Nitartha Digital Library
Tibetan
 
previousཉིན་ཉེར་ལྔ་བའི་ཆོས་ཁྲིད། no next

ཉིན་ཉེར་ལྔ་བའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། རྣམ་མཁྱེན་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། ཁྱབ་བདག་དཔལ་གདོད་མའི་མགོན་པོའི་གོ་འཕང་རིན་པོ་ཆེར་འགོད་པར་བྱ། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་འཆད་ཉན་བྱེད་པ་དང་དེའི་དོན་ཚུལ་བཞིན་དུ་བསྒྲུབས་ཏེ། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་གསུམ་བཟང་གསུམ་འཛོམས་པའི་དམ་པའི་ཚུལ་དགུའི་ཡོན་ཏན་དང་ལྡན་པ་ཞིག་གི་སྒོ་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་དགོས་ཤིང་། དེ་ཡང་རྗོད་བྱེད་ལུང་གི་ཆོས་སྡེ་སྣོད་གསུམ་གྱིས་གཏནལ་དབབ་པར་མཛད་པའི་བརྗོད་བྱ་རྟོགས་པའི་ཆོས་མངོན་རྟོགས་བསླབ་པ་གསུམ་གྱི་ཉམས་ལེན་གྱི་གོ་རིམ་མ་ནོར་པའི་ཐོག་ནས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །གསུངས་པ་ལྟ་བུའི་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ས་གཞི་ལྟ་བུ་ལ། ཏིང་ངེ་འཛིན་གྱི་དཔག་བསམ་གྱི་ལྗོན་ཤིང་རྩ་བ་བརྟན་ཞིང་ཡལ་ག་ཕྱོགས་བཅུར་རྒྱས་པ་ལ། ཤེས་རབ་ཁྱད་པར་ཅན་མེ་ཏོག་དང་འབྲས་བུ་བཞད་པས་མི་ཚད་པར། དཔག་བསམ་གྱི་ལྗོན་ཤིང་ཞེས་པ་ནི་གང་འདོད་ལེན་ཆོག་པའི་ནོར་བུ་ཞིག་ཡིན་པ་ལྟར་དུ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་རང་གཞན་གྱི་དོན་གཉིས་ཡིད་བཞིན་དུ་སྒྲུབ་ཐུབ་པའི་ནུས་པ་ཅན་ཞིག་ངེས་པར་དུ་བྱ་དགོས་དགོངས་པའི་ཐུགས་འདུན་བཅང་སྟེ། དམ་ཆོས་གསན་བསམ་ཉམས་བཞེས་ལ་ཞུགས་དགོས་པ་ཡིན། བློ་ལྡོག་རྣམ་བཞིས་བློ་སྦྱངས་ནས་ཐར་བ་རང་ལ་རག་ལས་པའི་གནས་ཤེས་པ་དང་། ལམ་སྟོན་བཤེས་གཉེན་དམ་པར་བསྟེན་པ་ཡང་གལ་ཆེ་བར་ཡིན་པ་ཤེས་པས་མ་ཚད། སྐྱབས་འགྲོ་སེམས་བསྐྱེད་དང་བཅས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གནད་བསྟན་པ་དེ་དག་བརྒྱུད་དེ། བདེན་བཞི་རྒྱུ་འབྲས་འཇུག་ལྡོག་གི་གནད་ཚང་བའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་སྦྲེལ་ཏེ་བློ་སྦྱོང་གི་ཆོས་འདི་ཡང་། ཡང་ནས་ཡང་དུ་གསལ་འདེབས་སུ་ཞུས་པ་རེད། དེ་ལས་ཀྱང་ཆོས་གཅིག་ཆོག་ནད་བརྒྱ་སྨན་གཅིག་གིས་ཆོག་པ་ལྟ་བུ་དེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བསྐྱེད་པས་མི་ཚད་རྒྱུད་ལ་སྐྱེས་པ་གཙོ་ཆེ་བ་ཡིན། སེམས་བསྐྱེད་དེ་ལ་ཡང་ཀུན་རྫོབ་དང་དོན་དམ་གྱི་བདེན་གཉིས་ཀྱི་དབྱེ་བས་རྣམ་པ་གཉིས་སུ་གསུངས་པ་སྟེ། གཞི་བདེན་གཉིས་དབྱེར་མེད་ཡིན་པས་ལམ་ཚོགས་གཉིས་ཟུང་འཇུག་ཏུ་བསྒྲུབས་ནས། འབྲས་བུ་སྐུ་གཉིས་མངོན་དུ་བྱ་དགོས་པས། ཐེག་ཆེན་ལམ་གྱི་བསྒྲུབ་བྱ་ནི་མི་གནས་པའི་མྱང་འདས་ཡིན་ལ། དེ་ཡང་གང་ལ་མི་གནས་ན། སྙིང་རྗེས་ཞི་ལ་མི་གནས་ཤིང་། ཤེས་རབ་ཀྱིས་སྲིད་ལ་མི་གནས་པ་ཐབས་ཤེས་ཟུང་དུ་འབྲེལ་བའི་ལམ་ཡིན་པས། དེ་ལ་སྙིང་རྗེས་ཞི་བ་མྱང་འདས་ལ་མི་གནས་པ་ནི་ཐབས་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་བ་ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་རིམ་ཇི་སྙེད་རིག་པའི་གཏན་ལ་དབབ་བྱ་དང་། ཤེས་རབ་ཀྱིས་འཁོར་བར་མི་གནས་པ་ནི་ཟབ་མོ་ཡེ་ཤེས་ཀྱི་ཚོགས་དོན་དམ་བདེན་པ་ལ་བརྟེན་པའི་ལམ་རིམ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱིས་གཏན་ལ་དབབ་བྱ་ཡིན་པས། ཆུ་ཀླུང་ཆེན་པོའི་རྒྱུད་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་རྫོགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་པས་མཐར་ཐུག་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་ལ། ཐེག་ཆེན་མདོ་སྔགས་གཉིས་ཀྱི་གཞི་ལམ་འབྲས་བུའི་གནད་ཐམས་ཅད་འདུས་པ་ཡིན་ཕྱིར་ཉམས་ལེན་གནད་ཀྱི་སྙིང་པོ་འདི་ལ་འཛིན་དགོས། དེ་ཡང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ནི། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་རག་ལས་པ་དང་། རྟོགས་པ་ཁྱད་པར་ཅན་སྐྱེ་བ་ནི་བླ་མའི་བྱིན་རླབས་དང་། བྱིན་རླབས་འཇུག་པ་ནི་མོས་གུས་ཀྱི་རྟེན་འབྲེལ་ལ་རག་ལས་པ་ཡིན་པས་བླ་མའི་རྣལ་འབྱོར་གནད་ཆེ་བ་ཡིན། བླ་མའི་རྣལ་འབྱོར་ཞེས་པ་དེ་ཡང་ངག་འདོན་འདོན་རྒྱུ་དང་། བཟླས་གྲངས་བསགས་པ་ཙམ་ཞིག་ལ་མི་འཛིན་པར་དོན་བརྒྱུད་ལྡན་པའི་བླ་མ་དེས་སེམས་ཉིད་ཆོས་སྐུར་ངོ་སྤྲད་པའི་མན་ངག་སྙན་བརྒྱུད་ཀྱི་གདམས་པ་ལྟར་དུ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་འདྲེས་པ། ཡེ་བབས་རང་གཞག་གི་གནས་ལུགས་སྟོང་གསལ་སྤྲོས་པ་དང་བྲལ་བ། ཕྱིའི་ཡུལ་ལ་ཕར་མ་འདྲེས་པ། ནང་སེམས་ལ་ཚུར་མ་གཅུན་པ། བར་སྒོམ་འཛིན་གཉེན་པོའི་བསླད་ཀྱང་ཞུགས་པ་མ་ཡིན་པར། གདོད་ནས་རང་བཞིན་རྣམ་དག་ཏུ་ཡོད་པའི་ངང་གནས་ཀྱི་རིག་པ་བཟོ་མེད་བློ་ལས་འདས་པའི་རྒྱུན་སྐྱོང་བའི་བླ་མའི་རྣལ་འབྱོར་བསྒོམས་པ་སྟེ། ཐུགས་ཡིད་དབྱེར་མེད་དུ་སྲེ་ཞེས་པ་དེ་ཡིན། བླ་མ་བླ་མ་ཞེས་པ་དེ་མཚོན་བྱེད་རྟགས་ཀྱི་བླ་མ་རང་དང་སྐལ་བ་མཉམ་པའི་བཤེས་གཉེན་མིའི་ཚུལ་དུ་ཕེབས་པ་དེ་ཡིན་ཡང་། མཚོན་བྱ་དོན་གྱི་བླ་མ་རང་གི་སྙིང་དབུས་ན་བཞུགས་པའི་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་བླ་མའི་མན་ངག་གིས་སད་པར་བྱས་པ་དེ་ཡིན། དེ་ནི་སྐྱེ་མེད་དོན་གྱི་བླ་མ་དེ་ཡིན་ལ། དུས་ནམ་ཡང་འབྲལ་བར་མེད་པ་བསྒོམ་པར་བྱ་བ་ཡང་དེ་ལས་མ་འདས། དེ་ལྟ་བུའི་རང་གི་སྙིང་དབུས་སུ་བཞུགས་པའི་ཡེ་ཤེས་དེ་ཉིད། ད་ལྟར་བླ་མའི་མན་ངག་གིས་སད་པར་བྱས་པ་དེ་རྩེ་གཅིག་ཉམས་སུ་བླངས་ནས་ཕྱག་རྫོགས་གཉིས་མེད་ཀྱི་ཆོས་སྐད་ལ། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ཐམས་ཅད་རིམ་གྱིས་བགྲོད་ནས། གང་ཤར་ཐམས་ཅད་རིག་སྟོང་ཆོས་ཉིད་ཆེན་པོའི་ངང་དུ་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་སྟེ་ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མངོན་དུ་གྱུར་ནས་ནམ་ཞིག་ན་ཆོས་ཅན་གཉིས་སྣང་གི་འཁྲུལ་བའི་ཆོས་ཐམས་ཅད་ཆོས་ཉིད་མ་འཁྲུལ་པའི་རིག་པའི་དབྱིངས་ན། འཁྲུལ་དང་མ་འཁྲུལ་མིང་དོན་གཅིག་ཏུ་འདུས་ཤིང་སོ་སོའི་དབྱེ་བ་མེད་པའི་ཆོས་ཟད་མཉམ་པ་ཆེན་པོར་རོ་གཅིག་ཏུ་གྱུར་པ་ན་ཐུགས་ཡིད་དབྱེར་མེད་དུ་བསྲེས་ནས་འདྲེས་པ་ཡིན་ནོ། །སོ་སོའི་སྐྱེ་བོའི་རྣམ་པར་ཤེས་པ་ལས་སུ་མི་རུང་པ་ནི་སེམས་ཅན་གྱི་ཆོས་ཉིད་དམ་སེམས་ཅན་གྱི་མཚན་ཉིད་ཡིན། སེམས་ཉིད་རང་བྱུང་གི་ཡེ་ཤེས་རྣམ་རྟོག་གི་སྤྲོས་པ་ཞི་བའི་ངང་ལ་བཞག་ན། སེམས་ཞེས་པའི་ངན་པ་ཞིག་ཟུར་ན་མེད་པར་ཐམས་ཅད་ཡེ་ཤེས་གཅིག་གི་ངང་དུ་འབྱམས་ཀླས་པ་ཡིན། འོན་ཀྱང་ལས་དང་པོ་པས་ངེས་ཤེས་མི་སྐྱེ་བའི་སྐབས་སུ་དཔྱད་སྒོམ་དང་། ངེས་ཤེས་མ་ཉམས་པའི་སྐབས་ལ་བཞག་ནས་བསྒོམས་ན། ཉམས་ལེན་རྣལ་མའི་སྐྱོང་ཚུལ་ལ་འགྲོ་ཞེས་པ་ནི་དམ་པ་གོང་མའི་ཞལ་གདམས་ཡིན། སྟོང་བ་ཉིད་ལ་ལྟ་བའི་གནས་སྐབས་ཀྱི་འདུ་ཤེས་དེ་སོ་སོར་རྟོག་པའི་ཤེས་རབ་ཡིན་ལ། སྟོང་བ་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་དེ་ལ་སྟོང་ཉིད་རྟོགས་ཞེས་པའི་སྒྲའི་ཐ་སྙད་འཇུག་པའི་སྐབས་ཀྱང་ཡོད་པ་ཡིན། འོན་ཀྱང་སྟོང་ཉིད་དོན་གྱིས་རྟོགས་པ་མ་ཡིན་པར་སྟོང་བའི་གདངས་ཀྱིས་ཡེ་ཤེས་ཀྱི་གོ་འབྱེད་པའི་ངོས་ནས་སོ་སོ་རང་རིག་པ་ཞེས་གསུངས་པ་ཡིན། དྲན་བསམ་རང་རྒྱུད་པར་མི་གནས་པས་ན་རྟོག་པ་ཐ་མལ་པ་དང་རྫས་འགལ་ཞིང་། མདོ་ལས་ཀྱང་། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་པ་ཡིན་གསུངས་ཤིང་། དེའི་འདུ་ཤེས་དེ་རང་རྒྱུད་ཀྱི་དངོས་པོས་བསྡུས་པའི་ཕུང་པོའི་བདག་ཉིད་ཅན་གྱི་འདུ་ཤེས་དེ་མིན་ལ། དེ་ཡིན་ན་ཕུང་པོ་ལྔ་བོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་ལྟའོ་ཞེས་པ་དང་ནང་འགལ་ལོ། །དེ་ལྟར་སྔར་ཡང་ཐེངས་མ་གཅིག་གཉིས་སུ་ཞུ་མྱོང་ལ། སྟོང་པ་ཉིད་ལ་ལྟ་བའི་གནས་སྐབས་ཀྱི་འདུ་ཤེས་དེ་སོ་སོར་རྟོག་པའི་ཤེས་རབ་ཡིན་ཡང་དེ་རྣམ་པར་རིག་པ་ཅན་གྱི་ཐོས་བསམ་སྒོམ་པའི་རྟོག་དཔྱོད་མ་ཡིན། དེའི་བྱེད་ལས་ཆོས་ཉིད་ཀུན་ཏུ་འགྲོ་བ་ཅན་ཡིན་པས། ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པའི་ཤེས་རབ་དེ་ལ་གོམས་པས། ཡེངས་ཡུལ་ཆོས་ཉིད་དུ་ཤར་ནས་ཡུན་གྱིས་ཡུན་ལ་བསྒོམས་ན་ནམ་ཞིག་སེམས་དང་སེམས་བྱུང་གི་རྟོག་པ་གང་སྐྱེས་ཐམས་ཅད་སྤང་གཉེན་བྲལ་བའི་རིག་པ་རང་གནས་ཀྱི་བསམ་གཏན་སྣང་སེམས་དབྱེར་མེད་གཞི་གྲོལ་ཡངས་པ་ཆེན་པོར་འཆར་ཐུབ་པ་ཡིན། དེ་ཡང་གནས་པ་ཐམས་ཅད་ཞི་གནས་དང་། དཔྱོད་པ་ཐམས་ཅད་ལྷག་མཐོང་མ་རེད། ལྷག་མཐོང་གི་ཤེས་རབ་སྐྱེས་དུས་རྟོག་པ་གང་ཤར་དགག་མི་དགོས། དགག་ན་ཞི་གནས་ཕྱོགས་གཅིག་ཏུ་ལྷུང་འགྲོ་བ་དང་། རྩོལ་བས་བསྒྲུབ་མི་དགོས། བསྒྲུབས་ན་ལྷག་མཐོང་གཤིས་ཤོར་དུ་འགྲོ། རྣམ་རྟོག་གི་རྗེས་སུ་འབྲང་མི་རུང་། དེ་འབྲངས་ན་རྟོག་པའི་གཞི་རྩ་མ་ཆོད་པས་ཐ་མལ་པ་དང་ཁྱད་པར་མེད། དབང་ཤེས་དང་དབང་པོ་རྣམས་དགག་མི་དགོས། དེ་དགག་ན་ཡིད་ཀྱི་མངོན་ཤེས་ལ་སོགས་པ་དབང་པོ་དང་ཡོན་ཏན་དེ་ལས་འབྱུང་བ་མིན་ནོ་ཞེས་སྔར་ཡང་ལན་མང་དུ་བསྐྱར་ཞིང་ཟློས་པ་ཡིན། རིག་པ་རང་གནས་ཀྱི་ཤེས་རབ་ནི་ལྷག་མཐོང་ཁྱད་པར་ཅན་ཡིན། དེའི་ངོ་ཁ་ལ་སྣང་ཡུལ་མི་དགག་ཀྱང་རིག་པ་སྣང་ཐོག་ཏུ་མི་ཤོར་བ་ཡིན་པས། བསམ་གཏན་ཞིག་གི་ངང་ལ་བཙན་པོ་བྱས་ནས་གཅུན་དགོས་པའི་ཐབས་ལ་མི་ལྟོས་སོ། །དེ་ལྟར་གཅུན་འདུག་མ་དགོས་ཚེ་གནས་འགྱུ་ཐམས་ཅད་ལ་རིག་པ་གཅིག་གིས་དབང་བསྒྱུར་ནས་བྱིང་རྒོད་ཀྱི་གནོད་པས་ཀྱང་རྫི་མི་ཐུབ་པ་ཞིག་ཏུ་འགྲོ་བ་ཡིན། དེ་ལྟར་མིན་པའི་སེམས་ལམ་བྱེད་ཀྱིས་དམིགས་པའི་ཡུལ་ཞིག་ལ་རྩེ་གཅིག་ཏུ་བེའུ་ཕུར་རྩ་ལ་ཐག་པས་བཏགས་པ་ལྟར་དུ་བཏགས་ན། ལྟ་སྒོམ་གཉིས་ཀ་ཐ་དད་པར་སོང་ནས་དེའི་རྟེན་དང་བརྟེན་པ་གཉིས་ཀ་སྐེ་སྦྲེལ་གྱིས་ཟུང་དུ་འཇུག་པར་བྱེད་པས་ནི། གནས་སྐབས་ཀྱི་རྣམ་རྟོག་ངལ་གསོའི་གཞི་ཙམ་ཞིག་ལས་གོ་མི་ཆོད་པས་མ་ཚད། ཡུན་གྱིས་ཡུན་ལ་སོང་ན་རིག་པའི་སྒྲིབ་བྱེད་དུ་འགྲོ་བ་ཡིན། དེས་ན་བླ་མའི་མངོན་རྟོགས་ཡིད་ལ་བྱས་ནས་བསྐྱེད་རིམ་དང་འབྲེལ་བའི་རྣལ་འབྱོར་སྒོམ་ཞིང་བསྒྲུབས་པས་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། ཐུགས་ཡིད་ཆོས་ཉིད་གཅིག་ཏུ་འདྲེས་པ་རྫོགས་རིམ་འབྲེལ་བའི་དོན་ལ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། དབང་བཞིའི་ཡེ་ཤེས་མངོན་དུ་བྱས་ཏེ་རིག་འཛིན་རྣམ་པ་བཞིའི་འགྲོས་ཀྱིས་སྐུ་བཞིའི་གོ་འཕང་མངོན་དུ་བྱེད་པའི་བླ་མའི་རྣལ་འབྱོར་གྱི་ཉམས་བཞེས་དེ་ལྟ་བུ་དང་། སྔོན་འགྲོ་དངོས་གཞི་གང་གི་སྐབས་ཡིན་ཡང་མི་འབྲལ་བར་མཛད་ནས་ཐུགས་དམ་ཉམས་བཞེས་གནང་བ་ནི་འདིར་བཞུགས་རྣམ་པ་ཐམས་ཅད་ཕྱི་རབས་པ་དང་བཅས་པས་ཐུགས་ཉམས་ལ་ཞོག་ཞུ་བ་དང་བཅས་ཏེ། སྐབས་འདིར་གང་ཞིག་གསན་བཞེས་ཐེངས་གཅིག་གིས་འཆད་ཉན་གྲུབ་ལ་ཉེ་བའི་དམ་ཆོས་ཟབ་མོ། ཀུན་མཁྱེན་འཇིགས་གླིང་གིས་ཁྲིད་ཡེ་ཤེས་བླ་མའི་མཇུག་སར་མཛོད་བདུན་གྱི་སྤྱིའི་ངེས་ཚིག་འགྲེལ་ཏེ་གསུངས་པ་ལས། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛོད་ཆེན་པོར་དོན་དམ་པར་ལྷུན་གྱིས་གྲུབ་ཅིང་། ཞར་ལ་ཐེག་པའི་རྒྱལ་པོར་འཁུ་བའི་སྐལ་པ་ངན་པའི་རི་དྭགས་དང་། ཀླ་ཀློའི་གྲུབ་མཐའ་ལུང་དང་རིགས་པའི་མཚོན་ཆས་ཚར་གཅོད་པ་ལ་ཆོས་ཀྱི་གྲགས་པའི་བརྟུལ་ཞུགས་མ་སྨད་པས་རིན་པོ་ཆེ་སྣ་བདུན་གྱི་ངེས་ཚིག་བཟང་པོས་ལེགས་པར་བསྲུངས་པ་དག་ལས་ཤེས་པར་བྱ་བ་ཁོ་ནའོ། །ཞེས་ཞལ་འཕངས་མཛད་ཡོད་པའི་བོད་ཡུལ་རྫོགས་ཆེན་བསྟན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ། རྒྱལ་བ་ཀློང་ཆེན་པའི་གསུང་རབ་མཛོད་ཆེན་རྣམ་པ་བདུན་ལས། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་མན་ངག་གི་བསྟན་བཅོས། དཔལ་སྤྲུལ་ཚང་གིས། ཀྱེ་མ་ཀྱེ་མ་བརྒྱུད་གསུམ་ཐུགས་རྗེ་ཆེ། །གཞུང་བཟང་མཇལ་དུ་ཡོད་པ་སྐལ་པ་བཟང་། །ལམ་བཟང་བསྒྲུབ་ཏུ་ཡོད་པ་ཁ་རྗེ་ཆེ། །སངས་རྒྱས་རང་ལ་ཡོད་པ་ལོས་ཀྱང་བདེན། །ཞེས་གསུངས་སའི་བསྟན་བཅོས་ཆེན་མོ་འདིའི་རང་འགྲེལ་པདྨ་དཀར་པོ་འདི་ཉིད་འཆད་བཞིན་པ་ལ། འདི་ནི། རྟོགས་པར་དཀའ་བ་རྟོག་གེའི་བསྟན་བཅོས་བཞིན། །བསྒྲིམས་ཤིང་བསྒྲིམས་ནས་ཚིག་དོན་ཚོལ་མི་དགོས། །རང་བབས་ངང་ལ་གཞུང་སེམས་སྲེས་ཤིག་དང་། །གུ་ཡངས་རྗེན་པ་ཟང་མ་ཐལ་གྱིས་འགྲོ། །ཞེས་གསུངས་པ་དང་། ངོ་སྤྲོད་ཀྱང་དེ་ཡིན་དེའི་ཕན་ལ་ངོ་སྤྲད་ཡོང་རྒྱུ་ཞིག་མེད། ཀུན་མཁྱེན་བླ་མའི་གདམས་ངག་འདི་མིན་པའི་གཉུག་མའི་ཡེ་ཤེས་ཞེས་པ་ཞིག་ཁ་ཁ་ནས་རྙེད་ཡོང་རྒྱུ་ཞིག་ཡོད་པ་མ་ཡིན། རང་བབས་ཀྱི་ངང་ནས་རྗོད་བྱེད་ཀྱི་གཞུང་དང་སེམས་སྲེས་ཤིག་དང་བརྗོད་བྱ་དོན་གྱི་ཡེ་ཤེས་ཀྱང་དེ་ནས་མཐོང་ཡོང་། གཞུང་དང་སེམས་གཉིས་ཀ་འདྲེས་པའི་ཕན་ན་ཅི་ཡང་མེད། དབང་བསྐུར་དང་རྒྱུད་བཤད་ཉམས་ལེན་དེ་ལས་གཞན་པའི་ཟུར་བ་ཞིག་མི་དགོས་ཞེས་གསུངས་པ་དང་། ད་རུང་དེའི་གཤམ་དེར། ངེས་ཚིག་ཚིག་དོན་ཁྲོལ་རུང་མ་ཁྲོལ་རུང་། །བརྗོད་བྱའི་དོན་ཟབ་ཤེས་རུང་མ་ཤེས་རུང་། །དགོངས་པའི་ཞེ་ཕུགས་རྙེད་རུང་མ་རྙེད་རུང་། །རེ་དོགས་ཆོད་ལ་མ་ཡེངས་ངང་ནས་གཟིགས། །ཞེས་གསུངས་ཏེ། འདིའི་མཇུག་གི་ཚིག་མ་ཡེངས་ངང་ནས་གཟིགས་ཞེས་པ་འདིའི་ནང་དུ་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་རིག་པ་གསལ་སྟོང་རྗེན་པ་གཏན་ལ་འབེབས་པའི་ངོ་སྤྲོད་ཀྱི་མན་ངག་ཆ་ཚང་འདུས་སོ་སྙམ་མོ། །ངས་དུས་རྒྱུན་ཀློག་པ་ཐོས་བསམ་པ་རྣམས་ལ་རིག་ཐོག་ཏུ་འཇོག་བཞིན་དུ་ཕྱག་དཔེ་གཟིགས་མཛོད། ཁྱད་པར་དུ་དཀའ་གནད་ཆེན་པོ་མི་ཁྲོལ་བར་ཅི་བྱེད་འདི་བྱེད་མེད་དུས། རིག་སྟོང་འཇམ་དཔལ་རྡོ་རྗེ་མཁའ་ཁྱབ་ཡེ་ཤེས་སྒྱུ་མ། རང་གྲོལ་ཟང་ཐལ་གྱི་གཤིས་མ་བཅོས་པའི་ངང་དུ་བསལ་བཞག་བྲལ་བར་ཞོག་དང་། རང་གར་བྱིས་བློའི་གོམ་བགྲོད་ཀྱིས་ས་ཆེན་འདོམ་དུ་འཇལ་བ་ལས་དེ་དགའ་ངེས་པ་ཡིན། རིག་རྩལ་རྣམ་འབྱེད་ཀྱི་ཤེས་རབ་ཏུ་ཤར་ནས་བཟང་སྤོབས་བློ་གྲོས་ཀྱི་རྣམ་དཔྱོད་རྒྱས་ལུགས་མི་འདྲ་བ་ཡིན། དེ་བཞིན་དུ་སྤང་བ་བསམ་གཏན་པ་ལ་མཚོན་ན་ཡང་། སྟོང་སྒོམ་མུན་ནག་རྡོ་འཕེན། ཅི་ཡང་མེད་པའི་འདུ་ཤེས་སམ། ཡང་ན་ཡོད་མིན་མེད་མིན་གྱི་བསམ་གཏན། ལྕགས་མཁར་སྒོ་མེད་ཕར་འཛུལ་ཤེས་ཀྱང་ཚུར་བུད་མི་ཤེས་པ་ཞིག་ཏུ་ཐོམ་ཡོར་རེ་ནམ་ཐུམ་མེ་མི་སྡོད་པར་གོང་ནས་བཤད་པ་ལྟར་དུ་ཞི་ལྷག་ཟུང་འབྲེལ་གསལ་སྟོང་སྤྲོས་དང་བྲལ་བའི་ཡེ་ཤེས་ནང་ནས་འཆར་བ་ལ་གོམས་པར་བྱེད་དགོས་པ་ཡིན། དེ་ལྟར་མིན་ཚེ་ལོ་དུ་མར་བསྒོམས་ཀྱང་ཡར་སྐྱེད་མེད་པར་རིག་རྩལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དང་། འོད་གསལ་ཕྲ་བའི་ཏིང་འཛིན་གྱི་མངོན་ཤེས་གསལ་སྣང་ཤར་མ་དགོས་བསྒོམས་ཤིང་སྒོམ་ལ་ཇེ་བླུན་དུ་འགྲོ་བ་ཡིན། དེ་ཡང་རེ་དོགས་བཅད་དེ་མ་ཡེངས་ངང་ནས་བལྟ་བྱ་ལྟ་བྱེད་དང་བྲལ་བར་ལྟ་མ་ཐུབ་པས་ཡིན་པ་དེས་ན། སྙིང་གི་གྲོགས་ཁྱེད་གཞུང་འདིར་བློ་ཕོབས་ལ། །བག་ཡངས་ངང་ནས་བློ་ཐག་འདི་རུ་ཆོད། །བྱ་བྱེད་རྩོལ་བློའི་བློ་ཚུབ་འདི་རུ་ཤིག །གཞུང་མང་གདམས་པའི་སྤྲོས་འདི་རུ་ཆོད། །ཅེས་གསུངས་པ་དེ་ཡང་དྲན་ཞིག་བྱས་ནས་བཤད་པ་ལ་འཇུག་པ་ལ། འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་དོན་ལེའུ་བཅུ་གསུམ་པོ་ཆ་ཚང་སོང་ནས། དེ་རིང་།

གསུམ་པ་ཐ་མར་དགེ་བ་མཇུག་དོན།

དེ་ལ་གང་དུ་ལེགས་པར་བཀོད་པའི་གནས་བསྟན་པ་དང་། བརྗོད་བྱ་རྟོགས་པའི་དོན་ངོས་གཟུང་བ་དང་། ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་དུ་ཕྱིན་པས་བསྟན་བཅོས་ཀྱི་ཚིག་དོན་ལ་དབང་འབྱོར་བའི་རང་བཞིན་དུ་བསྟན་པ་དང་། བརྩམས་པའི་ཚུལ་བརྗོད་པ་དང་། དགེ་བ་བྱང་ཆུབ་ཏུ་བསྔོ་བ་དང་། ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་དང་། ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་དང་བདུན་ལས།

ཀ༽དང་པོ་གང་དུ་ལེགས་པར་བཀོད་པའི་གནས་བསྟན་པ།

དེ་ལྟར་འཇུག་ཡུལ་བསྟན་བཅོས་ཀྱི་ལུས་རྒྱ་ཆེར་གཏན་ལ་ཕབ་ཟིན་ནས། ད་ནི་བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ་རྣམ་གྲངས་བདུན་ལས། གང་དུ་ལེགས་པར་བཀོད་པའི་གནས་བསྟན་པ་ནི།

དེ་ལྟར་ཆོས་ཉིད་རྡོ་རྗེ་སྙིང་པོའི་གླུ།།

མཁའ་མཉམ་གདོད་ནས་དག་པའི་རང་བཞིན་འདི།།

མི་འགྱུར་གཞི་རྩ་བྲལ་བའི་གནས་ཉིད་ནི།།

རང་ཤར་འཕོ་འགྱུར་མེད་པའི་རོལ་པར་ཤར།།

ཞེས་གསུངས་ཏེ། རྡོ་རྗེ་སྙིང་པོ་ལྷུན་གྲུབ་གཉུག་མ་གདལ་བའི་གླུ་གསང་བ་ཆེན་པོ་འདི་ནི། གྲུབ་རི་རིན་པོ་ཆེ་འབྱུང་བའི་གནས། རང་བྱུང་གི་པདྨའི་རྒྱལ་པོས་བྱིན་གྱིས་བརླབས་པའི་རྩེ་མོ། དུས་གཅིག་ལ་སྣང་བ་བརྒྱ་འཆར་བས་སེམས་ཀྱི་དེ་ཉིད་ངལ་གསོ་བར་བྱེད་པའི་རིའི་ཡང་རྩེར་མཁའ་འགྲོ་གསང་བའི་གླུར་བླངས་པ་ཡི་གེར་བཀོད་པ་ཡིན་ནོ། །དེ་ལྟར་ཆོས་དབྱིངས་རིན་པོ་ཆེའི་མཛོད་གཞུང་དོན་ལེའུ་བཅུ་གསུམ་གྱི་བདག་ཉིད་ཅན། ཆོས་ཉིད་རྡོ་རྗེ་སྙིང་པོ་མཆོག་གསང་རྫོགས་པ་ཆེན་པོའི་ཀུན་བཟང་དགོངས་པའི་ཡང་བཅུད། ཡེ་དག་ལྷུན་གྲུབ་ཀྱི་གཉུག་མ་བདེ་ཆེན་གདལ་བའི་རྡོ་རྗེའི་གླུ་གསང་བ་ཆེན་པོ། འཕོ་འགྱུར་བྲི་གང་དང་བྲལ་ཞིང་མཁའ་དང་མཉམ་པའི་ཡེ་ཤེས། གདོད་ནས་དག་པའི་ཡོན་ཏན་རབ་ཏུ་རྫོགས་པ། རྨད་དུ་བྱུང་བའི་རང་བཞིན་འདི། མི་འགྱུར་གཞི་རྩ་བྲལ་བའི་ཆོས་སྐུའི་ཡེ་ཤེས་ཀྱི་ཉིན་བྱེད་ལས། རིག་རྩལ་ཤེས་རབ་འོད་ཟེར་གྱི་གདངས་སུ་ནང་ནས་འབར་ཏེ། རང་ཤར་འཕོ་འགྱུར་མེད་པའི་རོལ་བ་ཚིག་དང་སྒྲ་ཡི་བྱེད་པར་ཤར་ཞིང་། དཔལ་གྱི་མགུལ་ནས་རྡོ་རྗེའི་གད་རྒྱངས་ཀྱིས་རང་སྒྲ་སྒྲོག་པའི་གནས་དེ་གང་ཡིན་ན། གྲུབ་རི་རིན་པོ་ཆེའི་འབྱུང་བའི་གནས་གངས་རི་ཐོབ་དཀར་སྙིང་པོའི་མགུལ་སློབ་དཔོན་པདྨ་ཀ་རཿ སོགས་གྲུབ་བརྙེས་ཀྱི་རིག་འཛིན་མང་པོའི་གདན་ས། རི་མཐོ་ས་གཙང་རང་བྱུང་གི་རིན་པོ་ཆེ་འབྱུང་བའི་གནས་སམ་རྒྱལ་བའི་ཡོན་ཏན་གྱི་འབྱོར་བ་རིན་པོ་ཆེའི་འབྱུང་གནས། རང་བྱུང་པདྨ་རྒྱལ་པོས་བྱིན་གྱིས་རླབས་པའི་ཨོ་རྒྱན་རྫོང་གི་རྩེ་མོ། དུས་གཅིག་ལ་སྣང་བ་བརྒྱར་འཆར་བ་སྟེ་ཏིང་ངེ་འཛིན་བརྒྱ་ཕྲག་དུས་གཅིག་ལ་འཆར་བར་བྱེད་པའི་གནས་ཀྱི་ཡོན་ཏན་དང་ལྡན་པ་སྟེ། ཉིད་ཀྱི་ཞལ་ནས། དེ་འདྲའི་གནས་ནི་ཐར་པའི་སྐྱེད་མོས་ཚལ། །དབེན་ཞིང་ཉམས་དགའ་རིག་པ་འཛིན་པ་དེར། །བདག་བློ་ཞི་བའི་ཏིང་འཛིན་མཐར་ཕྱིན་ནས། །སྲོག་དང་བཅས་པའི་ལུས་འདི་གཡོ་བར་ཤོག །ཅེས་གསུངས་སོ། །དེ་ལྟར་དབེན་གནས་རྒྱལ་བ་གོང་མ་གཤེགས་ཤུལ་ལ་བསྔགས་པ་དང་བཅས་ཏེ། ལས་དང་ཉོན་མོངས་པའི་མྱ་ངམ་གྱི་ཐང་དཀྱིལ་ནས། ཡུན་རིང་ངལ་ཞིང་དུབ་པའི་སེམས་དེས་སེམས་ཀྱི་དེ་ཉིད་རང་ཞལ་མཇལ་བས་ངལ་སོས་པར་བྱེད་པའི་གནས་ཀྱིས་གང་ཟག་བྱིན་གྱིས་རློབས་པའི་གནས་དེའི་ཡང་རྩེར་ཀུན་བཟང་དགོངས་པའི་གསང་མཛོད་མཁའ་འགྲོ་རིག་འཛིན་འབུམ་གྱི་གསང་བའི་ཐུགས་ཀྱི་གན་མཛོད། མཁའ་འགྲོ་གསང་བའི་བརྡ་གླུ་རུ་རང་བྱུང་གིས་བླངས་པ་ཡི་གེར་བཀོད་པའོ།།

ཁ༽གཉིས་པ་བརྗོད་བྱ་རྟོགས་པའི་དོན་ངོས་གཟུང་བ།

བརྗོད་བྱ་རྟོགས་པའི་དོན་ངོས་གཟུང་བ་ནི།

ཡེ་མཉམ་ཕྱམ་གདལ་ཀློང་ཆེན་ཡངས་པའི་དོན།།

གར་ཡང་མ་ཕྱིན་གདོད་མའི་རང་བཞིན་ངང་།།

མི་གཡོ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ།།

རྒྱ་ཆད་མེད་ཅིང་ཕྱོགས་ལྷུང་བྲལ་བར་གྱུར།།

ཞེས་གསུངས་ཏེ། སྣང་སྲིད་ཆོས་ཉིད་དུ་ཤར་བས་ཅིར་སྣང་རང་བྱུང་གི་ཡེ་ཤེས་སུ་རྟོགས་པ་སྟེ་འགྲོ་འོང་མེད་པའི་ཆོས་ཉིད་རྟོགས་པས་འབད་པ་དང་རྩོལ་བ་ཐམས་ཅད་རང་ཞིག་ནས། རྒྱ་ཆད་ཕྱོགས་ལྷུང་བྲལ་བར་གྱུར་ཏོ་ཞེས་རྟོགས་པ་ངེས་པས་བསྟན་བཅོས་འདིར་འཇུག་པའི་འགྲོ་བ་ཆོས་ཉིད་རྟོགས་པར་བྱིན་གྱིས་བརླབས་པའི་རྟེན་འབྲེལ་ཏེ། དཔལ་བྲམ་ཟེ་གཉུག་མའི་གླུ་ལས། གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ད་ལྟར་འཁྲུལ་བ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་འབྱུང་བ་ལྟར་མངོན་དུ་གྱུར་པས། ཕྱི་རབས་འདིར། འབད་པ་མེད་པར་གྲོལ་བར་བྱེད་པ་སྟེ། ཆོས་ཉིད་དོན་གྱི་རང་སྒྲ་རྡོ་རྗེའི་གླུ་རུ་བཀོད་པའི་བསྟན་བཅོས་འདིའི་བརྗོད་བྱ་རྟོགས་པའི་དོན་ནི། གང་སྣང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་མཉམ་བཟང་ངན་མེད་པར་ཕྱམ་གདལ་བ་ཅིར་སྣང་རང་བྱུང་གི་ཡེ་ཤེས་སུ་རྟོགས་པའི་ཀློང་ཆེན་མཁའ་མཉམ་ཡངས་པ། སྣང་སྲིད་ཆོས་སྐུར་ཤར་བའི་དོན་རང་ལ་ཤར་བས། འབད་པ་དང་རྩོལ་བའི་ངལ་བ་ལ་བརྟེན་ཏེ་ས་ལམ་དམིགས་གཏད་ཅན་དུ་རེ་བ་འཆའ་བའི་སེམས་ལམ་བྱེད་ཀྱི་དོན་མེད་ཀྱི་བྱ་རྩོལ་ལ་མ་ལྟོས་ཤིང་། གར་ཡང་མ་ཕྱིན་པར་རང་བབས་ཆོས་ཉིད་རྣལ་མའི་རིག་པ་རྗེན་ཅེར་གྱི་ངང་བསྐྱངས་པས། གདོད་མའི་གནས་ལུགས་རང་བཞིན་སྤྲོས་པ་མཐའ་དག་དང་བྲལ་བ་དེའི་ངང་ལས་མི་གཡོ་ལྷུན་གྲུབ་གཞི་གྲོལ་གཉུག་མའི་ཆོས་ཉིད། མ་བྱས་རང་བཞིན་དག་པའི་སེམས་ཉིད་ཀྱི་དྭངས་ལ་མི་བྱེད་རྩོལ་སྒྲུབ་བྲལ་བས་ངང་བསྐྱངས་པས་རང་བབས་རྒྱ་ཆད་མེད་ཅིང་ཕྱོགས་ལྷུང་དང་བྲལ་བའི་སྟོང་གསལ་རིག་པའི་ཡེ་ཤེས་སྐུ་གསུམ་འདུས་པའི་བདག་ཉིད་ལ་རང་བྱན་ཆུད་ནས་ཡེ་གྲོལ་གྱི་ཐོག་ཏུ་ཡང་གྲོལ་དུ་སོང་བའི་གཞི་གྲོལ་མཉམ་པ་ཆེན་པོའི་རྒྱལ་ས་ལ། ལས་ཅན་གྱི་འགྲོ་བ་བསྟན་བཅོས་འདི་ལ་མོས་ཏེ་ཞུགས་པ་དག་གིས་དེའི་རྟོགས་དོན་ཆོས་ཉིད་རྟོགས་པའི་བྱིན་རླབས་ཐོབ་པའི་རྟེན་ཅིང་འབྲེལ་འབྱུང་ལེགས་པར་སྨིན་ནས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་གྱུར་ཏོ་ཞེས་རྗེས་འཇུག་ལ་ངེས་ཤེས་དང་སྤྲོ་བ་བསྐྱེད་པའོ། །སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱང་། ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་དག་གི་ངལ་གསོའི་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །ཞེས་གསུངས་པ་བཞིན་ནོ།།

ག༽གསུམ་པ་ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་དུ་ཕྱིན་པས་བསྟན་བཅོས་ཀྱི་ཚིག་དོན་ལ་དབང་འབྱོར་བའི་རང་བཞིན་དུ་བསྟན་པ།

ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་དུ་ཕྱིན་པས་བསྟན་བཅོས་ཀྱི་ཚིག་དོན་ལ་དབང་འབྱོར་བའི་རང་བཞིན་དུ་བསྟན་པ་ནི།

དོན་རྣམས་ཇི་བཞིན་མཁའ་མཉམ་ཡངས་པའི་དཀྱིལ།།

གང་དུ་རང་བྱུང་ཀློང་ཆེན་རྒྱལ་པོ་ནི།།

རྟག་ཏུ་མི་གཡོ་སྣ་ཚོགས་རང་སར་གྲོལ།།

འདི་ཞེས་མི་མཚོན་དབྱིངས་རུམ་ཡངས་པར་ཕྱིན།།

ཞེས་གསུངས་ཏེ། གང་དག་བསྟན་བཅོས་རྩོམ་པ་དེ་དག་གི་ཚད་ནི། ཚིག་དང་དོན་གྱི་གནས་ཕྱིན་ཅི་མ་ལོག་པར་རྟོགས་ནས། གཞན་གྱི་ཕྱིར་ཡི་གེའི་ཚིག་འབྲེལ་ལེགས་པར་དགོད་ཤེས་པ་ཡིན་ལ། འདིར་ཡང་ཁོ་བོ་རང་བཞིན་རྫོགས་པ་ཆེན་པོའི་རྡོ་རྗེའི་གནས་ཕྱིན་ཅི་མ་ལོག་པར་རྟོགས་ནས། ཚིག་དང་དོན་གྱི་སྐལ་པ་བཟང་པོ་གཞན་ལ་ཕན་པའི་ཕྱིར་དགོད་པར་མཁས་པ་སྟེ། སྟོན་པ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་གསང་བའི་གནས་རྡོ་རྗེ་རྟོགས་པའི་འགྲེལ་པ་ལུང་གི་ཕྲེང་བས་སྤྲས་ཏེ། ཡོངས་སུ་རྩོམ་པ་གང་གི་ཚེའང་ཕྱི་རོལ་གྱི་རྣམ་པར་གཡེང་བ་སྤངས་ཏེ། ཆོས་ལ་སེམས་པའི་ཏིང་ངེ་འཛིན་རྩེ་གཅིག་པས་སྦྱར་བ་ནི། ཆོས་ཉིད་རྒྱལ་པོའི་ཀློང་དུ་ཕྱིན་པ་ལས་དོན་གྱི་ཤེས་རབ་སྐྱེས་པའི་མཐུས་བཀོད་པ་སྟེ། ཐེག་པའི་མཆོག་འདིར་མོས་པའི་སྐལ་ལྡན་རྣམས་ཀྱི་མིག་ཏུ་གྱུར་པས་གུས་པའི་སྤྱི་བོས་ཟུངས་ཤིག་ཅེས་ལེགས་པར་གདམས་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་འབྱུང་བ་བཞིན་ནོ། །སྤྱིར་ན་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ལ། རབ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པ། འབྲིང་ཡི་དམ་ལྷའི་ཞལ་མཐོང་ཞིང་གནང་བ་ཐོབ་པ། ཐ་མའང་རིག་པའི་གནས་ལྔ་སྒྲ་ཚད་བཟོ་གསོ་ནང་རིག་པ་ལྔ་དང་བཅས་པ་ཚིག་དོན་གཉིས་ཀའི་ཆ་ནས་མཁས་པ་ཞིག་ཡིན་དགོས་པ་དང་། བརྩམས་པའི་བསྟན་བཅོས་ཀྱི་རང་བཞིན་ཡང་། མགོན་པོ་བྱམས་པས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ལྡན་ཕྱིར་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟ་བུ་ཡིན་པས། འདིར་གསང་ཆེན་ངེས་པ་རྡོ་རྗེ་རྩེ་མོའི་རྒྱུད་དོན་གངས་ཀྱི་རི་བོར་གསལ་བར་བྱེད་པའི་སྔར་མེད་ཀྱི་ཤིང་རྟའི་སྲོལ་འབྱེད་པ་ཆེན་པོ་རྒྱལ་བ་ཀློང་ཆེན་པས། ཐུན་མོང་གི་བསྟན་བཅོས་ཕལ་བ་གཅིག་གིས་ཀྱང་འགྲན་པའི་ཟླ་ཙམ་དུ་ཡང་མི་ཁྱག་མི་འོས་པའི་སེམས་ཉིད་གཉུག་མའི་ཡེ་ཤེས། བསལ་བཞག་བྲལ་བའི་ཆོས་སྐུ་རྗེན་པར་བསྟན་པའི་ལེགས་བཤད། གསེར་ཆོས་ལས་ཀྱང་དཀོན་པའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་འདི་ཉིད་ཇི་ལྟར་བརྩམས་ན། རང་བཞིན་རྫོགས་པ་ཆེན་པོའི་རྡོ་རྗེའི་གནས་ཀྱི་དོན་རྣམས་ཇི་བཞིན་དུ་ཕྱིན་ཅི་མ་ལོག་པར་མཁའ་མཉམ་ཡངས་པ་རིག་པ་ཟང་ཐལ་ཆོས་ཟད་ཡེ་གྲོལ་གྱི་དགོངས་པའི་དཀྱིལ་གང་ཡིན་པ་དེར་ཕྱིན་ཅིང་དེའི་ངང་ལས་རྟག་ཏུ་མི་གཡོ་བའི་སྣ་ཚོགས་རང་གྲོལ་ཞེས་རྒྱལ་བ་ཀློང་ཆེན་ཁོང་ཉིད་ཀྱི་མཚན་གྱི་རྣམས་གྲངས་ཀྱིས་གསལ་བར་མཛད་དེ། ཆོས་ཅན་སྣ་ཚོགས་ཀྱི་སྣང་བ་དེ་ཆོས་ཉིད་དོན་གྱི་ཡེ་ཀློང་འདི་ཞེས་མི་མཚོན་པའི་ཆོས་ཟད་གདོད་མའི་དབྱིངས་རུམ་ཡངས་པར་ཕྱིན་པའི་རྣལ་འབྱོར་པ་ཁོང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་གསང་བའི་གནས། རྡོ་རྗེ་གསང་སྔགས་ཀྱི་རྒྱུད་དོན་ཐམས་ཅད་ཡོངས་སུ་རྟོགས་ཤིང་ཁོང་དུ་ཆུད་ནས་སྦྱར་བའི་བསྟན་བཅོས་ཀྱི་འགྲེལ་བ་རྒྱུད་རང་གི་ལུང་གི་ཕྲེང་བས་སྤྲས་ཤིང་བརྒྱན་ཏེ། ཆོས་ཉིད་ཀྱི་རྩལ་ལས་བྱུང་བའི་དོན་གྱི་ཤེས་རབ་སོ་སོར་རང་རིག་པའི་ཡེ་ཤེས་སྐྱེས་པའི་མཐུས་བཀོད་པ་ཡིན་པས། བསྟན་པ་འདི་ལ་མོས་པའི་སྐལ་ལྡན་ཚོས་ཐར་བའི་མིག་ཏུ་བཟུང་ནས་སྤྱི་བོས་མཆོད་ཅིག་ཅེས་ལེགས་པར་གདམས་པའི་ལུང་དང་བཅས་པ་བསྟན་པའོ།།

ང༽བཞི་བ་བརྩམས་པའི་ཚུལ་བརྗོད་པ།

བརྩམས་པའི་ཚུལ་བརྗོད་པ་ནི།

རྟོགས་པའི་དུས་ངེས་མཁའ་འདྲའི་རྣལ་འབྱོར་པས།།

རང་ཉམས་ཕྱོགས་གཅིག་ལུང་དོན་མཐུན་པ་ནི།།

རྩ་བའི་སེམས་ལུང་ཉི་ཤུ་རྩ་གཅིག་དང་།།

ཀློང་གསུམ་མན་ངག་སྡེ་བཞི་མཐུན་པར་བཀོད།།

ཅེས་གསུངས་ཏེ། དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཛའི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་ཤིང་། དངོས་གྲུབ་བརྙེས་པའི་མགོན་པོ་དེས་རྗེས་སུ་གཟུང་ཞིང་བྱིན་གྱིས་བརླབས་པའི་མཐུས། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་དབང་འབྱོར་ཞིང་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས། དོན་གྱི་ཆ་ལ་འཁྲུལ་བ་མེད་ཅིང་། དེའི་གསུང་གི་འོད་ཟེར་བློ་གྲོས་ཀྱི་པདྨོར་ཤར་བས་ཚིག་གི་གནས་ཀློང་དུ་གྱུར་ཏེ། དེ་ལྟར་ན་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་ཚུལ་རྒྱ་མཚོ་ལ་ཐོགས་པ་མེད་པའི་སྣང་བ་རྒྱས་པ་དེའི་ཚེ། འོད་གསལ་རྡོ་རྗེ་སྙིང་པོའི་རྣལ་འབྱོར་གྲུབ་པས། གཞན་དོན་འཕྲིན་ལས་ཀྱི་དུས་ངེས་པ་ནི། ནམ་མཁའ་ལྟར་གོ་སྐབས་ཡངས་པའི་དོན་ཏེ། ཀུན་མཁྱེན་བླ་མ་ཉིད་ཀྱི་ཞལ་ནས། དམ་པ་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་དང་། །རང་གི་རྣམ་དཔྱོད་བློ་གྲོས་མི་དམན་པས། །ཡངས་ཟབ་ཤེས་བྱའི་གནས་ལ་དབང་འབྱོར་ཏེ། འདི་འདྲའི་ཚུལ་ལ་བློ་གྲོས་ངང་གིས་རྒྱས། །ཞེས་གསུངས་པ་ལྟར་དུ། རིག་འཛིན་བླ་མ་ཀུ་མ་རཱ་ཛཱ་བསྟེན། དེས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས། དོན་བརྒྱུད་ཀྱི་དགོངས་པ་འཕོས། རྗེ་བཙུན་མ་ཧཱ་གུ་རུས་རྗེས་བཟུང་ཐུན་མོང་གི་དགོངས་པའི་རྩལ་དབང་ཐོབ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་ལུང་བསྟན་པ་ལྟར་དུ། དགོངས་པའི་རྒྱུད་ལ་མངའ་དབང་འབྱོར་བའི་ཀུན་མཁྱེན་བླ་མ་ཁོང་གིས། རང་གིས་མྱོང་བ་ངེས་པའི་རྟགས་དེ་བརྗོད་བྱ་རྗོད་བྱེད་ཀྱི་ཚུལ་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་པདྨོ་ནང་ནས་གྲོལ་ཏེ། རྟོགས་པའི་དུས་ངེས་རང་དོན་དུ་འོད་གསལ་རྡོ་རྗེ་སྙིང་པོར་མཁའ་འདྲའི་རྣལ་འབྱོར་གྲུབ་པས་ན། གཞན་དོན་དུ་འཕྲིན་ལས་ཀྱི་དུས་ངེས་པའི་སྐབས་སུ་བབས་དུས་དགོས་པ་རྣམ་པ་བཞི་ལས། རང་གི་རྟོགས་པའི་དོན་ཇི་ལྟ་བ་བཞིན་ཡི་གེར་དགོད་ལེགས་པས་ཕྱི་རབས་ཀྱི་དོན་དུ་ཕན་པ་འགྲུབ་པ་དང་གཅིག མཚུངས་པ་མེད་པའི་མཆོག་རྡོ་རྗེ་ཀུན་ཏུ་བཟང་པོ་གཉིས་པ་དེའི་གྲུབ་པའི་མཐའ་མི་ཉམས་ཤིང་བཀའ་བསྡུ་བར་འགྱུར་བ་དང་གཉིས། འདིའི་གནས་ཀྱང་བརླིང་ལ་ཕལ་གྱིས་རྟོགས་པར་དཀའ་བའི་དོན་ཐུན་མོང་གི་གནས་དང་མ་འདྲེས་པར་བསྟན་པས། ཐེག་པ་རྒྱལ་པོའི་རྩེ་མོ་རྡོ་རྗེ་སྙིང་པོའི་བསྟན་པ་ཡུན་རིང་དུ་འཇིག་རྟེན་ན་གནས་པར་འགྱུར་བ་དང་གསུམ། རྒྱུད་དང་མན་ངག་གི་གནས་ཀྱང་གྲངས་མང་བས་ཕྱོགས་གཅིག་ཏུ་བསྡུ་བར་མི་ཤེས་ཤིང་ཚོགས་པར་མི་ནུས་པའི་འགྲོ་བ་རྣམས་ཀྱིས་འདི་ཉིད་མཐོང་བས་ཀུན་གྱི་གནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་དགོས་པ་བཞིས་བསྟན་བཅོས་འདི་བཤད་དེ། རང་གི་རྟོགས་པའི་ཉམས་སུ་མྱོང་བ་དང་ཕྱོགས་གཅིག་པའམ་རྟོགས་དོན་ཇི་ལྟ་བ་དེ་བཞིན་དུ་ཡི་གེར་བཀོད་པ་འདི་ལ་དགོས་པ་བཞི་དང་ལྡན་པ་སྟེ། དགོས་པ་དང་པོ་ནི། སྤྱིར་རྒྱལ་བའི་མཛད་པ་སེམས་ཅན་གྱི་དོན་ལས་གཞན་དུ་མ་མཆིས་པས། རང་དོན་རྟོགས་པ་མངོན་དུ་བརྙེས་ནས་དེའི་རྟོགས་པའི་དོན་བདུད་རྩི་ཞི་བ་འདུས་མ་བྱས་པའི་ངེས་དོན་སྙིང་པོའི་དམ་ཆོས་དེ་ཉིད། ཚིག་དོན་དུ་སྦྱར་ཏེ་ཡི་གེར་བཀོད་པས་ན། སྤྱིར་ན་ཕྱི་རབས་འགྲོ་བར་ཕན་པ་འགྲུབ་པའི་དགོས་ཆེད་དང་། དགོས་ཆེད་གཉིས་པ། བྱེ་བྲག་མཚུངས་པའི་ཟླ་དང་བྲལ་བའི་མཆོག་མཚུངས་མེད་བརྒྱུད་གསུམ་བླ་མའི་ཞལ་སྐྱིན། རྡོ་རྗེ་ཀུན་ཏུ་བཟང་པོ་གཉིས་པའི་དགོངས་བཅུད་བྱིན་རླབས་ཀྱི་ཕ་ཕོག་གནང་བ་ཆུད་མི་ཟ་ཞིང་ཆོས་སྐུའི་བསྟན་པའི་བཀའ་ཡི་བསྡུ་བ་བྱས་པའི་དགོས་པ་དང་། དགོས་པ་གསུམ་པ། ཁྱད་པར་དུ་རྫོགས་པ་ཆེན་པོའི་གནད་ཀྱི་ཡང་ཞུན་འདིའི་རྡོ་རྗེའི་གནས་དག་ཀྱང་དོན་བརླིང་བས། བློ་ཆུང་ཕལ་གྱིས་རྟོགས་པར་དཀའ་བའི་རྟོགས་དཀའི་གནས་ཡིན་པས། ཐུན་མོང་དང་མ་འདྲེས་པར་དེའི་དོན་དེ་དག་ངེས་གསང་སྙིང་པོའི་དོན་ལ་བྱི་དོར་བྱས་པས་ན། ཐེག་རྒྱལ་རྡོ་རྗེའི་སྙིང་པོ་ཀུན་གྱི་རྩེ་མོར་གྱུར་པའི་བསྟན་པ་མི་ཉམས་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་གནས་པའི་དགོས་པ་དང་རྣམ་པ་གསུམ་དང་། དགོས་པ་བཞི་བ་ནི། གོང་གི་དགོས་པ་རྣམ་པ་གསུམ་པོ་འགྲུབ་པ་ལ་རྒྱུད་རྒྱ་ཆེ་ཞིང་ལུང་གྲངས་མང་བ་དང་མན་ངག་ཐོར་བུའི་ཚུལ་གྱིས་བཞུགས་པས་མ་ཚད། གབ་སྦས་ལ་སོགས་པས་ཀྱང་རྟོགས་པར་དཀའ་བ་དེའི་གབ་པ་བཏོན། སྦས་པ་ཕྱུང་། གཅུས་བ་བཤིག ཡོ་བ་བསྲངས། འཁྲུགས་པ་ཇི་བཞིན་དུ་སྡེབ་པའི་ཚུལ་མ་ཤེས་ན། ཡི་དྭགས་ནོར་གྱི་གཏེར་སྲུང་གི་ཚུལ་དུ་བེད་མེད་དུ་ལུས་པ་ཡིན་པས། ཕྱི་རབས་ཀྱི་རྗེས་འཇུག་བློའི་སྟོབས་ཞན་པ་དེ་དག་གིས་ཀྱང་འདི་ཉིད་མཐོང་བས་ཀུན་གྱི་གནས་བདེ་བླག་ཏུ་རྟོགས་པའི་ཡང་འབྱེད་གནད་ཀྱི་ལྡེ་མིག་ཏུ་གྱུར་པའི་དགོས་པ་དང་བཞིའོ། །དེ་ལྟ་བུའི་དགོས་པ་བཞི་དང་ལྡན་པས་རྩ་བའི་སེམས་ལུང་ཉི་ཤུ་རྩ་གཅིག་དང་། ཀློང་གསུམ་མན་ངག་སྡེ་བཞི་སོགས་རྫོགས་པ་ཆེན་པོའི་ངེས་དོན་སྙིང་པོའི་རྒྱུད་སྡེ་དག་དང་མཐུན་པར་བཀོད་པའོ། །རང་བཟོ་དང་འདོད་རྒྱལ་དུ་འདོགས་པ་སྤང་བའི་ཕྱིར་བཀའ་ལུང་གི་དཔང་པོས་ཡིད་ཆེས་པར་བྱས་པ་ནི། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་དང་མཐུན་པར་བཀོད་ནས་དེ་དག་གི་ལུང་དང་སྦྱར་བ་ཡིན་ནོ། །སྡེ་གསུམ་སོ་སོའི་དགོངས་པའི་ངེས་འབྱེད་ཀྱིས་གཙོ་བོའི་ཆ་ནས་ཕྱོགས་ཙམ་རེ་བཤད་ན། འདི་ལྟར་སྣོད་བཅུད་སྣང་སྲིད་དུ་སྣང་བ་འདི་དག་སེམས་ཀྱི་རོལ་པ་ཡིན་པས་སྣ་ཚོགས་སུ་སྣང་ཡང་། སེམས་ཉིད་ངོ་བོ་མེད་པས་སྣ་ཚོགས་སུ་སྣང་བའང་ངོ་བོ་མེད་པའི་ཕྱིར། སྣང་བརྟགས་ཀྱི་ཆོས་མ་གྲུབ་པའི་འཐད་པའང་དེ་ཉིད་དུ་འདོད་ཅིང་། གཟུང་འཛིན་གྱི་རྣམ་པ་གང་དུ་ཤར་ཡང་གང་ཡང་མ་ཡིན་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དང་དབྱེར་མ་མཆིས་ཤིང་དེ་ལས་མ་འདས་པའི་དབྱིངས་གཅིག་གི་ཁོར་ཡུག་དག་པ་ནི་འདིའི་ཁྱད་ཆོས་དང་། ཀློང་སྡེས་ཆོས་ཐམས་ཅད་ཡེ་གྲོལ་རང་དག་ཆེན་པོ་སྟེ། ཡོད་སྣ་ཚོགས་སུ་རང་ཤར་ཡང་། མེད་འབྲས་བུ་ཡེ་དག་ཏུ་ཡེ་གྲོལ་བས། སེམས་དང་སེམས་སྣང་གི་རོལ་པ་ཙམ་ཡང་བཞག་ཏུ་མེད་དོ། །ཡིན་མིན་ཕྱོགས་བྲལ་ཆེན་པོའི་རིག་པར་གཏན་ལ་ཕབ་ནས། སྣང་ཤར་གང་གི་དུས་ནས་ཕྱོགས་ཡན་ནམ་མཁའ་འདྲ་བར་ཕྱམ་གདལ་ཀུན་མཉམ་ཆེན་པོར་འདོད་པའོ། །མན་ངག་སྡེས། ཡིན་སྙམ་ཡིད་དཔྱོད་དུ་རག་མི་ལུས་པར་འཁོར་འདས་སྤང་བླང་དང་བྲལ་བའི་ཡིན་ལུགས་ཀྱི་གནད་ཐོག་ཏུ་འབེབ་པའི་ཐབས་ཀྱིས། བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་ལ་འཆར་བར་བྱེད་པ་ཡིན་པས་དོན་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་གསལ་གྱི་ཆོས་ཉིད་མངོན་སུམ་གཏན་ལ་ཕབ་སྟེ་ཡེ་ཤེས་འོད་གསལ་ལྷུན་གྲུབ་གཞི་གནས་སུ་ངོ་སྤྲད་པའི་ཐབས་མཆོག་བླ་ན་མེད་པ་དང་ལྡན་པའོ། །ལུང་གི་རྒྱུས་ལ་མི་མཁས་པ་དག་གིས་ནི་རྡོ་རྗེའི་གནས་ལ་ཅི་ཞིག་དབང་སྟེ། དམུས་ལོང་ལ་གཟུགས་ཀྱི་རྣམ་པར་དབྱེ་བའི་གོ་སྐབས་དང་དོན་མེད་པ་བཞིན་ནོ། །དེ་ཡང་མདོ་སྡེ་རྒྱན་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པར་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་གསུངས་པ་བཞིན་ནོ། །ལུང་ལ་མི་མཁས་ཤིང་ལུང་དེ་དག་གི་རྒྱུས་ཤེས་པ་ཙམ་ཡང་མེད་པའི་གང་ཟག་གསང་སྔགས་ཀྱི་རྡོ་རྗེའི་གནས་ལ་འཇུག་པ་བྱེད་པ་ནི། ཕྱོགས་མ་མཐོང་པའི་མགྲོན་པོས་གོམ་པ་ས་སྤོས་རྡོ་སྤོས་བྱས་པ་ལྟ་བུ་ལས་མ་འདས་ཕྱིར་རྡོ་རྗེའི་གནས་བཤད་པ་ལ་མི་དབང་བ་ནི་དཔེར་ན་དམུས་ལོང་གིས་གཟུགས་ཀྱི་རྒྱུས་བཤད་བྱེད་པ་དང་། ལོང་བས་ལམ་སྟོན་བྱེད་པ་ལྟ་བུ་དོན་མེད་པའོ། །རྫོགས་པ་ཆེན་པོའི་རྒྱུད་ལུང་གི་རིམ་པ་འདི་ལྟར་ཏེ། དེ་ལ་སེམས་སྡེ་ཉི་ཤུ་རྩ་གཅིག་ནི། རིག་པའི་ཁུ་བྱུག རྩལ་ཆེན་སྤྲུགས་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ཏེ་སྔ་འགྱུར་ལྔ་དང་། སེམས་སྡེའི་རྒྱུད་བོད་དུ་འགྱུར་བའི་སེམས་སྨད་བཅོ་བརྒྱད་ལས་སྔ་འགྱུར་ལྔ་འདི་བཻ་རོས་བསྒྱུར་བ་དང་། ཕྱི་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་འཕྲུལ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་གཅོད། ཡིད་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙུན་དམ་པ། བསྒོམ་པ་དོན་གྲུབ་སྟེ་ཕྱི་འགྱུར་བཅུ་གསུམ་དང་། དེ་དག་ནི་བི་མ་ལ་དང་། ཀུ་མཱ་ར། གཡུ་སྒྲ་སྙིང་པོ་གསུམ་གྱིས་བསྒྱུར་བ་དང་། སེམས་སྨད་ཅེས་པ་ནི་སེམས་སྡེ་མ་བུ་ཞེས་པ་སྟེ། མ་སྨད་ཅེས་པའི་དོན་ཡིན་ལ་མ་བུ་བསྡོམས་པས་སེམས་སྨད་བཅོ་བརྒྱད་དང་། ཀུན་བྱེད་རྒྱལ་པོ། རྨད་བྱུང་རྒྱལ་པོ། མདོ་བཅུ་སྟེ། ཐམས་ཅད་བསྡོམས་པས་ཉི་ཤུ་རྩ་གཅིག་གོ །ཀློང་སྡེ་ལ་ཡང་དབྱེ་བ་ཕྱེས་ན་མང་ཡང་། ཚུར་བསྡུས་ན་ཀློང་དཀར་ནག་ཁྲ་གསུམ་གྱི་ནང་དུ་འདུས་པ་ཡིན་ལ། ཀློང་དཀར་པོ་སེམས་སུ་སྨྲ་བ། ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ། ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བ། ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བ་དེ་དག་གི་ནང་གསེས་དུ་མ་དང་བཅས་པ་ལས། ཀློང་དཀར་པོ་ལ། ནམ་མཁའི་ཀློང་། རྒྱ་མཚོའི་ཀློང་། རིན་པོ་ཆེའི་ཀློང་དང་གསུམ་མོ། །ཀློང་ནག་པོ་ལ། ཐུགས་རྗེ་ཀློང་ནག་གི་སྡེ། མཛད་པ་ཀློང་ནག་གི་སྡེ། སྤྲུལ་པ་ཀློང་ནག་གི་སྡེ་དང་གསུམ་མོ། །ཀློང་ཁྲ་བོ་ལ། ཡོད་སྨྲ་སེམས་སྡེ་དང་མཐུན་པའི་ཀློང་ཁྲ་བོ། མེད་སྨྲ་རང་གནད་དང་མཐུན་པའི་ཀློང་ཁྲ་བོ། ཡོད་མེད་མན་ངག་དང་མཐུན་པའི་ཀློང་ཁྲ་བོ་དང་གསུམ་སྟེ། ཀློང་དགུར་འདུས་སོ། །ཀློང་རབ་འབྱམས་ནི་ཐམས་ཅད་ཀྱི་ཆིངས་སུ་འདུས་པས་ལོགས་སུ་མ་བཤད་དོ། །མན་ངག་གི་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པའི་སྐོར་དང་བཞིའོ། །ཕྱི་སྐོར་ལུས་དང་འདྲ་བ། ནང་སྐོར་མིག་དང་འདྲ་བ། གསང་སྐོར་སྙིང་དང་འདྲ་བ། ཡང་གསང་བླ་ན་མེད་པའི་སྐོར་ཚོ་ཐམས་ཅད་ཀུན་འདུས་དབང་པོ་ཡོངས་སུ་རྫོགས་པའི་སྐྱེས་བུ་ལྟ་བུ་ཞིག་ཡིན་སྒྲོན་མ་སྣང་བྱེད་ལས་གསུངས་ཤིང་། མན་ངག་སྡེ་འདི་ལ་རྒྱུད་སྡེའི་གནས་བསམ་གྱིས་མི་ཁྱབ་ཀྱང་། གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་དུ་རིགས་བསྡུས་ཏེ་གསུངས་པ་ནི། ཐལ་འགྱུར་ལས། རང་ཤར་བ་དང་རང་གྲོལ་དང་། །རང་བྱུང་ཉིད་དང་རྩལ་རྫོགས་དང་། །མཛེས་ལྡན་དག་དང་ཕྲ་བཀོད་དང་། །མུ་ཏིག་ཕྲེང་དང་ཡི་གེ་མེད། །སྙིང་དང་ཐུགས་ཀྱི་མེ་ལོང་དང་། །ཉི་ཟླ་ཁ་སྦྱོར་ངོ་སྤྲོད་སྤྲས། །སྐུ་གདུང་འབར་དང་རིན་ཆེན་སྤུངས། །སྒྲོན་མ་འབར་དང་ཀློང་ཆེན་དྲུག །དེ་ལྟར་བཅུ་དྲུག་རིམ་པ་རྣམས། །ཐལ་འགྱུར་ལས་ནི་ངེས་འཕྲོས་ནས། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །འདི་དག་གྲུབ་མཐའ་མཛོད་དང་། ཐེག་མཆོག་མཛོད་ལས་རྒྱས་པར་གསུངས་པ་སྟེ། དེ་ཡང་རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར། ཉི་མ་ལྟ་བུའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས། རི་རྒྱལ་ལྟ་བུའི་རྒྱུད་ཡི་གེ་མེད་པ། འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། རལ་གྲི་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད། མ་བུ་འབྲེལ་པ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་རྒྱུད་མུ་ཏིག་ཕྲེང་བ། སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་ལྟ་བུའི་རྒྱུད་ཀློང་དྲུག་པ། ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ། རྒྱལ་པོ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ། བང་མཛོད་ལྟ་བུའི་རྒྱུད་རིན་ཆེན་སྤུངས་པ་སྟེ་དེ་ལྟ་བུའི་ཡང་གསང་སྙིང་པོའི་རྒྱུད་ཆེན་བཅུ་བདུན་དང་། སྤུ་གྲི་ལྟ་བུའི་རྒྱུད་འགལ་བྱེད་ཆམ་ལ་འབེབ་པ་སྔགས་གསང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། དེའི་ཐོག་ཏུ་པདྨའི་བཀའ་སྲོལ་ཀློང་གསལ་འབར་མའི་རྒྱུད་དེ་སྲོལ་གཉིས་གཅིག་ཏུ་དྲིལ་ན་བཅུ་དགུ་རུ་ཡང་བརྩི་རུ་ཡོད་པ་དང་། རྒྱུད་བཅུ་བདུན་དེ་ཇི་ལྟར་སྡེ་ཚན་དུ་ཕྱེ་ན། སྙིང་པོ་གསུམ། དྭངས་མ་གསུམ། མེ་ཏོག་གསུམ། དེ་ལས་གཞན་པ་བརྒྱད་དང་སྔགས་སྲུང་ཁྲོས་མའི་རྒྱུད་དང་དགུ་བོ་ནི་མཁར་ཡན་ལག་དང་བཅས་པའི་དཔེ་དང་བཅས་ཏེ་གསུངས་ཏེ། དེ་ཡང་དང་པོ་རྒྱུད་ཀྱི་སྙིང་པོ་གསུམ་ནི། རིག་པ་རང་ཤར་དང་གཅིག རིག་པ་རང་གྲོལ་དང་གཉིས། ཡི་གེ་མེད་པ་དང་གསུམ་མོ། །འདི་གསུམ་པོ་ནི་རྒྱལ་བློན་འབངས་གསུམ་འཛོམས་པ་ལྟ་བུ་ཡིན་ཏེ། རྒྱལ་བློན་འབངས་གསུམ་འཛོམས་ན་རྒྱལ་ཁམས་ལ་དབང་བསྒྱུར་ཐུབ་པ་ལྟར། རྒྱུད་འདི་གསུམ་པོ་འཛོམས་ན་རྒྱུད་སྡེ་ཀུན་ལ་དབང་བསྒྱུར་ཐུབ་པའི་ཕྱིར། གཉིས་པ་དྭངས་མ་གསུམ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། ནོར་བུ་ཕྲ་བཀོད་དང་གསུམ་མོ། །འདི་གསུམ་ནི་དཔེར་ན། རི་རབ་རྩེ་ནས་རྒྱང་ཤེལ་བཙུགས་པ་ལྟ་བུ་ཡིན་ཏེ། རི་རབ་རྩེ་ནས་རྒྱང་ཤེལ་བཙུགས་ནས་བལྟས་ན་དམའ་བའི་རི་ལུང་ཐམས་ཅད་དུས་གཅིག་ལ་མཐོང་བ་ལྟར། རྒྱུད་ཐམས་ཅད་ཀྱི་ཁོག་དོན་ཤེས་པའི་དགོས་པ་ཡོད་པའི་ཕྱིར། གསུམ་པ་མེ་ཏོག་གསུམ་ནི། མུ་ཏིག་ཕྲེང་བ། བཀྲ་ཤིས་མཛེས་ལྡན། སེངྒེ་རྩལ་རྫོགས་དང་གསུམ་མོ། །འདི་གསུམ་ནི་དཔེར་ན་ཉི་ཟླ་སྐར་གསུམ་ལྟ་བུ་ཡིན་ཏེ། ནམ་མཁའི་ཉི་ཟླ་སྐར་གསུམ་གྱིས་མུན་པ་སེལ་བ་ལྟར། འདི་གསུམ་གྱིས་རྒྱུད་ཀྱི་ཚིག་དོན་ཐམས་ཅད་གསལ་བོར་རྟོགས་ཐུབ་པའི་ཕྱིར། བཞི་བ་རྒྱུད་ཐམས་ཅད་ཀྱི་བསྡོམས། རྫོགས་པ་རང་བྱུང་ནི་མཁར་གྱི་རྨང་རྡོ་ལྟར་ཡིན་ཏེ། དེ་རྟོགས་ན་ཐར་བའི་གཞི་བཏིང་བའི་ཕྱིར། ལྔ་བ་སྣང་བ་གཏིང་རྫོགས་ཀྱི་རྒྱུད་ངོ་སྤྲོད་སྤྲས་པ་ནི་རྩེ་མོ་དང་བཅས་པའི་མཁར་ལ་ཕྱོགས་ཀྱི་དགྲ་དམག་གིས་མི་ཚུགས་པ་ལྟར་ཡིན་ཏེ། དེ་རྟོགས་ན་འཁོར་བ་ལ་མི་འཇིགས་པའི་དཔའ་གདེངས་ལྡན་པའི་ཕྱིར། དྲུག་པ་ཡེ་ཤེས་གཡུལ་ལྡོག་གི་རྒྱུད་ཉི་ཟླ་ཁ་སྦྱོར་ནི་མཁར་གྱི་ཕྱོགས་བཞིར་སྐར་ཁུང་བཏོད་པ་བཞིན་ཡིན་ཏེ། དེས་བར་དོའི་འཁྲུལ་བ་ལྡོག་པར་བྱེད་པའི་ཕྱིར། བདུན་པ་ཡན་ལག་གི་རྒྱུད་གཉིས་ནི། རིན་པོ་ཆེ་སྤུངས་པ་དང་། སྐུ་གདུང་འབར་བའི་རྒྱུད་དེ་འདི་གཉིས་མཁར་ལ་བ་གམ་བཏགས་པ་བཞིན་ཡིན་ཏེ། ཡེ་ཤེས་རང་སྣང་དུ་རྟོགས་ནས་བདེ་བར་གཤེགས་པས་རབ་ཏུ་མཛེས་པའི་དགོས་པ་དང་ལྡན་པའི་ཕྱིར། བརྒྱད་པ་རྣམ་པར་གྲོལ་བའི་རྒྱུད་སྒྲོན་མ་འབར་བ་ཁོང་དུ་ཆུད་ན་རྒྱལ་པོ་ཕོ་བྲང་གི་རྩེ་ན་བཞུགས་པ་ལྟར་ཡིན་ཏེ། དོན་ཀུན་རང་ཤུགས་སུ་འགྲུབ་པའི་དགོས་པ་དང་ལྡན་པའི་ཕྱིར། །དགུ་བ་སྙིང་དང་འདྲ་བའི་ཀློང་དྲུག་པ་ནི་མཁར་གྱི་དགྲ་སྒོ་བསྡམས་ན་གླགས་མི་རྙེད་པ་ལྟར་ཡིན་ཏེ། ལྟ་བ་རྟོགས་པས་གོལ་སྒྲིབ་དང་བར་ཆད་མེད་པའི་དགོས་པ་ཡོད་པའི་ཕྱིར། །བཅུ་བ་གསང་བ་རང་བྱུང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ནི་མཁར་གྱི་ཐ་མར་ལྕགས་རིས་བསྐོར་བ་ལྟར་ཡིན་ཏེ། དོགས་པ་ཐམས་ཅད་གཅོད་བྱེད་ཡིན་པའི་ཕྱིར། །དེ་ཐམས་ཅད་ཀྱི་ཐ་མ་བཅུ་གཅིག་པ་མཚོན་ཆ་ལྟ་བུ་ནག་མོ་ཁྲོས་མའི་རྒྱུད་ནི་སྒོ་སྲུང་བཟང་པོས་མཁར་སྒོ་བསྲུངས་ནས་གནོད་བྱེད་ནང་དུ་མི་གཏང་བ་དང་འདྲ་སྟེ། འགལ་བྱེད་ཆམ་ལ་ཕབ་ནས་བར་ཆད་སྲུང་བའི་རྒྱུད་ཡིན་པའི་ཕྱིར་རོ། །དེའི་རྒྱུད་བཅུ་བདུན་སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད་པོ་སྡེ་ཚན་བཅུ་གཅིག་ཏུ་དྲིལ་ནས་དཔེ་དོན་སྦྲགས་ནས་བཤད་པའོ། །གཞན་ཡང་རྩ་རྒྱུད། བཤད་རྒྱུད། ལོ་འདབ། ཡན་ལག་གི་རྒྱུད་ལ་སོགས་པ་ཞིབ་པར་གཞུང་སོ་སོར་ནས་ཤེས་སོ། །དེ་ལྟར་སེམས་ཀློང་མན་ངག་གི་སྡེ་རྣམས་སྤྱིར་དྲིལ་ན། སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་རྣམ་པར་བཞེངས་པ་དེས་གསུངས་པའི་ཆོས་ཀྱི་རྣམ་གྲངས་ལས། གསང་སྔགས་ཆེན་པོ་སྟེ། དེལའང་བསྐྱེད་རྫོགས་གཉིས་ལས་རྫོགས་པའི་རིམ་པ། དེ་ལ་ཆེ་ཆུང་གཉིས་ལས། ཆེན་པོ་སྟེ། འདི་ལ་ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། ལེའུ་སུམ་ཁྲི་ལྔ་སྟོང་། བམ་པོ་ཉི་ཁྲི་ཆིག་སྟོང་། གཟེར་བུ་བརྒྱ་དང་བརྒྱད་ཅུ། གེགས་སྟོང་ཕྲག་ཕྱེད་དང་གཉིས། གནད་འདུས་སུམ་སྟོང་། གོལ་སྒྲིབ་ལ་བཟླ་བའི་ཆིངས་ཁྲི་ཕྲག་བཞི་བཅུ་སྟེ། མིང་ཐོགས་ཀྱི་རྒྱུད་སྟོང་ཕྲག་ཉི་ཤུར་བཞུགས་པ་ནི། སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ལས། །ཚིག་གི་བྱེ་བྲག་རྣམས་འཕྲོས་པ། །སྡེ་གསུམ་ལས་ནི་ཀློང་དགུར་འགྱུར། །ཚིག་བསྡུས་པ་ལས་ཤླཽ་ཀ། འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། །ལེའུ་སྟོང་ཕྲག་སུམ་ཅུ་ལྔ། །བམ་པོ་ཉི་ཁྲི་སྟོང་ཕྲག་གཅིག །བརྗོད་བྱ་ནམ་མཁའི་མཐའ་དང་མཉམ། །གདུལ་བྱའི་སེམས་ཅན་རྟོག་པ་གཅོད། །འདི་ལ་བརྗོད་བྱ་ཉེར་བསྡུས་པ། །གཟེར་བུ་བརྒྱ་དང་བརྒྱད་ཅུ་ལ། གེགས་ནི་སྟོང་ཕྲག་ཕྱེད་དང་གཉིས། །གནད་ཆེན་འདུས་པ་སྟོང་ཕྲག་གསུམ། །གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ལ། །མིང་ཐོགས་རྒྱུད་ནི་ཁྲི་ཕྲག་གཉིས། །ཚིག་བརྗོད་རིམ་པ་གསལ་བཀོད་དོ། །ཞེས་གསུངས་སོ།།

ཅ༽ལྔ་བ་དགེ་བ་བྱང་ཆུབ་ཏུ་བསྔོ་བ།

དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི།

དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན།།

མ་འབད་བཞིན་དུ་གདོད་མའི་སར་ཕྱིན་ཏེ།།

ཀུན་བཟང་ས་ལ་འཕོ་འགྱུར་མེད་པ་ཡི།།

དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག།

ཅེས་གསུངས་ཏེ། ཆོས་ཀྱི་ཚུལ་རྨད་དུ་བྱུང་བ་ལེགས་པར་བརྩམས་པ་ལས་བྱུང་བའི་དགེ་ཚོགས་རླབས་ཆེ་བ་གང་ཞིག་ཐོབ་པའི་རྒྱུ་དེས། འགྲོ་བ་ཐམས་ཅད་འབད་པ་དང་རྩོལ་བ་གང་ཡང་མ་བྱས་པར་མངོན་པར་བྱང་ཆུབ་ནས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་ཆོས་ཀྱི་སྐུ་གཅིག་ཏུ་རོ་མཉམ་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་བ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །ཤིན་ཏུ་རྨད་བྱུང་ཐེག་རྩེ་རྫོགས་པ་ཆེན་པོའི་རྡོ་རྗེ་སྙིང་པོ་གསང་བ་ཟབ་མོའི་རྒྱུད་ལུང་མན་ངག་གི་སྙིང་བཅུད། ཕྱོགས་གཅིག་ཏུ་བསྡུས་ཏེ་བསྡེབས་པའི་ཆོས་ཚུལ་བརྩམས་པའི་དགེ་ཚོགས་རླབས་ཆེན་གང་ཞིག་ཐོབ་པའི་རྒྱུ་འདི་ཡིས། མ་ལུས་ཕྱོགས་མཐས་གཏུགས་པའི་འགྲོ་བ་སྐྱབས་མེད། ཉམས་ཐག་སྡུག་བསྔལ་གྱིས་གདུང་ཞིང་གཟིར་བ་ཐམས་ཅད་མ་འབད་མ་རྩོལ་བཞིན་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་བྱང་ཆུབ་དམ་པ། དེ་ཡང་གདོད་མའམ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་དབྱེར་མེད་པའི་ས་གང་ཡིན་པ་དེར་ཕྱིན་ཏེ། ཀུན་བཟང་ས་ལ་ཆོས་སྐུ་རོ་གཅིག་ཏུ་མཉམ་པའི་འཕོ་འགྱུར་མེད་པའི་གོ་འཕང་ཐོབ་ནས། ཆོས་སྐུའི་དབྱིངས་ལས་གཟུགས་སྐུའི་རྣམ་པས་འགྲོ་བའི་དོན་གཉིས་ལྷུན་གྱིས་འགྲུབ་པའམ་གྲུབ་པར་བྱེད་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྟེ། དེ་ཡང་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་ཞིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་དང་ལྡན་པ། འཁོར་འདས་བླང་དོར་ཡོད་མེད་ལ་སོགས་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པའི་བཅོམ་ལྡན་འདས། ཆོས་སྐུའི་དབྱིངས་ལས་མི་གཡོ་བཞིན་དུ་གཟུགས་སྐུ་རྣམ་གཉིས་ལྷུན་གྲུབ་ཏུ་འཆར་བའི་དཔལ་མངའ་བ། སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོ་ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས་ན་ཀུན་ཏུ་འཕོ་འགྱུར་མེད་པའི་རང་སྣང་ལོངས་སྤྱོད་རྫོགས་པའི་སྤྱོད་ཡུལ་བཟང་པོ་ལ་དུས་རྟག་ཏུ་མངའ་དབང་བསྒྱུར་བ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ།།

ཆ༽དྲུག་པ་ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ།

ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི།

ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་པ་ནི།།

དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང་།།

ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས།།

དམ་ཆོས་མི་ནུབ་བསྟན་པ་རྒྱས་པར་ཤོག།

ཅེས་གསུངས་ཏེ། ལེགས་པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་ཏུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང་། རྨི་ལམ་ན་ཡང་སྔུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཅིག ཐམས་ཅད་ཀུན་ཏུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིང་བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །འདི་ལྟར་མདོ་རྒྱུད་མན་ངག་གི་དོན་གནད་འདུས་པའི་བསྟན་བཅོས་འདི་ཉིད་ལེགས་པར་སྦྱར་བའི་བསོད་ནམས་བརྒྱ་ཞེས་མང་ཚིག་གིས་བསྟན་པའི་ལེགས་བྱས་རྣམ་པར་དཀར་བའི་བསོད་ནམས་འབུམ་ཕྲག་ཁྲག་ཁྲིག་མང་པོ་བརྗོད་ཀྱིས་མི་ལང་ཞིང་བགྲང་དུ་མི་བཏུབ་པའི་འོད་ཟེར་ས་གཞི་ཆེན་པོ་དང་ས་གཞི་བར་སྣང་གི་མི་ཡུལ་གྱིས་མ་ཚད། ལྷའི་ཡུལ་ཀུན་ཏུ་ཡང་འཕྲོ་བའི་འདོད་དགུའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། ས་དང་ལྷའི་ཞེས་གནས་སྐབས་མཐོ་རིས་ཀྱི་འབྱོར་བ་ལ་རྒྱས་པར་བསྔོ་བའི་སྐབས་དང་འབྲེལ་བའི་བརྡ་སྦྱོར་བའོ། །ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་བ་ནི་ལ་སོགས་པའི་ཚིག་བཞི་འདིས། ནོར་དང་འདོད་ཡོན་ཐར་བ་དང་ཆོས་ཏེ་ཕུན་ཚོགས་སྡེ་བཞི་བསྟན་ཞིང་། དག་པའི་ཞིང་བཞིན་དུ་འདོད་དགུ་ལྷུན་གྱིས་གྲུབ་ཅིང་སེམས་ཅན་གྱི་རིགས་སུ་གྱུར་པ་ཐམས་ཅད་འདུས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད། རྒྱལ་སྲས་ཞི་བ་ལྷས། གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །ཅེས་གསུངས་པ་ལྟར་དུ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་གྱི་སྒྲ་ཙམ་ཡང་མེད་པར་ཐར་བ་དམ་པའི་ཆོས་ཀྱི་དགའ་བས་དགའ་བའི་བཀྲ་ཤིས་ཀྱི་དུས་ཀུན་ཏུ་བསྐྱངས་ཤིང་། བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་ཁམས་ན་གནས་པ་ལྟ་བུའི་འདོད་དགུའི་དཔལ་ཕུན་སུམ་ཚོགས་པས་རྟག་ཏུ་འཚོ་ཞིང་རྟག་ཏུ་དེ་དག་ཚོགས་པ་དང་། ཁྱད་པར་དཀོན་མཆོག་གི་སྣང་བ་དང་མི་འབྲལ་ཞིང་བླ་མེད་སྔགས་ཀྱི་བསྟན་པའི་རྒྱལ་མཚན་རྟག་ཏུ་བསྒྲེངས་པ། རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེའི་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །ཞེས་གསུངས་པ་བཞིན་དུ་ཡོངས་རྫོགས་བསྟན་པའི་མངའ་ཐང་མི་ནུབ་མཐའ་རྒྱས་ཡོང་བའི་ཤིས་བརྗོད་སྙན་པའི་དབྱངས་ཀྱིས་རེ་ཞིག་མཐའ་བསྡུ་བར་བསྟན་པ་ཡིན་ནོ།།

ཇ༽བདུན་པ་ཡོངས་སུ་རྫོགས་པ་མཛད་བྱང་གི་མཚན་གྱི་རྣམ་གྲངས་བརྗོད་པ།

ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱི་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཞེས་བརྗོད་བྱའི་དོན་ཕུན་སུམ་ཚོགས་པར་བསྟན་པའོ། །ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་བ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞིར་གྱུར་པའི་ཕྱིར་དང་། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང་། ཞེས་རྗོད་བྱེད་ཀྱི་ཚིག་ཕུན་སུམ་ཚོགས་པར་བསྟན་པ་སྟེ། དེ་ལྟར་བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་དང་། རྗོད་བྱེད་ཀྱི་ཚིག་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་ན་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང་། བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་མཚན་འདིའི་བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་ནི། ཆོས་ཀྱི་དབྱིངས་ནི་འདི་ལྟར་སྣང་བའི་སྣང་སྲིད་འཁོར་དང་མྱང་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཐམས་ཅད། ཆོས་ཉིད་རང་བྱུང་གི་ཡེ་ཤེས་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ཡིན་པ་དང་། དེ་འདྲའི་ཆོས་ཀྱི་དབྱིངས་དེ་ནི་རང་བཞིན་ལྷུན་གྲུབ་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་དུ་དགོས་དགུ་འབྱུང་བའི་གཞི་ཡིན་པས་ན་རིན་པོ་ཆེ་དང་། དེའི་རྩལ་དང་རོལ་བའི་འཆར་ཚུལ་ལས་འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་ན་མཛོད་དང་། རྗོད་བྱེད་ཀྱི་ཚིག་ཕུན་སུམ་ཚོགས་པ་ནི། གཞི་ལམ་འབྲས་བུའི་ཟབ་དང་རྒྱ་ཆེའི་རྒྱུད་དོན་གྱི་དབྱིངས་མཁའ་ལྟར་གཞལ་དཀའ་བ་དེ་ཉིད། འདིར་བསྡུས་པའམ་དེའི་གནས་གསལ་བར་སྟོན་པའི་གཞུང་དོན་ལེའུ་བཅུ་གསུམ་གྱིས་རྒྱུད་ལུང་མན་ངག་ཡོངས་ཀྱི་སྙིང་བཅུད་བསྡུས་པའི་རིན་པོ་ཆེའི་མཛོད་དུ་བཞུགས་པའམ། ཡང་ན་རྗོད་བྱེད་རྐྱང་པའི་ཐད་ནས་བཤད་ནའང་ཚིག་གི་ཚོགས་པ་ལས་དོན་གྱི་རྣམ་གྲངས་འབྱུང་བའི་དབྱིངས་ལས་ཚིག་དོན་ཁྱད་པར་བ་འབྱུང་བའི་རིན་པོ་ཆེ། མིང་ཚིག་ཡི་གེའི་ཚོགས་པ་ལས་བྱུང་བས་ན་མཛོད་དམ་དེ་ཉིད་འབྱུང་བའི་གཞི་ཡིན་པས་ཀྱང་མཛོད་ཅེས་པ་སྟེ། མདོར་ན་འདིའི་བརྗོད་བྱ་རྗོད་བྱེད་དང་བཅས་པ་ཕུན་སུམ་ཚོགས་པའི་མཚན་གྱི་རྣམ་གྲངས་དོན་གྱིས་བཀྲལ་བ་དང་བཅས་ཏེ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །སྤྱིར་ཡ་ན་ཞེས་པའི་སྒྲ་ལས་དྲངས་ན་ཐེག་པའམ་གཞོན་པར་འཇུག་ཅིང་། དེ་ལ་ནང་གསེས་ཀྱིས་དབྱེ་བ་ཕྱེས་ན། འདིས་འདེགས་པ་དང་། འདིར་འདེགས་པ་དང་། འདི་འདེགས་པ་བཅས་ཀྱི་ཁྱད་པར་དེའི་དབང་གིས། ཐེག་གསུམ་ཐེག་བཞི་ཐེག་ལྔ་ཐེག་དགུ་ནས། གདུལ་བྱའི་བློ་རིམ་དང་བསྟུན་པའི་ཐེག་པའི་གྲངས་མཐར་ཐུག་པ་མེད་ཅིང་། དེས་ན་རྒྱལ་བའི་གང་འདུལ་མཛད་པའི་འདུལ་བྱེད་ཆོས་ཀྱི་རྣམ་གྲངས་ཀྱང་ཚད་མེད་ན་ཡང་། བསྡུས་ན་འབྲས་བུའི་ཐེག་གཅིག་ཏུ་འདུས་པ་ཡིན་ལ། དེ་ཡང་བྱར་མེད་ཐེག་རྩེའི་རྫོགས་ཆེན་ལ་མ་འདུས་མ་རྫོགས་པ་མེད་པས་ཀྱང་མཚན་དོན་དོན་ལ་གྲུབ་པ་བཞིན་དུ། སྤྱིར་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེའི་ཐེག་པ། ཐེག་པ་ཐམས་ཅད་ཀྱི་རྩེ་མོ། བྱང་ཆུབ་ཐོབ་པའི་ཉེ་ལམ་ཡིན་བཞིན་དུ་དེའི་ཡང་སྙིང་ཡང་བཅུད། རྩེ་མོའི་ཡང་རྩེ་མྱུར་ལམ་རྫོགས་ཆེན། རྫོགས་ཆེན་གྱི་ནང་ནས་ཀྱང་འོད་གསལ་སྙིང་ཐིག་རྡོ་རྗེ་སྙིང་པོའི་གནས་འདི་ནི། ཤིན་ཏུ་མྱུར་ལམ་ཡིན་པས་ན་ཐེག་པ་མཆོག་དང་དེ་ཉིད་རྣལ་འབྱོར་དུ་བྱེད་པའམ་དེའི་དོན་འཛིན་ཅིང་རྟོགས་ནས་གཞན་ལ་འདོམས་པའི་གང་ཟག་དེར་ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་པ་སྟེ། དོན་རྣལ་འབྱོར་དུ་བྱེད་པ་གང་ཐེག་རྩེ་རྫོགས་པ་ཆེན་པོ་འོད་གསལ་རྡོ་རྗེ་སྙིང་ཐིག་གི་དགོངས་དོན་སྨིན་གྲོལ་གྱི་རིམ་པ་བརྒྱུད་དེ་ལེགས་པར་རྟོགས་ན་དེ་ཉིད་རྒྱུད་ལ་གོམས་པར་བྱེད་པ་དང་། ཚིག་རྣལ་འབྱོར་དུ་བྱེད་པ་དེའི་དོན་སྒྲ་ཚིག་ཡི་གེའི་གཟུགས་ཀྱིས་གཞན་ལ་འདོམས་པར་བྱེད་པ་སྟེ་དེ་གཉིས་ཀའི་རྣལ་འབྱོར་ལ་རང་བྱན་དུ་ཚུད་ནས། རང་གཞན་གཉིས་དོན་སྒྲུབ་པ་ལ་ཞུམ་པ་མེད་ཅིང་རྣམ་པ་མིའི་གཟུགས་སུ་སྣང་ཡང་དམ་པའི་ཆོས་ཀྱི་ཕུང་པོ་སྤུངས་པའི་རྟེན་མཆོག་གཟུགས་སྐུའི་མཆོད་སྡོང་དགོངས་པ་ཆོས་སྐུའི་ཡེ་ཤེས་སུ་དག་པ། དོན་གྱི་ཐོག་ནས་རྒྱལ་བ་ཀློང་ཆེན་པ་སླར་ཡང་རྒྱལ་བ་གཉིས་པ་མིའི་གཟུགས་སུ་བྱོན་པ་ཡིན་ན་ཡང་། ཁོང་ཉིད་ཀྱིས་ཆོས་རྒྱུན་གྱི་རྣལ་འབྱོར་པ་ཞེས་པ་ཡིན་པར་གསུངས་ཤིང་། སྤྱིར་ན་རྣལ་འབྱོར་ཞེས་པའི་སྒྲས་བརྗོད་རིགས་ཀྱི་དབྱེ་བའི་ཐོག་ནས་ཀྱང་མང་ན་ཡང་། རྣལ་འབྱོར་ལྔ་རུ་བསྡུས་པ་ལས་བཀའ་སྡོད་ལས་ཀྱི་རྣལ་འབྱོར་དང་། ལུས་སེམས་ཕྱེད་པའི་རྣལ་འབྱོར་དང་། ལུང་བསྟན་ཐོབ་པའི་རྣལ་འབྱོར་དང་། དབུགས་ཆེན་འབྱིན་པའི་རྣལ་འབྱོར་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་རྣམས་ལས་སྔ་མ་རྣམས་བརྒལ་ནས། རྩལ་ཆེན་རྫོགས་པའི་རྣལ་འབྱོར་འགྱུར་མེད་བདེ་བ་ཆེན་པོའི་ཀ་དག་ཆོས་སྐུའི་བདེ་ཀློང་དུ་འཁྱིལ་བའི་རྫོགས་པའི་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་མ་འོངས་སྤྲུལ་བའི་གཟུགས་སྐུར་བྱོན་པ་གང་ཉིད་དོ། །ད་ནི་མངོན་རྟོགས་ཐུགས་དམ་དང་སྦྱར་བའི་རིགས་ཀྱིས་བསྡུས་པའི་མཚན་དང་སྦྲེལ་ཏེ། ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱད་པར་འབྱམས་ཀླས་པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིས་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྟོན་པ་ཡིན་ནོ། །ཀློང་ཆེན་རབ་འབྱམས་ཞེས་མཚན་འདི་མན་ངག་གི་བསྟན་བཅོས་འདིའི་གཞུང་དོན་གཙོ་བོ་དང་འབྲེལ་བའི་ཁྲེགས་ཆོད་ཀ་དག་གི་ཡེ་ཤེས་དང་སྦྱར་ན་དབྱིངས་རིག་གཉིས་ལས་དབྱིངས་དག་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན། རིག་པའི་ཡེ་ཤེས་ཆོས་ཉིད་རྒྱུན་གྱི་འཁོར་ལོ་བྱིང་རྒོད་ཉམས་ཀྱི་སྐྱོན་དང་རེ་དོགས་རྟོགས་པའི་གོལ་ས་དང་བྲལ་ཏེ། ཉིན་མཚན་འོད་གསལ་གྱི་འཁོར་ལོར་རབ་ཏུ་འབྱམས་ཤིང་མཐའ་ཀླས་པས་ཀློང་ཆེན་རབ་འབྱམས་ཞེས་པ་སྟེ། འདིས་བསྟན་བཅོས་འདིའི་བརྗོད་བྱའི་ནང་དོན་བསྟན་པས་མ་ཚད། ཁོང་གི་མཚན་གྱི་རྣམ་གྲངས་གཞན་པ་དག་ཀྱང་གང་ཐོབ་ཐོབ་ཏུ་བྲིས་པ་མ་ཡིན་པར་བསྟན་བཅོས་དེ་དང་དེའི་བརྗོད་བྱ་རྩོམ་པ་པོའི་མཚན་གྱིས་ཀྱང་གསལ་བར་མཛད་པའོ། །གང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་དེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། རྒྱལ་བ་ཀློང་ཆེན་པ་གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་གྱི་ཡ་གྱལ་རིག་པའི་གནས་ཐམས་ཅད་གང་ལ་ཡང་མི་མཁས་པ་ཞིག་མེད་པས། ཀུན་མཁྱེན་འཇིགས་གླིང་གིས། མཛེས་སོ་སྟོབས་བཅུ་མངའ་དབུས་ཉི་མའི་གཉེན། །བདེ་འབྱུང་རལ་བའི་རྒྱན་དུ་ཆུ་ཤེལ་དབང༌། །ནོར་འཛིན་བུ་མོའི་འགྲམ་པར་ཁྱུང་སྔོན་སྐྱེས། །གངས་ཅན་མཁས་པའི་ཁྲོད་ན་ཀློང་ཆེན་པ། །གསུངས་པའོ། །སྙན་ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ་། །ཡིད་བཞིན་མཛོད་སོགས་ལ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པའི་དགེ་སློང་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་ཞེས་གསུངས་པ་ལྟ་བུ་དང་། གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་འབྱུང་ངོ་། །གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལས་རྡོ་རྗེ་གཟི་བརྗིད་ཅེས་གསུངས་པ་ལྟ་བུ་དང་། ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ་། །ངལ་གསོ་སྐོར་གསུམ་དང་། གྲུབ་མཐའ་མཛོད་སོགས་ཀྱི་མཛད་བྱང་ནང་ན་ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གསུངས་པ་ལྟ་བུ་དང་། གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ་། །གནས་ལུགས་མཛོད་དང་། ཆོས་དབྱིངས་མཛོད། མན་ངག་མཛོད་ལྟ་བུ་དང་། ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །སྤྱི་དོན་ལེགས་བཤད་རྒྱ་མཚོ་དང་། བློ་གསལ་རི་བོང་རྟོགས་བརྗོད་ཀྱི་དྲིས་ལན་དེ་དག་ཏུ་ཀུན་མཁྱེན་ངག་གི་དབང་པོ་དང་། པོ་ལ་ཏ་ཀུན་ཏུ་དགའ་བའི་གཏམ་དང་། ནགས་ཚལ་ཀུན་ཏུ་དགའ་བའི་གཏམ་སོགས་སུ་ཡང་མང་དུ་ཐོས་པའི་སྙན་ངག་མཁན་ཞེས་པ་དང་། དཔལ་ལྡན་བསམ་ཡས་པ་ཞེས་གསུངས་པའོ། །འདི་ཙམ་ཡང་གཞན་དང་མ་འདྲ་བའི་མཁས་པའི་ཁྱད་ཆོས་བརྒྱུད་པའི་ཕུགས་ནོར་དུ་བརྩི་བྱ་ཅིའི་ཕྱིར་མིན་ཏེ་ཡིན་ནོ། །འདི་ནི་མིང་གི་རིགས་འབྱེད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། དམ་ཚིག་གི་རྒྱ་དང་བཅས་པས་ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ཡན་གྱིས་རྩ་བའི་མཛད་བྱང་དང་བཅས་པའི་འགྲེལ་བ་སོང་སྟེ། ད་ནི་འགྲེལ་བ་ལུང་གཏེར་མཛོད་རང་ཉིད་ཀྱི་ཐ་མར་དགེ་བ་མཇུག་དོན་ནི། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། །ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཞེས་གསུངས་ཏེ། དེ་ལྟར་ཡང་གསང་རྡོ་རྗེའི་ཐེག་པའི་ཟབ་ལས་ཆེས་ཟབ། འོད་གསལ་རྫོགས་ཆེན་སྙིང་ཐིག་གི་རྒྱུད་དང་མན་ངག་གི་གསང་བ་རྒྱལ་པོའི་ཟབ་མོའི་གནད་ཐམས་ཅད། ཕྱོགས་གཅིག་ཏུ་བཅུད་དུ་བསྡུས་ཏེ་གནད་དུ་དྲིལ་ནས་བསྟན་པ་འདིས། སྐལ་ལྡན་ཞི་བ་ཐར་ལམ་དུ་བགྲོད་པའི་ཆོས་ཀྱི་འབྱོར་བ་མཐའ་ཡས་པར་རྒྱས་ཏེ། ཕོངས་པ་མེད་པའི་ཕུན་སུམ་ཚོགས་བྱས་པའོ། །དེ་ནས་ཤླཽ་ཀ་བཞི་ཡིས་འདིའི་མཚན་དང་འགྲེལ་བའི་དོན་ཇི་ལྟར་ཡིན་པ་མདོར་རྒྱས་ཀྱི་ཚུལ་གྱིས་བསྟན་པ་ཏེ། ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང་། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང་། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཞེས་གསུངས་ཏེ། འདི་ནི་རྟོགས་པའི་སྣང་བ་ཡིན་པ་དང་། ཐེག་པའི་རྒྱལ་པོ་ཡིན་པ་དང་། ལུང་གི་གཏེར་མཛོད་ཡིན་པ་གསུམ་སྟེ་དེ་ལྟར་དོན་གསུམ་ལྡན་པར་མདོར་བསྟན་ཏེ། དང་པོར་རྟོགས་པའི་སྣང་བ་ཡིན་པར་རྒྱས་པ་བཤད་པ་ནི། ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང་། །ཇི་བཞིན་ལེགས་བསྒོམས་ཉམས་མྱོང་ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་བསྡེབས་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཞེས་གསུངས་ཏེ། ཐ་སྙད་ཚིག་ལ་འཆེལ་བའི་བསྟན་བཅོས་མ་ཡིན་པར་མི་གཡོ་དོན་ལ་རྟོན་པའི་མངོན་སུམ་འོད་གསལ་སྙིང་པོའི་དོན་རང་གནད་ཡེ་དག་ཆོས་སྐུའི་དགོངས་པ་མཐོང་ནས་མངོན་དུ་བྱས་པའི་རྟོགས་ལྡན་བསྒོམས་པའི་ཉམས་མྱོང་གིས་ངེས་པའི་གནད། སྡེ་གསུམ་ཀློང་དགུའི་ཡང་ཟབ་མན་ངག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡེབས་པའི་ཉིང་ཁུ་ལྟ་བུ་ཡིན་པའི་ཕྱིར་ན། འདི་ནི་ཆོས་སྐུའི་རང་ཞལ་རྗེན་པར་སྟོན་པའི་ཆོས་སྐུའི་འདྲ་འབག་རྟོགས་པའི་སྣང་བ་ཡིན་པར་བསྟན་ཏེ། གཉིས་པ་ཐེག་པའི་རྒྱལ་པོ་ཡིན་པར་བསྟན་པ་ནི། ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས་པ་བཞིན། །ཆོས་དབྱིངས་འགྲེལ་འདི་ཐེག་པའི་རྒྱལ་པོ་ཡིན། །ཞེས་གསུངས་ཏེ། ཚེ་འདིའི་ལུས་འདིའི་ཐོག་ནས་རང་གྲོལ་ཆོས་སྐུའི་དགོངས་པ་མངོན་དུ་བྱས་ནས། ཆོས་ཟད་གདོད་མའི་ཀུན་བཟང་རྫོགས་པའི་བྱང་ཆུབ་ཀྱི་སར་བསྙེགས་པའི་ལམ་མཐར་ཐུག་སྟོན་པའི་སྙིང་པོའི་དོན་ཀུན་གྱི་ནང་ནས་ཀྱང་མཆོག་ཏུ་གྱུར་ཅིང་རྩེམོར་ཕྱིན་པ། འོག་གསལ་མཆོག་ཏུ་མི་འགྱུར་བའི་ཐེག་པ་འདི་ནི། འོག་མའི་ཐེག་པས་འབད་ཀྱང་བསྐལ་བ་མི་མཐོང་བ། རི་དྭགས་གཅན་གཟན་ཕལ་བའི་དབུས་ན་གངས་ཀྱི་སེང་གེ་དཀར་མོ་རྒྱུ་བ་དང་། རྒྱལ་ཕྲན་འབངས་དང་བཅས་པའི་དབུས་ན་འཁོར་ལོས་བསྒྱུར་རྒྱལ་བརྗིད་པ་དང་། གླིང་བཞི་རི་གླིང་གི་དབུས་ན་རི་རྒྱལ་འཕགས་པ་ལྟར་དུ་ཆོས་དབྱིངས་མཛོད་ཀྱི་འགྲེལ་བ་འདི་ཐེག་པ་ཀུན་གྱི་རྒྱལ་པོ་ཡིན་པར་བསྟན་ཏེ། གསུམ་པ་ལུང་གི་གཏེར་མཛོད་ཡིན་པར་བསྟན་པ་ནི། ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་འདི་ལུང་གི་གཏེར་ཞེས་བྱ། །ཞེས་གསུངས་ཏེ། ཀུན་ཏུ་བཟང་པོའི་དགོངས་བཅུད། ཟབ་མོའི་གནད་ཐམས་ཅད་ཐ་མལ་གྱི་ཚིག་གིས་རྗེས་བརྗོད་ཙམ་མ་ཡིན་པའི་རྡོ་རྗེའི་རང་སྒྲ་རྟོགས་པའི་རང་སྐད་དུ་བཞད་པ་བརྒྱ་ཡི་མགུར་གླུའམ་དོ་ཧའི་རྒྱངས་གླུ་བླངས་པ་ལ། ངེས་དོན་མདོ་དང་རྒྱུད་སྡེའི་ལུང་ཁུངས་མའི་རྡོ་རྗེའི་བཀའ་ལུང་གིས་མཛེས་པར་སྤྲས་ཤིང་། མདོ་རྒྱུད་དེ་དག་དང་མགྲིན་གཅིག་དབྱངས་གཅིག་གིས་ངེས་དོན་མཐར་ཐུག་གི་བརྗོད་བྱ་རུ་མ་བུ་བསྡེབས་པའམ་རྒྱུད་དོན་ལུང་གིས་བཀྲལ། ལུང་དོན་མན་ངག་གིས་འབྱེད་པའི་ལུང་གི་གཏེར་རམ་ལུང་གི་ངེས་འབྱེད་དུ་གྲུབ་པར་བསྟན་པའོ་ཞེས་བསྟན་བྱ་བསྟན་བཅོས་ལ་འཇུག་པའི་ཆེ་བའི་རང་སྒྲ་བརྗོད་ནས། སྟོན་པ་པོ་གང་ཟག་ལ་ལྟོས་པའི་ཆེ་བའི་རང་སྒྲ་ནི། ཐོས་བསམ་སྒོམ་གསུམ་དང་སྦྱར་ནས་ཤོ་ལོ་ཀ་གསུམ་གྱིས་བསྟན་པ་ལས། དང་པོ་ཐོས་པ་བསྟེན་པས་མཐའ་དག་ཤེས་བྱའི་ཆོས་ཀུན་མ་འདྲེས་པར་མཁྱེན་པར་བསྟན་པ་ཏེ། སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང་། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང་། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །ཞེས་གསུངས་ཏེ། ཚིག་གཅིག་ལན་གཉིས་སུ་བསྐྱར་བའི་ཚིག་རྒྱན། དོན་གྱི་ཐོག་ནས་གཅིག་ལས་གཅིག་གིས་ལྷག་ཅིང་འཕགས་པར་བསྟན་པ་སྟེ། སྐྱེ་བ་གཅིག་གིས་མི་ཚད་སྐྱེ་བ་མང་པོའི་ཡང་སྔ་ནས། ཐོས་པ་ལྷུར་བླངས་སྦྱངས་པ་སྟོབས་སུ་གྱུར་ཀྱང་། རྟེན་འདི་ལ་དམ་པའི་སྐྱེས་བུ་གཅིག་གིས་མ་ཚད་པར་དམ་པ་མང་པོས་རྗེས་སུ་བཟུང་ནས། སྐྱེ་བས་ཐོབ་པའི་ཤེས་རབ་དང་སྦྱོང་བས་མཁྱེན་པའི་རྣམ་དཔྱོད་མཚུངས་པ་མེད་པས། ཡང་ཟབ་ཙམ་གྱིས་མི་ཚད་ཡང་ཟབ་སྙིང་གི་ཡང་བཅུད་ཀྱི་སྙིང་པོའི་དོན་ཀུན་བདེ་བླག་ཏུ་རྟོགས་ཤིང་། ཐེག་མཆོག་རྡོ་རྗེའི་སྙིང་པོ་དེ་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཐེག་མཆོག་འོད་གསལ་སྙིང་ཐིག་གི་བསྟན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའམ། ཆུ་ཕྲན་རྒྱ་མཚོར་འདུ་བ་བཞིན་དུ་ཤེས་བྱའི་ཆོས་ཚུལ་མཐའ་དག་གང་གི་ཐུགས་ཀྱི་དཔལ་བེའུ་ལ་རོ་གཅིག་ཏུ་བཟླུམས་ཤིང་འཁྱིལ་བའོ། །གཉིས་པ་བསམ་བྱུང་ཤེས་རབ་ཀྱིས་ཕ་མཐའ་མི་རྟོགས་པར་བསྟན་པ་ནི། དེ་ཕྱིར་བློ་གྲོས་ཡངས་པའི་ནམ་མཁའ་ལ། །ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་ཏུ་འབབ་པ་ཡིན། །ཞེས་གསུངས་ཏེ། དེ་འོག་བློ་གྲོས་མཆོག་གིས་འཛིན་ཞེས་པའི་རྒྱུད་ཀྱི་ལུང་བྱང་གི་མཚན་སྒྲ་དང་མཐུན་པར། བློ་གྲོས་ཡངས་པ་ནམ་མཁའི་རྒྱ་ཆེན་ལྟ་བུ་ལ། ཐོས་བསམ་གྱི་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་སྔོན་དུ་འགྲོ་བ་དང་ཆབས་ཅིག་ཏུ། སྒོམ་པའི་ཤེས་རབ་མཚུངས་པ་མེད་པ་ལ་བརྟེན་ནས། རྟོགས་པའི་འབྲུག་སྒྲ་གླིང་གཞི་ཟུར་གྱིས་གནོན་པའི་ཏིང་འཛིན་རྣམ་པའི་འགྲོས་ཟད་མེད་འདོད་པ་འཇོ་བའི་ལེགས་བཤད་ཀྱི་སྦྲང་ཆར། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཉིང་བཅུད་བསྡུས་ཏེ་གང་འདོད་དུ་འབབ་པར་བྱས་པའོ། །ཁྱད་པར་ཆོས་དབྱིངས་མཛོད་འགྲེལ་འདི་ཉིད་ཇི་ལྟར་རྩོམ་པར་བསྟན་པ་ནི། ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་ཆུད། །རྡོ་རྗེ་སྙིང་པོའི་ལམ་བཟང་འདིར་མཁས་པས། །ཟབ་དང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །ཞེས་གསུངས་ཏེ། ཁོང་ཀུན་མཁྱེན་བླ་མ་དེ་ལྟར་སྐྱེས་སྦྱོང་གི་རྣམ་དཔྱོད་དང་། ཐོས་བསམ་གྱི་མཁྱེན་རབ་རྒྱ་ཆེ་བས། མ་ལུས་ཐེག་པའི་དོན་ཐམས་ཅད་ཁོང་དུ་ཆུད་པས་མི་ཚད། སྒོམ་སྟོབས་ཀྱི་ཤེས་རབ་སོ་སོར་རང་རིག་པའི་ཡེ་ཤེས་ལ་དབང་འབྱོར་ནས་རྡོ་རྗེ་སྙིང་པོའི་ལམ་བཟང་འདི་ལ་མཁས་ཤིང་ཐོགས་པ་མེད་པར་བྱང་ཆུད་པ་ཡིན་པས་ན། ཟབ་པ་ཀ་དག་གི་དབྱིངས་དང་རྒྱ་ཆེ་བ་རིག་པ་འོད་གསལ་བའི་ཡེ་ཤེས་གཉིས་གཉིས་མེད་ཟུང་འཇུག་ཏུ་ལྷུན་གྱིས་གྲུབ་པའི་ཀུན་བཟང་དགོངས་པའི་ཡང་བཅུད། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་འདི་བྱས་པའོ་ཞེས་འདི་ཉིད་ཇི་ལྟར་བརྩམས་པ་བསྟན་པའོ། །འཕྲད་པ་དཀའ་བའི་ཐར་བའི་མཆོག་ཐར་བ་དམ་པའི་ནོར་དེ་ཉིད། ལས་སྐལ་བསོད་ནམས་དང་ལྡན་པ་རྣམས་ཀྱིས་ཟུང་ཞིག་ཅེས་ཞལ་གདམས་གནང་བ་ནི། གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟང་འབྱོར་པའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ་འདི་ཟུང་། །ཞེས་གསུངས་ཏེ། སྔོན་སྨོན་གྱི་ལས་འཕྲོའི་དབང་གིས་ཐེག་མཆོག་རྡོ་རྗེའི་སྙིང་པོ་ལ་མོས་པ་དགེ་ཞིང་མི་དམན་ཞིང་བསོད་ནམས་བསགས་པ་སྔོན་སོང་གིས་འདི་ལ་དྭངས་བ་སྐྱེ་བའི་ཐེག་མཆོག་རྒྱལ་པོའི་རིགས་ཅན་གྱི་རྣལ་འབྱོར་པ་དག་གིས། ཞི་བ་བྱང་ཆུབ་དམ་པའི་ཆོས་སྐུའི་རྒྱལ་སྲིད་ལ་དབང་བྱེད་པའི་འབྱོར་བའི་ནོར་མཆོག་དམ་པ་འདི་བས་ཡན་ཞིག་སྲིད་ན་མེད་ཅིང་ཐམས་ཅད་མཛོད་འདིར་འདུས་པ་ཡིན་པས་ན། དེ་ལ་མོས་པ་ཡོངས་ཀྱིས་འགྲེལ་བ་འདི་ཟུང་ཞིག་གསུངས་ནས་གདམས་པའོ། །འདི་ཉིད་གང་དུ་ཇི་ལྟར་སྦྱར་བ་བསྟན་པ་ནི། འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང་། །དེ་ཡི་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །ཞེས་གསུངས་ཏེ། འདི་ནི་གསང་ཆེན་ངེས་པའི་རྒྱུད་ཆེན་བཅུ་བདུན་དང་། དེའི་མན་ངག་གི་ཡི་གེ་གྲངས་མང་ལས་འབད་མེད་ཚེ་འདིར་གྲོལ་བའི་གནད་ངེས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ། སྒྲུབ་པའི་གནས་ཀྱི་མཆོག་གྱུར་ཀུན་མཁྱེན་བླ་མས་མཛོད་ཆེན་བདུན་ལ་སོགས་པའི་གསུང་གི་གསང་བ་ཟང་མོའི་གཏེར་སྒོ་འབྱེད་ས་གངས་རི་ཐོད་དཀར་སྙིང་པོའི་མགུལ་ཨུ་རྒྱན་རྫོང་གི་དབེན་གནས་སུ་ལེགས་པར་སྦྱར་བ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་འཕྲིན་ལས་འབྱོར་བ་མངའ་ཐང་རྒྱས་པར་བསྔོ་ཞིང་སྨོན་པ་ནི། དགེ་བ་འདི་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །ཅེས་གསུངས་ཏེ། དགེ་བ་འདིས་མཚོན་པའི་ཇི་སྙེད་དགེ་བའི་ཕུང་པོ་མཐའ་དག་གིས་སྐྱེ་དགུའི་གནས་སྐབས་ཕན་པ་དང་། མཐར་ཐུག་བདེ་བ་འབྱུང་བའི་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་དུ་ངེས་དོན་སྙིང་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་ཤོག དེ་འཛིན་བསྟན་པའི་རྩ་ལག་ཏུ་གྱུར་པའི་དམ་པའི་སྐྱེས་བུ་བསྟན་པ་ཐུགས་རྒྱུད་ལ་བཞུགས་པ་རྒྱལ་བའི་གདུང་འཚོབ་པ་དེ་དག་གི་སྐུ་ཚེ་དང་འཕྲིན་ལས་རྒྱས་ཤིང་། ཆོས་ཀྱི་འབྱོར་བ་མཐའ་ཡས་པས་སྐྱེ་དགུ་ཚིམ་པར་བྱེད་པའི་དཔལ་དུ་ཤོག་ཅེས་སོ། །འཇིག་རྟེན་གྱི་ཁམས་ཀུན་གནས་སྐབས་དང་མཐར་ཐུག་ཏུ་བདེ་ཞིང་སྐྱིད་པར་སྨོན་པ་ནི། འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། །ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང་། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་གསུངས་ཏེ། གནས་སྐབས་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་བདེ་ཞིང་སྐྱིད་པ་དང་ཆབས་ཅིག་ཏུ། ངན་སོང་ཐམས་ཅད་ཆད་པའམ་མེད་པར་མཐོ་རིས་ལྷ་མིའི་གནས་སུ་དག་པའི་ཞིང་གི་འབྱོར་བ་ལ་སྤྱོད་བཞིན་དུ་དམ་པའི་ཆོས་ཀྱིས་ཉིན་མཚན་འདའ་ཞིང་མཐར་ཐུག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་བསྔོ་བར་མཛད་པའོ། །ལེགས་པར་བཤད་པའི་དགེ་བས་འགྲོ་ཀུན་སྲིད་མཚོ་ལས་བརྒལ་བར་སྨོན་པ་ནི། ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟང་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཅེས་གསུངས་ཏེ། འདི་ལྟར་རྡོ་རྗེའི་སྙིང་པོའི་གསང་བའི་དགོངས་དོན་གནད་དུ་བསྡུས་ཏེ་ལེགས་པར་བཤད་པའི་བསོད་ནམས་ཀྱི་གྲུ་ཆེན་དེས། སྲིད་མཚོ་རུ་ཐོག་མེད་ནས་འཕྱན་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བའི་འགྲོ་བ་འདི་དག་ཐམས་ཅད་ཀུན། སྲིད་པའི་རྒྱ་མཚོ་ངམ་ནག་འཇིགས་སུ་རུང་བ་དེའི་ཕ་མཐའ་རུ་བརྒལ་ཏེ། ཐར་བ་རིན་པོ་ཆེའི་གླིང་དུ་བགྲོད་པར་གྱུར་ནས། སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་གདོད་མའི་མགོན་པོའི་དགོངས་ཀློང་དུ་གྲོལ་བར་ཤོག་ཅིག དགེ་འདིས་འགྲོ་ཀུན་མ་ལུས་མ་འབད་བཞིན་དུ་གྲོལ་བར་སྨོན་པ་ནི། མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང་། །མ་འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །ཅེས་གསུངས་ཏེ། མ་སྐྱེས་སྙིང་པོ་རང་བྱུང་བྱང་ཆུབ་ཀྱི་སེམས། རང་གནས་ཆོས་དབྱིངས་ཀྱི་ཀློང་ཆེན་དུ། མ་ནོར་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་ཇི་བཞིན་ཡོངས་སུ་བཤད་པའི་གཞུང་དོན་འདུས་པ་དེ་ཉིད། བསོད་ནམས་རླབས་ཆེན་བསགས་པའི་ཚོགས་གཉིས་དགེ་བའི་ཕུང་པོ་དེས། མ་ལུས་མཐའ་ཡས་འགྲོ་ཁམས་ཀྱི་རང་གཞན་གནས་སྐབས་མཐར་ཐུག་གི་དོན་གཉིས་ཕུན་སུམ་ཚོགས་ཤིང་། འབད་ཅིང་རྩོལ་བ་མི་དགོས་པར་འདོད་དགུ་ངང་གིས་འབྱུང་བ་ཡིད་བཞིན་གྱི་ནོར་བུའི་མཐུས་དགོས་དགུ་འབྱུང་བ་བཞིན་དུ། མ་འབད་བཞིན་དུ་དགེ་བ་ངང་གིས་འཕེལ་ཞིང་བདེ་འབྲས་གཏན་གྱི་བདེ་བ་ཡོངས་སུ་སྤྱོད་པ་ཤོག་ཅེས་པའོ། །ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱེད་ཅིང་སེམས་ཅན་ཐམས་ཅད་འདྲེན་ཐུབ་པར་སྨོན་པའི་ཤླཽ་ཀ་གསུམ་འཕྲོས་འཕྲོར་འབྱུང་བ་སྟེ། བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་བར། །དཔལ་མགོན་བླ་མའི་ཕྲིན་ལས་སྒྲུབ་བྱེད་ཅིང་། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །ཅེས་གསུངས་ཏེ། མཆོག་གསུམ་སངས་རྒྱས་ལ་འདུས་པ་དང་སངས་རྒྱས་ཀྱི་ཞལ་ཚབ་བླ་མ་ཡིན་པ་དང་། བླ་མ་ནི་སངས་རྒྱས་ལས་ཀྱང་བཀའ་དྲིན་ལྷག་པའི་ཕྱིར། བླ་མའི་འཕྲིན་ལས་སྒྲུབ་པ་ནི་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའང་ཡིན་པས་ན། སངས་རྒྱས་ཀྱི་མཛད་པ་ནི་གཞན་དོན་ལས་མ་འདས་པས་བདག་གིས་གཞན་དོན་སྤྱོད་པ་ཕུན་སུམ་ཚོགས་པར་གྱུར་ནས། མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་གིས་འཁོར་བ་ཕྱིར་བསྙིལ་ནས་ཐར་བ་དམ་པ་མྱ་ངན་ལས་འདས་པ་མཆོག་ལ་འགོད་པར་ཤོག་ཅེས་པའོ། །བཟང་ངན་འབྲེལ་ཚད་ཀུན་དམིགས་ཀྱིས་བཀལ་ཏེ་འདྲེན་པར་སྨོན་པ་ནི། བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོའམ་དད་དམ་གནོད་པ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང་། །ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཅེས་གསུངས་ཏེ། ཁོང་ལ་བརྟེན་ནས་འགྲོ་བ་བསམ་སྤྱོད་མ་རུང་པ་གང་ཞིག་སྡང་བའི་སེམས་ཀྱིས་ཁྲོའམ། དྭངས་བའི་སེམས་ཀྱིས་དད་དམ། སྡིག་པའི་སེམས་ཀྱིས་གནོད་པར་བྱྱེད་པ་གྱུར་ཏམ། དེ་ལས་གཞན་པའི་བསྟོད་དམ། སྨད་དམ། དགའ་ནས་རྗེས་སུ་ཞུགས་པར་གྱུར་ཀྱང་ཐམས་ཅད་མཉམ་པར་བདག་གིས་འཁོར་བའི་སྡུག་བསྔལ་ལས་བསྐྱབས་ཏེ་འདྲེན་ནུས་པར་ཤོག་ཅེས་གསུངས་པའོ། །འུ་ཚོས་ཀྱང་འདི་རྣམ་པའི་རྗེས་སུ་འབྲངས་ནས། བསམ་སྦྱོར་གཉིས་ཀའི་ཐོག་ནས་ཤ་གྲིས་བཅད་པ་དང་སྨན་རྫས་ཀྱིས་བསྐུ་མཉེ་བྱེད་པ་གཉིས་ཀ་འདྲ་དཀའ་ཡང་སྨོན་པའི་ཐོག་ནས་དེའི་རྗེས་སུ་འགྲོ་བའི་སྨོན་ལམ་རེ་རྒྱག་ཨེ་ཐུབ་ལྟ་དགོས་པ་ཡིན་ནོ། །ནམ་མཁའ་ཇི་སྲིད་མ་ཞིག་གི་བར་དུ་འགྲོ་དོན་རྒྱུན་མི་ཆད་པར་སྨོན་པ་ནི། ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང་། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་ཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོག །ཅེས་གསུངས་ཏེ། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་བཞིན་དུ། ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས། དེ་བཞིན་དུ་སེམས་ཅན་གྱི་དབྱིངས་ཀུན། ནམ་མ་ཟད། མཐར་མ་ཐུག་གི་བར་དུ་བདག་གི་ཞིང་དང་འཕྲིན་ལས་ཀྱིས་ཀྱང་དབྱིངས་དེ་དག་ཁྱབ་སྟེ་མདོར་ན་སེམས་ཅན་ཐམས་ཅད་ཁོང་གིས་འདྲེན་ནུས་པར་ཤོག་ཅེས་གསུངས་པའོ། །ཆོས་ཚུལ་འདི་ཉིད་བསྟན་པ་མཐའ་རྒྱས་སུ་སྨོན་པ་འབྱུང་བ་ནི། ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེང་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ཤོག །ཅེས་གསུངས་ཏེ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་ཅིང་ཆོས་སྐུའི་རྒྱལ་ས་རང་དབང་དུ་བྱེད་པའི་རྨད་དུ་བྱུང་བའི་ཆོས་ཚུལ་འདི་ཡང་། སྲིད་པ་ཇི་སྲིད་དེ་སྲིད་དུ་ས་སྟེང་བསྟན་དང་འགྲོ་བའི་རྒྱན་དུ་གྱུར་ནས། འཇིག་རྟེན་འདིའི་ཐོག་ལ་མི་ཉམས་ཡུན་དུ་གནས་པ་དང་། བསྟན་པའི་སྲོག་ཤིང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་དར་ཞིང་ཡལ་འདབ་ཕྱོགས་བཅུར་དུས་ཀུན་ཏུ་རྒྱས་ཏེ། གཞན་ཕན་མེ་ཏོག་གི་འབྲས་བུ་མཐའ་ཡས་དཔག་མེད་དུ་བཞད་པས་ཕྱི་མའི་འགྲོ་བ་མཐའ་དག་དབུགས་འབྱིན་པར་ཤོག་ཅེས་པ་སྟེ། འདི་ལྟ་བུའི་བདེན་ཚིག་གྲུབ་སྟེ་དེང་སང་འཛམ་གླིང་ས་གཞི་རིལ་མོའི་ཁྱོན་འདིར་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་བསྟན་པ་འདི་བཞིན་དུ་དཀར་འཇམ་ཡུག་གཅིག་ཏུ་གདལ་ནས། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་མཐིལ་དུ་འཛིན་པ་ཡིན་ནོ། །དེ་བཞིན་དུ་མཐའ་ཡས་ཕྱོགས་བཅུའི་ཞིང་ཀུན་ནས་ཀྱང་ཐེག་པའི་ཆོས་ཚུལ་འདི་རྒྱལ་བ་ཐམས་ཅད་ཀྱིས་དབྱངས་སུ་གྱེར་བཞིན་པ་ཡིན་པས་ན་རང་རེ་ཆོས་འདིའི་བགོ་སྐལ་དུ་གྱུར་པའི་གང་ཟག་བསོད་ནམས་ཆེན་པོ་ཅན་ཡིན་པའི་གོ་དོན་གྱི་ངེས་ཤེས་ཀྱང་ཞར་ལ་འཁྲུངས་བར་བྱེད་པ་ཡིན་ནོ། །ཀུན་གྱི་མཇུག་ཏུ་གཞན་དོན་འཕྲིན་ལས་མཐའ་རྒྱས་སུ་སྨོན་པ་ནི། ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང་། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་ཕྲིན་ལས་མཐའ་ཡས་ཤོག །ཅེས་གསུངས་ཏེ། མཇུག་གི་ཤླཽ་ཀ་འདི་མི་འགྲེལ་པར་རྟེན་འབྲེལ་མཐའ་ཅན་དུ་འཇོག་རྒྱུ་བྱེད། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ། ཕྱི་ལྟར་ན་ལུང་གི་གཏེར་མཛོད། ནང་ལྟར་ནས་ཐེག་པའི་རྒྱལ་པོ། གསང་བ་རྒྱལ་ན་རྟོགས་པའི་རྒྱལ་པོ་ཀུན་ཀྱང་དོན་གྱིས་གྲུབ་པ་འདི་ཉིད། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་རྣམ་དཔྱོད་ཀྱི་གཟིངས་ཀྱིས་སོན་ཅིང་། མི་མཁྱེན་པ་དང་མི་གཟིགས་པ་གཅིག་ཀྱང་མེད་པ་ནི། ཀུན་མཁྱེན་ཁྱོད་ཀྱི་ཀློང་ཆེན་མེ་ལོང་ངོགས། །མི་འཆར་ཤེས་བྱའི་སྣང་བརྙན་འདི་ཀོ་ཞེས། །སྟོབས་བཅུའི་མངའ་བདག་དེས་ཀྱང་བསྟན་དུ་མེད། །ཅེས་གསུངས་པ་ལྟ་བུ་དང་། ཁྱད་པར་དུ་བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་ཐེག་མཆོག་རྡོ་རྗེ་སྙིང་པོའི་གསང་བ་རྒྱལ་པོའི་ཐུགས་མཛོད་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །སླར་ཡང་ཚེ་རབས་སྐྱེ་བའི་ཕྲེང་བ་ཀུན་ཏུ་དམ་ཆོས་མན་ངག་གི་གདམས་ཟབ་འདི་ཉིད་འཛིན་ཅིང་། མཐའ་ཡས་འཁོར་བའི་འཁྲུལ་སྣང་མ་སྟོང་གི་བར་དུ་ཆོས་འདིས་འགྲོ་དོན་བྱེད་པའི་རྟེན་འབྲེལ་དུ་དམ་པ་གོང་མའི་ཕྱག་བཞེས་བཞིན་དུ་དབུ་སྡེབ་དང་པོ་ནས་ཡང་བསྐྱར་གྱིས་གཟིགས་མཛོད། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།། རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་རཏྣ་ཀོ་ཥ་ནཱ་མ་བྲྀཏྟི། བོད་སྐད་དུ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ནི། །དྲི་མེད་ནམ་མཁའ་ལྟ་བུར་རྣམ་དག་ཅིང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །སྲིད་ཞིའི་དཔལ་དུ་གྱུར་ལ་ཕྱག་འཚལ་ལོ། །འགྲོ་ཀུན་མེད་སྣང་སྒྱུ་འདྲའི་འཁོར་བ་འདིར། །རྨི་ལམ་བཞིན་དུ་འཛིན་པས་བཅིངས་པ་རྣམས། །རང་བཞིན་རྣམ་གྲོལ་རྫོགས་པ་ཆེན་པོའི་དོན། །ལྷུན་མཉམ་ཡངས་པ་ཆེན་པོའི་རྣམ་བཤད་བྱ། །ཞེས་གསུངས་སོ། །དེ་ཡན་གྱིས་འུ་ཅག་གིས་ཀུན་མཁྱེན་བླ་མའི་གསུང་གི་གསང་བ་ཟབ་མོ་ཀུན་གྱི་ཡང་བཅུད་དུ་གྱུར་པ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདིའི་ཐོག་ནས་ཚར་གཅིག་གི་བཤད་ཁྲིད་རྒྱས་ཁྲིད་ལྟ་བུའི་ཚུལ་དུ་ཕུལ་གྲུབ་པ་རེད། ངས་འདི་ལ་སོགས་པའི་ཀློང་ཆེན་པའི་གསུང་ཚང་མ། ཁྱད་པར་དུ་མཛོད་ཆེན་བདུན་གྱི་ནང་གི་ཐེག་མཆོག་མཛོད་འདི་མཁན་པོ་ཐུབ་སྙན་གྱི་མདུན་ནས་ཐོབ་པ་ཡིན། དེར་མ་གཏོགས་པ་ཐམས་ཅད་ངའི་རྩ་བའི་བླ་མ་བཀའ་དྲིན་ཅན། ང་མིན་ཡང་དུས་ཕྱི་མ་འདིར་ཆོས་བརྒྱུད་འདིའི་བསྟན་འཛིན་གྱི་སྐྱེས་བུ་གང་ཆེ་ཐམས་ཅད་ཀྱི་རྩ་བའི་བླ་མ་ཡིན་པ་དང་། བྱེ་བྲག་ངའི་ངོས་ནས་བཤད་ན་བཀའ་དྲིན་སུམ་ལྡན་ཡིན་པས་ན། ངའི་རྩ་བའི་བླ་མ་ཞེས་སྨོས་པ་ཡིན། མཚན་བརྗོད་པ་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་ཞལ་སྔ་ནས། རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་མཉམ་དུ་ཆིག་བརྒྱུད་དུ་ཐོབ་པའི་རྒྱུད་པ་ཁུངས་ལྡན། གདོད་མའི་མགོན་པོ་མིའི་ཟོལ་དུ་ཕེབས་པ་ལྟ་བུའི་ཆོས་སྐུའི་བླ་མ་དྲི་མེད་འོད་ཟེར་དང་ཞལ་མི་གཉིས་པ་དེ་ཉིད་ཀྱི་ཞལ་རླངས་དྲོན་མོ་མ་ཡལ་བར་ཐོབ་པ་དང་། གཞན་ཡང་རྫོགས་ཆེན་མཁན་ཆེན་ཨ་བུ་ལྷ་སྒང་གིས་ཀློང་ཆེན་མཛོད་བདུན་གྱི་ཕྱག་དཔེ་ཡིན་གཅིག་མིན་གཉིས་ང་ལ་འཕྲོད་དགོས་ཞེས་འདའ་ཀའི་གསུང་གི་ཞལ་ཆེམས་བསྩལ་བ་ཡིན། ང་དེ་དུས་ལོ་བཅུ་གཅིག་ཅན་གྱི་བྱིས་པ་ཞིག་ཡིན། རྫོགས་ཆེན་ཚང་ལ་བླ་སྤྲུལ་མཁན་གསུམ་སྟག་སེང་ཁ་སྤྲོད་ལྟ་བུའི་སྟག་སྒྲོ་ཁ་ལུང་འཛོམས་པའི་དུས། དུས་རབས་ཉི་ཤུ་པའི་བསྟན་པ་མ་དར་དེ་དར་གྱི་སྐབས་ཡིན་ཡང་། ངས་སེམས་ལ་རྫོགས་ཆེན་ཐེག་རྩའི་རྣལ་འབྱོར་པ་ཐམས་ཅད་ཡོངས་གྲགས་ཀྱིས་ཆོས་ཟད་ཀྱི་ཚད་དུ་འཁྱོལ་བར་ཞུ་སའི་བླ་མ་དེས། ཐུགས་དགོངས་ང་ལ་གཏད་ནས་ཕྱི་རབས་བསྟན་རྒྱུན་ཞིག་སྤེལ་བ་ལ་དགོངས་པས་མི་ཚད་པར། ན་མོ་གུ་རུ་བསྐལ་མང་གོང་ནས་ཞེས་པའི་དཔལ་སྤྲུལ་ཚང་གི་གསུང་འདིའི་ཆོས་འབྲེལ་ཞིག་གནང་ཞིང་རྗེས་སུ་རྒྱུགས་ལེན་པ་ཡིན་ཞེས་དོན་བརྒྱུད་བཀའ་གཏད་ཀྱི་ཚུལ་དུ་གནང་བ་དང་། འདའ་ཁའི་ཞལ་ཆེམས་དང་བཅས་མཛོད་བདུན་གྱི་ཕྱག་དཔེ་དེ་ང་ལ་འཕྲོད་དགོས་གསུངས་པ་ནི། ང་རང་གི་ངོས་ནས་བསམ་ན་འདས་རྗེས་ང་ལ་བབ་པའི་སྣང་བ་ཡོད། དུས་ཀྱི་མཐའ་འདིའི་གསང་ཆེན་དོན་གྱི་བསྟན་པ་སྣུམ་ཟད་མར་མེའི་སྡོང་རྩ་ཅུང་ཟད་གསོ་བའི་བསྐལ་བ་ལྡན་སོང་བ་འདི་རྒྱུགས་སྤྲོད་ཤོག་ཅེས་པ་གསུངས་པ་ལ་རྒྱུགས་ཤིག་སྤྲོད་པའི་སྣང་བ་སྟེ། རྒྱུགས་འཕྲོད་ཡོད་མེད་མི་ཤེས་ན་ཡང་རྒྱུགས་སྤྲོད་བཞིན་ཡོད་པའི་སྣང་བ་ཡོད་པས་མ་ཚད་ཁོང་རྣམ་པའི་ཐུགས་དགོངས་རྫོགས་པའི་མཆོད་པ་ཅུང་ཟད་ཅིག་འགྲུབ་པ་ཡིན་སྙམ་པའི་སྣང་བ་དེ་ཡོད་པ་ཡིན། ཨ་བུ་ལྷ་སྒང་གི་དགོངས་རྫོགས་ཀྱི་དུས་སུ་སྐུ་གདུང་གི་མདུན་ནས། འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། འཇིགས་མེད་ཡོན་ཏན་མགོན་པོ་རྣམ་པ་གཉིས་ཀྱིས་ང་ལ་ཨ་ར་པ་ར་ཙ་དུང་གཅིག་ཁས་ལེན་བྱེད་བཅུག་བྱུང་། ཁས་ལེན་ཆ་ཚང་ད་རུང་འགྲུབ་མེད་ན་ཡང་དེ་དུས་ཁོང་རྣམ་པའི་ཐུགས་དམ་དང་ལྷན་དུ་ངས་ངག་བསྡམས་ཏེ་བཅད་རྒྱའི་བསྙེན་མཚམས་ཁ་ཤས་བསྡད་པ་ཡིན། འདིར་བརྗོད་བྱའི་གཙོ་བོ་ཅི་ཞིག་ཡིན་ན། ཀློང་ཆེན་མཛོད་བདུན་གྱི་ཁྲིད་རྒྱུན་སྤེལ་མཁན་གནའ་དེང་གཉིས་ཀར་གང་དུ་ཡང་ཡོད་ཀྱང་། ཆོས་བརྒྱུད་འདིའི་དབང་དུ་བྱས་ན་ཅུང་ཟད་ཁྱད་པར་དུ་འཕགས་པའི་ཉེ་བརྒྱུད་བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་པ་ཡིན་པའི་སྣང་བ་ཡོད་ལུགས་དེ་ལྟར་ཡིན། འདིར་བཞུགས་ཀྱི་བསྟན་འཛིན་གྱི་སྐྱེ་ཆེན་རྣམ་པ་ཡར་ཕུད་ཤུལ་གྱི་རྣམ་པ་མང་ཆེ་བ་བཤད་དང་སྒྲུབ་པའི་གྲྭ་ལ་ཞུགས་ཤིང་། སྤོང་ཀློག་གཉིས་ཀས་དུས་འདའ་བའི་གང་ཟག་དམིགས་བསལ་བ་དང་། གཞན་ཐམས་ཅད་མང་ཐོས་སྡེ་སྣོད་འཛིན་པ་དམ་ཆོས་དོན་གཉེར་ཅན་ཏག་ཏག་ཡིན་ངེས། ཡང་སྒོས་དོ་ཞག་ཆོས་ཁྲིད་ཀྱི་དབུ་དང་པོ་བཙུགས་དུས་ནས། ད་རེས་ཀྱི་ཆོས་ཁྲིད་འདི་བཀའ་རྒྱ་དམ་པོ་ཡིན་པས། ཉི་མ་ཁ་ཤས་ཀྱིས་དུད་ངན་གྱི་རྫིང་སྟན་དྲུད་ནས་འགྲོ་འཆར་ཡོད་པ་རྣམས་ད་རེས་ཐོན་མ་ཡོང་། ཅི་ཙམ་ཉུང་ན་དེ་ཡིས་དགའ་བ་ཡིན་ཞེས་བཤད་པ་ཡིན་པས། སྡོམ་བརྩོན་སྡེ་སྣོད་འཛིན་པའི་གྲབས་བཟང་པོ་ཡོད་སྙམ་པའི་ཡིད་ཆེས་བྱེད་ཆོག་པ་ཡིན། ཁྱེད་རྣམ་པས་ཀྱང་འདི་ཐོབ་ཡིག་ཅིག་བཀོད་ནས་མི་བསྐྱུར་པར་ཕྱིན་ཆད་ཐུགས་དམ་ཉམས་ལེན་གྱི་མཐིལ་འདི་ལ་བཅོལ་དགོས། ཆོས་དབྱིངས་མཛོད་ཀྱི་རྩ་བ་ཆ་ཚང་ཉིན་རེར་ཐེངས་རེ་མ་ཆག་ན་ཤིན་ཏུ་བཟང་ཞིང་། ཀློག་འདོན་ལ་བྱང་ཆ་དེ་ཙམ་མེད་པའི་རྒན་ཞུགས་དག་གིས་ཀྱང་ཡིག་ངོ་ཤེས་ཚད་ཀྱིས་ཉིན་རེ་ལེའུ་རེ་འདོན་རྒྱུ་ཅི་ནས་ཀྱང་མ་ཆག འདོན་པ་དེ་ཡང་ཁྲལ་གསོབ་རྟ་རྒྱུགས་མ་ཡིས་བཏོན་པ་ཙམ་གྱིས་མི་ཡོང་བས། དོན་གྱི་གནད་ལ་ཐུགས་བསམ་བཞེས་ཞོར་དུ་ཉམས་ལེན་རིག་ངོ་སྐྱོང་བ་དང་མི་འབྲལ་བར་བཏོན་དགོས། དཔལ་སྤྲུལ་ཚང་གིས། དེ་ཕྱིར་དབྱངས་སུ་གྱེར་ཞིང་མགུར་དུ་འཐེན། །ཚིགས་སུ་བཅད་ཅིང་ལྷུག་པོར་འདོན་ཞིང་བལྟ། །ནམ་ཡང་འདི་དང་འབྲལ་བར་མ་བྱས་ན། །འཁོར་བའི་འཁྲུལ་སྣང་དུམ་བུ་དུམ་བུར་འགྲོ། །ཞེས་མཚམས་རེ་ལ་དབྱངས་སུ་གྱེར་ཞིང་མགུར་དུ་འཐེན་པ་དང་། མཚམས་རེ་ཚིགས་སུ་བཅད་ཅིང་ལྷུག་པོར་འདོན་ནས་ལྟོས་ལ། ནམ་ཡང་འདི་དང་མ་འབྲལ་བར་བྱས་ན་འཁོར་བའི་འཁྲུལ་སྣང་ཞིག་འགྲོ་བར་གསུངས་པས། སྤྱིར་ན་རི་ལ་གཅིག་པུར་གནས་པའི་སྒོམ་པ་བ་ཞིག་ཡིན་རུང་། མང་པོའི་ཁྱུ་ཡིས་ཚོགས་པའི་འདུས་སྡེ་ན་བཞུགས་པ་ཞིག་ཡིན་རུང་། མི་ཞིག་ཡིན་ཚེ། སྐྱིད་དུས། དགའ་དུས། སྣང་བ་དྭངས་དུས། ཉམས་དགའ་རིག་པ་དྭངས་དུས་སོགས་ཡོད་པ་དང་། རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁམས་ནང་དུ་འདུས་ཏེ། སེམས་མི་སྐྱིད། ཉམས་མི་དགའ། སྣང་བ་མི་དྭངས་དུས་ཀྱང་ཡོད་པས་ན། སྐྱིད་སྡུག་དགའ་སྐྱོ་གང་གི་སྐབས་སུ་ཡིན་ཡང་གཞུང་བཟང་འདི་དང་མ་འབྲལ་བར་འཕྲལ་གྱི་སྐྱོ་གྲོགས། ཡུན་གྱི་འཇིགས་སྐྱོབ། གཏན་གྱི་ཕུགས་འདུན་འདི་ལ་བཅོལ་ན་གདུང་བ་ཐམས་ཅད་འདིས་སེལ་ཐུབ་པ་སྟེ། སྐྱོ་སུན་འཇིགས་དང་མི་དགས་གདུང་བའི་ཚེ། །གཞུང་འདི་མཇལ་ན་དགའ་ཆེན་ཡེ་ཤེས་སྐྱེ། །བག་དྲོ་ཉམས་དགའ་རིག་པ་དྭངས་ཤིང་གསལ། །ཡུལ་སྣང་འཁྲུལ་བ་ཐུག་ཕྲད་འཇིག་པ་ཡིན། །ཞེས་གསུངས་པ་ཡིན། ཡུལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སྐྱོ་བ་སྐྱེ་བ་ནི་ལྷག་པར་དུ་དེ་རིང་ཁ་རྩང་གི་དུས་ཚོད་ལ་མང་ཞིང་། ཕྱིའི་འབྱུང་བ་གཡོ་འཁྲུགས་དང་། དམག་འཁྲུག་ནད་ཡམས་ཀྱིས་ཡུལ་ཁམས་མི་བདེ་བའི་འཇིགས་པ། ནང་ཉེར་འཁོར་གྱི་སྡེ་དགོན་སྤྱི་དང་བྱེ་བྲག་གི་ཉེར་འཚེ་ཡོང་བ། ཁྱད་པར་དུ་མི་ཞིག་ཡིན་དུས་སྐྱེ་སའི་ཁྱིམ་ཞིག་དང་། གཉེན་ཉེ་ལྟོས་པ་ཅན་རེ་ཡོད་པ་ཡིན་པས་ན། གཅིག་བདེ་ན་གཅིག་མི་བདེ། ན་ཚ་འབྱུང་འཁྲུགས། ཟེར་བརྗོད་ཁ་མཆུ། དགྲ་རྐུན་གྱི་འཇིགས་པ་དང་། གཞན་ཡང་འདོད་པ་ཐོག་ཏུ་མི་ཁེལ་པ་ལ་སོགས་པ། འཁོར་བའི་སྡུག་བསྔལ་གཅིག་མིན་ཡང་གཅིག་ཐོག་ཏུ་བབ་ནས་གྲྭ་རྐྱང་ཆོས་པ་ཞིག་ཡིན་ཡང་འཁོར་ཡུག་གི་ཤུགས་རྐྱེན་རེ་འབྱུང་བ་ཡིན། རང་ཉིད་ཀྱི་ལུས་ཁམས་ལ་བདེ་མི་བདེ་ཡོང་བ་དང་། གྲོགས་ཀྱི་རྣམ་འགྱུར་དགའ་སྡུག་ཅིག་ཚུན་ཆད་འབྱུང་བ་ནི། མིའི་སེམས་ནི་ཤིན་ཏུ་ཅོལ་ཆུང་ཡིན་པས་དགའ་སྡུག་གི་འགྱུར་བག་ལ་རྐྱེན་ཆེན་པོ་ཅི་ཡང་དགོས་པ་མ་ཡིན་པ་དེའི་རྒྱུ་མཚན་གྱིས་སོ་སྐྱེ་ལ་བྱིས་པ་ཞེས་པ་གསུངས་པ་ཡིན། དེས་ན་སྐྱོ་སེམས་འཇིགས་དང་མི་དགེས་གདུང་དུས་བྱིས་ཕྲུག་ལ་རྡོས་ཕོག་པ་ལྟར་དུ། སྡུག་ལྷང་ངེ་། ནག་མགོ་སེ། གྲིབ་ཆགས་ཤ་རེ་ལ་མི་འགྲོ་བར་རིག་པའི་སྐྱོ་གྲོགས་འདི་ལ་བཅོལ་ནས་མ་བཅོས་ཟང་ཐལ་གྱི་རིག་པ་རྗེན་པའི་ངང་སྐྱོངས་དང་། སྐྱོ་དང་མི་དགའི་སུན་སྣང་གཏད་མེད་དུ་ཡལ་ནས་དགའ་ཆེན་ཡེ་ཤེས་ཀྱི་བདེ་དྲོད་ནང་ནས་སྐྱེ་ཞེས་གསུངས་པ་ཡིན། གྲོགས་གཉེན་ཉེ་དང་ཕ་མ་སྤུན་སྲིང་ཤི་ནས་སྐྱོ་བ་ཡིན་ན། སྐྱེ་བ་ཡོད་པས་འཆི་བ་ཡོད་པས་སྐྱོ་བ་སྐྱེ་དོན་ཡོད་པ་མ་ཡིན་པ་ལ་བསམ་བློ་གཏོང་དགོས་པ་དང་། སྐྱེ་འཆི་དོན་ལ་མ་གྲུབ་པ་གཞི་སྟོང་ཆེན་གདོད་མའི་དབྱིངས་ལས་གཞི་སྣང་འཁོར་འདས་ཀྱི་སྣང་བ་ཤར་དུས། གཟུང་འཛིན་གྱི་སྣང་བ་ཤར་བ་ཙམ་ཞིག་ཡིན་པས། ད་རེས་མ་འཁྲུལ་དོན་གྱི་གནས་ལུགས་ཀྱི་རང་ཞལ་མཇལ་བའི་སྐབས་འདིར། ཆོས་ཉིད་གཅིག་གི་རང་ངོ་ལས་གཤིན་པོའི་རྣམ་ཤེས་རྒྱུ་རྐྱེན་འཛོམས་ན་གདོད་མའི་མགོན་པོའི་ཐུགས་ཀློང་བདེ་བ་ཅན་གྱི་ཞིང་ཁམས་སུ་དྲངས་ཐུབ་པ་ཡིན་པས། དེ་ལྟར་དུ་མི་འབྲལ་རིག་པའི་ངང་དུ་མཉམ་པར་འཇོག་པའམ། ཡང་ན་ཆོས་ཉིད་དག་པའི་བདེན་སྟོབས་ཀྱིས་མི་ལུས་ཆོས་ལྡན་རིམ་བརྒྱུད་ཀྱིས་ཆོས་འདི་དང་མཇལ་ནས་གྲོལ་བ་ཐོབ་པ་ཞིག་བྱེད་དགོས་སྙམ་སྟེ། ཉམས་ལེན་གྱི་ངང་དང་མ་བྲལ་བའི་བསྔོ་བ་སྨོན་ལམ་བྱས་ན། སྐྱོ་སེམས་མི་དགོས་པར་བློ་བདེ་སེམས་བདེ་ཡིན་པ་ཞིག་རང་གིས་གཞུང་འདི་དང་འགྲོགས་ནས་བྱེད་ཐུབ་པ་ཡིན། དེ་བཞིན་དུ་རང་ལ་གཞན་གྱིས་བརྙས་སྨོད་བྱེད་པ་ལ་སོགས་ཀྱི་རྐྱེན་གྱིས་སྐྱོ་སེམས་བྱུང་ན། རྣལ་འབྱོར་ཉམས་ལེན་པ་ཞིག་ལ་དགོས་རྒྱུ་དེ་ཡིན། ཐུགས་དམ་གྱི་བོགས་འདོན་དུ་འགྲོ་བ་ཡིན། རྒྱལ་བའི་སྲས་ཀྱི་གཞུང་ལམ་ཐམས་ཅད་ཕྱིན་དྲུག་གི་སྤྱོད་པས་བསྡུས་པ་ཡིན་པས། ཁང་སྟོང་ནང་དུ་སྤྲོ་ལངས་ས་མེད་པར་བསྡད་པ་དེ་བཟོད་པ་སྒོམ་པའི་གྲལ་དུ་ག་ལ་འགྲོ། ཁྲོས་ལ་སླར་མི་ཁྲོ་ཞིང་གནོད་ལན་བཟང་གིས་མཇལ་ན་བཟོད་པ་ཡིན། ཞེ་སྡང་གསལ་སྟོང་དང་། འདོད་ཆགས་བདེ་སྟོང་སོགས་ཀྱི་དུག་ལྔ་ཡེ་ཤེས་ལྔར་གྲོལ་བའི་བུད་ཤིང་མེད་ན་མེ་ཆེན་ཇི་ལྟར་འབར། རྟོག་ཚོགས་རང་གྲོལ་གྲོལ་ས་ཆོས་སྐུའི་དགོངས་པའི་རང་ཞལ་ཐེངས་རེ་མཇལ་བ་དེ་ཡང་། རྐྱེན་ངན་ལམ་སློང་ལྟས་ངན་གཡང་བསྒྱུར་ནི་གདམས་ཟབ་སྙིང་པོའི་ཉམས་ལེན་འདི་དང་མ་བྲལ་ན་ཡོང་བ་རེད་མ་གཏོགས། གལ་ལ་བབ་དུས་གདམས་ངག་ཁྱིམ་གྱི་མཆོད་ཁྲིའི་སྟེང་ཏུ་ལྷག་སོང་ན། རྒྱགས་སྐྱིད་ཉི་མས་དྲོས་ན་ཆོས་པའི་གཟུགས་བརྙན་ཙམ་ཕྱི་སྡེ་བའི་མིག་སྔུན་དུ་ཡིན་ན་ཡང་། རྐྱེན་ངན་ཐོག་ཏུ་བབ་དུས་ཐ་མལ་པ་དང་འདྲ་འདྲ་མ་གཏོགས་ཁྱད་པར་གྱི་དབྱེ་བ་ཡོད་མེད་ནི་ནང་རང་རྒྱུད་ཉམས་ལེན་གྱི་ནང་རྫོང་ཡོད་མེད་ལ་ཐུག་པ་རེད། དེས་ན་སྐྱིད་སྡུག་གང་གི་སྐབས་ཡིན་ཡང་གཞུང་བཟང་འདི་དང་མི་འབྲལ་བར། བློ་འདྲི་སའི་བློ་ཕུགས། གྲོས་བྱེད་སའི་གྲོས་གྲོགས། སྐྱབས་བཅོལ་སའི་མགོན་སྐྱབས་སུ་འདི་བཟུང་ན། བག་དྲོ་ཤར་རེ། ཉམས་དགའ་ཡ་ལེ། རིག་པ་དྭངས་ཤིག་སེ། ཡུལ་སྣང་འཁྲུལ་བ་ཐུག་ཕྲད་དུ་འཇིགས་ནས་གང་བྱུང་ཐམས་ཅད་ལམ་གྱི་གྲོགས་སུ་ཤར་གསུངས་པ་ཡིན། མི་ཞེས་པ་འདིས་སྡུག་ཁྱག་པར་ཟེར་ཡང་། དེ་ནི་ཁྱག་པས་སྡུག་ཁུར་བ་མ་ཡིན་པར་མ་ཁྱག་རང་ཁྱག་མི་ཁུར་དབང་མེད། གདམས་པའི་སྨན་མེད། གྲོལ་བའི་ཆོས་མེད་པས། སྡུག་བསྲན་སྨྲེ་ངག་འདོན་ཞོར་དུ་བསྡད་མི་འདུག་ཐབས་མེད་རེད། སྐྱིད་ཀྱང་མི་ཁྱག་པར་སྣང་བ་མཐོན་པོས་རང་ཚོད་ལ་བསྟུན་པའི་བྱ་བས་འདི་ཕྱི་རང་གཞན་གྱི་ཚོད་མི་ཐིག་པར་ཕུང་བ་སྟེ། ཅུང་ཟད་སྐྱིད་པའི་དུས་སུ་དགོས་རྒྱུ་ཇེ་ཆེ། དྲན་རྒྱུ་ཇེ་མང་། ལས་རྒྱུ་ཇེ་ཆེ་ལ་སོང་ནས། རེ་དོགས་སྤོས་བརྒྱའི་རི་མོས་མཐའ་དེད་ནས་ཉན་ཁ་ལ་རྫི་བ་རེད། དེ་དུས་སྐྱིད་ཀྱི་གོང་གནོན་ལའང་གཞུང་འདི་བཟང་ཞིང་། ཡང་ཉམས་ལེན་གྱི་དྲོད་རེ་ཐོབ་ན་དེ་ལ་ཞེན་འཛིན་དང་མངོན་རློམ་ཞུགས་པའི་སྐབས་སུ་ཡང་ལྷག་པར་དུ་གེགས་སེལ་ལ་གཞུང་འདི་དགོས་ཏེ། ཉམས་དགའ་རྒྱས་དང་བདེ་ཆེན་འབར་བའི་ཚེ། །གཞུང་འདི་མཇལ་ན་དགའ་བྲོད་ཞེན་པ་འཇིག །སྤང་བླང་རིས་མེད་གཉུག་མ་བརྡལ་བའི་ཀློང་། །ཀུན་མཁྱེན་བླ་མའི་དགོངས་ཟབ་སྟོན་པ་ཡིན། །ཞེས་གསུངས་པ་ལྟར་དུ་རྒྱུན་གྱི་ཉམས་ལེན་གཞུང་བཟང་འདི་ཉིད་ལ་བཅོལ་བ་ནི་ཆོས་བརྒྱུད་འདིའི་བརྒྱུད་པའི་བཀའ་སྲོལ་ཡང་ཡིན་པས་ན་དེ་ལྟར་ཐུགས་ཉམས་ཞོག་ཅེས་ཞུས་པ་ཡིན། ཟས་ཟོས་པ་ལུས་ཀྱི་འཚོ་བཅུད་དུ་སོང་ན་ཕན་ཐོགས་ཡོད་སོང་བ་བཞིན་དུ་ཆོས་ཞུས་པ་དེ་ཡང་རང་རྒྱུད་ཉམས་ལེན་གྱི་གནད་དུ་སོང་ནས། ཁྱད་པར་རྐྱེན་བཟང་ངན་དང་འཕྲད་དུས་ལམ་འཁྱེར་གྱི་མན་ངག་ཏུ་སོང་ན། ཆོས་ཞུས་པའི་དོན་གོ་ཆོད་པ་རེད། ས་ཐག་རིང་ཞིག་ནས་འདིར་ཡོང་ཟླ་བ་ཁ་ཤས་ཀྱི་དུས་ཚོད་འདི་ནས་ཟད་པ་དེ་གྲོ་གྱོང་ཚུགས་ལྷག་ཏུ་མ་སོང་བ་རེད། ཞུ་རྒྱུའི་དམ་ཆོས་གཅིག་དང་ཞུ་སའི་ཆོས་ར་གཅིག་ཡིན་ཡང་ཉམས་ལེན་བརྩོན་པ་བཟང་ཞན་གྱིས་ཉམས་རྟོགས་ལ་ཁྱད་པར་མེད་པ་ཞིག་མིན་ན་ཡང་། ཀུན་མཁྱེན་བླ་མས། ཐེག་མཆོག་མཛོད་ཀྱི་རིམ་ཁང་ལྔ་བ་ལས། གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོད་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །ཞེས་གསུངས་པ་སྟེ། ཀུན་མཁྱེན་ཆེན་པོའི་གསུང་དྲི་མ་མེད་པ་ལ་བསླུ་བ་གང་ན་ཡོད། ཐེག་མཆོག་མཛོད་ཐེག་མཆོག་རྡོ་རྗེ་རྩེ་མོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་དོན་བསྡུས་པ། རྗོད་བྱེད་རྒྱ་ཆེ་བརྗོད་བྱ་གཏིང་ཟབ་པ། རྒྱ་ཆེན་མཁས་པའི་གཞུང་ལུགས་ཡིན་ན་ཡང་། བསལ་བཞག་བྲལ་བའི་ཆོས་སྐུའི་ཡེ་ཤེས་རྗེན་པར་སྟོན་པ་ཟབ་ལས་ཆེས་ཟབ་ཀྱི་ཟབ་ཆོས། ཉམས་ལེན་གྱི་གནད་ཀྱི་སྙིང་པོ་ཐང་མ་དྲིལ་བ་ནི་ཆོས་དབྱིངས་རིན་པོ་ཆེའི་མཛོད་འདི་ཉིད་ཡིན་པས། འདི་འབྲས་བུའི་ཐུས་ཀ་ཀུན་ཏུ་བཟང་པོའི་དགོངས་པ་རྗེན་ཅེར་ལ་བསྟན་པའི་ཡང་གསང་མན་ངག་ཐམས་ཅད་ཀྱི་རྒྱལ་མཚན་གྱི་རྩེ་ཡི་ནོར་བུ་དང་། མཆོད་རྟེན་གྱི་རྩེ་མོའི་ཏོག་ལྟ་བུ་ཡིན་ལ། བསྟན་པ་ཡོངས་རྫོགས་ཀུན་མཁྱེན་བརྒྱུད་པའི་གཞུང་། །ཞེས་གསུངས་པའི་བསྟན་པ་ཡོངས་རྫོགས་ཇི་ལྟར་ཚང་བ་ནི། ཀུན་མཁྱེན་འཇིགས་གླིང་གི་གསུང་ལས། བདེན་གཉིས་ཤིང་རྟ་དང་རྣམ་མཁྱེན་ཤིང་རྟ་གཉིས་ཀ་བརྩམས་ཟིན་རྗེས་ཀྱི་གཟིམས་ལམ་དུ་བསྟན་བཅོས་འདི་བྲི་པ་ནི་མཆོད་རྟེན་ཞིག་བཞེངས་པའི་ཕན་ཡོན་ཐོབ་པ་སྟེ། སྔོན་འགྲོའི་ཆོས་རྣམས་ཐེམ་སྐས་དང་། དམ་ཆོས་འདུལ་བ་སེང་ཁྲི་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་བང་རིམ་དང་། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་བུམ་པ་དང་། གྲོལ་བྱེད་ཀྱི་ཁྲིད་ཆོས་འཁོར་དང་། རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པ་ཏོག་ཡིན་པས་འདི་ལ་སྟོན་དང་བསྟན་པ་གཉིས་ཀ་དེ་ལྟར་ཚང་བ་ཡིན། འདི་ནི་མཐོང་ཐོས་དྲན་རེག་ཐམས་ཅད་ལ་ཕན་ཐོགས་རྒྱ་ཆེན་སྔར་ན་མེད་པ་ཞིག་འགྲུབ་པ་ཡིན་ཞེས་པ་གཞན་ཞིག་གིས་སྨྲས་པའི་སྣང་བ་གཟིམས་ལམ་དུ་རྨིས་པར་གསུངས་ཤིང་། ཡོན་ཏན་མཛོད་ཀྱི་འགྲེལ་བ་པོད་ཆེན་ཤིང་རྟ་རྣམ་གཉིས་འདི། ཀློང་ཆེན་པའི་གསུང་མཛོད་ཆེན་བདུན་དང་། ཤིང་རྟ་རྣམ་གསུམ་སོགས་ཀྱི་དགོངས་འགྲེལ་གབ་པ་མངོན་ཕྱུང་གི་བསྟན་བཅོས་ཡིན། དེས་ན་ཀུན་མཁྱེན་རབ་སྲས་ཀྱི་གཞུང་ལ་སྙིང་ཐིག་གོང་འོག་ཞུ་བ་ཡིན། ཀུན་གྱི་རྩེ་མོ་འོད་གསལ་ཆོས་སྐུའི་ཡེ་ཤེས་རྗེན་པར་གཅིག་ལ་འོག་མའི་ལམ་ལུགས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པས་ན། རང་རེ་དཔོན་སྟོབས་རྣམས་ཀྱིས་ཀྱང་མི་རེའི་རང་རྒྱུད་ནས་ཆོས་སྐུའི་མཆོད་སྡོང་བང་རིམ་བུམ་ཆོས་བཀྲ་བ་རེ་བཞེངས་པ་ལ་ཞུམ་པ་དགོས་པ་མ་ཡིན། དེ་མ་དགོས་འདི་བཞིན་དམ་ཚིག་དག་པས་རང་རྒྱུད་ལ་བྱི་དོར་ཐུབ་ནས་ཉམས་ལེན་གྱི་བརྩོན་པས་འདང་ན་ཚེ་འདིའམ་བར་དོ་གང་རུང་ངམ། ཡང་ན་སྐྱེ་བའི་ཕྲེང་བ་ཁ་ཤས་ཀྱི་མཚམས་ནས་གྲོལ་བ་ཐོབ་ནས་སངས་རྒྱས་འགྲུབ་ངེས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ་ཞེས་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་གསུངས་པ་ཡིན། དེ་ལྟ་བུའི་སྤྲོ་སེམས་ཐུགས་ལ་བཅངས་ཏེ་དགའ་བཞིན་སྤྲོ་བཞིན་དུ་དེ་རིང་གི་ཆོས་མཚམས་ཀྱི་སྐད་ཆ་འདིའི་ཐོག་ནས་རེ་ཞིག་འཇོག་རྒྱུ་བྱེད། དུས་ཚོད་ནམ་ཚ་ཞེས་པ་འགྲོ་མགྱོགས་པ་ཕྱིའི་ནམ་ཟླ་དུས་བཞིའི་འགྱུར་བ་དང་མཉམ་དུ་ནང་སྐྱེ་འགྲོའི་ཚེ་སྲོག་ཀྱང་སྐད་ཅིག་ཏུ་མི་སྡོད་པར་འགྱུར་ཞིང་ཟད་པའི་ཕྱོགས་སུ་འགྲོ་བཞིན་ཡོད་ཅིང་། རང་རེ་ཆོས་གྲོགས་རྣམ་པ་དེ་ཉིན་དང་པོར་ནམ་ཚ་དབྱར་གྱི་དུས་ཚོད། བྱ་ཁུ་བྱུག་གི་གསུང་སྙན་འགྱུར་ཞིང་རི་ལུང་ཐམས་ཅད་མེ་ཏོག་གིས་བཀང་ནས་ཡོད་དུས་མཉམ་དུ་འཛོམས་ཏེ་ཆོས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་པ་དང། ད་ནམ་ཚ་སྟོན་ཁར་ཤར། སྤང་མདོག་སེར་པོ་ལ་ལོག སྟོན་སེར་གྱི་རླུང་བུ་ལྡང་པའི་དུས་ཚོད་ལ་ཐོན་ཏེ། གྲང་རེག་ཅན་གྱི་ཁ་བའི་འདབ་མ་འབབ་རིམ་བཞིན་དུ་མི་རིང་དགུན་གྱི་དུས་ཚོད་ལ་ཕྱོགས་པ་ལ་ཉེ་ཞིང་། འདུས་པ་འབྲལ་བའི་ཆོས་ཅན་ཡིན་པས་ཁྱེད་ས་ཕྱོགས་གཞན་ནས་ཕེབས་པ་ཐམས་ཅད་རང་རང་སོ་སོའི་གནས་སུ་ཕྱིར་ཕེབས་ཏེ་འབྲལ་རན་པ་ཡིན། འདི་ཡང་མི་རྟག་འཆི་བའི་མཚོན་དཔེ་སྣོད་བཅུད་བརྡ་དང་རྟེན་འབྲེལ་དུ་ཤར་བའི་སྣང་བརྙན་ཞིག་ཡིན་པས། འདི་བཞིན་ཐམས་ཅད་པོས་ཚེ་འདིའི་འཁྲུལ་སྣང་གི་ཉི་མ་ཁ་ཤས་ལ་ངེད་ཚང་ཟེར་བའི་ཕ་མ་སྤུན་སྲིང་གཉེན་ཉེ་མཐུན་གྲོགས་དང་བཅས་པ་ཐམས་ཅད་ཀྱང་། སྔོན་རྗེས་རིམ་པ་བསྒྲིགས་ནས་འབྲལ་དགོས་པས་མི་ཚད་པར། ང་ཞེས་འདོགས་པའི་ལུས་སེམས་ཕུང་ཁམས་སྐྱེ་མཆེད་ཀྱི་ཚོགས་པ་འདི་ཡང་བེམ་ཤེས་ཁ་ཁ་རུ་བྲལ་ནས། གཟུགས་ཕུང་འབྱུང་བཞིའི་ཕག་ཏུ་རྡུལ་ཕྲན་དུ་ཞ། སེམས་རྣམ་ཤེས་ཀྱི་རྒྱུན་ཕྲ་མོ་ལས་དབང་དང་འགྲོགས་ནས་འཁྱར་རྒྱུ་ཡིན་པས། འདི་ཡང་ཧ་ཅང་ཐག་རིང་རྒྱང་གི་སྐད་ཆ་མིན་པ་ནི་རང་རེ་འདུ་འབྲལ་འདིས་ཀྱང་མཚོན་པ་ཡིན། རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་ཐ་མལ་རང་ཐང་གི་མི་དང་ཅི་ལ་འདྲ། ཀུན་མཁྱེན་འཇིགས་གླིང་གིས། བསམས་བཞིན་བློ་བདེ་བུ་ལས་སྐྱིད་པ་མེད། །འུ་ཅག་ཉམས་རྩལ་རྫོགས་པའི་ཁྱུང་ཕྲུག་ཡིན། །སྒྱུ་མའི་འདུ་བྱེད་བཏང་བ་དེ་མ་ཐག །གདོད་མ་གཞི་ཡི་ཀློང་དུ་འཕུར་ནས་འགྲོ། །ཞེས་གསུངས་པ་ལྟར་དུ་སྐྱིད་སྡུག་གང་བྱུང་ལམ་ཁྱེར་གྱི་གདམས་པ་མ་ཡེངས་རིག་པའི་གཏན་གྲོགས་དང་འབྲལ་བར་མེད་པས། སྐྱོ་སེམས་འཇིགས་དང་ཉམ་ང་མེད་པའི་ཐོག་ནས་གང་ཤར་རིག་སྟོང་རྗེན་པའི་ངང་དུ་ཅི་སྣང་ལམ་གྱི་བོགས་འདོན་ལ་སྦྱངས་ཚེ་འགྲོ་འདུག་གང་བྱེད་བདེ་བའི་ལམ་དང་བདེ་བའི་གནས་རེད། རྣམ་པ་འགའ་རེ་འདིའི་མཚམས་ནས་རང་ཡུལ་ལ་ཕེབས་མཁན་ཡོད་ན་ཐང་། བྱེས་ཡུན་རིང་པའི་སྐུ་ངལ་ཡང་ལོས་ཡོད། ད་ལོའི་ཁྲིད་ཆེན་གཙོ་བོ་འདི་གེགས་དང་བར་ཆད་མེད་པར་དེ་རིང་ཡོངས་སུ་གྲུབ་པའི་སྐབས་སུ་ཁེལ་བས། འཕྲལ་དུ་ཕེབས་པ་ཚོ་ལ་འདིར་ཡོད་གཉུག་མར་གནས་པའི་ལྷ་མི་ཐམས་ཅད་ཀྱིས་ཕེབས་སྐྱེལ་ཞུ། རྟེན་འདིའམ་ཕྱི་མ་དག་པའི་ཞིང་ཁམས་ནས་མི་འབྲལ་ཚོམ་བུ་གཅིག་ཏུ་འདུས་ཏེ། ཆོས་འདི་ལ་མཉམ་དུ་སྤྱོད་པའི་སྨོན་འདུན་ཡང་ཞུས་པ་ཡིན། ས་ཁ་ཐག་རིང་པོ་ལེ་དབར་བརྒྱ་སྟོང་གི་རི་ཆུ་ལུང་པས་ཆོད་ན་ཡང་། སེམས་ཁ་ཐག་ཉེ་མོ་མཆེད་ལྕམ་སྨོན་ལམ་གཅིག་པའི་རྡོ་རྗེའི་དམ་ཚིག་གིས་འབྲེལ་ཡོད་པ་ཡིན། མདོར་ན་གཞི་བ་བློ་བདེ། བྱེས་པ་བཀྲ་ཤིས། ཀུན་ཀྱང་འབྲེལ་ཚད་དོན་ལྡན་བསྟན་དང་འགྲོ་བའི་གསོས་སྨན་ཆེན་པོར་གྱུར་པའི་ལེགས་སྨོན་དང་བཅས་ཏེ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

སླར་སྨྲས་པ།

ཆོས་དབྱིངས་དྲི་མེད་རིག་པ་ཡེ་ཤེས་མཆོག།

མ་འདྲེས་གསལ་བའི་ཆོས་དབྱིངས་རིན་ཆེན་མཛོད།།

མ་ནོར་བཀྲལ་བའི་ཆོས་སྐུའི་རིང་བསྲེལ་འདི།།

ཆོས་སྤྱན་ལྡན་པའི་མཆོད་སྡོང་རྒྱན་དུ་ཕུལ།།

ཕ་གཅིག་བླ་མ་སངས་རྒྱས་དངོས་བྱོན་དེའི།།

ཞལ་རླངས་དྲོན་མོས་བརྒྱན་པའི་མན་ངག་བཅུད།།

སྒྲར་སྣང་སྒྲར་གྲགས་དོན་ལ་ལེགས་ཉོན་ནས།།

བརྡར་གྱུར་གླེགས་བམ་གཟུགས་སུ་སྣང་བར་བྱས།།

ཕྱི་རབས་སྐལ་བཟང་དད་ལྡན་ཐམས་ཅད་ཀྱིས།།

ཨོ་རྒྱན་རྗེ་དང་དྲི་མེད་འོད་ཀྱི་ཟེར།།

དབྱེར་མེད་གཅིག་འདུས་ཁྱབ་བདག་བླ་མ་ལ།།

གསོལ་བཏབ་ངང་ནས་བསམ་སྒོམ་གྱིས་ཤིག་དང་།།

དགོངས་རྒྱུད་རྟོགས་པའི་བྱིན་རླབས་མྱུར་འཕོ་ནས།།

ཀ་དག་རིག་པའི་ངོ་བོ་ལེགས་རྟོགས་ཏེ།།

ཐོག་མེད་འཁོར་བའི་རྒྱུན་མཐའ་རབ་བསྐམས་ཤིང་།།

ཁམས་གསུམ་འགྲོ་བའི་མགོན་པོར་འགྱུར་བར་ངེས།།

འདིས་མཚོན་རྣམ་དཀར་དགེ་ཚོགས་དཔག་མེད་མཐུས།།

ཁམས་གསུམ་ཡིད་ཅན་སྐྱེ་དགུའི་ཚོགས་རྣམས་ཀྱིས།།

གཞི་སྣང་རིག་པའི་རོལ་རྩལ་ངོ་ཤེས་ནས།།

གཞི་དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག།

དེ་ལྟར་ཟབ་གསང་རྫོགས་པ་ཆེན་པོའི་ཀ་དག་རིག་པའི་གནད་གསང་ཐམས་ཅད་གཏན་ལ་འབེབས་པར་བྱེད་པའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་སྐྱུད་བྱང་འདི་ཉིད། རྗེ་གང་གི་ཞལ་སློབ་ཡོངས་ཀྱི་ཐ་ཤལ་བ་བསྟན་འཛིན་དགྲ་ལྷ་ནས་བོད་རབ་གནས་གསེར་འཕྱང་ཞེས་པ་མེ་མོ་བྱ་ཡི་ལོའི་མགོ་ཟླ་བའི་ཡར་ཚེས་བཅུ་ལ་མཇུག་ཡོངས་སུ་རྫོགས་པར་བགྱིས་པ་དགེའོ།། དགེའོ།། དགེའོ།། །།


previousཉིན་ཉེར་ལྔ་བའི་ཆོས་ཁྲིད། no next