Nitartha Digital Library
Tibetan
 
previousགླེང་གཞི། next

གླེང་གཞི།

འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཅར་འབྱེད་པའི་ལྡེའུ་མིག་གི་ཞལ་ཁྲིད་འོད་གསལ་མཐོང་བ་ཆེན་པོ་ཅེས་བྱ་བ་བཞུགས་སོ།།

བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།

མཁས་བཙུན་བཟང་པོའི་དཔལ་གྱིས་འཇིག་རྟེན་འགེངས།།

འཆད་རྩོད་རྩོམ་པའི་ལས་ཀྱིས་སྙིགས་རྒུད་འཇོམས།།

མཁྱེན་བརྩེ་ནུས་པའི་མཐུ་ཡིས་སྐལ་ལྡན་སྐྱོང་།།

ཁྱབ་བདག་བླ་མས་སྙིང་ལ་བྱིན་རླབས་སྩོལ།།

སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོ་ཡི།།

སྒྱུ་འཕྲུལ་གར་སྒྱུར་དཔལ་སྤྲུལ་སེམས་དཔའ་ཆེའི།།

ལེགས་བཤད་རྨད་བྱུང་ཐོག་མཐའ་བར་དགེ་བ།།

ཁྱབ་བདག་བླ་མས་བཀྲལ་དེའི་ཟིན་ཐུན་སྡེབ།།

ཅེས་ཚིགས་སུ་བཅད་པ་ཉུང་ངུས་མདུན་བསུས་ཏེ་མཚུངས་མེད་འཁོར་ལོའི་མགོན་པོ་སྐྱབས་རྗེ་ཡིད་བཞིན་ནོར་བུ་མཚན་བརྗོད་པ་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་གང་གིས་ཆུ་མོ་སྦྲུལ་གྱི་ལོར་གངས་རྒྱན་གསེར་གྱི་པདྨའི་ལྷ་ཁང་ནས། བདག་ཅག་སྐལ་ལྡན་མཆེད་ལྕམ་ཁྲི་ཕྲག་དུ་མ་ལ་འཛུམ་པའི་ཞལ་བསྟན། བརྩེ་བའི་སྤྱན་གྱིས་གཟིགས་བཞིན་རྡོ་རྗེའི་ཆོས་ཀྱི་སྒྲ་དབྱངས་བསྒྲོགས་པ་ནི་འདི་ལྟར།


previousགླེང་གཞི། next