Nitartha Digital Library
Tibetan
 
previousཉིན་ཉེར་གསུམ་པའི་ཆོས་ཁྲིད། next

ཉིན་ཉེར་གསུམ་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཕ་དང་མར་མ་གྱུར་པ་གཅིག་ཀྱང་མེད། མཚམས་རེ་དགྲ་ཡང་བྱས་པ་ནི་རང་ཉིད་ཀྱི་སྔར་བྱས་པའི་གནོད་ལན་རང་ཉིད་ལ་འཁོར་བ་ཡིན་པ་དང་། དགྲ་གཉེན་ངེས་པ་མེད་ཚུལ་ལ་བསམ་ན། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་ནི། མི་སྲིད་སྲིད་པ་མིན་པར་རང་གཞན་ཐམས་ཅད་ཀྱིས་དགྲ་གཉེན་དུ་བཟུང་བ་ཐམས་ཅད་དེ་དང་དེའི་རང་བཞིན་ཡིན་པའི་འདྲ་དཔེ་མངོན་སུམ་དུ་བཀོད་པ་ཙམ་ཞིག་ཡིན་པས། རང་རེ་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོང་བཞིན་ཡོད་པ་ཞིག་སྙིང་རྗེ་ཅུང་ཟད་འབྱོངས་པའི་གནས་སྐབས་ན། མར་གྱུར་སེམས་ཅན་ཐམས་ཅད་ཅེས་པའི་ཚབ་ཏུ། དགྲར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་ཀྱང་སྙིང་རྗེའི་སེམས་མར་གྱུར་དང་གཅིག་པ་གཅིག་རྐྱང་ཡིན་པ་ཞིག་དགོས་ཤིང་། གལ་ཏེ་དེ་ལྟར་མ་འབྱོངས་ཀྱི་བར་དུ་བློ་མ་སྦྱོང་ན། ད་ལྟར་མར་གྱུར་ཞེས་ཀྱང་ཆེ་རྒྱུ་མེད་པའི་སྐབས་འདི་ལྟ་བུའི་བློ་སྣ་འདི་ལ་འགྱུར་རྒྱུ་མེད་ན་ཇི་ལྟར་བྱས་ཀྱང་བྱང་ཆུབ་ཀྱི་སེམས་གཤའ་མ་ཞིག་རྒྱུད་ལ་མི་སྐྱེ་ཞིང་། དེ་མ་སྐྱེས་ན་ཆོས་གང་བྱས་ཐེག་ཆེན་གྱི་ཆོས་སུ་མི་འགྱུར་ལ། དེ་མ་གྱུར་ན་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྒྲུབ་པའི་མཐུ་ཞན་པ་ཡིན་པས། སེམས་ཅན་གྱི་གཞན་དོན་རྒྱ་ཆེན་པོ་ཞིག་མི་འགྲུབ། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་རྣམ་མཁྱེན་སངས་རྒྱས་ཀྱི་ཡེ་ཤེས་བརྙེས་ཐབས་མེད། དེའི་སྟབས་ཀྱིས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་མི་འགྲུབ་པ་ཡིན་པས་ན། སྙིང་རྗེའི་རྩ་བ་ཅན། ཐབས་ཀྱིས་ཁྱད་པར་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་འབྱོངས་བར་བྱས་ཏེ། རླབས་ཆེན་ཚོགས་གཉིས་ཀྱི་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་པ་དང་། དོན་གཉིས་ལྷུན་གྲུབ་ཀྱི་མངའ་དབང་འབྱོར་བར་བྱས་ནས། ཚད་མེད་སྙིང་རྗེའི་ཡུལ་གྱུར་གྱི་མཐའ་ཡས་འགྲོ་བའི་ཚོགས་འདི་དག་ཐམས་ཅད། གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བགྱི། དེའི་ཆེད་དུ་བདག་གིས་ཐོས་བསམ་སྒོམ་པའི་ཤེས་རབ་ཟབ་མོ་བསྒྲུབས་ཏེ། ཐབས་ཤེས་ཟུང་དུ་འབྲེལ་བས་ལམ་ཟབ་མོ་ཉམས་སུ་ལེན་དགོས་དགོངས་པ་དེ་ལྟ་བུའི་ཐུགས་འདུན་སྔོན་དུ་འགྲོ་བ་ཙམ་གྱིས་མི་ཚད། དེ་དང་མི་འབྲལ་པའི་ཉམས་བཞེས་བསྐྱངས་ན། གང་བྱས་བྱང་ཆུབ་ཀྱི་ལམ་དུ་འགྱུར་བ་ཞིག་གཞི་ནས་རེད་ཐུབ་པ་ཡིན། མདོར་ན་ཐེག་ཆེན་མདོ་སྔགས་ཀྱི་མན་ངག་ཐམས་ཅད་ཀྱི་གནད་བསྡུས་པ། དགོས་འདོད་དངོས་གྲུབ་ཐམས་ཅད་འབྱུང་གནས་ཀྱི་གཏེར་མཛོད་ཆེན་པོ། རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལ་སྐུལ་བའི་རྟེན་དམ་པ། རང་གཞན་དོན་གཉིས་ལྷུན་གྲུབ་ཀྱི་སྤྱི་སྟེགས་ཆེན་པོ་དེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་གཅིག་པུ་ཡིན་པར་ཤེས་པ་བྱས་ནས། འདི་ལ་སྦྱོང་བ་ནི་རྣམ་པ་ཀུན་ཏུ་གལ་ཆེ་བའི་ཚུལ་བསྐྱར་ཟློས་ཀྱིས་མ་ཞུས་ཀྱང་མཁྱེན་བཞིན་པ་ཡིན་ནའང་། འདི་ནི་མཁྱེན་པ་ཙམ་གྱིས་བསྐྱུར་ཆོག་པ་ཞིག་ཀྱང་མ་ཡིན་པར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ་ཞིག་གིས། ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་བསྐྱར་དུ་ལེན། ཉེས་ལྟུང་ཅི་བྱུང་རྣམས་བཤགས་ནས་སེམས་བསྐྱེད་བརྟན་པར་བྱ་དགོས་པ་ཞིག་ཡིན་པས། ནམ་དང་ནམ་དུ་ཡང་འདིའི་ཕྱོགས་ལ་བློ་སྦྱོང་བ་དེ་འབྲལ་ཐབས་མེད་པ་ཞིག་ཡིན་པ་དེའི་ཕྱིར་ན་ཐུགས་གསོས་དྲན་བསྐུལ་ལ་ནན་ཆེར་འཛིན་པ་ཡིན། རྒྱལ་སྲས་ཞི་བ་ལྷས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གདམས་ངག་ཚིག་གཅིག་གིས་ཆོག་པ་ཞིག་གསུངས་པ་དང་། ད་རུང་དེའི་གནད་བཀྲོལ་སྟེ། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་པ་དང་། ཡང་དེ་དཔེ་མང་པོ་ཞིག་གིས་བཤད་མི་དགོས་པའི་ཚུལ། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་པ་དང་། ཡང་དེ་དག་ཐམས་ཅད་ཀྱི་གནད་འགག་གི་རྩ་བ་ཚུར་བསྡུ་ན། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པས། འདི་ལྟར་འཁོར་བའི་གནས་ན་རྒྱུ་བའི་སེམས་ཅན་ཐམས་ཅད། བྲེལ་ལང་ནས་རྒྱུག་པ་ནི་ཐམས་ཅད་བདེ་བའི་དོན་ལ་རྒྱུག་པ་ཡིན་ལ། སེམས་ཅན་ཐམས་ཅད་ཐོག་མེད་ནས་མཐའ་མེད་ཀྱི་འཁོར་བའི་གནས་ལ་འཁྱམས་ཤིང་འཁོར་ནས་ཟད་མཐའ་མེད་པའི་དུས་སུ་ཐམས་ཅད་ཀྱིས་བསམ་པ་བདེ་བ་ཐོབ་ན་སྙམ་པ་ལས་སྡུག་བསྔལ་མྱོང་ན་སྙམ་པ་གཅིག་ཀྱང་ག་ལ་ཡོད། འོན་ཀྱང་བདེ་བ་དངོས་དེ་ངོས་མ་ཟིན་པ་དང་། དེ་སྒྲུབ་པའི་ཐབས་དེ་བས་ཀྱང་མ་ཤེས་མ་མཁས་ནས་འཁོར་བའི་སྡུག་བསྔལ་སྣ་ཚོགས་འདི་དབང་མེད་མི་འདོད་བཞིན་དུ་མྱོང་བ་འདི་ཡིན་ལ། ཟག་མེད་ཀྱི་བདེ་བ་འཕགས་པས་ཉམས་སུ་མྱོང་བ་དེ་མ་ཤེས་རུང་། ཟག་བཅས་ཀྱི་བདེ་བ་འཇིག་རྟེན་པ་རང་ཉིད་ཀྱིས་བདེ་བར་འཛིན་པའི་མཐོ་རིས་ཀྱི་བདེ་འབྱོར་ཇི་སྙེད་པ་ཞིག་ཡོད་པ་འདི་དག་ཀྱང་། རྒྱུ་ཅི་ལས་བྱུང་ན་གཞན་བདེ་འདོད་པ་ལས་འབྱུང་བ་དང་། འཇིག་རྟེན་ན་མི་འདོད་པའི་སྡུག་བསྔལ་ཞིག་ཡོད་པ་དེ་ཐམས་ཅད་ཀྱི་འབྱུང་རྩ་གནད་བསྡུ་ན་བདག་བདེ་འདོད་པ་ལས་བྱུང་བ་ཡིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཐོག་མེད་ནས་ད་ལྟའི་བར་དུ་རང་དོན་བསྒྲུབས་ནས་གཞན་ཡལ་བར་དོར་བས་མི་ཚད་པར་རང་དོན་ཉི་ཚེ་བ་ཞིག་འགྲུབ་ཆེད་དུ་གཞན་ལ་གནོད་སྐྱེལ་བ་ལའང་འཛེམ་བག་མེད་པའི་དཔེ་མཚོན་ཁེ་རུ་ཞིག་བཤད་ན། ཟས་གཞན་དག་ཡོད་བཞིན་དུ་ཤ་ཁྲག་གི་རྔམ་ཟས་ཟ་བའི་ཆེད་དུ། གཞན་གྱི་གཅེས་པའི་སྲོག་ཀྱང་གཅོད་པ་ལ་མ་འཛེམ་པ་ལྟ་བུ་དང་། ཐུབ་པ་བཅོམ་ལྡན་འདས་ཀྱིས་རང་དོན་ཡལ་བ་དོར་ནས་གཞན་དོན་མཛད་པས་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་སྟེ་འདི་གཉིས་ཀྱི་ཁྱད་པ་ལ་ལྟོས་དང་ཤེས་པ་ཡིན་ཅེས་པ་དང་། དེས་ན་གང་ཟག་གང་ཞིག་གིས་བདག་གིས་སྡུག་བསྔལ་མི་འདོད་པའི་ཕྱིར་ན་བདག་སྐྱོབ་པའི་ཆེད་དང་། གཞན་གྱིས་ཀྱང་དེ་བཞིན་དུ་སྡུག་བསྔལ་མི་འདོད་ལུགས་གཅིག་ཡིན་པའི་དབང་གིས་གཞན་དང་བཅས་པ་འཁོར་བའི་སྡུག་བསྔལ་ལས་མགྱོགས་པོར་བསྐྱབས་ནས་འཁོར་བའི་སྡུག་བསྔལ་མི་མྱོང་པའི་ཐབས་ཤིག་བྱེད་སྙམ་ན། བདག་གཞན་བརྗེ་བའི་གསང་བའི་མན་ངག་གི་གདམས་པ་ཁྱད་པར་ཅན་འདི་ལག་ཏུ་བླངས་ནས། དེ་ཇི་བཞིན་སྤྱད་པར་གྱིས་དང་བདག་གཞན་འཁོར་བའི་སྡུག་བསྔལ་ལས་བསྐྱབ་ཐུབ་པ་ཡིན་ནོ་ཞེས་པ་དང་། བདག་གཅེས་འཛིན་བྱེད་པ་འདི་མི་འདོད་རྒུད་པ་ཐམས་ཅད་ཀྱི་སྣ་འདྲེན་གྱི་སྒོ་ཡིན་པ་དང་། གཞན་གཅེས་འཛིན་བྱེད་པ་ནི་ལེགས་ཚོགས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་གནས་ཡིན་པ་སྟེ། དེ་ལྟར་བདག་གཞན་བརྗེ་བ་དང་། མ་བརྗེས་པའི་ཕན་ཡོན་དང་ཉེས་དམིགས་ཐོག་མར་བསམ་ཤེས་དགོས་པ་ཡིན། འོན་ཀྱང་ཐོག་མེད་ནས་བདག་གཅེས་འཛིན་ལ་གོམས་པ་ཤུགས་དྲག་ཆེ་བས་ན། གཞན་གཅེས་འཛིན་དང་། བདག་གཞན་མཉམ་པ་དང་། བདག་གཞན་བརྗེ་བ་དང་། བདག་ལས་གཞན་གཅེས་སོགས་ཁས་རྗོད་ཤེས་པ་ཙམ་དུ་ཡོད་ཀྱང་། དོན་ལག་ལེན་བྱེད་སར་འབབ་དུས་རང་གཞན་མང་པོ་ཞིག་གི་སྤྱོད་པས་དེ་བཞིན་སྤྱད་མ་ཐུབ་པ་ནི། གཙོ་བོ་སེམས་ཀྱི་བསམ་བློ་གཏོང་ཚུལ་ལ་རག་ལས་པ་སྟེ། དང་པོ་མགོ་ནས་བསམ་པ་བདག་གཞན་བརྗེ་བ་ལ་གོམས་པར་བྱེད་པ་གནད་ཆེ་སྟེ། གོམས་ན་སླ་བར་མི་འགྱུར་པའི་དངོས་པོ་ཞིག་མེད་ཕྱིར། ད་ལྟར་བདག་གཅེས་པ་ཤུགས་ཆེ་བ་དེ་ཡང་གོམས་པ་ཡུན་རིང་བའི་སྟོབས་ཀྱིས་སྤྱད་པ་ཞིག་ཡིན་པས། ད་བདག་གཞན་བརྗེ་བ་ལ་གོམས་སུ་བཅུག་ན། རིམ་གྱིས་བདག་བས་གཞན་གཅེས་པའི་གོམས་པ་རྒྱུད་ལ་སྐྱེ་ཐུབ་པ་ཡིན། དཔེར་ན། དགྲ་ཞེས་པ་མི་མཛའ་ཞིང་མི་དགའ་བ། མིང་གོ་བ་ཙམ་གྱིས་འཚིག་པ་ཟ་བའི་ཡིད་དུ་མི་འོང་བ། མ་མཐོང་ན་དགའ་བ་ཞིག་ཡོད་པ་དེ། ཉིན་ཞིག་ལ་མཛའ་ས་དགའ་སའི་གཉེན་ཉེ་བ་རུ་འགྱུར་བ་ཡང་གང་མང་མང་ཡོད་ཅིང་། དེའི་སྐབས་སུ་དེའི་མི་དེ་མ་མཐོང་ན་མི་དགའ་ཞིང་། མི་དེ་མེད་ན་ཐབས་མེད་ཡིད་དུ་འོང་བ་ཡང་འགྱུར་དུ་ཡོད་པ་དེ་ཡང་བསམ་བློ་གཏོང་ལུགས་དང་བློའི་གོམས་སྟོབས་ཀྱི་ཁྱད་པར་ལས་བྱུང་བ་ཡིན། དེས་ན་བདག་ལ་གཞན་དང་། གཞན་ལ་བདག་བཞིན་དུ་ལྟ་བ་དེ་ཡང་གོམས་པ་བརྒྱུད་ནས་སྐྱེ་ཐུབ་པར་གསུངས་པ་ཡིན། བདག་གཞན་བརྗེ་བ་ཞེས་པ་ངའི་ལུས་དང་མགོ་བོ་ལ་སོགས་ངའི་མ་ཡིན་ལ། གཞན་གྱིི་མིག་དང་རྣ་བ་ལ་སོགས་པ་ངའི་འོ་སྙམ་དུ་བརྗེ་བ་དེ་འདྲ་མ་ཡིན་པར། རང་གཅེས་པར་འཛིན་པའི་ཞེན་འཛིན་དང་། གཞན་ཡལ་བར་འདོར་བའི་ཇི་མི་སྙམ་པའི་བློ་ཞིག་ཡོད་པ་དེ་གཉིས་ཀའི་གོ་ས་བརྗེས་ནས། གཞན་ལ་དེ་སྔར་རང་ཉིད་ལ་འཛིན་པ་ལྟ་བུའི་གཅེས་པར་འཛིན། རང་ལ་དེ་སྔར་གཞན་ལ་འཛིན་པ་ལྟར་དུ་ཡལ་བར་འདོར་བ་ལ་ཞུམ་པ་མེད་པའི་བློ་ཞིག་བསྐྱེད་དགོས་པ་ཡིན། མི་རང་འདོད་ཅན་བདག་གཅིག་པུ་ལེགས་དགོས། བདག་གཅིག་པུ་ལ་ཡོད་དགོས། བདག་གཅིག་པུ་སྐྱིད་ན་བདེ་ན་གཞན་དག་མ་བདེ་ན་མ་སྐྱིད་ནའང་བླ་ཡི་ཟེར་བ་དང་། ད་རུང་དེས་མི་ཚད་པར་བདག་གཅིག་པུ་བདེ་བའི་ཆེད་དུ་ཁྱེད་གཞན་དག་ཚང་མས་སྡུག་མྱོང་དགོས་ཟེར་ན། དེ་རྣ་བར་མི་རན་ཞིང་། སུ་གཅིག་གི་ཡིད་ལ་ཡང་མི་འབབ་པ་ཡིན། དེ་འདྲའི་རང་འདོད་ཆེ་བ་དང་གཞན་ལ་བསམ་བློ་མི་གཏོང་པ་དེ་ཡོན་ཏན་མ་ཡིན་པར་སྐྱོན་གྱི་ངོ་བོ་ཡིན་པ་དང་། མི་སྤྱི་སེམས་ཅན། གཞན་ཕན་ཅན། སྡེ་ཡུལ་བའི་མགོ་འཛིན་གྱི་མི་ཡིན་ཡང་། ཁྱིམ་བཟའ་ཚང་གི་བཟའ་དཔོན་ཡིན་ཡང་། དགེ་འདུན་འདུས་པ་ཚོགས་པའི་འགན་བཞེས་པ་ཞིག་ཡིན་ཡང་། རང་དོན་ཡལ་བར་དོར་ནས། གཞན་རྣམས་ཀྱི་བདེ་ཐབས་འབའ་ཞིག་ལ་བསམ་བློ་གཏོང་ཞིང་། དེ་དང་མཐུན་པའི་བྱ་བ་དང་མཛད་པ་སྒྲུབ་པའི་བསམ་སྤྱོད་བཟང་པོ་དེ་ཡོན་ཏན་གྱི་ངོ་བོ་ཡིན་པ་བཞིན་དུ། བྱང་ཆུབ་སེམས་བསྐྱེད་ཀྱི་སྐབས་སུ་ཡིན་ཡང་། བདག་གཅེས་འཛིན་གྱི་བློ་དེ་སྐྱོན་ཆེན་པོ་ཞིག་ཡིན་པས་དེ་ལ་དགྲ་རུ་བལྟས་ནས་བདག་གི་བདེ་བ་འབའ་ཞིག་ལ་གནད་ཆེན་བརྩི་བ་དེ་བསྐྱུར་ནས། གཞན་གཅེས་འཛིན་བྱེད་པ་ཅི་འདྲའི་ཡོན་ཏན་རྨད་དུ་བྱུང་བ་ཞིག་གོ་སྙམ་ནས། དེ་སྔར་གཞན་གྱི་སྡུག་བསྔལ་ཡལ་བར་དོར་བའི་བློ་ངན་སྐྱོན་ཅན་ཞིག་ཡོད་པ་དེ་སྐྱུར་ཅི་ཐུབ་བྱས་ཚེ། བདག་གི་བདེ་བ་དོན་གཉེར་གྱི་ཚབ་དེ་གཞན་གྱི་བདེ་བ་དོན་གཉེར་གྱིས་ཡོང་བ་ཞིག་ནམ་ཞིག་རིམ་གྱིས་འབྱོངས་པ་ཡིན། འདིའི་སྐབས་སུ་མཚམས་རེར་བདག་གཞན་མཉམ་ཉིད་བསྒོམས་ན། བདག་གཞན་རིས་སུ་ཆད་པའི་བློ་སེལ་བའི་གེགས་སེལ་དང་། བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བའི་དགོས་པ་ཡོད་པར་བསླབ་བཏུས་ལས། བདག་གཞན་མཉམ་ཉིད་གོམས་བྱས་པས། །བྱང་ཆུབ་སེམས་ནི་བརྟན་པར་འགྱུར། །ཞེས་གསུངས་པ་ཡིན། བདག་གཞན་ཞེས་པ་དེ་ཡང་ལྟོས་ས་ལྟོས་འཇོག་གིས་བཞག་པ་ཆུའི་ཕ་རོལ་ལྟོས་ནས་ཚུར་རོལ་བཞག་པ་ལྟ་བུ་སྟེ། དེ་ཡང་ད་ལྟར་རང་རེ་ཡོད་སའི་སྲིབ་ས་འདིར་ཚུ་རོལ་ཟེར་ཡང་། ཕ་རོལ་དུ་སོང་ན་ཉིན་ས་དེ་ཚུ་རོལ་དང་། ད་ལྟའི་ཚུར་རོལ་འདི་ཕ་རོལ་ཏུ་འགྱུར་བ་བཞིན་དུ་ཕན་ཚུན་ལ་ལྟོས་ནས་བདག་གཞན་གྱི་བློ་སྐྱེས་པ་དེས་ན། བདག་ཅེས་པ་དེ་ཉིད་རང་བཞིན་གྱིས་མ་གྲུབ་པ་ལྟོས་ནས་བཏགས་པ་སྟེ། ངོ་མས་བཤད་ན་བདག་གཞན་དུ་འཛིན་པ་དེ་ནི་གཞི་མ་གྲུབ་པའི་འཁྲུལ་བ་ཞིག་ལས་མ་འདས། རྒྱུན་དང་ཚོགས་པ་ཡང་དེ་ལྟར་དུ་བློས་བཏགས་ཙམ་ཞིག་ཡིན་པའི་ངེས་པ་བསྐྱེད་ནས། དུས་རྒྱུན་དུ་ཡང་གཞན་གཅེས་འཛིན་གྱི་ཕན་ཡོན་དང་དགོས་པ་ཡང་ཡང་དྲན་པར་བྱས་ན། ཞུམ་པ་མེད་པའི་སྤྲོ་སེམས་ཀྱི་སྤོབས་པ་དེ་ལ་ཤུགས་སྐྱེས་ནས། གཞན་ཡལ་བར་འདོར་བའི་བློ་མ་སྐྱེས་པ་མི་བསྐྱེད། སྐྱེས་པ་རྒྱུན་མཐུད་དུ་མི་འཇུག་པར་རང་ལ་གཅེས་པར་འཛིན་པ་ལྟར་དུ་གཞན་ལ་ཡིད་འོང་གི་བློ་དང་གཅེས་སེམས་སྐྱེས་དུས་གཞན་གཅེས་པར་འཛིན་ནུས་པར་གསུངས་ཤིང་། འོན་ཀྱང་ད་ལྟའི་སྐབས་སུ་བདག་གི་བདེ་བ་དང་དགེ་བ་ཐམས་ཅད་གཞན་ལ་བཏང་ཞིང་། གཞན་གྱི་སྡུག་བསྔལ་དང་ཉེར་འཚེ་ཐམས་ཅད་རང་གིས་ལེན་པའི་ནུས་པ་མི་འདུག་ཀྱང་། བསམ་པས་སྨོན་པའི་རྗེས་འགྲོ་ཙམ་ཞིག་རྐྱེན་དང་མ་ཐུག་དུས་སྐབས་རེ་ཡོད་པ་དང་། སྦྱོར་བ་ལག་ལེན་གྱི་སྐབས་སུ་དེ་ལྟར་བདག་གཞན་བརྗེ་བའི་བློ་བརྟན་པོར་ཡིན་པ་ཅུང་ཟད་དཀའ་བར་ཡིན་པ་ད་ལྟའི་སྐབས་སུ་ཇི་ལྟར་དགོས་སྙམ་ན། དེ་ལྟ་བུའི་ནུས་པ་ཡོད་པ་དེ་སུ་ཞིག་ཡིན་ན་རྫོགས་པའི་སངས་རྒྱས་ཡིན་པས། ངས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཅི་ནས་ཀྱང་ཐོབ་དགོས། དེ་ཐོབ་པར་བླ་མ་དཀོན་མཆོག་གི་ཐུགས་རྗེས་གཟིགས། བྱིན་གྱིས་རློབས་སྙམ་པའི་འདུན་པ་སྙིང་ནས་བསྐྱེད་ན་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། བྱང་ཆུབ་མཆོག་གི་སེམས་དེ་ཉིད་རྒྱུད་ལ་བསྐྱེད་ནས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་ཐུབ་པའི་སྨོན་པ་ཇི་བཞིན་དུ་འགྲུབ་པ་ཡང་ཡོད་པ་ཡིན། དེ་ལ་སྔོན་དུ་ཚད་མེད་བཞི་བསྒོམས་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚུལ། ཀུན་མཁྱེན་ཆེན་པོས། སྒོམ་ཚུལ་གོ་རིམ་ངེས་པ་མེད་ན་ཡང་། །དང་པོའི་གང་ཟག་ཐོག་མར་བཏང་སྙོམས་ཏེ། །ཉེ་རིང་བསྙམས་ནས་དེ་ནས་གཞན་གསུམ་སྒོམས། །ཞེས་གསུངས་པ་ཡིན། སྤྱིར་ན་ཚད་མེད་བཞི་ཡང་ཚུར་བསྡུས་ན། བྱམས་སྙིང་རྗེ་གཉིས་ཀྱི་ཁོངས་སུ་འདུ་ཞིང་། ཐོག་མར་འདི་དང་དེ་ནས་འདིའོ་ཞེས་པའི་རེས་འཇོག་ཅན་མ་ཡིན་ནའང་ལས་དང་པོ་བས་ཉམས་ལེན་རྒྱུད་ཐོག་ལ་ཁེལ་སླ་བའི་ཆེད་དུ་དང་པོར་བཏང་སྙོམས་ནས་སྒོམ་ན་བཟང་བར་གསུངས་པ་དང་། རྒྱུ་འབྲས་མན་ངག་བདུན་ལྡན་དང་། ཚད་མེད་བཞིས་བློ་སྦྱོང་བ་གང་ཡིན་ཡང་། དང་པོར་བཏང་སྙོམས་ཀྱིས་སྙོམས་པར་བྱེད་པ་ཕྱག་ལེན་ལ་གཅིག་པ་དང་། བཏང་སྙོམས་སྒོམ་པའི་རྣམ་གྲངས་ཁྲིད་རྐང་བཅུ་གསུམ་གྱིས་སེམས་ཉིད་ངལ་གསོ་ལས་གསུངས་ཤིང་། བཏང་སྙོམས་བསྒོམས་པའི་ཕན་ཡོན་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་ནས་མ་སྐྱེས་མཉམ་པ་ཉིད་ཀྱི་རྟོགས་པ་སྐྱེ་བ་དང་། དེའི་འབྲས་བུ་ཉེ་རིང་རྙོག་པ་མེད་པའི་སེམས་སྐྱེ་ནས། ཀུན་རྫོབ་ཏུ་རང་གཞན་ཉེ་རིང་མེད་པ་དང་། དོན་དམ་དུ་གཉིས་སུ་མེད་པའི་གནས་ལུགས་ཆོས་ཉིད་ཀྱི་དོན་རྟོགས་པར་འགྱུར་བ་དང་། དེའི་རྗེས་ཐོག་ཏུ་བྱམས་པ་བསྒོམ་པར་གསུངས་ཤིང་། བཏང་སྙོམས་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་ནས། རང་གི་ཕ་མར་རང་ཉིད་ཀྱི་ངོས་ནས་བྱམས་ཤིང་ཡིད་དུ་འོང་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕ་མའི་བློ་བཞག་ནས་བྱམས་པ་བསྒོམ། བྱམས་པའི་དམིགས་རྣམ་ཡང་བདེ་བ་དང་མི་ལྡན་པའི་སེམས་ཅན་ཞིག་ལ་དམིགས་ནས། རྣམ་པ་དེའི་གནས་སྐབས་ལྷ་མིའི་བདེ་འབྲས་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བར་གྱི་བདེ་བ་དམ་པ་ཐོབ་པར་ཤོག་སྙམ་ནས་ནམ་མཁའི་མཐས་གཏུག་གི་སེམས་ཅན་ལ་སྒོམ་པ་བྱེད་པ་དང་། སེམས་ཅན་སུ་ཞིག་མཐོང་ན་ཡང་མས་བུ་གཅིག་མཐོང་བ་ལྟ་བུར་བྱུང་ན་བྱམས་པ་འབྱོངས་བ་ཡིན། དེའི་ཐོག་ཏུ་དམིགས་མེད་ཀྱི་བྱམས་པ་བསྒོམ་དགོས་པས། དེ་ཡང་བྱམས་པ་དང་སྟོང་པ་ཟུང་དུ་ཆུད་པ་སྟེ། སེམས་ཅན་དེ་སྣང་དུས་ནས་ཀྱང་བདག་དང་བདག་གིར་མི་དམིགས་པ་དཔྱད་ཅིང་གཞིག་ན་ངོ་བོ་ཉིད་ཀྱིས་སྟོང་པར་བསྒོམས་ན། དེ་འབྱོངས་པའི་རྟགས་སུ་བྱམས་པ་སྐྱེ་བཞིན་དུ་བདག་མེད་ཀྱི་ངོ་བོ་ཉིད་རྟོགས་པ་དེ་ཡང་དུས་མཉམ་དུ་འབྱུང་བ་ཡིན། དེ་ལྟར་བྱམས་པ་བསྒོམས་པའི་ཕན་ཡོན་བྱམས་ཆོས་ཡན་ཏན་བརྒྱད་ལྡན་ལ་སོགས་པ་འབྱུང་བ་དང་། དེ་ནས་སྙིང་རྗེ་སྒོམ་པ་ནི། ཀུན་མཁྱེན་ཆེན་པོས་སྙིང་རྗེ་སྒོམ་པ་དེ་ཁྲིད་རྐང་བདུན་དུ་བྱས་ནས་གསུངས་ཤིང་། བྱམས་པས་འགྲོ་བ་ཡོངས་ལ་ཁྱབ་པའི་རྗེས་ཐོག་དེར། འགྲོ་བའི་སྡུག་བསྔལ་བསམས་པས་སྣ་དྲངས་ནས་འདི་དག་གིས་བདག་ཅག་གི་ཕྱིར་དུ་སྡུག་བསྔལ་མང་པོ་ཇི་ལྟ་བུ་ཞིག་བསྒྲུབས་མེད། དེའི་སྡུག་བསྔལ་རྒྱུ་འབྲས་གཉིས་འབའ་ཞིག་ལ་སྤྱོད་པ་ལས། དེ་ལས་ཐར་བའི་ཐར་བ་ཡོད་མེད་ཙམ་ཡང་མི་ཤེས་པས་མ་ཟད། ཐར་བའི་ཐབས་ཀྱང་ཡང་སྒོས་སུ་མི་ཤེས་པ་ཡིན་པས། དེ་སྔར་ཐོག་མེད་ནས་འཁོར་བར་འདི་ལྟར་འཁྱམས་ནས་སྡུག་བསྔལ་མྱོང་བ་དང་། ད་རུང་ཡང་མཐའ་མེད་ཀྱི་བར་ལ་འདི་བཞིན་འཁོར་བར་འཁྱམས་ནས་སྡུག་བསྔལ་མྱོང་དགོས་སོ་སྙམ་ནས། དེ་ལུས་ཐོག་དང་སེམས་ཐོག་ཏུ་བླངས་ཏེ། སྐྱབས་མེད་མགོན་མེད་ཀྱི་སེམས་ཅན་འདི་དག་བློས་བཏང་ནས་རང་ཉིད་ཁོ་ནས་ཞི་བདེ་ཞིག་ཐོབ་པ་ལས་མ་ཐོབ་ན་དགའ་འོ། །དེ་ཐོབ་ན་ཐོབ་སྡུག་ཅིག་རེད་སྙམ་ནས། དམྱལ་བར་སྐྱེ་བ་འཁོར་བའི་གཏན་གེགས་མ་ཡིན་ལ་མ་སེམས་ཅན་ཐམས་ཅད་བློས་བཏང་ན་རང་ཉིད་ཞི་བར་གཞོལ་བ་ནི་དམྱལ་བ་ཐེངས་གཅིག་སྐྱེས་པ་བས་ཐ་ཆད་དོ་སྙམ་པའི་བློ་ཐག་གཏིང་ནས་ཆོད་པ་ཞིག་བྱས་ཏེ། ངས་སྐྱེ་བ་འདིའི་ཐོག་ནས་མ་རྒན་སེམས་ཅན་ཉམ་ཆུང་སྙིང་རྗེའི་ཡུལ་དུ་གྱུར་པ་འདི་དག་གི་དོན་ཞིག་ངེས་པར་དུ་བསྒྲུབ་དགོས། ད་ལྟ་ཉིད་དུ་བདག་གི་བདེ་བ་དང་དགེ་བ་ཡོད་ཚད་པོ་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཐོབ་ནས། དེ་རྣམས་སྡུག་བསྔལ་དེ་དང་དེ་དག་བྲལ་ཏེ། བདེ་བ་ཚད་མེད་པའི་དགའ་སྟོན་ལ་དུས་རྟག་ཏུ་སྤྱོད་པར་ཤོག་སྙམ་སྟེ་བསྒོམས་ན། ནམ་ཞིག་གཞན་སེམས་ཅན་ལ་བྱུང་བའི་སྡུག་བསྔལ་དེ་རང་གི་ལུས་སེམས་ཀྱི་ཐོག་ལ་བྱུང་བ་ལས་ཀྱང་བཟོད་དཀའ་བའི་ཚོར་སྣང་གིས་བདག་གཞན་མཉམ་པ་དང་བདག་གཞན་བརྗེ་བ་ལ་སོགས་རིམ་གྱིས་བྱུང་ན་སྙིང་རྗེ་འབྱོངས་བའི་རྟགས་ཡིན་ནོ། །དེ་ལྟར་དམིགས་པ་དང་བཅས་པའི་སྙིང་རྗེ་སྒོམ་པའི་ཐུན་མཚམས་ཐམས་ཅད་ལ་དམིགས་མེད་ཀྱི་སྙིང་རྗེ་བསྒོམ་དགོས་ཏེ། དེ་ཡང་ཇི་ལྟར་ཞེ་ན་གང་སྙིང་རྗེའི་ཡུལ་གྱུར་གྱི་སེམས་ཅན་ཡང་། བརྟགས་ཤིང་དཔྱད་ན་རང་བཞིན་གྱིས་མེད་ཅིང་འཁྲུལ་ངོར་སྣང་བ་སྨིག་རྒྱུའི་ཆུ་དང་མཚུངས་པར་བསྒོམས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཁོང་དུ་ཆུད་ནས་སྟོང་དང་སྙིང་རྗེ་ཟུང་དུ་འབྲེལ་བ་ཡིན་ནོ། །སྟོང་དང་སྙིང་རྗེ་ཟུང་དུ་མ་འཇུག་ན་ཅིག་ཤོས་ཀྱིས་དོན་མི་འགྲུབ་སྟེ། གྲུབ་ཆེན་ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །ཞེས་གསུངས་པ་ཡིན། འོ་ན་ཇི་ལྟར་བྱ་དགོས་ཤེ་ན། ཡང་གསུངས་པ། གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་པས་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་ན། སྙིང་རྗེས་ཞི་ལ་མི་གནས་ཤིང་། ཤེས་རབ་ཀྱིས་སྲིད་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན། སྙིང་རྗེའི་འབྲས་བུ་གནོད་སེམས་དང་རྣམ་འཚེ་མེད་པ་ནས་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། དེ་ལྟར་སྙིང་རྗེས་རྒྱུད་བརླན་པའི་དབང་གིས་དེའི་འཕྲོར་དགའ་བའི་དམིགས་པ། སེམས་ཅན་ཐམས་ཅད་ལ་དམིགས་པ་དང་། རྣམ་པ་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་འདོད་པ་སྟེ། སེམས་ཅན་བདེ་བ་དང་ལྡན་པ་གཅིག་ནས་མང་པོ། མང་པོ་ནས་མཐའ་ཡས་པའི་སེམས་ཅན་ཡོངས་ལ་ཁྱབ་པའི་བར་དུ་བསྒོམ་པར་བྱའོ། །དགའ་བ་འབྱོངས་པའི་རྟགས་ནི་གཞན་གྱི་བདེ་འབྱོར་ཇི་ཙམ་མཐོང་ཡང་ཕྲག་དོག་མེད་པར་དགའ་བ་དམ་པ་མཆོག་ཏུ་གྱུར་པ་གཞན་བདེ་ན་སྐྱིད་ན་དགའ་བའི་དགའ་བ་དེ་འདྲ་ཞིག་སྐྱེས་ན་འབྱོངས་པའི་ཚད་ཡིན་ནོ། །དམིགས་བཅས་ཀྱི་དགའ་བ་དེ་ལྟར་བསྒོམས་པའི་རྗེས་ཐོག་ཏུ་ཡང་དམིགས་མེད་ཀྱི་དགའ་བ་བསྒོམ་དགོས་པས། དགའ་བ་བསྒོམ་པའི་ཡུལ་གྱི་སེམས་ཅན་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམ་དགོས་སོ། །དེ་ལྟར་ཚད་མེད་བཞི་བོ་ལ་གོམས་པ་བརྟན་ཚེ། ཡང་བྱམས་པ་ནས་མགོ་བཟུང་སྟེ་བསྒོམ་དགོས་སོ། །ཡང་མཐའ་གཅིག་ཏུ་གོ་རིམ་ལ་དག་གྲོལ་དུ་མི་འཛིན་པར། དེའི་སྐབས་སུ་བྱམས་པའི་གེགས་དེ་སྙིང་རྗེས་འགོག སྙིང་རྗེའི་གེགས་དེ་དགའ་བས་འགོག དགའ་བའི་གེགས་དེ་བཏང་སྙོམས་ཀྱིས་འགོག བཏང་སྙོམས་ཀྱི་གེགས་དེ་བྱམས་པས་འགོག་སྟེ་སྒོམ་ཚུལ་ཡང་གསུངས་ཤིང་། ཚད་མེད་བཞི་ལ་གེགས་ཅི་ཞིག་ཡོད་སྙམ་ན། བྱམས་པས་ཐེར་ཟུག་ཏུ་ཕ་མ་ལྟར་ཞེན་པ་དང་། སྙིང་རྗེས་རང་མཚན་དུ་ཞེན་པ། དགའ་བས་གཞན་གྱི་དགའ་བདེ་ལ་ཆགས་པ་སྐྱེ་བ། བཏང་སྙོམས་ལུང་མ་བསྟན་དུ་སོང་བའི་གེགས་དེ་དག་གཅིག་གིས་གཅིག་གི་གེགས་སེལ་བའི་ཉམས་ལེན་དང་། ཕན་ཡོན་རྒྱུ་འབྲས་ཀྱི་གྲུབ་ཚུལ་དང་བཅས་པའི་སྐོར་རང་ལུགས་ཐུན་མིན་གྱི་མན་ངག་སྐབས་སུ་བབ་ན་ཞིབ་པར་ཞུ་ཆོག་གོ །དེ་ལྟར་ཚད་མེད་རྣམ་བཞིས་སེམས་རྒྱུད་ལེགས་པར་སྦྱངས་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དངོས་ལ་ཞུགས་ནས། དེའི་འཕྲོར་སྨོན་འཇུག་སོ་སོའི་བསླབ་བྱ་ཇི་བཞིན་དུ་སྤང་བླང་འདོར་ལེན་མ་ནོར་པའི་ཐོག་ནས་མྱུར་དུ་བླ་མེད་རྫོགས་བྱང་སྒྲུབ་པའི་ཐེག་ཆེན་མདོ་སྔགས་གཉིས་ཀྱི་གཞུང་རྟའི་སྐོར་ནས། བསྙེལ་གསོའི་དྲན་བསྐུལ་དུ་མདོ་རྩ་དུམ་བུ་དུམ་བུ་རེ་ཞུས་པ་དང་བཅས་ཏེ། སྐབས་དོན་གང་ཅིག་གསན་པར་བྱ་བ། རྒྱལ་བ་ཀློང་ཆེན་པའི་བཀའི་གསུང་མཛོད་ཆེན་མོ། རྫོགས་ཆེན་བཅུ་བདུན་བརྒྱུད་ཀྱི་ཡང་བཅུད། ཀློང་ཆེན་མཛོད་བདུན་ལས། ཀུན་གྱི་དྭངས་མའི་སྲོག་ལྟ་བུའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་འདིའི་འགྲེལ་བ་ལུང་གི་གཏེར་མཛོད་འཆད་བཞིན་པ་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པ་ལ་རྩོལ་བ་དང་སྒྲུབ་པ་མེད་པར་ཡང་སངས་རྒྱས་པར་བསྟན་པའི་ལེའུ་འདིའི་སྤྱི་ཆིངས་དང་པོ་ངོ་བོ་སྤྱིར་བསྟན་པ་སོང་སྟེ། གཉིས་པ་འཐད་པ་བྱེ་བྲག་ཏུ་བཤད་པ་ལ་རྣམ་གྲངས་གསུམ་ཡོད་པའི་དང་པོ། རང་བྱུང་གི་ཡེ་ཤེས་ཉིད་རང་གི་རྩལ་ལས་རོལ་བར་ཤར་བས་སྒྲིབ་པ་དང་། དེ་བསལ་བའི་འཐད་པ་བགོད་པ་སྟེ་ནང་གསེས་ཀྱི་དབྱེ་བ་དང་བཅས་པ་སོང་མ་ཐག་པའི་མཚམས་ཀྱི། དེ་རིང་འཐད་པ་བྱེ་བྲག་ཏུ་བཤད་པའི་ནང་གསེས། གཉིས་པ་གདོས་བཅས་ལུས་རྒྱ་དང་བྲལ་བས་རང་ངོ་རྟོགས་པའི་རྣལ་འབྱོར་པ་སངས་རྒྱས་ཐོབ་པའི་འཐད་པ་བསྟན་པ།

༼ཁ གཉིས་པ་གདོས་བཅས་ལུས་རྒྱ་དང་བྲལ་བས་རང་ངོ་རྟོགས་པའི་རྣལ་འབྱོར་པ་སངས་རྒྱས་ཐོབ་པའི་འཐད་པ་བསྟན་པ།

དེ་ལ་དངོས་དང་། ཕྱི་ནས་དོན་ཇི་ལྟར་མཛད་ཚུལ་དང་གཉིས་ལས།

༡༽དང་པོ་གདོས་བཅས་ལུས་རྒྱ་དང་བྲལ་བས་རང་ངོ་རྟོགས་པའི་རྣལ་འབྱོར་པ་སངས་རྒྱས་ཐོབ་པའི་འཐད་པ་བསྟན་པ་དངོས།

གདོས་བཅས་ལུས་རྒྱ་དང་བྲལ་བས་རང་ངོ་རྟོགས་པའི་རྣལ་འབྱོར་པ་སངས་རྒྱས་ཐོབ་པའི་འཐད་པ་བསྟན་པ་ནི།

གཉིས་སྐྱེས་སྒོ་ངའི་ནང་ནས་འདབ་རྒྱས་པ།།

སྒོང་རྒྱས་འཐུམས་ལྟར་ད་ལྟར་མི་སྣང་ཡང་།།

སྒོང་རྒྱ་རལ་བས་མཁའ་དཀྱིལ་ལྡིང་བ་ལྟར།།

གཟུང་འཛིན་འཁྲུལ་རྟོག་ཟག་པ་སྔར་ཟད་ཀྱང་།།

ཟག་འབྲས་ལྷག་བཅས་སྒོང་རྒྱ་རལ་མ་ཐག།

ལྷུན་གྲུབ་རིག་པ་རང་གསལ་རང་ལ་འཆར།།

སྐུ་དང་ཡེ་ཤེས་སྣང་བས་མཁའ་དབྱིངས་ཁྱབ།།

རང་ངོ་ཤེས་པས་ཀུན་བཟང་ཀློང་དུ་གྲོལ།།

ཞེས་གསུངས་ཏེ། ཁྱུང་གི་ཕྲུ་གུ་ནི་སྒོ་ངའི་ནང་ནས་འདབ་གཤོག་རྫོགས་པས། སྒོང་རྒྱ་ལས་གྲོལ་མ་ཐག་ནམ་མཁར་ལྡིང་ནུས་པ་ལྟར། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཡང་། གདོས་བཅས་ཀྱི་ལུས་རྒྱ་ནས་རྟོགས་པའི་འདབ་གཤོག་རྫོགས་ཏེ། གཟུང་འཛིན་འཁྲུལ་བ་ལ་བདག་ཏུ་འཛིན་པའི་ཟག་པ་ཚེ་འདིར་ཟད་ཀྱང་། གདོས་བཅས་ཟག་འབྲས་རྣམ་སྨིན་སྐྱེས་ཀྱི་ཆ་དོར་བྱར་ལུས་པ་འདི་དང་མ་བྲལ་བས། སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་དངོས་སུ་རྒྱ་ཆེར་སྣང་བར་མ་ནུས་ཀྱང་། གདོས་པ་དང་བྲལ་དུས་ཆོས་ཉིད་དག་པའི་བར་དོར་རང་སྣང་སྐུ་དང་ཡེ་ཤེས་ཀྱི་སྣང་བས་གང་བ་འཆར་བ་ལ་རང་ངོ་ཤེས་པས། ཀུན་ཏུ་བཟང་པོའི་ཀློང་དུ་གྲོལ་བ་ནི། སེང་གེ་རྩལ་རྫོགས་ལས། ང་བདག་འཛིན་པ་མེད་ན་ཆོས་ཉིད་མ་དང་འཕྲད། །འབྱུང་བའི་མདུད་པ་གྲོལ་ན་འཛིན་པའི་བརྟོད་ཕུར་ཐེངས། །བག་ཆགས་སྦུབས་དང་བྲལ་ན་ཆོས་ཉིད་དབྱིངས་སུ་འཁྱིལ། །ཡེ་ཤེས་རང་སྣང་མཐོང་ན་འབྱུང་བའི་གདོས་ཐག་ཆོད། །སྣང་བའི་སྒྲིབ་ཤིང་མེད་ན་ཡེ་ཤེས་མཐའ་ལ་གསལ། །ཞེས་པ་དང་། སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་སྣང་བ་གནས། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་རྟོག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་དང་། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཞེས་སོ། །དེ་ལྟ་བུའི་རྣལ་འབྱོར་པ་ནི་ལུས་མིར་སྣང་ཡང་དགོངས་པ་སངས་རྒྱས་སུ་དག་པས་བྱ་བ་རྫོགས་པའི་སྤྲུལ་སྐུ་ཞེས་བྱ་སྟེ། ད་ལྟ་འཁོར་ཚོམ་བུ་རེའི་དོན་བྱེད་ལ། ཕྱི་ནས་ནམ་མཁའི་མཐའ་མཉམ་གྱི་ལུས་ཅན་ཀུན་གྱི་དོན་བྱེད་པའོ། །ཀུན་བྱེད་ལས། ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །དེ་ཡིས་སེམས་ཅན་དོན་བྱས་ནས། །རྩོལ་སྒྲུབ་མི་བྱེད་བདེ་བར་གནས། །ཞེས་པ་དང་། རང་ཤར་ལས། བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། །རང་གི་རྒྱུད་འགྲོལ་མངོན་སངས་རྒྱས། །དེ་ནས་སྤྲུལ་པ་འགྱེད་པའོ། །ཕྱི་ནང་བྱ་བ་རྫོགས་པ་དང་། །བྱ་བ་རྫོགས་པའི་སྤྲུལ་སྐུར་འདོད། །ཅེས་སོ། །སྒོང་སྐྱེས་ཐམས་ཅད་སྐྱེ་བ་ལན་གཉིས་སུ་འབྱུང་བས་གཉིས་སྐྱེས་ཏེ། དེ་འདྲའི་གཉིས་སྐྱེས་མཁའ་ལྡིང་ཁྱུང་གི་ཕྲུ་གུ་སྒོ་ངའི་ནང་ནས་འདབ་གཤོག་རྒྱས་ཏེ་ལུས་ཀྱི་རྩལ་རྫོགས་པ་དེ། སྒོ་ངའི་ནང་ན་ཡོད་དུས་མི་མཐོང་མི་མངོན་པ་ཡིན་ན་ཡང་། སྒོང་རྒྱ་རལ་མ་ཐག་ཏུ་སྟོབས་ཀྱིས་མཁའ་དབྱིངས་སུ་ལྡིང་བ་ལྟར་དུ། རྣལ་འབྱོར་པ་ཚེ་འདིར་གྲོལ་བ་དེ། གཟུང་འཛིན་འཁྲུལ་རྟོག་གི་བདག་འཛིན་གྱི་ཟག་པ་ཚེ་འདིར་ཟད་ཀྱང་། ཟག་འབྲས་སྔ་མའི་ལས་ཀྱིས་འཕངས་པའི་ཉེར་ལེན་རྣམ་སྨིན་གྱི་ཕུང་པོ་ད་རུང་དོར་བྱར་ལུས་པ་འདི་དང་བྲལ་ཡོད་པ་མིན་ཕྱིར། ཕར་བལྟ་ས་ན་སྔར་གྱི་མི་དེ་ཡིན་པ་ལྟར་དུ་ཡོད་པའི་ལུས་མི་རུ་གྲུབ་ཀྱང་དགོངས་པ་སངས་རྒྱས་ཡིན་པས། སྒོང་རྒྱ་རལ་བ་ལྟ་བུའི་ལུས་གདོས་བཅས་འདི་དང་བྲལ་མ་ཐག་ཏུ་ལྷུན་གྲུབ་ཀྱི་རིག་པ་རང་གསལ་རང་ཆས་སུ་ཡོད་པའི་གནད་ཀྱིས་ཆོས་ཉིད་དག་པའི་བར་དོ་ལ་ལྷུན་གྲུབ་ཀྱི་སྣང་བ་ཤར་དུས། སྐུ་དང་ཡེ་ཤེས་ཀྱི་སྣང་བས་མཁའ་དབྱིངས་ཁྱབ་པ་དེའི་རང་ངོ་ཤེས་ཏེ། ཀུན་བཟང་དགོངས་པའི་ཀློང་དུ་དབྱེར་མེད་དུ་གྲོལ་ནས་གདུལ་བྱའི་འགྲོ་དོན་རྒྱུན་མི་ཆད་པར་མཛད་པ་ཡིན་ནོ། །འདི་ལྟ་བུའི་རྣལ་འབྱོར་པས་ད་ལྟར་ཚེ་འདི་ལ་དངོས་སུ་འཁོར་ལས་ཅན་སྨོན་ལམ་མཐུན་པའི་ཚོམ་བུ་རེའི་དོན་བྱེད་ཅིང་། བརྒྱུད་ནས་མཐའ་ཡས་སེམས་ཅན་གྱི་ཕན་བདེའི་གཞི་བསྐྲུན་པ་ལས། ཕྱི་ནས་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་གྱི་དོན་རྟག་ཆད་ལྷུན་གྲུབ་ཏུ་དངོས་སུ་འབྱུང་བས་ན་བྱ་བ་རྫོགས་པའི་སྤྲུལ་སྐུ་ཞེས་བྱའོ།།

༡༽གཉིས་པ་ཕྱི་ནས་དོན་ཇི་ལྟར་མཛད་ཚུལ།

ཕྱི་ནས་དོན་མཛད་ཚུལ་ནི།

ཕྱོགས་བཅུར་ཐུགས་རྗེའི་རོལ་པ་ཚད་མེད་པས།།

སྤྲུལ་པ་འཕྲོ་བས་འགྲོ་བའི་དོན་ཀུན་མཛད།།

འཁོར་བ་ཇི་སྲིད་མཛད་པ་ཉེ་བར་སྟོན།།

འདི་ནི་རང་བཞིན་བབས་ཀྱི་ངོ་བོ་ལས།།

རྩལ་གྱི་ཐུགས་རྗེ་ཕྱོགས་མེད་ཤར་བ་ལས།།

རོལ་པས་གཞན་དོན་ཕུན་སུམ་ཚོགས་པ་ཡིན།།

ཞེས་གསུངས་ཏེ། རང་སྣང་མངོན་པར་བྱང་ཆུབ་བདེ་བའི་ཚེ། ཆོས་ཉིད་བར་དོའི་སྣང་བ་ཀ་དག་གི་ཆོས་སྐུར་ཐིམ་ནས། དབྱེར་མེད་ཆོས་སྐུ་ཉག་གཅིག་ཏུ་གནས་ཏེ། སྐུ་གདུང་འབར་བ་ལས། དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་དང་། གདུལ་བྱའི་ལས་འཕྲོ་དག་པ་སངས་རྒྱས་མཐོང་བའི་དགེ་བའི་རྩ་བ་བསྐྲུན་པའི་འགྲོ་བ་རྣམས་ཀྱི་འཇིག་རྟེན་དུ་གང་ལ་གང་འདུལ་བའི་སྤྲུལ་པ་ཚད་མེད་པ་འཕྲོ་བ་ནི་ཐུགས་རྗེའི་རོལ་པ་སྟེ། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་དུ་ཤར་ནས་གཞན་དོན་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བ་ཡིན་ནོ། །དེ་ཡང་འབད་པ་དང་རྩོལ་བ་མེད་པར་ལྷུན་གྲུབ་ཏུ་འབྱུང་བ་སྟེ། ཀློང་དྲུག་པ་ལས། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པར། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང་། །ཉི་མ་ལས་ནི་འོད་བཞིན་དུ། །རང་གིས་བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང་། །ཞེས་སོ། །ཁྱུང་ཕྲུག་སྒོ་ངའི་ནང་ནས་གཤོག་སྒྲོ་རྒྱས་པ་ལྟར་དུ་རང་སྣང་མངོན་པར་བྱང་ཆུབ་པ་དགོངས་པ་སངས་རྒྱས་སུ་གྱུར་པ་དེའི་སྐབས་སུ། ལུས་རྒྱ་གྲོལ་མ་ཐག་པའི་ཆོས་ཉིད་བར་དོའི་སྣང་བ་ལ་རང་སྣང་རང་ངོ་ཤེས་ཏེ་ཁྱད་ཆོས་རྣམ་པ་དྲུག་གིས་ཀ་དག་གི་ཆོས་སྐུར་དབྱེར་མེད་དུ་གནས་པ་ཡིན་ཡང་། ཆོས་སྐུའི་དགོངས་པ་ལས་མ་གཡོས་བཞིན་དུ་ལྷུན་གྲུབ་རང་ཆས་ཀྱི་ཐུགས་རྗེ་དང་། གདུལ་བྱའི་ལས་འཕྲོ་དག་པའི་བསོད་ནམས་གཉིས་ཀ་འཛོམས་འཕྲོད་ན་ཕྱོགས་བཅུར་ཐུགས་རྗེའི་རོལ་བ་ཚད་བཟུང་རིས་སུ་ཆད་པ་མེད་པས་ན། སངས་རྒྱས་མཇལ་བའི་དགེ་རྩ་སྔོན་སོང་ཡོད་པའི་གདུལ་བྱའི་འགྲོ་བའི་ངོ་སྐལ་དུ་གང་ལ་གང་འདུལ་གྱི་སྤྲུལ་བ་སྣ་ཚོགས་གཅིག་ཏུ་མ་ངེས་པར་འཕྲོ་བས་འགྲོ་བའི་དོན་ཀུན་མཛད་པ་སྟེ། དེ་ཡང་ཉི་ཚེ་བ་ཙམ་མ་ཡིན་པར་ཡུལ་མཐའ་ཡས་མུ་མེད་པའི་ཞིང་ཁམས་རྣམས་སུ། དུས་འཁོར་བ་ཇི་སྲིད་ཀྱི་བར་དུ་ཕན་དང་བདེ་བའི་འཕྲིན་ལས་ཀྱི་མཛད་པ་རྒྱུན་མི་ཆད་པར་ཉེ་བར་སྟོན་པ་ཡིན་ལ། འདི་ནི་འབད་པ་དང་རྩོལ་བ་ཅན་མ་ཡིན་པའི་རང་བཞིན་བབས་ཀྱི་ངོ་བོ་ཆོས་སྐུ་མི་འགྱུར་བའི་དབྱིངས་ཉི་མ་ལྟ་བུ་དེ་ལས། རྩལ་རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉི་མ་ཡོད་དུས་ཟེར་ལོགས་ནས་འཚོལ་མི་དགོས་པ་ལྟ་བུའི་ཐུགས་རྗེའི་འོད་ཟེར་རྒྱུན་ཆད་མེད་པ། རོལ་བ་དེ་ལས་གདུལ་བྱའི་འགྲོ་བ་གང་ལ་གང་གིས་འདུལ་བའི་ཕན་བདེ་འབྱུང་བ་ཡིན་ནོ། །ད་ནི་འཐད་པ་བྱེ་བྲག་ཏུ་བཤད་པའི་ནང་གསེས།

༼ག གསུམ་པ་སངས་རྒྱས་ནས་ཐུགས་རྗེས་འགྲོ་བའི་དོན་འབྱུང་བའི་འཐད་པ་བསྟན་པ།

དེ་ལ་སངས་རྒྱས་ནས་ཐུགས་རྗེས་སེམས་ཅན་གྱི་དོན་འབྱུང་བའི་འཐད་པ་དངོས་བསྟན་པ་དང་། དབྱིངས་ལས་མི་གཡོ་བར་རོལ་པས་དོན་མཛད་པའི་ཚུལ་དང་གཉིས་ལས།

༼༡ དང་པོ་སངས་རྒྱས་ནས་ཐུགས་རྗེས་སེམས་ཅན་གྱི་དོན་འབྱུང་བའི་འཐད་པ་དངོས་བསྟན་པ།

སངས་རྒྱས་ནས་ཐུགས་རྗེས་སེམས་ཅན་གྱི་དོན་འབྱུང་བའི་འཐད་པ་ནི།

མ་དག་ཆ་བཅས་རོལ་པ་ཉེར་ཞི་ཡང་།།

མ་དག་འགྲོ་ལ་སྤྲུལ་པ་སྣང་བ་ནི།།

སྟོན་པ་ཇི་བཞིན་ཤུགས་ཀྱི་ཐུགས་རྗེ་དང་།།

འགྲོ་སེམས་གཙང་མའི་ལས་སྨོན་དག་པས་འཆར།།

ཞེས་གསུངས་ཏེ། ཆོས་ཀྱི་སྐུ་རུ་གཅིག་ཏུ་ཞི་བར་བཞུགས་པ་དེའི་ཚེ། རང་ངོ་སྣང་མི་སྣང་དང་བྱ་བྱེད་ལས་འདས་པས་སྣང་བའི་ཕྱོགས་ལས་ལོག་ཅིང་། འཁྲུལ་སྣང་ཆ་དང་བཅས་པ་སྤངས་ལ། མི་སྣང་བས་འཁྲུལ་སྣང་གི་སྣོད་བཅུད་རང་ངོ་ན་མེད་དེ། བད་ཀན་ལོག་པས་རབ་རིབ་དང་སྐྲ་ཤད་དང་དུང་སེར་འཛིན་གྱི་སྣང་བ་ལོག་ནས་རང་ངོར་མི་སྣང་བ་བཞིན་དུ། འཁོར་བའི་འཁྲུལ་སྣང་ཆ་དང་བཅས་པ་གཟིགས་ཡུལ་རང་མཚན་དུ་མེད་དོ། །དེ་ལྟ་བུའི་ནང་གསལ་ཆོས་ཀྱི་སྐུའི་དབྱིངས་གཅིག་ཏུ་ཞི་བར་བཞུགས་པ་དེའི་ཚེ་ན། ཀ་དག་རང་ངོ་ལ་བྱ་བྱེད་ལ་སོགས་པའི་མཐའ་ལས་འདས་ནས་གཉིས་འཛིན་མེད་པས་གཉིས་སྣང་ནུབ་པ་ནི། མཁྲིས་ནད་མེད་པའི་མིག་སྔར་དུང་སེར་པོར་མི་སྣང་པ་དང་། རབ་རིབ་མེད་པའི་མིག་སྔར་སྐྲ་ཤད་ཀྱི་སྣང་བ་མེད་པ་ལྟར་དུ། འཁྲུལ་སྣང་མེད་པའི་རང་ངོ་ན་འཁྲུལ་སྣང་རང་མཚན་པ་མི་འཆར་ན་ཡང་། སེམས་ཅན་ལ་ཐུགས་རྗེས་གཟིགས་པ་འཇུག་པའི་སྐབས་སུ་ཐམས་ཅད་མཁྱེན་པ་ཡིན་ཕྱིར་འགྲོ་བའི་ལས་དང་སྡུག་བསྔལ་ཇི་བཞིན་དུ་གཟིགས་ཤིང་། དེ་ཡང་འཁྲུལ་སྣང་རང་མཚན་དུ་གཟིགས་པ་མིན་པ་ནི། དེ་ལྟར་དུ་མེད་ཀྱང་སེམས་ཅན་ལ་ཐུགས་རྗེའི་གཟིགས་པ་འཇུག་པ་འདི་ལ། ཁ་ཅིག་གི་འདོད་པས་སེམས་ཅན་གྱི་སྨོན་ལམ་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་ལས་གཞན་སྣང་དུ་གཟུགས་སྐུ་སྣང་ཡང་སངས་རྒྱས་ལ་གཏན་ནས་མི་སྣང་བས་སེམས་ཅན་མི་གཟིགས་སོ་ཞེས་ནམ་མཁའ་ལྡིང་གི་མཆོད་སྡོང་དང་ནོར་བུ་དང་དཔག་བསམ་གྱི་ཤིང་གི་དཔེ་འགོད་པའང་ཕྱོགས་གཅིག་ཏུ་འཁྲུལ་བ་རང་ངོར་མི་སྣང་བ་དེ་འཐད་ཀྱང་། གདུལ་བྱ་མི་མཁྱེན་པ་དེ་ཤིན་ཏུ་མི་འཐད་དེ། ཐམས་ཅད་མཁྱེན་པ་དང་འགལ་ཞིང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མེད་པའི་སྐྱོན་ཡོད་དོ། །ཁ་ཅིག་ནི་འཁྲུལ་སྣང་རང་མཚན་དུ་གཟིགས་ནས་དོན་མཛད་པར་འདོད་པའང་། གདུལ་བྱ་མཁྱེན་ངོས་དེ་འཐད་ཀྱང་འཁྲུལ་བ་རང་མཚན་པ་རང་ངོ་ན་སྣང་བ་དེ་ཤིན་ཏུ་མི་འཐད་དེ། ཞིང་དག་པའི་སྦྱོར་བ་མ་རྫོགས་པར་ཐལ་ཏེ། མ་དག་པའི་འཁྲུལ་སྣང་སྣང་བའི་ཕྱིར་དང་། གནས་གྱུར་ཁྱད་པར་ཅན་མ་ཐོབ་པར་ཐལ་ཏེ། འཛིན་བཅས་དབང་པོ་ལྔའི་སྣང་ཡུལ་འཁྲུལ་བ་མ་དག་པའི་ཕྱིར་རོ། །འདོད་ན་སྒྲིབ་པ་མ་དག་པའི་སངས་རྒྱས་སྲིད་པར་ཐལ་བའི་སྐྱོན་ཡོད་ལ། དག་པ་ས་གསུམ་ནས་འཁྲུལ་སྣང་གནས་གྱུར་ཏེ་ཞིང་དག་པར་བཤད་ན། སངས་རྒྱས་ཀྱི་ས་ལ་ལྟ་ཅི་སྨོས་ཏེ། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིས་གནས། །ཞེས་པས་གསལ་ལོ། །འདི་ནས་ཕྱོགས་གཉིས་ཀྱི་འདོད་པ་བཀག་པ་སྟེ། དེ་ལས་ཁ་ཅིག་གིས་ནམ་མཁའ་ལྡིང་གི་མཆོད་སྡོང་དང་ནོར་བུ་སོགས་སུ་དཔེ་བྱས་ནས། སངས་རྒྱས་ཀྱི་བྱིན་རླབས་དང་སྨོན་ལམ་གྱི་དབང་གིས་གདུལ་བྱ་གཞན་སྣང་ལ་གཟུགས་སྐུར་སྣང་ཞེས་པ་ལ། གདུལ་བྱར་དགོས་འདོད་རྒྱུན་མི་ཆད་པར་འབྱུང་བ་དང་། འཁྲུལ་བ་རང་ངོ་ན་མེད་པ་དེ་དག་ཡང་དག་ཡིན་ལ། འོན་ཀྱང་གདུལ་བྱ་མི་མཁྱེན་ནོ་ཞེས་པ་དེ་མི་འཐད་དེ། གདུལ་བྱ་མ་མཁྱེན་ན་སྤྱིར་ཐམས་ཅད་མཁྱེན་པ་ཡིན་པ་དང་འགལ་ཞིང་། ཁྱད་པར་དུ་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སངས་རྒྱས་ལ་མེད་པའི་སྐྱོན་ལྡོག་མེད་དུ་འབབ་པ་ཡིན། ཡང་ཁ་ཅིག་གིས་འཁྲུལ་སྣང་རང་མཚན་དུ་གཟིགས་བཞིན་དུ་འཁྲུལ་བའི་སེམས་ཅན་གྱི་དོན་མཛད་ཟེར་བ་ལ། གདུལ་བྱ་མཁྱེན་ངོས་ནས་འཐད་ཀྱང་རང་ངོ་ན་འཁྲུལ་བ་རང་མཚན་པའི་སྣང་བ་དེ་མི་འཐད་དེ། རང་ངོའི་གཟིགས་སྣང་ལ་འཁྲུལ་བ་ཡོད་ཚེ་གཅིག་ན་ཞིང་དག་པའི་སྦྱོར་བ་རྫོགས་མེད་པར་ཐལ་བ་དང་། གཉིས་ན་མ་དག་འཁྲུལ་སྣང་གི་སྣང་བ་ཐ་མལ་སོ་སོའི་སྐྱེ་བོའི་དབང་པོ་དང་འདྲ་བར་སྣང་བའི་ཤུལ་ན། འཁྲུལ་བ་དག་པའི་གནས་གྱུར་གྱི་ཁྱད་པར་ཅན་ཐོབ་མེད་པར་ཐལ་བ་ལ་སོགས་པའི་སྐྱོན་ཡོད་དོ། །དེ་ནས་ཇི་ལྟར་འགྲོ་བའི་དོན་མཛད་པའི་ཚུལ་ནི། དེས་ན་སངས་རྒྱས་ཉག་གཅིག་ནི་ཆོས་ཀྱི་སྐུ་རོ་གཅིག་ཏུ་གྱུར་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང་ཐུགས་རྗེའི་ཆ་ལས། གཟུགས་སྐུ་གཉིས་སྣང་བས་འགྲོ་བའི་དོན་མཛད་པ་དེ་ཡང་། རང་ངོ་མ་འཁྲུལ་པས་འཁྲུལ་སྣང་མི་སྣང་བཞིན་དུ། གཞན་ལ་མེད་པ་གསལ་སྣང་དུ་འཆར་བ་ཙམ་དེ་གཟིགས་ནས། དེ་ལ་ཆོས་སྟོན་པ་སྟེ། ལྷ་ཡི་མིག་དག་པས་བལྟས་པ་ན་རང་ངོ་གཟུགས་སྣང་མ་འཁྲུལ་ལ། གཞན་ཞིག་ལ་རབ་རིབ་དང་སྐྲ་ཤད་དང་དུང་སེར་འཛིན་དང་། གཉིད་ལས་རྨི་ལམ་དུ་འཆར་གྱིན་འདུག་པ་དེ་མཐོང་ནས། དེས་དེ་ལ་སྣང་བ་དེ་མེད་པ་གསལ་སྣང་ཡིན་གྱིས་དོན་ལ་མ་གྲུབ་པ་ཡིན་ནོ་ཞེས་འདོམས་པ་དང་འདྲ་སྟེ། སེམས་ཅན་ལའང་འཁྲུལ་སྣང་སྣང་བ་ཙམ་ལས་མ་གྲུབ་པ་འདི། རང་བཞིན་མ་གྲུབ་པར་རྟོགས་པར་གོམས་པས་རིང་ཞིག་ན་སངས་པ་ཡང་། གཉིད་སངས་པས་རྨི་ལམ་ལོག་པའམ་བད་ཀན་ལོག་པས་སྐྲ་ཤད་དང་དུང་སེར་འཛིན་ལོག་པ་ལྟར། སངས་རྒྱས་ཀྱི་དག་སྣང་འབའ་ཞིག་ཏུ་དོན་ལ་གནས་པ་ཡིན་ནོ། །དེའང་ཡེ་ནས་སངས་རྒྱས་པའི་གནད་ལ་ཐུག་པའོ། །དེ་ལྟར་ན་རང་ངོ་འཁྲུལ་སྣང་མེད་ཀྱང་གཞན་ལ་འཆར་བར་གཟིགས་ནས་དོན་མཛད་པ་དེ་ཡང་། རང་བཞིན་ཤུགས་ཀྱི་ཐུགས་རྗེ་སངས་རྒྱས་ལ་ཡོད་པས་སྤྲུལ་པ་འཆར་ལ། སེམས་ཅན་གྱིས་མཐོང་དུ་རུང་བ་དེ་རང་རང་གི་ལས་དག་པ་ལས་བྱུང་སྟེ། ཐུགས་རྗེ་མེད་ན་འཁོར་བ་མར་ཆད། སངས་རྒྱས་ཡར་ཆད་ནས་སུ་ལའང་ཕན་པ་མི་འབྱུང་བར་རིགས་ལ། དེ་ལྟར་མ་ཡིན་པར་འཁོར་བ་ཇི་སྲིད་དོན་མཛད་པ་ཉིད་དེ། སངས་རྒྱས་རང་སྣང་ལ་དག་པའི་སྣང་བ་ལས་མ་དག་པའི་སྣང་བ་མེད་ཅིང་། སེམས་ཅན་ལ་དག་པ་དེ་མི་སྣང་བར་མེད་བཞིན་དུ་མ་དག་པའི་སྣང་བ་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་ལྟར་དུ་འཁྲུལ་སྣང་མཐོང་བས་སེམས་ཅན་ཞེས་སུ་གྲགས་ཤིང་། དེ་གཉིས་སྣང་བ་ཁ་ཁར་ཡིན་པས་ན་སེམས་ཅན་གྱི་འཁྲུལ་སྣང་དང་སྡུག་བསྔལ་སངས་རྒྱས་ཀྱིས་མ་གཟིགས་ན། གདུལ་བྱའི་འགྲོ་དོན་གནད་ཐོག་ཏུ་ཁེལ་བ་ཞིག་འབྱུང་མི་རིགས་སོ་སྙམ་མི་དགོས་ཏེ། གཟུགས་སྐུ་གཉིས་གདུལ་བྱ་ལ་སྣང་ནས་འགྲོ་དོན་མཛད་པ་ནི། སངས་རྒྱས་ཉག་གཅིག་ནི་ཆོས་ཀྱི་སྐུ་ཡིན་པ་དེའི་ངང་ལས་ལྷུན་གྲུབ་ཏུ་ཡོད་པའི་ཡེ་ཤེས་དང་ཐུགས་རྗེའི་ཆ་ལས། གཟུགས་སྐུ་གཉིས་གདུལ་བྱ་ལ་མེད་པ་གསལ་སྣང་ཅན་ལ་མེད་པ་གསལ་སྣང་གིས་སྣང་བར་བྱས་ཏེ། སྣང་ན་ཡང་འཁྲུལ་བ་མེད་བཞིན་དུ་གཞན་གྱི་འཁྲུལ་སྣང་གཟིགས་ཏེ་མ་འཁྲུལ་པར་འགོད་པ་ནི། མངོན་ཤེས་ཅན་གྱིས་ཟུར་གྱི་མིའི་རྨི་ལམ་མཁྱེན་བཞིན་པའམ་རྨི་ལམ་ཡིན་པ་གསལ་བཞིན་དུ་དེས་གཉིད་སད་དུ་འཇུག་པ་དང་འཁྲུལ་སྣང་གི་རྨི་ལམ་ལྡོག་ཏུ་འཇུག་པ་ལྟར་དུ། སངས་རྒྱས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་ལས་སྨོན་དག་པ་ནང་འཕྲད་པ་ལ་བརྟེན་ནས་འཁོར་བ་ཇི་སྲིད་དུ་མཛད་པ་ཉེ་བར་སྟོན་ནས། འཁོར་འདས་གཉིས་ཀ་ཡར་མར་ལྟེ་ཆད་ནས། སེམས་ཅན་གྱིས་འབད་ཀྱང་སངས་རྒྱས་མི་ཐོབ་པ་མིན་པ་དང་། དེ་ཡང་ཡེ་སངས་རྒྱས་པའི་གནད་ལ་ཐུག་པ་ཡིན་པའི་ཐུན་མིན་གྱི་ངེས་པ་ཁྱད་པར་ཅན་འདི་ནས་རྙེད་དུ་ཡོད་དོ། །དེའི་དོན་རྒྱུད་ལས་ཇི་ལྟར་བསྟན་པ་ནི། ཐལ་འགྱུར་ལས། ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་སྟེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །ཞེས་པ་དང་། ཀློང་དྲུག་པ་ལས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང་། །འདིི་ཀུན་དྲན་པས་གཟུང་བ་མིན། །རང་བཞིན་ཉིད་དུ་གནས་པ་ལས། །གཟུང་འཛིན་རགས་པར་མི་གནས་སོ། །གཏིང་གསལ་ཕྲ་བའི་ཆར་སྣང་བ། །འདི་ནི་སེམས་ཅན་རྣམས་ཀྱི་ལམ། །གོང་དུ་ས་བོན་བཞིན་དུ་འཕེལ། །འདི་ཡིས་སྣང་བ་མ་འགགས་པར། །རང་མཐུན་སྨན་གྱི་ནུས་པ་བཞིན། །རིགས་དྲུག་རྣམས་ལ་མཐུན་པར་སྣང་། །དེ་ཡི་ཕྱིར་ན་ཐུགས་རྗེའོ། །ཞེས་སོ། །སྤྱིར་ན་དབྱིངས་སུ་རིག་པ་གནས་པའི་རང་བཞིན་ལ་ལྔ་སྟེ། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འདེགས་པ། འོད་གསལ་དབྱིངས་སུ་འཁྱིལ་བ། རིག་པས་རང་ས་ཟིན་པ་དང་ལྔ་ཡིས་སྦུབས་གསུམ་གཅིག་ཏུ་དྲིལ་བས་འབྱུང་ལྔ་དྭངས་མར་གྲོལ་བ་ཡིན་ལ། དེའི་སྐབས་སུ་ངོ་བོ་སྟོང་པ་ཀ་དག་ནམ་མཁའ་ལྟར་གང་དུ་ཡང་མ་གྲུབ་པའི་མཐའ་གྲོལ་རྫོགས་ཆེན་གྱི་ཆོས་སྐུའི་ཀློང་ཡངས་པ་དེར། རྣམ་པ་གསལ་བ་ནང་གསལ་ལྷུན་གྲུབ་ཀྱི་ཡེ་ཤེས་སྐུ་གསུང་ཐུགས་མི་བཟད་རྒྱན་འཁོར་གྱི་འབྱུང་གནས་ཆ་ཕྲ་གཏིང་གསལ་གྱི་ཚུལ་དུ་བཞུགས་ཤིང་། དེའི་ངོ་བོ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་རྒྱ་ཆེ་དཔངས་མཐོ་ལྷུན་སྟུག་པའོ། །གང་ལྟར་ཡང་ཐུགས་རྗེས་འཇུག་པ་རང་མཐུན་གྱི་སྨན་པ་བཞིན་དུ་རིགས་དྲུག་གི་གདུལ་བྱ་སོ་སོར་དེ་དང་དེའི་ངོ་ཁར་དེ་དང་དེ་མཐུན་པར་བསྟན་པའོ།།

༼༢ གཉིས་ལས་དབྱིངས་ལས་མི་གཡོ་བར་རོལ་པས་དོན་མཛད་པའི་ཚུལ་བསྟན་པ།

སླར་ཡང་དབྱིངས་ལས་མི་གཡོ་བར་རོལ་པས་དོན་མཛད་པའི་ཚུལ་ནི།

དེ་ཚེ་ཞིང་ཀུན་སྤྲུལ་པ་ཚད་མེད་ཅིང་།།

མཐའ་ཡས་འགྲོ་བ་བྱང་ཆུབ་འདྲེན་མཛད་ཀྱང་།།

སྟོན་པའི་ཆོས་སྐུ་དབྱིངས་ལས་མི་གཡོ་སྟེ།།

རང་བྱུང་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད།།

དབྱིངས་ལས་རང་ཤར་སྟུག་པོ་བཀོད་པར་ནི།།

རིག་འཛིན་མཁའ་འགྲོ་ས་བཅུའི་སེམས་དཔའ་ལ།།

ལོངས་སྤྱོད་རྫོགས་པའི་བཀོད་པ་བསམ་ཡས་སྣང་།།

དེ་ཡང་དབྱིངས་ལས་སྟོན་པའི་ཐུགས་རྗེ་དང་།།

གདུལ་བྱའི་མོས་དགེས་ལྷུན་གྲུབ་རང་ངོར་སྣང་།།

ཞེས་གསུངས་ཏེ། གང་གི་ཚེ་སྒོ་གསུམ་གྱི་དྲི་མ་དག་པས་སྐུ་གསུམ་གྱི་དཀྱིལ་འཁོར་མཐོང་བ་ན། ཆོས་སྐུ་སེམས་ཀྱིས་ཐོབ་པ་དང་། ལོངས་སྐུ་ངག་གིས་ཐོབ་པ་དང་། སྤྲུལ་སྐུ་ལུས་ཀྱིས་ཐོབ་པ་ཞེས་ཐ་སྙད་བརྗོད་པ་ནི། དུག་ལྔ་གནས་གྱུར་པའི་རྒྱུས་ཡེ་ཤེས་ལྔ་ཐོབ་པའོ་ཞེས་བརྗོད་པ་དང་མཚུངས་ཏེ། དུག་ལྔ་ཡེ་ཤེས་ལྔ་རྫས་འགལ་བས་བསྐྱེད་བྱ་སྐྱེད་བྱེད་རྒྱུ་འབྲས་མཚན་ཉིད་པ་མིན་ཡང་། དག་སྟོབས་ཀྱིས་འཆར་བས་དག་རྒྱུ་དག་འབྲས་སུ་བཤད་པ་ལྟར། སྒོ་གསུམ་སྐུ་གསུམ་གྱི་དག་རྒྱུ་དང་དག་འབྲས་སུ་བཤད་པ་ལ་དགོངས་ཏེ། ཐལ་འགྱུར་ལས། གཞན་ཡང་འབྲས་བུའི་རིམ་པ་ནི། །ཆོས་སྐུ་སེམས་ཀྱི་ལས་ཀྱིས་དང་། །ལོངས་སྐུ་ངག་གིས་རྣམ་པར་ཐོབ། །སྤྲུལ་པའི་སྐུ་ནི་ལུས་ཀྱིས་སོ། །ཞེས་སོ། །དེ་ལྟ་བུའི་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན་དུ། ཐུགས་རྗེའི་རོལ་བས་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་བ་དེ་ཡི་ཚེ་ན། གདུལ་བྱའི་ཞིང་ཁམས་ཀུན་ཏུ་སྤྲུལ་བ་ཚད་མེད་ཅིང་དེ་དག་གིས་མཐའ་ཡས་པའི་འགྲོ་བ་བྱང་ཆུབ་ཏུ་འདྲེན་པར་མཛད་ཀྱང་། སྟོན་པའི་ཆོས་སྐུ་དེ་དབྱིངས་ལས་མི་གཡོ་སྟེ། དེ་ཡང་དབྱིངས་ལས་མི་གཡོ་བའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་བྱུང་ཡེ་ཤེས་ལ་རྒྱ་ཆད་པ་དང་ཕྱོགས་སུ་མ་ལྷུང་བར་མེད་པའི་ཕྱིར་ན། ཀུན་ཏུ་འཆར་རུང་ཞིང་ཅིར་ཡང་བསྒྱུར་བཏུབ་པ་དང་། དེ་ལྟར་སྣང་ཚད་ཐམས་ཅད་དབྱིངས་གཅིག་གི་གཞི་ལས་མ་གཡོས་པས་ན་ཡེ་ཤེས་སུམ་ལྡན་སྐུ་གསུམ་ངོ་བོ་གཅིག་ལ་ལྡོག་པས་དབྱེར་རུང་བར་གྲུབ་བོ། །གང་གི་ཚེ་སེམས་ཅན་གྱི་སྒོ་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པས་ཆོས་ལོངས་སྤྲུལ་གསུམ་གྱི་དག་པའི་དཀྱིལ་འཁོར་མཐོང་བར་གསུངས་པ་ནི་རྒྱུ་དང་འབྲས་བུ་མཚན་ཉིད་པ་བསྐྱེད་བྱ་སྐྱེད་བྱེད་དུ་མི་འགྲུབ་ཅིང་། དག་སྟོབས་ཀྱིས་འཆར་བས་དག་རྒྱུ་དག་འབྲས་ཀྱི་བཤད་པ་ལྟར་སྒོ་གསུམ་གྱིས་སྐུ་གསུམ་ཐོབ་པར་བསྟན་པའོ། །འདིར་དོགས་སློང་མཛད་པ་སྟེ། སྐུ་ཐོབ་དུས་ཀྱི་གནས་དེ་གང་ཡིན་ཞེ་ན། འོག་མིན་གྱི་གནས་ཏེ། ཟླ་གསང་ཐིག་ལེའི་རྒྱུད་ལས། འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །ཞེས་པ་དང་། འཇུག་པའི་འགྲེལ་པ་ལས། གང་གི་ཚེ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པ་ནི་ཐོག་མར་འོག་མིན་གྱི་གནས་ཁོ་ནར་མཛད་ནས་ཞེས་སོ། །འོག་མིན་གྱི་གནས་ཞེས་པ་དེ་ཕྱོགས་གང་ན་ཡོད་ཅེ་ན། སྤྱིར་སངས་རྒྱས་ཐམས་ཅད་སངས་རྒྱས་པའི་ཐོག་མ་གང་དུ་བརྙེས་པའམ་རྙེད་པའི་ས་དེ་ཆོས་ཐམས་ཅད་ཀྱི་གོང་དུ་གྱུར་ལ་དེའི་གོང་ན་གཞན་མེད་པས་གནས་ཀྱང་འོག་མིན་ཞེས་བརྗོད་ཀྱི། འདི་ཁོ་ན་ན་ཡོད་ཅེས་རིས་སུ་ཆད་པ་མེད་དེ་གནས་ལ་བདག་འཛིན་དང་བྲལ་བའི་ཕྱིར་རོ། །ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །ཅེས་སོ། །དཔེར་ན་མི་རྣམས་གང་དུ་བཙས་ཤེ་ན་མི་ཡུལ་ཁོ་ནར་བཙས་ཞེས་བརྗོད་དུས། ཕྱོགས་དེ་གང་ཁོ་ན་ན་ཡོད་ཟེར་ན་མི་ཡུལ་ཞེས་པའི་ཚེ་རིས་གཅིག་ཏུ་མ་ཆད་དེ། ནམ་མཁའི་མཐས་ཁྱབ་པ་ན་འགྲོ་དྲུག་གི་གནས་ཡོད་ལ། མི་ཡུལ་ལ་ཚད་མེད་པ་བཞིན་དུ། སངས་རྒྱས་ཀྱང་འོག་མིན་དུ་སངས་རྒྱས་ཞེས་བརྗོད་པས་གཅིག་ཁོ་ནར་བློ་རྩེ་གཏོད་པ་མ་ཡིན་པས། འོག་མིན་ཞེས་པའི་ཚེ་མཐོ་ས་ཀླད་ཅིག་ལ་ཡོད་པར་ལྟ་དགོས་པ་མིན་ཏེ། འཇིག་རྟེན་གྱི་སྣང་བ་ལས་འཕགས་པ་ལ་འོག་མིན་གསུངས་པ་ལས། ཡར་སྤྲིན་གྱི་ཡན་ཞིག་ལ་ཆགས་ཡོད་པ་དེ་ལྟ་བུ་མིན་པར་གང་དུ་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་གྱུར་པའི་གནས་དེ་འོག་མིན་དུ་ཤེས་པར་བྱའོ། །གནས་སུ་གྱུར་པ་གང་ཞིག་དེའི་གོང་ན་ཆེས་ཁྱད་དུ་འཕགས་པའི་གནས་གཞན་མེད་པ་འོག་མིན་ཙམ་གྱི་མཚན་ཉིད་དུ་གསུངས་ལ། འོན་ཀྱང་། དབྱིངས་ལས་རང་ཤར་སྟུག་པོ་བཀོད་པར་ནི། །རིག་འཛིན་མཁའ་འགྲོ་ས་བཅུའི་སེམས་དཔའ་ལ། །ལོངས་སྤྱོད་རྫོགས་པའི་བཀོད་པ་བསམ་ཡས་སྣང་། །ལ་སོགས་པར་གསུངས་པ་ལྟར་ན་འོག་མིན་ལ་དབྱེ་བ་ཡོད་པའང་ངེས་དགོས་ཏེ། འོ་སྐོལ་གྱི་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ནས་རྒྱུད་སྡེ་མང་པོ་གསུངས་པའི་འོག་མིན་ནི་གནས་རིས་ཀུན་གྱི་རྩེ་མོ་ན་འོག་མིན་ཆེན་པོ་ཞེས་བྱ་བ་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་ས་བཅུ་པའི་སེམས་དཔའ་དང་། མཁའ་འགྲོ་དང་གྲུབ་པ་ཆེན་པོ་དཔག་ཏུ་མེད་པས་བརྟེན་པ་དེ་ཡིན་ཏེ། རྒྱུད་ཕལ་པོ་ཆེའི་གླེང་གཞིར། འོག་མིན་གྱི་གནས། མཐའ་དང་དབུས་མེད་པ། གཞི་ཚད་མེད་པ། ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ན་ཞེས་འབྱུང་བ་ལྟ་བུའོ། །རྒྱན་སྟུག་པོ་བཀོད་པའི་མདོ་ལས། གཟུགས་མེད་འདོད་དང་གཟུགས་རྣམས་དང་། །འདུ་ཤེས་མེད་པ་དེ་བཞིན་ཏེ། །གནས་ལས་འདས་སོ་སངས་རྒྱས་དབང་། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་པ་དང་། བསྟན་པ་སྟུག་པོ་འདུས་མ་བྱས། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་སོ། །དེ་ལྟར་འོག་མིན་གྱི་ཞིང་ནས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འགྲོ་བ་དྲུག་གི་གནས་རིས་སུ་རང་རང་གི་སྣང་བ་དང་མཐུན་པའི་སྤྲུལ་པ་འཕྲོ་བས་དོན་མཛད་པ་ལས། འཛམ་བུའི་གླིང་འདིར་ཚེ་ལོ་བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པའི་སྤྲུལ་པ་བྱོན་པ་ལྟ་བུ་སྟེ། སྔ་མ་རྒྱན་སྟུག་པོ་བཀོད་པའི་མདོ་ལས། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་འབྱུང་བ་བཞིན་ནོ། །གོང་ནས་འོག་མིན་གྱི་སྒྲ་འཇུག་པའི་བཤད་ཚུལ་གྱི་མཚན་ཉིད་ཙམ་ཞིག་དྲངས་པ་ཡིན་ཡང་། ནང་གསེས་ཀྱིས་ཆོས་ལོངས་སྤྲུལ་སྐུའི་འོག་མིན་དུ་འཇོག་ཚུལ་སོ་སོ་ཡོད་དེ། ཆོས་སྐུའི་འོག་མིན་གྱི་མཚན་ཉིད་ནི། མཐར་ཐུག་གི་བགྲོད་བྱའི་གནས་ཡིན་པ་གང་ཞིག་གཟུགས་སྐུ་གཉིས་ཀྱི་འཆར་གཞིའི་རྟེན་བྱེད་པ། ལོངས་སྐུའི་འོག་མིན་གྱི་མཚན་ཉིད་ནི། ངེས་པ་ལྔ་ལྡན་སྣང་བའི་གནས་སུ་གྱུར་པ་གང་ཞིག་སྤྲུལ་སྐུའི་འཆར་གཞིའི་རྟེན་བྱེད་པ། སྤྲུལ་སྐུའི་འོག་མིན་གྱི་མཚན་ཉིད་ནི། གཙང་མའི་གནས་གང་ཞིག་འཇིག་རྟེན་དུ་སྣང་བའི་གནས་ཀྱི་མཆོག་ཡིན་པའོ། །དེ་ལྟར་མཚན་ཉིད་དང་། དེ་ཡང་ཆོས་སྐུའི་འོག་མིན་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་པའི་ཡང་དག་དོན་གྱི་འོག་མིན་དང་། ལོངས་སྐུའི་འོག་མིན་ནི་ཆོས་སྐུའི་དབྱིངས་ལས་ཡེ་ཤེས་ཆེན་པོའི་སྣང་བར་རང་བྱུང་བ་འོད་ཀྱི་གཞལ་ཡས་ཁང་དང་གཙོ་འཁོར་དུ་སྣང་བ་འོག་མིན་རྣམ་མཛེས་ཆེན་པོའི་ཞིང་ཁམས་ཏེ། ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་པ་དེ་ཡིན་ལ། གདུལ་བྱ་ས་ལ་གནས་པ་དང་མཁའ་འགྲོ་གྲུབ་པ་མང་པོ་ལ་སྣང་བ་ནི། གནས་རིས་ཀུན་གྱི་རྩེ་མོ་གསུངས་པས། སྲིད་རྩེའི་འོག་མིན་མ་ཡིན་པར་དབུས་ན་འོག་མིན་ཁང་བུ་བརྩེགས་པའི་སྟུག་པོ་བཀོད་པ་ཞེས་པ་སྟེ། གདུལ་བྱ་ས་གནས་ཀྱི་དོན་དུ་ལོངས་སྐུ་ལས་སྤྲུལ་སྐུ་འཕོས་པའི་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ཕྱེད་སྤྲུལ་ལོངས་སྐུའི་ཞིང་ལ་གོ་བ་དང་། འདྲེས་མའི་དོན་དུ་གཙང་རིས་ཀྱི་འོག་མིན་བསྟན་པ་ནི། ལེགས་པར་གྲུབ་པའི་རྒྱུད་ལས། གཙང་མའི་འོག་མིན་རྣམ་མཛེས་པར། །གྲུབ་པ་དབང་པོ་ལ་སོགས་པ། །རིགས་སྔགས་གཟུངས་སྔགས་རྣལ་འབྱོར་དང་། །རྒྱུད་ཆོས་དུ་མས་ཚིམ་པར་མཛད། །ཅེས་བྱ་སྤྱོད་ཀྱི་རྒྱུད་སྡེ་དང་ཕར་ཕྱིན་ལ་སོགས་པར་གསུང་ས་སྟེ། དེ་དག་གི་ཁྱད་པར་འབྱེད་པ་ནི་ཐུན་མོང་གི་རྣམ་གཞག་གི་བཞེད་པ་ཡིན་ལ། །ཡང་ན་གནས་འོག་མིན་སྟུག་པོ་བཀོད་པ་ན། འཁོར་ཉིད་ལས་མི་གཞན་པ་རང་སྣང་གི་སངས་རྒྱས་དང་བྱང་སེམས་དང་མཁའ་འགྲོ་གྲུབ་པ་སོགས་པའོ། །དེ་ཡང་ཆོས་ཀྱི་སྐུའི་དུས་ན་གཤིས་རང་བྱུང་གི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པའི་འཆར་གཞིའི་ཆ་ལས། ཕྱི་གསལ་དུ་གཟུགས་སྐུ་གཉིས་འཕྲོ་བ་ནི་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པ་ཞེས་བྱ་སྟེ། ཆོས་ཀྱི་སྐུའི་དུས་ན་སྟོན་པ་ནི་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཆོས་ནི་རང་བཞིན་རྫོགས་པ་ཆེན་པོ་མངོན་པར་འདུས་མ་བྱས་པའོ། །གནས་ནི་ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའོ། །འཁོར་ནི་རང་བྱུང་གི་ཡེ་ཤེས་རྒྱ་མཚོའི་ཚོགས་སོ། །དུས་ནི་བཞི་རྫོགས་འཕོ་འགྱུར་མེད་པའི་དུས་སོ། །སྒྱུ་འཕྲུལ་ལས་མ་ངེས་པའི་དུས་ཞེས་བཤད་པ་བཞིན་ནོ། །ཆོས་སྐུ་ཀ་དག་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་པ་ནི་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞི་ཡིན་ལ། དེ་ཡང་ངོ་བོ་སྟོང་གསལ་རང་བྱུང་གི་ཡེ་ཤེས་འཁོར་འདས་ཀྱི་མཐའ་ལས་གྲོལ་བ་ནམ་མཁའ་ལྟར་གང་དུ་ཡང་མ་གྲུབ་པ་ཡིན་ཡང་། ཡོན་ཏན་ཚད་མེད་པ་ཉི་ཟླ་གཟའ་སྐར་ལྟ་བུ་ཀུན་འབྱུང་བའི་འཆར་གཞི་ཡིན་པས་ན་དེ་ལ་ཡེ་ཤེས་རྫོགས་པའི་སྐུ་ཞེས་བྱའོ། །ཀ་དག་གང་དུའང་མ་གྲུབ་པའི་ངང་ངམ་ཆ་ལ། འཆར་གཞིའི་ཆ་ཤིན་ཏུ་ཕྲ་བའི་ཡེ་ཤེས་སུམ་བརྩེགས་སུ་ཡོད་པས་ན། སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་ཏེ། ཕྱི་གསལ་དུ་གཟུགས་སྐུ་གཉིས་འཕྲོས་པ་ལ་ཆོས་སྐུ་ལས་གཟུགས་སྐུ་བཞེང་བར་ཡིན་པར་བསྟན་པའོ། །འདིའི་སྐབས་སུ་ཤིན་ཏུ་ཕྲ་བའི་ནང་གསལ་ཡེ་ཤེས་ཞེས་པའི་ཕྲ་བ་དེ། ཟབ་པའི་དོན་ལ་གོ་དགོས་སྙམ། འདིའི་སྟེང་ནས་གོ་ནོར་བྱེད་པ་མང་ཞིང་། ཆོས་སྐུའི་དུས་ན་གང་ལ་མངའ་དབང་རྫོགས་པ་ཡིན་ན། འོད་གསལ་ཆོས་ཉིད་ཀྱི་གཞི་ལ། རང་སྣང་ལྷུན་གྲུབ་རིན་པོ་ཆེའི་ཞིང་ཁམས་སུ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཏུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རྒྱལ་སྲིད་ལ་མངའ་དབང་འབྱོར་བའི་འབྲས་བུའི་སྟོན་པ་ཀུན་ཏུ་བཟང་པོ། ཆོས་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་རང་བཞིན་རྫོགས་པ་ཆེན་པོ་རང་བྱུང་འདུས་མ་བྱས་པ་ཆོས་སྐུའི་བསྟན་པ། གནས་སུས་ཀྱང་མངོན་པར་འདུས་མ་བྱས་པའི་ཆོས་དབྱིངས་འོད་གསལ་གྱི་ཞིང་ཁམས། འཁོར་ཉིད་ལས་མི་གཞན་པའི་ཡེ་ཤེས་ཀྱི་ཚོགས། དུས་ཆོས་ཉིད་བྱ་རྩོལ་ལས་འདས་པའི་དུས་ཏེ་གཞི་རྫོགས་འཕོ་འགྱུར་བྲལ་བའི་ཀ་དག་གི་དུས། དེ་ཡང་དུས་བཞི་མཉམ་ཉིད་དམ་མ་ངེས་པའི་དུས་ཞེས་སྒྱུ་འཕྲུལ་ལས་གསུངས་པའི་གོ་དོན་ཡང་དོན་གྱིས་གཅིག་པར་བསྟན་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་གནས་སྐབས་ན། སྟོན་པ་ནི་རྒྱལ་ཚབ་ཀྱི་སྟོན་པ་རིགས་ལྔ་གང་ཆེན་མཚོའོ། །གནས་ནི་རྒྱན་སྟུག་པོ་བཀོད་པ་སྟེ་རང་གསལ་དག་པའི་འོག་མིན་ནོ། །ཆོས་ནི་ཐེག་པ་ཆེན་པོ་འབའ་ཞིག་གོ །འཁོར་ནི་ཉིད་ལས་མི་གཞན་པ་རང་སྣང་གི་སངས་རྒྱས་དང་སེམས་དཔའ་ལ་སོགས་པ་དང་། མཁའ་འགྲོ་དང་རིག་འཛིན་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་སྐལ་བ་མཚུངས་པའོ། །དུས་ནི་རྒྱུན་གྱི་འཁོར་ལོའོ། །སྒྱུ་འཕྲུལ་རྒྱ་མཚོ་ལས། རང་སྣང་རྒྱལ་བ་སེམས་སྩོགས་དང་། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །དང་པོའི་རྒྱལ་བ་ས་རྒྱལ་བ། །ཞེས་པ་དང་། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་པ་དང་། རྒྱུད་བླ་མ་ལས། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་པ་དང་། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་དང་། དེའི་འགྲེལ་པ་ལས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་འདི་ནི། ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཕུལ་དུ་བྱུང་བ་ལ་ཉེ་བར་སྤྱོད་པའི་ཕྱིར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །ལོངས་སྐུའི་གནས་སྐབས་ན་ཆོས་སྐུ་ནང་གསལ་ཕྲ་བའི་ཡེ་ཤེས་སུ་གདོད་མའི་དབྱིངས་ན་བཞུགས་པ་དེའི་ངང་ངམ་བྱིན་རླབས་ལས། སྟོན་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མི་གཡོ་བར་བཞུགས་པའི་ལོངས་སྐུའི་སྟོན་པ་རིགས་ལྔ་རེ་རེ་ལས། སྤྲུལ་སྐུའི་ཞིང་ཁམས་དཔག་མེད་དུ་སྤྲུལ་ནས་གདུལ་བྱའི་དོན་མཛད་པ་བརྗོད་ཀྱིས་མི་ལང་བའི་རིགས་ལྔ་གངས་ཆེན་མཚོ། གནས་རང་སྣང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཕྱིར་གསལ་ཡེ་ཤེས་ཀྱི་འོད་ལྔས་བརྒྱན་པའི་དཀྱིལ་འཁོར་ན། ཆོས་ངེས་དོན་ཐེག་པ་ཆེན་པོ། འཁོར་ལས་དག་པའི་གདུལ་བྱའི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས། རང་སྣང་གི་སངས་རྒྱས་བྱང་སེམས་སོགས་དང་། དུས་རྟག་པ་རྒྱུན་གྱི་འཁོར་ལོ་སྟེ་འདིའི་མདོ་དང་རྒྱུད་སོ་སོའི་ལུང་གིས་སྟོན་དོན་ལྟར་རོ། །སྤྲུལ་པ་སྐུའི་སྟོན་པ་ནི་མ་དག་པའི་སྐྱེ་བོ་རྣམས་འདྲེན་པ་ལ་ལྟོས་ནས། དེད་དཔོན་དམ་པའི་སྟོན་པ་ཞེས་བྱའོ། །གནས་ནི་གདུལ་བྱའི་འཇིག་རྟེན་སྣ་ཚོགས་པས་ངེས་མེད་དུ་མའོ། །འཁོར་ནི་ལྷ་དང་མི་ལ་སོགས་པའི་གདུལ་བྱ་ཚད་མེད་པའོ། །ཆོས་ནི་ཐེག་པ་སྣ་ཚོགས་པ་སྟེ་སེམས་ཅན་གྱི་དབང་པོ་དང་སྦྱར་བའོ། །དུས་ནི་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་སྟེ། གསུམ་པོ་གང་ཡང་རུང་བའོ། །ཁྱད་པར་དུ་ཕུན་སུམ་ཚོགས་པ་བཞི་འཛོམ་པས་ཆོས་འབྱུང་བ་ད་ལྟར་གྱི་དུས་ཞེས་བྱའོ། །འཁོར་བ་ཇི་སྲིད་པར་དོན་མཛད་པ་སྟེ། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་སོ། །སྤྲུལ་སྐུའི་སྟོན་པ་གང་ཞེ་ན། གདུལ་བྱ་གང་ལ་གང་གིས་འདུལ་བའི་རྣམ་པ་ཅན། གདུལ་བྱའི་འགྲོ་བ་དང་མཐུན་པར་བྱོན་པས་ན་དེད་དཔོན་གྱིས་རྒྱ་མཚོ་ལས་བརྒལ་བའི་བྱེད་ལས་ལྟར་དུ། སྤྲུལ་སྐུ་སྟོན་པས་ཆོས་བསྟན་ནས་གདུལ་བྱ་འཁོར་མཚོ་ལས་སྒྲོལ་བར་བྱེད་པ་དང་། གནས་འགྲོ་དྲུག་རང་སྣང་གི་གནས་རིས་མ་ངེས་པ་སོ་སོར་དང་། འཁོར་ལྷ་དང་མི་ལ་སོགས་པ་སྨོན་ལམ་དག་ཅིང་གདུལ་བྱ་དུས་ལ་བབས་པའི་རིགས་ཅན་དང་། ཆོས་གདུལ་བྱའི་སེམས་ཅན་སོ་སོའི་མོས་པ་དང་མཐུན་པའི་རྒྱུ་འབྲས་ཀྱི་ཐེག་པ་སྟེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི་འབྲས་བུ་རྡོ་རྗེའི་ཐེག་པར་འཇུག་པའི་རྒྱུ་དང་ཐབས་ཡིན་པ་དང་། འབྲས་བུའི་ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པའི་རྨད་བྱུང་འབྲས་བུའི་ཡང་རྩེ་ནི་རང་བཞིན་རྫོགས་པ་ཆེན་པོ་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའོ། །དུས་གདུལ་བྱ་འདུལ་བའི་དུས་ལ་བབ་པའི་སྐབས་སོ། །སྐུ་གསུམ་ཆོས་ཀྱི་སྐུར་རོ་གཅིག་པས་སྣང་མི་སྣང་ལས་འདས་ཀྱང་། དེའི་ངང་ནས་ཐུགས་རྗེའི་རྩལ་ལས་རོལ་པ་གཟུགས་སྐུ་གཉིས་ཤར་བས་ལོངས་སྐུ་དང་། སྤྲུལ་སྐུར་བཏགས་པ་དེ། འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ་ཉི་མའི་འོད་ཟེར་ཁང་པར་བྱུང་དུས། ནང་དུ་ཉི་མ་ཤར་ཞེས་བརྗོད་པ་བཞིན་ནོ། །ལོངས་སྐུ་དངོས་ནི་ཆོས་སྐུའི་དུས་ཀྱི་རིག་པའི་རང་བཞིན་གསལ་བ་ལྷུན་གྲུབ་ཀྱི་ཆ་འཆར་གཞིར་བཞུགས་པ་དང་། སྤྲུལ་སྐུ་དངོས་ཐུགས་རྗེའི་འཆར་གཞིའི་ཆ་ཡེ་ཤེས་སུ་བཞུགས་པ་དེ་ཡིན་པས། སྐུ་གསུམ་དབྱེར་མེད་གཅིག་ཡིན་ཏེ། རང་ཤར་ལས། སྐུ་གསུམ་གཅིག་གི་རང་བཞིན་ལས། །དུ་མར་སྣང་བར་འཕྲུལ་པ་ཡིན། །ཆོས་སྐུ་བསམ་པའི་ཡུལ་དང་བྲལ། །ལོངས་སྐུ་རྣམ་རྟོག་བདུད་དང་བྲལ། །སྤྲུལ་སྐུ་མཚན་མའི་ཆོས་དང་བྲལ། །ཞེས་སོ། །སྣང་ཚུལ་གྱི་ཆ་ནས་སྐུ་གསུམ་དུ་བཤད་པ་ཙམ་ལས་གནས་ཚུལ་དོན་གྱི་ཆ་ནས་སྐུ་གསུམ་ཆོས་ཀྱི་སྐུར་རོ་གཅིག་ལ། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ཆོས་སྐུ་མཐར་ཐུག་དེ་ནི་ཀ་དག་ལྷུན་གྲུབ་གཉིས་མེད་ཀྱི་གྲོལ་སའི་ཀ་དག་ཆེན་པོ་སྟེ། དེ་ནི་ངོ་བོ་གང་དུ་ཡང་མ་གྲུབ་པའི་དོན་དམ་པའི་བདེན་པ། ཆོས་ཉིད་ནམ་མཁའ་ལྟ་བུ། མཐར་ཐུག་གི་འབྲས་བུ་ནང་དབྱིངས་ཆེན་པོ་དང་། ལྷུན་གྲུབ་རང་གནས་ཀྱི་ཆ་ལས་ཡེ་ཤེས་སུམ་བརྩེགས་སུ་བཞུགས་པའི་ངོ་བོས་སྐུ་གསུམ་གྱི་འཆར་གཞི་བྱེད་ཀྱང་སྐུ་གསུམ་ཐ་དད་ཀྱི་སྣང་ཆར་དུ་མ་གྲུབ་ཅིང་། རང་བཞིན་གྱིས་འོད་ལྔའི་འཆར་གཞི་བྱེད་ཀྱང་ཁ་དོག་རང་མཚན་དུ་མ་གྲུབ་པ་དང་། ཐུགས་རྗེས་ཡེ་ཤེས་གཉིས་ཀྱི་འཆར་གཞི་བྱེད་ཀྱང་ཡུལ་དང་རྣམ་པ་ལ་དངོས་སུ་འཇལ་བ་མེད་པའོ། །འདི་ལྟར་བཤད་ཚེ་སྐབས་རེ་ཡོད་དང་སྐབས་རེ་མེད་ཀྱང་ཟེར་བ་མི་གོའོ་སྙམ་ན། དགག་ཕྱོགས་ནས་མེད་གསུངས་པ་དེ་ངོ་བོ་གང་དུ་ཡང་མ་གྲུབ་པའི་ལྡོག་པ་ནས་བཤད་པ་དང་། སྒྲུབ་ཕྱོགས་ནས་ཡོད་པར་གསུངས་པ་དེ་རང་བཞིན་ལྷུན་གྲུབ་ཀྱི་ཆ་ནས་བཤད་པ་སྟེ། དེ་གཉིས་འགལ་མེད་ཡིན་པ་ནི་ཀ་དག་ལྷུན་གྲུབ་གཉིས་མེད་ཡིན་པས་སོ། །གཞི་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་རིག་པ་ལ་ཉམས་ལེན་བྱེད་དུས། འབྲས་བུ་ཆོས་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱིས་གདུལ་བྱའི་འགྲོ་དོན་མཛད་དེ་དོན་གཉིས་མཐར་ཕྱིན་པ་ཡིན་ནོ། །དེ་ལྟར་ན་ངོ་བོའི་ཆ་ལས་སྟོང་རིག་མཁྱེན་པའི་ཡེ་ཤེས་ཆོས་སྐུ། རང་བཞིན་གྱི་ཆ་ལས་འོད་གསལ་ལོངས་སྐུ། ཐུགས་རྗེའི་ཆ་ལས་སྣ་ཚོགས་སྤྲུལ་སྐུར་ཤར་བའི་འབྲས་མིང་རྒྱུ་ལ་སྐབས་རེར་འདོགས་པ་ནི་ཉི་མ་དང་ཉི་འོད་ཀྱི་དཔེས་བསྟན་པའོ། །དོན་གྱིས་བཤད་ན་སྐུ་གསུམ་དབྱེར་མེད་ཆོས་སྐུ་གཅིག་ཏུ་འདུས་པ་གོང་ནས་ཀྱང་བཤད་པ་ལྟར་དུ། ཡེ་ཤེས་གསུམ་གྱི་འཆར་གཞིའི་ཆར་བཞུགས་པའི་རང་བཞིན་གསལ་བ་རྟོག་མེད་ལྷུན་གྲུབ་ཀྱི་ཆར་བཞུགས་པ་ལོངས་སྐུ་དངོས་དང་། ཐུགས་རྗེ་འཆར་རུང་གི་ཆ་མཚན་མ་དང་བྲལ་བའི་ཡེ་ཤེས་སུ་བཞུགས་པ་སྤྲུལ་སྐུ་དངོས་ཡིན་པ་རྒྱུད་རང་ཤར་གྱི་ལུང་གིས་བསྟན་པའོ། །དེའང་ཆོས་སྐུ་ངོ་བོ་སྟོང་པ་ཟང་ཐལ་བའི་རིག་པ། རོལ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱ་མཚོ། ལོངས་སྐུ་རང་བཞིན་གསལ་བའི་ལྷུན་གྲུབ། རོལ་པ་མཚན་དཔེས་བརྒྱན་པའི་རིགས་ལྔ། སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འཆར་གཞིའི་ཆ། རོལ་པ་གང་ལ་གང་འདུལ་དུ་སྣང་བའི་སྟོན་པ་སྟེ། སྐུ་གསུམ་དང་རོལ་པ་ཕྱེད་པར་གཅེས་སོ། །མ་ཕྱེད་ན་སྐུ་གསུམ་ངོ་བོ་གཅིག་པས། སྤྲུལ་སྐུ་དང་ལོངས་སྐུ་གདུལ་བྱ་ལ་སྣང་བ་ལྟར་ཆོས་སྐུ་སྣང་བར་ཐལ་བ་དང་། ཆོས་སྐུ་མི་སྣང་བ་ལྟར་གཟུགས་སྐུ་གཉིས་གདུལ་བྱ་ལ་སྣང་མི་སྲིད་པར་ཐལ་བའི་སྐྱོན་ཡོད་དེ། ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །རྣམ་ངེས་ལས། རང་བཞིན་གཅིག་ཉིད་ལ་ནི་འདི་འཐད་པ་མ་ཡིན་པས། ཞེས་བསྒྲིབས་མ་བསྒྲིབས་ཆ་གཉིས་མེད་པ་ལ་སོགས་པའི་རིགས་པ་བཤད་པས་གནོད་དོ། །དེ་ལྟར་ན་ཆོས་སྐུ་ལ་སྐུ་གསུམ་ཡོད་པས། གཟུགས་སྐུའི་རོལ་པ་གཉིས་ཕྱིར་གསལ་དུ་གདུལ་བྱ་ལ་སྣང་བ་འདི་འཐད་དེ། ཤེལ་ལ་ནང་འོད་ལྔ་ཡོད་པས་རྐྱེན་ཉི་ཟེར་དང་འཕྲད་དུས་འོད་ལྔ་ཕྱིར་གསལ་དུ་འཆར་བ་འཐད་པ་བཞིན་ནོ། །ཀློང་དྲུག་པ་ལས། དེ་ཕྱིར་རང་གཤིས་འདུག་ཚུལ་ལ། །ངོ་བོ་ཉིད་དང་རང་བཞིན་དང་། །ཐུགས་རྗེ་ཡི་ནི་སྣང་བ་དག །བློ་ཅན་རྣམས་ལ་སྣང་བའོ། །ངོ་བོ་གང་དུ་མ་གྲུབ་པས། །རང་བཞིན་སྣང་ཆ་གསལ་བར་སྣང་། །ཐུགས་རྗེའི་ཆ་ལས་ཡེ་ཤེས་གཉིས། །བྱ་དང་བྱེད་པ་མེད་པར་ཤར། །ཤར་སྣང་བློ་རིམ་གཉིས་ཀྱི་ཕྱིར། །ཡེ་ཤེས་མཛད་པ་འདི་ལྟ་བུ། །རྩོལ་སྒྲུབ་རྣམས་དང་བྲལ་བར་སྣང་། །ཞེས་སོ། །བློ་རིམ་གཉིས་ནི་ལོངས་སྐུའི་གདུལ་བྱ་དག་པའི་བློ་ཅན་གྱི་ངོར་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ལས་ཤར་བའི་རོལ་པ་ལོངས་སྐུས་དོན་མཛད་པ་དང་། སྤྲུལ་སྐུའི་གདུལ་བྱ་མ་དག་པའི་བློ་ཅན་གྱི་ངོར་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ལས་ཤར་བའི་རོལ་པ་སྤྲུལ་པའི་སྐུར་སྣང་བས་དོན་མཛད་པའོ། །ཞེས་གསུངས་ཏེ། གོང་དུ་སྐུ་གསུམ་གཅིག་ཏུ་འདུས་པ་ཆོས་སྐུ་རོ་གཅིག་པ་དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེའི་ཆར་བཞུགས་པས་སྐུ་གསུམ་ཚང་ཞིང་། འོན་ཀྱང་འབྲས་མིང་རྒྱུ་ལ་བཏགས་པའི་དཔེ་ཉི་མ་དང་འོད་ཟེར་དུ་བཞག་པའི་གོ་དོན་ལྟར་དུ། སྐུ་གསུམ་དང་རོལ་བ་སོ་སོར་འབྱེད་ཤེས་དགོས་ལ་དེ་མ་ཤེས་པར་ཕྱོགས་གཅིག་གི་བཤད་པ་ཁོ་ན་བཟུང་ན། ངོ་བོ་གཅིག་ཡིན་པས་གཟུགས་སྐུ་གདུལ་བྱར་སྣང་བ་ལྟར་དུ་ཆོས་སྐུ་ཡང་སྣང་དགོས་པ་དང་། ཆོས་སྐུ་མི་སྣང་བ་ལྟར་དུ་གཟུགས་སྐུ་གཉིས་ཀྱང་མི་སྣང་བ་ཐལ་བའི་སྐྱོན་ཡོད་པ་དེས་ན་ངོ་བོ་སྟོང་པ་ཟང་ཐལ་བའི་རོལ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། རང་བཞིན་གསལ་བ་ལྷུན་གྲུབ་ཀྱི་རོལ་བ་མཚན་དཔེས་བརྒྱན་པའི་རིགས་ལྔ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཀྱི་ཆ་ལས་རོལ་བ་གང་ལ་གང་འདུལ་གྱི་སྣང་བ་སྟེ། ནང་གསལ་ཆོས་སྐུ་ལ་སྐུ་གསུམ་ཚང་བས་ན་ཕྱི་གསལ་དུ་གཟུགས་སྐུའི་རོལ་བ་གཉིས་སྣང་ཆོག་པ་ནི། ཤེལ་དང་འོད་ཀྱི་དཔེ་ཡིས་གཞི་འབྲས་གཉིས་ཀའི་སྐབས་སུ་ལན་གཅིག་མིན་པར་གསུངས་པའི་གནད་འདིས་འགག་ཆེན་པོ་རང་ཁྲོལ་བྱེད་པ་ཡིན་ནོ། །རྒྱུད་ཀྱི་ལུང་ལས། ཤར་སྣང་བློ་རིམ་གཉིས་ཀྱི་ཕྱིར། །ཞེས་པས་རང་བཞིན་དང་ཐུགས་རྗེའི་ཆ་ལས། ཡེ་ཤེས་གཉིས་བྱ་བ་དང་བྱེད་པ་མེད་པར་ཤར་བ། དག་དང་མ་དག་གི་བློ་རིམ་གཉིས་ཀྱི་ངོར་གཟུགས་སྐུ་རྣམ་གཉིས་ཤར་བ་བསྟན་པའོ།།

༼ག༽གསུམ་པ་འབྲས་བུ་དངོས་རྒྱས་པར་བརྗོད་པ།

དེ་ལ་ཆོས་ཀྱི་སྐུ་ཡེ་ཤེས་དང་བཅས་པ་རྒྱ་ཆེར་བསྟན་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་དང་བཅས་པ་བསྟན་པ་དང་། སྤྲུལ་པའི་སྐུ་ཡེ་ཤེས་དང་བཅས་པ་བསྟན་པ་དང་། སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་གྱུར་པ་དེ་དག་གང་ལས་བྱུང་བ་བཤད་པ་དང་བཞི་ལས།

ཀ༽དང་པོ་ཆོས་ཀྱི་སྐུ་ཡེ་ཤེས་དང་བཅས་པ་རྒྱ་ཆེར་བསྟན་པ།

དེ་དག་གིས་སྐུ་དང་ཡེ་ཤེས་ཀྱི་འཐད་པ་དགོད་པ་ཡན་ལག་དང་བཅས་པས་འབྲེལ་པ་བསྒྲུབས་ནས། ད་ནི་འབྲེལ་པ་ཅན་གྱི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་རྒྱས་པར་བཤད་པ་ལ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་བཤད་པ་ལས། དང་པོ་ཆོས་ཀྱི་སྐུ་ཡེ་ཤེས་དང་བཅས་པ་རྒྱ་ཆེར་བསྟན་པ་ནི།

ཆོས་སྐུའི་ངོ་བོ་རང་བྱུང་ཡེ་ཤེས་ཏེ།།

རོལ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ།།

གདོད་མའི་དབྱིངས་ན་ཐིག་ལེ་གཅིག་ཏུ་བཞུགས།།

ཞེས་གསུངས་ཏེ། འདི་ལ་འགྲེལ་བས་མདོར་བསྟན་རྒྱས་བཤད་རྣམ་པ་གཉིས་ཀྱི་སྒོ་ནས་བཀྲལ་བའི་དང་པོ་མདོར་བསྟན་ནི། རིག་པའི་ངོ་བོ་ཡེ་ནས་དག་པ་ཆོས་སྐུའི་སྙིང་པོར་གནས་པ་དེ་འདིར་མངོན་དུ་གྱུར་པ་ནི་ཀ་དག་ཆོས་སྐུ་རིན་པོ་ཆེའི་གསང་བའི་སྦུབས་ཞེས་བྱ་བ་ཡིན་ཏེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བར་བཞུགས་པས་བསམ་བརྗོད་དམིགས་པའི་ཡུལ་ལས་འདས་པ་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཏེ། འཆར་གཞིའི་ཡེ་ཤེས་གཏིང་གསལ་ཕྲ་བའི་ཆ་ཙམ་ལས་སྐུ་དང་ཡེ་ཤེས་རིས་ཅན་སོ་སོར་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་ངོ་བོ་སྐུར་གནས་པས་སྐུ་གསུམ་སོ་སོའི་འཆར་གཞི་ལས་མཚན་མ་རིས་ཅན་དུ་མ་ཡིན། རང་བཞིན་འོད་དུ་གསལ་བའི་འཆར་གཞི་ལས་ཁ་དོག་རིས་ཅན་དུ་མ་ཡིན། ཐུགས་རྗེ་ཡེ་ཤེས་སུ་འཆར་གཞིའི་ཆ་ལས་རྣམ་པ་ཡུལ་ལ་མི་འཇུག་པས་སྐུ་དང་ཡེ་ཤེས་སོ་སོའི་ཆ་ཙམ་དང་། སྐུ་གསུམ་སོ་སོའི་ཆ་ངོ་བོ་རང་བཞིན་ཐུགས་རྗེ་དངོས་སུ་བཞུགས་པ་སྟེ། ཐལ་འགྱུར་ལས། དེ་ཡང་ངོ་བོ་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེད་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལས་ཀྱང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ལས། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་གཞི་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །ཞེས་པ་དང་། ཆོས་སྐུ་ཉག་གཅིག་གི་ངོ་བོ་ལ་ལྟོས་ནས་གང་དུའང་མ་གྲུབ་པས་ཟད་པའི་སར་མཐར་ཐུག་པ་ཡང་དེ་ཉིད་ལས། འབྲས་བུ་བརྗོད་པར་མི་ནུས་ཀྱང་། །ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སུ་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་བ་མེད་པས་འོང་མེད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། དུས་གསུམ་འབྱུང་བའི་འབྲས་བུ་ངས་བསྟན་ཁྱོད་ཀྱིས་ལེགས་པར་ཡིད་ལ་གཟུང་། །ཆོས་སྐུ་སྟོང་གསལ་ཁྱབ་པའི་གདངས་སུ་གོམས་པས་རང་ལུས་གཅིག་ཏུ་གྲོལ། །ཞེས་སོ། །འདིའི་དུས་ན་ཆོས་སྐུ་ཉག་གཅིག་ཏུ་གནས་པས་ཀུན་ཏུ་བཟང་པོ་ཐོག་མའི་མགོན་པོར་གྲུབ་ལ། དེའི་ངང་ལས་གཞན་དོན་འཆར་བས་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། ཆོས་སྐུའི་ངོ་བོ་རང་བྱུང་གི་ཡེ་ཤེས་སྟོང་གསལ་རིག་པ་ཡེ་དག་གི་སྙིང་པོ་ཅན་མངོན་དུ་གྱུར་པ་ནི། སྤངས་དང་རྟོགས་པ་མཐར་ཐུག་གི་ཀ་དག་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞི་ཡིན་པས་ན། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྟེ་གང་དུའང་མ་གྲུབ་པས་གང་དུའང་མ་ཕྱེ་མི་འབྱེད་འབྱེད་པ་མེད་ཅིང་སྨྲ་བསམ་བརྗོད་པ་ལས་འདས་ཏེ། སངས་རྒྱས་རང་ཉིད་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པ་དང་། དབྱིངས་ཀ་དག་གི་ཆོས་སྐུའི་ངང་འཆར་གཞིའི་ཡེ་ཤེས་དེ་ལྷུན་གྲུབ་སྟོང་གསལ་གཞི་འཛིན་པའི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དངོས་སུ་ཆ་ཕྲ་བར་གནས་པ་དང་། དེའི་ཆ་ལས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་། ཤེས་བྱ་མཁྱེན་པའི་ཡེ་ཤེས་སོགས་འཆར་གཞིའི་ཆ་དངོས་སུ་མ་ཤར་ཙམ་དུ་ཡོད་པ་ཡིན་ལ། གཞི་གནས་ཀྱི་ཡེ་ཤེས་གསུམ་གྱིས་ཡེ་ཤེས་གཞན་གྱི་འཆར་གཞི་བྱེད་ཅིང་། དེ་ཡང་གཞི་གནས་ཀྱི་ཡེ་ཤེས་གསུམ་གྱིས་ཡེ་ཤེས་གཞན་གྱི་འཆར་གཞི་བྱེད་པའི་ཚུལ་ནི། ངོ་བོ་སྐུར་གནས་པས་སྐུ་གསུམ་གྱི་འཆར་གཞི་བྱེད་ཀྱང་། སྐུ་གསུམ་ཐ་དད་དུ་མཚན་མ་རིས་ཅན་གྱི་སྣང་ཆར་མ་གྲུབ་པ་དང་། རང་བཞིན་འོད་དུ་གསལ་བས་འོད་ལྔའི་འཆར་གཞི་བྱེད་ཀྱང་། ཁ་དོག་རིས་ཅན་དུ་རང་མཚན་གྱིས་མ་གྲུབ་པ་དང་། ཐུགས་རྗེ་ཡེ་ཤེས་སུ་འཆར་བས་ཡེ་ཤེས་གཉིས་ཀྱི་འཆར་གཞི་བྱེད་ཀྱང་ཡུལ་དང་རྣམ་པ་ལ་མི་འཇུག་པས། ཡེ་ཤེས་སོ་སོའི་ཆ་ཙམ་དང་། སྐུ་གསུམ་སྤྱིའི་ཆ་ཙམ་དུ་ཡེ་ཤེས་གསུམ་ལྡན་ཀ་དག་ཆོས་ཟད་ཆེན་པོའི་གདོད་མའི་དབྱིངས་ཐིག་ལེ་ཉག་གཅིག་གི་ངང་དུ་ནང་གསལ་སྤྲོས་པ་དང་བྲལ་བའི་ཆོས་སྐུ་ཐོག་མའི་མགོན་པོ་འོད་མི་འགྱུར་བའི་སངས་རྒྱས་སུ་གྲུབ་སྟེ་ཀུན་བཟང་གདོད་མའི་མགོན་པོ་དང་སྐལ་བ་མཉམ་པ་དེའི་ངང་ལས་རོལ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཚོ་གཞན་དོན་ལྷུན་གྲུབ་འབད་རྩོལ་མེད་པར་འཆར་བ་ཡིན་ནོ། །དེའི་ཚུལ་གཞན་ཡང་རྒྱུད་རླུང་དྲུག་པ་དེ་ཉིད་ལས། འདི་ནི་དུས་གསུམ་སངས་རྒྱས་ཀུན་གྱི་འབྲས་བུ་ཀུན་ཏུ་བཟང་པོའི་ངོ་བོར་རང་འདུག་ཡིན། །སངས་རྒྱས་རྣམས་ཀྱི་འབྲས་བུ་འདི་ལ་སུ་གོམས་དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད་དུའང་འགྱུར། །ཐོག་མའི་མགོན་པོ་དྲི་མེད་དག་པ་འོད་ཀྱི་སྦུབས་ནས་རང་བྱུང་ཤར་བས་ནི། །སངས་རྒྱས་ཀུན་གྱི་མཛད་པའི་བདག་ཉིད་དུ་ཡང་གསང་མཆོག་ཆེན་པོ་ཉིད་ཀྱི་སྐུ་ཐོབ་སྟེ། །དེ་ལས་མི་ལྡོག་ཤེས་པའི་རྣལ་འབྱོར་བློ་རྩལ་སྟོབས་དང་ལྡན་པའི་སྐལ་བ་ཅན། འབྲས་བུ་ཀུན་གྱི་ཚད་དུ་ཕྱིན་པར་ཀུན་ཏུ་བཟང་པོ་ང་དང་སྐལ་བ་མཉམ་པའོ། །ཞེས་སོ། །དེ་ཡིས་ཆོས་སྐུ་ཡེ་ཤེས་དང་བཅས་པ་མདོར་བསྟན་ནས། གཉིས་པ་རྒྱས་བཤད་ནི། དེ་ལྟ་བུའི་ཆོས་སྐུ་ཉིད་གསལ་བར་བསྟན་པ་ལ། རྟེན་ཆོས་སྐུ་དངོས་དང་། བརྟེན་པ་ཡེ་ཤེས་ཀྱི་རྣམ་གྲངས་རྒྱ་ཆེར་བཤད་པ་གཉིས་ལས། དང་པོ་རྟེན་ཆོས་ཀྱི་སྐུ་བཤད་པ་ལ་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ཆོས་སྐུའི་ངོ་བོ་དབྱིངས་དག་པ་གཉིས་ལྡན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་གཏིང་གསལ་གྱི་ཡེ་ཤེས་རིག་པ་རང་བྱུང་གི་ངོ་བོ་འཕོ་འགྱུར་མེད་པ་སྟེ། རིག་པ་རང་ཤར་ལས། འགྱུར་མེད་འགག་མེད་ཁྱབ་པ་གསུམ། །ཆོས་ཀྱི་སྐུ་ཡི་ངོ་བོའོ། །ཞེས་སོ། །ཆོས་སྐུའི་ངོ་བོ་ནི་བསམ་བརྗོད་དང་བྲལ་བའི་ཀ་དག་ཆེན་པོ། སྟོང་གསལ་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པའི་དབྱིངས་དག་པ་གཉིས་ལྡན། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་རིག་པའི་སྙིང་པོ་ཅན། གང་དང་ཡང་མ་འདྲེས་པ་ཡིན་པས་ན་འགག་པ་མེད་པ་ཅིང་ཀུན་ལ་ཁྱབ་པས་མི་འབྱེད་པ། སྣང་ཚུལ་གཉིས་སུ་མེད་པ། སྟོང་གསལ་གྱི་ཡེ་ཤེས་རིག་པ་རང་བྱུང་གི་ངོ་བོ་ལ་འཕོ་འགྱུར་མེད་པ་དེ་ཉིད། འགྱུར་མེད་དང་གཅིག འགག་མེད་དང་གཉིས། ཁྱབ་པ་དང་གསུམ་གྱིས་བསྟན་པའོ། །དེ་ལྟ་བུ་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་འཕོ་འགྱུར་མེད་པ། ལྷུན་གྲུབ་རང་ཆས་ཀྱི་ཆ་ཕྲ་གཏིང་གསལ་དུ་བཞུགས་པ་རྒྱུད་ཀྱི་ལུང་ལས་ཀྱང་གསལ་བར་བསྟན་ལ། ཆོས་སྐུའི་ངེས་ཚིག་ནི་མཐར་ཐུག་གི་གཉེར་བྱ་སྟོང་གསལ་ཀ་དག་གི་ཆོས་ཡིན་པ་དང་། སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞིའི་ལུས་སམ་དབྱིངས་ཡིན་པས་ན་ཆོས་སྐུ་སྟེ། རྒྱུད་དེ་ཉིད་ལས། མི་འཇིག་སྟོང་དང་གསལ་བ་གསུམ། །ཆོས་ཀྱི་སྐུ་ཡི་ངེས་ཚིག་གོ །ཞེས་སོ། །ཆོས་སྐུའི་ངེས་ཚིག་འདི་ཟུར་བཀོལ་ངག་དོན་དུ་བསྡུ་ན། སྟོང་གསལ་དག་པ་གཉིས་ལྡན་མཐར་ཐུག་གི་དོན་དུ་གཉེར་བྱ་སངས་རྒྱས་ཀྱི་སའི་ཟག་པ་མེད་པའི་ཆོས་གང་ཞིག མཚན་མ་ཐམས་ཅད་ལ་འདས་པ་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞིའི་ལུས་སམ་དབྱིངས་སུ་འཕོ་འགྱུར་མེད་པར་བཞུགས་པའི་སྐུ་དེ་ཆོས་སྐུའི་ངེས་ཚིག་ཅེས་པ་ལྟ་བུའོ། །དབྱེ་བ་ལ། རང་ངོ་སྤྲོས་པའི་མཐའ་ལས་འདས་པས་དབྱེར་མེད་ཀྱང་། ཡོན་ཏན་གྱི་ཆའམ་ལྡོག་པ་འགའ་ཞིག་ལ་ལྟོས་ནས་དབྱེ་བ་མི་འགལ་བས། བྱེ་བྲག་ཕྱེད་པའི་ཡན་ལག་ཏུ་དབྱེ་ན། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་སྤྱིར་དབྱེ་བ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རང་བཞིན་བྱེ་བྲག་ཏུ་དབྱེ་བ་གཉིས་ལས། དང་པོ་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་སྤྱིར་དབྱེ་བ་ལ་རྣམ་པར་འཕྲུལ་པས་དབྱེ་བ་སྐུ་རེ་རེ་ལ་གསུམ་གསུམ་གྱི་སྒོ་ནས་དབྱེ་ན། ཆོས་ཀྱི་སྐུའི་ཆོས་སྐུའི་གནས་སྐབས་ན། ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཀ་དག་ནམ་མཁའ་ལྟ་བུའི་མཐའ་བྲལ་ཡངས་པའི་ཁྱོན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གར་ཁྱབ་ལ་ཁྱབ་པ་དང་། གནས་བསམ་ངོ་ལས་འདས་པའི་ཆོས་ཉིད་ཡེ་ཤེས་ལྔ་ཡི་འཁོར་ལོའི་དཀྱིལ་འཁོར་ལྷུན་གྲུབ་ཏུ་གསལ་བའི་ཡེ་ཤེས་ཀྱི་ཕོ་བྲང་རྒྱ་ཆེ་བ། ཏིང་ངེ་འཛིན་མི་གཡོ་བ་ཆེན་པོ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ། ལྟ་བའི་མཐར་ཐུག་གི་སྐྱེལ་སོ་འཕོ་འགྱུར་མེད་པའི་གཟེར། འཁོར་སྣ་ཚོགས་རང་བཞིན་མི་གཉིས་པ་ཡེ་ཤེས་རྒྱ་མཚོ་མཐའ་ཡས་པ་མི་བཟད་རྒྱན་གྱི་འཁོར་ལོའི་བདག་ཉིད་ཅན། བསྟན་པ་བརྗོད་དུ་མེད་པའི་ཆོས་ཉིད་གསང་བ་རྒྱལ་པོའི་མཛོད་ཁང་ཐམས་ཅད་མཁྱེན་པའི་མེ་ལོང་། དུས་གང་དུ་ཡང་འགྱུར་བ་མེད་པའི་ཆོས་ཉིད་དོ་སྟེ་དུས་གསུམ་དུས་ལས་འདས་པ་ཀ་དག་གཞི་རྫོགས་ཀྱི་དུས་སམ་དུས་གཞི་མཉམ་ཉིད་ཐོག་མཐའ་དབུས་དང་བྲལ་བའི་དུས་སོ། །ཆོས་སྐུའི་ལོངས་སྐུའི་གནས་སྐབས་ན། ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་ཡེ་ཤེས་ཀྱི་སྣང་བས་ཀུན་ཏུ་ཁྱབ་ཅིང་ཡེ་ཤེས་ཀྱི་གཞི་ཚད་མེད་པ། ཡེ་ཤེས་ཀྱི་འོད་ཟེར་ཀུན་ཏུ་འཕྲོ་བའོ། །གནས་དྲན་པ་ཡིད་ཀྱི་རྟོག་པ་ཆོད་པ་ཆོས་སྐུའི་ནང་དབྱིངས་རང་ལས་ཤར་བའི་འོད་དང་ཁ་དོག་གི་དཀྱིལ་འཁོར་ན། ཏིང་ངེ་འཛིན་སེམས་དང་སེམས་བྱུང་འདུན་པ་མེད་པ་ཡེ་ཤེས་གཅིག་གི་རང་ངོར་ཐ་མི་དད་པར་སྣང་བ། འཁོར་སྟོང་པ་རང་སྣང་གི་བྱེད་པ་ཅན་ཉིད་ལས་ཐ་མི་དད་པའི་ཡེ་ཤེས་ཀྱི་ཚོགས། བསྟན་པ་དམིགས་པ་ཡོངས་སུ་དག་པ་ཡེ་ཤེས་འདུ་འབྲལ་མེད་པ་རྡོ་རྗེ་སེམས་དཔའི་ཆོས་ཉིད། དུས་རྟག་པ་མ་ཡིན་པའི་ཆོས་ཉིད་བསམ་ངོ་ལས་འདས་པའི་དུས་འཕོ་འགྱུར་བྲལ་བའི་དུས་ཉིད་དོ། །ཆོས་སྐུའི་སྤྲུལ་སྐུའི་གནས་སྐབས་ན། ཞིང་ཁམས་སྟོང་ཉིད་གང་དུའང་རྒྱ་མ་ཆད་པ། གནས་ཐམས་ཅད་ཀྱི་འཆར་གཞིའི་ཆར་གནས་པ་རང་གསལ་ལྷུན་གྲུབ་ཀུན་ཁྱབ་ཀྱི་བདག་ཉིད་ཅན། ཏིང་ངེ་འཛིན་མི་འགག་པ་རང་གསལ་བ་འཛིན་རྟོག་ཐམས་ཅད་དང་བྲལ་བའི་རིག་པ། འཁོར་རིས་མེད་ཀྱི་སྐུ་གསུམ་རང་ལ་གྲུབ་པ་བསྟན་པ་རྒྱ་མཚོའི་བྱེད་པོ། བསྟན་པ་རང་བཞིན་མ་བཅོས་པ་འདུས་མ་བྱས་ཆོས་བློ་ཡུལ་ལས་འདས་པ། དུས་སྙིང་པོ་མངོན་པར་སྣང་བ་བསྐལ་བ་རྣམ་པར་བཀོད་པའི་ཕ་མཐའ་འོ། །འདི་དག་ཀློང་ཆེན་པས་རྒྱུད་ཚིག་རྐང་མ་སོར་བཞག་བྱས་པ་མ་གཏོགས། བཀྲལ་ཡོད་པ་མཇལ་མ་མྱོང་བས་རང་གར་མོས་པས་རྣམ་པར་བཞག་པའི་འཆད་སྲོལ་ཙམ་མོ། །རང་ཤར་ལས། གསལ་དང་གདངས་དང་མ་འདྲེས་གསུམ། །ཆོས་ཀྱི་སྐུ་ཡི་ཡུལ་ཡིན་ནོ། །དཔག་མེད་དམིགས་མེད་འཛིན་པ་མེད། །ཆོས་ཀྱི་སྐུ་ཡི་གནས་ཡིན་ནོ། །འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པའོ། ལྷང་ངེ་ལྷན་ནེ་ཡེང་བ་མེད། །ཆོས་ཀྱི་སྐུ་ཡི་བསྒོམ་པ་ཡིན། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འདི་དག་གི་གནད་ཞིབ་ཕྲས་གཏིང་དཔོག་པར་བྱེད་དགོས་ན། རྒྱུད་རང་གི་ནང་ལ་ཞིབ་ཀྱིས་བལྟས་པས་མི་ཚད་པར། རྒྱུད་མ་བུ་སྔ་ཕྱི་འགྱུར་གྱི་རྒྱུད་སྡེ་དག་གི་རྣམ་གཞག་ངེས་པའི་ཐོག་ནས། ཡང་བསྐྱར་ཀུན་མཁྱེན་བླ་མའི་བསྟན་བཅོས་ལ་ཞིབ་ཀྱིས་མཇལ་ན། དགོངས་པའི་གཏིང་ཚད་མང་པོ་ཞིག་གི་ཚོད་ཅུང་ཟད་དཔོག་ནས་ངེས་པ་བླ་ལྷག་ཐོབ་ཏུ་ཡོད་ངེས་སྙམ། །དེས་ཆོས་སྐུའི་ངོ་བོ་ངེས་ཚིག་དབྱེ་བ་རྣམས་བཤད་པའི་སྐབས་ཀྱི་བྱེ་བྲག་བཤད་པའི་ཡན་ལག་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པ་ལྔ་ཡི་རང་བཞིན་སྤྱིར་དབྱེ་བ་སོང་ནས། གཉིས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བ་དེ་ཉིད་བསྟན་པ་ནི། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྐུ་དང་གསུང་། །ཐུགས་དང་ཡོན་ཏན་ཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང་། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་ནི་སྒྲ་ཚིག་མིང་བྲལ་ནས། །བརྗོད་མེད་གླེང་བ་ཉིད་དང་བྲལ། །ཐུགས་ནི་བསམ་དང་འགྱུ་མེད་པས། །འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་འོང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང་། །རང་བཞིན་བཅོས་པ་མེད་པའོ། །ཕྲིན་ལས་མ་བྱུང་མ་སྐྱེས་པ། །ཤུགས་འབྱུང་བ་དང་འགག་པ་མེད། །མ་བྱས་བྱེད་པ་མེད་པའོ། །ཞེས་པ་དང་། རང་ཤར་ལས། གཅིག་འབྱུང་གཉིས་འབྱུང་ཐམས་ཅད་འབྱུང་། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །བསྒྲུབ་མེད་བསྒྲུབས་ཟིན་སྒྲུབ་པ་རྫོགས། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཡིན། །ཕྱི་མེད་ནང་མེད་དབྱིངས་སུ་མེད། །ཆོས་ཀྱི་སྐུ་ཡི་རང་ལུས་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །ཆོས་སྐུའི་སྐུ་སྟོང་གསལ་མཚན་མ་མེད་པ། གསུང་བརྗོད་མེད་སྒྲ་ཚིག་ལས་འདས་པ། ཐུགས་དྲན་བསམ་འགྱུ་འཕྲོའི་སྤྲོས་པ་མེད་པ། ཡོན་ཏན་ཕྱིར་མི་ལྡོག་པ་དབྱིངས་དང་ཡེ་ཤེས་ཀུན་ཁྱབ་ཀྱི་རང་བཞིན་འཕོ་འགྱུར་མེད་པ། འཕྲིན་ལས་བྱ་བྱེད་ཀུན་ལས་འདས་པ་ལྷུན་གྲུབ་འཆར་ཚུལ་མ་འགག་པ་ཤུགས་འབྱུང་གཞི་ལ་གནས་པ། མདོར་ན་སྐུ་ཅིར་ཡང་མ་གྲུབ་པའི་ཀུན་ཁྱབ་ཀྱི་སྐུ། གསུང་བརྗོད་མེད་གྲག་སྟོང་ཚིག་ལས་འདས་པའི་གསུང་། ཐུགས་མི་གཡོ་མཁའ་མཉམ་ཡངས་དོགས་བྲལ་བའི་ཡེ་ཤེས། ཡོན་ཏན་ཀུན་འབྱུང་གི་གཞིའམ་མཛོད། འཕྲིན་ལས་སྒྲིབ་མེད་རང་རྫོགས་སུ་གདལ་བ་ཞེས་པའི་དོན་ནོ། །དེ་རིང་གི་ཆོས་ཁྲིད་ཞེས་པ་ལ་སོགས་པ་གསུངས་སོ་ཞེས་པའི་མཚམས་འདི་ནས་བཞག་སྟེ། སང་ཉིན་བརྟེན་པ་ཡེ་ཤེས་ཀྱི་རིམ་པ་ནས་འཆད་རྒྱུ་བྱེད། ཁ་རྩང་ཆོས་ཁྲིད་གྲོལ་སྐོར་ལ་ཆར་བ་འབབ་བཞིན་འདུག་པས་ནགས་གསེང་དུ་མ་བྱོན་ན་ཞེས་བརྡ་གཏོང་བ་ཡིན། སྤྱིར་དེང་སང་སྐར་མ་རྀ་ཥིའི་སྨན་ཆར་གྱི་སྐབས་སུ་སྐུ་ལུས་ཅུང་ཟབ་བངས་ཀྱང་ལོ་ཉུང་རྣམས་ལ་ཅི་ཡང་མི་སྐྱོན། དེ་རིང་གནམ་གཤིས་ཡག་འདུག་པས་དེ་རིང་བྱོན་ན་སྙམ། དེང་སང་ནགས་གསེང་ལ་བྱོན་ཚོད་ཤིན་ཏུ་ཡག་པའི་སྐབས་ཏེ། དུག་སྦྲང་མེད་ཅིང་ཤིང་འབྲས་སིལ་ཏོག་སྨིན་པའི་སྐབས་རེད། ལྕགས་རྙི་རུག་པའི་དོན་མིན་ཡང་ཐེངས་གཅིག་རི་གཟིགས་སུ་ཕེབས་ན་ཁམས་སངས་དང་སྐྱོ་སངས་ཡོང་བ་ཡིན། ཁྱད་པར་དུ་ཕྱོགས་གཞན་ནས་ཕེབས་པ་ཚོ་ལ་གནས་གཟིགས་གནས་འབྲེལ་དང་སྤྱོད་པའི་བོགས་འདོན་དང་། ཁྱད་པར་དུ་གང་སྣང་ལམ་དུ་ཁྱེར་ཤེས་མཁན་ཞིག་ལ་ཇི་ལྟར་བྱས་ཀྱང་ཐམས་ཅད་ཉམས་ལེན་གྱི་གྲོགས་ཡིན། གནས་འདི་ནི་སྔར་དམ་པ་གོང་མ་མང་པོ་སྤྱོད་པ་ལ་ཕེབས་མྱོང་ས་དང་། ཉམས་རྟོགས་ཁྱད་པར་ཅན་འཁྲུངས་ནས་གྲུབ་པ་ཐོབ་ས་དང་། སྔར་བྱོན་དམ་པ་གོང་མའི་གདན་ས་འཇའ་ལུས་འོད་སྐུར་གྲོལ་བའི་གཤེགས་ཤུལ་ཡིན་པས་ན། རང་གར་ས་སྟོང་རི་རྒོད་དུ་འཁྱར་གཡེང་བྱས་པ་དང་མི་འདྲ་བར་རང་གི་དག་སྣང་གིས་ཁྱོག་ན་གནས་ཀྱིས་གང་ཟག་བྱིན་གྱིས་རློབ་ངེས་ཡིན་པས་ཆུ་ཚོད་དང་པོ་ཙམ་ལ་ཕེབས་རྒྱུ་མཛོད། དེ་ནས་ཡུན་མི་རིང་བར་བདེ་ཆེན་ཞིང་མཆོད་དང་སེམས་བསྐྱེད་འབུམ་མཆོད་ཟླ་སྦྲེལ་གྱིས་མཆོད་པའི་གྲ་སྒྲིག་རན་ཞིང་། ད་ལོའི་ཞིང་སྒྲུབ་ཀྱི་སྦྱིན་བདག་འབྲོག་རུའི་བཀྲ་གདོང་གཉིས་ཀའམ་མཚོ་ཁྲི་ཀླུ་ཕྱུག་སྡེ་བ་རེད། མཆོད་དཔོན་གང་དྲག་ཁ་ཤས་ཀྱིས་ཉིན་བཅུ་ཕྲག་སྔར་བསྣུར་གྱིས་མར་ཚོན་གྱིས་བདེ་ཆེན་ཞིང་བཀོད་ཀྱི་མཆོད་པ་རྒྱས་པར་བཅའ་འཆར་ཡིན་ཟེར་བས་དེ་དང་མཉམ་དུ་དང་བླངས་པ་གཞན་དག་སུ་ཡོད་ཀྱིས་གོས་ཆེན་ནམ་དར་ཚོན་སྣེ་ལྔ་ཆོས་ར་རྒྱན་བྱེད་དང་མཆོད་པའི་ཡོ་བྱད་དུ་ཡོད་པ་རྣམས། དང་བླངས་པ་ཚོས་བརྒྱད་སྡེ་དང་ཐུགས་གྲོས་མཛད་དེ། དང་པོར་ཇི་ལྟར་བརྒྱན་ན་དགའ་བའི་ཐུགས་དཔྱད་འཆར་འགོད་ཅིག་ཞོག དེ་ནས་བླ་མ་ཡང་ཏིག་གི་ཆོས་ཁྲིད་འཆད་ས་མཆོད་ཁང་པདྨ་གཡང་འཁྱིལ་གྱི་ཐོག་ཁང་ནས་ཡིན་པས། སྔ་དྲོ་ཐམས་ཅད་ལ་གཙུག་ལག་ཁང་ཕྱི་ནང་གཉིས་ཀ་ནས་གྲ་སྒྲིག་གི་ལས་ཀ་བྱེད་ཆོག་པ་ཡིན། འདིའི་དར་ཚོན་སྒྲོན་པ་འདི་མཆོད་པའི་རྒྱན་ཆ་ཡིན་པས་མ་ཚད། གཙོ་བོ་ཆོས་ཁྲིད་འདོན་དུས་སྒྲ་སྒམ་གྱི་ནང་གི་སྒྲ་གསལ་ཞིང་གྱང་སྐད་མི་གྲག་པའི་ཐབས་སུ་དམིགས་པ་ཡིན། མཆོད་མེ་ད་ལོའི་གྲ་རྒྱས་འཆར་ཡིན་པས། མར་མེ་མང་དུས་མར་རྒྱན་དེ་མ་ཐག་ཏུ་བཞུ་འགྲོ་བ་ཡིན་པས། མར་མེ་དང་མར་གྱི་མཆོད་པ་གཉིས་ཀྱི་འགལ་འདུ་ཇི་ལྟར་སེལ་དགོས་མཆོད་དཔོན་རྣམ་པས་ཐུགས་བསམ་བཞེས་དགོས། ད་ལོའི་ཞིང་སྒྲུབ་ལ་ཆོས་ཁྲིད་དཔལ་སྤྲུལ་ཚང་གི་གསུང་ཐོག་མཐའ་བར་དགེའི་གཏམ་དེ་འཆད་རྒྱུ་ཡིན། དཔེ་ཆ་སྡེབ་ཤར་གྱི་གྲ་སྒྲིག་གཞུང་གིས་བྱས་ཡོད་ས་ཡོད། དེབ་ཀྱི་རིགས་འདི་གཅིག་བྱས་ན་བཙལ་བདེ་མོ་སྟབས་བདེ་ལྟ་བུ་ཞིག་མིན་རྒྱུ་མི་འདུག་ཀྱང་། གཅིག་བྱས་ན་ཐབས་སྡུག་བཙོག་པ་མ་དར་པ་ལྟ་བུའི་སྣང་བ་ཞིག་འདུག མི་རེས་དེབ་རེ་བཟུང་ནས་འཚོགས་དུས་ན་བཟའ་ལ་བལྟས་ན་དགེ་འདུན་པ་ཡིན་པ་ལས། སློབ་གྲྭ་འཚོགས་ནས་བསྡད་ཡོད་པའམ། ཏང་ཕྱི་ནང་གི་ལས་བྱེད་པ་ཚོ་ཞིག་གིས་ཆབ་སྲིད་ཀྱི་ཡིག་ཆ་སྦྱོང་གིན་ཡོད་པ་ལྟ་བུ་ཞིག་ལ་འདྲ་མི་འདུག་གམ། དེབ་སྤུས་ཀ་ཞན་པ་དེ་དག་ཚར་ཁ་ཤས་བལྟས་དུས་འཐོར་འགྲོ་བར་འདུག ད་རུང་ཆད་ལྷག་མང་བ་རེད། དཔེར་ན། དཔལ་སྤྲུལ་བཀའ་འབུམ་གྱི་དེབ་དེ་དག་ལས། འདུས་མདོའི་དབང་གི་གོ་དོན་གྱི་ཟིན་བྲིས་དང་། ཡ་བཞིའི་དབང་གི་ཕྱག་ལེན་ལས་འགྲིགས་གཉིས་ཀ་བསྲེས་ནས་འདུག ཉིས་སྟོང་གསུམ་གྱི་ལོར་བཀྲམ་པ་དང་། ཉིས་སྟོང་བཅུ་གཉིས་ལོར་ཡང་བཀྲམ་བྱས་པ་གཉིས་ཀ་འདྲ་འདྲ་རེད་ཨ་ཁ་མ་དཔེ་དང་གཅིག་མ་བསྡུར་བ་ལ་སྙམ་པ་ཞིག་རེད། མི་ལོ་བཅུ་ཕྲག་གི་རིང་དུ་ཉམ་ཆུང་ཀློག་པ་པོ་ཇི་འདྲའི་མང་པོ་ཞིག་གི་མགོ་འཁོར་མེད། དེབ་འདི་བཟུང་ན་དེ་ཁུར་སའི་དཔེ་ཁུག་ཅིག་ཀྱང་མ་འཚགས་ཐབས་མེད་ཡིན་པས་དེ་རྒྱབ་ལ་ཁུར་དུས་ན་བཟའ་དང་དེ་ཙམ་ཆ་མི་འགྲིག་པ་འདུག དེ་བས་ཤོ་ཀ་ལི་ཞིག་བསྣམས་ན་སྡེབ་རིང་ཐུང་གཉིས་ཀ་ཆུད་པ་དང་། གནའ་སྲོལ་དམ་པ་གོང་མའི་ཕྱག་བཞེས་མ་ཉམས་ཤིང་གསུང་རབ་ལ་གུས་པའི་མཆོད་པ་དང་། བོད་མི་རིགས་རང་གི་ཆོས་ཕྱོགས་ཀྱི་ཁྱད་ཆོས་མ་ཉམས་པ་དང་། བྱིན་ཆགས་ལུགས། དང་བ་འདྲེན་ལུགས་ཀྱང་མི་འདྲའོ་སྙམ་པ་ཡིན། སྤྱིར་ཡག་བཙོག་ཅེས་པ་དེ་གཅིག་ལ་གཅིག་ལྟོས་ཀྱིས་བཏགས་པའི་ལྟ་ལུགས་མཐོང་ཚུལ་གྱི་ཁྱད་ཙམ་ཞིག་ཡིན་ཡང་། གནའ་ལུགས་ཚང་མ་གཡང་ཡིན། ད་ལུགས་ཚང་མ་ཐན་ཡིན་ཞེས་པའི་རྙིང་ཞེན་ལ་མ་ཕྱོགས། གསར་བ་ཚང་མ་སྔོན་ཐོན་དང་རྙིང་པ་ཚང་མ་རྗེས་ལུས་ཡིན་པའི་གསར་ངས་ཀྱི་ཕྱོགས་སུ་མ་འཐེན་པར་གཉིས་མཐར་མ་ལྷུང་བའི་ལྟ་ཚུལ་གྱིས་བལྟས་ན་ཡང་། བོད་ཀྱི་དགེ་འདུན་པས་ཤོ་ཀ་ལི་བསྣམས་ཤིང་། དཔེ་ཆ་གླེགས་བམ་སྡེབ་ཤར་ལ་གཟིགས་ན་ལེགས་པས་མི་ཚད་དགོས་པ་མང་ངོ་སྙམ། ཁྱད་པར་དུ་ཆོས་ར་དང་ཚོགས་གྲལ་ནས་དེ་བས་ཀྱང་ཡག་འདུག དེབ་ཀྱང་གྲྭ་ཤག་གི་ནང་ནས་ཟུར་གཟིགས་དཔེ་ཀློག་ལ་སྟབས་བདེ་ཡིན་པས་སྤོང་བར་བྱེད་ག་ལ་དགོས། དེ་ཚོ་རི་ཁྲོད་ཀྱི་མཚམས་པ་མི་དང་མི་གཏུག་པའི་ཁེར་འདུག་པ་ཞིག་གི་བསམ་ཚུལ་རྐྱང་པ་རེད། ཤོ་ཀ་ལི་རེ་བཞེངས་ན་ལྷ་ཁང་རེ་བཞེངས་པའི་ཕན་ཡོན་ཡོད་པར་གསུངས་སྲོལ་ཡོད། འུ་གུས་ཀྱང་ཤོ་ཀ་ལི་བཞེངས་པ་དེ་དགེ་འདུན་པར་འབུལ་བ་བསྙེན་བཀུར་གྱི་ཆེད་ཡིན་པས་མ་ཚད། གཙོ་ཆེར་དཔེ་ཆ་གླེགས་བམ་སྡེབ་ཤར་སྣ་རིང་འདིའི་རྒྱུན་སྣུབ་མི་འགྲོ་བའི་མིག་ལྟོས་ཤིག་ལ་བསམ་པ་ཡིན། བྱ་བ་ཅི་ཞིག་ཡིན་རུང་མིག་ལྟོས་བཟང་པོ་ཞིག་ཏུ་གྱུར་སོང་ན་སྙམ་པའི་ཀུན་སློང་སྔོན་དུ་བཏང་བ་ཏག་ཏག་ཡིན། ཆོས་སྒར་གཞན་གྱིས་ཀྱང་དཔེ་ར་ལ་དོ་སྣང་གནང་མགོ་ཚུགས་པ་རེད། དེ་དག་ཀྱང་རྒྱུ་མཚན་མཁྱེན་པའི་ཐུགས་བསམ་བཞེས་ཕྱོགས་ཡིན་ཕྱིར་རང་གར་ཞོལ་འཕྲོས་ཀྱི་སྐད་ཆ་བཤད་པ་ཡིན། ཞིང་སྒྲུབ་ཀྱི་ཆོས་ཁྲིད་ཀྱི་གཙོ་བོའི་ཆེད་དུ་བྱ་ཡུལ་ནི་མི་སྐྱ་ཕོ་མོ་ཆོས་དད་མང་ཚོགས་རེད། དགེ་འདུན་པ་ཟུར་ཞུགས་མཛད་དགོངས་ནའང་སྔར་བཞིན་དུ་མ་ཆོག་པ་མེད་ལ། ལྷག་ཏུ་བྱོན་དགོས་པའི་ངེས་པ་ཡང་ཡོད་པ་མ་རེད། ཉིན་དང་པོར་ཞིང་མཆོད་ཀྱི་ཆོ་ག་ཞིག་བཏོན། ཉིན་གཉིས་པའི་སྐབས་སུ་སེམས་བསྐྱེད་ཀྱི་ཆོ་ག་འབུམ་མཆོད་སྐབས་ཀྱི་ཆོག་ཁྲིགས་མ་དེ་གསུངས་ནས། ཕྱི་དྲོ་འབོག་ཆོག་ཅིག་བཏོན་ན་སྙམ། ཞིབ་པར་རེའུ་མིག་གསར་བའི་ནང་དུ་གཟིགས་དང་ཤེས། དེ་ནས་དར་ཚོན་སྣ་ལྔས་གཙུག་ལག་ཁང་བརྒྱན་ལུགས་དེ་ཇི་ལྟར་མཛེས་ན་དེ་ལྟར་བརྒྱན་དགོས། རྒྱན་ནི་མཛེས་བྱེད་ཡིན་པས་གང་གིས་ཡག་ན། གང་གིས་མཛའ་ན། གང་གིས་བབས་ཆགས་ན་དེ་ལྟར་གྱིས་དང་ཆོག་པ་ལས་འདི་བྱས་དེ་གྱིས་ཀྱི་འཆར་འགོད་མེད། ཐོད་རྒལ་གྱིི་འཆར་སྣང་བཤད་པ་དང་མཚུངས་པར་རྩིབས་ཤར་དང་། གྱེན་འགྲེང་དང་། མཁར་ཐབས་དང་། སྣྲེལ་ཞི་ལ་སོགས་པ་ཇི་ལྟར་སྣར་ན་ཡང་ཆོག ཡང་ཡིན་གཅིག་མིན་གཉིས་འོ་བརྒྱལ་ཆེན་པོའི་དཀའ་ལས་ཆེན་པོ་ཡང་བྱེད་མི་དགོས། སྟབས་བདེ་བབས་དང་བསྟུན་ཞོར་མཛོད་དང་ཆོག དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པར་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་ཉེར་གསུམ་པའི་ཆོས་ཁྲིད། next