆར་ས་དང་། འཆར་བ་ཞེས་བྱ་བར་གྲུབ་མ་མྱོང་སྟེ། ཐལ་འགྱུར་ལས། ཆོས་ཉིད་དབྱིངས་དང་རང་ངོ་དང་། །འགྱུ་བ་སྟོངས་དང་རྟོག་པ་ཟད། །གཞི་རྫོགས་ལམ་དང་འབྲས་བུ་མེད། །ཆོས་ཉིད་སུས་ཀྱང་བྱས་པ་མེད། །རང་བཞིན་དག་པས་སྤྲོས་དང་བྲལ། །རྣམ་རྟོག་ཐ་དད་ཡུལ་ལས་འདས། །ཚིག་བྱུང་འཁྲུལ་བ་རྒྱུན་ཆད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །ཆོས་མེད་བརྟག་པ་ཀུན་ལས་འདས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོ། །འདིའི་རང་བཞིན་གྱི་བབས་རྣམ་པ་དྲུག་གིས་གཤིས་རང་བབས་རྣལ་མའི་ངོ་བོ་གཏན་ལ་ཕབ་པ་སྟེ། རིག་པ་སྟོང་གསལ་འགྱུར་མེད་ཀྱི་གཤིས་ལ། འཁོར་བ་དང་མྱང་འདས་ཞེས་པ་ཞིག་མི་སྲིད་ལ། ཐ་སྙད་དུ་འཁོར་བ་དང་མྱང་འདས་ལ་སོགས་པའི་མིང་སྣ་ཚོགས་སུ་བཏགས་པ་ཡིན་ཡང་། དོན་སྣང་སྲིད་སྣོད་བཅུད་འཁོར་འདས་ཤར་བའི་གཞི་རིག་པའི་ངོ་བོ་དེ་གང་དུ་མ་གྲུབ་པ་ནམ་མཁས་ཀྱང་ཕྱོགས་ཙམ་མཚོན་པ་ཞིག་ཡིན། དོན་དམ་ལ་རིག་པའི་ངོ་བོར་འདི་ཡིན་དེ་ཡིན། འདི་རེད་དེ་མ་རེད་ལ་སོགས་པས་ཚུར་བསྒྲུབ་རྒྱུ་ཞིག་དང་། ཕར་མེད་པར་བསལ་བ་ལ་སོགས་པ་བཟང་ངན་བླང་དོར་གྱི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་དེ་ཉིད་ནི་དེའི་བཞིན་གྱི་བབས་མ་བཅོས་པ་སྟེ། འཁོར་འདས་མེད་པས་སྤངས་དང་ཐོབ་པར་བྱ་བའི་གཟུང་འཛིན་མི་སྲིད་པ་དེ་ཡང་རང་བཞིན་གྱི་བབས། གཤིས་ནམ་མཁའ་ལྟ་བུ་སྤངས་ཐོབ་མེད་པས་དུག་ལྔའི་ཉོན་མོངས་མི་སྲིད་པའི་རང་བཞིན་གྱི་བབས། ཟང་ཐལ་ཡེ་སྟོང་ཡིན་པ་དེ་ཉིད་བཅིངས་པས་ཡེ་ནས་འཆོས་མ་མྱོང་པས། མེད་པ་སྟོང་རྐྱང་གི་རྒྱར་མ་ཆད། ཕྱལ་བ་ཕྱོགས་འཛིན་གྱི་ཕྱོགས་སུ་མ་ཆད་པས་ན་རྒྱ་ཆད་ཕྱོགས་ལྷུང་མི་སྲིད་པའི་རང་བཞིན་གྱི་བབས། རྩལ་དང་འཆར་བ་ཡང་ཆུ་ཟླ་སྣང་དུས་ཉིད་ནས་མ་གྲུབ་པ་བཞིན་དུ་མི་སྲིད་པའི་རང་བཞིན་གྱི་བབས་ཡིན། ཐ་སྙད་ཙམ་དུ་འཆར་རུང་སྣང་རུང་དེ་ཡང་གཞི་མེད་རིག་པ་ལས་མ་འདས་པས། ཚིག་གིས་མཚོན་པ་མིང་གི་བླ་དྭགས་སུ་ཕྱོགས་ཙམ་བཏགས་པ་མི་འགོག་པ་རང་བཞིན་གྱི་བབས་ཡིན་པའོ། །དེ་ལྟར་ཡིན་པས་དོན་ལ་རྩལ་དང་རོལ་བ་ཞེས་པ་འཆར་སའི་གཞི་དང་། འཆར་བའི་སྣང་ཚུལ་ཙམ་ཡང་མ་གྲུབ་པ་ཆོས་མེད་བརྟག་པ་ཀུན་ལས་འདས་པ་བསྟན་པའོ། །

༼༢ གཉིས་པ་དེ་ལ་དོགས་སེལ་བཀོད་པ།

འོ་ན་བརྟགས་པར་མི་འགོག་ལ་རྩལ་དང་འཆར་གཞི་མེད་པ་ཅིའི་ཕྱིར་ཞེ་ན་དེ་ལ་བཤད་པ།

རང་བྱུང་ཡེ་ཤེས་ཆོས་ཟད་མིང་མེད་ལ།།

རྩལ་དང་རོལ་བ་ཅི་ཤར་གཞི་མེད་ཉིད།།

འཆིང་གྲོལ་མེད་པ་གནས་ལུགས་རང་བཞིན་བབས།།

གྲོལ་ཞེས་བརྡར་བཏགས་རང་ཡལ་རྗེས་མེད་ཅིང་།།

ཀུན་ཡིན་ཀུན་མིན་བརྟག་པར་མི་འགལ་བས།།

ཡེ་ནས་གྲོལ་ཞེས་ཚིག་ཏུ་བརྗོད་པ་ཡིན།།

ཞེས་གསུངས་ཏེ། མ་གྲུབ་པ་ཉིད་ཀྱིས་མིང་དུ་བཏགས་པ་ཉིད་དེ་མིང་དོན་ལ་འབྲེལ་བ་མེད་པའི་ཕྱིར་རོ། །དོན་ནི་ངོ་བོ་མེད་ལ་མིང་ནི་ཀུན་ཏུ་བཙལ་ན་མི་རྙེད་པ་དེའི་ཕྱིར་མིང་དོན་མ་གྲུབ་པ་ཉིད་ལ་འབྲེལ་བ་ནི་ཅི་ཞིག་དམིགས་པར་འགྱུར། རིག་པ་དང་། དེའི་རྩལ་དང་། རོལ་བ་དང་། རང་གྲོལ་ཞེས་བྱ་བའང་མ་བརྟགས་པའི་ངོར་བརྡ་ཤེས་པའི་ཡན་ལག་ཏུ་གོ་བདེར་བརྟག་པ་ཙམ་ལས། རིག་པ་ཉིད་ལ་ངོ་བོ་མེད་ན་དེ་ལས་འཆར་ས་དང་། ཤར་བ་དང་། སྣ་ཚོགས་ཀྱི་རོལ་བ་ཞེས་དོན་ལ་ཡོད་པར་ག་ལ་འགྱུར། འོན་ཀྱང་མེད་པ་ཉིད་ལས་སྣང་ཚུལ་མ་འགགས་པར་སྣང་དུས་དེ་སྐད་བརྟགས་པ་ནི་སྒྱུ་མའི་སྣང་བ་དང་འདྲའོ། །སྒྱུ་མ་མཁན་དང་། དེའི་རིག་སྔགས་དང་། རིག་སྔགས་ཀྱི་རོལ་བ་སྒྱུ་མའི་རྟ་གླང་གསུམ་མ་བརྟགས་མ་དཔྱད་ན་སྣང་ཙམ་མ་འགགས་པར་གཅིག་ལས་གཅིག་ཤར་བ་ལྟར། རིག་པ་དེའི་རྩལ་དང་། རྩལ་ལས་ཤར་བའི་རོལ་བ་སྣང་སྲིད་འཁོར་འདས་སུ་སྣང་བ་ཡང་། མ་བརྟགས་མ་དཔྱད་པའི་ངོར་སྣང་བ་ཙམ་མོ། །དཔྱད་ན་རྟ་གླང་མེད་པ་གསལ་སྣང་། རིག་སྔགས་གྲག་སྟོང་རྗེས་མེད། སྒྱུ་མ་མཁན་གྱི་ལུས་རྡུལ་ཕྲན་ཆ་མེད། སེམས་གཅིག་དང་དུ་བྲལ་དུ་སོང་ནས་མ་གྲུབ་པ་ལྟར། རོལ་བར་སྣང་བའི་འཁོར་འདས་སྣོད་བཅུད་ཐམས་ཅད་མེད་པ་གསལ་སྣང་། རྩལ་རང་གསལ་སྟོང་པ། རིག་པ་ཟང་ཐལ་ཆོས་ཟད་དེ། གཅིག་དང་དུ་མའི་མཐའ་དང་བྲལ་བས་བསམ་བརྗོད་སྤྲོས་པའི་ཡུལ་ལས་འདས་པ་ཉིད་དོ། །རིག་པ་རང་བྱུང་གི་ཡེ་ཤེས་འདི། དོན་གྱིས་ཆོས་ཟད་བརྡར་བཏགས་པའི་མིང་ཡང་མ་གྲུབ་པས་མིང་དོན་གཉིས་ཀ་འབྲེལ་བ་མེད་པའི་ཕྱིར་ན་མིང་མེད་ཅེས་པ་སྟེ། དོན་རང་བྱུང་གི་ཡེ་ཤེས་ཆོས་ཟད་ངོ་བོ་མེད་པ་ཞིག་ཡིན་ན། མེད་པའི་དོན་ལ་གོ་བརྡ་སྤྲོད་བྱེད་དུ་མིང་ཞིག་བཏགས་པ་དེ་བཙལ་ན་རྙེད་དུ་མེད་པ་ཞིག་ཡིན་ལ། མིང་དོན་གཉིས་ཀ་མ་གྲུབ་པ་ཞིག་ལ་དེ་གཉིས་ཀའི་འབྲེལ་བའང་གང་ནས་གྲུབ། གཞི་རིག་པ་དེ་ལས་རྩལ་དང་། དེའི་རོལ་བ་དང་། དེ་ཡང་རང་གྲོལ་དུ་གསུངས་ན་ཡང་། མ་བརྟགས་སྐྱེ་བོའི་ངོར་བརྡ་ཤེས་པ་གོ་བདེ་བའི་ཆེད་དུ་བཏགས་པ་ཙམ་ལས་ངོ་བོ་མེད་པའི་རིག་པ་ལ་རྩལ་དང་རོལ་བ་ཞིག་ག་ལ་ཡོད། དེ་མེད་པས་འཆར་ས་དང་། ཤར་བ་དང་། སྣ་ཚོགས་སུ་སྣང་བ་ཐམས་ཅད་མེད་ཀྱང་། མེད་པ་ཉིད་ལས་དེ་ལྟར་སྣང་བ་མི་འགོག་པས་རྩལ་དང་འཆར་གཞི་གཞི་མེད་ཡིན་ཡང་ཕྱོགས་ཙམ་བཏགས་པ་གེགས་དང་འགོག་རྐྱེན་མེད་པར་བསྟན་པ་ཡིན། དེ་ཡང་དཔེ་སྒྱུ་མའི་སྣང་བ་དང་འདྲ་བ་སྟེ། སྒྱུ་མ་མཁན་གྱིས་སྒྱུ་མའི་མཁན་པོ་དང་རིག་སྔགས་དང་རྫས་དང་། དེ་ལས་བྱུང་བའི་སྒྱུ་མའི་རོལ་གར་རྟ་དང་གླང་པོ་ཡུལ་ལྗོངས། ཁང་བཟང་ལ་སོགས་པ་སྣང་ཙམ་གྱི་ངོས་ནས་གྲུབ་པས་མི་ཚད་པར། གཅིག་ལས་གཅིག་བྱུང་བ་ཡང་གྲུབ་པ་ལྟར་དུ། རིག་པ་དང་དེའི་རྩལ་རོལ་བ་རྣམས་མ་བརྟག་པའི་ངོར་ང་དང་ཁྱོད་ཉིན་དཀར་དང་ནུབ་མོ་ལ་སོགས་པ་འདི་སྣང་གི་ཆོས་ཐམས་ཅད་གྲུབ་ན་ཡང་། དཔྱད་ན་སྒྱུ་མ་མཁན་རིག་སྔགས་སྤྲུལ་བ་དང་བཅས་པ་མ་གྲུབ་པ་བཞིན་དུ། རྩལ་རོལ་བ་ཅི་ཤར་གཞི་མེད་པ། འདི་ལྟར་སྣང་བའི་སྣང་བ་ནས་ཡར་ཕུགས་དེད་ན། འཁོར་འདས་སྣོད་བཅུད་སྣང་དུ་ཡོད་པའི་རོལ་བ་རང་ཉིད་མེད་པ་གསལ་སྣང་། རོལ་བ་གང་ལས་བྱུང་བའི་རྩལ་ཡང་རང་གསལ་སྟོང་པ། གཞི་རིག་པ་ངོ་བོ་མེད་པ་ཉིད་འཆིང་གྲོལ་མེད་པ་ནི་གནས་ལུགས་རང་བཞིན་གྱི་བབས་སུ་གཏན་ལ་ཕབ་པའོ། །དེ་ཕབ་དུས་གྲོལ་ཞེས་པ་དེ་ཡང་བརྡར་བཏགས་རང་ཡལ་རྗེས་མེད་ཅིག་ལས་ཐབས་མེད་པས། ཀུན་ཡིན་པར་བརྟག་ཀུན་མིན་པར་བརྟག་ཀྱང་མི་འགལ་བས། མཐའ་བྲལ་གྱི་དོན་ལ་ཡེ་ནས་གྲོལ་ཞེས་ཚིག་ཏུ་བརྗོད་པ་ཙམ་ཡང་མེད་ཀྱང་བརྟག་པ་མི་འགལ་བར་བསྟན་པའོ། །ཟང་ཐལ་ཆོས་ཟད་ལ་ཐུག་དུས་སྒྱུ་མའི་སྤྲུལ་པས་ཕན་གནོད་མ་བྱས་པ་བཞིན་དུ་མཐའ་བྲལ་རིག་པ་སྤྲོས་པ་ལས་འདས་པར་བསྟན་པའོ། །ཡང་དོགས་སློང་མཛད་པ་ནི། མ་བརྟགས་མ་དཔྱད་པའི་དུས་ན་སྣང་བ་འདི་རྩལ་གྱི་ནུས་པ་ལས་བྱུང་བས་རོལ་བར་སྣང་བ་འདི་ཤེས་པ་ཡིན་ནོ་སྙམ་ན། དེ་ལ་བཤད་པ་ལོག་པར་རྟོག་པ་དེ་ལྟ་བུ་སྣང་བ་དང་རང་སེམས་གཅིག་ཡིན་པ་ཞིག་ཁོ་བོ་ཅག་ག་ལ་འདོད་དེ་མི་འདོད། སྒྱུ་མའི་རྟ་གླང་སྒྱུ་མ་མཁན་གྱི་རོལ་བར་ཤར་ཡང་སྒྱུ་མ་མཁན་མ་ཡིན་པ་བཞིན་ནོ། །སྒྱུ་མའི་རྟ་གླང་སྒྱུ་མ་མཁན་ཡིན་ན་སྒྱུ་མའི་སྣང་བ་ཞིག་དུས་སྒྱུ་མ་མཁན་ཡང་མེད་པར་ཐལ་བ་དང་། སྣང་བ་དེ་མེད་གོང་དུ་སྒྱུ་མ་མཁན་མེད་པར་ཐལ་བ་ལས། སྒྱུ་མ་ཡོད་མེད་དང་ཞིག་མ་ཞིག་གི་རྗེས་སུ་སྒྱུ་མ་མཁན་མི་བྱེད་པས་སྒྱུ་མ་མཁན་དང་སྒྱུ་མའི་རྟ་གླང་སོགས་དེ་གཉིས་ངོ་བོ་གཅིག་མ་ཡིན་པ་ལྟར། སྣང་བ་དང་རང་སེམས་གཅིག་མ་ཡིན་པའང་མཚུངས་ཏེ། སྣང་བ་འདི་བདག་གི་རྗེས་སུ་འགྲོ་ལྡོག་མི་བྱེད་ལ། བདག་ཀྱང་སྣང་བའི་རྗེས་སུ་འགྲོ་ལྡོག་མི་བྱེད་པས་ངོ་བོ་གཅིག་མ་ཡིན་ནོ། །སྣང་བ་དང་རང་སེམས་གཅིག་མིན་པས། སྒྱུ་མ་མཁན་དང་དེས་སྤྲུལ་བའི་སྣང་བ་གཅིག་མིན་པ་ལྟར་དུ་སྣང་བ་སྣང་མཁན་གྱི་རྗེས་སུ་མི་འདེད་ལ། སྣང་མཁན་སྣང་བའི་རྗེས་སུ་མཉམ་པོར་མི་འདུག་པ་ཡིན་ནོ། །འོ་ན་རིག་པའི་རོལ་བ་ཡིན་པས་སྣང་བ་འདི་བདག་གི་རྗེས་སུ་འགྲོ་ལྡོག་བྱེད་པར་རིགས་སོ་ཞེ་ན། སྤྱི་བཙན་གྱི་སྣང་བ་དེ་སྒོས་བཙན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་ཡིན་པས། བདག་མེད་ཀྱང་རི་ལ་སོགས་པ་ཤུལ་ན་ཡོད་པས་གསལ་ལ། སྒོས་བཙན་གྱི་རི་སྣང་ཙམ་གྱི་རོལ་བ་དེ་གང་ཟག་དེ་འཆི་དུས་ནུབ་པའི་ཕྱིར་ན། རང་རང་གི་རོལ་བ་དེ་རང་རང་དང་རྗེས་སུ་འགྲོ་ལྡོག་བྱེད་ལ། སྤྱིའི་དེ་སྤྱི་དང་འགྲོ་ལྡོག་བྱེད་པས། ཕྱེ་ནས་ལན་འདེབས་པས་ཉེས་པ་མེད་དོ། །སྣང་བ་འདི་རིག་པའི་རོལ་བ་ཡིན་ཞིང་། རོལ་བ་གང་ལས་ཤར་བའི་གཞི་དང་རྗེས་སུ་འགྲོ་ལྡོག་བྱེད་འོས་སོ་ཞེ་ན། འདིར་ཕྲ་ཞིབ་ཀྱི་དབྱེ་བ་ཕྱེས་ནས། སྤྱི་བཙན་དང་སྒོས་བཙན་གྱི་སྒོ་ནས་འཆད་དགོས་ཏེ། སྤྱི་བཙན་གྱི་མཐུན་སྣང་གི་སྣང་བ་དེ་དང་། སྒོས་བཙན་གྱི་རི་སྣང་ཙམ་གྱི་རོལ་བ་གཉིས་སུ་ཕྱེས་ནས་སྒོས་བཙན་གྱི་རི་སྣང་ཙམ་གྱི་རོལ་བ་དེ། གང་ཟག་དེ་ཤི་དུས་ནུབ་ཀྱང་ཚང་མའི་རི་སྣང་ནུབ་མི་དགོས་པ་དེས་ན་སྤྱི་བཙན་གྱི་སྣང་བ་སྤྱི་ལ་འགྲོ་ལྡོག་དང་། སྒོས་བཙན་གྱི་སྣང་བ་རང་ཉིད་ལ་འགྲོ་ལྡོག་བྱེད་པའི་གནད་ཀྱིས་སྣང་བ་བདག་གི་རྗེས་སུ་འགྲོ་ལྡོག་བྱ་དགོས་པས་མ་ཁྱབ་པར་བསྟན་པའོ། །འོ་ན་རང་མེད་དུས་རང་སྣང་གི་རི་མེད་པར་མ་སོང་བས་རོལ་བ་ཤུལ་དུ་ལུས་སོ་སྙམ་ན། ཤུལ་གྱི་དེ་སྣང་ཡུལ་སྤྱི་བཙན་པ་ཡིན་པས། ཤུལ་མའི་སྣང་བ་ཡིན་གྱིས། ཤི་བ་དེའི་སྣང་བ་མ་ཡིན་ལ། སྤྱིའི་རོལ་བ་འགག་པར་ནི་ཁས་མ་བླངས་པ་དང་། སྣང་བ་དང་སྣང་ཡུལ་གྱི་ཁྱད་ཡོད་པའི་ཕྱིར་ཉེས་པ་མེད་ལ་འཐད་པ་དང་བཅས་པ་ཉིད་དོ། །རང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱི་བརྒྱུད་འཛིན་པས་སྣང་བ་དང་སྣང་ཡུལ་ཕྱེ་དགོས་ཞེས་པའི་གནད་ཀྱང་འདི་ལ་ཐུག་པ་ཡིན། རང་མེད་དུས་རང་སྣང་གི་རི་མེད་སོང་བ་ཡིན་ནའང་ཤུལ་གྱི་རི་མེད་པར་གྱུར་མེད་པ་ཡིན། སྣང་བ་ཐམས་ཅད་རོལ་བ་ཡིན་པ་དེས་ན་ཁྱོད་ཤི་དུས་ཁྱོད་ཀྱི་རོལ་བ་ཤུལ་དུ་ལྷག་པར་མ་གྱུར་གྲང་སྙམ་ན། དེ་ལ་དོགས་སེལ་དང་འཐད་པ་ཆེད་དུ་བསྒྲུབས་པ་སྟེ། སྒེར་བཙན་གྱི་སྣང་བ་འགག་དུས་སྤྱི་བཙན་གྱི་རོལ་བ་འགག་པར་སུས་ཀྱང་མ་སྨྲས་ཤིང་། སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་ཕྱེད་ནས། ཤི་བའི་གང་ཟག་དེའི་སྣང་བ་ཤི་དུས་འགག་པ་ཡིན་ནའང་། རིའི་མཐུན་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་སྣང་ཡུལ་རི་དང་ཡུལ་ལྗོངས་སོགས་དེ་དུས་འགག་མི་དགོས་པ་དེའི་ཕྱིར་ན་སྒོས་བཙན་གྱི་སྣང་བ་འགག་དུས་སྤྱི་བཙན་གྱི་སྣང་ཡུལ་འགག་མི་འགྲོ་བའི་འཐད་པ་ཡང་རྒྱུ་མཚན་དེ་ལ་བརྟེན་ཏེ་འགྲུབ་པ་ཡིན། མ་གྲུབ་པ་ཉིད་ཀྱིས་མིང་དོན་ལ་འབྲེལ་བ་མེད་པ་དང་། སྣང་བའི་ཕྱིར་རང་བཞིན་མེད་པས་བརྟག་པ་བརྟགས་དོན་གཉིས་ཀ་མ་གྲུབ་པས་ན། ཅིར་སྣང་གང་བརྟགས་ལ་འགལ་བ་མེད་པའི་ཚུལ་གོང་དུ། ཀུན་ཡིན་ཀུན་མིན་བརྟག་པར་མི་འགལ་བས། །ཡེ་ནས་གྲོལ་ཞེས་ཚིག་ཏུ་བརྗོད་པ་ཡིན། །གསུངས་པ་དེ་སླར་ཡང་དྲན་པར་བྱ་འོས་པ་ཡིན་ནོ། །དེའི་ཕྱིར་མིང་དོན་ལ་འབྲེལ་བ་མེད་པ་ཉིད་དང་། སྣང་བའི་ཕྱིར་རང་བཞིན་མེད་པས་བརྟག་པ་དང་བརྟགས་དོན་མ་གྲུབ་པས་ཅིར་སྣང་ཅིར་བརྟགས་ཀྱང་སྟོང་པའི་ཐ་སྙད་ཙམ་དུ་ཤེས་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་ལ་ལ་དག་ལ་བུ་བཙས་ཏེ། །དེ་ཡི་མིང་ནི་ཐ་སྙད་དེར་བཏགས་ཀྱང་། །མིང་དེ་ཀུན་ཏུ་བཙལ་ན་མི་རྙེད་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། ཡུམ་ལས་ཀྱང་། རབ་འབྱོར་ཆོས་ཐམས་ཅད་ནི་བརྡ་ཙམ་བཏག་པ་ཙམ་མིང་ཙམ་གློ་བུར་བ་ཉིད་དེ། དེ་ཀུན་ཏུ་བཙལ་ན་ནང་ན་ཡང་མེད་ཅིང་མི་དམིགས་ལ། ཕྱི་རོལ་ན་ཡང་མེད་ཅིང་མི་དམིགས་ལ། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་སོ།།

ཁ༽གཉིས་པ་ཡེ་ནས་གྲོལ་བའི་ཚུལ་རྒྱས་པར་བཤད་པ།

འཆར་གཞིའི་ངོ་བོ་དང་རྩལ་གྱི་རང་བཞིན་ཡེ་ནས་གྲོལ་བར་བསྟན་པ་དང་། རྩལ་ལས་རོལ་བར་ཤར་བའི་སྣང་བ་རང་ས་ནས་རང་བཞིན་མེད་པའི་ཀློང་དུ་གྲོལ་བར་བསྟན་པ་གཉིས་ལས།

༼༡ དང་པོ་འཆར་གཞིའི་ངོ་བོ་དང་རྩལ་གྱི་རང་བཞིན་ཡེ་ནས་གྲོལ་བར་བསྟན་པ།

ད་ནི་ཡེ་ནས་གྲོལ་བའི་ཚུལ་རྒྱས་པར་བཤད་པ་ལས། འཆར་གཞིའི་ངོ་བོ་དང་རྩལ་གྱི་རང་བཞིན་ཡེ་ནས་གྲོལ་བར་བསྟན་པ་ནི།

དབྱེ་བསལ་མེད་དོ་ལྷུན་གྲུབ་ཀློང་དུ་གྲོལ།།

འདུ་འབྲལ་མེད་དོ་ཐིག་ལེའི་ཀློང་དུ་གྲོལ།།

ཅིར་ཡང་འཆར་རོ་ངེས་མེད་ཀློང་དུ་གྲོལ།།

ཞེས་གསུངས་ཏེ། འདིའི་ཚིག་ཁ་གསུམ་པོ་འདི་ནི་ངོ་སྤྲོད་པ་དང་། ངང་སྐྱོང་བ་དང་། རྩལ་སྦྱོང་བ་གསུམ་མམ། ཡང་ན་རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་ཀྱི་ས་ཟིན་གནད་ཀྱི་གཟེར་བུ་གསུམ་སྟེ། དེ་ཡང་རིག་པའི་ངོ་བོ་ལ་གྲོལ་ལུགས་གཉིས་ཏེ་ཞེས་མཚམས་སྦྱར་ནས། རང་ངོ་ཀ་དག་ཏུ་གྲོལ་བ་དང་། ཆོས་རྣམས་དེའི་ངང་དུ་གྲོལ་བའོ་ཞེས་མདོར་བསྟན་པའོ། །རྒྱས་པར་བཤད་པ་ནི་རང་ངོ་ནི་གང་དུའང་མ་གྲུབ་པས་དངོས་པོ་དང་མཚན་མའི་ཆོས་ཀྱིས་སྟོང་པའི་ལྡོག་པ་ནས། འཁོར་འདས་ཀྱི་ཆོས་ལས་གྲོལ་བ་ཞེས་ཐ་སྙད་བརྗོད་པའོ། །རང་ངོ་ཀ་དག་ཏུ་གྲོལ་བ་ནི་ཇི་ལྟར་ཞེ་ན། གྲོལ་གཞིའི་རིག་པའི་རང་ངོ་ཀ་ནས་དག་པ་སྐྱེ་འགག་གནས་དམིགས་སོགས་ཀྱི་དངོས་མཚན་གྱིས་སྟོང་པ་དེའི་སྟོང་པའི་ལྡོག་ཆ་ནས་རང་ངོ་གྲོལ་ལུགས་དང་པོ་བསྟན་པའོ། །ཆོས་རྣམས་དེའི་ངང་དུ་གྲོལ་བ་ནི་རིག་པ་ཟང་ཀར་རྟོགས་པས་ཆོས་རྣམས་ཡུལ་མེད་དུ་སངས་ཏེ། རིག་པ་ཉིད་རྗེན་ལ་སོང་བ་དེ་མངོན་དུ་གྱུར་པ་ཙམ་ལ་དེའི་ཀློང་དུ་གྲོལ་བ་ཞེས་ཐ་སྙད་བརྗོད་ཀྱང་མཚོ་ནང་དུ་དངོས་པོ་ནུབ་པ་ལྟར་རིག་པའི་ངང་དུ་སོང་སོང་པོ་གྲོལ་གྲོལ་པོ་ནི་ཅི་ཡང་མེད་དེ། ཆོས་ལ་ངོ་བོ་མེད་པ་དང་། རིག་པ་ལ་ངོ་བོ་མེད་པའི་ཕྱིར། མོ་གཤམ་གྱི་བུ་སྨིག་རྒྱུའི་ཆུ་ནང་དུ་གྲོལ་བ་མི་སྲིད་པ་བཞིན་ནོ། །གྲོལ་ལུགས་གཉིས་པ་ཆོས་རྣམས་དེའི་ངང་དུ་གྲོལ་བ་ནི། སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱི་ཆོས་འདི་ཐམས་ཅད། སྣང་ཙམ་པ། ངོ་བོ་མེད་པ། སྣང་དུས་ཉིད་ནས་མ་གྲུབ་པ་ཡིན་པའི་ཕྱིར་ན་རིག་པ་ཀ་དག་སྟོང་པ་ཅིར་ཡང་མ་གྲུབ་པའི་ངང་དུ་རིག་པ་རྗེན་ལ་བུད་དུས། སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་ཡུལ་མེད་དུ་དེངས་ཤིང་སངས་པ་དེ་ལ་རིག་པའི་ཀློང་དུ་གྲོལ་ཞེས་ཐ་སྙད་དུ་བཏགས་པ་ཙམ་ལས་དོན་ལ་ཡོད་པ་གཉིས་གཅིག་གི་ངང་དུ་གཅིག་ནུབ་སོང་བ་ལྟ་བུ་ཞིག་མིན་ལ། གྲོལ་བའི་ཆོས་དང་གྲོལ་ས་རིག་པ་གཉིས་ཀ་ལ་ངོ་བོ་མེད་པས་ན། མོ་གཤམ་ལ་བུ་ཡོད་མ་མྱོང་། སྨིག་རྒྱུ་ཆུ་མིན་པས་བུ་ཆུ་ནང་དུ་ནུབ་པའང་མ་སྲིད་པ་ལྟར་དུ་ངོ་བོ་མེད་པ་ལ་གྲོལ་བྱ་དང་གྲོལ་བྱེད་ལས་འདས་པ་ཡིན་ནོ། །སྐབས་འདིར་ངོ་སྤྲད་པ་དང་ངང་སྐྱོང་བ། རྩལ་སྦྱོང་བ་གསུམ་རང་རིག་ཟང་ཀའི་སྟེང་འདིར་བརྩི་སྟེ། རིག་པ་དབྱེ་བསལ་མེད་པ་ལྷུན་གྲུབ་ཀྱི་ཀློང་དུ་ཡེ་ནས་གྲོལ་བར་ངོ་སྤྲད་པས། ཡང་རབ་ཀྱི་རང་ངོ་ཤེས་པ་ལ་འཇུག་ཅིང་ངོ་ཤེས་པས་ཆོས་ཉིད་ཀ་དག་གི་རང་ས་ཐུག་ས་དེར་རྗེན་ལ་ཐུག་པའོ། །དེ་ལས་ཡར་གཤེགས་ཀྱང་དགུང་ལ་ཤུལ་མི་མངའ་བ་ཞེས་བྱ་སྟེ་ཐུག་ས་ཟད་པའོ། །འཆར་གཞིའི་ངོ་བོ་དང་རྩལ་གྱི་རང་བཞིན་གཉིས་ཀ་ཡེ་གྲོལ་དུ་ངོ་སྤྲད་པ་ནི། དབྱེ་བསལ་མེད་དོ་ལྷུན་གྲུབ་ཀློང་དུ་གྲོལ། །ཞེས་པ་འདིས་བསྟན་པ་ཡིན་པས། རང་ངོ་ཀ་དག་གི་ཀློང་དུ་གྲོལ་འཁྲུལ་གྱི་མཚན་མ་ཙམ་ཡང་མ་གྲུབ་ཀྱང་། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པའི་ངང་ལས་སྣང་བ་ཙམ་མ་གཏོགས་གཞན་དུ་མེད་པ་དེ་ཡང་ཡེ་ནས་ཡོད་མ་མྱོང་པའི་དོན་ལ་ཐུག་པ་ཡིན་པས་ན། ཡེ་སངས་ཡེ་གྲོལ་གྱི་ངང་དུ་གྲོལ་བས་ན་རིག་པ་དབྱེ་བསལ་མེད་པའི་དོན་གཉིས་ལྷུན་གྲུབ་ཀྱི་ཀློང་དུ་གྲོལ་ཞེས་ཡེ་ནས་གྲོལ་བར་ངོ་སྤྲད་པ་སྟེ། དེ་ལྟར་རང་ངོ་ཤེས་པ་དེ་ཀ་དག་གི་རང་ས་རྗེན་པ་ལ་ཐུག་པ་ཡིན་པས་དེས་ཡན་དུ་ལྟ་བའི་ཕུག་གཏུགས་ས་ཞིག་མེད་དོ་ཞེས་དང་པོར་ངོ་སྤྲད་པའོ། །དེ་ལྟར་རྟོགས་ནས་རིག་པའི་ངང་དྭངས་དང་འདུ་འབྲལ་མེད་པ་འོད་གསལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་གཏད་འཛིན་གྱི་ཆོས་གྲོལ་ནས་རྗེན་པར་དྭངས་སང་ངེ་མཐོང་བས་རང་བཞིན་ལྷུན་གྲུབ་ཀྱི་བསམ་གཏན་དུ་ཡིད་ཆེས་ཏེ། དགོངས་པའི་ཐུག་ས་ཟད་པའོ། །ཞེས་གསུངས་ཏེ། འདི་ནི་གཉིས་པ་ངང་སྐྱོང་བ་སྟེ། འདུ་འབྲལ་མེད་དོ་ཐིག་ལེའི་ཀློང་དུ་གྲོལ། །ཞེས་གོང་དུ་དེ་ལྟར་གྲོལ་བའི་དོན་རྟོགས་ནས། ངོ་འཕྲོད་པའི་རིག་པའི་ངང་སྟོང་པ་དེ་དང་འདུ་འབྲལ་མེད་པའི་འོད་གསལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་གཏད་འཛིན་གྱི་ཆོས་གྲོལ་ཏེ། རྗེན་སངས་སྟོང་པའི་རང་བཞིན་ལྷུན་གྲུབ་ཀྱི་བསམ་གཏན་ལ་ཐག་ཆོད། ཡིད་ཆེས། གདེང་ཁེལ་ནས་དགོངས་པའི་མཐར་ཐུག་པ་དེ་ལས་མི་འབྲལ་བར་རྒྱུན་མཐུད་པ་དེ་ངང་སྐྱོང་བ་ཡིན་ནོ། །ད་ནི་གསུམ་པ་རྩལ་སྦྱོང་བ་ནི། དེའི་དྭངས་ཆའི་རྩལ་ལས་མེ་ལོང་དུ་གཟུགས་བརྙན་སྣང་བ་ལྟར་སྣང་སེམས་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པ་ཉིད་རང་སར་གཞི་མེད་ངེས་མེད་ཀྱི་ཀློང་དུ་གྲོལ་བར་རྩལ་སྦྱངས་པས། མ་སྤངས་རང་གྲོལ་གྱི་གནད་ལ་གོམས་ནས། རྗེས་མེད་རང་ཡལ་དུ་ཐག་ཆོད་དེ། ཅིར་ཡང་འཆར་རོ་ངེས་མེད་ཀློང་དུ་གྲོལ། །ཞེས་རང་བཞིན་ལྷུན་གྲུབ་ཀྱི་བསམ་གཏན། རང་བབས་ཆུ་བོ་རྒྱུན་དུ་གནས་པ་དེའི་དྭངས་ཆའི་རྩལ་ལས་རོལ་བ་ངེས་མེད་སྣ་ཚོགས་ཀྱི་སྣང་བ་ཤར་བ་འདི་ཡང་། མེ་ལོང་གི་ངོས་སུ་གཟུགས་བརྙན་ཤར་བ་བཞིན་དུ། ཆོས་ཉིད་ཀྱི་ངང་ལས་ཤར་བ་ཙམ་མ་གཏོགས། གཞན་དུ་གྲུབ་པའི་ཆོས་ཤིག་མེད་པར་རྟོགས་ནས། སེམས་ཀྱི་འཆར་ཚུལ་འགོག་མི་དགོས་པར་འཆར་ཚུལ་སྣ་ཚོགས་སུ་མ་འགགས་པར་ཤར་བ་དེ་ཉིད་ཤར་ཐོག་དེ་རུ་རང་སར་གྲོལ་བ་སྟེ་རང་དག་ཤར་བའི་གྲོལ་ལུགས། གཞི་མེད་ཀྱི་འཆར་སྣང་ངེས་མེད་ཇི་ལྟར་སྣང་བ་དེའི་ཐོག་ཏུ་གྲོལ་བར་རྩལ་སྦྱོང་ཚེ། བློས་བྱས་ཀྱི་དྲི་མ་ཡེ་སངས་ཡེ་དག་ཏུ་སོང་ནས་མ་སྤང་རང་གྲོལ་གྱི་གནད་ལ་གོམས་ཤིང་གོམས་ལ་རྗེས་མེད་རང་དག་གི་རྩལ་འབྱོངས་པ་ཡིན་ནོ། །དེ་ལྟ་བུའི་ཟང་ཐལ་གཉུག་མའི་ཡེ་ཤེས་སུ་ངོ་སྤྲད་པ་དང་། ངང་སྐྱོང་བ། རྩལ་སྦྱོང་བ་གསུམ་གྱིས་དེ་ལྟར་གདེང་ཚུད་པས། རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྲུབ་ཡངས་པར་རང་ས་ཟིན་པའི་གཟེར་བུ་གསུམ་ཡང་འདི་ཡིན་ཏེ། ཐལ་འགྱུར་ལས། གཞན་ཡང་ཆོས་ཉིད་ངོ་བོ་ནི། །རང་བཞིན་ཉིད་ལས་ངོ་བོར་གྲུབ། །སྣང་ཚུལ་གཅིག་ཏུ་མ་ངེས་པས། །འཇུག་པའི་ལམ་ཡང་ཐ་དད་དོ། །ངོ་དང་ཤེས་དང་གྲོལ་མཐོང་གི། འཇུག་དང་མཐོང་དང་གོམས་པ་ལས། །ངོ་ཤེས་པ་ལ་རང་ངོ་སྟེ། །ཞེས་གཟེར་བུ་དང་པོ་ངོ་སྤྲད་པ་བསྟན་པའོ། །ཡིད་ཆེས་པ་ཡི་ཐུག་སའོ། །ཞེས་པ་འདིས་གཟེར་བུ་གཉིས་པ་ངང་སྐྱོང་བསྟན་པའོ། །ཐག་ཆོད་པས་ནི་གདེང་དུ་ཚུད། །ཞེས་པ་འདིས་གཟེར་བུ་གསུམ་པ་རྩལ་སྦྱོང་བ་བསྟན་པའོ། །དེ་ལྟར་གསུམ་གྱིས་ངེས་པའི་ལས། །ངོ་བོ་རྫོགས་པས་རྒྱུ་འགགས་སོ། །ཞེས་སོ།།

༼༢ གཉིས་པ་རྩལ་ལས་རོལ་བར་ཤར་བའི་སྣང་བ་རང་ས་ནས་རང་བཞིན་མེད་པའི་ཀློང་དུ་གྲོལ་བར་བསྟན་པ།

ད་ནི་རྩལ་ལས་རོལ་བར་ཤར་བའི་སྣང་བ་རང་ས་ནས་རང་བཞིན་མེད་པའི་ཀློང་དུ་གྲོལ་བར་བསྟན་པ་ནི།

གཟུགས་སུ་སྣང་ངོ་སྣང་བ་རང་སར་གྲོལ།།

སྒྲ་རུ་གྲག་གོ་གྲག་པ་རང་སར་གྲོལ།།

དྲི་རུ་ཚོར་རོ་ཚོར་བ་དབྱིངས་སུ་གྲོལ།།

རོ་མྱོང་རེག་གོ་རང་སའི་ངང་དེར་གྲོལ།།

དྲན་རིག་བྱུང་ཚོར་གཞི་རྩ་རྟེན་མེད་གྲོལ།།

ཞེས་གསུངས་ཏེ། ཡུལ་དྲུག་གི་སྣང་བ་ནི་སྟོང་གཟུགས་མེད་པ་གསལ་སྣང་སྟེ་རང་བཞིན་མེད་པའི་ངང་དུ་ཡེ་ནས་གྲོལ་ལ། དབང་པོ་དྲུག་ཤེས་པ་དང་བཅས་པ་ནི་རང་རང་གི་ངོ་བོས་སྟོང་པས་ཡོད་མ་མྱོང་བ་སྟོང་པའི་དབྱིངས་སུ་གྲོལ་ལ། སྣང་སེམས་རྟེན་མེད་ནམ་མཁའི་ངོ་བོ་ཉིད་དུ་ཡེ་ནས་གྲོལ་བས་ངོ་བོ་དང་ངོས་གཟུང་གི་ཆོས་སུ་བདེན་པར་གྲུབ་པ་ནི་རྡུལ་ཙམ་ཡང་མེད་ལ། བརྫུན་པར་སྣང་བ་ཙམ་ལས་བརྫུན་པར་གྲུབ་པ་ཡང་མེད་པའི་ཕྱིར། མཐའ་གྲོལ་སྟོང་པ་ཆེན་པོའི་དབྱིངས་རུམ་ན་མེད་པ་གསལ་སྣང་གི་སྟོང་གཟུགས་ཆུའི་ཟླ་བ་ལྟར་སྣང་དུས་ཉིད་ནས་རང་བཞིན་མེད་པར་ཤར་བས། འདི་ལ་སྤང་བླང་དང་རེ་དོགས་དང་བརྟག་དཔྱད་གང་ཡང་མི་དགོས་ཏེ། འཕགས་པ་ལྷ་ཡི་ཞལ་སྔ་ནས། ཇི་ལྟར་སྣང་ཞིང་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་གསུངས་པ་བཞིན་ནོ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ། ཡུལ་དྲུག་གི་སྣང་བ་དེ་སྒྱུ་མའི་དཔེ་བརྒྱད་ལྟར་དུ་ཇི་ལྟར་སྣང་ན་ཡང་། རང་དུས་ན་མེད་པ། རང་སྣང་སྟོང་གཟུགས། མེད་པ་གསལ་སྣང་དུ་ཤར་བ། ཡེ་གྲོལ་འདུས་མ་བྱས་སུ་གྲོལ་གྲོལ་དུ་ཡོད་པས། མིག་རྣ་སྣ་ལྕེ་ལུས་ཡིད་དང་བཅས་པའི་དབང་རིག་ཤེས་པ་དང་བཅས་པ་ཡང་། སྐྱེ་འགག་གནས་གསུམ་བྲལ་བ་འཆར་སྒོ་མ་འགགས་བཞིན་དུ་རང་རང་གི་ངོ་བོས་སྟོང་པས་ན། མེ་ལོང་གི་གཟུགས་བརྙན་མེ་ལོང་ལས་མ་གཡོས་པ་བཞིན་དུ་ཕྱི་གཟུགས་སོགས་སྣང་བ་ཐམས་ཅད་རིག་པའི་ཀློང་ན་སྐྱེ་འགག་གནས་པར་སྣང་ཡང་སྟོང་པའི་ངང་ལས་མ་གཡོས། ནང་མིག་གི་ཤེས་པ་ལ་སོགས་ཤར་གནས་གྲོལ་གསུམ་རིག་པའི་ངང་ལས་མ་གཡོས་པ་ནི་རྒྱ་མཚོའི་རྦ་རླབས་རྒྱ་མཚོ་རང་ལས་མ་གཡོས་པ་ལྟ་བུ་ཡིན་པས། གཟུགས་སུ་སྣང་བའི་སྣང་བ་རང་སར་གྲོལ་ནས་གཟུགས་འཛིན་མིག་གི་ཤེས་པ་རང་གི་ངོ་བོས་སྟོང་པས་ན། ངོ་བོ་ངོས་བཟུང་གི་ཆོས་སུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པས་མི་ཚད། རྫུན་པར་གྲུབ་པ་དང་དེ་བཞིན་དུ་མ་དམིགས་ཤིང་། རྫུན་སྣང་སྣང་སེམས་གཏད་མེད་མཐའ་གྲོལ་ཆེན་པོའི་དབྱིངས་རིམ་དུ་དག་པས་གཟུགས་སྣང་ཇི་བཞིན་དུ་སྒྲ་རུ་གྲག་པ་གྲག་པའི་རང་སར། དྲི་རུ་ཚོར་བ་ཚོར་བ་དེའི་དབྱིངས། རོ་མྱོང་མྱང་སྣང་དང་། རེག་སྣང་དེའི་ངང་དུ་རང་སར་གཞི་རྩ་རྟེན་མེད་དུ་གྲོལ་བ་སོགས་ཀྱིས། ཇི་ལྟར་སྣང་བཞིན་གྲོལ་བ་སྟོང་ཉིད་ངོ་བོའི་ཆོས་ཀྱི་གཤིས་སུ་བསྟན་པའོ། །དེ་ཡང་ཇི་ལྟར་སྣང་བ་ངོ་བོས་སྟོང་པ་དང་། བདེན་རྫུན་ལས་འདས་པ་དང་། སྣ་ཚོགས་ལ་མ་ངེས་པའི་ཕྱིར་སྟོང་པ་ཉིད་དོ། །མ་ངེས་སྣ་ཚོགས་པ་ནི་རྩལ་ལས་རྐྱེན་དང་རྒྱུ་མེད་པ་གསལ་སྣང་གི་ཚོགས་པས་རྟེན་འབྲེལ་དུ་ཤར་བ་སྟེ། འཁྲུལ་སྣང་གི་རོལ་བ་འདི་དག་ལ་རིང་བའི་རྒྱུ་ཐོག་མ་མེད་པའི་བག་ཆགས་ཀུན་གཞི་ལ་ཡོད་པ་རྐྱེན་ལས་དང་ཉོན་མོངས་པས་བསླངས་ལ། ཉེ་བའི་རྒྱུ་གློ་བུར་བའི་ཚོགས་པ་ཙམ་སྟེ། ལྷ་སྦྱིན་ལ་དགྲར་སྣང་བ་ནི། རིང་རྒྱུ་ལས་དང་བག་ཆགས། ཉེ་རྒྱུ་མི་འཐད་པའི་ཆ་གློ་བུར་བ་བྱས་པ་ལས། དགྲར་སྣང་བ་ལྟར། སྣོད་བཅུད་བདེ་སྡུག་གི་སྣང་བ་སྟེ། འདི་དག་རྒྱུ་རྐྱེན་ལས་གློ་བུར་དུ་ཤར་བས་མི་བདེན་པའི་སྟོང་གཟུགས་ཏེ། བདེན་ན་ནི་རྒྱུ་རྐྱེན་ལ་མི་ལྟོས་པར་འབྱུང་དགོས་སོ། །དེའི་ཕྱིར་སྣ་ཚོགས་སུ་སྣང་བས་སྟོང་པ་ཉིད་དེ། གཟུགས་སྒྲ་དྲི་རོ་རེག་ལ་སོགས་པ་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་དེ་བཞིན་ངོ་བོས་སྟོང་པ་དང་གཅིག དེ་ཉིད་བདེན་པས་གྲུབ་པ་དང་བདེན་སྟོང་རྫུན་པ་གཉིས་ཀ་ལས་འདས་པ་དང་གཉིས། སྣ་ཚོགས་སུ་སྣང་ཞིང་སྣ་ཚོགས་སུ་འགྱུར་བས་མ་ངེས་པའི་ཕྱིར་དང་གསུམ་གྱིས་འདི་དག་སྟོང་པ་ཉིད་དུ་དྲིལ་བའོ། །དེ་ལས་མ་ངེས་སྣ་ཚོགས་པའི་ཕྱིར་ཞེས་པ་དེ་ཇི་ལྟར་ཞེ་ན། རྩལ་ལས་བྱུང་བའི་རྐྱེན་དང་རྒྱུ་མེད་པ་གསལ་སྣང་གི་ཚོགས་པ་ཞིག་མཉམ་དུ་འཛོམས་པས་རྟེན་འབྲེལ་དུ་ཤར་ནས་འཁྲུལ་སྣང་གི་རོལ་བ་མ་ངེས་བདེ་སྡུག་སྣ་ཚོགས་སུ་སྣང་བ་འདི། རིང་རྒྱུ་དང་ཉེ་རྒྱུ་སྣ་ཚོགས་ལས་འདི་ལྟར་བྱུང་བ་སྟེ། དེ་ནི་རྒྱུ་རྐྱེན་ལ་བརྟེན་ནས་གློ་བུར་དུ་ཤར་བ་ཡིན་ཕྱིར་བདེན་པ་མེད་པའི་སྟོང་གཟུགས་ཡིད་རྟོན་མེད་པའི་འཇའ་ལྟར་དུ་གྲུབ་པ་ཡིན་ལ། གལ་ཏེ་བདེན་པའི་དངོས་པོ་ཞིག་དེའི་གསེང་དུ་ཡོད་ན། བདེན་པ་བདེན་གྱི་ཐོག་ནས་འགྱུར་དུ་མེད་པ་ཡིན་པས་སྐྱེ་འགག་འཕོ་འགྱུར་དུ་མི་རུང་ཞིང་རྒྱུ་རྐྱེན་ལ་མ་ལྟོས་པའི་བྱུང་བ་ཞིག་ཡིན་དགོས་ན་དེ་ལྟར་མིན་པའི་ཆ་ནས་སྣ་ཚོགས་སྣང་བའི་རྒྱུ་མཚན་གྱིས་སྟོང་ཉིད་ཡིན་པའི་ངེས་པ་བསྟན་ཏེ། ལུང་གི་སྒྲུབ་བྱེད་ནི། ཐལ་འགྱུར་ལས། གཞན་ཡང་ཆོས་ཉིད་རང་བཞིན་བཤད། །འདི་འདྲ་གཅིག་ཏུ་མ་ངེས་པས། །གང་ལྟར་བརྟགས་པ་དེ་ལྟར་སྣང་། །སྣ་ཚོགས་མིང་ནི་གདགས་གཞི་ལས། །སྨྲ་ཚིག་དུ་མའི་སྤྲོས་པར་སྣང་། །ངེས་མེད་མིང་ནི་སྣ་ཚོགས་ལས། །དོན་ཀྱང་བརྟགས་པ་ཙམ་གྱིས་སྟོང་། །སྟོང་ཉིད་གང་དུའང་མ་གྲུབ་པས། །རང་བཞིན་དག་པ་ལྟར་སྣང་ངོ་། །ཞེས་པ་དང་། འཕགས་པ་ཀླུའི་དབང་པོའི་ཞལ་སྔ་ནས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །ཐེག་ཆེན་ཐུན་མོང་གི་ལུང་དང་བཅས་པས་རྩལ་དང་རོལ་བར་ཤར་བའི་སྣང་བ་སྣང་ས་ནས་རང་བཞིན་མེད་པར་གྲོལ་བ་བསྟན་པའོ། །དེ་ལ་དོགས་སེལ་གྱི་ཆེད་དུ་ཕྱོགས་སྔ་བཀོད་པ་ནི། ཁ་ཅིག་འདི་སྐད་དུ་ལྷ་བསྒོམས་པས་དངོས་གྲུབ་འབྱུང་བ་དང་། མི་རྟག་པ་སོགས་པ་བསྒོམས་པས་འབྱུང་བ་འམ་འབྱོངས་པ་དང་སྦྱར་ན། གསར་དུ་འགྲུབ་པར་སྣང་བས་དེ་དང་དེར་བདེན་པ་མ་ཡིན་ནམ་ཞེ་ན། འདིར་ལན་བཤད་པ་གློ་བུར་བ་ཉིད་ཀྱིས་འགྲུབ་པར་སྣང་ནས་སམ་སྣང་བས་མི་བདེན་པ་ཉིད་དེ། མ་བསྒོམས་པས་མི་བདེན་པས་བསྒོམ་པ་ལ་སོགས་པར་ཤར་བ་ཡིན་མོད། རྟོག་པ་མཐུ་བརྟས་པ་ཉིད་ཀྱིས་རེ་ཞིག་གང་དཔྱད་པ་ལྟར་དེ་དང་དེའི་རྒྱུ་དང་རྐྱེན་གྱིས་འགྱུར་འགྱུར་འདྲ་ཡང་ཆོས་ཉིད་དོན་དམ་སྐྲ་རྩེ་ཙམ་ཡང་འགྱུར་བ་མེད་དེ། བྱིས་པའི་རྩེད་མོས་དར་ཅིག་སྣང་བ་དེ་འགྱུར་འགྱུར་འདྲ་ཡང་དོན་ལ་མ་འགྱུར་བ་དང་། སྒྱུ་མའི་སྣང་བ་དེ་རེ་ཞིག་འགྱུར་འགྱུར་འདྲ་ཡང་རྟག་མི་ཐུབ་ཞིག་འགྲོ་བས་དོན་ལ་མ་འགྱུར་བ་ལྟར། འཁྲུལ་མ་འཁྲུལ་དུ་སྣང་དུས་འདིར་རེ་ཞིག་རིག་པ་འགྱུར་འགྱུར་འདྲ་ཡང་དོན་ལ་ཆོས་ཉིད་ལས་སྐྲ་རྩེ་གཅིག་ཀྱང་འགྱུར་བ་མེད་པའི་ཕྱིར། གང་སྣང་ནས་སམ་སྣང་བས་སྟོང་པའི་རོལ་བར་ཤར་བ་ཡིན་ནོ། །མདོར་ན་གློ་བུར་པ་ཡིན་པའི་རྒྱུ་མཚན་གྱིས་མི་བདེན་པར་འགྲུབ་པ་ཡིན། བསྒོམས་པས་གོམས་པ་ལ་མཚོན་ན་རྟོག་པ་མཐུ་བརྟས་ནས་ནུས་པ་རྒྱས་པའི་སྐབས་ཀྱི་རྒྱུ་རྐྱེན་ལ་ལྟོས་ནས་འགྱུར་འགྱུར་ལྟ་བུར་ཡོད་ཀྱང་། གང་མངོན་དུ་གྱུར་པའི་ཆོས་ཉིད་དམ་པའི་གཤིས་ལ་འགྱུར་བ་སྤུའི་རྩེ་མོ་ལྟ་བུ་སོང་མེད་ཅིང་། བྱིས་པའི་རྩེད་མོས་རྡོ་དང་བོང་བ་རྟ་ཟོག་ཏུ་འཛིན་ན་ཡང་རྩེ་བཞིན་པའི་སྐབས་དེར་སྣང་བ་འགྱུར་འགྱུར་འདྲ་ཡང་དོན་ལ་རྡོ་དང་བོང་བ་རྟ་ཟོག་ཏུ་མ་འགྱུར་པ་ནི་སྒྱུ་མའི་སྣང་བ་སོགས་དང་འདྲ་བ་བརྟག་མི་ཐུབ་པ་བཞིན་དུ་འཁྲུལ་མ་འཁྲུལ་གཉིས་ཀའི་སྣང་དུས་དེར་འགྱུར་བ་སྣང་ཡང་དོན་ཆོས་ཉིད་ལ་འགྱུར་བ་ཡེ་ནས་མེད་པས་ན། གང་སྣང་བའི་རྒྱུ་མཚན་གྱིས་སྟོང་པའི་རོལ་བར་ཤར་བ་ཡིན་པ་ཤེས་ཐུབ་བོ། །ཡང་ཁ་ཅིག་མཐོང་ཐོས་སུ་འདུག་པས་སྟོང་པ་མི་འཐད་དོ་ཞེ་ན། དེའི་སྟོང་པ་དེ་ཅི་ཡང་མེད་ལ་མི་མཐོང་བ་ཅིག་ཁོ་ན་ལ་བློ་རྩེ་གཏོད་པ་དེ་ནི་ཆད་པ་ཞེས་བྱ་སྟེ། ཁོ་བོ་ཅག་དེ་ལྟ་བུའི་སྟོང་པ་དེ་ཉིད་འདོད་པ་དང་མི་རྩོད་དོ། །རྒྱང་འཕེན་པ་དང་རྩོད་པ་ནི། ངལ་བ་འབའ་ཞིག་ཏུ་ཟད། སྒྱུ་མའི་དཔེ་བརྒྱད་ནི་སྟོང་པའི་རང་གཟུགས་མངོན་སུམ་དུ་གོ་བདེ་བས་སྦྱར་བ་ལས། ད་ལྟར་གྱི་མཐོང་ཐོས་སྣང་སྲིད་སྣོད་བཅུད་འཁོར་འདས་སུ་སྣང་ནས་སམ་སྣང་བའི་རྒྱུ་མཚན་གྱིས་སྟོང་པར་འདོད་ཀྱི། མི་སྣང་ན་ལྟོས་ཆོས་མེད་པས་གང་དང་གང་ཞིག་ལ་ལྟོས་པར་བརྗོད། ཆོས་ཉིད་ཀྱི་གཤིས་ལའོ་སྙམ་ན། གཤིས་གང་དུའང་མ་གྲུབ་པས་སྟོང་པ་ཉིད་ཀྱང་མ་ཡིན་ཏེ། མཐོང་ཐོས་ཡོད་པའི་དངོས་པོ་སྟོང་པ་མ་ཡིན་པར་སྨྲ་བ་དང་། སྟོང་པ་ཞེས་པའི་ཚེ་ཅང་མེད་མཐོང་དུ་མེད་པ་ཞིག་ལ་བློ་རྩེ་གཏོད་པ་ནི་མུ་སྟེགས་རྒྱང་འཕེན་པའི་ཆད་ལྟ་ཡིན་ལ། རྒྱང་འཕེན་པ་དང་རྩོད་རིན་མེད་ལ། ལར་སྒྱུ་མའི་དཔེ་བརྒྱད་དང་སྦྱར་ནས་བཤད་པ་དེ་སྟོང་པའི་རང་གཟུགས་མངོན་སུམ་གོ་བདེར་ཡོད་པས་ཡིན་ལ། སྣང་སྲིད་སྣོད་བཅུད་ད་ལྟའི་མཐོང་ཆོས་སུ་གྱུར་པས་སྣང་བའི་ཕྱིར་སྟོང་པར་བསྒྲུབས་ནས་འགྲུབ་པ་ལས་ལྟོས་ཆོས་མེད་ན་གང་གིས་གང་ལ་ཇི་ཞིག་ལྟོས་ནས་བརྗོད། སྟོང་གཞི་ཆོས་ཉིད་ཀྱི་གཤིས་ཡིན་པས་དེར་ལྟོས་སོ་སྙམ་ན། ཆོས་ཉིད་ཀྱི་གཤིས་སྟོང་ཉིད་དུའང་མ་གྲུབ་པས་ན་ལྟོས་ས་མི་རུང་ངོ་། །དེའི་དོན་རྩ་བ་ཤེས་རབ་ལས། སྟོང་དང་མི་སྟོང་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་སོ། །ཆོས་གང་དུའང་མ་གྲུབ་པས་སྟོང་ཉིད་དུ་གདགས་སུ་རུང་བའམ་སྣ་ཚོགས་སུ་གདགས་སུ་རུང་བ་བྱུང་བ་སྟེ། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །སྟོང་ངོ་ཞེས་ཀྱང་བརྟགས་གྱུར་ལ། །མི་སྟོང་ཞེས་ཀྱང་བརྗོད་པ་ཡིན། །ཞེས་འདོན་པ་ལྟ་བུའོ། །འདི་དག་ནི་གྲུབ་མཐའི་ཆིངས་གལ་པོ་ཆེ་ཡིན་པས་རྟོགས་པར་བྱའོ། །འདིའི་དོན་བསྡུས་ན། སྣང་བས་ན་སྟོང་པ་དང་། ཤར་བས་ན་གྲོལ་བ་དང་། ཤར་སྣང་གི་རང་ས་ནས་རང་བཞིན་མེད་པའི་ཀློང་དུ་གྲོལ་གྲོལ་ཁར་ཡོད་པར་བསྟན་པའོ།།

ག༽གསུམ་བརྟག་པ་རང་གི་ངོ་བོས་སྟོང་པས་ཡེ་གྲོལ་དུ་བསྟན་པ།

ད་ནི་བརྟག་པ་རང་གི་ངོ་བོས་སྟོང་པས་ཡེ་གྲོལ་དུ་བསྟན་པ་ནི།

གཅིག་ཏུ་གྲོལ་ལོ་ཆོས་ཉིད་ཀློང་དུ་གྲོལ།།

གཉིས་སུ་མེད་དོ་ཡུལ་སེམས་མཉམ་པར་གྲོལ།།

རང་བྱུང་གྲོལ་ལོ་ཡེ་ཤེས་ཀློང་དུ་གྲོལ།།

ལྷུན་གྲུབ་གྲོལ་ལོ་གཞི་དབྱིངས་དག་པར་གྲོལ།།

ཞེས་གསུངས་ཏེ། ཐམས་ཅད་མ་སྐྱེས་པའི་ཕྱིར་སྟོང་པ་གཅིག་ཏུ་གྲོལ་བ་ཡང་རིག་པ་གཅིག་གི་ངོ་བོ་ལས་མ་འདས་པས་དེར་གྲོལ་ལ། གཅིག་ཏུ་གྲོལ་བ་ཆོས་ཐམས་ཅད་ཡེ་ནས་མ་སྐྱེས་པའི་ཕྱིར་མི་གནས་མི་འགག་ལ། གང་མ་སྐྱེས་མི་གནས་འགག་མེད་སྤྲོས་པ་ལས་འདས་པའི་ཆོས་དེ་སྟོང་པ་གཅིག་གི་ངོ་བོར་ཡེ་གྲོལ་ཡིན་པ་དང་། དེ་ཉིད་གཤིས་ཆོས་ཉིད་རིག་པ་གཅིག་གི་ངོ་བོར་འདུ་བ་ཡིན་པས་ན་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བར་བསྟན་པའོ། །ཡུལ་དང་དེ་ལ་འཛིན་པའི་སེམས་གཉིས་སུ་སྣང་བ་དེ་སྣང་བ་ཉིད་ནས་གཉིས་སུ་མེད་པའི་རིག་པ་གཅིག་ལས་མ་གཡོས་པས་དེར་གྲོལ་ལ། ཡུལ་སེམས་གཉིས་སུ་སྣང་དུས་ནས་གཉིས་སུ་མེད་པར་གྲོལ་བ་སྟེ། གཉིས་མེད་རིག་པ་གཅིག་ལས་མ་གཡོས་པས་ན། ཡུལ་སེམས་གཉིས་མེད་མཉམ་པར་གྲོལ་བའོ། །རིག་པ་རང་བྱུང་གི་ཡེ་ཤེས་དེ་ཡང་རྒྱ་ཆད་དང་ཕྱོགས་ལྷུང་གང་ཡང་མེད་པས་དོན་གྱི་ཡེ་ཤེས་སྤྲོས་བྲལ་ཉག་གཅིག་ཏུ་གྲོལ་ལ། རང་བྱུང་གྲོལ་ལོ་ཡེ་ཤེས་ཀློང་དུ་གྲོལ། །ཞེས་རང་བྱུང་རིག་པ་འཁོར་འདས་སྣང་སྲིད་སྣོད་བཅུད་འབྱུང་བའི་གཞི་དེ་ཡང་། འདི་ཞེས་ངོས་བཟུང་དང་བྲལ་བ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བས་ན། སྤྲོས་བྲལ་དོན་གྱི་ཡེ་ཤེས་རིག་སྟོང་ཐིག་ལེ་ཉག་གཅིག་ཏུ་གྲོལ་བ་དང་། ལྷུན་གྲུབ་གྲོལ་ལོ་གཞི་དབྱིངས་དག་པར་ཇི་ལྟར་གྲོལ་ན། ལྷུན་གྲུབ་ཐིག་ལེ་ཉག་གཅིག་ཀྱང་ཟང་ཐལ་མཚོན་བརྗོད་ལས་འདས་པའི་དབྱིངས་སུ་གྲོལ་བའི་ཕྱིར། རིག་པ་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཐིག་ལེ་ཉག་གཅིག་གིས་མཚོན་པ་དེ་ཉིད་ཀྱང་། ཕྱི་ནང་བར་མེད་རང་གསལ་རྗེན་པ་ཟང་ཐལ་མཚོན་བརྗོད་ལས་འདས་པའི་ཆོས་ཀྱི་དབྱིངས་སུ་གྲོལ་བའི་ཕྱིར་ན། མཐའ་གྲོལ་གཞི་རྩ་དང་བྲལ་བ་རྒྱ་གྲོལ་ཀློང་ཡངས་ཆེན་པོའི་ངོ་བོའི་གཤིས་འགྱུར་བ་མེད་པ་དེ་ལ་འཁོར་འདས་བཟང་ངན་གྱི་གྲུབ་བསལ་མེད་པར་ཡིན་པས། བསྒྲིབ་བྱ་དང་སྒྲིབ་བྱེད་ལས་འདས་པའི་སྒྲིབ་པ་ཡུལ་མེད་དུ་སངས་ཏེ། གང་གིས་ཀྱང་སྒྲིབ་ཏུ་མེད་པའི་དགོངས་པ་གཞི་དབྱིངས་དག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་གནས་པ་དེའི་ངང་དུ་གྲོལ་བ་ཉིད་དོ། །རང་གི་ངོ་བོས་སྟོང་པས་ཡེ་གྲོལ་དུ་བསྟན་པ་འདིའི་དོན་ད་རུང་ཅུང་ཟད་བཤད་ན་འབྱུང་མ་རག་པ་ལུང་གི་གནས་འདིས་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། སེང་གེ་རྩལ་རྫོགས་ལས། སྟོང་གསུམ་ཡེ་རྒྱས་ཐེབས་པ་ལ། །འཕྲལ་བྱུང་རྐྱེན་གྱིས་ང་མི་སྒྲིབ། །སྟོང་གསུམ་ཡེ་ནས་འཁོར་འདས་མཉམ་པར་གདལ་ཏེ་ཡེ་ཤེས་གཅིག་གི་ཁོར་ཡུག་དབྱིངས་གཅིག་གི་ར་བ་ལས་མ་འདས་པ་ཡིན་པས་ན། འཕྲལ་བྱུང་གི་རྐྱེན་ཇི་ལྟར་ཤར་ཡང་ཡེ་གྲོལ་རིག་པ་ང་ལ་མི་གནོད། ཆོས་དབྱིངས་ཡེ་ནས་ཡངས་པ་ལ། །གཅོང་རོང་དོག་མོས་ང་མི་སྒྲིབ། །ཆོས་ཀྱི་དབྱིངས་ཡེ་ནས་དག་ཅིང་མཁའ་ལྟར་ཡངས་པ་ལ། གཅོང་རོང་དོག་མོ་ལྟ་བུའི་རེ་དོགས་ཀྱི་འཕྲང་གིས་ང་སྒྲིབ་པ་མིན། རང་བྱུང་ཡེ་ནས་གསལ་བ་ལ། །འཁོར་བའི་མུན་པས་ང་མི་སྒྲིབ། །རང་བྱུང་གི་ཡེ་ཤེས་དེ་ཡེ་ནས་ཉི་ཟླའི་དཀྱིལ་འཁོར་ལྟར་དུ་གསལ་བ་ལ། གློ་བུར་འཁོར་བའི་མུན་པས་ངའི་གཤིས་ལ་མི་སྒྲིབ། རིག་པ་ཡེ་ནས་འཆི་མེད་ལ། །སྐྱེ་དང་འཆི་བས་ང་མི་སྒྲིབ། །རིག་པ་དེ་ཡེ་དང་མ་ཉིད་ནས་སྐྱེ་བ་མེད་པ་ལ། འཆི་བའི་མིང་ཡང་མེད་པས་སྐྱེ་འཆི་མཚན་མའི་ཆོས་ཀྱིས་ང་སྒྲིབ་པ་མིན། སྐུ་གསུམ་ཡེ་ནས་གནས་པ་ལ། །ཆགས་སྡང་ལྔ་ཡིས་ང་མི་སྒྲིབ། །རིག་པ་སྐུ་གསུམ་ཡེ་ནས་ཡེ་ཤེས་གསུམ་ལྡན་དུ་བཞུགས་པ་ཡིན་པས་ཆགས་སྡང་ལ་སོགས་པ་དུག་ལྔས་ང་སྒྲིབ་མི་ཐུབ། ཐབས་དང་ཤེས་རབ་ཡེ་གནས་པས། །སྦྱོར་སྒྲོལ་གཉིས་ཀྱིས་ང་མི་སྒྲིབ། །ཐབས་ཤེས་ཡ་མ་བྲལ་བའི་དབྱིངས་རིག་མཉམ་པའི་ངོ་བོ་ལ། སྦྱོར་སྒྲོལ་མཚན་མའི་ཆོས་ཀྱིས་ང་ལ་མི་སྒྲིབ། བདུད་རྩི་ཡེ་ནས་ནད་སེལ་བས། །དུག་ལྔའི་རྩ་བས་ང་མི་སྒྲིབ། །ཉོན་མོངས་རང་གྲོལ་གྱི་བདུད་རྩི་ཡེ་ནས་ནད་སེལ་དུ་རང་གྲུབ་ཏུ་ཡོད་པས་དུག་ལྔའི་རྩ་བ་མ་རིག་པས་རིག་པའི་ཡེ་ཤེས་ང་ལ་མི་སྒྲིབ། རིག་པ་ཡེ་ནས་ཕྱོགས་མེད་པས། །གོལ་སྒྲིབ་གཉིས་ཀྱིས་ང་མི་སྒྲིབ། །རིག་པ་ཡེ་ནས་ཕྱོགས་མེད་ཕྱོགས་དང་བྲལ་བ་ཡིན་པ་ལ། ཕྱོགས་འཛིན་ཡོད་མེད་རྟག་ཆད་ཀྱི་གོལ་སྒྲིབ་གཉིས་སམ་གཟུགས་དང་གཟུགས་མེད་ཀྱི་གོལ་སྒྲིབ་སོགས་ཀྱིས་ང་མི་སྒྲིབ། ཆོས་སྐུ་ཡེ་ནས་བདག་མེད་ལ། །བདག་གཞན་གཉིས་ཀྱིས་ང་མི་སྒྲིབ། །ཆོས་སྐུ་སྤྲོས་བྲལ་ཡེ་ནས་བདག་འཛིན་གྱི་གཞི་སྟོངས་པས། བདག་ཅེས་བྱ་བ་མ་གྲུབ་པར་ཡིན་པ་ལ་བདག་གཞན་གཉིས་སུ་འཛིན་པས་ང་མི་སྒྲིབ། སྣང་བ་ཡེ་ནས་རང་གསལ་ལ། །འབྱུང་བ་ལྔ་ཡིས་ང་མི་སྒྲིབ། །སྣང་བ་ཡེ་ནས་རང་གསལ་སྐུ་དང་ཡེ་ཤེས་སུ་དག་པ་ཡིན་པས། འབྱུང་ལྔ་ཐ་མལ་པ་ཡིས་ང་མི་སྒྲིབ། སྐུ་གསུམ་ཡེ་ནས་རང་རྫོགས་ལ། །བསྐྱེད་རྫོགས་གཉིས་ཀྱིས་ང་མི་སྒྲིབ། །སྐུ་གསུམ་ཡེ་ནས་རང་རྫོགས་རང་ཆས་འདུ་འབྲལ་མེད་པ་ཡིན་པ་ལ། བསྐྱེད་རྫོགས་བློས་བྱས་ཀྱི་ཆོས་ཀྱིས་ང་མི་སྒྲིབ། གསལ་བ་ཡེ་ནས་དངོས་བྲལ་ལ། །མཚན་མའི་ཆོས་ཀྱིས་ང་མི་སྒྲིབ། །གསལ་བ་ཡེ་ནས་དངོས་དང་དངོས་མེད་ཀྱི་རིས་དང་བྲལ་བ་ཞིག་ཡིན་པས། མཚན་མའི་ཆོས་ལ་འོད་གསལ་དུ་བཏགས་པས་ཀྱང་ང་མི་སྒྲིབ། རང་རིག་ཡེ་ནས་འགྱུར་མེད་པས། །དགེ་སྡིག་གཉིས་ཀྱིས་ང་མི་སྒྲིབ། །རང་རིག་དོན་དམ་ཡེ་ནས་འགྱུར་མེད་དགེ་སྡིག་ལས་འདས་པས་ན། ཀུན་རྫོབ་དགེ་སྡིག་གི་ཆོས་ཀྱིས་ང་མི་སྒྲིབ་ཅེས་པ་དང་། ཡུལ་ལ་རྟོག་མེད་རང་སྣང་བས། །སེམས་ཀྱི་འཛིན་པས་ང་མི་སྒྲིབ། །ཡེ་ཤེས་ཆོས་ལས་འདས་པས་ན། །སྣ་ཚོགས་བློ་ཡིས་ང་མི་སྒྲིབ། །སྣང་ཡུལ་གཉིས་སུ་མི་འཛིན་པས། །རྣམ་ཤེས་བརྒྱད་ཀྱིས་ང་མི་སྒྲིབ། །སངས་རྒྱས་སེམས་ཅན་མི་འབྱེད་པས། །བཟང་ངན་གཉིས་ཀྱིས་ང་མི་སྒྲིབ། །སྟོང་གསལ་གཉིས་སུ་མི་འབྱེད་པས། །བྱིང་རྒོད་གཉིས་ཀྱིས་ང་མི་སྒྲིབ། །བྱ་བྱེད་གཉིས་སུ་མི་འབྱེད་པས། །ཐེག་པའི་རྩོལ་བས་ང་མི་སྒྲིབ། །རྟོགས་དང་མ་རྟོགས་གཉིས་མེད་པས། །ཡིན་མིན་གཉིས་ཀྱིས་ང་མི་སྒྲིབ། །ཤེས་དང་མི་ཤེས་གཉིས་མེད་པས། །བློ་དངོས་གཉིས་ཀྱིས་ང་མི་སྒྲིབ། །ཕྱོགས་དང་རིས་སུ་མི་འཛིན་པས། །དགྲ་གཉེན་གཉིས་ཀྱིས་ང་མི་སྒྲིབ། །མཐའ་དང་དབུས་སུ་མི་འབྱེད་པས། །གོལ་སྒྲིབ་གཉིས་ཀྱིས་ང་མི་སྒྲིབ། །གསང་དང་མི་གསང་གཉིས་མེད་པས། །སྡུག་བསྔལ་གཉིས་ཀྱིས་ང་མི་སྒྲིབ། །རིག་དང་མ་རིག་གཉིས་མེད་པས། །མུན་སྣང་གཉིས་ཀྱིས་ང་མི་སྒྲིབ། །དུག་ལྔ་ཡེ་ཤེས་གཉིས་མེད་པས། །འཛིན་རྟོག་གཉིས་ཀྱིས་ང་མི་སྒྲིབ། །ཕྱི་དང་ནང་དུ་མི་ལྟ་བས། །འབྱུང་བའི་རྐྱེན་གྱིས་ང་མི་སྒྲིབ། །ཐ་དད་དུ་མར་མི་འབྱེད་པས། །གཅིག་དང་དུ་མས་ང་མི་སྒྲིབ། །འདས་དང་མ་འདས་མི་རྟོག་པས། །འཁོར་འདས་གཉིས་ཀྱིས་ང་མི་སྒྲིབ། །གསལ་འགྲིབ་གཉིས་སུ་མི་འཛིན་པས། །ཡེངས་དང་རྨུགས་པས་ང་མི་སྒྲིབ། །ཅེས་སོ། །དེ་ཡང་ཆོས་ཉིད་མ་བཅོས་པའི་དོན་ལ་ཡེ་ཤེས་ཀྱི་རྒྱ་ཡིས་ཐེབས་པ་ལས་དབྱིངས་རིག་གཉིས་མེད་སྟོང་གསལ་སྒྲིབ་པ་མེད་པའི་ཟང་ཐལ་རྗེན་པར་རང་ཤར་དུ་འབྱུང་བ་ཡིན་ཏེ། མུ་ཏིག་ཕྲེང་བ་ལས། རང་སྣང་སྟོང་པ་ཉིད་ཀྱི་རྒྱ། །སྟོང་འབྱམས་ཡེ་ཤེས་སྐུ་ཡི་རྒྱ། །སྣ་ཚོགས་སེམས་ཉིད་རིག་པའི་རྒྱ། །རྣམ་དག་ཀློང་ཡངས་ཡེ་ཤེས་རྒྱ། །མཚན་མ་དངོས་དག་རང་རིག་རྒྱ། །སྣང་བ་རང་རྫོགས་དབྱིངས་ཀྱི་རྒྱ། །སྤྱོད་པ་རྨད་བྱུང་སྣང་བའི་རྒྱ། །སྒོམ་པ་རྨད་བྱུང་སེམས་ཀྱི་རྒྱ། །ལྟ་བ་རྨད་བྱུང་ནམ་མཁའི་རྒྱ། །འབྲས་བུ་རྨད་བྱུང་ཆིག་ཆོད་རྒྱ། །ཡེ་ཤེས་རྨད་བྱུང་སྟོང་པའི་རྒྱ། །ཆོས་ཉིད་རྨད་བྱུང་རོལ་བའི་རྒྱ། །རྟོག་པ་རྨད་བྱུང་ཤེས་པའི་རྒྱ། །ཡང་དག་རྨད་བྱུང་རིག་པའི་རྒྱ། །ཞེས་སོ། །རྒྱ་ཞེས་པ་ནི་དེ་ལས་འདའ་བར་མེད་པའི་བཀའ་རྟགས་ཀྱི་ཕྱག་རྒྱས་བཏབ་པ། དཔེར་ན་རྒྱལ་པོ་ཆེན་པོའི་བཀའ་ཐམ་གྱིས་གནོན་པའི་རྒྱ་ཡིས་བཏབ་པའི་དོན་ལ། འབངས་སུས་ཀྱང་འདའ་བར་མི་ནུས་ཤིང་། འདས་ན་རང་ཉིད་ཉམ་ཉེས་པར་འགྱུར་བ་ལྟ་བུའི་རྒྱ་སྟེ། འདི་ནི་དེ་ལས་ཀྱང་ཁྲི་འགྱུར་འབུམ་འགྱུར་དུ་འདའ་རུ་མེད་པ་སྐྲ་རྩེའི་ཆ་ཙམ་ཡང་གཞལ་དུ་མེད་པ། ཆོས་ཉིད་དོན་གྱི་རྒྱ། མི་འཇིགས་རྡོ་རྗེའི་རྒྱ། མི་འགྱུང་གཡུང་དྲུང་གི་རྒྱའོ། །རྒྱུད་ཀྱི་རྡོ་རྗེའི་ཚིག་འདི་དག་སོ་སྐྱེའི་གཏམ་གྱི་ཚིག་ལྷད་མ་བཅུག་ན་ཚིག་གི་སྒྲོམ་དོན་གྱི་བཅུད་དེས་བཟང་བར་སེམས། ཆོས་ཉིད་ཡེ་རྒྱས་ཐེག་པ་དེ་ལ་སྒྲིབ་མེད་ཟང་ཐལ་དུ་ཤར་བ་འདིའི་དོན་ཉམས་ལེན་ལག་ཁྲིད་དུ་བསྟན་ན། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། རིག་པ་ཉིད་ཀྱི་གནས་ལུགས་ཆེ། །གྲོལ་ལུགས་རྟོགས་ལུགས་ཐོབ་ལུགས་སོ། །སྐྱེ་མེད་ཡུལ་ལ་གནས་པའི་ཚེ། །བལྟ་ཐབས་གཞག་ཐབས་བསྐྱལ་ཐབས་སོ། །ཞེས་པས། རིག་པ་ཉིད་ཀྱི་བཞུགས་ཚུལ་གནས་ལུགས་ཀྱི་སྐབས་སུ་གོ་རིམ་རྟོགས་གྲོལ་ཐོབ་གསུམ་དུ་འབྱུང་བ་སྟེ། རྟོགས་ལུགས་ཟང་ཐལ་དུ་རྟོགས་པ་དང་། གྲོལ་ལུགས་ཀ་དག་ཏུ་སངས་པ་དང་། ཐོབ་ལུགས་རང་མལ་དུ་ཐོབ་པ་གསུམ་དུས་གཅིག་ལ་འབྱུང་ལ། དེའི་ངང་དུ་གོམས་པར་བྱེད་པ་ལ་གནད་བལྟ་ཐབས། བཞག་ཐབས། བསྐྱལ་ཐབས་གསུམ་སྟེ། ཟང་ཐལ་དུ་ལྟ་བ། ཆིག་ཆོད་དུ་གཞག་པ། ཟད་སར་བསྐྱལ་བའོ། །དེ་དག་གི་རིམ་པ་ཡང་སྔར་བསྟན་ཟིན་ཏོ། །དེ་ཡན་གྱིས་གྲོལ་བ་གནད་ཀྱི་མན་ངག་གི་ཡེ་གྲོལ་གྱི་ཚུལ་བཤད་པ་ལས། འཆར་གཞིའི་ངོ་བོ་དང་། རང་རྩལ་གྱི་རང་བཞིན་ཡེ་གྲོལ། ཤར་བའི་སྣང་ས་ནས་རང་བཞིན་མེད་པར་གྲོལ་བ་དང་། བརྟག་པ་རང་གི་ངོ་བོས་ཡེ་གྲོལ་དུ་བསྟན་པ་རྣམས་སོང་སྟེ། དེ་རིང་འདིའི་མཚམས་ནས་བཞག་སྟེ་སང་ཉིན་རོལ་བ་ཆོས་ཉིད་དུ་གྲོལ་བའི་གནད་ངེས་པ་ནས་བཤད་རྒྱུ་བྱེད། ཡང་ཁྲིད་ལུང་གི་དུས་ཚོད་ལའང་འདང་ཞིག་རྒྱག་དགོས་འདུག ཆོས་དབྱིངས་མཛོད་དང་། གྲུབ་མཐའ་མཛོད་གཉིས་ཀ་མཉམ་དུ་ཐུབ་དགོས། བླ་མ་ཡང་ཏིག་དང་མཉམ་དུ་གནས་ལུགས་མཛོད་དང་། དེའི་འཕྲོར་ངལ་གསོ་སྐོར་གསུམ་ལ་འཇུག་རྒྱུ་བྱས་ན་སྙམ་པ་ཡིན། ད་རུང་རྗེས་མ་འདིའི་ཁྲིད་ལུང་གི་རྒྱུན་འདི་མཐུད་ནས། ཀློང་ཆེན་པའི་གསུང་ཆ་ཚང་དང་། བདེན་རྣམ་ཤིང་རྟ་རྣམ་གཉིས་ནས་འཇིགས་གླིང་གི་པོད་དགུ་ཡང་ཐེངས་གཅིག་ལ་འདོན་པའི་སྐལ་བ་བྱུང་ན་སྙམ་པ་ཡིན། དེའི་འཕྲོར་སྒྲུབ་ཐབས་ཀུན་འདུས་ཀྱི་དབང་ལ་སོགས་པ་མང་པོ་ཡོད་ཀྱང་། རྟག་འཛིན་ཅན་གྱི་བསམ་གཞིག་མང་པོ་ད་ནས་བྱེད་སྔའི་ཚོད་ཀྱིས་ཐིག་པ་མ་རེད། དེའི་འཕྲོར་ལོ་སྔོན་མ་གཅིག་གཉིས་ཤིག་ལ་དགེ་འདུན་པས་འུ་ཅག་གི་འཁོར་ཡུག་གི་ནགས་རིའི་ནང་ན། རྔོན་པས་ལྕགས་རྙི་བཞག་ཡོད་མེད་ཞིབ་བཤེར་མཛད་ནས་བྱོན་པ་རེད། ལོ་ཐེངས་མ་གཉིས་གསུམ་ཞིག་ལ་ལྕགས་རྙི་མང་པོར་རུག་ཡོང་ཐལ། དེའི་རྗེས་ཀྱི་ཡུན་རིང་ཞིག་ལ་བྱོན་རྒྱུ་མ་བྱུང་བ་རེད། དེང་སང་རྔོན་པས་རི་དྭགས་གསོད་བཞིན་ཡོད་མེད་རྒྱུན་དུ་གཟིགས་རོགས་ཞུ་ས་ཚོས་ཅི་གསུངས་མ་བྱུང་ཡང་། ཚ་ཆུ་བརྐོ་བ་དང་། ཁང་ལས་འདི་དག་གི་སྒྲས་རེད་དམ། ཚ་གཟིམས་མཛད་པ་མང་ཚུན་ཆད་ནས་ཆུ་བྱ་དེ་ཚོའང་རྫིང་བུ་འདི་དག་ཏུ་མི་འཁྲི་བ་རེད་ཐལ་ཟེར། དེ་ཡིས་ཨེ་ཡིན་ན་རི་དྭགས་ཀྱི་སྐད་སྒྲ་ཡང་དེ་ཙམ་གོ་རྒྱུ་མི་འདུག དེས་ན་སང་ཉིན་ཕྱི་དྲོ་ལྟ་བུར་གནམ་ཡག་ན་ཐུན་མེད་རྒྱུ་བྱས་ནས། ཐུགས་ཁོམ་ཡོད་པ་དང་བྱོན་རེ་ཡོད་པའི་དགུང་ལོ་གཞོན་པ་རྣམས། ཕྱི་དྲོའི་ཆུ་ཚོད་དང་པོ་ནས་ལྔ་བའི་བར་ཙམ་ལ། ནགས་གསེང་སྟོད་སྨད་བར་གསུམ་དུ་ཆ་བཀྲམས་ནས་གཅིག་བཤེར་ཡོང་ན། རུ་ཤན་གྱི་སྤྱོད་པ་སྐྱོང་ཞོར་དང་། གནས་གཟིགས་མཛད་ཞོར། སྐྱོ་སངས་བྱེད་ཞོར་དུ་ལྕགས་རྙི་རེ་རུག་ཡོང་ན། ལྕགས་རྙིའི་ཁ་གྲངས་ལྟར་དུ་དཔའ་དར་གདགས་རྒྱུ་ཡོད། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་དགེ་རྩ་རླབས་ཆེན་སྲོག་བླུ་ཞིག་ཀྱང་རེད་འགྲོ་ཁི། མ་ར་འཁོར་བ་དང་ལྕགས་རྙི་གཞུང་ལས་ཁང་ལ་སྤྲད་ནས་མཚན་ཐོ་འགོད་རྒྱུ་བྱས་ན། དེའི་ཉིན་པར་བརྒྱད་སྡེས་གསོལ་ཐང་ཞིམ་པོ་ཞིག་བསྐོལ་ནས་ཕྱི་དྲོ་བསྒུག་རྒྱུ་བྱོས། རི་མགོར་བྱོན་རེ་མེད་པ་རྣམས་ཀྱིས་ཤུལ་གྱི་འཁོར་ཡུག་གི་གཙང་སྦྲ་རེ་མཛད་ནས་བསྒུག་རྒྱུ་དང་། ཕྱི་དྲོའི་ཆུ་ཚོད་ལྔ་ཕྱེད་ཙམ་ལ་གནམ་མ་ངན་ན་མདུན་ཐང་གི་རྩྭ་ཐང་ཐོག་ནས་གུ་ཡངས་མོའི་བག་ཡངས་གྱིས་གསོལ་བཅའ་ཞིག་མཉམ་དུ་མཛད་ན་གཅིག་བྱས་ན་མི་བརྗེད་པའི་དྲན་རྟེན་ཞིག་ཡོང་སྲིད། གསོལ་ཞལ་བསྣམས་ནས་ཡོང་དགོས། ཆུ་ཚོད་དྲུག་གམ་དྲུག་ཕྱེད་ཙམ་གྱིས་གསོལ་ཀ་བསྡུས་པ་ཞིག་དང་། གཅོད་ཐུན་མཉམ་པོར་འཚོགས་པ་དང་། བརྒྱབ་ཆོག་ཕྱི་ཉིན་མཉམ་དུ་གསུངས་ན་ཆོག་འདུག དེ་ལུགས་ཀྱིས་གནམ་ལ་གཟིགས་ཞོར་མཛད་ཆོག་ཁི། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པར་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་ཉེར་གཅིག་པའི་ཆོས་ཁྲིད། next