Nitartha Digital Library
Tibetan
 
previousཉིན་ཉེར་གཉིས་པའི་ཆོས་ཁྲིད། next

ཉིན་ཉེར་གཉིས་པའི་ཆོས་ཁྲིད།

ད་ཡང་མར་གྱུར་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མེད་གཏན་གྱི་བདེ་བ་ལ་འགོད་པར་བགྱི། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་ཐོས་བསམ་སྒོམ་གསུམ་བྱས་ཏེ། མཐའ་འབྲས་གང་ཆེད་དུ་བྱ་བ་དེ་ཉིད་ཅིས་ཀྱང་འགྲུབ་པར་བྱ་སྙམ་པའི་བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེན་གསང་བ་སྔགས་ཀྱི་ཀུན་སློང་ཐུན་མོང་མ་ཡིན་པ་ཞིག་ཐུགས་ལ་འཆང་དགོས་ལ། སྤྱིར་ན་ཐེག་ཆེན་གྱི་ཆོས། ཁྱད་པར་དུ་གསང་སྔགས། ཡང་སྒོས་ཡང་གསང་རྫོགས་ཆེན་གྱི་མན་ངག་འདིས། ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་ཞེས་པ་ཡང་རིང་མཐའ་ཞིག་ལས་ཐུང་མཐའ་ཞིག་མ་ཡིན་པར་ལོ་དང་ཟླ་བས་དབང་རྣོན་བརྩོན་འགྲུས་ཅན་གྲོལ་བ་ཐོབ་པའི་ཆོས་གསན་བཞེས་མཛད་པའི་སྐབས་སུ་མགོ་དང་པོའི་གཞི་གཞག་དུས་ནས་ཀུན་སློང་ཀུན་སྤྱོད་ཡང་དག་པའམ་སྣང་སྤྱོད་ཐ་མལ་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་དགོས་ཤིང་། རང་རེ་གངས་ཅན་གྱི་ལྗོངས་སུ་སྐྱེས་ནས་ཆོས་སྒོར་ཞུགས་ཚད་ཚང་མ་ཐེག་ཆེན་པ་ཡིན་པས། དང་པོར་སོ་ཐར་གྱི་སྡོམ་པ་ལེན་པ་དེའང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སོ་ཐར། ཆོ་ག་ཐེག་དམན་དང་ཐུན་མོང་ཡིན་ན་ཡང་། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི་ཁྱད་པར་གྱིས། ཐེག་ཆེན་སོ་ཐར་དུ་བཞག་པས་བྱང་སེམས་སྲོལ་གཉིས་ཀྱི་བསླབ་པ་ནས། གསང་སྔགས་བསྐྱེད་རྫོགས་ཀྱི་ལམ་དུ་ཞུགས་པ་ཞིག་ཡིན་ཕྱིར། ཐེག་ཆེན་མདོ་སྔགས་གཉིས་ལྡན་གྱི་རང་ལུགས་འཛིན་པ་ཞིག་ཡིན་པ་ནི་སྨོས་མ་དགོས་ཀྱང་། གང་ཟག་སོ་སོའི་བློ་དང་དབང་པོ་བསམ་པ་ལ་ཁྱད་པར་ཆེ་བས་ཆོས་ཐེག་ཆེན་གྱི་ཆོས་ཡིན་ལུགས་གཅིག་ནའང་གང་ཟག་སོ་སོ་ཐེག་ཆེན་པ་ཡིན་པར་སོང་ཡོད་མེད་ཀྱི་ཁྱད་པར་རྒྱུག་སྲིད་པས་མི་ཚད་པར་རྒྱུག་ངེས་པར་ཡང་ཡིན་པས། དེ་ནི་ཁྱོད་ཀྱིས་བལྟས་ན་ང་ཐེག་ཆེན་པ་རེད་འདུག་གམ་ཐེག་དམན་པ་རེད་འདུག་ཅེས་གཞན་ལ་དྲི་རྒྱུ་མེད་པར་རང་གི་རྒྱུས་དེ་ཡོད་ཆེ་ཤོས་རང་ཉིད་ཡིན་པས་རང་ཉིད་ལ་དྲིས་ན་ཤེས་ཐུབ་པ་ཞིག་ཡིན། འགའ་རེས་འགའ་རེར་ཁྱོད་ཀྱིས་ཆོས་ཉིད་མངོན་སུམ་མཐོང་པས་མི་ཚད་རིག་པ་ཚད་ཕེབས་སོགས་སུ་ཕལ་ཆེར་ཐོན་འདུག་ཟེར་བ་དང་། ཡང་འགའ་རེར་ཁྱོད་ཀྱིས་ས་དང་པོ་ཐོབ་ཚར་འདུག་ཅེས་པ་དེ་དག་སྐྱེས་བུ་དམ་པས་གསུངས་པ་ཡིན་ན། སྟིང་ཚིག་གམ་ཡང་མིན་ན་སྤྲོ་བ་བསྐྱེད་པའི་ཆེད་སོགས་དགོས་པ་ཅན་ཡིན་རྒྱུ་རེད་མ་གཏོགས། རང་ཐང་གི་སོ་སྐྱེ་ཞིག་གིས་བཤད་ན་ཧོབ་བཤད་ཡིན་ངེས། རིག་པ་ཚད་ཕེབས་ལ་ཐོན་དུས་མ་དག་པའི་སྣང་བ་ཡོད་པ་མིན་ཞིང་། ས་དང་པོར་ཐོན་ཡོད་ན་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཀྱི་ནང་གི་ཁེ་རུ་ཞིག་སྟོན་དང་། ཚོགས་ལམ་ཆུང་ངུའི་ལམ་རྟགས་ཤིག་སྟོན་རྒྱུ་མེད། དྲན་པ་ཉེར་བཞག་བཞི་པོ་བརྩི་བ་ཙམ་ཡང་མི་ཤེས་པ་ཞིག་གིས་མཐོང་ལམ་གྱི་ཡེ་ཤེས་ཇི་ལྟར་བརྙེས་ཡོད། ཁྱོད་ཀྱི་རྒྱུད་ཀྱི་ཚོད་ཇི་ཙམ་ཞིག་ཏུ་སླེབས་ཡོད་མི་ལ་འདྲི་དགོས་པ་མ་རེད་རང་གིས་ཤེས་པ་ཡིན། རང་རྒྱུད་ཐད་ལ་བཞག་ནས་རང་གིས་རང་ལ་ལྟ་ཞིབ་ཅིག་བྱས་ཏེ། བཀའ་མདོ་རྒྱུད་ཀྱི་ཚད་ཤིང་བཞག་ན། གསལ་ལྷང་ངེ་ང་འདི་ཙམ་ཞིག་གི་ས་ཚོད་ན་ཡོད་འདུག་སྙམ་ནས་རང་གིས་ཤེས་པ་ཡིན། དེས་ན་ཆོས་ཐེག་ཆེན་པའི་ཆོས་ཡིན་པས་མི་ཚད། གང་ཟག་དེ་ཡང་ཐེག་ཆེན་པ་ཡིན་དགོས་པ་ཡིན། ད་སྔོན་མིན་ཡང་ད་བྱེད་ཆོག་པ་ཡིན། དེས་ན་ཐེག་ཆེན་མདོ་སྔགས་ཀྱི་ཆོས་སྒོར་ཞུགས་ཏེ་རང་ཉིད་ཐེག་ཆེན་པའི་གྲལ་དུ་ཚུད་ཐབས་བྱེད་པ་དེ། རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ་གལ་ཆེན་གནད་ཀྱི་འགག་རྩ་ཞིག་ཡིན། རང་ཉིད་ཐེག་ཆེན་པ་ཞིག་བྱེད་པ་ལ་ཅི་ཞིག་དགོས་པ་ཡིན་ཅེ་ན། བྱང་ཆུབ་ཀྱི་སེམས་ཡོད་དགོས་པ་ཡིན། བྱང་ཆུབ་ཀྱི་སེམས་ཞེས་པ་དེ་བཤད་ན། ཡང་བཤད་ཤེས་ཀྱང་ཤེས་པ་དེ་རྒྱུད་ཐོག་ཏུ་མེད་པ་ཞིག་ཡིན་ན། ཐེག་ཆེན་པ་ཡིན་མིན་གྱི་ཐད་ནས་ཀྱང་དེ་དང་མཚུངས་པར་ཁ་ཡིས་བཤད་ཤེས་པའི་ཁ་ཐེག་ཆེན་པ་ཡིན་ཡང་དོན་ཐེག་ཆེན་པར་ཆགས་མེད་ཅིང་། སེམས་ཀྱི་ཐོག་ན་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་ཞིག་ཡོད་པ་ཡིན་ན། དེས་བཤད་རྒྱུ་དང་སྤྱོད་ལམ་ཡང་དེ་དང་མཚུངས་པ་ཞིག་ཡིན་ལ། མ་བཤད་ཀྱང་ཤེས་ཏེ། བལ་བོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །ཞེས་པའི་དཔེ་ལས་མ་འདས། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བ་ལ། གོང་ནས་འུ་གུས་མགོ་དང་པོའི་ཚིག་མགོ་ལེན་དུས་ནས། མར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སྡུག་བསྔལ་ཐམས་ཅད་དང་བྲལ། བདེ་བ་ཐམས་ཅད་དང་ལྡན་པའི་གཏན་བདེ་རྫོགས་པའི་བྱང་ཆུབ་ལ་འགོད་དགོས་ཞེས་པ་ལྟར་དུ། སྙིང་རྗེ་དང་ཤེས་རབ་གཉིས་ཀ་ཟུང་དུ་འབྲེལ་དགོས། སྙིང་རྗེས་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་ལས་སྐྱོབ་འདོད་ཡོད་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་ནས་གཏན་བདེ་རྫོགས་པའི་བྱང་ཆུབ་ལ་འགོད་ལུགས་ཤེས་པའི་ཐོག་ནས། སྨོན་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་པས། སེམས་དེ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ཡིན་པས་ན། དེ་ཉིད་ཡར་ནར་སོན་ཁོ་ལག་ཅིག་རྫོགས་སོང་ན། རྫོགས་པའི་སངས་རྒྱས་ཀྱི་མཁྱེན་བརྩེ་ནུས་གསུམ་ཐོབ་ཡོང་བ་ཡིན་པས། འགྲོ་བ་ཉམ་ཐག་འཁོར་བའི་གནས་ལས་འདྲེན་ནུས་པའི་ནུས་པ་ཡོད་པ་ཡིན། ཐོག་མའི་སེམས་བསྐྱེད་དང་མཐུན་པའི་རྫོགས་སྨིན་སྦྱོང་བ་རྒྱ་མཚོའི་ལམ་དུ་ཞུགས་ནས། ཐ་མའི་འབྲས་བུ་མངོན་དུ་འགྱུར་ཐུབ་པ་ཡིན། དེ་ཉིད་ཐབས་ཁྱད་པར་ཅན་གྱིས་མྱུར་དུ་འགྲུབ་པར་བྱས་པ་ནི་སྔགས་ཀྱི་ཐེག་པའི་ཁྱད་ཙམ་ཡིན། བླ་མེད་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་ས་བོན་དངོས་དེ་མེད་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཙམ་ཞིག་ཡོད་ནའང་ཐེག་པ་ཆེ་ཆུང་གི་དབྱེ་བ་འབྱེད་བྱེད་མ་ཡིན་པར་བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་རླབས་ཆེན་ཚོས་འབྱེད་པ་ཡིན། སྟོང་ཉིད་རྟོགས་པའི་ཤེས་རབ་ཙམ་ཞིག་ཉན་རང་ལ་ཡང་ཡོད་ཅིང་། འོན་ཀྱང་ཤེས་རབ་དེ་ས་བོན་སྨིན་བྱེད་ཀྱི་ཆུ་དང་ལུད་རྫས་ལྟ་བུ་ཡིན་པས། བྱང་ཆུབ་གསུམ་པོ་དེ་སྨིན་པར་བྱེད་པ་ཡིན། དེས་ན་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སྲས་གཞི་བསྐྱེད་པའི་ཡུམ་ཞེས་སུ་གྲགས་པ་ཡིན། ཐུན་མོང་མ་ཡིན་པ་ཕ་ཡི་རིགས་ལྟ་བུའི་ཐེག་ཆེན་གྱི་རིགས་སུ་ངེས་པར་བྱེད་པའི་སངས་རྒྱས་ཀྱི་ས་བོན་གཅིག་པུ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས། དེ་རྒྱུད་ལ་སྐྱེ་བ་ལ་སྦྱང་དགོས་པ་ཡིན། དེ་སྦྱངས་ནས་དེ་ལོབས་པ་དང་རང་ཉིད་བྱང་ཆུབ་སེམས་དཔར་དངོས་སུ་འགྱུར་བ་ནས། སངས་རྒྱས་ཀྱི་མཛད་པ་ཆ་ཚང་བསྒྲུབས་ཏེ། ཉམ་ཐག་སྙིང་རྗེའི་ཡུལ་གྱུར་གྱི་སེམས་ཅན་ལ་ཕན་པ་བསྒྲུབ་ཐུབ་པ་ཡིན། འོ་ན་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བ་ལ་བློ་ཇི་ལྟར་བྱས་སྦྱང་དགོས་ཤེ་ན། རྒྱུ་འབྲས་མན་ངག་བདུན་ལྡན་གྱི་ཐོག་ནས་སྦྱང་བའམ། བཏང་སྙོམས་ཚད་མེད་ཀྱིས་མགོ་བཟུང་ནས་ཚད་མེད་བཞི་ཡིས་སྦྱོང་བའམ་གང་ལྟར་བདག་གཞན་མཉམ་བརྗེ་སོགས་སྒོམ་པའི་བྱང་ཆུབ་ཀྱི་སེམས་གཅིག་པུ་དེ་བརྒྱུད་པའི་བཤད་སྲོལ་གྱི་ཁྱད་པར་ཙམ་ཞིག་ཡིན་པས་གཉིས་ཀ་བྱས་ཀྱང་འགལ་བ་ཅི་ཡོད། བྱང་ཆུབ་ཀྱི་སེམས་གདམས་པའི་མཐིལ་དུ་བཟུང་ནས་རྒྱུད་ལ་སྐྱེ་ན་བློ་གང་ལྟར་བྱས་སྦྱང་ཡང་འདྲ་འདྲ་ཡིན། དེས་ན་རྒྱུ་འབྲས་མན་ངག་བདུན་ལྡན་དེ་ཇི་ལྟར་བྱས་ཏེ་བརྩི་ཞེ་ན། སེམས་ཅན་ཐམས་ཅད་མར་ཤེས། དྲིན་དྲན། དྲིན་བསབ་འདོད་དང་གསུམ་དང་། བྱམས་པ། སྙིང་རྗེ། ལྷག་བསམ་རྣམ་དག བྱང་ཆུབ་ཀྱི་སེམས་རྣམས་ཏེ། དེའི་བྱུང་རིམ་ལུགས་ལྡོག་གིས་བཤད་ན། སེམས་ཅན་གྱི་དོན་ཆེན་སྒྲུབ་པར་ནུས་པའི་སྟོབས་བཅུ་མངའ་བའི་སངས་རྒྱས་ཀྱི་གོ་འཕང་དེ། བྱང་ཆུབ་ཀྱི་སེམས་ལས་འབྱུང་བ་དང་། དེ་ལྷག་བསམ་རྣམ་དག་ལས་བྱུང་བ་དང་། དེ་སྙིང་རྗེ་ལས་བྱུང་བ་དང་། སྙིང་རྗེ་བྱམས་པ་ལས་བྱུང་བ་དང་། བྱམས་པ་དྲིན་གཟོའི་བསམ་པ་ལས་བྱུང་བ་དང་། དྲིན་གཟོའི་བསམ་པ་དེ་ཉིད་དྲིན་དྲན་པ་ལས་དང་། དྲིན་དྲན་པ་མ་ཡིན་པ་ཤེས་པ་ལས་བྱུང་བ་ཡིན་པས། སྦྱོང་བའི་སྐབས་སུ་བྱུང་རིམ་ལུགས་འབྱུང་དུ་བསྒོམ་དགོས་ཀྱང་། རིམ་པའི་ངེས་པ་བསྐྱེད་དུས་ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེ་ཡིན་པ་ཤེས་པའི་ཐོག་ནས། གཞན་དག་དེའི་རྒྱུ་འབྲས་སུ་འགྱུར་ཚུལ་གྱི་གནད་དེ་ཁྲོལ་དགོས། སྙིང་རྗེ་འདི་ཐེག་ཆེན་ལམ་གྱི་ཐོག་བར་མཐའ་གསུམ་ལ་གལ་ཆེ་བ་སྟེ། སྙིང་རྗེ་ཆེན་པོས་ཡིད་བསྐྱོད་ནས་འགྲོ་བ་མ་ལུས་སྒྲོལ་བའི་ཁུར་ཁྱེར་བས་ན་སྙིང་རྗེ་ཐོག་མར་གལ་ཆེ་བ་དང་། སྙིང་རྗེའི་དབང་གིས་སེམས་ཐེངས་གཅིག་བསྐྱེད་པའི་གཞན་དོན་ཁུར་དུ་བླངས་པ་ཞིག་གིས་མི་ཆོག་པར་འགྲོ་མང་གི་མཐའ། བསྐལ་པའི་ཡུན། བྱ་དཀའི་སྤྱོད་པ་ལ་ཐུག་དུས་དཔའ་ཞུམ་ནས་ཐེག་དམན་དུ་ལྟུང་དུ་ཡོད་པས། སྙིང་རྗེ་ཆེན་པོའི་ཤུགས་ཇེ་ཆེར་བཏང་ནས་གཞན་དོན་ལ་སྐྱོ་བ་མེད་པར་ཚོགས་རྒྱ་ཆེན་བདེ་བླག་ཏུ་རྫོགས་དགོས་པས་སྙིང་རྗེ་ཆེན་པོ་བར་དུ་གལ་ཆེ་བ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་དུས་ཐེག་དམན་ལྟར་རང་ཉིད་ཞི་བདེར་གཞོལ་བ་མ་ཡིན་པར་མཐའ་གཉིས་ལ་མི་གནས་པའི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དེ་ལས། ནམ་མཁའ་ཇི་སྲིད་སེམས་ཅན་མ་སྟོང་གི་བར་དུ་འགྲོ་དོན་མཛད་པ་དེ་ཡང་། སྙིང་རྗེ་ཆེན་པོས་མཐུ་ཡིན་པས་ཐ་མར་སྙིང་རྗེ་གལ་དེ་ལྟར་ཆེ་བ་ཡིན། རྒྱུ་འབྲས་མན་ངག་བདུན་ལྡན་འདི་རྒྱུ་འབྲས་སུ་ཇི་ལྟར་དབྱེ་ཞེ་ན། མར་ཤེས། དྲིན་དྲན། དྲིན་གཟོ། བྱམས་པ་དང་བཞི་པོ་རྒྱུ་དང་། ལྷག་བསམ་དང་སེམས་བསྐྱེད་གཉིས་ཀ་འབྲས་བུ་དང་། སྙིང་རྗེ་ནི་ཐམས་ཅད་ཀྱི་རྩ་བའོ། །རིམ་པར་སྦྱོང་དུས་དང་པོར་གཞན་དོན་དོན་གཉེར་གྱི་བློ་སྦྱོང་། དེ་ནས་བྱང་ཆུབ་དོན་གཉེར་གྱི་བློ་སྦྱོང་། དེ་སྦྱོང་བའི་འབྲས་བུ་སེམས་བསྐྱེད་ངོས་བཟུང་དགོས་པ་ཡིན། གཞན་དོན་དོན་གཉེར་གྱི་བློ་སྦྱོང་བ་ལ་བློ་དེ་སྐྱེ་བའི་གཞི་བརྟན་པོ་ཞིག་བསྒྲུབས་ནས། དེ་ནས་བློ་དེ་བསྐྱེད་དགོས་པ་ཡིན་པས། དང་པོ་གཞི་སྒྲུབ་པ་ལ་མིང་གི་བཏགས་ལུགས་དང་། ཕྱག་ལེན་གྱི་ཁྱད་པར་ཙམ་ཞིག་ལས། རྒྱུ་འབྲས་མན་ངག་བདུན་ལྡན་གྱི་མར་ཤེས་ཀྱིས་མགོ་བཟུང་དགོས་པ་ཡིན་པ་དང་། དེ་ཡང་སེམས་ཅན་ཐམས་ཅན་ལ་དམིགས་དགོས་པའི་ཕྱིར་ན་བཏང་སྙོམས་ཚད་མེད་ནས་མགོ་བཟུང་དགོས་པ་ཡིན། སློབ་དཔོན་དཔའ་བོའི་ཀུན་རྫོབ་བྱང་ཆུབ་སེམས་སྒོམ་ལས་ཀྱང་། དེ་ཡང་ཐོག་མར་ཚད་མེད་བློ། །བཏང་སྙོམས་ས་གཞི་ལེགས་བརྡལ་ལ། །བྱམས་པའི་ཆུ་བོས་རྣམ་བཅུས་ནས། །རབ་ཏུ་དགའ་བས་རྣལ་འབྱོར་པས། །སྙིང་རྗེའི་ས་བོན་ལེགས་པར་གདབ། །ཅེས་པའི་དཔེ་དང་སྦྲེལ་ནས་གསུངས་ལྟར་ལ། བཏང་སྙོམས་སྒོམ་དུས་དང་པོར་མཛའ་བཤེས་ནས་རིམ་པས་དགྲ་ལའང་སྙོམས་པར་བསྒོམ་དགོས་ཏེ། དེ་ཡང་སྐྱེ་བ་ཐོག་མེད་ནས་སེམས་ཅན་ཐམས་ཅད་སྐབས་རེར་ཕ་མར་གྱུར་པ་དང་། མཚམས་རེར་དགྲ་བོ་ཡང་གྱུར་པའི་ཕྱིར་ན་ད་ལྟའི་གཉེན་འདི་སྔར་གྱི་གཉེན་ཡིན་པ་དང་། ད་ལྟའི་དགྲ་འདི་སྔར་ཡང་དགྲ་ཡིན་པའི་ངེས་པ་མི་འདུག་པའི་ཚུལ་ལ་སེམས་ཤིང་བསམ་བློ་ཞིག་བཏང་ན་ངེས་པ་རྙེད་དུ་ཡོད་པ་སྟེ། དེ་ཡང་བཏང་སྙོམས་དེ་ལ་ཕན་མེད་གནོད་མེད་ཀྱི་བཏང་སྙོམས་ཤིག་དང་། བྱམས་སྙིང་རྗེས་མ་བཏང་པའི་བཏང་སྙོམས་ཤིག་དང་རྣམ་པ་གཉིས་ཡོད་པའི་ནང་གི་རྗེས་མ་བྱམས་སྙིང་རྗེས་མ་བཏང་པའི་བཏང་སྙོམས་དེ་བསྒོམ་དགོས་པས་སེམས་ཅན་ཐམས་ཅད་ལ་ཆགས་སྡང་བྲལ་བའི་སེམས་སྙོམས་པའི་སྒོ་ནས། གཞན་དོན་དོན་གཉེར་གྱི་བློ་སྐྱེ་བའི་གཞི་དེ་བསྒྲུབས་ཏེ། དེ་ནས་མར་ཤེས། དྲིན་དྲན། དྲིན་གཟོ་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པ་ནི་འདིའི་ཕྱག་སྲོལ་ཡིན་ལ། འདིའི་ཐོག་མེད་ནས་སེམས་ཅན་ཐམས་ཅད་ཀྱི་དགྲ་གཉེན་བྱས་པའི་གྲངས་ཀ་བགྲངས་ཀྱིས་མི་ལངས་པ་དེ་ལ་བསམ་བློ་ཞིག་གཏོང་ན། འུ་ཅག་གིས་བློ་ལྡོག་རྣམ་བཞིའི་མགོ་དེར། དེང་སང་གི་དུས་འདིར་ཚེ་སྔ་ཕྱི་ཡོད་ལུགས་ཀྱི་རྒྱུ་འབྲས་ཀྱི་འགྲོ་ལུགས་བསླུ་མེད་ཡིན་པ་དེ་སྦྱང་རྒྱུ་གནད་ཆེ་བར་བཤད་པ་ལྟར་དུ་འདིར་ཡང་དེ་དང་འདྲ་བར་སྔར་གྱི་བློ་སྦྱོང་རྣམས་དྲན་པར་བྱས་ཏེ། ཁྱད་པར་དུ་སྐྱེ་བ་སྔ་ཕྱིའི་རྒྱུན་དེ་ཇི་ལྟར་བྱུང་བའི་ངེས་པ་དེ་ཐོག་མར་ཡིན་གཅིག་མིན་གཉིས་ལ་རྙེད་དགོས། འདི་རིགས་འདྲ་སྔོན་སོང་དང་། ཉེར་ལེན་སྔོན་སོང་གིས་བཤད་ན། འདི་ལུང་རིགས་གཉིས་ཀས་གྲུབ་པ་ཞིག་ཡིན། ལུང་གི་ཇི་ལྟར་བྱས་ནས་གྲུབ་པ་ཡིན་ན། རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེས་མིན། །ཅེས་གསུངས་ཤིང་། འོན་ཀྱང་ལུང་ལ་ཡིད་ཆེས་མི་བྱེད་མཁན་ཡང་ཡོད་པ་ཡིན་པ་དེས་ན་དེ་ལ་རིགས་པས་སྒྲུབ་པ་གལ་ཆེ་བས། རིགས་པས་ཇི་ལྟར་བྱས་ནས་བསྒྲུབ་དགོས་ཞེ་ན། མངལ་དུ་སྐྱེས་མ་ཐག་པའི་རིག་པ་དེ་ཆོས་ཅན་དུ་བཀོད་པ་སྟེ་འདིའི་རིག་པ་འདིའི་དོན་རྫོགས་ཆེན་སྐབས་ཀྱི་ཐ་སྙད་དང་དོན་ཐ་དད་རེད། མངའ་དུ་སྐྱེས་མ་ཐག་པའི་རིག་པ་དེ་ཆོས་ཅན། ཁྱོད་ལ་རང་གི་ཉེར་ལེན་དུ་གྱུར་པའི་རིག་པ་སྔ་མ་སྔོན་སོང་ཡོད་དེ། ཅིའི་ཕྱིར་ཞེ་ན། རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟའི་རིག་པ་བཞིན་ནོ། །ཞེས་རིག་པའི་ཡ་མཐའ་འམ་གསལ་རིག་སེམས་ཀྱི་ཡ་མཐའ་ཐུག་མེད་དུ་སྒྲུབ་པའི་རིག་པ་དེ་ཡིས། འཁོར་བའི་ཐོག་མའི་མཐའ་མེད་པར་སྒྲུབ་པ་ཡིན། དེ་ལ་བརྟེན་ནས་སྐྱེ་བ་ཐོག་མེད་ལ་མ་ཐོག་མེད་དང་། ཐོག་མེད་ཀྱི་སེམས་ཅན་ཐམས་ཅད་དགྲ་ཡང་བྱས་མྱོང་བ་དང་། དེའི་རྒྱུ་རང་ཉིད་ཀྱིས་ཕར་དགྲ་བྱས་པའི་ལན་པ་རང་ཉིད་ལ་ཚུར་ལ་འཁོར་བ་ཡིན་པ་དང་། མར་བྱས་པ་གྲངས་ཀྱིས་མི་ཆོད་པའི་དྲིན་ད་ལྟའི་མ་དང་ཁྱད་མེད་པའི་ཚུལ་ལ་བསམ་བློ་གཏོང་ན། མར་ཤེས། དྲིན་དྲན། དྲིན་གཟོ་བ་ལ་སོགས་འཕྲོས་འཕྲོར་ཡོང་ཐུབ་པའི་རྒྱུ་མཚན་དེ་ལྟར་ཡོད་པ་ཡིན། སྔོན་ཆད་མ་བྱས་མྱོང་ཡོད་པར་འདུག་ཀྱང་ངོ་མི་ཤེས་པས་ད་ལྟའི་མ་དང་མི་འདྲའོ་བསམ་པ་ནི་མི་རིགས་ཏེ། ད་ལྟའི་ཕ་མ་སྔོན་ལ་ཤི་སོང་བའི་བུ་རྒྱུད་དང་སྐྱེ་བ་འདིའི་ཐོག་ནས་ཐུག་ནས་ངོ་མ་ཤེས་པ་ཙམ་གྱིས་དེའི་གཅེས་སེམས་ཀྱི་འདང་འདུན་མེད་འགྲོ་བ་ཞིག་མ་ཡིན་པས་མ་ཚད། ཚེ་སྟོད་དུ་ཤི་སོང་བའི་མ་རྒན་དྲིན་ཆེན་མ་དེ་དང་ད་གཅིག་ཐུག་རྒྱུ་ཡོད་ན། དེ་དུས་ཡོད་པ་ལས་ད་ཡིས་གཅེས་སེམས་ཆེ་བར་འདུག་སྙམ་པ་ཞིག་ཡིན་པའི་ཕྱིར། འོན་ཀྱང་ཕ་མ་རྩ་ན་ཡོད་པ་ཚོས་ཚེ་འདིའི་ཕ་མ་ལ་དྲིན་དྲན་མི་དགོས་དྲིན་ལམ་ལོག་འཇལ་བྱེད་པ་ཡང་ཡོད་པ་རེད། འཇིག་རྟེན་གྱི་ཁམས་ན་མ་རུང་སྙིང་རྗེའི་ཡུལ་གྱུར་ཅི་མེད། སྐྱེ་བ་སྔོན་མའི་མ་ཡིན་པ་དེ་ངོ་མི་ཤེས་པས་སྒོམ་མི་རུང་ངོ་མི་སེམས་པར་ཐམས་ཅད་མ་ཡིན་པར་བསྒོམ་དགོས་ཏེ། མ་ཡིན་པ་ནི་ལུང་རིགས་གཉིས་ཀས་གྲུབ་པས་སོ། །ཡང་འགའ་རེས་སྐྱེ་བ་མང་པོའི་སྔ་རོལ་གྱི་མ་ཡིན་པ་དང་ད་ལྟའི་ཚེ་འདིའི་མ་གཉིས་ཀ་ཅུང་མི་འདྲའོ་སྙམ་ན་མི་རིགས་ཏེ། ད་ནིང་གི་ཨ་མ་དང་ད་ལོའི་ཨ་མ་གཉིས་ཀ་ལ་འདང་ཆེ་ཆུང་ཁྱད་པར་མེད་པ་དང་། ཐག་ཉེ་རིང་གི་ཁྱད་པར་ཡང་མེད་དེ། ལ་ཕར་རྒྱབ་ཀྱི་ཨ་མ་དང་ཚུར་ནང་གི་ཨ་མ་གཉིས་ལ་ཁྱད་པར་མེད་པ་ལྟ་བུ་རེད། ད་རུང་ཨ་མ་ཟུར་འདིར་ཡོད་དུས་སེམས་བདེ་བ་དང་། ཐག་རིང་དུ་སོང་ན་ལྷག་པར་སེམས་ནད་ཆེ་བ་ཡིན། དེའི་ཐོག་ཏུ་གཞན་གྱིས་མནར་གཅོད་བཏང་ནས་སྐེ་བཅད་སྙིང་ལེན་པར་འདུག་ཅེ་ན། ལྷག་པར་དུ་བཟོད་ཐབས་ག་ལ་ཡོད། དམྱལ་བའི་སེམས་ཅན་གྱི་མ་དེ་དག་སྐེ་ལན་གཅིག་བཅད་པ་དང་གསོན་སྙིང་ལན་གཅིག་བླངས་པས་ག་ལ་ཚད། དེ་ལྟར་བསམ་བློ་གཏོང་ན། མར་ཤེས་དྲིན་དྲན་གཉིས་ཀ་ལས། དྲིན་གཟོ་འདོད་དེ་ལྷག་པར་དུ་གནད་ཆེ། ང་ལ་དེ་དག་སྐྱོབ་པའི་ནུས་པ་ཞིག་ཡོད་ན་ཨུ་ཤི་རེ་གོ་མི་བསམ་པ་ཞིག་བདག་སྙིང་རྡོའམ་ལྕགས་ཀྱི་གོང་བུ་ཞིག་མིན་ན་ཡོད་པ་མ་ཡིན། དེའི་ཐོག་ནས་བྱམས་པ་བསྒོམ་དགོས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་འདོད་བྱམས་པ་སྟེ། བྱམས་པའི་དམིགས་པ་བདེ་བ་དང་མི་ལྡན་པའི་སེམས་ཅན་རྣམས། རྣམ་པར་བདེ་བ་དང་འཕྲད་ན་ཅི་མ་རུང་བསམ་པ་སོགས་ཡིན་ཞིང་། རང་གི་མ་ལྟ་བུའི་སེམས་ཀྱི་གཅེས་ས་ཞིག་གམ། ཡང་ན་སེམས་ཅན་ཐམས་ཅད་ལ་གཅེས་སེམས་བཏང་སྙོམས་ཚད་མེད་ཀྱིས་སྙོམས་ཐུབ་ན་ཡང་རབ་རེད། འདི་དག་ལ་ཟག་མེད་ཀྱི་བདེ་བ་མ་དགོས་ཟག་བཅས་ཀྱི་བདེ་བ་ཞིག་ཀྱང་མི་འདུག ད་ལྟའི་སྐབས་འདིར་སེམས་ཅན་རྨོངས་པའི་གཞན་དབང་དུ་གྱུར་ནས་བདེ་བ་ཡིན་པར་སྙམ་པ་འདི་ཐམས་ཅད་དོན་དངོས་སུ་སྡུག་བསྔལ་འབའ་ཞིག་ལས་མ་འདས་པ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཞིག་མིན་ན། འགྱུར་བའི་སྡུག་བསྔལ་ཞིག་དང་། དེ་གཉིས་ཀ་མིན་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞིག་ལས་མི་འདའོ། །འདི་རྣམས་ཀྱིས་བདེ་བ་ཞིག་ཨེ་ཐོབ་སྙམ་ནས་ཉིན་མཚན་ལོ་ཟླ་སྦྲེལ་ནས་རྒྱུག་པ་འདི་བདེ་བའི་རྒྱུ་རུ་འགྲོ་བ་ཕར་ཞོག་སྡུག་བསྔལ་གྱི་རྒྱུ་རུ་སོང་ནས། འབྲས་བུ་ཕྱི་མ་ངན་སོང་ངན་འགྲོའི་འཇིག་རྟེན་ནས་སྡུག་བསྔལ་མྱོང་བ་ལས་མི་འདུག་པ་དེས་ན་འདི་ཐམས་ཅད་བདེ་བ་དང་། བདེ་བའི་རྒྱུ་རྣམ་དཀར་བསོད་ནམས་ཀྱི་དགེ་བ་དང་ལྡན་ན་ཅི་མ་རུང་། བདེ་བ་རྒྱུ་འབྲས་དང་ལྡན་པར་ཤོག་ཅིག ལྡན་པ་ཞིག་ངས་བྱེད་པ་ཡིན། དེ་ལྟར་འགྲུབ་པ་བླ་མ་དཀོན་མཆོག་གིས་ཐུགས་རྗེས་གཟིགས། ཁྱེད་རྣམ་པས་གཅིག་མཁྱེན། དེ་ལྟར་འགྲུབ་པར་བྱིན་གྱིས་བརླབ་རོགས་སྙམ་པའི་འབྲེལ་བ་བཞི་ལྡན་གྱིས་བསྒོམ་དགོས་པ་ཡིན། དེ་ལྟར་བྱམས་པ་བསྒོམས་ན་དེ་ལ་ཕན་ཡོན་ཆེ་ཆུང་ཇི་ཙམ་ཡོད་ཅེ་ན། དེ་ནི་བྱམས་པ་སྒོམ་པའི་བློ་སྟོབས་ཆེ་ཆུང་གིས་ཤེས་པ་སྟེ། འཛམ་བུ་གླིང་པ་ཙམ་ཞིག་ལ་བྱམས་པ་སྐྱེས་ན་འཛམ་བུ་གླིང་ལ་དབང་པའི་འཁོར་བསྒྱུར་དུ་སྐྱེ་བ་དང་། དེ་བཞིན་དུ་གླིང་བཞིར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་བསྒོམས་ན་གླིང་བཞིར་དབང་པའི་རྒྱལ་པོར་འགྱུར་བ་དང་། ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ལ་བྱམས་པ་སྐྱེས་ན་དེས་འབྲས་བུ་སངས་རྒྱས་ལས་གཞན་དུ་འགྲོ་ས་མེད་པར་གསུངས་སོ། །མགོན་པོ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་ལས། ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་གིས་ཀྱང་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ། །ཞེས་བྱམས་ཆོས་ཡོན་ཏན་བརྒྱད་ལྡན་གསུངས་པ་ཡིན། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་བོ་ཚད་མེད་པ་ཞིག་སྐྱེས་ན་ཚད་མེད་བཞི་དང་། ཚད་མེད་མིན་རུང་ཚངས་པའི་གནས་པ་བཞི་ཞེས་པས་ཚངས་པའི་གནས་སུ་སྐྱེ་བ་ལེན་བྱེད་ཇི་ལྟར་བྱས་ཀྱང་ཡིན་ནོ། །ད་ནི་སྙིང་རྗེ་བཤད་པར་བྱ་སྟེ། སྙིང་རྗེ་ཇི་ལྟར་བསྒོམ་དགོས་ཤེ་ན། དམིགས་པ་སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་མནར་བའི་སེམས་ཅན་ལ། རྣམ་པ་སྡུག་བསྔལ་དེ་དག་རྒྱུ་དང་བཅས་པ་དང་བྲལ་ན་སྙམ་པ་སྟེ། དེ་ཡང་དང་པོ་སྒོམ་དུས་ཚེ་འདིའི་རང་གི་མ་དྲིན་མོ་ཆེའམ་ཡང་ན་བདག་རང་ཉིད་ཀྱི་ཕྱོགས་ནས་མཛའ་བཤེས་བར་མ། དེའི་འཕྲོས་དགྲ་ལ་ཡང་ཁྱབ་པར་བྱས་ཏེ་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་བསྒོམ་དགོས་པ་ཡིན། འདིའི་བཏང་སྙོམས་དང་བྱམས་སྙིང་རྗེ་འདི་དག་རེ་རེ་བཞིན་དུ་སྦྱངས་ནས་སྒོམ་པ་འདི་མདོའི་རྗེས་སུ་འབྲང་པའི་མན་ངག་ཁྱད་པར་ཅན་ཡིན་ཞིང་། དང་པོར་སྤྱི་སྙོམས་ཡམ་ཡོམ་ཞིག་སྒོམ་ཁུལ་བྱེད་དུས། དང་པོའི་སྣ་རྒྱག་ལ་སྤྱི་ཡངས་ཀྱིས་སྐྱེ་བ་ལྟ་བུ། རེ་རེ་ནས་བལྟས་ཡོང་ན་གཅིག་ཀྱང་མེད་པ་དེ་འདྲར་འགྱུར་ཉེན་ཡོད་པས། དམིགས་པ་བསྒྱུར་ནས་ཤན་པས་གསོད་བཞིན་ཡོད་པའི་སྲོག་ཆགས་དུད་འགྲོ་ཟོག་ལུག་ལྟ་བུའི་ཉམ་ཐག་གི་སེམས་ཅན་ཞིག་ལ་དེའི་རྣམ་པ་ཇི་བཞིན་དུ་དེར་དམིགས་ནས། ཡན་ལག་ཐག་པས་བཀྱིགས། བྲང་གི་པགས་པ་གྲིས་ཁ་བཤགས་ནས། ཤན་པའི་བཤས་ལག་དེ་བྱང་ཁོག་དྲོན་པོའི་ནང་དུ་བཅུག་ནས་སྲོག་རྩ་གཅོད་བཞིན་ཡོད་པའམ། ཡང་ན་དེང་སང་གི་འཕྲུལ་ཆས་འཇིགས་སུ་རུང་བ་ཏག་ཏག་ཡོད་ཅིང་སྒྲ་ཡ་བ་གྲགས་ས་ཞིག་ནས་དུད་འགྲོ་དེ་དག་གི་རྐང་ལག་གནམ་ལ་བཏགས་ནས། གསོན་ལྤགས་བཤུས། སྐེ་བཅད། སྙིང་ཕྱུང་། ཁྲག་བཏོན། གློ་སྙིང་ནང་ཁྲོལ་ཚང་མ་ལེན་བཞིན་ཡོད་པ་ཞིག་ལ་དམིགས་ནས། དེ་རང་ཉིད་ཀྱི་ད་ལྟའི་མ་ནས་མཛའ་བཤེས་གཉེན་གྲོགས་ཡུལ་མི་སྡེ་བ་ནས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསམས་པས། མཐར་སེམས་ཅན་རིག་དུས་མིག་ནས་མཆི་མ་ཡོང་བ་ཞིག་བྱུང་ན་སྙིང་རྗེ་འབྱོངས་པའི་ཚད་ཡིན། མདོར་ན་བུ་གཅིག་ཅན་གྱི་མ་ཡིས་བུ་ལ་སྙིང་བརྩེ་བ་དང་འདྲ་བའི་བྱམས་དང་སྙིང་རྗེ་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་བྱུང་ན་ཚད་མེད་ཀྱི་མིང་ཐོགས་པ་ཡིན། སེམས་ཅན་ཐམས་ཅད་པོ་ད་ལྟ་ཉིད་དུ་སྐེ་བཅད་ལྤགས་བཤུ་བྱེད་བཞིན་མེད་ན་ཡང་། མི་དགེ་བཅུ་མཚམས་མེད་ལྔ་ལ་སོགས་པ་རང་གཞན་གྱི་ཉེས་པ་དང་། སྡོམ་ཁྲིམས་ཉམས་པ། བསླབ་པ་འཆལ་བ། དམ་ཚིག་འགལ་ཉམས་འདས་རལ་དུ་གྱུར་པ་ལ་སོགས་པའི་བཅས་ལྟུང་གི་ཉེས་པ་དང་ཉམས་ཆག་ཕོག་པ་ནི་ཅི་འདྲའི་མང་བ་ལ། དེ་དག་གི་རྣམ་སྨིན་བཤས་ཟོག་གི་གྲི་ཁ་ནས་སྡུག་བསྔལ་བ་ལས་ཆེ་དང་ཆེ་ཞིག་མྱོང་ངེས་ཡིན་པས། མར་གྱུར་སེམས་ཅན་ཐམས་ཅད་ཀྱིས་དེ་ལྟ་བུའི་སྡུག་བསྔལ་མ་མྱོང་ན་ཨང་། དེ་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང་། བྲལ་བར་གྱུར་ཅིག བྲལ་བ་ཞིག་ངས་བྱེད་པ་ཡིན། དེ་ལྟར་འགྲུབ་པ་བླ་མ་དཀོན་མཆོག་གིས་བྱིན་གྱིས་རློབས་སྙམ་ནས་བསྒོམ་དགོས་སོ། །དེའི་འཕྲོས་སུ་ལུགས་འདི་ལ་ལྷག་པའི་བསམ་པ་འབྱུང་བ་སྟེ། བྱམས་སྙིང་རྗེ་དང་སེམས་བསྐྱེད་གཉིས་ཀའི་བར་དེར་འདི་འཇོག་དགོས་དོན་ཅི་ཡིན་ཞེ་ན། ལྷག་བསམ་ཞེས་པ་ནི་སྙིང་སྟོབས་ཀྱིས་ལྷག་པའི་ཁྱད་པར་དུ་འཕགས་པའི་བསམ་པ་ཞིག་ཡིན་ལ། སེམས་ཅན་བདེ་བ་དང་སྤྲད་འདོད་དང་། སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་སྙིང་རྗེ་ཚད་མེད་ཉན་རང་ལ་ཡང་ཡོད་ཅིང་། འོན་ཀྱང་སེམས་ཅན་ཐམས་ཅད་ལ་བདེ་བ་དངོས་སུ་སྒྲུབ་པ་དང་། སྡུག་བསྔལ་དངོས་སུ་སེལ་བའི་ཁུར་བཞེས་པ་ནི་ཐེག་ཆེན་པ་མིན་པ་ལ་མེད་པས། སྙིང་སྟོབས་ཀྱིས་ལྷག་པའི་ལྷག་བསམ་བསྐྱེད་དགོས་པ་ཡིན། དེའི་ཁུངས་ཅི་ཞིག་ཡོད་པ་རེད་ཅེ་ན། བྱམས་པས་ཞུས་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བྱམས་པ། ཆོས་དེ་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོའི་ནང་དུ་ལུང་འདྲེན་པར་མཛད་པ་དང་། དེ་བཞིན་དུ་མདོ་བསྟན་བཅོས་གཞན་ནས་ཀྱང་གསུངས་པ་ཡིན། ཇོ་བོ་རྗེས་འདི་ཕྱག་ལེན་ལ་དམིགས་བསལ་ཟུར་དུ་བཏབ་ནས་མན་ངག་བདུན་དུ་མཛད་པའོ། གཞན་གྱི་ཕྱག་ལེན་ལ་དེ་མི་ཚང་པ་མ་ཡིན་པར་དོན་གྱིས་ཐོབ་པའི་མཐར་ཐུག་གི་གོ་དོན་དང་། དམིགས་ཡུལ་གཅིག་ཏུ་འགྲོ་བ་ཡིན། མར་ཤེས། དྲིན་དྲན། དྲིན་གཟོ་བ་ནས་བྱམས་པའི་བར་གྱིས་རྒྱུ་བྱས་ནས། སེམས་ཅན་འཁོར་བ་ལས་སྒྲོལ་བའི་བློ་སྐྱེས་དུས་སྙིང་རྗེས་རྩ་བ་བྱེད་པ་ཡིན་ཡང་། རང་ཉིད་ལ་ནུས་པ་མེད་པའི་གནས་སྐབས་འདི་ལྟ་བུ་ལ་སེམས་ཅན་ཁེ་རུ་ཞིག་གི་དོན་དངོས་སུ་བྱེད་དགོས་ན་དཀའ་བའམ་བྱེད་མི་ནུས་པ་ནི། བདག་འདི་ལྟ་བུའི་སེམས་ཅན་ཕལ་བ་ཞིག་མ་དགོས་དགྲ་བཅོམ་གཉིས་ཀྱི་གོ་འཕང་ཐོབ་ཀྱང་སེམས་ཅན་ཉུང་ཉུང་རེ་དང་། ཐར་བ་གྱི་ན་བ་རེ་ཙམ་མ་གཏོགས་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་མི་ཐུབ་ཅིང་། དེ་མ་ཐུབ་ན་མཐའ་ཡས་སེམས་ཅན་གྱི་དོན་དེ་བས་འགྲུབ་ཐབས་མེད་པ་དེས་ན་སེམས་ཅན་གྱི་དོན་ཁུར་དུ་ཁྱེར་བའི་སངས་རྒྱས་ཐོབ་འདོད་ཀྱི་བློ་ཁྱད་པར་ཅན་དམིགས་སུ་བཀར་ནས་གསུངས་པ་ཡིན། དེ་ལྟ་བུའི་སེམས་ཅན་ཐམས་ཅད་ལ་མར་ཤེས། དྲིན་དྲན། དྲིན་གཟོ་འདོད་དང་། བྱམས་སྙིང་རྗེ། ལྷག་པའི་བསམ་པ་ཚད་མེད་པ་དང་བཅས་པས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེད་པར་བྱེད་པའམ་སྐྱེས་ཟིན་མི་ཉམས་གོང་ནས་གོང་དུ་འཕེལ་བའི་རླབས་ཆེན་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། དེ་དང་འབྲེལ་བའི་ཕྱིན་དྲུག་གི་སྤྱོད་པ་ཚང་བའི་ཆོས་གསན་པའི་ཀུན་སྤྱོད་རྣམ་པར་དག་པ་དང་བཅས་ཏེ། སྐབས་འདིར་གང་ཞིག་གསན་པར་བྱ་བ་ནི། ཇི་སྐད་དུ། ཀུན་མཁྱེན་བླ་མའི་རྗེས་འཇུག་སྲས་ཡིན་ན། །གཞུང་བཟང་འདི་དང་ནམ་ཡང་མི་འབྲལ་ཏེ། །རིག་པའི་གཏན་གྲོགས་འདི་ལ་བཅོལ་བས་ཆོག །ཕུགས་ཀྱི་བློ་གཏད་འདི་འདྲ་ཡོད་རེ་ཀན། །ཞེས་གསུངས་པའི་གཞུང་བཟང་སངས་རྒྱས་ལག་བཅང་། ཆོས་སྐུའི་དགོངས་པ་མངོན་སུམ་ཐད་ཀར་བསྟན་པའི་གཞུང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་མན་ངག་གི་བསྟན་བཅོས་ཞེས་པ་རིག་པའི་གཏན་གྲོགས། ཕུགས་ཀྱི་བློ་གཏད་བཅོལ་ཆོག་པའི་ཆོས་གཅིག་ཆོག་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཉིད་ལ་འཆད་ཉན་བྱས་ནས་ཉམས་ལེན་གྱི་སྙིང་པོར་འཛིན་ཆོག་པ་འདི། ཀུན་མཁྱེན་བླ་མའི་ཆོས་བརྒྱུད་ལ་སྐྱེས་པའི་བགོ་སྐལ་བཟང་པོ་སྟོང་གསུམ་གསེར་ཕྱེས་བཀང་ནས་བྱིན་པ་བས་བརྒྱ་འགྱུར་སྟོང་འགྱུར་ཁྲི་འགྱུར་འབུམ་འགྱུར་གྱིས་ཀྱང་ཕྱོགས་ཙམ་ཞིག་གཞལ་དུ་མེད་པའི་རྙེད་པ་བཟང་པོ་ད་རེས་རྙེད་ཐལ་སྙམ་པའི་སྤྲོ་སེམས་བརྩོན་པའི་སྟོབས་ཤུགས་དང་བཅས་ཏེ་གསན་དང་གསན་བཞིན་པ་ལས། བར་དུ་དགེ་བ་གཞུང་དོན་གྱི་སྐབས་ཀྱི་ལེའུ་བཅུ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པའི་སྐབས་ཏེ། འདི་ལ་འཆད་ཉན་གྱི་འཇུག་པ་བདེ་བའི་ཆེད་དུ་ས་བཅད་ཀྱི་ཆིངས་གསུམ་གྱིས་འཆད་པ་ལས་ཆིངས་དང་པོ་གཉིས་ནང་ཚན་གྱི་དབྱེ་བ་དང་བཅས་པ་དང་། གསུམ་པ་གྲོལ་བ་གནད་ཀྱི་མན་ངག་གིས་འགག་བསྡུ་བའི་སྐབས་ལས་ཀྱང་། བཞི་བ་ཡན་ཆད་སོང་སྟེ་དེ་རིང་ལྔ་བ་

ང༽བཞི་བ་རོལ་བ་ཆོས་ཉིད་དུ་གྲོལ་བའི་གནད་ངེས་པ།

རོལ་བ་ཆོས་ཉིད་དུ་གྲོལ་བའི་གནད་ངེས་པ་ནི།

སྣ་ཚོགས་གྲོལ་ལོ་ཉག་གཅིག་ཀློང་དུ་གྲོལ།།

ཕྱོགས་མེད་གྲོལ་ལོ་ལྷུན་གྲུབ་ཀློང་དུ་གྲོལ།།

ཐམས་ཅད་གྲོལ་ལོ་སྙིང་པོའི་ཀློང་དུ་གྲོལ།།

ཞེས་གསུངས་ཏེ། སྣ་ཚོགས་ཕྱོགས་མེད་དུ་ཤར་བའི་ཆོས་ཐམས་ཅད་ངོ་བོ་གཞི་མེད་དུ་གནས་པས་རང་ས་ནས་སྟོང་པར་གྲོལ་བ་དེ། རྣལ་འབྱོར་པས་དེ་ལྟར་རྟོགས་དུས་རང་གི་སེམས་དེ་ལ་འཛིན་པའི་ཆོས་ཀྱི་འཆིང་པ་ལས་གྲོལ་བ་ནི། སྣང་སྟོང་རིག་སྟོང་དུ་རྟོགས་པའི་རང་བཞིན་དུ་ཤར་བ་ཞེས་བྱའོ། །དེའང་གཤིས་དེ་ལྟར་ཡིན་ཡང་བློས་མ་རྟོགས་ན་ཕན་མེད་ལ་རྟོགས་ན་མ་སྤངས་ལ་དག མ་བཙལ་བར་གྲུབ། མ་ཕྱིན་པར་བགྲོད་པ་ཞེས་བྱ་བས་དོན་ཀུན་གྲུབ་པའི་ཆོས་ཉིད་དེ། སྣ་ཚོགས་གྲོལ་ལོ་ཞེས་པའི་ལོ་སྒྲས། གྲོལ་ཟིན་དགྲོལ་མི་དགོས་པའི་ཚིག་སྒྲ་དང་བཅས་པས་སྣ་ཚོགས་སྣང་བའི་ཆོས། འཁོར་འདས་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་འདི་དག་ཐམས་ཅད་ཡེ་ཐོག་དང་མ་ཉིད་ནས་གྲོལ་ཏེ་ཡོད་པ་དང་། ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་ཀྱི་ཐོག་ནས་གཞི་མེད་སྟོང་པ་ཡེ་སྟོངས་ཆེན་པོ། མི་དམིགས་བསམ་བརྗོད་ལས་འདས་པ། དེ་ཡང་སུས་ཀྱང་མ་བྱས་པ་དེ་ལྟར་རང་ས་ནས་སྟོང་པས་གྲོལ་བའི་སྣང་སྟོང་མཐའ་བྲལ་ཆེན་པོ་ཡིན་པས་ན་ཉག་གཅིག་ཐིག་ལེའི་ཀློང་དུ་གྲོལ་བ་དང་། ཕྱོགས་མེད་དུ་གྲོལ་བ་ཕྱོགས་འབྱམས་མིང་མེད་ཡིན་པ་ལ་རྣལ་འབྱོར་པས་ཡིན་པ་ཇི་བཞིན་དུ་རྟོགས་པ་བློས་སྟོང་ཡིད་དཔྱོད་ལས་འདས་པའི་རིག་སྟོང་དུ་རྟོགས་པས་སྟོང་པར་འཛིན་པའི་ཆོས་ལས་ཀྱང་གྲོལ་ཏེ་མ་གྲོལ་བ་ཡི་ཆོས་གཅིག་ཀྱང་མེད་པར་གྲོལ་བ་དང་། ལྷུན་གྲུབ་ཀྱི་ཀློང་དུ་ཐམས་ཅད་ཇི་ལྟར་གྲོལ་བ་ཡིན་ན། སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་རིག་པ་ཐིག་ལེ་ཉག་གཅིག་བྱར་མེད་ལྷུན་གྱིས་རྫོགས་པ། མ་བཙལ་ཡེ་གྲུབ་ཏུ་མ་ཕྱིན་རང་གྲོལ་གྱིས་འཁོར་བ་ཆོས་ཉིད་དུ་གྲོལ་བའོ། །དེ་ལྟ་བུའི་ཚུལ་དེ་རྒྱུད་ཀྱི་ལུང་དོན་དང་སྦྲེལ་ན། མུ་ཏིག་ཕྲེང་བ་ལས། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན། །འཁོར་བ་ཉིད་ཀྱི་དོན་རྟོགས་ན། །མྱ་ངན་འདས་ཞེས་ཡོད་མ་ཡིན། །ཞེས་གསུངས་ཏེ། ཀྱེ་ཞེས་ཡི་རང་བའི་ཚིག་དང་བཅས་པའི་གསུང་གིས་འབོད་པའི་ཚུལ་གྱིས། རང་ལས་མི་གཉིས་པ་རྒྱུད་རྣམས་ཀུན་གྱི་བདག་པོ་སྟོན་པས་ལུང་གིས་བསྔགས་པ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ལ། ཆོས་ཉིད་དོན་གྱི་རང་སྒྲ་བསྒྲགས་པ། འཁོར་བ་ཉིད་ཀྱི་དོན་ཡེ་གྲོལ་སྣ་ཚོགས་ཉག་གཅིག་གི་ཀློང་དུ་ཕྱོགས་མེད་དུ་གྲོལ་བར་རྟོགས་པ་མངོན་དུ་གྱུར་ན་དེ་ལས་ལོགས་སུ་མྱང་འདས་ཞེས་བྱ་བ་ཞིག་ཡོད་པ་མིན་ནོ། །ཉོན་མོངས་ལྔ་ཡི་དོན་རྟོགས་ན། །ཡེ་ཤེས་གཞན་དུ་ཡོད་མ་ཡིན། །ཉོན་མོངས་ལྔ་ཡེ་ཤེས་ལྔ་ཡི་རང་རྩལ་ཡིན་པར་ཤེས་ནས་རྩལ་གཞིར་ཐིམ་ཆོས་ཉིད་མཉམ་པའི་དབྱིངས་གཅིག་ཏུ་འཁྱིལ་བ་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་མངའ་དབང་རྫོགས་པ་ལས་གཞན་དུ་ཡེ་ཤེས་ཞེས་བྱ་བ་ཡང་ཡོད་པ་མིན་ནོ། །ལུང་འདི་དག་མི་ཚིག་གིས་དེ་ཙམ་མ་བསྒྲིབས་ན་ལེགས་སྙམ། སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །བདེ་བ་ཆེན་པོ་བཙལ་དུ་མེད། །སྐྱོན་གྱི་མཐའ་གཉིས་རབ་རྟོགས་ན། །ཡོན་ཏན་ཆེན་པོ་བཙལ་མི་དགོས། །འཁྲུལ་བ་ཉིད་ཀྱི་དོན་ཤེས་ན། །འཁྲུལ་མེད་རིག་པ་བཙལ་མི་དགོས། །འབྱུང་ལྔ་ཉིད་ཀྱི་དོན་རྟོགས་ན། །ཆེན་པོ་ལྔ་ཉིད་བབས་ཀྱིས་གྲུབ། །མ་རིག་ཉིད་ཀྱི་རྩད་ཆོད་ན། །རིག་པའི་སྐུ་ཉིད་མ་བསྒྲུབས་འགྲུབ། །སེམས་ཅན་ཉིད་ཀྱི་དོན་ཤེས་ན། །སངས་རྒྱས་ཉིད་ཀྱང་མ་བཙལ་རྙེད། །སྣ་ཚོགས་སྣང་བའི་དོན་རྟོགས་ན། །མ་རིག་འོད་སྣང་མ་བཙལ་རྙེད། །རྟོག་པ་ཉིད་ཀྱི་རྗེས་ཆོད་ན། །འཁྲུལ་བ་དེ་ཉིད་རང་སར་གྲོལ། །སྟོང་པ་སྣང་བའི་དོན་རྟོགས་ན། །ཡེ་ཤེས་སྐུ་ཡང་ལྷུན་གྱིས་གྲུབ། །དངོས་པོར་སྣང་བའི་ཕུགས་མཐོང་ན། །སྟོང་པ་ཉིད་ཀྱང་མ་བསྒྲུབས་རྫོགས། །ཆོས་ཉིད་དག་པའི་དོན་རྟོགས་ན། །སྐྱེ་མེད་ཆོས་ཉིད་ཕ་རོལ་ཕྱིན། །མདོར་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡེ་དག་ཡོངས་གྲོལ་ཀ་ནས་དག་པ་ལ། མ་འགགས་ལྷུན་གྲུབ་སྣ་ཚོགས་སུ་འཆར་བའི་གདངས་དེ་མི་འགག་པར། གང་ལྟར་ཤར་ཇི་ལྟར་སྣང་ཡང་ཆོས་ཉིད་གཅིག་ལས་མ་འདས་པའི་དོན་མངོན་དུ་གྱུར་ནས་རྟོགས་ན། སྐྱེ་མེད་ཆོས་ཉིད་ཀྱི་ཕ་རོལ་ཡེ་རྫོགས་གདོད་མའི་རྒྱལ་སར་ཕྱིན་པའོ་ཞེས་སོ། །རོལ་བ་ཆོས་ཉིད་དུ་ངེས་པའི་གདམས་པ་ཟབ་མོ་དེའི་དོན་ལག་ལེན་དམར་ཁྲིད་དུ་སྡེབས་ན། གང་སྣང་དང་གང་ཤར་ཐམས་ཅད་ལ་ཅོག་གཞག་རང་བབས་ལ་བཏང་བས་རང་སངས་རིག་པའི་ངང་ལས་འདའ་བ་མེད་པའི་ཉམས་ལེན་བྱ་སྟེ། གང་ལག་ཁྲིད་དུ་སྡེབས་ནས་ཐད་ཀར་བཀྲལ་ནས་བཤད་ན། གང་སྣང་གི་སྣང་བ་དང་། གར་ཤར་གྱི་ཤེས་པ་ཐམས་ཅད་པོ་གཟུང་འཛིན་བྲལ་བའི་མ་བཅོས་ཅོག་གེར་བཞག་ནས། རང་གཤིས་ཇི་ལྟར་ཡིན་པའི་རང་བབས་ལ་བཏང་ན། ཆོས་ཉིད་རྗེན་པའི་ངོ་བོར་ས་ལེར་ཡོད་པ་ཡིན་པས། རང་སངས་རིག་པ་གསལ་སྟོང་མཉམ་ཉིད་དུ་གདལ་བ་སྟེ་རིག་པ་དེའི་ངང་ལས་མ་གཏོགས་གཞན་དུ་འདའ་བ་མེད་པའི་ཉམས་ལེན་བར་མཚམས་དང་བྲལ་བའི་ངང་ལ་འཕོ་འགྱུར་མེད་པའོ། །དེའི་དོན་སྐུ་གདུང་འབར་བའི་རྒྱུད་ལས། མ་བསྐུར་གཞི་ལ་རྫོགས་པའི་དབང་ཐོབ་ནས། །ཅོག་གཞག་རང་སར་གཞག་པའི་མན་ངག་བསྟན། །འདའ་མེད་བསྲུང་མཚམས་བྲལ་བའི་ཉམས་ལེན་བྱ། །རང་གནས་གཅིག་པར་གནས་པའི་དགོངས་པ་ཉིད། །ཅེས་སོ། །དེ་ཡང་གང་སྣང་གི་དུས་ན་ཅོག་གཞག་ཏུ་བཞག་པས་རང་གྲོལ་ལ་སོང་བ་ནི་གནད་ལ། རང་གྲོལ་དུས་རིག་པ་རྗེན་སངས་སེ་བའི་ངོ་བོ་ཅེར་མཐོང་དུ་འཆར་བ་ལས་མ་བསྐྱོད་པ་ནི། ལག་ཁྲིད་དངོས་གཞིའོ། །འདིའི་གོང་དུ་ལག་ཁྲིད་ཀྱིས་ཁྲིད་པའི་གནས་དང་། དེར་ཁྲིད་དེ་རྙེད་པའམ་མཐོང་བའི་ལག་ཁྲིད་དངོས་གཞིའི་དོན་རྣམ་པ་གཉིས་ཀྱི་ཐོག་ནས་ལོང་པ་ལག་མགོ་ནས་བཟུང་སྟེ་འདོད་པའི་གནས་སུ་ཁྲིད་པ་ལྟ་བུ་མཛད་པ་སྟེ། དོན་ལ་ཡེ་གྲོལ་ཆོས་ཉིད་ཀྱི་ངོ་བོ་གཅིག་ལས་གཉིས་སུ་མ་དམིགས་ན་ཡང་གཉིས་སྣང་ཅན་ལ་གཉིས་སུ་བསྟན་ནས། ཡེ་གྲོལ་ཆོས་ཉིད་ཡེ་གནས་ཀྱི་དོན་དེ་རང་གྲོལ་རིག་པ་རྗེན་སངས་སུ་ཞོག་དང་། རིག་པ་རྗེན་སངས་ཀྱི་ངོ་བོ་ཅེར་མཐོང་ཐད་ཀར་འཆར་ཡོང་ལ། འཆར་བ་དེ་ལས་མ་བསྐྱོད་ན་དེས་མ་བསྐུར་གཞི་རྫོགས་ཀྱི་དབང་ཐོབ་ཅིང་། ཅོག་གཞག་རང་གནས་ཀྱི་མན་ངག་བསྟན་པ་ཡིན་པས་འདའ་མེད་སྲུང་མཚམས་དང་བྲལ་བའི་དམ་ཚིག་ལ་གནས་པའི་ཉམས་ལེན་ཅོག་གཞག་རང་གནས་རང་གྲོལ་རིག་པ་གཅིག་པུའི་ངང་ལ་གནས་པ་ནི་དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་ཡིན་པའི་གོ་དོན་ལུང་དང་བཅས་པས་བསྟན་པ་སྟེ། རྫོགས་པ་རང་བྱུང་ལས། གོ་བའི་དུས་ནི་རྣམ་བཞིའི་ཚེ། །ཅོག་གཞག་རང་གྲོལ་མ་བསྐྱོད་པའོ། །ཞེས་སོ། །དུས་བཞི་ནི་སྣང་བ་གཞི་མེད་དུ་གོ་བ། ཤེས་པ་ཡུལ་མེད་དུ་གོ་བ། རིག་པ་རྟེན་མེད་དུ་གོ་བ། ཆོས་ཟད་མིང་མེད་དུ་གོ་བའོ། །འདིའི་གོ་བ་བཞིའི་རྣམ་དབྱེ་མཛད་ཡོད་པའི་དང་པོ་གཉིས་ཀྱིས། གང་སྣང་གང་ཤར་གྱི་དུས་ན་རང་བབས་ཅོག་གཞག་ཏུ་བཞག་ཚེ་རང་གྲོལ་ཡེ་གནས་སུ་ཡོད་པའི་གནས་དེ་བསྟན་པ་དང་། གོ་བ་རྗེས་མ་གཉིས་འདིས་གྲོལ་བའི་རིག་པ་རྗེན་སངས་ཀྱི་ངོ་བོ་ཅེར་མཐོང་ཆོས་ཉིད་དུ་རྟོགས་པ་འཆིང་གྲོལ་འབད་རྩོལ་རང་གཞིག་ཏུ་མི་གཡོ་པར་གནས་པར་བསྟན་པའོ། །དེ་ཡན་གྱིས་རོལ་བ་ཆོས་ཉིད་དུ་གྲོལ་བའི་གནད་ངེས་པ་བསྟན་ཏེ།

ཅ༽ལྔ་བ་ཐམས་ཅད་གདོད་མར་གྲོལ་བའི་རང་བཞིན་བསྟན་པ།

ད་ནི་ཐམས་ཅད་གདོད་མར་གྲོལ་བའི་རང་བཞིན་བསྟན་པ་ལས། མི་གཡོ་སྟོང་གསལ་དག་པར་བསྟན་པ་ནི།

འོད་གསལ་གྲོལ་ལོ་ཉི་ཟླའི་ཀློང་དུ་གྲོལ།།

ཆོས་ཉིད་གྲོལ་ལོ་ནམ་མཁའི་ཀློང་དུ་གྲོལ།།

ཆོས་ཅན་གྲོལ་ལོ་རྒྱ་མཚོའི་ཀློང་དུ་གྲོལ།།

མི་འགྱུར་གྲོལ་ལོ་རི་རྒྱལ་ཀློང་དུ་གྲོལ།།

ཞེས་གསུངས་ཏེ། འདིའི་རྩ་བའི་ཚིག་བཞི་འདིས། མི་གཡོ། སྟོང་པ། གསལ་བ། དག་པ་རྣམས་གྲོལ་བའི་རང་བཞིན་གྱི་དཔེས་མཚོན་པར་གསུངས་པ་སྟེ། གང་གི་ཚེ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཡང་རིག་པ་གདོད་མ་ནས་ངོ་བོ་ཉིད་མེད་པ་ཉི་ཟླའི་ཀློང་དུ་གྲོལ་ཟིན་པས་རང་བྱུང་གི་ཡེ་ཤེས་འོད་གསལ་བར་རྟོགས་ནས་གོམས་པས་གྲོལ་བར་ངེས་པའི་གནད་དོ། །འོད་གསལ་གྲོལ་བ་ཉི་ཟླའི་ཀློང་དུ་ཇི་ལྟར་གྲོལ་ན། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་ཡེ་ནས་འོད་གསལ་བར་སྐྱེས་པ་དེ་ཡང་། འཕོ་འགྱུར་བྲལ་བའི་རིག་པ་བྱང་ཆུབ་ཀྱི་སེམས། རང་བྱུང་ཡེ་ཤེས་དེ་ཉིད་དུ་རྟོགས་གོམས་སོང་ནས། རང་གྲོལ་གདོད་ནས་ངོ་བོ་མེད་པ་རྟག་ཏུ་འོད་གསལ་བ་ཉི་ཟླ་ལྟ་བུའི་ཀློང་དུ་གྲོལ་བར་ངེས་པའི་གནད་བསྟན་པ་དང་། ཆོས་ཉིད་སྟོང་པ་ཆེན་པོ་ཞེས་བརྟགས་པ་དེ་ཡང་རིག་པ་གདོད་མ་ནས་ཟང་ཐལ་བ་ནམ་མཁའི་ཀློང་དུ་གྲོལ་ཟིན་ནས། སྐྱེ་མེད་བསམ་བརྗོད་ལས་འདས་པ་རྟོགས་ནས་གོམས་པ་ལས་གྲོལ་བ་ངེས་པའི་གནད་དོ། །ཆོས་ཉིད་གྲོལ་བ་དེ་ཉིད་སླར་ནམ་མཁའི་ཀློང་དུ་ཇི་ལྟར་གྲོལ་བ་ནི། གང་སྣང་སྟོང་པ་གཅིག་གི་ངོ་བོ་ལས་མ་འདས་པའི་ཆོས་ཉིད་ཟང་མ་ཐལ་བྱུང་དུ་བརྟགས་ཤིང་དཔྱད་པས་རྟོགས་པའི་གྲོལ་བ་དེ་ཡང་རིག་པ་གདོད་ནས་སྐྱེ་མེད་ལྟ་སྒོམ་གྱི་མིང་དང་། ཕྱོགས་རིས་ཀྱི་ཆོས། ཡོད་མེད་ཀྱི་མཐའ་གང་ཡང་མེད་པར་རྗེན་སངས་ནམ་མཁའ་ལྟ་བུའི་བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས་སུ་རྟོགས་གོམས་གྲོལ་བ་ངེས་པའི་གནད་བསྟན་པའོ། །རྩལ་གྱི་འཆར་གཞི་མ་འགགས་པ་ལས་རོལ་བ་འགག་མེད་དུ་ཤར་བ་དེ་ཡང་རིག་པ་གསལ་དག་ཆེན་པོ་རྒྱ་མཚོའི་ཀློང་དུ་གྲོལ་ཟིན་པས། རང་གྲོལ་ཅོག་གཞག་རྟོགས་ནས་གོམས་པ་ལས་གྲོལ་བ་ངེས་པའི་གནད་དོ། །ཆོས་ཅན་སྣ་ཚོགས་སུ་སྣང་བ་ཡེ་ནས་གྲོལ་བ་ཉིད། རྒྱ་མཚོའི་ཀློང་དུ་གང་ལྟར་གྲོལ་བ་ཡིན་ན། རིག་པ་སྐྱེ་མེད་ཀྱི་ངང་ལས་མ་འགག་རྩལ་དང་རོལ་བར་ཤར་བ་ཐམས་ཅད། རིག་པ་གཅིག་གི་ངང་ལས་མི་འདས་པར་གྲོལ་བ་ཐག་ཆོད་པ་དེ་ཉིད་ཀྱང་། ས་གཞིའི་ཆུ་ཕྲན་ཐམས་ཅད་རྒྱ་མཚོའི་ཀློང་དུ་གཅིག་ཏུ་འཁྱིལ་བ་བཞིན་དུ། རིག་པ་གསལ་དག་འཕོ་འགྱུར་དབྱེ་བསལ་མེད་པའི་རྒྱ་མཚོའི་ཀློང་དུ། རང་བཞག་རང་གྲོལ་གྱི་རྟོགས་གོམས་ཀྱིས་བསྐྱིལ་བའི་གནད་བསྟན་པའོ། །གྲུབ་བསལ་འཕོ་འགྱུར་མེད་པའི་ལྟ་དགོངས་ཆེན་པོ་དེ་ཡང་རིག་པ་གདོད་མ་ནས་མི་གཡོ་བ་རི་རྒྱལ་ཆེན་པོའི་ཀློང་དུ་གྲོལ་ཟིན་པས། བྱར་མེད་རྩོལ་སྒྲུབ་ལས་འདས་པའི་དོན་རྟོགས་ནས་གཞི་གཞག་མཉམ་རྫོགས་གདལ་བར་གོམས་པ་ལས་གྲོལ་བར་ངེས་པའི་གནད་དོ། །མི་འགྱུར་གྲོལ་བ་རི་རྒྱལ་གྱི་ཀློང་དུ་གྲོལ་ལུགས། རྫོགས་པ་ཆེན་པོའི་ལྟ་དགོངས་གང་སྣང་མི་འགྱུར་བཅོས་ལྷད་གཡོ་འགུལ་དང་བྲལ་བར་གྲུབ་བསལ་མེད་པར་གྲོལ་བ་ཤེས་པ་དེ་ཉིད། རིག་པ་བྱར་མེད་ཡེ་མཉམ་ཆེན་པོའི་གདོད་ནས་གཡོ་བ་མེད་པའི་གདོད་མའི་ཆོས་ཉིད་ཆེན་པོར་ཡེ་ནས་འཕོ་འགྱུར་དང་བྲལ་བ་ནི། རིའི་རྒྱལ་པོ་རི་རབ་གཡོ་འགུལ་མེད་པ་ལྟར་ཀློང་ཡངས་སུ་རྟོགས་ཤིང་གོམས་པས་ན། གཞི་གཞག་མཉམ་རྫོགས་སུ་གོམས་པས་གྲོལ་བ་ངེས་པའི་གནད་བསྟན་པའོ། །འདིའི་དོན་ད་རུང་ཞིབ་པར་བཀྲལ་ནས་དོན་གྱི་འགག་བསྡུ་བ་ནི། འདིར་རྟོགས་པ་དག་པའི་ལུང་དགོད་པ་དང་། ཉམས་ལེན་ངེས་པའི་གནད་བསྟན་པ་གཉིས་ལས། དང་པོ་རྟོགས་པ་དག་པའི་ལུང་དགོད་པ་ནི། དེ་ལྟར་བསྟན་མ་ཐག་པའི་གྲོལ་བའི་གནད་བཞི་དེ་བསྟན་པའི་གྲོལ་བ་ཆོས་ཉིད་དུ་ངེས་ལ། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དེ་ཡང་རིག་པ་བྱང་ཆུབ་ཀྱི་སེམས་ངོ་བོ་ཉིད་མེད་པ་དེར་ངེས་ཤིང་། རིག་པ་ཉིད་ཀྱང་ཟང་ཐལ་མཁའ་མཉམ་དུ་ངེས་ལ། ཟང་ཐལ་མཁའ་མཉམ་དུ་གདལ་བ་དེ་ཡང་ངོ་བོའི་ཆ་ནས་རང་ངོ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་ལ། ངོ་བོ་གཉིས་མེད་སྐྱེ་བ་མེད་པ་ཉིད་ལས་འཆར་ཚུལ་མ་འགགས་དུ་མར་སྣང་ཡང་། ཐམས་ཅད་དུ་གཞི་མེད་ཆོས་ཟད་ཆེན་པོར་རྟོགས་པས་ན་ཀུན་གྱི་མཐར་རིག་པ་རང་མལ་དུ་ཆོས་ཟད་ལ་ཐུག་པ་ནི། མུ་ཏིག་ཕྲེང་བ་ལས། དོན་དམ་ཀུན་རྫོབ་གཉིས་མེད་པས། །རང་རང་ཡུལ་ན་བདེ་བ་ཆེ། །ཆོས་ཉིད་གཉིས་སུ་མེད་པའི་རྟགས། །སྣང་བའི་རྗེས་སུ་མི་འབྲང་ཞིང་། །ཀུན་ཏུ་སྣང་ཞིང་གཉིས་སུ་མེད། །ཆོས་ཉིད་དུ་ངེས་པའི་གནད་བསྟན་པ་དང་། བྱ་བྱེད་ཆོས་ལ་མི་གནས་པས། །རང་སྣང་ཡུལ་ལ་གཉིས་སུ་མེད། །གཅིག་དང་དུ་མར་མི་འབྱེད་པས། །རྟོགས་པའི་དུས་ན་གཉིས་སུ་མེད། །ཆོས་ཉིད་རིག་པར་ངེས་པའི་གནད་བསྟན་པ་དང་། གསང་སྔགས་ཐབས་ལ་ཚད་མེད་པས། །གོ་བའི་དུས་ན་གཉིས་སུ་མེད། །འཁྲུལ་བའི་ཡུལ་ལ་སྣ་ཚོགས་ཀྱང་། །དོན་དམ་ཉིད་ལ་གཅིག་གཉིས་མེད། །རིག་པ་ཟང་ཐལ་དུ་ངེས་པའི་གནད་བསྟན་པ་དང་། ཅིར་སྣང་ཡུལ་ལ་གཅིག་མེད་ཀྱང་། །ཤེས་པའི་དུས་ན་སྣ་ཚོགས་འབྱུང་། །སྣ་ཚོགས་ཞེན་པ་རང་གྲོལ་ཏེ། །ཆོས་ཉིད་གོ་ན་གཉིས་མེད་ངང་། །འཁྲུལ་སྣང་ཡུལ་གྱི་རྩད་ཆོད་ནས། །རང་རིག་ངོ་བོ་གཉིས་སུ་མེད། །རང་ངོ་གཉིས་མེད་དུ་བསྟན་པ་དང་། ཞིང་ཁམས་རྣམ་དག་ལྷུན་གྲུབ་བོ། །ཞེས་དོན་བསྡུས་སོ། །གཉིས་པ་ཡིན་ལུགས་གཤིས་ཀྱི་བཞུགས་ཚུལ་མ་ནོར་བར་བསྟན་པ་ནི། དོན་དེ་ཉིད་ཉམས་སུ་ལེན་པའི་གནད་ངེས་པ་ལ། གཞི་ལམ་འབྲས་བུ་གསུམ་གྱིས་བསྟན་པ་ལས། དང་པོ་གཞི་བསྟན་པ་ནི་གཞི་རང་ལུགས་སུ་སྐྱོང་དུས་རིག་པ་ཟང་ཀ་དེ་ངོས་ཟིན་པ་ཙམ་གྱིས་སྣང་སེམས་ཐམས་ཅད་རང་དག་ལ་གྲོལ། རྦད་ཆོད་ལ་ཆོད། ཀ་དག་ཏུ་རང་ས་ཟིན་པའོ། །གཞི་ཆོས་ཉིད་ཟང་ཐལ་རྗེན་པའི་ཡེ་ཤེས་ཆོས་ཟད་བློ་འདས་ཀྱི་དགོངས་པ་དེ་ཡེ་ནས་འཕོ་འགྱུར་མེད་པར་རང་ལ་གནས་པ་དེ་ངོ་འཕྲོད་ངོས་ཟིན་ནས། རང་བབས་ཀྱི་རིག་པ་རང་གསལ་རྗེན་པ་དེའི་ངོ་བོར་བལྟས་པ་ཙམ་གྱིས། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུ་མ་དགོས་པའི་དགོངས་པ་དེ་མཐོང་དུས། སྣང་སེམས་མཉམ་གཅིག་ལ་རང་དག་ཏུ་སོང་ནས། གྲོལ་བ་དེའི་ཐོག་ཏུ་ཐག་རྦད་ཀྱིས་ཆོད་པའི་ཀ་དག་ཏུ་རང་ས་ཟིན་པ་ནི་སེང་གེས་གངས་ཟིན་པ་ལྟ་བུ་སྟེ། སེང་གེ་རྩལ་རྫོགས་ལས། བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །ཞེས་གསུངས་སོ། །དེ་ཡིས་གཞི་བསྟན་ཏོ། །ལམ་ཆིག་ཆོད་དུ་སྐྱོང་དུས་རྩལ་དང་ངོ་བོ་མ་འགགས་པའི་དྭངས་ངོས་ཟིན་པ་ཙམ་གྱིས། རང་དག་དང་། རང་སོ་དང་། གཞི་གཞག་ཏུ་འགྲོ་བའོ། །ལམ་སྒོམ་པས་ཉམས་སུ་ལེན་ནས་རིག་པ་གཞི་གྲོལ་ཆིག་ཆོད་དུ་བསྐྱང་དུས། རིག་པ་རང་གནས་ཀྱི་ཤེས་རབ་བྱིང་རྒོད་ཀྱི་སྐྱོན་དང་བྲལ་ཞིང་། ངོ་བོ་སྟོང་གསལ་འཕོ་འགྱུར་དང་བྲལ་བ། ཀ་དག་གི་ངང་ལས་མ་གཡོས་བཞིན་དུ་རང་རྩལ་མ་འགགས་ལྷུན་གྲུབ་ཀྱི་རོལ་བ་གང་དུ་ཤར་ཇི་ལྟར་སྣང་ཡང་། སྟོང་ངོས་ཀ་དག་ལ་ལྟོས་ནས་རིག་པ་སྤྲོས་བྲལ་རྗེན་ལ་ཕྱུང་བ་དང་། སྣང་ངོས་ལྷུན་གྲུབ་ལ་ལྟོས་ནས་རྣམ་བཅས་འོད་གསལ་དུ་དྭངས་པ། རང་དག་ལས་མ་གཡོས་པར་རང་སོ་ན་གནས། གཞི་བཞག་ལས་མ་གཡོས་པར་རང་དག་ཏུ་སངས་ནས། ས་ལམ་ཆིག་ཆོད་དུ་གྱུར་པར་བསྟན་པའོ། །ད་ནི་འབྲས་བུ་ཟང་ཐལ་དུ་སྐྱོང་དུས་རོལ་བའི་སྣང་ཚུལ་རིག་པའི་ཆོ་འཕྲུལ་དུ་རྟོགས་པས། ཐམས་ཅད་རྟེན་མེད་སངས་སེང་སྨིག་རྒྱུ་ལྟར་དག་ནས་ཡེ་དག་དང་། ཡེ་རྫོགས་དང་། ཡེ་རྙེད་ལ་སོང་བའོ། །སྤྱིར་ན་དབྱིངས་ཀྱི་གྲོལ་ས་ཀ་དག་དང་། རྣལ་འབྱོར་ལམ་དུས་ཀྱི་རིག་པ་ཀ་དག་གཉིས་ཀ་རྫས་ཐ་དད་ངོ་བོ་སོ་སོ་པ་མིན་ཞིང་། འོན་ཀྱང་ལམ་དུས་ཀྱི་སྐབས་སུ་རླུང་སེམས་ཀྱི་ཆ་དང་བཅས་པའི་མ་རྟོགས་འཁྲུལ་བའི་དབང་དུ་སོང་བས། མན་ངག་གི་གནད་ཀྱི་ཉམས་ལེན་ཅོག་གཞག་རིག་པ་ཟང་ཐལ་དུ་བསྐྱངས་ནས། རྩལ་དང་རོལ་བའི་འཆར་ཚུལ་དང་སྣང་ཚུལ་ཐམས་ཅད་རིག་པ་གཅིག་ལས་མ་འདས་ཤིང་ཐམས་ཅད་རིག་པའི་ཆོ་འཕྲུལ་དུ་རྟོགས་ནས་ཉམས་ཉིད་བདེ་ཀློང་ཆེན་པོར་གཅིག་ཏུ་བཟླུམས་ཚེ། འཆར་བ་རང་ངོ་ནས་དག་སྟེ་ཐམས་ཅད་གཏད་མེད། གཞི་མེད་སངས་སེང་འལ་འོལ་དུ་སྨིག་རྒྱུ་ལ་ཆུ་འཁྲུལ་གྱི་སྣང་བ་ལྟ་བུའི་སྣང་དུས་ཉིད་ནས་མེད་པའི་ཡེ་དག མེད་སྣང་ཙམ་ཡང་མ་གྲུབ་པའི་ཟང་ཐལ་རིག་པ་ཡེ་རྫོགས། རང་ལ་ཡེ་གནས་ཀྱི་རིག་པ་རེ་དོགས་མཐའ་གྲོལ་གྱི་དགོངས་པ་ཡེ་རྙེད་ལ་སོང་དུས་རྣལ་འབྱོར་དགོངས་པའི་རྩལ་ཆེན་རྫོགས་པ་འབྲས་བུ་ངེས་པའི་གནད་དོ། །དེ་དག་ཀྱང་དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གཞི་ལ་སྐྱོང་ཚུལ་བཞི་ཚེ་ན། །རང་དག་རྦད་ཆོད་ཀ་དག་གོ །ལམ་དུ་བླང་བ་བཞི་ཚེ་ན། །རང་དག་ལྟ་དང་གཞི་གཞག་གོ །འབྲས་བུར་དྲིལ་བ་བཞི་ཚེ་ན། །ཡེ་དག་ཡེ་རྫོགས་ཡེ་རྙེད་དོ། །ཞེས་སོ། །གཞི་ལམ་འབྲས་གསུམ་ལ་བཞི་བཞིར་སྦྱར་བའི་བཅུ་དྲུག་ནི། གནད་བཞི་ཆོས་ཉིད་དུ་ངེས། ཆོས་ཉིད་རིག་པར་ངེས། རིག་པ་ཟང་ཐལ་དུ་ངེས། དེ་ཡང་རང་ངོ་གཉིས་མེད་ལ་ངེས་པའི་གནད་ཀྱི་ངེས་པ་རྣམས་ཇི་ལྟར་བསྟན་ན། གཞི་དུས་སུ་རང་དག་རྦད་ཆོད་ཀ་དག་གསུམ། ལམ་དུས་སུ་རང་དག་རང་སོ་གཞི་བཞག་གསུམ། འབྲས་དུས་སུ་ཡེ་དག་ཡེ་རྫོགས་ཡེ་རྙེད་ཀྱིས་གསུམ་གསུམ་དགུ་རུ་དྲིལ་ཏེ་ངེས་པར་བསྟན་ཏོ།།

༼ང༽བཞི་བ་ཐམས་ཅད་མཁའ་མཉམ་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་གཅིག་ཏུ་དོན་བསྡུ་བ།

ད་ནི་ལེའུ་འདིའི་སྤྱི་དོན་བསྡུ་བ་ནི་ཐམས་ཅད་མཁའ་མཉམ་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་གཅིག་ཏུ་དོན་བསྡུ་བ་ནི།

གདོད་ནས་གྲོལ་ལོ་སྐྱེ་མེད་ཀློང་དུ་གྲོལ།།

ཕྱམ་གཅིག་གྲོལ་ལོ་ཡེ་སངས་ཀློང་དུ་གྲོལ།།

ཡོངས་གྲོལ་གྲོལ་ལོ་ཡེ་རྒྱས་ཀློང་དུ་གྲོལ།།

ཞེས་གསུངས་ཏེ། རིག་པ་བྱང་ཆུབ་ཀྱི་སེམས་ནི་ཡེ་གདོད་མ་ཉིད་ནས་སྐྱེ་མེད་ཆོས་སྐུ་ཉག་གཅིག་གི་ཀློང་ཏུ་གྲོལ་བའི་ངོ་བོ་ལ་གང་དང་གང་དུ་འཛིན་པའི་ཆོས་གྲུབ་བསལ་ལས་འདས་པས་ཡེ་སངས་ཀྱི་ཀློང་དུ་བྱང་བ་ཉིད་དང་། ཐམས་ཅད་ཀྱི་འཆར་གཞིར་ལྷུན་གྱིས་གྲུབ་ཟིན་པས་ཡེ་རྒྱས་ཀྱི་ངོར་ཆུབ་པ་ཉིད་དུ་གནས་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་སུ་རྫོགས་པ་ཆེན་པོས་གཅིག་པའི་ཚུལ་རྡོ་རྗེ་དབྱིངས་སུ་ཡེ་ནས་སངས་རྒྱས་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བར་དོན་བསྡུ་བ་སྟེ། འདིའི་སྐབས་སུ་རིག་པ་བྱང་ཆུབ་ཀྱི་སེམས་ཞེས་པའི་མཚན་གྱི་ཚིག་སྒྲ་གསུམ་དེ། གདོད་ནས་གྲོལ་བ། ཕྱམ་གཅིག་གྲོལ་བ། ཡོངས་གྲོལ་གྱིས་གྲོལ་བ་གསུམ་དང་དོན་གྱིས་འབྲེལ་བ་ཇི་བཞིན་དུ་བསྟན་པ་སྟེ། དེ་ཡང་གདོད་ནས་གྲོལ་བ་རིག་པ་བྱང་ཆུབ་སེམས་དེ་ཉིད་གདོད་མའམ་ཐོག་མ་ཉིད་ནས་སུས་ཀྱང་མ་བྱས་ཤིང་། གང་གིས་ཀྱང་མ་འཆིང་ལ། གར་ཡང་མི་གནས་པར་ཡོངས་ལ་ཁྱབ་པ་ཞིག་ཡིན་པས་ན། སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཡེ་ནས་བསྡམས་མ་མྱོང་པ་ལ་གསར་དུ་བཀྲོལ་མི་དགོས་པའི་གྲོལ་བའི་ངོ་བོ་བསྟན་པ་སྟེ། གདོད་ནས་གྲོལ་ལོ་སྐྱེ་མེད་ཀློང་དུ་གྲོལ། །ཞེས་པ་འདིས་རིག་པའི་དོན་བསྟན་པ་དང་། དེ་ལྟར་གྲོལ་བའི་ངོ་བོ་རིག་པ་སྟོང་གསལ་མཐའ་དབུས་མེད་པ་དེ་ལ། ཡུལ། སེམས། རིག་པ་དང་བཅས་པ་གང་ལ་གཟུང་ཞིང་གང་གིས་འཛིན་པའི་ཆོས་གྲུབ་བསལ་བཟང་ངན་ལས་འདས་པ་ཐམས་ཅད་རང་བྱུང་རིག་པའི་ཀློང་དུ་མ་གྲོལ་བ་མེད་པ་སྟེ། ཕྱམ་གཅིག་གྲོལ་ལོ་ཡེ་སངས་ཀློང་དུ་གྲོལ། །ཞེས་པས་བྱང་བ་བསྟན་པ་དང་། །ཐམས་ཅད་དབྱིངས་གཅིག་ཐམས་ཅད་ཀུན་འབྱུང་གི་གཞི་གཟུང་འཛིན་དག་པའི་རང་ངོ་ན། ཡུལ་སེམས་རང་དྭངས་རང་གསལ་དུ་སོང་ནས་རིག་སྟོང་རང་བྱུང་གི་ཡེ་ཤེས་ལས་མ་འདས་པའི་ཡེ་རྒྱས་ཀྱི་ངོ་བོར་གནས་པ་དེ། ཡོངས་གྲོལ་གྲོལ་ལོ་ཡེ་རྒྱས་ཀློང་དུ་གྲོལ། །ཞེས་འདིས་ཆུད་པར་བསྟན་པའོ། །དེ་ལྟར་གདོད་ནས་སྐྱེ་མེད་དུ་དག་པའི་རིག་པ། ཕྱམ་མཉམ་ཡེ་སངས་སུ་བྱང་ཞིང་། ཡོངས་གྲོལ་ཡེ་རྒྱས་སུ་ཆུད་པའི་མཁའ་མཉམ་བྱང་ཆུབ་ཀྱི་སེམས་སུ་འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད། རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་སུ་རྫོགས་པ་ཡིན་པས་ན། ལྷུན་གྲུབ་རྫོགས་པ་ཆེན་པོ་ཆོས་ཉིད་གཅིག་ཏུ་དོན་འདུས་པའོ། །དེའི་དོན་རྒྱུད་ཀྱི་ལུང་གིས་བསྟན་པ་ནི། རྫོགས་པ་རང་བྱུང་ལས། ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་། །རང་བྱུང་ཡེ་ཤེས་རྟོག་མེད་དབྱིངས། །སྟོང་གསལ་རིག་པའི་སྙིང་པོར་ལྡན། །སྟོང་ཞིང་བདག་མེད་ཡེ་ཤེས་དང་། །ཆོས་རྣམས་ལྷུན་གྲུབ་རྫོགས་ཆེན་ས། །ཞེས་སོ། །དེ་ལྟ་བུའི་ཆོས་སྐུ་སྟོང་ཉིད་ཀྱི་ངང་། རང་བྱུང་ཡེ་ཤེས་རྟོག་མེད་ཀྱི་དབྱིངས། སྟོང་གསལ་རིག་པའི་སྙིང་པོ། སྟོང་ཞིང་བདག་མེད་ཀྱི་ཡེ་ཤེས་སོགས་ཇི་ལྟར་བརྗོད་ཀྱང་མདོར་ན་ཐམས་ཅད་ཆོས་རྣམས་ལྷུན་གྲུབ་རྫོགས་ཆེན་གྱི་སར་འདུས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པས། འདི་ནས་དེའི་གཤིས་ཀྱི་བཞུགས་ཚུལ་དང་། དེ་ཉིད་ཀློང་ཆེན་རྩལ་གྱི་རྣལ་འབྱོར་པས་ཇི་ལྟར་མངོན་དུ་འགྱུར་ཚུལ་གཉིས་ཀྱིས་རྒྱ་གྲོལ་ཆོས་ཟད་རྗེན་པར་ཟང་ཐལ་ཀུན་བཟང་དགོངས་པར་ཕྱིན་པའི་གནད་ཀྱི་སྙིང་པོ་བསྟན་པ་ལས། དང་པོ་རིག་པའི་བཞུགས་ཚུལ་ནི། དེ་ལྟ་བུའི་རིག་པ་ནི་སྟོང་གསལ་རང་བྱུང་གི་ཡེ་ཤེས་ཏེ། ངོ་བོ་སྟོང་པས་རྟག་པའི་ཕྱོགས་སུ་མ་ལྷུང་། སྟོང་གསལ་གྱི་རང་བྱུང་གི་ཡེ་ཤེས་དེ་ཇི་ལྟར་ཡིན་ན། རིག་པ་གཟུང་འཛིན་ལས་གྲོལ་བའི་དབྱིངས་དེ་ཉིད་ཅིའི་ངོ་བོར་ཡང་ཡེ་ནས་མ་གྲུབ་པའི་ཡེ་སྟོང་། མི་སྟོང་པ་མེད་པའི་ཡང་སྟོང་། དེ་བཞིན་དུ་སྣང་སྟོང་། གྲག་སྟོང་། དྲན་སྟོང་། གྲོལ་སྟོང་ལ་སོགས་པའི་ཚུལ་གྱིས་སྟོང་པས་ཕྱིར་ན་རྟག་པ་ཐེར་ཟུག་ཏུ་གྲུབ་པའི་ཕྱོགས་སུ་མ་ལྷུང་བས་རིག་པ་དེ་ཉིད་ངོ་བོ་སྟོང་པ་ཡིན་པར་བསྟན་ཏོ། །རང་བཞིན་གསལ་བས་ཆད་པའི་ཕྱོགས་སུ་མ་ལྷུང་། རིག་པ་སྟོང་ཆད་ཅང་མེད་མ་ཡིན་པར་རང་གསལ་ལྷུན་གྲུབ་ཡོན་ཏན་ཀུན་འབྱུང་གི་གཞི་ཡིན་ལ། སྐྱེ་མེད་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་མ་ངེས་གར་ཡང་རྒྱ་ཆད་མེད་པར་འབྱུང་བའི་འདོད་འབྱུང་གི་དབྱིངས་གཅིག་དེ་རང་བཞིན་གསལ་བས་མེད་པ་ཅང་མེད་ཀྱི་མཐའ་དང་ཕྱོགས་སུ་མ་ལྷུང་བས་རིག་པ་དེ་ཉིད་རང་བཞིན་གསལ་བ་ཡིན་པར་བསྟན་པ་ཡིན། འདི་ལྟར་ངོ་བོ་སྟོང་རང་བཞིན་གསལ་ཞེས་བཤད་པའི་སྐབས་ཀྱི་ངོ་བོ་དང་རང་བཞིན་ཞེས་པ་འདི་རྫོགས་པ་ཆེན་པོའི་སྐབས་སུ་ཡང་ཡང་འབྱུང་ན་འདི་གཉིས་ལ་ཁྱད་ཅི་ཞིག་ཡོད་པ་ཡིན། གལ་ཏེ་རང་བཞིན་སྟོང་ངོ་བོ་གསལ་ཞེས་བརྗོད་ན་མི་འཐད་པ་ཅི་འབྱུང་ཞེ་ན། མང་པོ་ཞིག་གིས་ངོ་བོ་འགྲེལ་དུས་རང་བཞིན་རེད་ཅེས་པ་དང་། རང་བཞིན་འགྲེལ་དུས་ཡང་ངོ་བོ་རེད་ཅེས་པ་ལྟ་བུ་སྟེ། ངོ་བོས་རང་བཞིན་འགྲེལ་བ་དང་རང་བཞིན་གྱིས་ངོ་བོ་འགྲེལ་ནས་འདི་གཉིས་ཀའི་དབྱེ་བ་གསལ་པོར་མི་ཕྱེད་པར་ན་གེ་ནོག་གེ་གོ་རྒྱུ་མེད་པ་ཞིག་ཏུ་ཆགས་པའང་ཡོད་མོད་ཀྱང་། སྤྱིར་ངོ་བོ་ཞེས་པ་ནི་གང་དུ་དམིགས་པའི་དམིགས་ཆོས་ཀྱི་གཞི་དེའི་མ་བཅོས་པའི་གཤིས་ཡིན་ལུགས་ངོ་མ་དེ་དང་། རང་བཞིན་ཞེ་ན་གཤིས་དེའི་ཡིན་ཚུལ་ལམ་འདུག་ཚུལ་ཏེ་དེའི་རྣམ་པའི་ལྡོག་ཆ་ནས་བཤད་པ་ལྟ་བུ་ཞིག་ཡིན་ནམ་སྙམ། གང་ལྟར་རྫོགས་ཆེན་གྱི་སྐབས་སུ་རང་བཞིན་སྟོང་ངོ་བོ་གསལ་བ་ནི་གཤིས་དང་དེའི་སྙིང་པོར་དབྱེ་བའི་སྐབས་ཡིན་ལ། ངོ་བོ་སྟོང་རང་བཞིན་གསལ་བ་ནི་དབྱིངས་དང་དབྱིངས་ཀྱི་སྙིང་པོ་སྟོན་པའི་ཁྱད་པར་དུ་གསུངས་ཤིང་། ངོ་བོ་སྟོང་པ་དང་རང་བཞིན་གསལ་བའི་ཐད་ཀྱི་ཉམས་ལེན་པ་སྙིང་པོའི་རྣལ་འབྱོར་ལ་བརྩོན་པ་ཞིག་གིས། གནས་པ་དང་འཕྲོ་བའི་རྣམ་རྟོག་གང་ཡིན་ཡང་ཕྱི་ནང་བར་གསུམ་གང་དུ་ཡང་མ་གྲུབ་པ། དེ་ཡང་གསར་དུ་མེད་སོང་བ་ལྟ་བུ་མ་ཡིན་པར། ཡེ་ནས་མ་གྲུབ་པ་བར་སྣང་སྟོང་པའི་རང་བཞིན་ལྟ་བུ་ཞིག་ཏུ་མངོན་སུམ་དུ་མཐོང་ནས། མཁས་པ་བརྒྱ་དང་གྲུབ་པ་སྟོང་བྱོན་ནས་དེ་ལྟར་མ་ཡིན་པར་བཤད་ཀྱང་གཞན་དུ་ཁ་དྲངས་ནས་བསྒྱུར་མི་ཐུབ་པ་ཞིག་རེད་དུས་ངོ་བོ་སྟོང་པར་ངོ་འཕྲོད་པ་དང་། རྣམ་རྟོག་དང་འཛིན་ཞེན་གང་ཡང་མེད་ཅིང་མིག་ལྡན་གྱིས་གཟུགས་ལ་བལྟས་པ་བཞིན་དུ། སེམས་ཀྱི་རང་བཞིན་རང་གིས་ཁོ་ཐག་ཆོད་དེ་ཡོད་མེད་ཡིན་མིན་གཅིག་ཐ་དད་གཉིས་ཀ་ཡིན་མིན་ལ་སོགས་པ་གང་གི་ངོ་བོར་ཡང་གྲུབ་མེད་པའི་ཚུལ། ཉིན་ཀ་དཀར་མོར་མདུན་ན་བུམ་པ་མ་མཐོང་པ་བཞིན་དུ་ད་རུང་འཚོལ་འདོད་ཀྱི་རེ་བ་མེད་པ་ཞིག་རེད་དུས་རང་བཞིན་གསལ་བར་ངོ་འཕྲོད་པ་ཡིན་པར་གསུངས་སོ། །ཐུགས་རྗེ་འཆར་གཞི་མ་འགགས་པས་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་ཕྱོགས་སུ་མ་ལྷུང་། ཐུགས་རྗེ་ཀུན་ཁྱབ་འཆར་གཞི་མ་འགགས་སྣ་ཚོགས་སུ་འཆར་བ་སྐུ་གསུམ་གྱི་རང་གདངས་ཡིན་པས་ན་ཐུགས་རྗེ་ཀུན་ཁྱབ་མཐའ་ཐམས་ཅད་ལས་གྲོལ་བར་བསྟན་པའོ། །གང་དུ་མ་གྲུབ་པས་བློའི་ཡུལ་ལས་འདས། དེ་ལྟ་བུ་སྟོང་གསལ་འགག་མེད་སྐུ་གསུམ་ལྷུན་གྲུབ་ཏུ་གནས་པར་ཡིན་པས་ན། འཁོར་བ་རང་མཚན་པ་མེད་པས་སྤང་བྱར་མ་གྲུབ། འདས་པ་ལོགས་ནས་བཙལ་དུ་མེད་པས་བླང་བྱར་མ་གྲུབ་པར་ཐ་མའི་སེམས་དང་རྟོགས་པའི་བློའི་ཡུལ་ལས་འདས་པའོ། །གང་གིས་ཀྱང་མཚོན་དུ་རུང་བས་ཐབས་ཀྱི་གསང་སྒོར་བྱུང་། བློས་བྱས་རྟོགས་པའི་གཞི་ལམ་དང་། འབད་རྩོལ་བླང་དོར་ལ་ལྟོས་མི་དགོས་པར་གསང་སྔགས་ཐུན་མིན་གྱི་ལམ་ནས། དབང་གིས་སྨིན་པར་བྱ་བ་དང་། ཁྲིད་ཀྱིས་གྲོལ་བར་བྱེད་པའི་གང་གིས་ཀྱང་མཚོན་དུ་རུང་ཞིང་གང་དུ་ཡང་གྲུབ་བསལ་མེད་པའི་མངོན་སུམ་སྙིང་པོའི་དེ་ཉིད་མཇལ་བའི་ཐབས་ཀྱི་གསང་སྒོར་བྱུང་བའོ། །གང་ལྟར་ཡང་ཟང་ཐལ་བས་མཚོན་བརྗོད་ཀྱི་དམིགས་བསམ་བྲལ། སྟོང་གསལ་རང་བྱུང་གི་ཡེ་ཤེས་དེ་ཡེ་ནས་འདུས་མ་བྱས་པའི་ཆོས་ཉིད་ཡིན་པས། གང་ལྟར་སྣང་ཡང་ཇི་ལྟར་བཤད་ཀྱང་ཟང་མ་ཐལ་བྱུང་། འདི་ཞེས་མཚོན་དུ་མེད་པས་མཚན་མཚོན་གཞི་གསུམ་དང་། སྨྲ་བརྗོད་ཚིག་གི་སྤྲོས་པ་སོགས་ཀྱི་ཡུལ་དུ་མ་གྱུར་པས་དམིགས་བསམ་ཐམས་ཅད་དང་བྲལ་བ་སྟེ། ཡོད་པར་བརྟགས་ཀྱང་སྟོང་པས་ན་ངོ་བོར་མ་གྲུབ། མེད་པར་བརྗོད་ཀྱང་གསལ་བར་ཡིན་པས་ན་རང་བཞིན་མི་འགག ལྟ་སྒོམ་ལས་འདས་པས་ཟང་མ་ཐལ་དུ་བྱུང་བ་མཚོན་བརྗོད་ལས་འདས་པ་སྟེ། ཆོས་ཉིད་རང་བྱུང་ཡེ་ཤེས་ཀྱི་སྐུ་རྒྱ་ཆེ་བ་འཁོར་འདས་ཡོངས་ལ་ཁྱབ་པ། དཀྱིལ་ཡངས་པ་ལྟ་སྒོམ་ལས་འདས་པའི་མཁའ་མཉམ་ཡངས་པ་ཆེན་པོ་ཁྱབ་གདལ་ནམ་མཁའི་ཁོར་ཡུག་ལྟ་བུར་གྱུར་པ། སེམས་ལས་འདས་ལ་རང་རིག་པ། སྲིད་པའི་རྩ་བ་བདེན་འཛིན་ཆ་དང་བཅས་པ་སེམས་ཡིན་ན། ཆོས་ཉིད་ཀྱི་དོན་ལ་མཉམ་པར་མ་བཞག་པ་མེད་པའི་ཡེ་ཤེས་དེ་རིག་པ་སྟེ། སེམས་དང་རིག་པའི་དཔེ་ནི་ཆུ་དང་ལྦུ་བའི་ཚུལ། །ཞེས་གསུངས་པ་ཡིན་པས། སེམས་ཀྱི་ཆོས་ཉིད་ཆུ་དྭངས་པ་ལྟ་བུ་དེ་རིག་པ་ཡིན་པས། སེམས་རིག་པ་ཡོད་མེད་ཀྱི་རྗེས་སུ་བྱེད་ཀྱང་། རིག་པ་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་ཡིན། སེམས་ཀྱི་ངོ་བོ་གཟུང་འཛིན་འཁྲུལ་བའི་རང་བཞིན་ཅན་དང་། རིག་པའི་ངོ་བོ་གཟུང་འཛིན་དང་བྲལ་བ་མ་འཁྲུལ་བའི་རང་བཞིན་ཅན་ཡིན་པས་ན། སེམས་ལས་འདས་པའི་འོད་གསལ་བ་རང་གནས་ཡེ་སངས་ཡེ་གྲོལ་གྱི་རིག་པ་བསམ་བརྗོད་མེད་ལ་དྭངས་གསལ་བ། དེ་ལྟ་བུའི་རིག་པ་དེ་ནི་བསམ་འདས་བརྗོད་དུ་མེད་ཅིང་། ངོ་བོ་སྟོང་ལ་རང་བཞིན་དྭངས་ཤིང་གསལ་བ། ཡེ་ནས་རང་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་ཡང་དབུལ་བོའི་ཁྱིམ་གྱི་གསེར་གཏེར་བཞིན་དུ་དངོས་སུ་སྣང་བར་མ་སྟོན་པ། ལྷན་ཅིག་རང་ལ་ཡོད་ཀྱང་རྨོངས་པ་ཀུན་གྱི་སྤྱོད་ཡུལ་དུ་མ་ཡིན་པ། རྟག་ཏུ་རང་གསལ་རྗེན་པར་ཤར་ཡང་ཀུན་གྱིས་མཐོང་དུ་མེད་པ། མཐའ་གྲོལ་རྒྱ་རུ་མ་ཆད་པ་ཕྱོགས་རིས་ལས་འདས་པ་ཕྱོགས་ལྷུང་དང་བྲལ་པའི་དག་པ་ཆེན་པོ་ཡེ་སངས་རྒྱས་པའི་བདག་ཉིད་སྟེ། ཞེས་དེ་ཡན་གྱིས་རིག་པ་གཤིས་ཀྱི་བཞུགས་ཚུལ་བསྟན་ཏེ། གཉིས་པ་ཀློང་ཆེན་རྩལ་གྱི་རྣལ་འབྱོར་པས་མངོན་པར་རྟོགས་པ་ནི་ཞེས་མངོན་པར་རྟོགས་པའི་ཚུལ་དེ་བསྟན་པ་སྟེ། མ་བཙལ་བར་རྙེད། མ་བསྒྲུབས་པར་འགྲུབ། མ་བལྟས་པར་མཐོང་། མ་བགྲོད་པར་ཕྱིན། མ་སྦྱངས་པར་དག མ་བསླབས་པར་ཤེས། མ་བསྒོམས་པར་གྲོལ་ཏེ། མི་སྤོང་། མི་ལེན། མི་སྒྲུབ། མི་དགག མི་བསམ། མི་བརྗོད། མི་གཡོ་བར་མཉམ་པ་ཉིད་དུ་རང་མལ་ན་གནས་པ་ལས། ཆོས་མེད། སེམས་མེད། ལས་མེད། བྱ་བ་མེད། རྩོལ་བ་མེད། ལྟ་བ་མེད། སྒོམ་པ་མེད། སྤྱོད་པ་མེད། འབྲས་བུ་མེད། དབྱིངས་མེད། ཡེ་ཤེས་མེད། འཁོར་བ་མེད། མྱ་ངན་ལས་འདས་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། རང་སངས། རང་ཟད། རང་སྟོངས། རང་དག རང་ཆད་ནས། ཡེ་རྫོགས་ཟང་ཐལ་ཉག་གཅིག་གི་འཛིན་པའང་མེད་དེ། རྒྱ་གྲོལ་ཆོས་ཟད་རྗེན་པར་ཟང་ཐལ་ལོ། །འདིའི་དུས་ན་ཀུན་བཟང་ཡངས་པ་ཆེན་པོའི་དགོངས་པར་ཕྱིན་པ་སྙམ་བྱེད་དོ། །ད་རེས་རྫོགས་པ་ཆེན་པོའི་གདམས་ཟབ་མན་ངག་དང་འཕྲད་ནས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་མ་བཙལ་བར་རང་ལས་རྙེད། མ་བཙལ་བར་རྙེད་པ་དེ་སྒྲུབ་མ་དགོས་པར་མངོན་སུམ་ཡེ་གནས་སུ་འགྲུབ། མ་བལྟས་པར་མཐོང་བ་ཇིི་ལྟར་ཞེ་ན། བལྟར་མེད་རིག་པ་བལྟ་རུ་མེད་པར་མཐོང་བ་དང་། མ་བགྲོད་པར་བགྲོད་དུ་མེད་པའི་སར་ཕྱིན། མ་སྦྱངས་པར་ཁམས་ཀྱི་དྲི་མ་དག མ་བསླབས་པར་རང་གནས་ཡོན་ཏན་ཀུན་རྫོགས་སུ་ཤེས། རྫོགས་ཆེན་སྒོམ་མེད་ཀྱི་ཆོས་ཡིན་པས་མ་བསྒོམས་པར་གྲོལ་ཏེ། དེ་ལྟ་བུའི་ཆོས་ཉིད་ཀྱི་དོན་མཐོང་ནས་ད་ནི་གོང་དུ་མི་སྤོང་ཉོན་མོངས་ཀྱི་ལས་མི་སྤང་། མི་ལེན་ཡང་དག་གི་ཆོས་མི་ལེན། མི་སྒྲུབ་རེ་དོགས་ཀྱི་འབྲས་མི་བསྒྲུབ་པར་གསུངས་པ་ལྟ་བུ། ཡིད་ཀྱིས་མི་དགག སེམས་ཀྱིས་མི་བསམ། ངག་གིས་མི་བརྗོད། སྒོ་གསུམ་ཡོད་མེད་རེ་དོགས་སྤང་ལེན་སོགས་ཀྱིས་མི་གཡོ་བར་སྐྱིད་སྡུག་རེ་དོགས་འཁོར་འདས་བཟང་ངན་ཐམས་ཅད་མཉམ་པ་ཉིད་དུ་རང་མལ་ན་གནས་པ་ལས། འཚོལ་བྱའི་ཆོས་མེད། བསམ་བྱའི་སེམས་མེད། བསྒྲུབ་བྱའི་ལས་མེད། བྱར་མེད་ལ་བྱ་བ་མེད། ཅོག་བཞག་ལ་རྩོལ་བ་མེད། འཛིན་པ་ཅན་གྱི་ལྟ་བ་མེད། དམིགས་གཏད་ཅན་གྱི་སྒོམ་པ་ཡང་ལོགས་སུ་མེད། བླང་དོར་ཅན་གྱི་སྤྱོད་པ་མེད། དེ་མེད་པས་རེ་དོགས་ཅན་གྱི་འབྲས་བུ་མེད། དབྱིངས་ཞེས་པའི་སྟོང་པ་རྐྱང་ཆད་ཅིག་ཀྱང་མེད། ཡེ་ཤེས་ཞེས་པའི་གསལ་བ་རིས་ཆད་ཅིག་ཀྱང་མེད། དེ་མེད་པས་འཁྲུལ་སོང་བའི་འཁོར་བ་མེད། དེ་བཞིན་དུ་མ་འཁྲུལ་བའི་མྱ་ངན་ལས་འདས་པ་ཞེས་པའི་ལྟོས་ས་ལྟོས་འཇོག་ཅན་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། གཞི་མེད་དུ་རང་སངས། རང་ཟད་ཆོས་ཀྱིས་ཟད། རང་སྟོངས་འཛིན་པས་སྟོངས། རང་དག་གཞི་ནས་དག་པ། རང་ཆད་སྒྱུ་མའི་དཔེ་བརྒྱད་ལྟར་དུ་ཡེ་ནས་ཡོད་མ་མྱོང་པའམ་ཆད་ནས། ཡེ་རྫོགས་གང་དུ་རྫོགས་པ་གཞི་ཟང་ཐལ་ཉག་གཅིག་གི་འཛིན་པའང་མེད་དེ། འཁོར་འདས་གཉིས་ཀྱི་རྒྱ་ལས་གྲོལ་བས་ཆོས་ཟད་མ་བཅོས་རྗེན་པར་ཟང་ཐལ་ལོ། །འདིའི་དུས་ན་ཀུན་བཟང་ཡངས་པ་ཆེན་པོའི་དགོངས་པར་ཕྱིན་པ་སྙམ་བྱེད་དོ། །ཞེས་ཀུན་བཟང་དགོངས་པའི་མཐིལ་རྟོགས་པའི་གསང་མཛོད་ཆེན་པོ་རྗེན་ཅེར་དུ་བཀྲམས་མཛད་པའོ། །དེ་ཡང་གང་ཇི་ལྟར་ཀུན་བཟང་ཡངས་པ་ཆེན་པོའི་དགོངས་པར་ཕྱིན་པར་སྙམ་བྱས་སོང་བ་ཡིན་ཞེ་ན་འདི་ཀུན་ཏུ་བཟང་པོ་རང་གི་དགོངས་ཉམས་དང་མཐུན་པའི་ཀློང་དྲུག་པ་ལས། ཡེ་ཤེས་རྒྱ་མཚོའི་འཁོར་དུ་འདུས་པའི་གསང་འཛིན་བཀའ་ཡི་སྡུད་པོ་ཉིད་ལས་མི་གཞན་པ་དེས། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ། སངས་རྒྱས་ཀྱི་མཛད་པ་མེད་པའི་ཚེ། སྟོན་པ་ཉིད་ཇི་ལྟར་བཞུགས་པ་ལགས། བསྟན་པའི་འདུལ་སྟངས་ནི་གང་ལགས། བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་མི་སྣང་བའི་ཚེ། ངའི་སྐུ་ནི་ཕུང་པོ་ཐམས་ཅད་གཅིག་ཏུ་བསྡུས་པའམ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་བདེ་ཀློང་དུ་འཁྱིལ་བ་ཞེས་བྱ་སྟེ། མཚན་མ་ཅན་དུ་མི་སྣང་། ཕྱོགས་རིས་སུ་མི་འབྱེད། བླང་བྱ་མ་དམིགས་པས་མི་ལེན། སྤང་བྱ་དག་པས་ན་མི་འདོར། གང་དུ་ཡང་མི་རྟོག ཅིར་ཡང་མི་འཛིན། གང་དུ་ཡང་མི་གནས། གཏན་དུ་མི་འགྱུར། རིས་ཅན་ཕྱོགས་སུ་འཛིན་པ་ཅན་དུ་མི་མངོན། རྣམ་པ་ཅན་དུ་མི་གསལ། ཅི་ཡང་མི་མཛད། གང་ཡང་མི་གཏོང་། གང་དུ་ཡང་མི་སེམས། རེག་སྣང་བྲལ་བས་ན་མི་རེག འཛིན་པ་བྲལ་བས་ན་མི་སྡུག སྟོང་བྱ་མ་དམིགས་པས་མི་སྟོང་པའི་རྣམ་པར་ཤར་ནས། སྟོང་པ་ཡུལ་གྱི་སྤྲོས་པ་མེད། །ངོ་བོ་སྟོང་པ་གསུངས་པ་དེ་སྟོང་པ་རྐྱང་ཆད་ཅིག་མིན་པར་བསྟན་པ་དང་། གསལ་བ་ཡོད་མེད་མཐའ་ལས་འདས། །གསལ་བ་རིས་ཆད་ཀྱང་མིན་པར་བསྟན། དྲན་པས་མི་བརྗེད་གཟུངས་དང་ལྡན། །ནག་ཐུམ་མེའི་ནང་དུ་ལོ་ཟླ་ཟད་པ་ཡང་མིན་པར་བསྟན། སྣང་བ་མངོན་སུམ་ཉིད་ཀྱི་ལམ། །ཉིན་ཁ་དཀར་མོར་མངོན་སུམ་གྱི་གཟུགས་ལ་བལྟས་པ་བཞིན་རིག་པ་མངོན་སུམ་གྱིས་རིག་པར་བསྟན་ནས་མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །སྨྲ་བསམ་བརྗོད་བྲལ་གྱི་མཚན་པའི་སྤྲོས་པ་དང་བྲལ་བར་བསྟན་པའོ། །སྤྱིར་བཏང་གི་སྤྲོས་བྲལ་ཞེས་པའི་སྒྲ་འདི་སྒྲ་འདྲ་བ་མདོ་ལམ་ནས་ཀྱང་གསུངས་ན་ཡང་། དོན་དུ་གབ་པ་སྔགས་ནས་རྩལ་འདོན་གྱི་ཁྱད་ཆོས་ཡོད་པ་དེ་འབྱེད་པ་གལ་ཆེ་བས། སྤྲོས་བྲལ་ཁས་ལེན་ཐམས་ཅད་དང་བྲལ་བ་མདོ་ནས་གསུངས་ཀྱང་། ད་ལྟའི་ཤེས་པ་སྤུ་མ་བརྗེས་མདོག་མ་འགྱུར་པར་སངས་རྒྱས་སུ་འགྲུབ་པར་བཞེད་པ་ནི་ཕར་ཕྱིན་ཐེག་པར་གབ་ཡོད་པ་དེས་ན་ཐབས་ཤེས་གཉིས་ཀའི་ཆ་ནས་གསང་སྔགས་ཁྱད་པར་དུ་འཕགས་པ་མངོན་པ་ཡིན། ལྟ་བ་ཤེས་རབ་ཀྱི་ཆ་ནས་བློས་བཅོས་པའི་སྤྲོས་བྲལ་དང་། བློས་མ་བཅོས་པ་ལྷུན་གྱིས་གྲུབ་པའི་སྤྲོས་བྲལ་གཉིས་ཀའི་ཁྱད་པར་ཡང་གནམ་ས་ལྟར་དུ་ཡོད་པ་ཡིན་ནོ། །སྔགས་ལས་མ་བསྐྱེད་ཡེ་རྫོགས་ཉིད། །ཅེས་རང་བཞིན་གྱི་ཆོས་ལས་འདས་པའི་རྫོགས་རིམ་གྱི་རྒྱལ་པོར་བསྟན། རྒྱུ་དང་རྐྱེན་རྣམས་ཡོངས་སུ་བྲལ། །རྒྱུ་རྐྱེན་ལས་འདས་པའི་རིག་པ་བྱང་ཆུབ་སེམས། ལྟ་སྒོམ་དྲི་མ་ཀུན་དང་བྲལ། །ལྟ་སྒོམ་བློས་བྱས་ཀྱི་དྲི་མ་ཀུན་དང་བྲལ། མཐའ་མེད་དབུས་སུ་དམིགས་པར་མེད་མི་གནས་མཉམ་པ་ཆེན་པོ། །རྣམ་པ་མེད་ཅིང་ཡུལ་རྣམས་མེད། །རྒྱུད་ཚིག་རྗེན་པར་སྟོན་ན་ཆོས་ཉིད་དོན་གྱི་རང་སྒྲ་ཡིན་པས་དེས་བཟང་ཁི་འུ་ཅག་གིས་རྒྱུད་ཚིག་འགྲེལ་མི་དགོས་སྙམ། ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བརྟག་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོ་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཡང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཐབས་མེད་ཉན་པའི་འཁོར་ཡང་མེད། །ཡུལ་མེད་དུས་གསུམ་ཉིད་ཀྱང་མེད། །དུས་གསུམ་ཚོགས་པ་ཡོད་པ་མེད། །དེ་ཕྱིར་ཅི་ཡང་མེད་པར་ནི། །ང་ནི་མ་ཕྱེ་མི་འབྱེད་སྣང་། །ས་ལས་འདས་པ་ང་ཡི་ཡུལ། །མཛད་དང་སྤྱོད་པར་མ་ཕྱེ་བས། །དུས་གསུམ་མཉམ་པ་ཉིད་དུ་སྟེ། །ང་ཡི་ཡུལ་མེད་གཞི་བསམ་བྲལ། །ཉག་གཅིག་ཆ་ཕྲའི་སྙིང་པོར་བཤད། །སྟོང་པ་ཆེན་པོའི་ཡེ་གདངས་ལ། །སྣང་བ་མེད་པའི་ཕྱོགས་ལས་ནི། །དྲི་མ་བྲལ་བའི་རིག་པ་ཉིད། །བརྫུན་མེད་བདེན་པའི་མངོན་སུམ་པ། །འདི་ཉིད་སུས་མཐོང་ང་ཡི་སྲས། །འུ་ཅག་ནི་དུས་མཐའ་མའི་སྐབས་ཀྱི་རྫོགས་པ་ཆེན་པོའི་ཆོས་སྒོར་ཞུགས་པའི་གང་ཟག་རེད། ཀུན་བཟང་ཐུགས་ཀྱི་བསྟན་པ་ལ་དུས་ཀྱི་འཕེལ་འགྲིབ་ཀྱི་དར་ནུབ་མེད་པར་གསུངས་ཤིང་། འདི་ཉིད་སུས་མཐོང་ང་ཡི་སྲས་སུ་ཀུན་ཏུ་བཟང་པོ་ཆོས་སྐུ་སྟོན་པས་ལུང་བསྟན་དབུགས་དབྱུང་ཐོབ་པ་རེད། དབང་ཤེས་ཐ་མལ་ལས་ལོག་པའི་གང་ཟག་ཅིག་ལ་འཁོར་འདས་གཉིས་ཀ་ལག་པའི་ལྟོ་རྒྱབ་ལྟ་བུ་རིག་མ་རིག་གི་ཁྱད་པ་ཙམ་ཞིག་ལས་མེད་ཀྱང་། ད་ལྟ་རླུང་སེམས་ཀྱི་བསླད་པ་དང་བཅས་པའི་སྐབས་སུ་སངས་རྒྱས་ཀྱི་སྤངས་རྟོགས་ལྟར་མི་མངོན་པ་ཡིན་ཡང་། བདེ་གཤེགས་སྙིང་པོའི་ཆོས་ཉིད་མཐོང་བ་ཡིན། དེས་ན་ཆོས་ཟད་ཀྱི་དགོངས་པ་བརྙེས་ནས་སྣང་བཞི་མཐར་ཕྱིན་པའི་གདོད་མའི་རྒྱལ་སར་བསྙེགས་པ་ཁྲེགས་ཆོད་ཐུན་མིན་གྱི་ཁྱད་ཆོས་འོད་གསལ་ལུགས་ལྡོག་གི་བཤད་ཚུལ་དང་དོན་གཅིག་པ་ཡིན། འོན་ཀྱང་ལམ་ཞུགས་ལས་དང་པོ་པས་མཐོ་བཤད་ཏག་ཏག་བྱས་པས་ཕན་ཐོགས་མི་ཆེ་བས་རང་རྒྱུད་ཀྱི་འགྲོས་དངོས་དང་བསྟུན་པ་གནད་ཆེའོ། །ཡར་ཀའི་རྫོགས་ཆེན་ཐེག་རྩེ་ཡི་ལྟ་སྒོམ་མི་གླེང་རྒྱུ་ཞིག་མ་རེད་རྨད་བྱུང་འབྲས་བུ་ཐེག་པའི་བསྟན་དོན་ཡིན། བྱར་མེད་ཀྱི་དགོངས་པར་མ་སྙོག་བྱ་རྩོལ་བྲལ་བའི་རྟོགས་པ་ཇི་ལྟར་བརྙེས། དེས་ན་ལས་དང་པོ་པས་ངེས་ཤེས་མི་སྐྱེ་པའི་སྐབས་སུ་དཔྱད་སྒོམ་དང་། ངེས་ཤེས་མ་ཉམས་པའི་སྐབས་སུ་འཇོག་སྒོམ་བྱས་ན་སྒོམ་རྣལ་མའི་གྲལ་དུ་འགྲོ་བ་ཡིན། རིག་ངོ་འཕྲོད་ནས་དེའི་ངང་བསྐྱངས་ན་མྱངས་སྟོབས་ཀྱིས་ཤར་བའི་འོད་གསལ་ངོས་ཟིན་པ་རེད། དེའི་འོད་གསལ་དེ་ངོས་ཟིན་དུས་དེའི་སྟེང་གི་སྟོང་ཉིད་དམ། གནས་ལུགས་སམ། གནས་ལུགས་དོན་གྱི་བཞུགས་ཚུལ་ལམ། དེའི་ཆོས་ཉིད་དམ། མདོར་ན་རང་ངོ་རང་གིས་རིག་པ་དེའི་ངང་དུ་མཉམ་བཞག་ལས་འདའ་བ་མེད་པར་བསྡད་ན། རྣམ་བདུན་ཤིང་རྟའི་རིགས་པས་དཔྱད་མི་དགོས་པའི་རིག་སྟོང་ཁ་སྦྱར་དུ་འགྲོ་བར་གསུངས་པས་ཐེ་ཚོམ་ཆོད་དུས་ཐོག་ཏུ་བཞག་པ་དེ་ལྟར་གཅེས་པའོ། །ང་ཡི་སྣང་བ་དེ་ལྟར་ན། །འདི་ཀུན་རིག་པའི་རང་གདངས་ཡིན། །འདུས་པའི་སྣང་བ་ཀློང་གཅིག་ཏུ། །ངེས་པའི་ལུང་ཆེན་འདི་ལ་སྤྱོད། །ཅེས་གང་གསུངས་པ་ཉིད་རྟོགས་པ་མཁའ་ལྟར་ཡངས་པ་དང་ཀློང་གཅིག་ཏུ་འདྲེས་པས་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པར་ལྷུན་གྱིས་གྲུབ་སྟེ། ཆོས་ཟད་མཉམ་པ་ཆེན་པོར་བདེ་ཀློང་འཁྱིལ་པའི་དུས་སོ། །སྣང་བ་ཡུལ་དང་སྲིད་པ་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་པོ་ཆེད་དུ་སྤང་ལེན་བྱེད་མི་དགོས་པར་གཞི་གདོད་མའི་ཆོས་ཉིད་རིག་སྟོང་སྐྱེ་འགག་དང་བྲལ་བའི་ངང་ལ་བཞག་ནས། བཅོས་བསླད་དང་རེ་དོགས་མེད་པར་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟར་གནས་པའི་སྣང་སྲིད་གཞིར་བཞག་གི་སྐབས་སུ་ལུས་བདེ་བ། ངག་གསལ་བ། སེམས་མི་རྟོག་པའི་ཉམས་གསུམ་པོ་རང་ཆས་སུ་འཆར་ཞིང་། དེའི་ཉམས་ཞེན་གྱི་འཛིན་པ་མེད་པར་གཞི་དབྱིངས་སྟོང་གསལ་གྱི་དབྱིངས་ལས་འདའ་བར་མེད་ན། ལྟ་བའི་མཐར་ཐུག་ཉག་གཅིག་ཐིག་ལེར་ཟླུམ་པའི་ཐུགས་ཡེ་སྟོང་ནམ་མཁའ་ལྟ་བུ་དང་། སྒོམ་པའི་མཐར་ཐུག་དམིགས་གཏད་འཛིན་ཞེན་དང་བྲལ་བ་དང་། སྤྱོད་པའི་མཐར་ཐུག་འགག་མེད་རང་ཤར་རང་གྲོལ་གྱི་གནད་ཐམས་ཅད་གཅིག་ལ་འདུས་པས། ཡིད་བདེ་ཆོས་ཉིད་ཀྱི་འཁོར་ལོར་བློ་བདེ་ཆུ་བོའི་རྒྱུན་བཞིན་དུ་གནས་པས། བབས་བདེ་ཡེ་ཤེས་ཀྱི་དགོངས་པ་རྩོལ་མེད་དུ་འགྲུབ་པའི་དུས་ཡིན་ནོ། །ལེའུ་མཚན་གྱིས་མཇུག་བསྡུ་བ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ་སྟེ། ལེའུ་བཅུ་གཉིས་པའི་འགྲེལ་པའོ།། །།

ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པ་ལ་རྩོལ་བ་དང་སྒྲུབ་པ་མེད་པར་ཡང་སངས་རྒྱས་པར་བསྟན་པ་སྟེ་ལེའུ་བཅུ་གསུམ་པའི་འགྲེལ་པ།

གནས་འདི་རྒྱ་ཆེར་བཤད་པ་ལ་འབྲས་བུའི་ངོ་བོ་སྤྱིར་བསྟན་པ་དང་། འཐད་པ་བྱེ་བྲག་ཏུ་བཤད་པ་དང་། འབྲས་བུ་དངོས་རྒྱས་པར་བརྗོད་པ་དང་གསུམ་ལས།

༼ཀ༽དང་པོ་འབྲས་བུའི་ངོ་བོ་སྤྱིར་བསྟན།

ལེའུ་བཅུ་གསུམ་པ་འཆད་འགྱུར་འདི་ནི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པ་ལ་རྩོལ་བ་དང་སྒྲུབ་པ་མེད་པར་ཡང་སངས་རྒྱས་པར་བསྟན་པའི་ལེའུ་སྟེ། དེ་ལྟར་ལྟ་སྒོམ་སྤྱོད་པས་བསྡུས་པའི་ལམ་མཐར་ཕྱིན་པ་ལས། འབྲས་བུ་བྱང་ཆུབ་མཆོག་གི་རང་བཞིན་མངོན་པར་སྣང་བ་ནི་ཆོས་ཉིད་འགྱུར་བ་མེད་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཉིད་དེ། དཔེར་ན་ནོར་བུ་དྲི་མ་དང་བྲལ་བ་ལས་འདོད་དགུ་ལྷུན་གྱིས་གྲུབ་པ་བཞིན་ནོ། །དེ་ལ་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་གོམས་པ་ཡོངས་སུ་རྫོགས་པ་གང་གི་ཚེ་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངོ་བོ་མངོན་དུ་གྱུར་ཏེ། དང་པོ་གཞི་ལས་གཞི་སྣང་དུ་ཤར་བའི་ཚེ་བདག་ཏུ་འཛིན་པའི་བག་ཆགས་བརྟན་པ་ལས་སྣང་བའི་འཁྲུལ་སྣང་ཆ་དང་བཅས་པ་དང་། སེམས་དང་སེམས་ལས་བྱུང་བའི་ཚོགས་བརྒྱད་ཀུན་གཞི་ཉེར་ལེན་གྱི་ཕུང་པོ་ལྔ་དང་བཅས་པའི་སྒྲིབ་པ་སྤྲིན་དང་འདྲ་བ་དག་དུས། རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཉི་མའི་དཀྱིལ་འཁོར་རང་ལ་ཡོད་པ་གསལ་ལ་སྒྲིབ་པ་མེད་པར་ཤར་ནས། སྐུ་གསུམ་ཉི་མའི་སྙིང་པོ་ལྟ་བུ་ལས། འཕྲིན་ལས་འོད་ཟེར་དང་འདྲ་བ་ཕྱོགས་མཐའ་གཏུགས་པར་འཕྲོ་བས་དོན་མཛད་པ་ནི་འདིའི་འབྲས་བུ་སྟེ། འདི་ཡན་གྱི་གཞུང་དོན་ལེའུ་བཅུ་གཉིས་པོ་འདིས་གསང་བ་མཆོག་གི་ལམ་ངེས་པ་འདི་ནས་གནད་ཁྱད་པར་ཅན་གྱིས་གྲོལ་བའི་ལྟ་སྒོམ་སྤྱོད་པས་བསྡུས་པའི་གཞི་ལམ་གྱི་རིམ་པ་གཙོ་བོར་བསྟན་པའི་རྣམ་བཤད་མཛད་པ་དང་། ལེའུ་བཅུ་གསུམ་པ་འདིའི་གཙོ་བོའི་བསྟན་དོན་ནི་མཐར་ཕྱིན་འབྲས་བུའི་རྣམ་གཞག་བསྟན་པའི་སྤྱི་ཆིངས་སམ་སྤྱི་དོན་མདོར་བསྡུས་པ་འགྲེལ་བའི་མཚམས་སྦྱོར་དང་སྦྲེལ་ནས་གསུངས་པ་སྟེ། འབྲས་བུ་མཆོག་གི་རང་བཞིན་མངོན་པར་སྣང་བ་ནི་ནོར་བུ་དྲི་མ་དང་བྲལ་བ་ལས་འདོད་དགུ་ལྷུན་གྱིས་གྲུབ་པ་ལ་དཔེར་མཛད་པ་འདིས་འབྲས་བུ་གཞན་བྱུང་དུ་འདོད་པ་རྒྱུ་འབྲས་དག་གྲོལ་དུ་འཛིན་པའི་འཁྲུལ་རྟོག་རང་ཤུགས་ཀྱིས་ཁེགས་པ་ཡིན་ལ། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་གོམས་པ་ཡོངས་སུ་རྫོགས་པ་གང་གི་ཚེ་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངོ་བོ་མངོན་དུ་གྱུར་ཏེ་ཞེས་པས་གཞི་ལམ་འབྲས་བུའི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་རྣམ་པ་གསུམ་དང་རང་ཤུགས་ཀྱིས་འབྲེལ་བ་གྲུབ་པས། གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དང་པོ་གཞི་དུས་ཕྱི་རྒྱ་མ་རལ་པའི་ནང་གསལ་གཞོན་ནུ་བུམ་སྐུའི་སྐབས་ཡིན་ལ། འདི་ལ་ཁྱད་ཆོས་དྲུག་ལྡན་གྱི་ནང་གསལ་གསང་བའི་སྦུབས་ཞེས་སྦྱར་ན་གཞི་འབྲས་དབྱེར་མེད་ཀྱི་སྐབས་ཡིན་པས་དེ་མ་ཡིན་ཞིང་། དེའི་གཉིས་ཀྱི་ཁྱད་པར་ཆེའོ། །ཕྱི་གསལ་གྱི་སྐབས་སུ་ལམ་ལྷུན་གྲུབ་རིན་པོ་ཆེའི་སྐབས་ཏེ། གཞི་སྣང་འོད་གསལ་ལས་ངོ་བོ་གཞན་མིན་པས་ཕྱི་མ་ཡིན་ལ། སྣང་བ་ཕྱི་གསལ་ཡིན་པས་ན་ནང་ཡང་མིན་པའི་ཕྱིར་ན་ཕྱི་གསལ་ཞེས་བརྗོད་པ་ཡིན། མཐར་གཞི་སྣང་དེ་ཉིད་གྲོལ་སའི་ཀ་དག་ལ་ཐིམ་ནས་ནང་གསལ་སྐུ་དང་ཡེ་ཤེས་རྒྱ་མཚོའི་མངའ་བདག་གི་དབྱིངས་སུ་འཁྱིལ་བའི་གནས་སྐབས་ན་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་གསུངས་པ་ཡིན། འདི་གསུམ་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་སྣང་བ་དྲི་མ་བྲལ་མ་བྲལ་གྱི་ཁྱད་མ་གཏོགས། ནོར་བུ་གཅིག་ལ་འགྱུར་བ་མེད་པ་ཆོས་ཉིད་བྱང་ཆུབ་མཆོག་གི་རང་བཞིན་མངོན་པར་སྣང་ཞེས་པའི་ཚིག་གིས་ཀྱང་གོ་ཐུབ་ལ། གཞི་ལས་གཞི་སྣང་ཤར་དུས་བདག་འཛིན་མ་རིག་པས་བསླད་ནས་གཉིས་འཛིན་གྱི་བག་ཆགས་མཐུ་བརྟས་ཏེ་འཁྲུལ་སྣང་ཆ་དང་བཅས་པ་བྱུང་ཞིང་། ཚོགས་བརྒྱད་ཉེར་ལེན་དང་བཅས་པ་དག་པས་སྐུ་གསུམ་རང་ཆས་ཀྱི་ཆོས་སྐུའི་འབྲས་བུ་ལྷུན་གྲུབ་ལ་ཡོད་པ་མངོན་པ་ནི། སྤྲིན་དང་ཉི་མའི་དཔེ་ཡིས་གསུངས་པ་དང་། ནོར་བུའི་དཔེ་ཡིས་འདོད་དགུ་ལྷུན་གྲུབ་ཏུ་ཡེ་ནས་ཡོད་ཀྱང་། དྲི་མས་སྒྲིབ་མ་སྒྲིབ་ཀྱིས་ཁྱད་པར་དང་། ཉི་མ་སྤྲིན་བྲལ་གྱི་དཔེ་ཡིས་གོམས་པ་ཡོངས་སུ་རྫོགས་ན་སྐུ་གསུམ་འཕྲིན་ལས་དང་བཅས་པས་ཕྱོགས་མཐས་གཏུགས་པའི་འགྲོ་དོན་རྒྱུན་མི་ཆད་པ་དེ་ཉིད་བསྟན་པའོ། །དེས་ན་ཐོག་མའི་ངེས་མེད་གཞི་ཡི་ལྷུན་གྲུབ་དེ་འཁོར་འདས་གཉིས་ཀ་འཆར་བའི་གཞི་དང་། མཐར་ཐུག་གི་གྲོལ་ས་ཀ་དག་དེ་ལྷུན་གྲུབ་ཀྱི་རྩལ་རིག་པར་ལྡོག་དུས་མ་རིག་པའི་ཆ་དང་བྲལ་ཏེ་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པ་ཡིན་པས། དེ་གཉིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་གནས་པའི་རིག་པའི་ཡོན་ཏན་གྱི་ཐད་ནས་འདྲ་བ་ཡིན་ཡང་དྲི་མ་དག་དང་མ་དག་དང་སླད་ཀྱི་འཁྲུལ་གཞི་བྱེད་དང་མི་བྱེད་ཀྱི་ཁྱད་ཡོད་པས་ན། འབྲས་བུ་གཞི་ཐོག་ཏུ་གྲོལ་ཞེས་བརྗོད་ན་དོན་གྱི་ཐོག་ནས་མི་འཐད་དེ། གཞི་གཉུག་མ་འོད་གསལ་རང་གི་ངོས་ནས་འཁོར་འདས་གཉིས་མ་གྲུབ་ལ། རིག་སྟོང་དབྱེར་མི་ཕྱེད་པའི་ངོ་བོ་ཀ་དག་འོད་གསལ་ལ་གཉིས་ཆོས་ཀྱི་མཚན་མ་མེད་ཕྱིར་ཐིག་ལེ་ཉག་གཅིག་ཏུ་གྲུབ་པ་ཡིན་ན་ཡང་། རང་བཞིན་འོད་གསལ་གྱི་ངང་ནས་ཅིར་ཡང་འཆར་དུ་རུང་བ་ཡིན་པས། གཞི་སྣང་རྩལ་དུ་ཤར་བ་འདིའི་ཐོག་ནས་གྲོལ་འཁྲུལ་གྱི་ལམ་གཉིས་བྱུང་བས། གཞི་གཅིག་ལམ་གཉིས་འབྲས་བུ་གཉིས། །ཞེས་གསུངས་པ་ཡིན། དེས་ན་གོ་བའི་སྙིང་དོན་ནི་གཞི་སྣང་རང་ངོ་ཤེས་པའི་ཁྱད་ཆོས་དྲུག་གིས། གྲོལ་ས་ཀ་དག་གདོད་མའི་གཞི་འབྲས་དབྱེར་མེད་ཀྱི་ཀློང་དུ་གྲོལ་བར་ངེས་དུས་འབྲས་བུ་རྒྱུར་མི་ལྡོག་པ་དང་ལམ་ལ་བསླབ་པ་འབྲས་མེད་མིན་པའི་གོ་བའི་གནད་ཆ་ཚང་དེའི་ཞོར་དུ་རྫོགས་པ་ཡིན་ནོ། །ཡང་ལམ་མས་སྦྱོང་གི་ཚོགས་གཉིས་རྫོགས་ཚུལ་དང་འདི་མི་འདྲ་སྟེ། ལམ་མས་སྦྱོང་གིས་སེམས་པ་ཡིད་ཀྱི་ལས་དང་། བསམ་པ་ལུས་ངག་གི་ལས་ལ་བརྟེན་ནས་འབྲས་བུ་ཕྱི་དུས་ལ་ལྟོས་འཆའ་བ་ཡིན་ལ། འདིར་ཆོས་དབྱིངས་དགེ་སྡིག་ལས་འདས་པའི་དོན་མངོན་དུ་བྱས་པ་དེ་ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཡིན་པས། དེ་གཉིས་ལ་མཁའ་དང་ས་གཞི་ལྟ་བུའི་མཐོ་དམན་གྱི་ཁྱད་པར་ཡོད་པ་ཡིན། གཞི་སྣང་གཞི་ལ་ཐིམ་ཚུལ་མང་སྟེ། ཐུང་བ་རྣམ་རྟོག་སྐྱེ་འགག་གི་སྐབས་སུ་ཐིམ་པ་དང་། འབྲིང་བ་གཉིད་དང་སྙོམས་འཇུག་གི་སྐབས་དང་། རིང་བ་འཆི་སྲིད་ཀྱི་ཆོས་སྐུ་གཞིའི་འོད་གསལ་འཆར་དུས་ཡིད་ཅན་སུ་ཡིན་ཡང་འོད་གསལ་གྱི་གཞིའི་དབྱིངས་ལ་ཐེངས་རེ་ལྡོག་པ་ཡིན། ཡེ་གདངས་ནང་དུ་ལོག་པ་ལ་འདྲ་ན་ཡང་རང་ངོ་ཤེས་མ་ཤེས་དང་འཁྲུལ་སྟོབས་ཀྱིས་ཐིམ་ལུགས་ལ་ཁྱད་པར་ཡོད་པ་སྟེ། རང་ངོ་མ་ཤེས་པར་འཁྲུལ་སྟོབས་ཀྱིས་ཐིམ་པ་དང་། རང་ངོ་ཤེས་ནས་གྲོལ་སྟོབས་ཀྱིས་ཐིམ་པ་གཉིས་ཀ་གཞི་སྣང་གཞི་ལ་ཐིམ་ཚུལ་འདྲ་བ་མ་ཡིན། འོ་ན་གནས་ལུགས་མ་བཅོས་པ་ཞེས་པ་གཞི་མ་བཅོས། ལམ་མ་བཅོས། འབྲས་བུ་མ་བཅོས་པར་ཡིན་ཕྱིར་ཆེད་དུ་བྱ་རུ་མེད་པ་ཞིག་ལ་ལམ་བསྒོམས་ནས་ཆེད་དུ་བྱ་དགོས་དོན་ཅིའི་ཕྱིར་ཞེ་ན། གནས་ལུགས་ཀྱི་བཞུགས་ཚུལ་དེ་གོམས་པས་གཤིས་ཐོག་ལ་འབེབས་དགོས་པའི་གནད་མ་གོ་པའི་མི་ཡིས་དྲི་བ་འདི་འབྱུང་བ་ཡིན། ཨོ་རྒྱན་ཆེན་པོས། སྒོམ་དུ་མེད་ཀྱང་རྩལ་སྦྱང་བསྒྲུབ་ཏུ་ཡོད། །ཅེས་གསུངས་པས། གཤིས་ཀྱི་བཞུགས་ཚུལ་མ་རིག་པའི་སྒྲིབ་བྱེད་དབྱིངས་སུ་དྭངས་ཆེད་དུ་ངོ་བོའི་གཤིས་ཐོག་ལ་དྲན་པ་བསྟེན་པ་དང་། འདུས་བྱས་ཀྱི་དགེ་བའི་ཚོགས་བསགས་པ་དང་། རང་བཞིན་མེད་པར་རྩལ་སྦྱང་བ་དེ་དག་དགོས་པ་ཡིན་ནོ། །དེས་ཆོག་པར་བྱའོ། །སྐབས་དོན་གང་བཤད་བྱ་འབྲས་བུའི་གནས་འདི་རྒྱ་ཆེར་བཤད་པ་ལ་ངོ་བོ་སྤྱིར་བསྟན་པ་དང་། འཐད་པ་བྱེ་བྲག་ཏུ་བཤད་པ་དང་། འབྲས་བུ་དངོས་རྒྱས་པར་བརྗོད་པ་དང་གསུམ་དུ་རིག་པར་བྱའོ། །དེ་ལས་དང་པོ་བྱང་ཆུབ་མཆོག་གི་ངོ་བོ་ནི་ཞེས་ས་བཅད་ཀྱི་ཆིངས་ཤིག་བཞག་སྟེ། དག་པ་གཉིས་ལྡན་གྱི་ཆོས་སྐུ་མཐར་ཐུག་པ་མངོན་དུ་གྱུར་པ་སྟེ། ཞེས་མཚམས་སྦྱར་ནས།

ཆོས་རྣམས་ལྷུན་གྲུབ་བྱང་ཆུབ་སྙིང་པོ་ལ།།

འབད་རྩོལ་མེད་པའི་གནད་ཀྱིས་གོམས་བྱས་ན།།

ཡེ་སངས་རྒྱས་ལ་ཡང་སངས་རྒྱས་འབྱུང་སྟེ།།

འདི་ནི་བླ་མེད་རྡོ་རྗེ་སྙིང་པོའི་རྩེ།།

རིམ་དགུའི་སྙིང་པོ་བྱང་ཆུབ་ཀློང་ཆེན་ཡིན།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ལྷུན་གྲུབ་ཏུ་ཡེ་ནས་ཡོད་པ་ཉིད། གློ་བུར་གྱི་སྒྲིབ་པས་མ་མངོན་པ་གང་ཡིན་པ་དེ་ནི། རང་གཞག་འབད་རྩོལ་མེད་པའི་གནད་ལ་གོམས་པ་མཐར་ཕྱིན་པས་བསལ་བ་ན། ཡེ་སངས་རྒྱས་པ་ནི་རང་བཞིན་རྣམ་དག་གི་རིག་པ་ཆོས་སྐུར་གནས་པ་ལ། ཡང་སངས་རྒྱས་པ་གློ་བུར་རྣམ་དག་གིས་མངོན་དུ་བྱས་པ་དེ། ཐེག་པ་ཀུན་གྱི་མཐར་ཐུག་གི་དོན་དུ་གཉེར་བྱ་ཡོངས་སུ་རྫོགས་པ་སྟེ། ཆོས་སྐུ་རོ་གཅིག་ཏུ་གྱུར་པ་དེ་འཁྲུལ་སྣང་དང་འཁྲུལ་རྟོག་ཆ་དང་བཅས་པ་དབྱིངས་སུ་ཞི་ནས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་པས་གཉིས་མེད་མཉམ་པ་ཆེན་པོར་གྱུར་ཏེ། རྟག་ཏུ་དེ་ཉིད་ཀྱི་ངང་ལས་མི་གཡོ་བར་བཞུགས་པ་ནི། སྐུ་གདུང་འབར་བ་ལས། རང་གི་ངོ་བོ་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཇི་ལྟར་ཆུ་ལ་ཆུ་ཐིམ་ལྟར། །དེ་བཞིན་མར་ལ་མར་ཐིམ་དང་། །ནམ་མཁར་ནམ་མཁའ་ཐིམ་པ་བཞིན། །གཉིས་མེད་ངོས་གཟུང་མེད་པར་འགྱུར། །ཞེས་པ་དང་། སྤྲིང་ཡིག་བདུད་རྩིའི་ཐིགས་པ་ལས་ཀྱང་། ཇི་ལྟར་ཆུ་ལ་ཆུ་ཐིམ་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱ་སྤྲོས་བྲལ་དེ་ཉིད་དང་། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །ཅེས་སོ། །འདིའི་ཚིགས་སུ་བཅད་པའི་ཚིག་རྐང་དང་པོ། ཆོས་རྣམས་ལྷུན་གྲུབ་བྱང་ཆུབ་སྙིང་པོ་ལ། །ཞེས་པས་གཞི་དང་། འབད་རྩོལ་མེད་པའི་གནད་ཀྱིས་གོམས་བྱས་ན། །ཞེས་པས་ལམ་དང་། ཡེ་སངས་རྒྱས་ལ་ཡང་སངས་རྒྱས་འབྱུང་སྟེ། །ཞེས་པས་འབྲས་བུ་བསྟན་པ་དང་། འདི་ནི་བླ་མེད་རྡོ་རྗེ་སྙིང་པོའི་རྩེ། །རིམ་དགུའི་སྙིང་པོ་བྱང་ཆུབ་ཀློང་ཆེན་ཡིན། །ཞེས་པས་བསྟན་བྱ་འབྲས་བུའི་མཐར་ཐུག་ནང་གསལ་ཆོས་སྐུར་འཁྱིལ་བ་ལས། གཟུགས་སྐུ་གཉིས་ཀྱི་འཕྲོ་གཞི་འདོད་འབྱུང་ནོར་བུ་དགོས་དགུ་ཐམས་ཅད་འགྲུབ་པ་དྲི་མ་ཡོངས་སུ་དག་པའི་བཞུགས་ཚུལ་ཐེག་པ་ཀུན་གྱི་མཐའ་འབྲས་མཐར་ཐུག་བསྟན་པའོ། །ཆོས་རྣམས་གཞི་ལྷུན་གྲུབ་བྱང་ཆུབ་ཀྱི་ངོ་བོའམ་བྱང་ཆུབ་ཀྱི་སྙིང་པོ་རིག་པའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ཡོད་པ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ། འཕྲལ་བྱུང་གློ་བུར་འཁྲུལ་སྣང་གི་དྲི་མ་སྤྲིན་ལྟ་བུ་དེས་བསྒྲིབས་ཏེ་མ་མངོན་པ་དེ། གཞན་ནས་འཚོལ་བའི་འབད་པ་མི་དགོས་པར་རང་བཞག་ཏུ་གོམས་ན་ཆོག་པའི་རྩོལ་མེད་ཀྱི་གནད་ལ་གོམས་པ་རྩལ་རྫོགས་ཏེ་མཐར་ཕྱིན་ནས། ཡེ་བཞུགས་ཀྱི་ཡེ་ཤེས་ལ་རང་བཞག་བྱས་ཚེ་འཕྲལ་བྱུང་གི་དྲི་མ་རང་དག་ཏུ་ཡེ་སངས་ཡེ་ནས་རྒྱས་པ་ལ་ཡང་སངས་མངོན་དུ་གྱུར་ནས། རིག་པའི་ཡེ་ཤེས་ཀྱི་ཡོན་ཏན་རྒྱས་པ་མངོན་གྱུར་གྱིས་དག་པ་གཉིས་ལྡན་ཐེག་པ་ཐམས་ཅད་ཀྱི་དོན་དུ་གཉེར་བྱའི་མཐའ་འབྲས་རྫོགས་ཏེ་བྱང་ཆུབ་ཀྱི་ཀློང་ཆེན་ཆོས་ཟད་ཆོས་སྐུའི་དགོངས་པ་རུ་འཁྲུལ་སྣང་འཁྲུལ་རྟོག་ཆ་དང་བཅས་པ་ཐམས་ཅད་དབྱིངས་སུ་ཞི་ནས། སྣོད་ཐ་དད་ཀྱི་ནམ་མཁའ་དབྱིངས་གཅིག་ཏུ་འདུས་པ་དང་། ས་གཞི་ཆུ་ཕྲན་ཐམས་ཅད་རྒྱ་མཚོར་རོ་གཅིག་པ་ལྟར་དུ། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ནང་དབྱིངས་ཀ་དག་གི་ངང་ལ་གཉིས་མེད་མཉམ་པ་ཆོས་སྐུ་ཆེན་པོར་རྟག་ཏུ་མི་གཡོ་པར་བཞུགས་པའོ། །དེ་ལྟ་བུའི་ཀ་དག་གི་རང་ངོ་ལ་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་ཡོད་མེད་ལས་འདས་ཀྱང་། འཆར་གཞི་མ་འགགས་དགོངས་པ་རང་རྫོགས་སུ་བཞུགས་ཚུལ་འོག་ནས་འབྱུང་མ་རགས་པ་དེའི་ཚེ་ནང་དབྱིངས་ཆོས་སྐུ་ཀ་དག་གི་ཀློང་ན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ལྔའི་དགོངས་པ་སྙིང་པོ་རང་རྫོགས་ཀྱི་ཆ་ཕྲ་བའི་ཡེ་ཤེས་སུ་བཞུགས་ཏེ། སེང་གེ་རྩལ་རྫོགས་ལས། སྟོང་ཉིད་ཡེ་ཤེས་ཀློང་ན་སངས་རྒྱས་ལྔ། །མཚན་མར་མ་ཡིན་རང་གི་སྙིང་པོར་གསལ། །དགོངས་པ་དོན་ལ་འགྱུར་བ་མེད་པ་ནི། །ཆོས་དང་ཆོས་མིན་སྣང་བའི་སྒྲིབ་ཤིང་བྲལ། །དོན་གྱི་སྙིང་པོ་སངས་རྒྱས་ཡུལ་ལ་འཇུག །བསམ་པ་ཉིད་ལ་བསམ་པའི་ཆོས་དང་བྲལ། །བརྗོད་པ་ཉིད་ལ་བརྗོད་མེད་ངང་དུ་ཐིམ། །ཞེས་སོ། །ནང་དབྱིངས་ཆོས་སྐུ་ཀ་དག་གི་ངང་ལ་བཞུགས་པ་ཡང་སྟོང་པ་སྟོང་རྐྱང་ཞིག་མ་ཡིན་པར་ཀ་དག་ལྷུན་གྲུབ་དབྱེར་མི་ཕྱེད་པའི་ལྷུན་གྲུབ་འབྲས་བུའི་སྦུབས་ཡིན་པས་ན། ངོ་བོ་ཀ་དག་གི་ཡེ་ཤེས་དེ་བསམ་ངོ་དང་བྲལ་བ་དང་། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དེ་སྟོང་གསལ་ཡེ་གདངས་ཡེ་ཤེས་གསུམ་ལྡན་དུ་བཞུགས་པ་སྟེ། འདིའི་དུས་ན་ཐིམ་ལ་མ་རྨུགས་པ་ཕྲ་བའི་ཡེ་ཤེས་སུ་བཞུགས་ཏེ། ཆོས་སྐུ་ལ་ཡེ་ཤེས་མེད་ན་སྟོང་ཆད་ནམ་མཁའ་ལྟར་འགྱུར་བས། རང་གསལ་ནང་དབྱིངས་གསལ་ལ་སྤྲོས་པ་དང་བྲལ་བ། ཐམས་ཅད་མཁྱེན་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་འཆར་གཞིའི་ཆ་ཙམ་དུ་ཡོད་དོ། །དེ་ལས་སྐུ་དང་ཡེ་ཤེས་ཐམས་ཅད་ཕྱིར་གསལ་དུ་འཆར་བ་ཡིན་ནོ། །ཀློང་དྲུག་པ་ལས། གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པས། །དྲི་མ་མེད་ཅིང་རྣམ་པར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱིས་ནི་ཆ་ལ་བཞུགས། །ཞེས་པ་དང་། ཤེས་བྱའི་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་སོ། །གྲོལ་ས་ཆོས་སྐུའི་ཀ་དག་གི་རང་ངོ་ན་ཡོད་མེད་གཉིས་ཀྱི་མཐའ་དང་བྲལ་བ་ཡིན་པས་ན། སྐུ་དང་ཡེ་ཤེས་ཡོན་ཏན་འཕྲིན་ལས་སོགས་ཀྱང་ཡོད་མེད་ཀྱི་མཐའ་ལས་འདས་པ་ཞིག་ཡིན་ཞིང་། འཆར་གཞི་མ་འགགས་པ་ནི་དཔེ་ཤེལ་གྱི་གོང་བུ་ཉིད་ཀྱི་རང་ངོར་འོད་དང་ཁ་དོག་ལ་སོགས་པ་གང་དུ་ཡང་མ་གྲུབ་ཀྱང་། དེའི་ངང་ན་འོད་ལྔའི་འཆར་གཞི་མ་འགགས་པར་ཡོད་པ་ལྟར། སྐུ་ལས་འདས་པའི་རང་གདངས་དང་། འོད་ལས་འདས་པའི་ཡེ་གདངས། འཆར་རུང་ལ་སྦུབས་གསུམ་གཅིག་ཏུ་གྲོལ་བས་ན། འབྱུང་ལྔ་དྭངས་མར་གྲོལ་ནས་ནང་གསལ་གྱི་དགོངས་པ་ལ་འཕོ་འགྱུར་མེད་པར་བཞུགས་པའོ། །དེ་ཡང་ཀུན་ཏུ་རྟོག་པ་ཀུན་གཞིའི་ཚོགས་བརྒྱད་དང་བཅས་པའི་སེམས་སེམས་བྱུང་འགགས་ལ། འགགས་གཞི་རིག་པ་ཉིད་ཡེ་ཤེས་ཆེན་པོའི་སྐུས་མངོན་དུ་བྱས་པས། ཆོས་སྐུ་ལས་གཟུགས་སྐུ་ཕྱིར་གསལ་དུ་སྣང་བས་འཁོར་བ་དང་ནམ་མཁའ་ཇི་སྲིད་པར་བཞུགས་པ་ཉིད། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་དང་། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རང་བཞིན་ཆོས་སྐུའི་དབྱིངས་ན། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་ལྷུན་གྱིས་གྲུབ་དུས་ཀུན་གཞི་དང་དེ་ལ་བགོས་པའི་བག་ཆགས་སེམས་དང་སེམས་བྱུང་གི་འཇུག་པ་ཐམས་ཅད་འགགས་ནས། སྒྲིབ་བྱེད་ཀྱི་དྲི་མ་སྤྲིན་ལྟ་བུ་དེ་སངས་དུས་ལྷུན་གྲུབ་ཀྱི་ཡོན་ཏན་འོད་གསལ་སྙིང་པོའི་རང་བཞིན་ཇི་ལྟར་ཡིན་པ་དེ་ལྟར་དུ་སྤྲིན་བྲལ་ཉི་མ་ནམ་མཁར་ཤར་ནས་འོད་ཟེར་ཕྱོགས་མེད་དུ་འགྱེད་པ་དང་མཚུངས་པར་ཆོས་སྐུ་སྤྲོས་པ་ཞི་བའི་ངང་དེ་ལས་རང་ཆས་ལྷུན་གྲུབ་ཀྱི་གཟུགས་སྐུ་གཉིས་ཀྱིས། སྐུ་དང་ཡེ་ཤེས་ཡོན་ཏན་འཕྲིན་ལས་བསམ་གྱིས་མི་ཁྱབ་པས་མཐའ་ཡས་གདུལ་བྱའི་རེ་འདོད་སྐོང་བ་ཡིན་ལ། དང་པོར་གཞི་ལས་གཞི་སྣང་ཤར་དུས་རང་ངོ་མ་ཤེས་པར་འཁྲུལ་བའི་གནས་སྐབས་ན། ཡུལ་དོན་ལུས་གསུམ་ལ་འཁྲུལ་ནས། ཡུལ་གྱི་བག་ཆགས་ཀྱིས་སྣོད་ཀྱི་འཇིག་རྟེན་དང་། དོན་གྱི་བག་ཆགས་ཀྱིས་རྣམ་ཤེས་ཚོགས་བརྒྱད། ལུས་ཀྱི་བག་ཆགས་ཀྱིས་འགྲོ་དྲུག་སོ་སོའི་ལུས་སུ་སྣང་བ་ཡིན་པས། འཁྲུལ་བ་གཞི་རུ་ལྡོག་ནས་འབྲས་བུ་སྐུ་གསུམ་ཐོབ་པའི་གནས་སྐབས་ན། དེའི་ཡུལ་དོན་ལུས་སུ་སྣང་བའི་སྒྲིབ་གསུམ་གྱི་བག་ཆགས་གསུམ་པོ་དེ་གྲོལ་ནས་ལྷུན་གྲུབ་ཡོན་ཏན་རྫོགས་ལུགས་ནི། ཁམས་གསུམ་འགྲོ་བའི་ལུས་སུ་སྣང་བའི་སྒྲིབ་པ་གྲོལ་ནས་སྐུ་རྡོ་རྗེ་རིགས་ལྔར་སྣང་། དོན་རྣམ་ཤེས་ཚོགས་བརྒྱད་གྲོལ་ནས་ཡེ་ཤེས་ལྔ་ཡི་ངོ་བོར་སྣང་། ཡུལ་རིགས་དྲུག་སོ་སོའི་བག་ཆགས་ཀྱི་སྣང་བ་གྲོལ་ནས་ཞིང་ཁམས་མི་ཟད་རྒྱན་གྱི་འཁོར་ལོར་སྣང་བ་དེ་ལྟར་ཡིན་ནོ། །དེ་ཡིས་འབྲས་བུའི་ངོ་བོ་སྤྱིར་བསྟན་པ་སོང་སྟེ།

༼ཁ༽གཉིས་པ་འཐད་པ་བྱེ་བྲག་ཏུ་བཤད་པ།

དེ་ལ་ནང་གསེས་ཀྱི་རྣམ་གྲངས་གསུམ་སྟེ། རང་བྱུང་གི་ཡེ་ཤེས་ཉིད་རང་གི་རྩལ་ལས་རོལ་བར་ཤར་བས་རང་བསྒྲིབས་པ་དང་སྒྲིབ་པ་དེ་བསལ་བའི་འཐད་པ་དགོད་པ་དང་། གདོས་བཅས་ཀྱི་རྒྱ་ལས་གྲོལ་བས་ཆོས་སྐུ་རང་ཆས་སུ་འཆར་བ་ཉིད་ངོ་ཤེས་པས་སངས་རྒྱས་ཐོབ་པའི་འཐད་པ་དང་། སངས་རྒྱས་ནས་ཐུགས་རྗེས་འགྲོ་བའི་དོན་འབྱུང་བའི་འཐད་པའོ།།

༼ཀ དང་པོ་རང་བྱུང་གི་ཡེ་ཤེས་ཉིད་རང་གི་རྩལ་ལས་རོལ་བར་ཤར་བས་བསྒྲིབས་པ་དང་དེ་བསལ་བའི་འཐད་པ་དགོད་པ།

དེ་ལ་རང་གི་རྩལ་དང་རོལ་བས་བསྒྲིབས་པ་དག་ཚུལ་སྤྱིར་བསྟན་པ་དང་། བསྒྲིབས་པ་ཉིད་བྱེ་བྲག་ཏུ་བཤད་པ་དང་། དག་པ་ཉིད་འཐད་པ་དང་བཅས་པ་དང་གསུམ་ལས།

༼༡༽དང་པོ་རང་གི་རྩལ་དང་རོལ་བས་བསྒྲིབས་པ་དག་ཚུལ་སྤྱིར་བསྟན་པ།

རང་ལ་རང་གི་རྩལ་ལས་རོལ་པར་ཤར་བས་བསྒྲིབས་ལ་གནད་ཀྱིས་ཇི་ལྟར་དག་པར་བསྟན་པ་དང་། དེ་ལྟ་བུའི་ཆོས་སྐུ་རང་ལ་ཡོད་པ་དེ་གློ་བུར་གྱི་དྲི་མ་བསལ་བས་མངོན་དུ་སྣང་བར་བྱེད་དོ་ཞེས་བསྟན་པ་དང་གཉིས་ལས།

༼༡ རང་ལ་རང་གི་རྩལ་ལས་རོལ་པར་ཤར་བས་བསྒྲིབས་ལ་གནད་ཀྱིས་ཇི་ལྟར་དག་པར་བསྟན་པ།

འཐད་པ་བྱེ་བྲག་ཏུ་བཤད་པ་ལ་་རྣམ་གྲངས་གསུམ་སྟེ། རང་བྱུང་གི་ཡེ་ཤེས་ཉིད་རང་གི་རྩལ་ལས་རོལ་བར་ཤར་བས་བསྒྲིབས་པ་དང་དེ་བསལ་བའི་འཐད་པ་དགོད་པ། གདོས་བཅས་ཀྱི་རྒྱ་ལས་གྲོལ་བས་ཆོས་སྐུ་རང་ཆས་སུ་འཆར་བ་ཉིད་ངོ་ཤེས་པས་སངས་རྒྱས་ཐོབ་པའི་འཐད་པ། སངས་རྒྱས་ནས་ཐུགས་རྗེས་འགྲོ་བའི་དོན་འབྱུང་བའི་འཐད་པའོ། །དང་པོ་ལ། རང་གི་རྩལ་དང་རོལ་བས་བསྒྲིབས་པ་དག་ཚུལ་སྤྱིར་བསྟན་པ། བསྒྲིབས་པ་ཉིད་བྱེ་བྲག་ཏུ་བཤད་པ། དག་པ་ཉིད་འཐད་པ་དང་བཅས་པ་གསུམ་ལས། རང་ལ་རང་གི་རྩལ་ལས་རོལ་བར་ཤར་བས་བསྒྲིབས་ལ་གནད་ཀྱིས་ཇི་ལྟར་དག་པར་བསྟན་པ་ནི།

མཁའ་དཀྱིལ་ཉི་ཟླའི་དཀྱིལ་འཁོར་འོད་གསལ་ཡང་།།

མ་རྟོགས་སྤྲིན་ཆེན་སྙིང་པོས་ཡོངས་བསྒྲིབས་པས།།

མི་སྣང་བྱང་ཆུབ་རང་ལ་ཡོད་པའི་ཚུལ།།

ཞེས་གསུངས་ཏེ། གང་གི་ཚེ་སངས་རྒྱས་ཀྱི་རང་བཞིན་ཁམས་བདེ་བར་གཤེགས་པའི་སྙིང་པོ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་ལྟ་བུ་སྟེ། མ་རྟོགས་པའི་དབང་གིས་རིག་པའི་རྩལ་ལས་གཟུང་འཛིན་དུ་ཤར་བས་ཡུལ་གཟུགས་ལ་སོགས་པ་ལྔས་བསྡུས་པའི་སྣོད་དང་བཅུད་ཀྱི་རིམ་པ་སེམས་དང་སེམས་ལས་བྱུང་བའི་རོལ་བར་ཤར་བ་སྤྲིན་དང་འདྲ་བས་རང་ངོ་འོད་གསལ་སྒྲིབ་པ་མེད་ཀྱང་བསྒྲིབས་པ་ལྟར་སྣང་བ་ཉི་མ་དང་སྤྲིན་བཞིན་ཏེ། གློ་བུར་གྱི་དྲི་མའི་ཁམས་ཀྱིས་ཆོས་སྐུའི་རང་སྣང་མི་གསལ་བར་བྱས་པ་ཡིན་ནོ། །ཆོས་སྐུ་རང་ལ་ཡོད་ཀྱང་རང་ངོ་རང་གིས་མ་ཤེས་པར་མི་དབུལ་པོའི་ཁྱིམ་ན་རིན་པོ་ཆེའི་གཏེར་ཁ་ཡོད་བཞིན་དུ་ལེན་མ་ཤེས་པར་དབུལ་བའི་སྡུག་བསྔལ་མྱོང་བ་ལྟར་དུ། འཁོར་བའི་སྡུག་བསྔལ་མྱོང་དགོས་པའི་རྩ་བ་དེ་རང་བྱུང་ཡེ་ཤེས་རང་ལ་ཡོད་པ་དེའི་རྩལ་ལས་རོལ་བ་ཤར་བ་དེ་མ་ཤེས་པའི་གནད་ནི། ཁམས་བདེ་བར་གཤེགས་པའི་སྙིང་པོ་སེམས་ཉིད་འོད་གསལ་བ་སངས་རྒྱས་ཀྱི་རང་བཞིན་ཅན་གང་ཡིན་པ་བྲི་གང་མེད་པར་ཉི་ཟླའི་དཀྱིལ་འཁོར་ལྟ་བུ་དེ་ཉིད་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་བཞུགས་པ་ཡིན་ན་ཡང་། མ་རྟོགས་མ་རིག་པའི་སྤྲིན་ཆེན་གྱིས་བསྒྲིབས་ནས། རང་གཟུགས་མེ་ལོང་གི་ངོས་སུ་ཤར་བ་གཞན་དུ་བཟུང་བ་ལྟར་དུ་གཟུང་འཛིན་གཉིས་སྣང་དུ་འཁྲུལ་ཏེ། སྐུ་ལས་ལུས་སུ་འཁྲུལ། དབྱིངས་ལས་ཡུལ་དུ་འཁྲུལ། རིག་པ་སེམས་སུ་འཁྲུལ་ནས་ཡུལ་དོན་ལུས་གསུམ་གྱི་བག་ཆགས་ཀྱི་དྲི་མས་ཡོངས་སུ་བསྒྲིབས་ནས་རང་ལ་ཡོད་པའི་ཆོས་སྐུ་དེ་ཉིད་མི་སྣང་མི་གསལ་བར་གྱུར་པའོ། །

༼༢ དེ་ལྟ་བུའི་ཆོས་སྐུ་རང་ལ་ཡོད་པ་དེ་གློ་བུར་གྱི་དྲི་མ་བསལ་བས་མངོན་དུ་སྣང་བར་བྱེད་དོ་ཞེས་བསྟན་པ།

དེ་ལྟ་བུའི་ཆོས་སྐུ་རང་ལ་ཡོད་པ་དེ་གློ་བུར་གྱི་དྲི་མ་བསལ་བས་མངོན་དུ་སྣང་བར་བྱེད་དོ་ཞེས་བསྟན་པ་ནི།

སྤྲིན་ཆེན་དབྱིངས་སུ་བཞག་པས་རང་དེངས་ལྟར།།

འབད་རྩོལ་མེད་པས་རྒྱུ་འབྲས་སྤྲིན་བྲལ་ནས།།

མཁའ་དཀྱིལ་བྱང་ཆུབ་སྙིང་པོ་རང་ལས་འཆར།།

དབང་པོའི་རིམ་པས་ཐེག་པ་ཐ་དད་ལ།།

ཞེས་གསུངས་ཏེ། དྲི་མའི་སྦྱོང་ཚུལ་ཐ་དད་ཀྱང་། འདིར་དབང་པོ་ཡང་རབ་རྨད་དུ་བྱུང་བ་རྣམས་ཀྱི་དབང་དུ་མཛད་ནས། རང་གཞག་གི་གནད་འབད་པ་དང་རྩོལ་བ་མེད་པའི་རླུང་རང་བབས་ཆེན་པོས་འཁོར་བའི་ཆོས་འཁྲུལ་བ་རྒྱུ་དང་འབྲས་བུའི་ཆ་བག་ཆགས་དང་བཅས་པའི་སྤྲིན་ཚོགས་ཐམས་ཅད་དབྱིངས་སུ་བྲལ་ཞིང་མ་སྤངས་ལ་རང་དག་པ་ན། སྤྲིན་ཕུང་འཁྲིགས་པའི་ཉི་མ་ལྟར་མི་མངོན་པ་སྤྲིན་དང་བྲལ་བའི་སྐད་ཅིག་ལ་ནམ་མཁའི་དཀྱིལ་ན་རང་གསལ་སྒྲིབ་པ་མེད་པར་སྣང་བ་ལྟར་རང་ལ་ལྷུན་གྲུབ་འདུས་མ་བྱས་ཀྱི་ཆོས་སྐུ་ཡོད་པ་དེ་གློ་བུར་གྱི་སྒྲིབ་པ་དང་བྲལ་བའི་སྐད་ཅིག་ལ་རང་ངོར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རང་ཤར་ཏེ། ནུབ་པ་མེད་པའི་ཉི་མ་རང་གསལ་དུ་ཤར་བས་དག་པ་གཉིས་ལྡན་གྱི་ཆོས་སྐུ་རང་བྱུང་དུ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །སེང་གེ་རྩལ་རྫོགས་ལས། སྣང་བའི་སྒྲིབ་ཤིང་མེད་ན་ཡེ་ཤེས་མཐའ་ལ་གསལ། །ཞེས་སོ། །སྤྱིར་ཐེག་པའི་རྣམ་གྲངས་མཐའ་ཡས་པས་ཐར་བའི་ལམ་ལ་ཞུགས་ནས་དྲི་མའི་སྦྱོང་ཚུལ་ཡང་ཐ་དད་པ་མང་བས། ཐུན་མོང་ཐེག་པའི་ལུགས་ཀྱི་ཉན་ཐོས་ཀྱིས་སྤོང་། རང་རྒྱལ་གྱིས་འགེགས། བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་དང་མཚུངས་ལྡན་དུ་སྦྱོང་། སྔགས་ཕྱི་པས་བསྒྱུར་བ་དེ་བླ་མེད་ཀྱི་ཐེག་པའི་གནས་སྐབས་འདིར་ཆོས་མཉམ་པ་ཆེན་པོའི་ལྟ་བ་དང་། ཏིང་ངེ་འཛིན་གྱི་ཐབས་ལ་མཁས་པ་ཟུང་དུ་འཇུག་པས་ཉོན་མོངས་པའི་ཆོས་ཅན་གང་ཡིན་པ་ལ་རང་གི་ངོ་བོས་སྟོང་པའི་ཆོས་ཉིད་ཀྱིས་རྒྱས་ཐེབས་པས་རང་ལྡོག་ཅན་དུ་མི་གནས་པར་ལམ་དུ་སློང་བ་དང་། རྫོགས་པ་ཆེན་པོའི་སྐབས་སུ་ཡང་དབང་པོའི་ཁྱད་པར་གྱིས་རིམ་ཅན་དང་ཅིག་ཆར་པའི་ཁྱད་པར་ཡོད་པས་དབང་རབ་ཀྱི་དབང་དུ་བྱས་ནས། སྤྲིན་ཆེན་རླུང་གིས་གཏོར་ནས་རང་དེངས་སུ་སོང་བ་ལྟ་བུ་སྟེ། རང་བབས་རང་ལ་བཞག་པའི་འབད་རྩོལ་མེད་པར་རྒྱུ་འབྲས་དག་གྲོལ་དུ་འཛིན་པའམ་འཁྲུལ་བ་རྒྱུ་འབྲས་ཆ་དང་བཅས་པའི་སྤྲིན་དང་བྲལ་ཏེ། མཁའ་དཀྱིལ་ནས་སྤྲིན་མེད་དག་པའི་ཉི་མ་སྐད་ཅིག་ཏུ་རང་གསལ་སྒྲིབ་མེད་དུ་འཆར་བ་ལྟར་དུ་བྱང་ཆུབ་སྙིང་པོ་ཡེ་ནས་ལྷུན་གྲུབ་འདུས་མ་བྱས་པའི་ཆོས་སྐུ་དེ་དག་པ་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རང་ཤར་ནས་རང་བྱུང་ལྷུན་གྲུབ་ནུབ་པ་མེད་པར་འཆར་བ་ཡིན་ནོ། །འོན་ཀྱང་དབང་པོའི་རིམ་པས་ཐེག་པ་ཐ་དད་ལ་གྲོལ་ཚུལ་སྣ་ཚོགས་སུ་སྣང་བ་ནི། ལྷུན་གྲུབ་ཀྱི་ཆོས་སྐུ་དང་པོ་སེམས་ཅན་གྱི་དུས་དང་། བར་དུ་ལམ་སྦྱོང་བའི་དུས་དང་མཐར་སངས་རྒྱས་པའི་དུས་གསུམ་ལ་བཟང་ངན་མེད་དེ། སྤྲིན་གྱིས་བསྒྲིབས་པ་དང་། ཅུང་ཟད་གྲོལ་བ་དང་། མཐའ་དག་གྲོལ་ཡང་ཉི་མ་གཅིག་པོ་དེ་ལ་བཟང་ངན་མི་འགྱུར་བ་བཞིན། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱིས་དག་གྱུར་པ། །ཞེས་པ་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་བཞིན་ནོ། །གཞི་ལྷུན་གྲུབ་ཀྱི་ཆོས་སྐུ་འོད་གསལ་སྟོང་པའི་ཆོས་ཉིད་གདོད་ནས་རྣམ་པར་དག་པ་དེ་རང་བཞིན་གདོད་མའི་སངས་རྒྱས་ཆོས་སྐུ་འགྱུར་མེད་ཀྱི་དགོངས་པ་ཡིན་ཞིང་། དེ་ནི་ཡོད་པ་རྟག་པའི་ཆོས་སུ་མ་གྲུབ། མེད་པ་ཆད་པའི་མཐའ་ལས་ཀྱང་འདས་པས་ན་འགྱུར་མེད་ངོ་བོ་ཡེ་དག་ཡིན། དང་པོར་སེམས་ཅན་ཡིན་དུས་དང་། བར་དུ་ལམ་ལ་སྦྱོང་བའི་སྐབས་དང་། ཐ་མར་སངས་རྒྱས་དུས་ཐམས་ཅད་ལ་བཟང་ངན་མེད་ལ། བཟང་ངན་འགྲོ་རྒྱུ་ཡོད་ན་འགྱུར་མེད་མིན་པའི་ཕྱིར། འོན་ཀྱང་སེམས་ཅན་དང་སངས་རྒྱས་ལ་སྒྲིབ་པ་གྲོལ་དང་མ་གྲོལ་གྱི་ཁྱད་པར་ཡོད་ཅིང་། དེ་ཡང་ཉི་མ་སྤྲིན་གྱིས་ཡོངས་རྫོགས་བསྒྲིབས་པ་དང་། ཅུང་ཟད་བསྒྲིབས་པ་ལས་ཤས་ཆེ་གྲོལ་བ་དང་། མཐའ་དག་ཡོངས་སུ་གྲོལ་བ་རྣམས་ཀྱི་ཁྱད་པར་ཡོད་ནའང་ཉི་མ་རང་གི་སྙིང་པོ་སྔར་ཇི་བཞིན་ཕྱིས་ཇི་བཞིན་འགྱུར་བ་མེད་པ་ལྟ་བུར་མདོ་རྒྱུད་ཀྱི་ལུང་དང་བཅས་པ་བསྟན་པའོ། །

༼༢༽གཉིས་པ་བསྒྲིབས་པ་ཉིད་བྱེ་བྲག་ཏུ་བཤད་པ།

རང་གི་རྩལ་ལས་རོལ་བར་ཤར་བས་བསྒྲིབས་ཚུལ་ནི།

ངོ་བོ་ཉི་བཞིན་ཆོས་དབྱིངས་ཀློང་ན་གསལ།།

རྩལ་ལས་ཟེར་བཞིན་ཀུན་ཤར་རིས་མེད་པས།།

ས་དང་ཆུ་མཚོར་དྲོད་ཀྱིས་ཁྱབ་པ་ན།།

རླངས་ལས་སྤྲིན་གྱི་རོལ་བར་ཤར་བ་ཡིས།།

ངོ་བོ་ཉིད་དང་རྩལ་ཡང་བསྒྲིབས་པ་བཞིན།།

ངོ་བོ་ཉིད་ལས་རང་རྩལ་མ་དག་པའི།།

རོལ་བས་སྙིང་པོའི་དེ་ཉིད་རང་ངོར་བསྒྲིབས།།

སྣང་སྲིད་སྣོད་བཅུད་འཁྲུལ་སྣང་བསམ་མི་ཁྱབ།།

ཅེས་གསུངས་ཏེ། ཉི་མ་སྤྲིན་གྱིས་བསྒྲིབས་པར་སྣང་བ་དེ་ཡང་རྩ་བ་ཉི་མའི་རྩལ་ལ་ཐུག་སྟེ། ཉི་ཟེར་གྱི་རྩལ་ས་གཞི་དང་རྒྱ་མཚོར་ཕོག་པས་དྲོད་སྐྱེས་པའི་རླངས་པ་ན་བུན་ལང་ལོང་པོ་ནམ་མཁར་འཁྲིགས་པས་སྤྲིན་དུ་སོང་བ་དེས་ཉི་མ་ཉིད་བསྒྲིབས་པ་ལྟར། རིག་པའི་རང་རྩལ་གཞི་སྣང་དུ་གཡོས་པ་ལ་རང་དུ་མ་ཤེས་པར་བདག་དང་གཞན་དུ་བཟུང་བ་ལས། རོལ་བ་སེམས་དང་སེམས་ཀྱི་ངོ་ན་སྣང་བའི་འཁྲུལ་སྣང་སྣོད་བཅུད་སྣང་སྲིད་དུ་ཤར་ཏེ། ལུས་དང་། ངག་དང་། སེམས་གསུམ་གྱིས་རིག་པ་ཡེ་ནས་སངས་རྒྱས་སུ་བཞུགས་པའི་སྐུ་གསུང་ཐུགས་ལ་བསྒྲིབས་ནས། མི་སྣང་བས་འགྲོ་དྲུག་འཁྲུལ་བ་ལ་འཁྲུལ་སེམས་ཀྱི་སྣང་བ་ཞེས་བཤད་པ་ཡིན་ནོ། །དེ་ཡང་རིག་པ་ཉིད་ཀྱི་རང་རྩལ་མ་དག་པ་དང་དེའི་རོལ་བས་རིག་པ་ཉིད་བསྒྲིབས་པར་སེང་གེ་རྩལ་རྫོགས་ལས། སངས་རྒྱས་ཉིད་ལ་སངས་རྒྱས་ཉིད་ཀྱིས་བསྒྲིབས། །སྤྱན་གསུམ་གསལ་བའི་ཡེ་ཤེས་རང་སར་དངས། །ཞེས་གསུངས་སོ། །རྩལ་ལས་རོལ་བར་ཤར་བས་སྒྲིབ་ཚུལ་ཡང་དཔེ་དོན་གཉིས་ཀ་མཚུངས་པར་བསྟན་པ་སྟེ། གཞི་ལྷུན་གྲུབ་ཀྱི་ཆོས་སྐུའི་ངོ་བོ་ཆོས་ཉིད་དེ་བཞིན་ཉིད་ཉི་མ་ནམ་མཁའ་ལ་གསལ་བ་བཞིན་དུ་ཆོས་དབྱིངས་ཀྱི་ཀློང་ན་གསལ་ན་ཡང་། རྩལ་ལས་ཟེར་བཞིན་དུ་ཀུན་ཤར་རིས་མེད་ཉི་མ་སྤྲིན་གྱིས་བསྒྲིབས་པ་ཕར་བལྟས་ལ་སྤྲིན་གྱིས་བསྒྲིབས་པར་སྣང་ན་ཡང་རྩ་བ་ཉི་མ་རང་ཉིད་ལ་ཐུག་པ་སྟེ། ཉི་ཟེར་གྱི་རྩལ་དེ་ལས་དྲོད་ས་གཞི་དང་རྒྱ་མཚོར་ཕོག་པས་དྲོད་ཀྱིས་ཁྱབ་པ་ན། དེའི་རླངས་པ་དང་ན་བུན་སྤྲིན་དུ་སོང་ནས་ཉི་མ་བསྒྲིབས་པ་བཞིན་དུ། རིག་པའི་རང་རྩལ་གཞི་ལས་གཞི་སྣང་ལ་གཡོ་དུས་རང་ངོ་མ་ཤེས་པར་བདག་གཞན་དུ་བཟུང་ནས་འཁྲུལ་སྣང་ཡུལ་དོན་ལུས་གསུམ་གྱི་རོལ་བར་ཤར་བ་དེས་སྙིང་པོའི་དེ་ཉིད་ཀྱི་རང་ངོ་བསྒྲིབས་ཏེ་སྒོ་གསུམ་གྱིས་སྐུ་གསུང་ཐུགས་བསྒྲིབས་ནས་འཁྲུལ་སྣང་སྣ་ཚོགས་རྨི་ལམ་གྱི་སྣང་བ་ལྟ་བུ་འབྱུང་བ་འདི་ཡང་རང་གིས་རང་བསྒྲིབས་པ་ཡིན་ནོ།།

༼༣༽གསུམ་པ་དག་པ་ཉིད་འཐད་པ་དང་བཅས་པ་བསྟན་པ།

རིག་པ་ཉིད་ཀྱི་རྩལ་དང་རོལ་བས་བསྒྲིབས་པ་དེ་ཉིད་སེལ་བྱེད་དུ་ཡང་ཉི་མ་ཉིད་བྱུང་ངོ་ཞེས་བཤད་པ།

ཉི་ཟེར་རྩལ་ལས་རླུང་བསྐྱོད་སྤྲིན་དེངས་ལྟར།།

རང་ངོ་རྟོགས་ལས་རོལ་བ་རྒྱན་དུ་ཤར།།

འཁྲུལ་བ་ཡེ་གྲོལ་རང་སར་དེ་གྲོལ་བས།།

འཁྲུལ་སྣང་འཁྲུལ་འཛིན་མ་སྤངས་དབྱིངས་སུ་དག།

གར་སོང་ཆ་མེད་དྭངས་པའི་ནམ་མཁའ་ལ།།

སྐུ་དང་ཡེ་ཤེས་ལྷུན་གྲུབ་ཉི་མ་ཤར།།

གཞན་ནས་མ་འོངས་རང་སྣང་དག་པ་ཙམ།།

ཞེས་གསུངས་ཏེ། ཉི་མ་བསྒྲིབས་པ་མེད་པར་ནམ་མཁའི་དཀྱིལ་ན་རང་བཞིན་གྱིས་འོད་གསལ་བ་དེ་ཡང་ཉི་མ་ཉིད་ལ་ཐུག་སྟེ། ཉི་ཟེར་འཕྲོས་པས་ཀུན་ཏུ་གསེང་བྱེད་ཀྱི་རླུང་རང་སོར་གནས་པ་བསྐྱོད་དེ་ལངས་པ་ལས། སྤྲིན་རྣམས་ནམ་མཁའི་ངང་དུ་སྟོར་བས། ཉི་མ་འོད་གསལ་བ་ལྟར། རིག་པ་ཆོས་སྐུའི་སྙིང་པོ་ལས་རང་རྩལ་འཆར་སྒོ་མ་འགགས་པས། རང་ངོ་རྟོགས་པར་ཤར་བ་དེས་སྣང་བ་དང་སེམས་ཀྱི་རོལ་བ་གཞི་མེད་རྩ་བ་དང་བྲལ་བ་སྟོང་པའི་རང་གཟུགས་སུ་ཤེས་ཏེ། སྤང་བླང་བྱེད་དོན་མེད་པར་མཐོང་ནས་ཅོག་གཞག་ཏུ་བཏང་བས། སྣང་སེམས་དེ་དག་རང་གིས་རང་གྲོལ་བ་ཡེ་ཤེས་ཀྱི་རྒྱན་དུ་ཤར་ཏེ། མ་སྤངས་ལ་རང་སར་དག་པས། གང་དུ་སོང་བའི་སོང་ས་དང་། སོང་བ་པོ་གཞི་མེད་དུ་སངས་པ་དང་། ལྷུན་གྲུབ་རང་ཆས་སུ་རང་ངོར་འཆར་བ་དུས་མཉམ་པའོ། །དཔེར་ག་བུར་ཞེས་པའི་སྨན་དེ་ཡིས་གྲང་ནད་ཅན་ལ་སྐྱོན་བསྐྱེད་ཀྱང་ཚ་ནད་ཅན་ལ་ཡོན་ཏན་དུ་སྣང་བ་ལྟར་དུ། ཆོས་སྐུ་རང་ལ་ཡོད་པའི་གློ་བུར་གྱི་དྲི་མ་དེ་རང་ལས་བྱུང་བ་མ་ཤེས་པར་འཁྲུལ་གཞི་བྱས་ཀྱང་ཤེས་ན་གྲོལ་གཞི་བྱེད་པའི་དཔེ་ཉི་མ་སྒྲིབ་བྱེད་ཀྱི་སྤྲིིན་ཡང་རང་ལས་བྱུང་ན་ཡང་དེ་སེལ་བྱེད་ཀྱི་རྩ་བ་ཡང་རང་ལ་ཐུག་པ་བཞིན་དུ། ཉི་ཟེར་རྩལ་ལས་རླུང་བསྐྱོད་སྤྲིན་དེངས་ལྟར། །རང་ངོ་རྟོགས་ལས་རོལ་བ་རྒྱན་དུ་ཇི་ལྟར་ཤར་བ་ཡིན་ན། རིག་པ་ཆོས་སྐུའི་སྙིང་པོ་ཡེ་དག་རྩལ་རྫོགས་ཀྱི་རང་རྩལ་འཆར་སྒོ་མ་འགགས་པས་འཁྲུལ་བ་ཡེ་གྲོལ་རང་བབས་ཅོག་གཞག་གི་གནད་ཀྱིས་འཁྲུལ་སྣང་རང་སར་གྲོལ། འཁྲུལ་འཛིན་མ་སྤང་པར་དབྱིངས་སུ་དག་སྟེ། རང་གྲོལ་རིག་པའི་རྒྱན་དུ་སོང་ནས་གར་སོང་ཆ་མེད་སྣང་སེམས་མ་སྤང་རང་སར་དག་པའི་དྭངས་པའི་ནམ་མཁའ་སྤྲིན་མེད་ལྟ་བུ་ལ་སྐུ་དང་ཡེ་ཤེས་ལྷུན་གྲུབ་ཀྱི་ཉི་མ་རང་ཆས་སུ་ཤར་བ་དེ། རྒྱུ་རྐྱེན་གཞན་ཞིག་ལ་བརྟེན་ནས་ཡོང་བ་མ་ཡིན་པར་རང་སྣང་དག་པའི་ཆ་དེ་ལས་རང་གྲུབ་ཏུ་ཤར་བས་རང་གྲུབ་ལྷུན་གྲུབ་ཏུ་ཤར་བའོ། །དེ་ཡང་བརྩོན་འགྲུས་རབ་ལ་ཚེ་འདི་ཉིད་དུ་ཕྱི་ནང་གི་གདོས་བཅས་དག་པས་སྐུ་གསུམ་རང་སྣང་དུ་ཤར་ཏེ། ཀ་དག་གི་གཞི་དབྱིངས་སུ་འབྲས་བུ་གཅིག་ཏུ་དྲིལ་བ་ཐོབ་དུས་རང་ངོ་ཆོས་སྐུ་ལས། རང་སྣང་ལོངས་སྤྲུལ་དུ་ཤར་ཏེ། འགྲོ་བའི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའོ། །དེ་ཡང་དབྱིངས་ཀྱི་ཆོས་སྐུ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་ཤིང་། གང་དུའང་མ་ཕྱེ་མི་འབྱེད་པ་ལས། དངོས་པོ་རིས་ཅན་དུ་གྲུབ་པའི་སངས་རྒྱས་ཞེས་ཀྱང་གདགས་གཞིར་མེད་ལ། གཟུགས་སྐུ་ཀུན་གྱི་འཆར་གཞིར་འབྱུང་བ་ཡང་། ལྷུན་གྲུབ་ཀྱི་ཆ་ལས། གདུལ་བྱའི་ངོར་སྐད་ཅིག་ལ་སྔ་ཕྱི་མེད་པར་སྣང་སྟེ། སངས་རྒྱས་ཀྱི་སྣང་བ་དེ་སེམས་ཅན་གྱི་འདུལ་བྱེད་དུ་སྣང་བ་དང་། སེམས་ཅན་རྣམས་སངས་རྒྱས་ཀྱི་གདུལ་གཞིར་སྣང་བ་ཡང་། ཐུགས་རྗེ་དང་འཇུག་ཡུལ་དུ་འབྲེལ་པ་གྲུབ་པའི་རྟེན་འབྲེལ་དག་པ་སྟེ། ཐལ་འགྱུར་ལས། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི། །མ་ཕྱེ་མི་འབྱེད་མཉམ་པ་ལ། །སྒྲ་ཚིག་མིང་དུ་ག་ལ་སྲིད། །ལྟོས་གཞི་རང་དག་འཁྲུལ་བ་དག །འཁོར་འདས་མིང་དུ་མི་གྲགས་སོ། །མ་བྱུང་མ་སྐྱེས་འགག་པ་མེད། །ཀུན་འབྱུང་ཡེ་ཤེས་གང་མ་ཡིན། །ལེན་པ་མེད་ཅིང་འགྲོ་བ་མེད། །རྒྱུ་རྐྱེན་བྲལ་བའི་སྐད་ཅིག་ལ། །སངས་རྒྱས་སེམས་ཅན་གཞི་མར་སྣང་། །དུ་མ་ཆ་ཤས་ཀུན་བྲལ་བའོ། །ཞེས་སོ། །རྣལ་འབྱོར་པ་དབང་པོ་ཡང་རབ་བརྩོན་པ་ཅན་ཚེ་འདིའི་ཐོག་ནས། འཁྲུལ་བ་ཡུལ་དོན་ལུས་སུ་འཛིན་པ་རྒྱལ་བའི་སྐུ་གསུང་ཐུགས་སུ་གྲོལ་ནས། ཕྱི་ནང་གི་རྡོས་བཅས་དག་སྟེ་སྐུ་གསུམ་རང་སྣང་དུ་ཤར་ན། ཆོས་སྐུ་ཆོས་ཉིད་གང་དུ་ཡང་མ་བྱེ་མི་ཕྱེ་འབྱེད་པ་མེད་པའི་དབྱིངས་ཀ་དག་གི་ཆ་དེ་ལས་མི་གཡོ་བཞིན་དུ་གཟུགས་སྐུ་ལོངས་སྤྲུལ་གཉིས་ཀར་ཤར་བ་ནི་ལྷུན་གྲུབ་ཀྱི་ཆ་ལས་ཤར་བ་དང་། གདུལ་བྱའི་སྣང་ངོར་སྐད་ཅིག་སྔ་ཕྱི་མེད་པར་སྣང་བ་ནི་ཐུགས་རྗེ་འཇུག་ཡུལ་དང་འབྲེལ་བའི་རྟེན་འབྲེལ་དག་པའི་འབྲེལ་བ་གྲུབ་ལུགས་ཀྱི་གནད་ཀྱི་མན་ངག་རྒྱལ་བ་ཀློང་ཆེན་པས་རྒྱུད་དོན་རྩལ་དུ་བཏོན་པའི་དཀའ་གནད་གསུངས་པའོ། །དེ་རིང་འུ་ཅག་གིས་ཆུ་ཚོད་ཀྱང་ཚང་རན་འདུག དུ་མ་ཆ་ཤས་ཀུན་བྲལ་བའོ། །གསུངས་པའི་མཚམས་ནས་བཞག་ན། གྲུབ་མཐའ་མཛོད་ཀྱང་གང་མཚམས་ཤིག་འགྲོ་དགོས་པ་རེད། ཆོས་དབྱིངས་མཛོད་འདིའི་སྟོད་སའི་ངོ་སྤྲོད་ཀྱི་སྔོན་གྱི་ཆོས་ཁྲིད་ཁ་ཤས་གསོ་བའི་ཁ་ཆད་བྱས་པ་ཡིན། དེ་གསོ་བའི་དུས་ཚོད་དེ་མགྱོགས་པ་ཚེས་རན་པའི་ཚེས་བཅུའི་ཚོགས་འཁོར་འཚོགས་ཉིན་གྱི་ནངས་མོའི་ཆུ་ཚོད་དགུ་བའི་ཐོག་ནས་གཙུག་ལག་ཁང་ནང་མའི་ནང་ནས་གསོ་རྒྱུ་ཡིན། གསོ་དགོས་ཚད་དེ་དུས་དུས་ཐོག་ཏུ་བྱོན་ཤོག མཉམ་པོར་གསོ་རྒྱུ་ཡིན། དེའི་རྗེས་སུ་དུས་ཚོད་ཡོད་རྒྱུ་རེད་གསོ་དགོས་ཚད་ཀྱིས་དུས་ཚོད་དང་བསྟུན་རྒྱུ་ཐུགས་བརྗེད་མ་ཤོར། ཡང་འགའ་རེ་ཞིག་གིས་མགྱོགས་པོར་འགྲོ་དགོས་པས་གསོ་རོགས་གྱིས་ཟེར་བའི་སྐད་ཆ་ཡོད་པ་ནི། ཆོས་བརྒྱུད་འདི་ལ་ཐུགས་རྒྱུས་ཅུང་ཆུང་བས་ཨེ་ཡིན་ན། འདི་ལུང་རྒྱུན་ཕྲན་ཚེགས་དང་འདྲ་བ་མ་རེད། འདི་རྩག་ཐེད་གསོ་གསོ་ཡིས་སུ་ཡིན་ཡང་གསོ་ཆོག་རྒྱུ་ཞིག་ཡིན་ན། སྔར་ཚེ་ཞིག་ནས་འགའ་ཞིག་བོས་ཏེ་ལག་རུབ་བྱེད་མི་བཞག་པར་བྲོ་གྱོང་ཚུགས་ལྷག་བྱེད་འདུག་ཅི་བྱེད། རྫོགས་པ་ཆེན་པོ་མ་བསྒོམས་སངས་རྒྱས་ཞེས་པའི་ཚིག་ཅིག་ཡོད་འདུག་མ་གཏོགས། མ་ཐོབ་སངས་རྒྱས་ཞེས་པ་ཞིག་ཡོད་པ་ད་རེས་མ་གཏོགས་གོ་མ་མྱོང་། ཨ་ལ་རྩེད་མོ་རྩེས་པ་ཡིན། དེ་རིང་ཉིན་གུང་གི་རྒྱབ་ལ་ནགས་གསེང་དུ་གནམ་ཡག་ན་བྱོན་རྒྱུ་ཡིན་པས། ཆུ་ཚོད་དང་པོའི་ཐོག་ནས་མཁར་རྔ་རྡུང་དུས་ལམ་དུ་ལང་རྒྱུ་མཛད་ན། བྱོན་ས་གཅིག་ལ་སྤུངས་སྤུངས་བྱས་ཏེ་མ་བྱོན་མ་གཏོགས་ལྕགས་རྙི་ལོན་པ་མ་རེད། ལྕགས་རྙི་ཟེར་ན་ལྕགས་སྐུད་ཕྲ་བུའི་འགུགས་འགུ་ཡིན་པ་རེད། གླ་བ་འགྲོ་བའི་གསང་ལམ་ན་བཞག་ཡོད་པ་ཡིན་པས། ལྕགས་རྙི་ལོན་པའི་ཁ་གྲངས་ལྟར་དུ་དཔའ་དར་ཡོད་པས་མ་ཚད་དེའི་ནང་གི་ཨང་དང་པོ་གཉིས་པ་གསུམ་པ་གསུམ་ལ་དམིགས་བསལ་གྱི་གཟེངས་རྟགས་ཀྱང་ཡོད། དེའི་འཕྲོར་བྲག་མགོ་དང་གཡང་གཟར་དུ་མ་བྱོན། སྐུ་གཟུགས་བདེ་འཇགས་ལ་དོགས་ཟོན་མཛོད། རུ་ཤན་གྱི་སྤྱོད་པ་དང་ཕྱོགས་མཐུན་ཡིན་པས་འུར་ཇི་ལྟར་བརྒྱབ་ཀྱང་ཆོག ཡིན་ན་ཡང་འདུལ་གཞུང་གི་བསླབ་སྒྲིག་དང་མཐུན་དགོས་པ་ཞུ་ཅི་དགོས་རེད། ཆར་གདུགས་འདྲ་འདྲ་བསྣམ་ཨེ་དགོས་ཁྱེད་རྣམ་པས་གཟིགས། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པར་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་ཉེར་གཉིས་པའི་ཆོས་ཁྲིད། next