Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

ད་ཡང་རང་རེ་མཉམ་འཛོམས་ཀྱིས་ཆོས་འཆད་ཉན་བྱ་བ་འདི་ཡང་། དབང་མེད་བར་དོའི་སེམས་ཅན་ཁ་ཤས་ཐེངས་གཅིག་ལ་རིགས་མཐུན་མཉམ་དུ་འཛོམས་ནས། ཐུན་མོང་གིས་སྐྱིད་སྡུག་གི་གྲོས་འགོ་ཞིག་བཤམས་པ་ཡིན། སྲིད་པ་བར་དོའི་གནས་སྐབས་ཀྱི་སེམས་ཅན་དེ་མིང་གཞི་འདུས་པའི་ཡིད་ལུས་ཅན་ཡིན་པས། སྔ་མའི་ལུས་རྟེན་བོར། བེམ་གོག་བྱ་ཁྱིའི་གཟན་ལ་སྟོར་ནས། ཕྱི་མའི་ལུས་རྟེན་མ་རྙེད་པར། བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་དུ་རྣམ་ཤེས་རང་དབང་མི་འདུས་པར་སྐྲག་སྔངས་སྡུག་གསུམ་གྱི་ངང་ནས། ཡི་ཆད་དང་། སྐྱོ་གདུང་། ཉམ་ངའི་སྣང་བ་རྣམས་འཆར། བར་མཚམས་རེ་ལ་ངོ་ཤེས་རེ་དང་ཐུག་ཙམ་བྱེད་ཀྱང་། ལས་ཀྱི་རླུང་གིས་བདས་ཏེ་གར་སོང་མེད་པར་ཁ་འཐོར་དུ་འགྲོ། ལས་ཅུང་ཟད་དག་པ་ཆོས་ཀྱི་བག་ཆགས་ཙམ་རེ་སྔོན་ལ་ཡོད་པ་ཚོས། དེའི་སྐོར་གྱི་གླེང་མོ་རེ་ངོ་ཤེས་རྣམས་དང་ཐུག་ཚེ་བྱེད་པ་ཡིན་ཡང་། འགའ་རེ་དེ་མ་ཐག་ཏུ་རང་དབང་མེད་པར་དམྱལ་བའི་སྣང་བ་ཤར་ཏེ། ལམ་དམར་ནག་འཇིགས་སུ་རུང་བ་ཞིག་མིག་སྔར་ཤར་བ་དེ་བརྒྱུད་ནས་དམྱལ་བའི་དོང་མོ་ཆེའི་ནང་དུ་དྲངས་ཚུལ་ཡོད། རིགས་དྲུག་གི་སྐྱེ་གནས་སོ་སོར་སྐྱེ་བ་ལེན་རན་དུས། མག་མོག་གི་འོད་འདྲ་མིན་དྲུག་ལམ་གྱི་སྣང་བར་འཆར་ཏེ། ལམ་དཀར་པོའི་ནང་དུ་ཕྱིན་ན་ལྷའི་སྣང་བ་འཆར། ལྗང་གུ་ལ་ཕྱིན་ན་ལྷ་མ་ཡིན་གྱི་སྣང་བ་ཤར། ལམ་སེར་པོ་མག་མོག་གི་སྣང་བ་འཆར་ན་མིའི་སྐྱེ་བ་ལེན། ལམ་ནག་པོ་ལ་ཕྱིན་ན་དུད་འགྲོའི་ནང་དུ་སྐྱེ་བ་ལེན། ལམ་ཐལ་སྐྱ་ལ་ཕྱིན་ན་ཡི་དྭགས་ཀྱི་སྣང་བ་འཆར། ལམ་དམར་ནག་ལ་ཕྱིན་ན་དམྱལ་བའི་སྣང་བ་འཆར་བ་ཡིན། དེས་ན་རགས་པའི་ལུས་རྟེན་ཡོད་མེད་ཀྱི་ཁྱད་པར་ཙམ་མ་གཏོགས་རང་ཅག་གི་ད་ལྟའི་སྣང་བ་འདི་ཡང་། ལས་ཀྱི་རྗེས་སུ་འབྲང་ལུགས། སྡུག་བསྔལ་ཁོ་ནས་དུས་འདའ་ལུགས། ཕྱི་མ་གར་འགྲོས་ངེས་པ་མེད་ལུགས་སོགས་ཕྱོགས་མང་པོ་ནས་བར་དོའི་སྣང་བ་དང་འདྲ་བའོ། །དེ་འདྲ་བ་ཡང་ཡིན་དགོས་ཏེ་བར་དོ་བཞི་དང་། བར་དོ་དྲུག་ལ་སོགས་པའི་རྣམ་དབྱེ་བཤད་པའི་ནང་ནས། རང་ཅག་གི་ད་ལྟའི་སྣང་བ་འདི་རང་བཞིན་སྐྱེ་གནས་བར་དོ་ཡིན་པས་སོ། །བར་དོ་ཞེས་པའང་གཞི་མ་འཁྲུལ་ཀ་དག་ཆོས་ཉིད་ལས་གཡོས་ཏེ་འཁྲུལ་བ་ནས། ཕར་ཀ་དག་ཆོས་ཉིད་ཀྱི་ངང་དུ་མ་ཐིམ་གྱི་བར། གཞི་སྣང་འཁྲུལ་བའི་སྣང་བ་དེ་བར་དོ་ཡིན་པ་སྟེ་བར་དོ་མིན་པ་མེད་པས་སོ། །ཐུགས་རྗེ་ཆེན་པོའི་འཆི་ཁའི་ཆོས་བཞིའི་གདམས་ངག་ལས་ཀྱང་། ད་ལྟའི་སྣང་བ་འདི་ལ་སྐྱེ་ཤི་བར་དོ་ཞེས་འགོ་སྐྱེ་བས་བཟུང་བ་ནས་མཇུག་ཤི་བས་བསྡུས་པའི་བར་ལ་ཁྱབ་ཆེ་བའི་མིང་དེ་ལྟར་བཏགས་པའོ། །སྐྱེ་ཤི་བར་དོ་འདི་ལ་རྒོད་ཕྲུག་མ་ཡིས་གསོས་པ་ལྟ་བུའི་གདམས་ངག་ཅེས་པ་ཞིག་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་གསུངས་ཤིང་། རྒོད་ཀྱི་ཕྲུ་གུ་སྒོང་རྒྱ་རལ་མ་ཐག་ཏུ་ཉམ་ཆུང་ཡང་། མ་ཡིས་གསོས་ནས་ལུས་སྟོབས་བསྐྱེད། གཤོག་རྩལ་བསླབ་ནས་གཤོག་རྩལ་འབྱོངས་དུས། ས་གཞིའི་གཡང་ས་ལ་ཉམ་ང་དང་། ལྷུང་དོགས་མེད་པར་མ་མཉམ་བུ་མཉམ་གྱིས་གཤོག་རྩལ་ཆེན་པོས་མཐོ་ནམ་མཁའི་བྱ་ལམ་གོང་མར་སྤྱོད་ཐུབ་པར་འགྱུར་བ་ལྟར་དུ། རང་བཞིན་སྐྱེ་གནས་ཀྱི་བར་དོའམ་སྐྱེ་ཤིའི་བར་དོའི་སྐབས་འདིར། རྒོད་ཕྲུག་མ་ལ་བརྟེན་པ་ལྟར་དུ་དམ་པའི་བཤེས་གཉེན་ལ་བརྟེན་ནས་དམ་ཆོས་རྣམ་དག་ཅིག་འགྲུབ་ན། དབང་མེད་འཁྲུལ་བའི་དབང་དང་ཤུགས་ལ་མི་ཤོར་བར་རང་དབང་གིས་སྡུག་བསྔལ་ཅན་གྱི་འཁོར་བའི་འཁྲུལ་སྣང་ལས་འདའ་ཐུབ་པ་ཡིན། རང་རེ་འཁོར་བའི་སེམས་ཅན་སོ་སོའི་སྐྱེ་བོའི་ས་ལས་མ་འཕགས་པ་ཤ་སྟག་ཡིན་པའི་དབང་དུ་བཏང་ན། སྔར་གྱི་ལས་དང་སྨོན་ལམ་མཐུན་པ་ཞིག་སྟོབས་སུ་བདོ། དུས་ལ་བབ་ནས། ཡུད་ཙམ་ཡུད་ཙམ་ལྟ་བུའི་ཞག་མ་གསུམ་བཞིའི་ཚེ་རུ་རང་རེ་མཉམ་པོར་འཚོགས་ཏེ་ཆོས་ཁྲིད་བཤད་ཅིང་ཕྱི་མའི་བདེ་སྡུག་གི་གྲོས་གླེང་རེ་བྱེད་རྒྱུ་འདི། ཆོས་དུང་བོས་པའི་དམིགས་ཡུལ་ཡིན། འོད་དཔག་མེད་པའི་དཀྱིལ་འཁོར་ཞལ་ཕྱེས་ནས། བདེ་ཆེན་ཞིང་སྒྲུབ་འཚོགས་རྒྱུ་འདི་ཡང་། རང་གཞན་འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཏེ། གཏན་བདེའི་རྫོགས་བྱང་ཐོབ་པའི་ཆེད་དུ་འཚོགས་པ་ཡིན། ཁ་སང་བཤད་པ་ལྟར་དུ་སེམས་ཀྱི་བདེ་བ་ནི་བདེ་བ་ཐམས་ཅད་ཀྱི་མཆོག་ཡིན་ཞིང་། སེམས་ཀྱི་བདེ་བ་རྙེད་དགོས་ན་དམ་པའི་ཆོས་ལས་མ་གཏོགས་ཕྱིའི་དངོས་པོའི་འབྱོར་བས་རྙེད་མི་ཐུབ་པ་ནི། རང་རེ་བོད་ཀྱི་ས་ཆ་ལ་བསམ་བློ་བཏང་ན། གུ་ཡངས་སྤར་ཁ་དམ་ལྷོད་ཐོབ་ནས་མི་ལོ་ཉི་ཤུ་སུམ་ཅུ་ཙམ་ཡིན་མོད། དེ་ཚུན་ཆད་ལ་བརྒྱུགས་ནས་ཕྱིའི་མཐུན་རྐྱེན་བསྒྲུབས་ཚུལ་བྱས་པས་མ་ཚད། འཛམ་གླིང་གི་ཡུལ་གྲུ་འགའ་རེས་མི་ལོ་བརྒྱ་ཚོ་མང་པོའི་རིང་དངོས་པོ་ཡར་རྒྱས་ཀྱི་འབད་པ་བྱས་ནས་ཡང་རྩེའི་མཐོ་སར་ཕྱིན་ཡོད་ཀྱང་། ནང་སེམས་ཀྱི་བདེ་བ་ཐོབ་པ་ལ་ཕན་ཐོགས་མེད་པའི་ཐོག་ཏུ་མི་བདེ་བ་ཇེ་ཐུར་གྱུར་ནས། སེམས་ཁམས་མི་བདེ་བའི་ནད་ཀྱིས་མནར་མཁན་ཇེ་མང་ཡིན་པ་སོགས་མཐོང་ཆོས་མངོན་གྱུར་ལ་རིག་ཏུ་ཡོད། འཛམ་གླིང་ཡུལ་གྲུ་སོ་སོའི་ལོ་ཆུང་གཞོན་ནུའི་རིགས། དེང་རབ་ཀྱི་ཤེས་ཡོན་ཅན་མང་པོས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལ་ཁ་ཕྱོགས་པ་ནི། བདེ་བ་ཕྱི་ནས་མི་རྙེད་པར་བོད་ཀྱི་ས་ཆ་འདི་ནས་སྣུམ་ཐིག་ཅིག་རྙེད་རྒྱུའི་ཁུངས་སྣེ་རིག་ནས། མགོ་སེར་ནག་ལ་མ་ལྟོས་པའི་འཛམ་གླིང་ཤར་ནུབ་ཀྱི་མི་མང་པོ་ཞིག་གིས་བོད་ཀྱི་བླ་མ་བཙལ་ནས་བསྟེན་པའི་རྒྱུ་མཚན་དེ་ཡིན་གྱི། མཐའ་མི་འདི་དག་མཐོ་སྒང་གི་གདོད་མའི་རང་གཤིས་མངའ་བའི་རྒྱུད་དྲང་ཅན་གྱི་བོད་མི་ལས། ལོག་པའི་རྣམ་རིག་དགུ་འགྱུར་གྱིས་བཀྲ་བས། ཁོང་ཅག་གཅེས་བཞིན་མེད་ན་ང་རང་ཚོ་གཅེས་ནས། ང་ཚོའི་དོན་དུ་དཀའ་ལས་བརྒྱབ་ནས་འོང་དཀའ་བ་ནི་བྱ་ཁྭ་ཏས་ཤ་ལ་ལྟའམ་སྒྲོ་ལ་ལྟ་ཟེར་བའི་དཔེ་ལས་མ་འདས། ཁོང་ཚོས་རང་གི་ཁེ་ཕན་ཞིག་རིག་གིན་ཡོད་པས་ཡིན། དེས་ན་དཀའ་ཚེགས་ཅན་གྱི་ཚེ་འདིའི་དོན་ཆུང་། སྡུག་སྡིག་པ་གཉིས་དང་མ་སྦགས་ན་མི་འགྲུབ་རྒྱུ་དེ་དག་བསྐྱུར་ནས། དོན་ཆེན་རང་གཞན་གཉིས་ཀ་ལ་ཕན་ཐོགས་ཆེ་བའི་དམ་ཆོས། མི་རིགས་གཞན་གྱི་སྐད་དང་ཡི་གེ་བརྒྱུད་ནས། ཨེ་ལོན་ཨེ་ཤེས་ལྟ་མི་དགོས་པར་རང་མི་རིགས་ཀྱི་མེས་པོ་གོང་མ་བཀའ་དྲིན་ཅན་ཚོས། སྐུ་ངལ་བརྒྱ་ཕྲག་གིས་མ་ཚད་སྐུ་སྲོག་དང་བསྡོས་ནས། གསོག་ཉར་བྱས་ནས་བཞག་མཛད་པའི་ནོར་བུའི་ནང་གི་ནོར་མཆོག རིན་ཐང་གཞལ་དུ་མེད་པ། བརྒྱུད་པ་མ་ཆད་གཅིག་ནས་གཅིག་ལ་བརྒྱུད་ནས། ཕ་ནོར་བུ་སྐལ་དུ་བཞག་པ་འདི་ཉམས་སུ་མ་བླངས་ན། སྨྱོན་པའི་ནང་གི་སྨྱོན་པ། གཟའ་རོའི་ནང་གི་གཟའ་གོག གླེན་པའི་ནང་གི་གླེན་པ། ཤེས་རྨོངས་བླུན་པོ་ཡིན་པའི་རྟགས་སྟོན་བཞིན་ཡོད་པའོ། །འདི་ལྟར་འདང་བརྒྱབ། བསམ་བློ་བཏང་ན། རང་རེ་མི་འདི་མ་ཆགས་གོང་ནས་ས་འདི་ཆགས། ས་འདི་ཆགས་ནས་ས་སྟེང་མི་རྗེས་ཀྱིས་བཀང་། མི་སྐྱེས་ཚད་གཅིག་ཀྱང་ཤི་མེད་ན། ས་ཐོག་ཏུ་ཤོང་བ་མིན་རྒྱུའི་མི་མང་པོ་ཞིག་བྱུང་མྱངས་ཡོད། དེའི་ནང་ན་ཚེ་འདིའི་འདུག་ཚིས་སྒྲུབ་མཁས་པ། མངའ་ཐང་འབྱོར་བ་ཡོད་པ། སྟོབས་དང་གཟི་བརྗིད་རྒྱས་པ། རང་རེ་དུས་བསྐལ་པ་ངན་པའི་མི་ལས་ཆེས་ལྷག་པ་མང་པོ་ཞིག ཚེ་གཅིག་བསགས་པའི་ནོར་རྫས་ཁྱེར་དབང་མ་གཏད། གཅེས་པའི་ཕ་མ་སྤུན་སྲིང་དང་འགྲོགས་ལོང་མ་བྱུང་ནས། ཚེ་འདིའི་འདོད་ཡོན་གྱིས་མ་འཚེངས་བཞིན་དུ། དབང་མེད་གཤིན་རྗེའི་ཞགས་ཁ་ནས་གཟུར་རྒྱུ་མ་ལོན་ནས། མི་འདོད་བཞིན་དུ་ཤི་མིག་གསོན་ལ་བལྟས། མི་བོར་བས་མ་ཚད། མིང་ཡང་བོར་ནས། ལས་དཀར་ནག་གཉིས་ཀྱི་ཁུར་བོ་གཞན་དང་མ་མཚུངས་པ་ཞིག་ཁུར་ནས་སོང་བ་ཤ་སྟག་ཡིན། རང་ཅག་ད་ལྟའི་མི་ཡིས་ཀྱང་དེ་དང་དེ་བཞིན་དུ། ཆོས་གཏན་ནས་མ་གོ་བ་མིན་པར་ཅུང་ཟད་གོ་ཡང་། གནད་ཇི་བཞིན་མ་རིག རྒྱུ་འབྲས་ཀྱི་འགྲོ་སྟངས་ངོ་མ་དེ་ངོས་མ་ཟིན་པས་དགེ་སྡིག་འཆོལ་ཉོག་ཏུ་སྤྱད། མི་རྟག་པའི་ངེས་ཤེས་གདེང་ནས་མེད་པས་ཤི་སྣང་ཞེ་ལ་མ་ཤར། འཁོར་བའི་སྡུག་བསྔལ་སྡུག་བསྔལ་ཡིན་པར་མ་ཤེས་ནས་བདེ་སྡུག་གོ་ནོར། དེར་ཞེན་ཅིང་ཆགས་ནས་དལ་འབྱོར་སྟོང་ལོག་བྱེད་པར་ཉེ་རུ་ཡོད་པ་ཡིན། ཆོས་སྒྲུབ་དགོས་ཀྱང་ད་རུང་མིན། དང་པོ་གནད་འདི་དང་དེ་ཡིས་ཆེ་འདུག སྔོན་དུ་འདི་དག་ལས་ནས་གྲུབ་རྗེས་དེ་ནས་ཡིན་བསམ་ནས། ལོ་ཟླ་རྡོག་མ་ཁ་ཤས་དེ། ཉིན་ཡར་ལངས་ནས་མི་ཁོམ་པས་གཅིག་ཟད། མཚན་མར་ཉལ་ཏེ་གཏི་མུག་གཉིད་ཞབས་ནས་གཅིག་ཟད། ཉིན་མཚན་ལྟེབ་བསྣོལ་གྱིས་མི་ཚེ་འདོམ་ལ་གཞལ་དུས། ཆོས་སྒྲུབ་པའི་དུས་ཚོད་ལྷག་མ་ཞིག་གང་ན་ཡོད་དེ། ལས་མཇུག་མ་རྫོགས་གོང་ནས་ཕྱི་ལྟས་མེད་པའི་ས་ཕྱོགས་སུ་རང་ཤུགས་ཀྱིས་འགྲོ་བར་བྱེད་ནས་མི་འགྲོ་ཐབས་མེད་ལ་ཐུག་པ་ཡིན། དེ་རང་རེའི་སྔུན་ལ་ཡོད་པའི་རྒྱ་ལམ་ཡིན། དཔལ་སྤྲུལ་རིན་པོ་ཆེས། སྲིད་པའི་བདེ་འབྱོར་གཡོ་བའི་ཟློས་གར་མཁན། །འདི་གཅིག་ཁོ་ནས་སྔར་ཡང་འགྲོ་རྣམས་བསླུས། །ཚེ་གང་འགྲོགས་ཤིང་འཆི་བའི་ཕྱི་ལམ་དུ། །ཞུགས་པའི་ཚེ་ན་བདག་ཉིད་གཅིག་པུར་མཐོང་། །ཞེས་གསུངས་པ་འདི་ལུང་བསྟན་ཞིག་སྟེ་ལུང་བསྟན་འདི་ང་ལ་གསུངས་པ་ཡིན་འདུག་སྙམ་པའི་ཐོག་ཏུ་བརྒྱབ་སྟེ། ད་གཟོད་མི་ཚེའི་འགྲོ་ལམ་རིང་མོའི་སྔོན་སོང་གི་རྐང་རྗེས་ལག་རྗེས་ལ་གཅིག་བལྟས་ཚེ། འགྱོད་པ་རང་གིས་ཉོས་པ་ལྟ་བུའི་འགྱོད་གདུང་གིས་མནར་རུང་། དེ་དུས་ཐབས་མེད་ལས་མེད་ཡིན་པའི་ཚུལ་ལ་ཁོག་བརྩིས་ད་ནས་ཕོག་དགོས་པ་ནི། སྐྱེས་ཕོ་རབ་ཕོ་འབྲིང་ཕོ་མཐའ་གསུམ། །དྲན་སྔ་ཕྱི་མ་གཏོགས་འདྲ་འདྲ་ཡིན། །ཟེར་བས། བློ་ཡག་པ་སྔོན་ནས་དྲན་ན་མཁས་པ་ཡིན། ལས་འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན་པའི་ཚུལ་དེ་ལྟར་རང་ཉམས་དང་བསྟུན་པའི་ལག་ལེན་དངོས་ཀྱི་འདྲ་འབག་སྔོན་དུ་བཏང་བ་དང་ཆབས་ཅིག་ཏུ། གང་འཆད་ཉན་བྱ་བ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་ཐོག་མཐའ་བར་དགེའི་གཏམ་གྱི་ཆོས་ཚན་འདི་ཉིད་བློ་སྦྱོང་སྔོན་འགྲོ་ལྟར་དུ་གཙོ་བོར་བྱས་ཏེ་བཀྲལ་བ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་སྦྲེལ་བ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་གསུང་མཆོག་ཡི་གེ་དྲུག་མ་བཟླས་པའི་ཕན་ཡོན་དང་འབྲེལ་བ་སྟེ་སྤྱི་ཆིངས་གསུམ་གྱིས་བཤད་པ་ལས། དང་པོ་ཀླད་ཀྱི་དོན་སོང་ཞིང་། གཞུང་དོན་ལས་ཀྱང་དངོས་གཞིའི་ལྟ་སྒོམ་གྱི་སྐོར་ནས་འགའ་ཞིག་སོང་ནས།

གསུམ་པ་ལྟ་སྒོམ་གྱི་གནད་མཐའ་དག་གསུང་མཆོག་ཡི་གེ་དྲུག་མར་བསྡུས་ཏེ་བསྟན་པ།

གསུམ་པ་ལྟ་སྒོམ་གྱི་གནད་མཐའ་དག་གསུང་མཆོག་ཡི་གེ་དྲུག་མར་བསྡུས་ཏེ་བསྟན་པ་ལ། སྤྱིར་མདོར་བསྟན་པ་དང་། བྱེ་བྲག་རྒྱས་པར་བཤད་པ་གཉིས་སོ། །དང་པོ་ལ་གཉིས། རེ་ས་ཁྱེད་ལས་མེད་པའི་ཚུལ་བསྟན་པ། ཕན་ངེས་ཡིག་དྲུག་བགྲང་བའི་དུས་ལ་བབ་ཚུལ་བསྟན་པའོ།།

དང་པོར་རེ་ས་ཁྱེད་ལས་མེད་པའི་ཚུལ་བསྟན་པ།

དང་པོར་རེ་ས་ཁྱེད་ལས་མེད་པའི་ཚུལ་བསྟན་པ་ནི།

ཀྱེ་མ་བདག་གི་མགོན་གཅིག་ཐུགས་རྗེའི་གཏེར།།

རྩ་བའི་བླ་མ་མགོན་པོ་སྤྱན་རས་གཟིགས།།

གསུང་གི་སྙིང་པོ་དམ་ཆོས་ཡི་གེ་དྲུག།

ད་ནི་རེ་ས་ཁྱེད་ལས་མི་འདུག་གོ།

ཞེས་གསུངས་ཏེ། ཀྱེ་མ་ཞེས་ཉམ་ཐག་ང་རོའི་འབོད་པའི་ཚིག་གིས་སྣ་དྲངས་ཏེ། བདག་ལས་ངན་ཉམ་ཐག་གི་འགྲོ་བ། སྔར་བསགས་བསོད་ནམས་ཀྱི་ས་བོན་མེད་པས། ད་ལྟར་སྡུག་བསྔལ་ཅན་འཁོར་བའི་གནས་འདིར་ཚུད། ད་ལྟར་རྣམ་དཀར་གྱི་དགེ་ལས་མ་བསྒྲུབས་པས། ཕྱི་མ་ངན་སོང་གི་གནས་ལས་ཐར་ཐབས་མེད་པ། སྔར་འཁྲུལ་འཁྲུལ་བའི་ཡ་མཐའ་རིག་རྒྱུ་མེད་པའི་ཐོག་ཏུ། ད་འཁྲུལ་འཁྲུལ་བའི་ཕྱི་མཐའ་མངོན་ཐབས་མེད་པའི་འདི་ལྟར་བཙན་ཁང་ལྕགས་མཁར་སྒོ་མེད་ཀྱི་ནང་དུ་བཙུད་པའམ། བུང་བ་བུམ་ནང་དུ་བཅུག་པ་ལྟ་བུའི་འཁོར་གནས་འགྲོ་བ་རིགས་དྲུག དེ་ལས་ཀྱང་མང་ཆེ་ས། ཡུན་རིང་ས་རུ་ངན་སོང་ངན་འགྲོའི་གནས། མུ་མཐའ་མེད་པར་འཁྱམས་དང་འཁྱམ་འགྱུར་གྱི་ལས་ངན་གྱི་སེམས་ཅན་བདག་གིས། འབོད་སའི་མགོན་ནམ་སྐྱབས་སུ་གྱུར་པ་ཉག་གཅིག་ཁྱེད་ལས་མེད་པས། རྒྱལ་ཀུན་སྙིང་རྗེའི་རང་གཟུགས། ལྷག་པའི་ལྷ་མཆོག་ཏུ་ཤར་པའི་ཐུགས་རྗེའི་གཏེར་ཆེན། རྩ་བའི་བླ་མ་སྟེ། སྤྱིར་བླ་མ་ལ་དབྱེ་བ་མང་ཞིང་། བླ་མ་ཟེར་ཚད་བླ་མ་མིན་པར་གོང་དུ་ཤིང་ཏོག་ཨ་མྲའི་འབྲས་བུ་ལ་སྨིན་མ་སྨིན་གྱི་མུ་བཞིར་ཕྱེས་ནས་གསུངས་པ་ལྟར་དུ། མིང་གི་བླ་མ། དོན་གྱི་བླ་མ། མིང་དོན་གཉིས་ཀྱི་བླ་མ། མིང་དོན་གཉིས་མིན་གྱི་བླ་མ་སྟེ་བཞིར་ཕྱེ་རྒྱུ་ཡོད་ཀྱང་། སྤང་བླང་གི་ཕྱོགས་གཉིས་སུ་ཕྱེས་ནས་བཤད་ན། སྤང་བྱའི་བླ་མ་ལ་མེ་ལྟ་བུའི་བླ་མ། ཁྱི་འབྲིད་པ་ལྟ་བུའི་བླ་མ། ཚོང་པ་ལྟ་བུའི་བླ་མ་དང་གསུམ་བཤད་པ་ལས། དང་པོ་མེ་ལྟ་བུའི་བླ་མ་ཉོན་མོངས་པ་དུག་གསུམ་ཤས་ཆེ་བ་དང་ཉེ་ན་མེ་ལ་རེག་ཚེ་ཚིག་པ་བཞིན་དུ་རང་ཉིད་ཉམས་ཤིང་རྒུད་པ་བྱེད། ཁྱི་འབྲིད་པ་ལྟ་བུའི་བླ་མ་ནི་ཟས་ནོར་ལ་འདོད་པ་ཆེ་ཞིང་། མགུ་ཐབས། འཚེང་ཐབས་དཀའ་བའོ། །ཚོང་པ་ལྟ་བུའི་བླ་མ་ནི་རྒྱུ་ཟས་ཡོན་འབུལ་གྱི་ཁེ་ཐོབ་ལ་ལྟ་བས་དེ་དག་སྤང་བྱའི་བླ་མའོ། །དང་དུ་བླང་བྱའི་བླ་མ་ལ་ཕ་ལྟ་བུའི་བླ་མ། མ་ལྟ་བུའི་བླ་མ། རིན་པོ་ཆེ་ལྟ་བུའི་བླ་མ་དང་གསུམ་ལས། ཕ་ལྟ་བུའི་བླ་མ་ནི། གདམས་ཟབ་གནང་རྒྱུ་ཡོད་པ། དམ་པའི་ཆོས་ལ་མཁས་པ། བཀའ་ཡངས་ཤིང་ཐུགས་དཀྱེལ་ཆེ་བའོ། །མ་ལྟ་བུའི་བླ་མ་ནི། བསྟེན་ན་ཐུགས་ལ་འདོགས་པའམ་རྗེས་སུ་གཟུང་བ། སྙིང་རྗེའི་བརྩེ་བ་ཅན། བྱམས་པ་དང་ནམ་ཡང་མི་འབྲལ་བའོ། །རིན་པོ་ཆེ་ལྟ་བུའི་བླ་མ་ནི། བྱིན་རླབས་ལྡན་པ། འགྲོ་དོན་ཆེ་བ། གྲུབ་པ་ཐོབ་པ་ཡིན་པས་དེ་ལྟ་བུའི་བླ་མ་དེ་གསུམ་ནི་དུས་ཐ་མའི་སྐབས་འདི་ལྟ་བུ་ལ་དཀོན་པ་ཡིན་གྱི། གལ་ཏེ་རྙེད་ན་དང་དུ་བླངས་ཏེ་བསྟེན་དགོས་སོ། །དེ་ཡང་དབང་བསྐུར། གདམས་ངག་གཏད། སྒྲུབ་ལུང་ཕོག ཁྱད་པར་དུ་རང་སེམས་སངས་རྒྱས་སུ་ངོ་སྤྲོད་མཁན་ནི། ཡན་ལག་གི་བླ་མ་མིན་པར་རྩ་བའི་བླ་མ་ཡིན་པས། དེ་ལྟ་བུའི་རྩ་བའི་བླ་མ་དང་གཉིས་སུ་དབྱེར་མ་མཆིས་པའི་མགོན་པོ་སྤྱན་རས་གཟིགས་ཞེས་གསུངས་དུས། སྤྱན་རས་གཟིགས་ཞེས་པའི་ཚིག་གི་ངེས་ཚིག་འགྲེལ་ན། གང་ལ་གཟིགས་པའི་ཡུལ་དྲུག གང་གིས་གཟིགས་པའི་སྤྱན་དྲུག ཇི་ལྟར་གཟིགས་པའི་ཚུལ་དྲུག ཐུགས་རྗེ་དྲུག ཆེ་བ་དྲུག་བཅས་བཤད་རྒྱུ་ཡོད་པས། གང་ལ་གཟིགས་པའི་ཡུལ་དྲུག་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དོ། །གང་གིས་གཟིགས་པའི་སྤྱན་དྲུག་ནི། ཤའི་སྤྱན། ལྷའི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན། ཐུགས་རྗེའི་སྤྱན་ལ་སོགས་པའོ། །ཇི་ལྟར་གཟིགས་པའི་ཚུལ་དྲུག་ནི། ཐུགས་རྗེ་མཉམ་པ་རིས་མེད་ཀྱིས་སེམས་ཅན་སྤྱི་དང་། ཁྱད་པར་དུ་བོད་ཁ་བ་ཅན་གྱི་ཞིང་ཁམས་ལ་ལྷག་པར་གཟིགས་། སྟོང་དང་སྙིང་རྗེ་དབྱེར་མེད་ཀྱིས་ཟུང་འཇུག་གི་ཚུལ་ལ་གཟིགས། གདུལ་བྱ་དག་དང་མ་དག་གི་སེམས་ཅན་ལ་སྣ་ཚོགས་ཐབས་ཀྱིས་གཟིགས། གསོལ་བ་འདེབས་པའི་གང་ཟག་ལ་བྱིན་གྱིས་རློབ་ཅིང་མྱུར་དུ་གཟིགས། སྙིང་པོ་ཡི་གེ་དྲུག་པ་ཟློས་པ་ལ་བུ་གཅིག་པ་ལ་མས་འབོད་པ་ལྟར་ཐུགས་བརྩེ་བ་ཆེན་པོས་སྐད་ཅིག་ལ་གཟིགས་སོ། །ཐུགས་རྗེ་དྲུག་ལ། སྐུས་འདུལ་བའི་ལྷ་དྲུག གསུང་གིས་འདུལ་བའི་སྔགས་དྲུག ཐུགས་ཀྱིས་འདུལ་བའི་དགོངས་པ་དྲུག་གིས་སེམས་ཅན་ལ་ཐུགས་རྗེས་གཟིགས་པའོ། །སྐུས་འདུལ་བའི་ལྷ་དྲུག་ལ། སྤྱན་རས་གཟིགས། སྣང་བ་མཐའ་ཡས། རྟ་མགྲིན། སྒྲོལ་མ། ལྷ་མོ་ཁྲོ་གཉེར་ཅན། དོན་ཡོད་ཞགས་པ་དང་དྲུག་གོ །གསུང་གིས་འདུལ་བའི་སྔགས་དྲུག་ལ། ཨཱོྂ་ལྷའི་ཐུབ་པས་ལྷ་འདུལ། མ་ལྷ་མ་ཡིན་གྱི་ཐུབ་པས་ལྷ་མ་ཡིན་འདུལ། ཎི་མིའི་ཐུབ་པས་མི་འདུལ། པད་བྱོལ་སོང་གི་ཐུབ་པས་བྱོལ་སོང་འདུལ། མེ་ཡི་དྭགས་ཀྱི་ཐུབ་པས་ཡི་དྭགས་འདུལ། ཧཱུྃ་དམྱལ་བའི་ཐུབ་པས་དམྱལ་བ་འདུལ་བའི་སྔགས་དང་དྲུག་གོ །ཐུགས་ཀྱིས་འདུལ་བའི་དགོངས་པ་དྲུག་ནི། ཆོས་ཉིད་རང་དོན་དང་འབྲེལ། ཐུགས་རྗེ་གཞན་དོན་དང་འབྲེལ། ལྟ་བ་ཕྱོགས་བྲལ་དང་འབྲེལ། སྒོམ་པ་ཏིང་འཛིན་དང་འབྲེལ། སྤྱོད་པ་ངེས་མེད་དང་འབྲེལ། འབྲས་བུ་དམིགས་མེད་དང་འབྲེལ་བ་རྣམས་སོ། །ཆེ་བ་དྲུག་ནི། དགོངས་པ་མཁའ་ལྟར་ཡེ་གནས་ཀྱི་ཆེ་བ། ཐུགས་རྗེ་ཉེ་རིང་དང་ཕྱོགས་རིས་མེད་པས་སྤང་ལེན་བྲལ་བའི་ཆེ་བ། སྤྲུལ་བ་སྣ་ཚོགས་སུ་བསྟན་ནས་ཅིར་ཡང་སྣང་དུ་རུང་བས་གར་ཡང་མཐུན་པའི་ཆེ་བ། མ་བྱམས་བུ་ལ་བརྩེ་བ་ལྟ་བུའི་བསླུ་བ་མེད་པའི་ཆེ་བ། རིགས་དྲུག་གང་ལ་གང་འདོད་དུ་སྣང་བས་འདོད་འབྱུང་ནོར་བུ་ལྟ་བུའི་མཐུན་སྣང་གྲུབ་པའི་ཆེ་བ། ཐུགས་རྗེ་རྒྱ་མཚོ་ལྟར་དུ་ཟབ་པ་ཡིན་པས་གཏིང་མཐའ་མེད་པའི་ཆེ་བ་དང་རྣམ་པ་དྲུག་གོ །དེ་དག་ལ་སོགས་པ་ཆེ་བའི་ཡོན་ཏན་གྱི་མཐའ་མེད་དོ། །སྤྱན་རས་གཟིགས་ཀྱི་ཡོན་ཏན་བཤད་དགོས་ན། རྒྱལ་བའི་ལྗགས་ཀྱང་རྡུགས། གསུངས་པ་ལྟ་བུ་ཡིན་ཞིང་། རྒྱལ་བའི་ལྗགས་ལ་གསུང་རྒྱུ་མེད་པས་མིན་ཡང་། སེམས་ཅན་གྱི་བློས་དཔོག་པའི་སྒྲ་ཚིག་གིས་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པས། སེམས་ཅན་གྱི་སྒྲ་ཚིག་གི་ཐོག་ནས་གསུངས་རྒྱུ་མེད་པའོ། །དེ་ལྟ་བུའི་སྤྱིར་རིགས་དྲུག་འགྲོ་བའི་མགོན་པོ། སྒོས་གངས་ཅན་བོད་ཀྱི་མགོན་ནམ་ལྷ་སྐལ་ཡིན་པས་མགོན་པོ་སྤྱན་རས་གཟིགས། གསུང་གི་སྙིང་པོ་དམ་ཆོས་ཡི་གེ་དྲུག་མ་གོང་ནས་གསུང་གིས་འདུལ་བའི་སྔགས་དྲུག་གི་སྐབས་ནས་བཤད་པ་ཡིན་ཡང་། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ་གསུང་མཆོག་ཡི་གེ་དྲུག་མ་ཨཱོྂ་མ་ཎི་པདྨེ་ཧཱུྃ་ཞེས་པའི་ནང་དུ་འདུས་པ་ཡིན་ནོ། །ཨཱོྂ་ཡེ་ཤེས་ལྔ་ལྡན་ཡིན་པས། མ་ཎི་རྡོ་ལ་རྐོ་བའམ་ས་ལ་འབྲི་སྐབས་སུ་ཨཱོྂ་ལ་འ་ཆུང་ངེས་པར་དགོས། བརྡ་སྤྲོད་ཅུང་ཙམ་ཤེས་ཟེར་མཁན་འགའ་རེས་མི་དགོས་ཟེར་སྲིད་རུང་། ཁོ་རང་ཐོས་རྒྱ་ཆུང་བས་ཡིན། ཨཱོྂ་ལ་འ་ཆུང་ཅིའི་ཕྱིར་དགོས་ཤེ་ན། ཨཱོྂ་ཡེ་ཤེས་ལྔ་མཚོན་བྱེད་ཀྱི་ཡི་གེ་ཡིན་པས། ཨ་ཁོག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས། ཟླ་ཚེས་མཉམ་པ་ཉིད་ཀྱི་ཡེ་ཤེས། ན་རོ་སོ་སོར་རྟོགས་པའི་ཡེ་ཤེས། ནཱ་ད་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པས། ཨཱོྂ་གྱིས་ཡེ་ཤེས་ལྔ་དེ་ལྟར་མཚོན་པའོ། །མ་ཐུགས་རྗེ་ཀུན་ཁྱབ། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཀུན་ལ་སྙོམས་པས་མ་བཞིན་དུ་བརྩེ་བར་མཛད་པའོ། །ཎི་འཁོར་བ་རང་ལོག ཎི་ལོག་གི་ཡི་གེ་འདི། ཐུགས་རྗེ་ཆེན་པོས་འཁོར་བ་ན་གནས་ནས་འཁོར་བའི་སེམས་ཅན་གྱི་དོན་མཛད་ཀྱང་། འཁོར་བའི་སྐྱོན་གྱིས་མ་གོས་པར་འཁོར་བའི་སེམས་ཅན་འཁོར་བའི་གནས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འདྲེན་པའོ། །པད་ཐབས་ཤེས་འབྲེལ་བའི་ཡི་གེ་སྟེ། པ་ཐབས་ཀྱི་ཞགས་པས་འཁོར་བ་ཐུགས་རྗེས་འཛིན་ལ། ད་ཤེས་རབ་སྟོང་བའི་མཚོན་གྱིས་རྣམ་རྟོག་གི་དྲ་བ་བཅད་ནས་འཁོར་བའི་གནས་སྟོང་བར་བྱེད་པའོ། །མེ་ཡེ་ཤེས་རང་གསལ། ཡེ་ཤེས་ཀྱི་མེ་རང་གསལ་རང་བྱུང་དུ་ཤར་བས། འཁོར་བའི་མ་རིག་པའི་མུན་པ་སེལ་བ་དང་ཆབས་ཅིག་ཏུ་རྣམ་པར་རྟོག་པའི་བུད་ཤིང་སྲེག་པར་བྱེད་པའོ། །ཧཱུྃ་རྡོ་རྗེ་ལྟ་བུ་མི་འགྱུར་པའི་ཡི་གེ་སྟེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཆེན་པོ་མཚོན་བྱེད། ཐུགས་རྗེ་ཆེན་པོའི་ཐུགས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རྡོ་རྗེ་དེ་སྙིང་རྗེའི་བརྩེ་བ་ཆེན་པོ་དང་སྟོང་བར་དབྱེར་མེད་པས་རྟག་ཏུ་སེམས་ཅན་གྱི་དོན་མཛད་པ་ལས་མི་འགྱུར་བར་གནས་པའོ། །དེ་ལྟ་བུའི་གསུང་གི་སྙིང་པོ་དམ་ཆོས་ཡི་གེ་དྲུག་མ་སྟེ། ཉམ་ཐག་འགྲོ་བ་བདག་གི་མགོན་གཅིག་འཕགས་པ་སྤྱན་རས་གཟིགས་དང་། གསུང་གི་སྙིང་པོ་དམ་ཆོས་ཡི་གེ་དྲུག་མ་ཞེས་གདུང་བའི་ང་རོས་བོས་ཏེ། ད་ནི་རེ་ས་སྐྱབས་གནས་ཁྱེད་ལས་མི་འདུག་གོ །ཞེས་སྐྱབས་སུ་མཆི་བའི་སྨྲ་ངག་བཏོན་པའོ། །གསོན་འཇིག་རྟེན་གྱི་ཁམས་ན་ཡོད་དུས་ཕ་མ་གཉེན་བཤེས་བུ་ཚ་སྡེ་ཤོག་ཡོད་ཅིང་། དེ་ཐམས་ཅད་ཀྱང་ཉམ་ཆུང་། འཁོར་བའི་སྡུག་བསྔལ་གྱིས་མནར་བཞིན་ཡོད་པ། གཅིག་ལས་གཅིག་གིས་སྡུག་པ། གཅིག་ལས་གཅིག་གིས་རང་དབང་མེད་པ། གཅིག་ལས་གཅིག་གིས་ཉམ་ཆུང་བ་ཤ་སྟག་ཡིན་པས། རི་དང་མཚོ་ལ་གནས་པའི་ཡུལ་ལྷ་གཞི་བདག་ལ་མཆོད་པར་བྱེད་ཀྱང་། དེ་ཐམས་ཅད་ཀྱང་རང་ཉིད་འཁོར་བའི་གནས་ལས་མ་ཐར་བས་གཞན་ཇི་ལྟར་སྐྱོབ་ཐུབ་སྟེ་སྐྱོབ་མི་ནུས་པ་དེས་ན་སྐྱབས་གཅིག་རྩ་བའི་བླ་མ་དང་དབྱེར་མེད་མགོན་པོ་སྤྱན་རས་གཟིགས་ལ་མགོན་སྐྱབས་ཞུས་པའོ། །དེ་ཡིས་རེ་ས་ཁྱེད་ལས་མེད་པའི་ཚུལ་བསྟན་ནས།

གཉིས་པ་ཕན་ངེས་ཡིག་དྲུག་བགྲང་བའི་དུས་ལ་བབ་ཚུལ་བསྟན་པ།

གཉིས་པ་ཕན་ངེས་ཡིག་དྲུག་བགྲང་བའི་དུས་ལ་བབ་ཚུལ་བསྟན་པ་ནི།

ཤེས་ཚད་གོ་བར་ལུས་ནས་ད་མ་ཕན།།

བྱས་ཚད་ཚེ་འདིར་ཤོར་ནས་ད་མ་ཕན།།

བསམ་ཚད་འཁྲུལ་པར་སོང་ནས་ད་མ་ཕན།།

ཕན་ངེས་ཡིག་དྲུག་བགྲང་བའི་དུས་ལ་བབ།།

ཅེས་གསུངས་ཏེ། ས་གངས་ལྡན་བོད་ཀྱི་ས་ཆ། ཆོས་ས་ཆོས་ཡུལ་དུ་སྐྱེས་པས་ཆོས་མ་གོ་ཞེས་རུང་གོ་ཞིང་། གཞུང་པོ་ཏིའི་རྩིག་པ་རི་ལྟ་བུ་ཡོད་པ་རྣམས་བལྟ་ཤེས་ན་ཐམས་ཅད་གདམས་ངག་ཁོ་ན་ཡིན་ལ། ཆོས་འཆད་ཉན་གྱི་རྒྱུན་ཡང་དར་བས་གང་ལ་གང་མཚམས་ཀྱི་ཐོས་བསམ་ཉན་བཤད་རེ་བྱས་ཀྱང་། ཐོས་པ་ཚིག་ཐོག གོ་བ་དཔེ་ཐོག་ཏུ་ལུས་ནས། བཤད་པ་བྱས་པ་ཚིག་སྐམ་ཞིག རྩོད་པ་བྱས་པ་སྟོང་འུར་ཞིག རྩོམ་པ་བྱས་ཀྱང་རང་རྒྱུད་ལ་མེད་པའི་བཤད་ཡམ། ཡང་ན་རང་ངོམ་གྱི་ཆེད། ཡང་ན་གཞན་སྐྱོན་ལ་ཟུར་ཟ། མདོར་ན་རང་གི་ངན་སྐྱོན་གཞན་ལ་བསྟན་པ་ལྟར་དུ་གྱུར་ཅིང་། སྐྱེ་བོ་མི་ནག་པ་ཞིག་ལ་མཚོན་ནའང་དཔེ་དེ་བཞིན་དུ། ཆོས་གོ་བ་གནའ་སྒྲུང་ཐག་རིང་གི་ལྟད་མོར་གྱུར། རང་རྒྱུད་ཀྱི་ཉམས་ལ་རན་པའི་ཆོས་དང་རང་རྒྱུད་སྦྱར་མ་ཐུབ་ནས། ནམ་ཞིག་གཤིན་རྗེའི་སྐྱེ་བུས་བདས་ནས་ཉམ་ཐག་གི་འཕྲང་ལ་གྱུར་ཚེ། ཤེས་ཚད་གོ་བར་ལུས་ནས་ཕན་ཐོགས་མ་ཡོད། བྱས་ཚད་དགྲ་འདུལ་ལུགས། གཉེན་སྐྱོང་ལུགས། རང་ཉིད་ལ་ཁེ་གྲགས་ཐོབ་ཐབས། རྒྱུ་ནོར་ལོངས་སྤྱོད་གསོག་ཐབས་ཁོ་ན་ལ་བསམ་བློ་བཏང་ནས། དེ་འབའ་ཞིག་མ་འགྲུབ་ནས་ཉིན་མཚན་དལ་མེད་དུ་སྡུག་དཀའ་ལས་ཐམས་ཅད་བརྒྱབ་ནས། ཉིན་མཚན་ལྟེབ་བསྣོལ་གྱིས་ལོ་དང་ཟླ་བ་གར་སོང་མ་ཤེས་ནས། ནམ་ཞིག་རང་ཉིད་ལོ་དུ་ཡིན་ཡང་གཞི་བརྩི་བྱེད་དགོས་པར་གྱུར་ནས། བྱིས་པ། གཞོན་པ། དར་མ་ནས་རྒས་པའི་བར་དུ་ལས་ལས་བཅས་བཅས། བྱས་ཚད་སྒྲུབ་ཚད་ཐམས་ཅད་། ཚེ་མཇུག་དགོང་ཁའི་གྲིབ་སོ་ལྟ་བུ་ལ་ཉེ་སྐབས་ཕྱོགས་བསྡོམས་ཤིག་བརྒྱབ་ན། བྱས་ཚད་ཚེ་འདིའི་དོན་ཞིག་མ་གཏོགས་མེད་ཅིང་། དྲང་པོར་བྱས་ནས་བཤད་ན་ཚེ་འདིའི་དོན་ཙམ་ཡང་སྒྲུབ་མ་ཤེས་ནས་མ་འགྲུབ་པས། འདི་ཕྱི་གཉིས་ཀའི་དོན་གང་ཡང་མ་འགྲུབ་ནས་ལུས་ཡོད། དགེ་བའི་གཟུགས་བརྙན་ཙམ་རེ་བསྒྲུབས་ཀྱང་། དེ་སྦྱོར་དངོས་རྗེས་ཀྱི་དམ་པ་གསུམ་གྱིས་མ་ཟིན་ནས། ཐེག་ཆེན་ཐར་བ་ཆ་མཐུན་བླ་ན་མེད་པའི་བྱང་ཆུབ་འགྲུབ་སྤྱད་ཕར་ཞོག རང་དོན་ཞི་བདེ་འགྲུབ་སྤྱད་ཀྱི་ཕྱོགས་ཙམ་ལ་ཡང་མ་ཉེ་བར། ལེགས་སྨོན་ཙམ་དང་། རང་དོན་ཉི་ཚེ་བ་ཞིག མདོར་ན་འཁོར་བ་སྒྲུབ་སྤྱད་ཙམ་ལས་མ་འགྲུབ་ནས། ཚེ་འདི་ཕྱི་གཉིས་ཀའི་སོ་མཚམས་ལ་ཐོན་དུས་ཕན་ཐོགས་ཡོད་པ་གཅིག་ཀྱང་མ་ཡོད་པའོ། །དེ་ཡང་བསམ་ཚད་འཁྲུལ་བར་སོང་བའི་རྐྱེན་གྱིས་ཡིན་ཏེ། འཆི་བ་འོང་སྙམ་ཞེ་ལ་མ་ཤར་ནས་རྟག་འཛིན་གྱིས་གཅིག་འཁྲུལ། ནོར་རྫས་གསོག་གྲུན་གྱིས་བདེ་སྐྱིད་སྒྲུབ་ཏུ་ཡོད་པར་སེམས་ནས་གཅིག་འཁྲུལ། རང་ཕྱོགས་གཉེན་དུ་བཟུང་། གཞན་ཕྱོགས་དགྲ་རུ་བཟུང་ནས་གཅིག་འཁྲུལ། རང་སྐྱོན་རང་གིས་མི་རིག་ནས་གཞན་སྐྱོན་རྗེས་ཟློས་བྱས་ནས་གཅིག་འཁྲུལ། དཀར་ནག་ལས་འབྲས་ཀྱི་དབྱེ་བ་མ་ཤེས་ནས་རྒྱུ་འབྲས་འཇོལ་ཉོག་ཏུ་སྤྱད་ནས་གཅིག་འཁྲུལ། དམ་པ་སྔུན་དུ་ཡོད་པ་མ་རིག་ནས་རྨོངས་དད་རྒྱང་དུ་འཇོག་ཚུལ་བྱས་པས་ཐར་བའི་ལམ་སྣེ་ཁྲིད་མཁན་མ་རྙེད་ནས་གཅིག་འཁྲུལ། སངས་རྒྱས་རང་ལས་སྒྲུབ་དགོས་ཚུལ་མ་ཤེས་ནས་འབྲས་བུ་གཞན་ལས་འབྱུང་དུ་རེ་ནས་གཅིག་འཁྲུལ། ཆོས་དང་རང་རྒྱུད་འདྲེས་ཐབས་མ་ཤེས་ནས་ཆོས་སྒྲུབ་ཅེས་པ་གཏོ་དང་། མདོས་འཕེན། མོ་འདེབས། ལྷ་ཀླུ་གཞི་བདག་མཆོད་རྒྱུ་ཡིན་སྣང་ཤར་ནས་འཁྲུལ་ཚབས་གཅིག་ཆེ། འཁྲུལ་བའི་འཁྲུལ་ལུགས་བཙོག འཁྲུལ་ཚུལ་སྣ་ཁ་མང་། འཁྲུལ་བ་ལམ་དུ་མ་ལོངས་བའི་ཚུལ་བཤད་ཚོད་ཡོད་པ་མིན། མདོར་བསྡུས་ན། ཚེ་འདིའི་བྱ་བ་གང་གིས་ཀྱང་འགག་རྩ་ཡག་ཉེས་ཆེ་སར་ཐུག་དུས་ཕན་མི་ཐོགས་པར། ཕན་ངེས་གསུང་མཆོག་ཡི་གེ་དྲུག་མ་འདི་ཡིན་པར་ད་གཟོད་ཤེས་པའོ། །འོན་ཀྱང་ཤེས་སྔ་མེད་པར་འཕྱིས་ཡོད་ཀྱང་། ད་ཐེངས་འདི་ཤེས་པ་ནི་རྩ་བའི་བླ་མ་མགོན་པོ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡིན་ཞིང་། ཡིད་མོས་གུས་དད་པས་ཡིག་དྲུག་བགྲངས་ན། བྱིན་རླབས་རང་རྒྱུད་ལ་འཇུག་པའི་རྟེན་འབྲེལ་འགྲིག་པས། ད་ནི་གཅིག་སྐྱུར། གཉིས་སྐྱུར། བྱ་བ་ཐམས་ཅད་བསྐྱུར་ནས། འདི་ཕྱིའི་རང་གཞན་གྱི་དོན་ཆེན་གཅིག་པུ་མ་ཎི་ཡིག་དྲུག་བགྲང་བའི་དུས་ལ་བབ་པ་ཡིན། ཞེས་གསུངས་པའོ། །བར་དོའི་ཁྲིད་ཡིག་སོགས་ལས། དཔེར་ན་བྲག་ངོས་གཟར་མོ་ཁང་བརྩེགས་སྟོང་ཕྲག་མང་པོ་ཙམ་དུ་ཡོད་པའི་མཐོན་པོ་ཞིག་གི་ངོས་ནས། མི་ཞིག་ཐུར་དུ་ལྷུང་བཞིན་ཡོད་པའི་སྐབས་སུ། རྩྭ་ཕུང་གཅིག་པུ་ཞིག་བྲག་གསེང་ནས་ཚུར་སྐྱེས་ཡོད་པ་ལ་ལག་པ་གཉིས་ཀྱིས་འཐམ་ས་ལོན་ནས། དེར་སྤར་མོ་ཁེན་ནས་མ་ལྷུང་ཙམ་ཞིག་ཡོད་སྐབས། གཡས་ནས་ཙི་གུ་དཀར་པོ་ཞིག་བརྒྱུགས་ཏེ་རྩྭ་ཐུར་གཅིག་བཅད། གཡོན་ནས་ཙི་གུ་ནག་པོ་ཞིག་བརྒྱུགས་ཏེ་ཡང་རྩྭ་ཕུང་ལས་ཐུར་མ་གཅིག་བཅད་ནས་རྩྭ་ཕུང་ཇེ་ཉུང་ཇེ་ཕྲར་གྱུར། མར་བལྟས་ན་འོག་གི་དུག་མཚོའི་ནང་ན། དུག་གི་ཁ་རླངས་ཅན་གྱི་ཆུ་སྲིན་དང་། ཆུ་སྦྲུལ་མཐོང་དུས་འཇིགས་ཤིང་ཡ་ང་། ཡར་གནམ་ལ་བལྟས་ན་གནམ་སྔོན་མོ་མ་གཏོགས་རིག་རྒྱུ་མེད་ནས། ལྷུང་ལ་ཁད་པ་ཡོད་པའི་འཇིགས་སྐྲག་ཉམ་ངའི་སྐབས་དེར། བྲག་གི་རྩེ་མོ་ནས་མར་ཐག་པ་ཞིག་དཔྱངས་ནས། ཁྱོད་འདི་ལ་འཇུས་དང་ངས་ཁྱོད་སྐྱོབ་ཟེར་མཁན་ཞིག་ཡོད་ན་ཤིན་ཏུ་དགའ་བར་འགྱུར་བ་ལྟར་དུ། དཔེ་དེ་དང་གཅིག་མཚུངས་ཀྱི་དུས་ཚོད་ད་ལྟ་ལ་ཐོན་ཡོད་དོ། །རང་ཉིད་ཐུར་དུ་ལྷུང་བཞིན་ཡོད་པ་མིན་བསམ་ནའང་ད་ལྟ་དངོས་སུ་ལྷུང་བཞིན་ཡོད་ཅིང་། དོན་གྱི་ཐོག་ནས་བྲག་ཧ་མའི་ཐོག་ནས་ལྷུང་ན་ཚེ་གཅིག་གི་སྐྱེ་བ་གཅིག་བརྗེས་པ་ཙམ་ཡིན་ཡང་། ད་རེས་འདི་ནས་ལྷུང་དུས་ཚེ་རབས་སྐྱེ་བ་མང་པོའི་རིང་ལ་ལྷུང་གཅིག ངན་སོང་ངན་འགྲོའི་གནས་སུ་འཁྱམ་གཅིག་ཡིན་ལས་ཆེ་བས། བྲག་ཧ་མའི་རྩེ་ནས་ལྷུང་བ་ལྟར་དུ་ངན་སོང་གི་གནས་སུ་རྡོ་བཞིན་ལྷུང་བའི་བར་ནས། མི་ཚེ་རྩྭ་ཕུང་ལྟ་བུ་ལ་འཐམས་པའི་ཡུན་ཐུང་ངུ་འདི་ཡང་། ཉིན་དཀར་མོའི་འར་འུར་གྱི་ངང་ནས་གཅིག་ཟད། མཚན་ནག་པོའི་གཏི་མུག་གི་གཉིད་ཞབས་ནས་གཅིག་ཟད། དེ་ལྟར་ཉིན་མཚན་ལྟེབ་བསྣོལ་གྱིས་མི་ཚེ་རྩྭ་ཕུང་ལྟ་བུ་དེ་ཟད་ནས་ལྷུང་ལ་ཉེ་སྐབས། རྩ་བའི་བླ་མ་དང་མགོན་པོ་སྤྱན་རས་གཟིགས་དབྱེར་མེད་པ་ཡིས་ཐུགས་རྗེའི་དཔྱང་ཐག་ཅིག་བར་སྣང་ནས་དཔྱངས་པ་དེ་ལ་མི་འཐམ་ཟེར་ན། སྙིང་མེད་ཀྱི་སྨྱོན་པ་ཡིན་འདུག་སྙམ་པའི་རང་ངོ་འདི་ལྟར་བཤད་ན་འཕྲོད་རྒྱུ་ཡོད་དོ། །འོན་ཀྱང་ཐུགས་རྗེའི་དཔྱང་ཐག་ལ་འཐམ་མ་ཤེས་ན། འཕགས་པ་སྤྱན་རས་གཟིགས་ལ་ཐུགས་རྗེའི་ལྕགས་ཀྱུ་ཡོད་ཀྱང་། རང་རེ་ལས་ངན་གྱི་སེམས་ཅན་ལ་དད་པའི་ཨ་ལོང་མེད་ནས། འདྲེན་དགོས་ཀྱང་འདྲེན་ཐབས་མེད་པའི་ཚུལ་མགོན་པོ་སྤྱན་རས་གཟིགས་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་སྐབས། འོད་ཟེར་རྣམ་པ་དྲུག་ཏུ་སྤྲོས་ཤིང་འཁོར་བ་དོང་ནས་ལན་གསུམ་སྤྲུགས་ནས་གཟིགས་དུས་སྔར་ལས་མང་བ་ལྟར་ཡོད་པ་ནི་རང་ཅག་ཡིན་ཞིང་། ཐེངས་གཅིག་གཉིས་ཙམ་གྱིས་ཅི་ལ་ཚད། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བས་འདྲེན་མ་ཐུབ་པར་ལུས་པ་ལ། ད་རེས་ཀྱི་མཐོ་རིས་མིའི་ལུས་རྟེན་རྩྭ་ཕུང་ལ་འཐམ་བཞིན་ཡོད་པ་ལྟ་བུ་འདིའི་ཐོག་ནས་ལམ་ཞིག་མ་རྙེད་ན། ཤུད་ཐེངས་གཅིག་གིས་མཐའ་མེད་འཁོར་བའི་དུག་མཚོའི་ནང་དུ་རྡོ་ལྕི་མོ་སྐེ་ལ་བཏགས་ནས། མཚོ་ཞབས་མེད་ཀྱི་ནང་དུ་ལྕེབས་པ་ཨ་ན་མ་ན་ལྟར་དུ་འགྱུར་བ་ནི་ཐོད་པའི་ཐེལ་ཙེ་ཡིན་ནོ། །འགྲོ་བ་རིགས་དྲུག་གི་གནས་ཀྱང་གོང་ནས་བཤད་པ་ལྟར་དུ། དམྱལ་བར་སྐྱེས་ན་ཚ་གྲང་ལ་སོགས་པའི་སྡུག་བསྔལ་ཆེ། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཆེ། དུད་འགྲོར་སྐྱེས་ན་གླེན་ལྐུགས་ལ་སོགས་པའི་སྡུག་བསྔལ་ཆེ། མིར་སྐྱེས་ཀྱང་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་ཆེ། ལྷ་མ་ཡིན་དུ་སྐྱེས་ཀྱང་འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་ཆེ། ལྷར་སྐྱེས་ཀྱང་འཕོ་ལྟུང་ལ་སོགས་པའི་སྡུག་བསྔལ་ཆེ་བ་དེས་ན་། འཁོར་བའི་གནས་ན་བདེ་བ་མེད། །མི་གཙང་ཁང་བར་དྲི་ཞིམ་མེད། །ཅེས་གསུངས་པ་ལྟར་དུ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་གང་དུ་སྐྱེས་ཀྱང་། སྐྱིད་མེད་པས་མ་ཚད་སྡུག་འབའ་ཞིག་གིས་མནར་བཞིན་ཡོད་པས། སྡུག་བསྔལ་དེ་ཐམས་ཅད་ལས་ཐར་སྤྱད་ཀྱི་ཐར་ལམ་ཉག་གཅིག་ནི། དམ་པའི་ཆོས་བསྒྲུབ་པ་འདི་ལས་གཞན་ཞིག་ཡོད་པ་མིན་ནོ། །ཐར་ལམ་སྒྲུབ་སྤྱད་ཀྱི་ལུས་རྟེན་འདི་ཡང་གཅིག་ན་རྒྱུན་གྱིས་མི་རྟག་སྟེ་ཉིན་མཚན་ལོ་དང་ཟླ་བ་སྤུངས་པའི་མི་ཚེ་འདི་སྐད་ཅིག་སྐར་མའི་རྒྱུན་དུ་མ་མཐུད་དེ་གྲུབ་པས། སྐད་ཅིག་སྐར་མའི་རྒྱུན་བཞིན། སྐྱེས་པའི་སྐད་ཅིག་དང་པོ་ནས་བཟུང་སྟེ། འཆི་བའི་ཕྱོགས་སུ་ཇེ་ཉེ་ཇེ་ཉེར་གྱུར་པ་ལས་འཆི་བ་མེད་པའི་ཕྱོགས་སུ་ཉེ་རུ་མེད་པའི་ཕྱིར་ན་རྒྱུན་གྱིས་མི་རྟག གནས་སྐབས་ཀྱིས་མི་རྟག་སྟེ། ཕྱི་དུས་ཀྱི་འགྱུར་བ་དབྱར་རྗེས་སུ་སྟོན། སྟོན་སྣེ་རུ་དགུན། དགུན་འཕྲོས་སུ་དཔྱིད་ཤར་ནས་འགྱུར། ནང་རང་ལུས་ཀྱི་འགྱུར་བ། དང་པོ་བྱིས་པ་ལོ་བརྒྱད་ཡིན་ཡང་། ནམ་ཞིག་གཞོན་ནུ། དར་མ། རྒས་པ་རྣམས་མུ་མཐུད་ནས་སོང་ཞིང་། རང་རང་གི་མི་ཚེའི་ལོ་རིམ་ནས་བླངས་པའི་འདྲ་པར་ཡོད་ན་གཤིབས་ནས་ལྟོས་དང་། གནས་སྐབས་མི་རྟག་པར་ཇི་ལྟར་འགྱུར་འདུག་དེ་ཡིས་ཤེས། གང་ལྟར་འཆི་བའི་ཕྱོགས་སུ་བསྐྱོད་ནས་མི་ཚེའི་མཇུག་སྡོམ་འཆི་བས་རྒྱག་པས། ཤི་ནས་མེ་ཤི་བའམ་ཆུ་སྐམ་པ་ལྟར་ཡིན་ན་དེ་ག་རང་ཡིན་ཡང་། ཤི་ནས་འགྲོ་བ་རིགས་དྲུག་གང་རུང་དུ་སྐྱེ་བ་ལེན་དགོས་པ་དེས་ན་ཡིག་དྲུག་མ་བགྲངས་ན་ཕན་མི་འདུག འཆི་བ་ད་ཡོང་དང་། དོ་དགོང་ཡོང་། སང་ཉིན་ཙམ་ཡང་མི་ཡོང་བའི་ཚུལ་ཤེས་པ་མིན་པས། གང་ལྟར་ཡུན་མི་རིང་བར་འཆི་བདག་ཟུར་ལ་ཐོན་ངེས། མི་ཚེའི་ཡུན་དང་སེ་གོལ་གདབ་པའི་ཡུན་གཉིས་ཟད་པའི་ཆ་ནས་འདྲ་བས། མི་རྟག་འཆི་བ་སེམས་ལ་དྲན་ཏེ་ཆོས་ལ་བརྩོན་པ་བསྐྱེད་དགོས། བརྩོན་པ་བསྐྱེད་ན་སྐྱིད་པའི་ཉི་མ་རང་མགོར་ཤར་རྒྱུ་ཡོད་པ་ཡིན། འཇིག་རྟེན་ཚེ་འདིའི་བྱ་བ་མནོག་ཆུང་པོ་སྒྲུབ་དུས། ཉི་མ་རེ་རེ་བཞིན་གཞོན་ནས་རྒས་ཀྱི་བར་དུ་པུས་མོ་སྐེད་ཚིགས་གཉིས་ཀ་ནད་དུ་མ་ལོག་གི་བར་དུ། སྡུག་སྡིག་པའི་ཁུར་བོ་དང་ལྷན་དུ་ཕན་པ་ཅི་ཡང་མེད་པར་མཐའ་ད་ལ་ཐུག་གི་བར་དུ་སྡུག་རུས་དེ་ཙམ་བྱས་ན། ཚེ་གཅིག་ཡུན་ལ་ཕན་པའི་དམ་ཆོས་ལ་བརྩོན་འགྲུས་བསྐྱེད་ལོས་དགོས་ཏེ། གཟར་མོའི་བྲག་ལ་མ་འཛེགས་ན། བདེ་མོའི་ཐང་ལ་ཇི་ལྟར་ཐོན། དེས་ན་ཆོས་བསྒྲུབས་ན་སྐྱིད་པའི་ཉི་མ་རང་མགོ་ལ་འཆར་བས། ཆོས་ཀྱི་ནང་ནས་ཀྱང་། ཆོས་ཀྱི་སྙིང་པོ་གསུང་མཆོག་ཡི་གེ་དྲུག་མ་འདི་བགྲངས་ན། བྱ་སླ། ཚེགས་ཆུང་། དོན་ཆེ། དང་པོ་བྱ་སླ་སྟེ། དཀའ་ཚེགས་ངལ་དུབ་ཅི་ཡང་མི་དགོས་པར་འགྲོ་འདུག་ཉལ་འཆག་སྤྱོད་ལམ་རྣམ་བཞིའི་སྐབས་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་གསལ་སྣང་བཟླས་སྒོམ་དང་མ་བྲལ་བའི་ངང་ནས། ལུས་ཀྱིས་ཅི་བདེ་བདེ་རུ་འདུག་བཞིན་སྒོམ་སྒྲུབ་ཉམས་ལེན་ཆོག་པས་སོ། །གཉིས་པ་ཚེགས་ཆུང་སྟེ། མདོ་དང་རྒྱུད་སྡེ་མང་པོའི་དཔེ་ཀློག་དང་། ཚིག་མང་བློ་ལ་ཨེ་ཟིན་གྱི་དཀའ་ལས་རྒྱག་མི་དགོས་པར། ཨཱོྂ་མ་ཎི་པདྨ་ཧཱུྃ་ཞེས་པ་ནི་སུས་ཀྱང་ཤེས་པས། དེར་ཆོས་ཐམས་ཅད་ཀྱི་ཚིག་དོན་འདུས་པས་སོ། །གསུམ་པ་དོན་ཆེ་བ་ནི། ཡི་གེ་དྲུག་མ་འདི་བཟླས་ན། ཕྱི་མ་བདེ་བ་ཅན་གྱི་ཞིང་དུ་སྐྱེ། ཚེ་འདིར་ནད་དང་གནོད་པ་ཞི། བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའོ། །སྡེ་ཤོག་ཁ་དང་། མི་དུད་ཚང་སྒེར་གྱིས་ལོ་སྲུང་གི་སྒྲུབ་པ་ཅི་ཙམ་བཅས་པ་ལས་ཀྱང་། མ་ཎི་དུང་སྒྲུབ་དང་། སིདྡྷི་དུང་སྒྲུབ་འཚོགས་དང་། ཆོད་སྒོ་ཕན་ཡོན་དེ་ལས་ཆེ་བ་མེད་དོ། །རྒྱལ་འདྲེ་འགོང་པོ་མ་རུང་བ་རྣམས་དྲག་པོའི་མངོན་སྤྱོད་ཀྱིས་འདུལ་བའི་ནུས་པ་མེད་ན། ཞི་བ་སྙིང་རྗེའི་སྒོ་ནས་གཟུངས་སྔགས་ཡི་གེ་དྲུག་མས་ཐུལ་དང་། རྒྱུད་གདུག་རྩུབ་ཀྱི་ངང་ནས་ལས་ངན་བསགས་པས་རྒྱུ་བྱས། སྨོན་ལམ་ངན་པས་རྐྱེན་བྱས་ནས་མཚམས་སྦྱར་བའི་འདྲེ་གདོན་རྣམས་ཀྱི་ལས་སྒྲིབ་བྱང་ནས་དེ་དག་ལ་ཕན་པ་དང་། སྙིང་རྗེའི་ཆོས་སྦྱིན་ཡང་འགྱུར་བས། ཚོགས་རྫོགས་ཞོར་གནོད་པ་ཟད་ཞོར། དོན་གཅིག་གིས་བསམ་པ་གཉིས་འགྲུབ། རྟ་རྒྱུག་ཞོར་མེ་ཏོག་འཐུ་ཞོར། གོ་གཉིས་ཆོད་ཡིན་པའོ། །དེ་ཡན་གྱིས་སྤྱིར་མདོར་བསྟན་པ་སོང་ནས།

གཉིས་པ་བྱེ་བྲག་རྒྱས་པར་བཤད་པ།

གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་ལ་གསུམ། ཐུན་མིན་སྔོན་འགྲོའི་ཆོས་སྐོར། དངོས་གཞིའི་ལྟ་སྒོམ་གྱི་གནད་བསྟན་པ། གཅིག་ཤེས་ཀུན་གྲོལ་གྱི་གདམས་པར་འགག་སྡོམ་པའོ།།

དང་པོ་ཐུན་མིན་སྔོན་འགྲོའི་སྐོར།

དང་པོ་ཐུན་མིན་སྔོན་འགྲོའི་སྐོར་ལ་ས་བཅད་བཅུ་གསུམ་ལས།

དང་པོ་ལམ་གྱི་རྨང་གཞི་སྐྱབས་འགྲོ་བསྟན་པ།

དང་པོ་ལམ་གྱི་རྨང་གཞི་སྐྱབས་འགྲོ་བསྟན་པ་ནི།

མི་བསླུ་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམ།།

དཀོན་མཆོག་ཀུན་འདུས་ངོ་བོ་སྤྱན་རས་གཟིགས།།

ཁྱེད་ཤེས་བློ་གཏད་གཅིག་ལས་མི་འགྱུར་བའི།།

ངེས་ཤེས་བློ་ཐག་ཆོད་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། གོང་དུ་ཐུན་མོང་ཕྱིའི་སྔོན་འགྲོ་བློ་ལྡོག་རྣམ་བཞིའི་སྒོ་ནས། དལ་འབྱོར་བཅོ་བརྒྱད་ཚང་པའི་ཆོས་ལྡན་གྱི་མི་ལུས་ཡིད་བཞིན་ནོར་བུ་ལྟ་བུ་བསམ་དོན་འགྲུབ་སྤྱད་དེ་རྙེད་དཀའ་བ་དང་། རྙེད་ཀྱང་དུས་སྙིགས་མའི་ཚེ་ལ་ངེས་པར་མེད་པ། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་ཡིན་པ་དང་། ཤི་ནས་འཁོར་བའི་གནས་རིས་བརྒྱུད་དགོས་པས་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མེད་པ་དང་། སྐྱིད་སྡུག་ལས་ལ་རག་ལས་པས། རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་ཀྱི་དབང་གིས། འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྲུབ་པའི་ཚུལ་རྣམས་ཅི་རིགས་པར་བསྟན་ནས། འཁོར་བའི་གནས་ལ་སྐྱོ་ཤས་དང་། རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྙིང་ནས་འཁྲུངས་ཚེ་སྐྱབས་སུ་འགྲོ་དགོས། སྐྱབས་སུ་མ་སོང་ན། ངན་འགྲོའི་སྡུག་བསྔལ་ལ་སྐྲག་པ་ཙམ་གྱིས་ངན་སོང་གི་འཇིགས་པ་ལས་མི་ཐར་བ་ལ་སོགས་པའི་སྐྱོན་དཔག་ཏུ་མེད་པ་ཡོད་པ་དེས་ན་སྐྱབས་སུ་འགྲོ་དགོས། སྐྱབས་འགྲོ་ལ་བཤད་ཚུལ་མང་ན་ཡང་། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་གསུམ་སྐོར་གྱི་འགྲོས་དང་སྒོ་བསྟུན་ནས་བཤད་ན། སྐྱབས་སུ་འགྲོ་བ་ལ་སྐྱབས་འགྲོའི་ངོ་བོ་དང་། ངེས་ཚིག དབྱེ་བ་གསུམ་གྱིས་སྐྱབས་སུ་འགྲོ་ལུགས་ཤེས་དགོས། སྐྱབས་འགྲོའི་ངོ་བོའམ་སྐྱབས་སུ་འགྲོ་ཡུལ་ནི། སངས་རྒྱས་དང་། ཆོས་དང་། དགེ་འདུན་སྟེ་དཀོན་མཆོག་གསུམ་མོ། །ངེས་ཚིག་གི་སྒྲ་དོན་ནི། ངན་སོང་གི་སྡུག་བསྔལ་དང་། འཁོར་བའི་གནས་ངན་ལེན་དང་། མི་སྟེགས་ཀྱི་ལྟ་ལོག་ལས་སྐྱོབ་པས་ན་སྐྱབས་འགྲོའོ། །སྐྱབས་འགྲོའི་དབྱེ་བ་ནི། ཐུན་མོང་གི་སྐྱབས་འགྲོ་དང་། ཁྱད་པར་གྱི་སྐྱབས་འགྲོ་དང་། ཁྱད་པར་བླ་ན་མེད་པའི་སྐྱབས་འགྲོ་དང་གསུམ། དང་པོ་ཐུན་མོང་གི་སྐྱབས་འགྲོ་ལ་གསུམ། དད་པ་ཅན་གྱི་སྐྱབས་འགྲོའི་དུས་དང་། སྒྲུབ་པ་པོའི་སྐྱབས་འགྲོའི་དུས་དང་། གནས་སྐབས་ཀྱི་སྐྱབས་འགྲོའི་དུས་སོ། །དང་པོ་དད་པ་ཅན་གྱི་སྐྱབས་འགྲོའི་དུས་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་ནས་འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག་སྐྱེས་ཏེ། དེ་ལས་སྐྱོབ་ཐུབ་པའི་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་ཀྱི་སྒོ་ནས་སྐྱབས་གནས་སུ་མཐོང་བའོ། །གཉིས་པ་སྒྲུབ་པ་པོའི་སྐྱབས་འགྲོའི་དུས་ལ་གསུམ། བརྗོད་པའི་ཚུལ་གྱིས་བསྟན་པ་དང་། སྤང་བའི་ཚུལ་གྱིས་བསྟན་པ་དང་། ཉམས་སུ་བླངས་པའི་ཚུལ་གྱིས་བསྟན་པའོ། །དང་པོ་བརྗོད་པའི་ཚུལ་གྱིས་བསྟན་པ་ནི། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོའི་ངག་འདོན་བཞི་སྐོར་མ་ངག་གིས་ལན་གྲངས་མང་དུ་བརྗོད་པའོ། །དེ་ཡང་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིན་པས་རང་རེ་བོད་ཀྱིས་བླ་མ་སྔོན་དུ་བཞག་པ་ཡིན། གཉིས་པ་སྤང་པའི་ཚུལ་གྱིས་བསྟན་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་སྤངས་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མོས་གུས་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤངས་ལ། པོ་ཏི་གླེགས་བམ་ལ་གུས་པར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་སྡིག་པའི་གྲོགས་སྤངས་ལ། དགེ་སློང་གི་དགེ་འདུན་ལ་གུས་པར་བྱའོ། །གསུམ་པ་ཉམས་སུ་བླངས་པའི་ཚུལ་གྱིས་བསྟན་པ་ནི། ལུས་དང་སྲོག་ལ་ཐུག་པའམ། བྱ་དགའ་དཔའ་དར་ཆེན་པོའི་ཕྱིར་དུ་ཡང་། དཀོན་མཆོག་མི་སྤང་པར་དང་དུ་བླང་། ནད་གདོན་བར་ཆད་སོགས་ཀྱི་ཉེར་འཚེ་དྲག་པོ་ཅི་བྱུང་ཡང་དཀོན་མཆོག་མིན་པའི་སྐྱབས་དང་དཔུང་གཉེན་གཞན་ཞིག་མི་བཙལ། དུས་རྟག་ཏུ་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པར་བྱ། དུས་དང་དུས་སུ་དཀོན་མཆོག་གསུམ་པོ་མཆོད་པ་དང་། སྒྲུབ་པ་ལ་བརྩོན་པར་ནན་ཏན་དུ་བྱ་བའོ། །གསུམ་པ་གནས་སྐབས་ཀྱི་སྐྱབས་འགྲོའི་དུས་ནི། ཉ་སྟོང་ཚེས་བརྒྱད་ལ་སོགས་པའི་ཚེས་གྲངས་ཁྱད་པར་ཅན་ལ། དཀོན་མཆོག་ལ་མཆོད་པ་ཕུལ་ནས་སྐྱབས་སུ་འགྲོ་ཞིང་གསོལ་བ་འདེབས་པའོ། །གཉིས་པ་ཁྱད་པར་གྱི་སྐྱབས་འགྲོ་ལ་གསུམ་སྟེ། དུས་ཀྱི་ཁྱད་པར་དང་། རྟེན་གྱི་ཁྱད་པར་དང་། ཡོན་ཏན་གྱི་ཁྱད་པར་རོ། །དུས་ཀྱི་ཁྱད་པར་ནི། དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའོ། །རྟེན་གྱི་ཁྱད་པར་ནི། སངས་རྒྱས་སྐུ་གསུམ་སྐུ་བཞིའི་ཡེ་ཤེས་ལྔའི་བདག་ཉིད། ཆོས་དོན་དམ་སྤྲོས་པ་དང་བྲལ་བ། དགེ་འདུན་འཕགས་པ་ཕྱིར་མི་ལྡོག་པ་གསུམ་ལ། རང་དང་ཆོས་གཉིས་མེད། སེམས་དང་ཆོས་གཉིས་མེད། འཁོར་བ་དང་མྱང་འདས་གཉིས་མེད་དུ་རྟོགས་པའི་ཕྱིར་དུ་སྐྱབས་སུ་འགྲོ་བའོ། །ཡོན་ཏན་གྱི་ཁྱད་པར་ནི། དཀོན་མཆོག་གསུམ་གྱི་ཆེ་བ་དང་། མཛད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དྲན་ཏེ་སྐྱབས་སུ་འགྲོ་བའོ། །གསུམ་པ་ཁྱད་པར་བླ་ན་མེད་པའི་སྐྱབས་འགྲོ་ལ་གསུམ། ལུས་ལྷ་ལ་སྐྱབས་སུ་འགྲོ། ངག་སྔགས་ལ་སྐྱབས་སུ་འགྲོ། ཡིད་ཆོས་ཉིད་ལ་སྐྱབས་སུ་འགྲོ་བའོ། །ལུས་ལྷ་ལ་སྐྱབས་སུ་འགྲོ་བ་ནི། ལུས་ཀྱི་མི་དགེ་བ་སྲོག་གཅོད་དང་། མ་བྱིན་ལེན་དང་། ལོག་གཡེམ་གསུམ་ལས་ལོག་ནས། ལུས་ལྷ་དང་མི་འབྲལ་པར་ཐུགས་རྗེ་ཆེན་པོའི་སྐུར་བསྒོམས་ལ་སྐྱབས་སུ་འགྲོ། ངག་སྔགས་ལ་སྐྱབས་སུ་འགྲོ་བ་ནི། ངག་གི་མི་དགེ་བ་རྫུན། ཕྲ་མ། ཚིག་རྩུབ། ངག་འཆལ་བཞི་ལས་ལོག་ནས། སྙིང་པོ་ཡི་གེ་དྲུག་མ་ལ་སྐྱབས་སུ་འགྲོ། ཡིད་ཆོས་ཉིད་ལ་སྐྱབས་སུ་འགྲོ་བ་ནི། ཡིད་ཀྱི་མི་དགེ་བ་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་སྤངས་ནས། སེམས་རང་གསལ་རང་གྲོལ་དུ་རྒྱུན་ཆད་མེད་པར་ཉམས་སུ་བླངས་ཏེ་སྐྱབས་སུ་འགྲོ་བའོ། །འདིའི་ལུགས་ཀྱི་བཤད་ཚུལ་དེ་ལྟར་ཡིན། །དེས་ན་སྐྱབས་གཞན་ལ་བརྟེན་ན་འཁོར་བ་ལས་སྐྱོབ་པའི་ནུས་པ་མེད་པས་བསླུ་ཞིང་། དུས་གཏན་དུ་མི་བསླུ་ངེས་པའི་སྐྱབས་གཅིག་ནི་དེ་ལྟ་བུའི་དཀོན་མཆོག་གསུམ་པོ་ཡིན་ལ། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་སྤྱན་རས་གཟིགས་ཡིན་པའི་རྒྱུ་མཚན་ནི། བླ་མ་སྤྱན་རས་གཟིགས་ཀྱི་ངོ་བོར་བསྟེན་པས་དཀོན་མཆོག་གསུམ་པོ་དེར་འདུས་པ་སྟེ། རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །གསུངས་པ་ལྟར་དུ་ཡིན་པ་དེས་ན་ཡིད་ཁྱེད་ཤེས་ཀྱིས་བློ་རྩེ་གཅིག་ལས་མི་འགྱུར་པར་སྐྱབས་སུ་འགྲོ་དགོས་པ་ཡིན། སྐྱབས་འགྲོ་དང་སྦྱར་ན། ཨཱོྂ་སངས་རྒྱས་ལ་སྐྱབས་སུ་འགྲོ། མ་ཆོས་ལ་སྐྱབས་སུ་འགྲོ། ཎི་དགེ་འདུན་ལ་སྐྱབས་སུ་འགྲོ། པད་བླ་མ་ལ་སྐྱབས་སུ་འགྲོ། མེ་ཡི་དམ་ལ་སྐྱབས་སུ་འགྲོ། ཧཱུྃ་མཁའ་འགྲོ་ལ་སྐྱབས་སུ་འགྲོ། དེ་ལྟར་སྐྱབས་སུ་འགྲོ་བས་ངན་སོང་དང་འཁོར་བ་ལས་སྐྱོབ་པ་ཡང་ཡི་གེ་དྲུག་མ་བཟླས་པ་ལས་འབྱུང་བ་ཡིན་ནོ།།

གཉིས་པ་ལམ་གྱི་རྩ་བ་སེམས་བསྐྱེད་བསྟན་པ།

གཉིས་པ་ལམ་གྱི་རྩ་བ་སེམས་བསྐྱེད་བསྟན་པ་ནི།

ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས།།

སེམས་མཆོག་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ།།

ལམ་བཟང་བྱང་ཆུབ་སེམས་དང་མི་འབྲལ་ཞིང་།།

འགྲོ་ལ་སྙིང་རྗེའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། སྐྱབས་སུ་སོང་ཡང་ཐེག་ཆེན་བྱང་ཆུབ་སེམས་བསྐྱེད་ཀྱིས་མ་ཟིན་ན། སངས་རྒྱས་ཐོབ་བྱེད་ཀྱི་ཐེག་པ་ཆེན་པོའི་ཆོས་སུ་མི་འགྲོ་བས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། སྐབས་འདིའི་བཤད་སྲོལ་དང་བསྟུན་ནས་བཤད་ན། སེམས་བསྐྱེད་ལ་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་གསུམ་ལས། ངོ་བོ་ནི་སྙིང་རྗེ་ཆེན་པོ་ཡིན་པས། སྙིང་རྗེ་དེ་ལ་དབྱེ་ན། བརྩེ་བའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེ་གསུམ་མོ། །བརྩེ་བའི་སྙིང་རྗེ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་རང་གི་ལུས་ནས་ཆད་པའི་བུ་བཞིན་དུ་བརྩེ་བར་བྱེད་པའོ། །ཆོས་ལ་དམིགས་པའི་སྙིང་རྗེ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བའི་རྩ་བ་བསྐྱེད་པར་བྱེད་པའོ། །དམིགས་པ་མེད་པའི་སྙིང་རྗེ་ནི་མི་སྐྱེ་པའི་ཆོས་ལ་བཟོད་པ་ཐོབ་ནས་བདག་དང་སེམས་ཅན་གང་ཡང་མི་དམིགས་པར་བྱེད་པའོ། །སེམས་བསྐྱེད་ཀྱི་ངེས་ཚིག་ལ་སྒོམ་ཐབས་དང་སྦྲེལ་ནས་གསུམ་དུ་གསུངས་ཏེ། རང་གི་སྡུག་བསྔལ་ལ་དཔགས་ཏེ་བསྒོམ་པ་དང་། གཞན་གྱི་སྡུག་བསྔལ་ལ་དཔགས་ཏེ་བསྒོམ་པ་དང་། རང་གཞན་གཉིས་ཀའི་སྡུག་བསྔལ་ལ་དཔགས་ཏེ་བསྒོམ་པའོ། །དང་པོ་རང་གི་སྡུག་བསྔལ་ལ་དཔགས་ཏེ་བསྒོམ་པ་ནི། རང་ཉིད་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བའི་ང་བདག་གི་འཛིན་པ་ལས་གྲོལ་བར་བྱ་སྙམ་དུ་བསྒོམ། གཉིས་པ་གཞན་གྱི་སྡུག་བསྔལ་ལ་དཔགས་ཏེ་བསྒོམ་པ་ནི། གཞན་འཁོར་བར་ལྷུང་བ་འདི་རྣམས་སྡུག་བསྔལ་ཐམས་ཅད་ལས་ཐར་ན་ཅི་མ་རུང་སྙམ་དུ་བསྒོམ། གསུམ་པ་རང་གཞན་གཉིས་ཀའི་སྡུག་བསྔལ་ལ་དཔགས་ཏེ་བསྒོམ་པ་ནི། རང་གཞན་གཉིས་ཀ་འཁོར་བའི་སྡུག་བསྔལ་ལས་ཐར་ན་ཅི་མ་རུང་སྙམ་དུ་བསྒོམ་པ་སྟེ། རང་ཅག་གིས་རྒྱུན་དུ་བཤད་རྒྱུའི་ཚད་མེད་རྣམ་བཞི་སྔོན་དུ་འགྲོ་བའི་འབྲེལ་བ་བཞི་ལྡན་གྱི་བཤད་ཚུལ་དང་ཁོག་གིས་གཅིག་པའོ། །ངེས་ཚིག་དངོས་ནི་སྔར་སེམས་མ་སྐྱེས་པ་གཅིག་བསྐྱེད་པས་ན་སེམས་བསྐྱེད་པ་ཞེས་བྱའོ། །སེམས་བསྐྱེད་ཀྱི་དབྱེ་བ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་སོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ། སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་སོ། །དེ་ཡང་། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །གསུངས་པ་ལྟར་དུའོ། །དེ་ཡང་ཀུན་རྫོབ་སེམས་བསྐྱེད་ནི་སེམས་ཅན་ཐམས་ཅད་བདག་གཅིག་པུས་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སེམས་ཏེ་ལས་དང་པོ་པ་ནས་སོ་སྐྱེའི་ས་ན་ཡོད་པའོ། །དོན་དམ་སེམས་བསྐྱེད་ནི་ཐེག་ཆེན་མཐོང་ལམ་ཐོབ་པ་ནས་ཡོད་པའི་གཉིས་སུ་མེད་པའི་ཡེ་ཤེས་སོ། །འདི་གཉིས་ཀ་ཡང་སྙིང་རྗེའི་རྩ་བ་ཅན་ཡིན་པས་སྙིང་རྗེ་སྔོན་དུ་མ་སོང་བར་ཡོད་མི་སྲིད་པ་སྟེ། གྱང་མེད་པའི་རི་མོ་བཞིན་ཡིན་ནོ། །དེས་ན་གཉིས་ཀའི་སྔོན་དུ་སྙིང་རྗེ་ལ་བློ་སྦྱོང་བ་ནི་གནད་གལ་བོ་ཆེ་ཡིན་ལ། དེར་མ་ཟད་མདོ་སྔགས་ཀྱི་ལམ་ཐམས་ཅད་མཐར་ཕྱིན་པ་དང་འབྲས་བུ་གཞན་དོན་བྱེད་པ་ལ་ཡང་མེད་དུ་མི་རུང་བས་རྒྱལ་བ་ཀུན་གྱི་ཐུགས་ཞེས་ཀྱང་བྱའོ། །ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཁྱད་པར་རྒྱལ་པོའི་ལུགས་ལྟར་དུ་བཤད་སྐབས་གོང་ནས་སྨོས་པ་ལྟར་དུ། སེམས་བསྐྱེད་ཀྱི་ངོ་བོ་ནི་སྙིང་རྗེ་ཆེན་པོ་ཡིན་གསུངས་པ་ནི་དགོངས་པ་ཟབ་པའོ། །ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ཞིང་། སེམས་མཆོག་དེ་ཉིད་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཡིན་པ་ནི། དབུ་མ་འཇུག་པ་ལས། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པ་ལྟར། ལམ་བཟང་བྱང་ཆུབ་ཀྱི་སེམས་འདི་དང་མི་འབྲལ་ཞིང་རྒྱུན་དུ་བསྒོམ་དགོས། སྒོམ་ཐབས་ཀྱང་ཐུགས་ཆེན་ལམ་རིམ་སྐོར་གསུམ་ལས། སྐུ་གསུམ་དང་སྦྱར་ནས། སྐུ་གསུམ་རང་ཡིན་པའི་ཚུལ་གྱིས་བསྒོམ་པ་དང་། རང་ལ་སྐུ་གསུམ་གནས་པའི་ཚུལ་གྱིས་བསྒོམ་པ་དང་། བསྒོམས་ཤིང་འབད་པ་ལས་སྐུ་གསུམ་འོང་པའི་ཚུལ་གྱིས་བསྒོམ་པ་དང་གསུམ་གསུངས་ཤིང་། དང་པོ་སྐུ་གསུམ་རང་ཡིན་པའི་ཚུལ་གྱིས་བསྒོམ་པ་ནི། སེམས་ཉིད་སྟོང་པ་ཆོས་སྐུ། སྟོང་ཉིད་ཀྱི་ངང་ལས་ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྐུ། སྣ་ཚོགས་ཤར་བ་མ་འགག་པར་སྤྱོད་པ་སྤྲུལ་སྐུ་ཡིན་ནོ། །གཉིས་པ་རང་ལ་གནས་པའི་ཚུལ་གྱིས་བསྒོམ་པ་ནི། ལུས་ལོངས་སྐུ་ཐུགས་རྗེ་ཆེན་པོ། ངག་སྤྲུལ་སྐུ་ཡི་གེ་དྲུག་པ། ཡིད་ཆོས་སྐུ་རང་བྱུང་དུ་བསྒོམ་པའོ། །གསུམ་པ་བསྒོམས་ཤིང་བསྒྲུབས་པ་ལས་ཐུགས་རྗེ་ཆེན་པོ་འོང་པའི་ཚུལ་གྱིས་བསྒོམ་པ་ནི། ལུས་ལོངས་སྐུ་ཐུགས་རྗེ་ཆེན་པོར་བསམས་ལ། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟགས་བརྙན་ལྟར་དུ་སྒྲུབ། ངག་སྙིང་པོ་ཡི་གེ་དྲུག་པ་སྤྲུལ་བའི་སྐུའི་གསུང་བཟླས་ལ་གྲག་སྟོང་བྲག་ཅ་ལྟ་བུར་སྒྲུབ། ཡིད་ཆོས་སྐུ་ནམ་མཁའ་ལྟ་བུར་བསྒོམས་ལ། རང་གསལ་རྟོག་མེད་སྤྲོས་མཐའ་དང་བྲལ་བར་སྒྲུབ་བོ། །དེ་ལྟར་བསྒྲུབས་པའི་འབྲས་བུ་ལ་ཐུགས་རྗེ་ཆེན་པོ་གྲུབ་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའོ། །དེ་ལྟར་འགྲོ་ལ་སྙིང་རྗེའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་ཏེ་ཡིག་དྲུག་སྙིང་རྗེའི་ངང་ནས་བཟླ་བར་བསྐུལ་བའོ། །སེམས་བསྐྱེད་དང་སྦྱར་ན། ཨཱོྂ་གྱིས་སྨོན་པ་བྱང་ཆུབ་ཀྱི་སེམས་སྐྱེ། མས་འཇུག་པ་བྱང་ཆུབ་ཀྱི་སེམས་སྐྱེ། ཎིས་གཉིས་མེད་བྱང་ཆུབ་ཀྱི་སེམས་སྐྱེ། པད་ཀྱིས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྐྱེ། མེ་ཡིས་ཡེ་ཤེས་བྱང་ཆུབ་ཀྱི་སེམས་སྐྱེ། ཧཱུྃ་གིས་དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེ། བྱང་ཆུབ་མཆོག་གི་སེམས་སྐྱེ་བ་ཡང་། ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་།།

གསུམ་པ་ལམ་གྱི་འགལ་རྐྱེན་སྡིག་སྒྲིབ་བཤགས་པར་བསྟན་པ།

གསུམ་པ་ལམ་གྱི་འགལ་རྐྱེན་སྡིག་སྒྲིབ་བཤགས་པར་བསྟན་པ་ནི།

ཐོག་མེད་འཁོར་བར་འཁྱམས་ནས་ད་ཕན་ཆད།།

ཅི་བྱེད་སྡིག་ཏུ་སོང་ནས་སྲིད་པར་འཁྱམས།།

སྡིག་ལྟུང་སྙིང་ནས་མཐོལ་ཞིང་བཤགས་སེམས་ཀྱིས།།

སྟོབས་བཞི་ཚང་པའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། རང་རེ་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་དང་པོ་འདི་ནས་འཁྲུལ་བས། དེ་ཡན་ཆད་ལ་འཁོར་བ་མེད་ཅེས་བརྗོད་དུ་མེད་པར། འཁོར་བའི་ཡ་མཐའི་ཐོག་མ་ལ་ཐུག་ཏུ་མེད་པས་ཐོག་མེད་ནས་འཁོར་བར་འཁྱམས་ནས་ད་ལ་མ་ཐུག་གི་བར་དུ་ཅི་བསམ་ཅི་བྱས་ཐམས་ཅད་ལ་བསམ་བློ་བཏང་ན། ད་ཕན་ཆད་ཀྱི་ལས་བྱ་བ་ཅི་བྱས་སྡིག་པ་འབའ་ཞིག་པའམ་སྡིག་དང་འདྲེས་པ་གང་ལྟར་རུང་འཁོར་བའི་རྒྱུ་སྲིད་པ་སྒྲུབ་པའི་ལས་ཤ་སྟག་སོང་ནས་སྲིད་པར་འཁྱམས་པ་ཡིན་པས། ད་ནི་འཁོར་བ་དང་ངན་སོང་གི་གནས་ལས་ཐར་དགོས་པས། དེ་ལས་ཐར་བར་བྱེད་པ་ལ་སྡིག་སྒྲིབ་ཉེས་ལྟུང་། འཁོར་བ་ཐོག་མེད་ནས་བསགས་པའི་རིའི་རྒྱལ་པོའི་རི་རབ་ལས་མཐོ་བ། མཐའི་རྒྱ་མཚོ་ཆེན་པོ་ལས་ཟབ་པ་ལྟ་བུ་སོགས་ཡོད་ཤག་ཤག་ཡིན་པས། སྡིག་ལྟུང་ཉེས་སྒྲིབ་དེ་ཐམས་ཅད་སྙིང་ཐག་པ་ནས། མི་འཆབ། མི་སྦེད། མཐོལ་ཞིང་། འགྱོད་པ་དྲག་པོ་དང་བཅས་ནས་བཤགས་པ་ཡིན་ཞེས། བཤགས་པའི་སེམས་ཀྱིས་གཉེན་པོ་སྟོབས་བཞི་ཚང་པའི་སྒོ་ནས་བཤགས་དགོས། སྟོབས་བཞི་མ་ཚང་ན་ཁ་ཙམ་གྱིས་བཤགས་པ་ཡིན་ཞེས་རུང་བཤགས་ཐུབ་པ་མིན་ལ། ཁྱད་པར་དུ་སྡིག་པ་བྱེད་དགོས་རུང་བཤགས་ཆོག་སྙམ་ནས་སྡིག་པ་ལ་འཇུག་ན་ནི་སྡིག་པ་ལྷག་པར་ལྕི་བ་བཤགས་མེད་ཀྱི་སྡིག་པར་འགྱུར་བའོ། །སྟོབས་བཞི་ནི། རྟེན་གྱི་སྟོབས། སུན་འབྱིན་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སོར་ཆུད་པའི་སྟོབས་སོ། །དང་པོ་རྟེན་གྱི་སྟོབས་ནི། སྐྱབས་ཡུལ་ཀུན་འདུས་ཀྱི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་མདུན་གྱི་ནམ་མཁར་གསལ་འདེབས་པའོ། །སུན་འབྱིན་པའི་སྟོབས་ནི། སྔོན་ཆད་སྡིག་ལྟུང་བསགས་པའི་ཉེས་སྒྲིབ་ལ་ཁོང་དུ་དུག་སོང་བ་ལྟ་བུའི་འགྱོད་པ་དྲག་པོ་བྱ་བའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྤྱིར་མདོ་འདོན་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་ཡིན་ཡང་། སྐབས་འདིར་མཚོན་ན་མདུན་གྱི་ཐུགས་རྗེ་ཆེན་པོ་ལ་མོས་གུས་གདུང་བ་ཆེར་བསྐྱེད་ཀྱིས་འགྱོད་པ་དྲག་པོས་ཉེས་ལྟུང་བཤགས་སེམས་ཀྱི་སྒོ་ནས་སྡིག་པ་ཐམས་ཅད་ལྕེ་ཐོག་ཏུ་བསྡུས་ནས་གཟུངས་སྔགས་ཡི་གེ་དྲུག་མ་བཟླས་པས་བྱེ་མ་ལ་ཆུ་བརྒྱབ་པ་ལྟར་དུ་ཧ་ར་ར་སོང་ནས་ཟད་པར་བསམ་པའོ། །སོར་ཆུད་པའི་སྟོབས་ནི། ཕྱིན་ཆད་སྲོག་ལ་བབས་ཀྱང་ཉེས་ལྟུང་དེ་དང་དེ་ལྟ་བུ་མི་བྱེད་བསམ་པའི་སྡོམ་སེམས་བརྟན་པོ་བྱེད་པའོ། །ཐུགས་རྗེ་ཆེན་པོའི་སྤྲུལ་བ་རྒྱལ་པོ་སྲོང་བཙན་སྒམ་པོས། བློན་པོ་མགར་སྟོང་བཙན་ལ། ཁྱོད་ཀྱིས་ཚེ་སྟོད་དུ་སྤྱི་དང་བྱེ་བྲག་གི་དགོས་ཆེད་མང་པོ་ལ་བརྟེན་ནས་སྡིག་ལྟུང་མང་པོ་བསགས་ཡོད་པས། དེ་ལྟར་གྱིས་དང་། ཁྱོད་ཀྱི་སྡིག་ལྟུང་ཉམས་ཆགས་ཐམས་ཅད་དག་པ་ཡིན་ཞེས་གདམས་པ་དེ་བསྟན་པའོ། །སོར་ཆུད་པའི་རྟགས་ནི། རྨི་ལམ་དུ་ལུས་ལས་རྣག་ཁྲག་ཟག་པ་དང་། གོས་དྲི་མ་མེད་པ་གྱོན་པ་རྨིས་ན་སྡིག་སྒྲིག་དག་ནས་སོར་ཆུད་པ་ཡིན་ནོ། །སྡིག་པ་ལ་ཡོན་ཏན་མེད་ཀྱང་། བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་པས། གཉེན་པོ་སྟོབས་བཞི་ཚང་པའི་ངང་ནས་གསུང་མཆོག་རྒྱལ་པོ་ཡི་གེ་དྲུག་མ་སྒྲོངས། ཞེས་གསུངས་པའོ། །འདི་ཉོན་མོངས་པ་དྲུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་འཇོམས་པ་དང་སྦྱར་ན། ཨཱོྂ་གྱིས་ང་རྒྱལ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་འཇོམས། མ་ཡིས་ཕྲག་དོག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་འཇོམས། ཎི་ཡིས་ཐེ་ཚོམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་འཇོམས། པད་ཀྱིས་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་འཇོམས། མེས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་འཇོམས། ཧཱུྃ་གིས་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་འཇོམས་པར་བྱེད། ཉོན་མོངས་པ་དྲུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་འཇོམས་པར་བྱེད་པ་ཡང་། ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་།།

བཞི་བ་ལམ་གྱི་མཐུན་རྐྱེན་ཚོགས་བསག་པར་བསྟན་པ།

བཞི་བ་ལམ་གྱི་མཐུན་རྐྱེན་ཚོགས་བསག་པར་བསྟན་པ་ནི།

བདག་འཛིན་ཞེན་པའི་བློ་འདི་སྲིད་པའི་རྒྱུ།།

དེ་སླད་ལུས་དང་ལོངས་སྤྱོད་དགེ་བའི་ཚོགས།།

ཡར་མཆོད་མར་སྦྱིན་འཁོར་འདས་ཀུན་ལ་བསྔོ།།

གཅེས་འཛིན་རྒྱངས་ཀྱིས་སྐྱུར་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། སྲིད་པ་འཁོར་བའི་རྒྱུ་འཇིག་ལྟ་མ་རིག་པ་ཡིན་པས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཞེས་གསུངས་པ་ལྟར་དུ་ང་བདག་ཏུ་འཛིན་པ་དང་། མངོན་ཞེན་གྱི་བློའི་འཛིན་པ་དང་ཞེན་པ་དེ་ཆོད་པའི་སླད་དུ་བདག་གིས་ཡོངས་སུ་འཛིན་པའི་གཞི་ལུས་དང་གཅིག ལོངས་སྤྱོད་དང་གཉིས། དགེ་ཚོགས་དགེ་བའི་དངོས་པོ་དང་གསུམ་པོ་ཡར་བསོད་ནམས་ཀྱི་ཞིང་ལ་མཆོད་པ་དང་། མར་སྙིང་རྗེའི་ཞིང་ལ་སྦྱིན་པ་གཏོང་བ་ཡིན་བསམས་ཏེ། གཅེས་འཛིན་དང་ཞེན་འཛིན་རྒྱངས་ཀྱིས་སམ་ཁད་ཀྱིས་སྐྱུར་བ་སྟེ་བོར་ལ་ཡིག་དྲུག་སྒྲོངས་ཞེས་གསུངས་པའོ། །གཅེས་འཛིན་རྒྱངས་ཀྱིས་བོར་བས་བདག་འཛིན་རྩད་ནས་ཆོད་པའི་དོན་འདི་ཆོས་ཉིད་དང་སྦྱར་ན། ཨཱོྂ་ཆོས་ཉིད་སྤྲོས་བྲལ། མ་ཆོས་ཉིད་རང་བྱུང་། ཎི་ཆོས་ཉིད་རང་གསལ། པད་ཆོས་ཉིད་གསལ་དག མེ་ཆོས་ཉིད་སྟོང་གསལ། ཧཱུྃ་ཆོས་ཉིད་ཀ་དག་གོ །གང་ལྟར་བཤད་རུང་ཆོས་ཉིད་ཅེས་པ་ཐམས་ཅད་ངོ་བོ་གཅིག་ཡིན་པས། ཆོས་ཉིད་ཀྱི་དོན་རྟོགས་པས་ཚོགས་གཉིས་རང་ཤུགས་སུ་རྫོགས་པའོ།།

ལྔ་བ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པའི་ཐབས་དམ་པ་བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་བསྟན་པ།

ལྔ་བ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པའི་ཐབས་དམ་པ་སྟེ། བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་བསྟན་པ་ནི།

སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རྗེ།།

སྐུ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན།།

བླ་མ་སྤྱན་རས་གཟིགས་དང་དབྱེར་མེད་དུ།།

དད་པའི་གདུང་ཤུགས་སྐྱེད་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། དཔལ་ལྡན་བླ་མ་དམ་པ་ནི་འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་བ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་བམ་ཕྲིན་ལས་པ་ཡིན་པས། སངས་རྒྱས་ཀུན་གྱི་ངོ་བོ་འདུས་པ་ནི་རྗེ་བླ་མ་ཡིན་ཞིང་། ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། སྐུ་དྲིན་གྱི་ངོས་ནས་སངས་རྒྱས་ཀུན་ལས་ཀྱང་ལྷག་པའི་མགོན་ནམ་སྐྱབས་སུ་གྱུར་པ་ཡིན་པའོ། །བླ་མ་བསྟེན་ཅིང་སྒྲུབ་དུས། དང་པོ་བླ་མ་བརྟག་ལ་མཁས་པ། བར་དུ་བླ་མ་བསྟེན་ལ་མཁས་པ། ཐ་མ་དགོངས་སྤྱོད་བསླབ་ལ་མཁས་པ་སྟེ་རྣམ་པ་གསུམ་གྱི་ཐོག་ནས་བླ་མ་བསྟེན་ལུགས་སྤྱིར་བསྟན་ཅིང་། ཁྱད་པར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་རང་ཉིད་ཀྱི་ཆོས་སྐད་དང་མཐུན་པའི་དོན་རྟགས་མཚོན་པ་གསུམ་གྱིས་གསུངས་པ་སྟེ། དོན་གྱི་བླ་མ་དང་། རྟགས་ཀྱི་བླ་མ་དང་། མཚོན་པའི་བླ་མ་དང་གསུམ་མོ། །དོན་གྱི་བླ་མ་ལ་སྐྱེ་མེད་དོན་གྱི་བླ་མ་དང་། འགག་མེད་དོན་གྱི་བླ་མ་དང་། རིས་མེད་དོན་གྱི་བླ་མ་དང་། སྤྲོས་བྲལ་དོན་གྱི་བླ་མ་དང་། གསལ་སྟོང་ཉམས་ཀྱི་བླ་མ་དང་། རིག་པ་རང་ཤར་གྱི་བླ་མ་དང་ནང་གསེས་རྣམ་པ་དྲུག་ལས། དོན་ཆོས་ཉིད་སྐྱེ་བ་མེད་པ་ཡེ་ནས་རང་ལ་གནས་པ་རང་གིས་ངོ་ཤེས་པས་སྐྱེ་མེད་དོན་གྱི་བླ་མའོ། །དོན་ཆོས་ཉིད་འགག་པ་མེད་པ་རང་བྱུང་རང་ཤར་རང་གིས་ངོ་ཤེས་པས་འགག་མེད་དོན་གྱི་བླ་མའོ། །དོན་ཆོས་ཉིད་མཉམ་པ་རིས་མེད་དུ་འདུག་པ་རང་གིས་ངོ་ཤེས་པས་རིས་མེད་དོན་གྱི་བླ་མའོ། །དོན་ཆོས་ཉིད་སྤྲོས་བྲལ་དུ་འདུག་པ་རང་གིས་ངོ་ཤེས་པས་སྤྲོས་བྲལ་དོན་གྱི་བླ་མའོ། །དོན་ཆོས་ཉིད་གསལ་སྟོང་དུ་འཆར་བ་རང་གིས་ངོ་ཤེས་པས་གསལ་སྟོང་ཉམས་ཀྱི་བླ་མའོ། །དོན་ཆོས་ཉིད་རང་བྱུང་དུ་ཤར་བ་རང་གིས་ངོ་ཤེས་པས་གསལ་སྟོང་ཉམས་ཀྱི་བླ་མའོ། །དོན་ཆོས་ཉིད་རང་བྱུང་དུ་ཤར་བ་རང་གིས་ངོ་ཤེས་པས་རིག་པ་རང་ཤར་གྱི་བླ་མའོ། །དེ་ལྟར་རྣམ་པ་དྲུག་གསུངས་པའོ། །རྟགས་ཀྱི་བླ་མ་ཡང་དེ་བཞིན་དུ་རྣམ་པ་དྲུག སྣང་བ་རང་ཤར་གྱི་བླ་མས་སྣང་སྲིད་རང་གྲོལ་དུ་སྟོན། རྣམ་རྟོག་རང་གྲོལ་ལམ་སློང་གི་བླ་མས་འགྱུ་དྲན་རང་སར་གྲོལ་བར་སྟོན། དུག་ལྔ་རྟོག་བྲལ་གྱི་བླ་མས་ཉོན་མོངས་པ་རང་གྲོལ་དུ་སྟོན། རྐྱེན་སྣང་ཐོག་འགྱེལ་གྱི་བླ་མས་འགལ་རྐྱེན་རང་གྲོལ་དུ་སྟོན། རང་སྣང་རིས་མེད་ཀྱི་བླ་མས་སྣང་བ་ལ་དགག་སྒྲུབ་རང་གྲོལ་དུ་སྟོན། འཁོར་བ་རྒྱས་འདེབས་ཀྱི་བླ་མས་རིགས་དྲུག་གི་སྐྱེ་གནས་རང་ཤར་རང་གྲོལ་དུ་སྟོན་ནོ། །མཚོན་པའི་བླ་མ་ལ་ཡང་རྣམ་པ་དྲུག་སྟེ། རྩ་བའི་བླ་མ་དང་། དབང་བསྐུར་བའི་བླ་མ་དང་། བྱིན་གྱིས་རློབ་པའི་བླ་མ་དང་། ལུང་འབོགས་པའི་བླ་མ་དང་། བརྒྱུད་པའི་བླ་མ་དང་། འདྲེན་པའི་བླ་མ་དང་དྲུག་གོ །རྩ་བའི་བླ་མ་གང་ལ་བྱ་ན། དང་པོ་དབང་བསྐུར། བར་དུ་རྒྱུད་བཤད། ཐ་མ་གདམས་ངག་བཏབ་པ་སྟེ་གསུམ་ལྡན་ནོ། །དེ་ལ་རང་གི་སྙིང་ངམ་སྲོག་ལྟ་བུར་བཀུར་རོ། །གཉིས་པ་དབང་གི་བླ་མ་ནི། དབང་བཞི་རྫོགས་པར་བསྐུར་བའམ་གསུམ་ལ་སོགས་པ་བསྐུར་ནས། ལུས་ངག་ཡིད་གསུམ་སྨིན་པར་བྱས་པས་མ་ལྟ་བུ་ཡིན་ཏེ་རང་གི་མའམ་ལུས་ཀྱི་ཡན་ལག་ལྟ་བུར་བཀུར་རོ། །གསུམ་པ་བྱིན་གྱིས་རློབ་པའི་བླ་མ་ནི། རང་གི་ལུས་ངག་ཡིད་གསུམ་ལ་བླ་མའི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ནས་ནད་གདོན་བར་ཆད་ཞི་བར་བྱེད་པ་དེ་ཡིན་པས་རང་གི་ཕ་ལྟ་བུ་ལ་ལུས་ཀྱི་ཉིང་ལག་བཞིན་དུ་བཀུར་རོ། །བཞི་བ་ལུང་འབོགས་པའི་བླ་མ་ནི། བཤད་སྒྲུབ་ལ་སོགས་པའི་ལུང་ཕོག་པ་དེ་ཡིན་ཏེ་རང་གི་ལུས་ཀྱི་ཟླ་གྲོགས་ལྟ་བུར་བརྩེ་གདུང་འབྲེལ་བས་མགོ་བོའི་ཐོད་བཞིན་དུ་བཀུར་རོ། །ལྔ་པ་བརྒྱུད་པའི་བླ་མ་བྱ་བ། གཅིག་ནས་གཅིག་ཏུ་བརྒྱུད་པའི་བླ་མ་གོང་མ་རྣམས་ཡིན་ནོ། །སྤུན་ཟླ་ལྟ་བུ་ཐབས་མེད་པར་ཤིན་ཏུ་གཅེས་པར་བཀུར་རོ། །དྲུག་པ་འདྲེན་པའི་བླ་མ་བྱ་བ། ཆོས་གང་ཡིན་པ་དེ་མཛད་པའི་མཁན་པོ་སེམས་ཅན་འཁོར་བ་ནས་བྱང་ཆུབ་ཏུ་འདྲེན་པ་དེ་ལ་བྱ་སྟེ། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྟར་བཀུར་རོ། །དེ་ལྟ་བུའི་བླ་མ་ཐམས་ཅད་ཀྱི་ནང་ནས་གཙོ་བོ་རྩ་བའི་བླ་མ་འཕགས་མཆོག་སྤྱན་རས་གཟིགས་དང་དབྱེར་མེད་དུ་གསལ་བ་ལ། དད་པའི་གདུང་ཤུགས་དྲག་པོས་ལུས་ཀྱི་བ་སྤུ་ཟིང་། མིག་ནས་མཆི་མ་ཐོན་པར་བསྐྱེད་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འདི་བྱིན་རླབས་དང་སྦྱར་ན། ཨཱོྂ་གྱིས་སྐུའི་བྱིན་རླབས་ལུས་ལ་འབྱུང་། མས་གསུང་གི་བྱིན་རླབས་ངག་ལ་འབྱུང་། ཎིས་ཐུགས་ཀྱི་བྱིན་རླབས་སེམས་ལ་འབྱུང་། པད་ཀྱིས་ཡོན་ཏན་གྱི་བྱིན་རླབས་རང་ལ་འབྱུང་། མེས་འཕྲིན་ལས་ཀྱི་བྱིན་རླབས་གང་འདོད་པར་འབྱུང་། ཧཱུྃ་གིས་བྱིན་རླབས་ཐམས་ཅད་ཐོགས་པ་མེད་པར་འབྱུང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འབྱུང་བར་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པས་འབྱུང་བ་ཡིན་ནོ།།

དྲུག་པ་རྒྱུ་རྡོ་རྗེ་བཞིའི་ངོ་བོར་སྒྲུབ་པའི་དབང་བཞི་བསྟན་པ།

དྲུག་པ་རྒྱུ་རྡོ་རྗེ་བཞིའི་ངོ་བོར་སྒྲུབ་པའི་དབང་བཞི་བསྟན་པ་ལ་གཉིས་ལས།

དང་པོ་རང་དོན་དུ་ལམ་དབང་ལེན་པར་བསྟན་པ།

དང་པོ་རང་དོན་དུ་ལམ་དབང་ལེན་པར་བསྟན་པ་ནི།

སྒྲིབ་བྱང་ལམ་སྒོམ་སྐུ་བཞི་མངོན་དུ་བྱེད།།

དབང་བཞིའི་བདག་ཉིད་བླ་མ་སྤྱན་རས་གཟིགས།།

རང་སེམས་བླ་མར་ཤེས་ན་དབང་བཞི་རྫོགས།།

རང་དབང་རང་ཐོབ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ལུས་དང་ངག་དང་ཡིད་དང་སྒོ་གསུམ་ཆ་མཉམ་པའི་སྒྲིབ་པ་བཞི་བྱང་བ་དང་། ལམ་བསྐྱེད་རིམ་དང་རླུང་དང་གཏུམ་མོ་དང་རྫོགས་ཆེན་བཞི་སྒོམ་པ་ལ་དབང་བ་དང་། འབྲས་བུ་སྤྲུལ་སྐུ་དང་ལོངས་སྐུ་དང་ཆོས་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་སྟེ་སྐུ་བཞི་མངོན་དུ་བྱེད་པའི་ནུས་པ་རང་རྒྱུད་ལ་འཇོག་པས། དབང་བཞིའི་བདག་ཉིད་དེ་དབང་བཞིའི་འབྱུང་གནས་ནི་རྩ་བའི་བླ་མ་འཕགས་མཆོག་སྤྱན་རས་གཟིགས་ཡིན་ལ། གོང་དུ་སྨོས་པ་བཞིན་དུ་རང་སེམས་ཆོས་ཉིད་དོན་གྱི་བླ་མ་ཡིན་པར་ངོ་ཤེས་ན། བུམ་དབང་དང་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་ཚིག་དབང་རིན་པོ་ཆེ་སྟེ་དབང་བཞི་རང་ལ་རྫོགས་པ་ཡིན་པས། རང་ལ་ཡོད་པའི་དབང་རང་གིས་ཐོབ་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འདི་དབང་དང་སྦྱར་ན། ཨཱོྂ་གྱིས་ལྷ་དབང་ལུས་ལ་བསྐུར་བར་བྱེད། མས་སྔགས་དབང་ངག་ལ་བསྐུར་བར་བྱེད། ཎིས་ཆོས་དབང་སེམས་ལ་བསྐུར་བར་བྱེད། པད་ཀྱིས་བུམ་པའི་དབང་གིས་ལུས་སྨིན་པར་བྱེད། མེས་གསང་བའི་དབང་གིས་ངག་སྨིན་པར་བྱེད། ཧཱུྃ་གིས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཚིག་དབང་རིན་པོ་ཆེས་སེམས་སྨིན་པར་བྱེད། དེ་ལྟར་དབང་གིས་ལུས་ངག་ཡིད་གསུམ་སྨིན་པ་དང་། སྐུ་བཞིའི་ཡེ་ཤེས་བསྐྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་།།

གཉིས་པ་གཞན་དོན་དུ་བྱིན་རླབས་ཐུགས་རྗེའི་དབང་བསྐུར་བར་བསྟན་པ།

གཉིས་པ་གཞན་དོན་དུ་བྱིན་རླབས་ཐུགས་རྗེའི་དབང་བསྐུར་བར་བསྟན་པ་ནི།

འཁོར་བ་རང་སྣང་ཙམ་སྟེ་ལོགས་ན་མེད།།

སྣང་སྲིད་ལྷ་རུ་ཤེས་ན་གཞན་དོན་རྫོགས།།

དག་སྣང་དབང་བཞི་འགྲོ་ལ་དུས་གཅིག་བསྐུར།།

འཁོར་བ་དོང་སྤྲུགས་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཕུང་པོ་ལྔ་ཡིས་བསྡུས་པའི་སྣོད་བཅུད་ཀྱི་འཁོར་བ་འདི། རང་སྣང་འཁྲུལ་བའི་སྣང་བ་ཙམ་སྟེ་དོན་དུ་བདེན་པར་གྲུབ་པ་ཞིག་ལོགས་ན་མེད་ཅིང་། སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དག་པ་ལྷ་དང་དཀྱིལ་འཁོར་གྱི་རྣམ་པར་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་ན། བདག་གཞན་གཉིས་འཛིན་གྱི་རྟོག་པ་དག་ནས་གཞན་དོན་ངང་གིས་རྫོགས་པས། དག་པ་རབ་འབྱམས་ཀྱི་སྣང་བ་རུ་གོམས་དུས། མ་དག་མཚན་འཛིན་གྱི་རྟོག་པ་ཟུར་ན་ཡོད་པ་མིན་པས། མ་དག་པ་མེད་པའི་དག་པ་ཡེ་ཤེས་ཀྱི་དབང་བཞི་འགྲོ་བ་ཡོངས་ལ་དུས་གསུམ་མཉམ་ཉིད་ཡིན་པའི་དུས་གཅིག་ལ་བསྐུར་ནས། ཁམས་གསུམ་འཁོར་བའི་མིང་ཡང་མི་གྲག་པའི་འཁོར་བ་དོང་སྤྲུགས་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འདི་འགྲོ་དོན་དྲུག་དང་སྦྱར་ན། ཨཱོྂ་གྱིས་འགྲོ་དྲུག་གི་སྡུག་བསྔལ་བསལ་བར་བྱེད། མས་འགྲོ་དྲུག་བུ་བཞིན་དུ་སྐྱོང་བར་བྱེད། ཎིས་འགྲོ་དྲུག་འཁོར་བའི་གནས་ནས་འདྲེན་པར་བྱེད། པད་ཀྱིས་འགྲོ་དྲུག་བདེ་བའི་གནས་སུ་འགོད་པར་བྱེད། མེས་འགྲོ་དྲུག་གི་ལས་དང་སྒྲིབ་པ་སྦྱོང་ཞིང་སྲེག་པར་བྱེད། ཧཱུྃ་གིས་འགྲོ་དྲུག་གི་དུག་ལྔ་གནས་སུ་སྦྱོང་བར་བྱེད་དོ། །འགྲོ་དྲུག་གི་སྒྲིབ་པ་སྦྱོང་ཞིང་དོན་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པ་ལས་ཐོབ་པར་བྱེད་པ་ཡིན་ནོ།།

བདུན་པ་སྣང་སྟོང་ལྷ་སྐུའི་བསྐྱེད་རིམ་བསྟན་པ།

བདུན་པ་སྣང་སྟོང་ལྷ་སྐུའི་བསྐྱེད་རིམ་བསྟན་པ་ནི།

བསྐྱེད་རིམ་རྣམ་གྲངས་མང་མང་བློར་མི་འཁྱུད།།

བདེ་གཤེགས་གཅིག་བསྒོམས་རྒྱལ་བ་ཀུན་གྱི་ངང་།།

གང་སྣང་སྣང་བ་ཐུགས་རྗེ་ཆེན་པོའི་སྐུ།།

སྣང་སྟོང་ལྷ་སྐུའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། འདི་ནི་འཁྱེར་སོ་གསུམ་ལས་ལུས་ལྷ་ཡི་འཁྱེར་སོ་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་རིགས་བརྒྱ་རིགས་སྟོང་བྱེ་བ་གྲངས་མེད་ཀྱི་ཞལ་ཕྱག་ཚོམ་བུའི་སྤྲོས་པའི་རྣམ་གྲངས་མང་མང་པོར་གོམས་ཆ་མེད་པ་ཞིག་གིས་བློར་མི་འཁྱུད་པའམ་སེམས་སུ་མི་ལོང་ནས་སྒོམ་མི་ཐུབ་ཀྱང་། བདེ་གཤེགས་གཅིག་བསྒོམས་པས་རྒྱལ་བ་ཐམས་ཅད་ཀུན་པོ་དེར་རྫོགས་པའི་སྤྲོས་མེད་ངང་སྒོམ་གང་དུ་ཇི་ལྟར་སྣང་བའི་གཟུགས་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་དང་ཞིང་ཁམས་ཡིན་པར་གསལ་འདེབས། སྣང་བཞིན་སྟོང་བ། སྟོང་བཞིན་སྣང་བ། གང་སྣང་ལྷ་སྐུར་ཤར་བའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །དེ་ཡང་ཐུགས་རྗེ་ཆེན་པོའི་སྐུའི་གསལ་སྣང་འདི་སྐུ་གསུམ་གྱི་དབྱེ་བའི་ཐོག་ནས་ཕྱེས་ན། ཆོས་སྐུ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ། ལོངས་སྐུ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་ཕྱག་བརྒྱད་པ། སྤྲུལ་སྐུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ངོ་། །དེ་ལ་ཆོས་སྐུ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་ནི། འཁོར་བའི་སྐྱོན་གྱིས་མ་གོས་པའི་སྐུ་མདོག་དཀར་པོ། ཆོས་ལོངས་སྤྲུལ་བའི་སྐུ་གསུམ་ཡང་སྐུ་གསུམ་ཚང་བས་གཉིས་མེད་ཆོས་སྐུའི་རྩ་བའི་ཕྱག་གཉིས་ཐལ་མོར་སྦྱར་བ། ལོངས་སྐུ་ཤེས་རབ་ཀྱི་པདྨ་གཡོན་ན་འཛིན་པ། སྤྲུལ་སྐུ་ཐབས་ཀྱི་བགྲང་ཕྲེང་གཡས་ན་འཛིན་པ། ཞབས་གཉིས་སེམས་ཅན་གྱི་དོན་ལ་རིས་མེད་པདྨའི་གདན་ལ་བཞུགས་པ་ཡིན་པའོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་ཕྱག་བརྒྱད་པ་ནི། རྣམ་དག་དྲི་མ་མེད་པའི་སྐུ་མདོག་དཀར་ལ་འཚེར་བ། རྩ་བ་ཆོས་སྐུའི་ཕྱག་གཉིས་ཐལ་མོར་སྦྱར་བ། ཡན་ལག་ལོངས་སྐུའི་ཕྱག་གསུམ་གྱི་དང་པོར་སྐྱོན་གྱིས་མ་གོས་པའི་པདྨ་དཀར་པོ་འཛིན་པ། གཉིས་པ་ཉོན་མོངས་དག་བྱེད་ཀྱི་རིལ་བ་སྤྱི་བླུགས་ཐོགས་པ། གསུམ་པ་ཐབས་དང་ཤེས་རབ་གཉིས་མེད་ཀྱི་མདའ་གཞུ་བསྣམས་པའོ། །ཉིང་ལག་སྤྲུལ་སྐུའི་ཕྱག་གསུམ་གྱི་དང་པོས་འཁོར་བའི་སེམས་ཅན་འདྲེན་པའི་ཤེལ་དཀར་གྱི་བགྲང་ཕྲེང་འཛིན་པ། གཉིས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བའི་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གསུམ་པས་འཕོ་ཞིང་གཅོད་བའི་དོན་མཚོན་པར་བྱེད་པའི་འགྲོ་ལ་ཆོས་འཁོར་སྐོར་བའི་གསེར་གྱི་འཁོར་ལོ་བསྐོར་བར་མཛད་པ། འགྲོ་དོན་རིངས་པའི་བརྡར་ཞབས་གཉིས་པདྨའི་གདན་ལ་མཉམ་པར་བཞུགས་པའོ། །སྤྲུལ་སྐུ་ཕྱག་སྟོང་སྤྱན་སྟོང་ནི། སྐུ་མདོག་དཀར་པོ་ཆོས་སྐུ་ཞི་བའི་ཞལ་གསུམ། ལོངས་སྐུ་བཞད་པའི་ཞལ་གསུམ། དམར་སྨུག་གཙིགས་པའི་ཞལ་གཉིས། སྤྲུལ་སྐུ་ཁྲོས་པའི་ཞལ་གཉིས། འོད་དཔག་མེད་ཀྱི་དབུ་དང་བཅུ་གཅིག་ཡིན་པའོ། །རྩ་བ་ཆོས་སྐུའི་ཕྱག་བཅུ་ཡོད་པ་ལས། རྩ་བའི་ཕྱག་གཉིས་ཀ་ཐུགས་ཀར་ཐལ་མོར་སྦྱར་བ། དེའི་འོག་མ་གཉིས་ན་ཕྲེང་བ་དང་པདྨ་འཛིན་པ། དེའི་འོག་མ་གཉིས་ན་འཁོར་ལོ་དང་རིལ་བ་སྤྱི་བླུགས་འཛིན་པ། དེའི་འོག་མ་གཉིས་ན་མཆོག་སྦྱིན་གྱི་ཕྱག་རྒྱ་དང་རིན་པོ་ཆེ། དེའི་འོག་མ་གཉིས་ན་སྤྲུལ་སྐུ་དང་མདའ་གཞུ་འཛིན་པའོ། །ཡན་ལག་ལོངས་སྐུའི་ཕྱག་སུམ་ཅུ་སོ་བརྒྱད་ཡོད་པ་ལས། གཡས་ཀྱི་བཅུ་དགུ་ན། རིན་པོ་ཆེ། ཞགས་པ། ལྷུང་བཟེད། རལ་གྲི། རྡོ་རྗེ། རྡོ་རྗེ་རྒྱ་གྲམ། ཆུ་ཤེལ། མེ་ཤེལ། མདའ་གཞུ། ལྕུག་མ། རྔ་གཡབ། ཕུབ། བུམ་པ། དགྲ་སྟ། ཕྲེང་བ། པདྨ་སྔོན་པོ། ཉི་མ། ཟླ་བ། པདྨ་དཀར་པོ་འཛིན་པའོ། །གཡོན་གྱི་བཅུ་དགུ་ན། སྤྲིན། སྤྱི་བླུགས། པདྨ་སེར་པོ། རལ་གྲི། དུང་དཀར། ཐོད་དབྱུག ཕྲེང་བ། དྲིལ་བུ། རྡོ་རྗེ། ལྕགས་ཀྱུ། གསིལ་བྱེད། སྤྲུལ་སྐུ། གཞལ་མེད་ཁང་། གླེགས་བམ། འཁོར་ལོ། སྤྲུལ་བའི་གཟུགས། རྒུན་འབྲུམ། པདྨ་དམར་པོ། རིན་པོ་ཆེ་ཟུར་བརྒྱད་པ་འཛིན་པའོ། །ཉིང་ལག་སྤྲུལ་སྐུའི་ཕྱག་སྟོང་ནི། མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་ཕྱག་མཐིལ་ན་སྤྱན་རེ་རེ་གསལ་བས་འགྲོ་དྲུག་སེམས་ཅན་རྣམས་ལ་ཐུགས་རྗེས་ཕྱོགས་རིས་མེད་པར་མཉམ་པར་གཟིགས་པ། ཞབས་གཉིས་འགྲོ་བའི་དོན་ལ་མྱུར་སྟབས་ཀྱིས་བཞེངས་པར་མཛད་པའོ། །ཐང་སྐུ་བྲིས་ཆ་དག་མ་དང་། སྐུ་གཟུགས་ཚད་ལྡན་དག་ལ་བལྟས་ན་ཤེས། ལྷ་གང་སྒོམ་ན་ཡང་ལྕགས་ཀྱིས་མགར་བའི་འབར་འབུར་དང་། ཤིང་གིས་བྱས་པའི་གཤོང་མོ། ཐང་ཀའི་ངོས་སུ་བྲིས་པའི་རྒྱབ་མེད་ལེབ་མོ་ལྟ་བུ་མིན་པར་ནམ་མཁའི་འཇའ་ཚོན་ལྟར། སྣང་ལ་རང་བཞིན་མེད་པ། འོད་ཀྱི་ལུས་ལ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་བསྒོམ་དགོས། སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ཤིན་ཏུ་རྒྱས་པར་སྒོམ་ན་རྒྱལ་བ་རིགས་ལྔ། ཡུམ་ཆེན་ཤེར་ཕྱིན་རིགས་དྲུག རིགས་དྲུག་གི་ཐུབ་པ་དྲུག བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པ་འཁོར་ཤིན་ཏུ་མང་བར་བསྐྱེད་ཆོག་རྒྱས་པ་ལྟར་དུ་སྒོམ་ཚུལ་ཡོད་ཀྱང་། ཤིན་ཏུ་བསྡུས་ཏེ་སྒོམ་སླ་བར་བཤད་ན། ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། མདུན་དུ་ཡུམ་ཡི་གེ་དྲུག་མ་སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བ། གཡས་སུ་སྲས་ནོར་བུ་འཛིན་པ་དཀར་པོ་རིན་པོ་ཆེའི་སྡོང་བུ་འཛིན་པ། གཡོན་དུ་སྲས་མོ་རིགས་སྔགས་འཛིན་མ་དཀར་མོ་ཤེལ་ཕྲེང་འཛིན་པ། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་ཤ་སྟག་ཡིན་པར་བསྒོམ་དགོས། སྙིང་ཐིག་གི་རྩ་བའི་གདན་ས་འདི་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེས་ནས། དབང་ཡང་ལན་གྲངས་དུ་མར་བསྐུར་བ་ཡིན་པས། འདིའི་བསྐྱེད་རིམ་གྱི་གསལ་སྣང་དང་བསྟུན་ནས་བསྒོམ་ན། རང་ཉིད་གང་དུ་གནས་པའི་ས་ཕྱོགས་དེ་ཉིད་རི་བོ་པོ་ཏ་ལའི་ཞིང་ཁམས་བརྡ་རྟགས་མཚན་ཉིད་ཐམས་ཅད་རྫོགས་པའི་དཀྱིལ་འཁོར་གྱི་དབུས་སུ། སྣ་ཚོགས་པདྨ་དང་ཉི་མ་ཟླ་བའི་གདན་སྟེང་ན་ཡི་གེ་ཧྲཱིཿ་ ཡིག་ཡོངས་སུ་གྱུར་བ་ལས། རང་ཉིད་འཕགས་མཆོག་སྙིང་རྗེའི་ལྷ་སྡུག་བསྔལ་རང་གྲོལ་སྐུ་མདོག་དཀར་པོ། ཞལ་གཅིག ཕྱག་བཞི། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཀྱིས་བགྲང་ཕྲེང་དང་པདྨ་དཀར་པོ་བསྣམས་པ། ལོངས་སྤྱོད་རྫོགས་སྐུའི་དར་དང་རིན་ཆེན་གྱི་རྒྱན་གྱིས་མཛེས་པ། ཞི་ཚུལ་དགུ་དང་། རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པ། དབུ་གཙུག་ན་རིགས་བདག་འོད་དཔག་མེད་པས་མཚན་པ། ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ་མཁའ་འགྲོ་རིགས་བཞི་སྟེ། ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར་མོ། ལྷོ་རུ་འོད་ཟེར་ཅན་མ་སྐུ་མདོག་སེར་མོ། ནུབ་ཏུ་ཀུ་རུ་ཀུ་ལེ་དམར་མོ། བྱང་དུ་ནོར་རྒྱུན་ལྷ་མོ་ལྗང་མོ་དག་གིས་ཞི་རྒྱས་དབང་དྲག་གི་ལས་བཞི་འགྲུབ་པ། སྒོ་བཞིར་དབང་ཆེན་སྡེ་བཞི་ལས་རང་མདོག་ཅན། མཐའ་སྐོར་བར་མཚམས་སུ་སངས་རྒྱས་བྱང་སེམས་རིག་འཛིན་གྱིས་སྐོར་བ། སྣང་སྟོང་སྒྲིབ་གཡོགས་དང་བྲལ་བའི་དབྱིངས་ན་གསལ་བར་བསྒོམ་དགོས་པའོ། །འདི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་སྤྱིའི་ཁོག་དབུབ་གོང་ནས་ཞུས་པ་ལྟར་དུ། ཆོས་སྐུ་ཐུགས་རྗེ་ཆེན་པོ་ཞག་གཅིག་ཕྱག་བཞི་པ། ལོངས་སྐུ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་ཕྱག་བརྒྱད་པ། སྤྲུལ་སྐུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་། གཞན་ཡང་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ། རིག་པ་རྟགས་ཀྱི་ཐུགས་རྗེ་ཆེན་པོ། མཚོན་པ་དཔེའི་ཐུགས་རྗེ་ཆེན་པོ་དང་སྦྱར་ན། ཨཱོྂ་གྱིས་སྐུ་དྲུག་བདེ་བར་ཆེན་པོར་ཤར། མས་ཉོན་མོངས་དྲུག་རང་སར་ཞི། ཎིས་རིགས་དྲུག་གི་སྐྱེ་རྒྱུན་གཅོད། པད་ཀྱིས་རང་རིག་པའི་ཡེ་ཤེས་དྲུག་ཤར། མེས་སྡུག་བསྔལ་བདེ་བར་ཤར། ཧཱུྃ་གིས་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱུན་གཅོད་པར་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་།།

བརྒྱད་པ་བཟླས་བརྗོད་སྔགས་དང་བསྙེན་པར་བསྟན་པ།

བརྒྱད་པ་བཟླས་བརྗོད་སྔགས་དང་བསྙེན་པར་བསྟན་པ་ནི།

བཟླས་བརྗོད་བསྙེན་སྒྲུབ་ལས་སྔགས་སྤྲོས་པ་ཙམ།།

ཆིག་ཆོད་ཡི་གེ་དྲུག་པ་ཆོས་ཀྱི་སྒྲ།།

སྒྲ་གྲག་འཕགས་པའི་གསུང་དང་འདུ་འབྲལ་མེད།།

གྲག་སྟོང་སྔགས་སུ་ཤེས་པས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། སྤྱིར་ཐུགས་རྗེ་ཆེན་པོའི་སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་པའི་སྐབས་སུ། ངག་དག་པ་སྔགས་ཀྱི་འཁོར་ལོ་ལ་རྣམ་པ་དྲུག་གི་སྒོ་ནས་དྲུག་སྐོར་ལས། ཕྱི་མདོ་སྡེ་ལྟར་གཞན་དོན་དུ་བཟླས་པ་དང་། ནང་གསང་སྔགས་ལྟར་བསྙེན་སྒྲུབ་ཏུ་བཟླས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བརྡའི་ཚུལ་དུ་བཟླས་པ་དང་། བླ་མ་དང་ལྷ་ལ་གསོལ་བ་བཏབ་པ་མ་ལ་བུ་འབོད་ཀྱི་ཚུལ་དུ་བཟླས་པ་དང་། སྒྲིབ་སྦྱོང་ཆོས་སྤྱོད་ཀྱི་ཚུལ་དུ་བཟླས་པ་དང་། རྡོ་རྗེའི་བཟླས་པ་མཉམ་བཞག་བསམ་གཏན་གྱི་ཚུལ་དུ་བཟླས་པ་དང་དྲུག་གསུངས་ཤིང་། དེ་ལས་བསྙེན་སྒྲུབ་ལ་བསྙེན་པ་ནི། ཡེ་ཤེས་སེམས་དཔའ་དང་། དམ་ཚིག་སེམས་དཔའ་གཉིས་ལས་ཡེ་ཤེས་པ་བསྙེན་པ་ལ་བྱ་ལ། སྒྲུབ་པ་ནི། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསྒྲུབ་པ་ལ་བྱ་ཞིང་། དེ་དག་གི་སྐབས་སུ་འོད་ཟེར་སྤྲོ་བསྡུ་ལ་སོགས་པ་བཟླས་དམིགས་ཀྱི་སྤྲོས་པ་མང་བ་ཡིན་ཡང་། སྒྲ་གྲག་ཐམས་ཅད་ཆིག་ཆོད་ཡི་གེ་དྲུག་པ་ཆོས་ཀྱི་སྒྲ་འཕགས་པའི་གསུང་དང་འདུ་འབྲལ་མེད་པར་ཤེས་ན། བཟླས་སྔགས་བསྙེན་པ་ཚང་མ་དེའི་ནང་དུ་འཐུས་ཤིང་། དཀྱིལ་འཁོར་གསུམ་གྱི་ནང་གསེས་གྲག་པ་གསུང་གི་དཀྱིལ་འཁོར་ནི། སྐྱེ་འགྲོ་གཟུགས་ཀྱིས་བསྡུས་པ་ཐམས་ཅད་ཀྱི་སྐད། ས་སྒྲ་ཆུ་སྒྲ་མེ་སྒྲ་རླུང་སྒྲ། སེམས་ཅན་གྱི་སྒྲ། རྟེན་འབྲེལ་གྱི་སྒྲ་ལ་སོགས་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་མ་གཏོགས་གཞན་མེད་པས་ཁམས་གསུམ་ཐམས་ཅད་དུ་དིར་གྱིས་གྲག་ཅིང་བཟླས་པར་བསམས་ནས་ཡི་གེ་དྲུག་མ་བཟླ་དགོས། ངག་སྔགས་ཀྱི་གདངས་ཀྱིས་ཟིན་པས་ཐུགས་རྗེ་ཆེན་པོའི་གསུང་ལ་འགག་པ་དང་། རྒྱུན་ཆད་པ་མི་མངའ་སྟེ། སྔགས་དང་སྙིང་པོ་རྒྱུན་མི་ཆད་པའོ། །གྲག་སྟོང་སྔགས་སུ་ཤེས་པ་ནི་འཁྱེར་སོ་གསུམ་གྱི་ནང་ཚན་ངག་སྔགས་སུ་འཁྱེར་བ་ཡིན་པས་གྲག་པ་གསུང་ཡི་གེ་དྲུག་མའི་གདམས་ངག་འཁྱེར་ཤེས་ན་ངག་སྔགས་སུ་སྨིན་པས། ངག་སྔགས་ཀྱི་བརྟུལ་ཞུགས་ཀྱིས་འགྲོ་བ་དབང་དུ་འདུས། གྲག་སྟོང་ཟུང་དུ་འཇུག ཐུགས་རྗེ་ཆེན་པོའི་གསུང་དུ་གྲོལ་བའོ། །འདི་གསོལ་འདེབས་དང་སྦྱར་ན། ཨཱོྂ་སྐུ་ལ་གསོལ་བ་འདེབས། མ་གསུང་ལ་གསོལ་བ་འདེབས། ཎི་ཐུགས་ལ་གསོལ་བ་འདེབས། པད་ཡོན་ཏན་ལ་གསོལ་བ་འདེབས། མེ་ཕྲིན་ལས་ལ་གསོལ་བ་འདེབས། ཧཱུྃ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཆར་ལ་གསོལ་བ་འདེབས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལ་གསོལ་བ་ཕར་བཏབ་པས། བྱིན་རླབས་ཚུར་འབྱུང་བར་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པས་འབྱུང་ངོ་།།

དགུ་བ་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པར་བསྟན་པ།

དགུ་བ་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པར་བསྟན་པ་ནི།

སྒྲིབ་གཉིས་རྣམ་རྟོག་ཞི་ན་ཉམས་རྟོགས་རྒྱས།།

རང་སྣང་དབང་དུ་འདུས་ན་དགྲ་བགེགས་ཐུལ།།

མཆོག་ཐུན་ཚེ་འདིར་སྩོལ་མཛད་སྤྱན་རས་གཟིགས།།

ལས་བཞི་ལྷུན་གྲུབ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། སེར་སྣ་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང་། འཁོར་གསུམ་དུ་རྣམ་པར་རྟོག་པ་ཤེས་བྱའི་སྒྲིབ་པ་སྟེ་སྒྲིབ་གཉིས་ཀྱི་རྣམ་རྟོག་ཞི་ན། བདེ་དང་། གསལ་བ། སྟོང་པ་སོགས་ཀྱི་ཉམས་དང་། རྟོགས་པའི་ཡེ་ཤེས་ཀྱི་རྩལ་ནང་ནས་རྒྱས་ཤིང་། རང་སྣང་དབང་དུ་འདུས་ན། གཞན་སྣང་ཟིལ་གྱིས་རང་ཤུགས་ཀྱིས་ནོན་པ་ཆོས་ཉིད་ཡིན་པས། ཕྱིའི་དགྲ་བགེགས་སོགས་སྒྲུབ་ལ་བར་དུ་གཅོད་པའི་འཚེ་བ་ཐུལ་བས་མ་ཚད། མཆོག་གི་དངོས་གྲུབ་རིག་འཛིན་རྣམ་པ་བཞི་འགྲུབ་པ་དང་། ཐུན་མོང་གི་དངོས་གྲུབ། རིལ་བུ་དང་། མིག་སྨན་དང་། ས་འོག་དང་། རལ་གྲི་དང་། ནམ་མཁར་འཕུར་བ་དང་། མི་སྣང་དང་། འཆི་བ་མེད་པ་དང་། ནད་འཇོམས་ཏེ་བརྒྱད་སོགས་ཐོབ་པར་འགྱུར་རོ། །ཐུགས་རྗེ་ཆེན་པོ་སྒོམ་པའི་རྣལ་འབྱོར་པས། ལུས་ལྷ་ཡི་དཀྱིལ་འཁོར་དུ་བསྒོམ་སྟེ། སྣང་བ་སྐུའི་ཏིང་འཛིན་དང་མི་འབྲལ་བས་ལྷ་སྣང་རྒྱུན་མི་ཆད་པར་ཐུགས་རྗེ་ཆེན་པོའི་སྐུ་སྒྲུབ་པས་སྐུ་འགྲུབ། ངག་གྲག་པ་སྒྲ་ཡི་དཀྱིལ་འཁོར་སྔགས་ཀྱི་ཏིང་འཛིན་དང་མི་འབྲལ་བས་ངག་སྔགས་སུ་གྲོལ་ནས་ཐུགས་རྗེ་ཆེན་པོའི་གསུང་སྒྲུབ་པས་གསུང་འགྲུབ། ཡིད་དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ཆོས་ཉིད་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བས་སེམས་ཆོས་ཉིད་དུ་གྲོལ་ནས་ཐུགས་རྗེ་ཆེན་པོའི་ཐུགས་འགྲུབ་བོ། །དེ་ལྟར་སྐུ་གསུང་ཐུགས་གསུམ་པོ་འགྲུབ་སྟེ་མཆོག་ཐུན་གྱི་དངོས་གྲུབ་ཚེ་འདིར་འགྲུབ་ཅིང་། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོའི་ལས་བཞི་ཐོགས་མེད་ལྷུན་གྱིས་གྲུབ་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འདི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བྱིན་རླབས་དངོས་གྲུབ་ཐོབ་པ་དང་སྦྱར་ན། ཨཱོྂ་གྱིས་སྐུ་ཡི་བྱིན་རླབས་དང་དངོས་གྲུབ་ཐོབ། མ་ཡིས་གསུང་གི་བྱིན་རླབས་དང་དངོས་གྲུབ་ཐོབ། ཎི་ཡིས་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ། པད་ཀྱིས་ཡོན་ཏན་གྱི་བྱིན་རླབས་དང་དངོས་གྲུབ་ཐོབ། མེ་ཡིས་ཕྲིན་ལས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ། ཧཱུྃ་གིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བྱིན་རླབས་དང་དངོས་གྲུབ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འབྱུང་བར་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པས་འབྱུང་བ་ཡིན་ནོ།།

བཅུ་བ་ཆོས་སྤྱོད་ཡོངས་རྫོགས་ཀྱི་ངང་ནས་ཡིག་དྲུག་བཟླ་ཚུལ་བསྟན་པ།

བཅུ་བ་ཆོས་སྤྱོད་ཡོངས་རྫོགས་ཀྱི་ངང་ནས་ཡིག་དྲུག་བཟླ་ཚུལ་བསྟན་པ་ནི།

གང་ཤར་གཏོར་མ་ཤར་གྲོལ་མགྲོན་ལ་བསྔོས།།

སྣང་སྟོང་སཱཙྪ་གང་སྣང་ས་ལ་འདེབས།།

གཉིས་མེད་ལྷ་ཕྱག་སེམས་ཉིད་མགོན་ལ་འཚལ།།

ཆོས་སྤྱོད་ཡོངས་རྫོགས་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། དགེ་རྩ་སྒྲུབ་པ་ལ་ཆོས་སྤྱོད་ཀྱི་བྱ་བ་མང་པོ་ཡོད་པས། རྩེ་གཅིག་སྒྲུབ་ལ་གཞོལ་བའི་སྤོང་བ་བསམ་གཏན་ལ་བརྩོན་པའི་རྣལ་འབྱོར་པས་ཀྱང་། མཆོད་སྦྱིན་གཏོར་བ་བསྔོ་བ་ལ་སོགས་པ་ཆོས་སྤྱོད་ཀྱང་རྒྱུན་གྱི་རྣལ་འབྱོར་དུ་བྱེད་ཅིང་། ཚོགས་ཆུང་རིམ་ནས་དམིགས་མེད་དང་སྦྲེལ་ནས་གསོག་པས། སྤྱིར་གཏོར་མ་ལ་བཤད་པ་མང་ཡང་གསུམ་དུ་ཕྱེས་ན། སྣང་སྲིད་གཞི་བཞེངས་ཀྱི་གཏོར་མ་དང་། བག་ཆགས་འཁྲུལ་དག་གི་གཏོར་མ་དང་། སྣང་བ་རྒྱན་གྱི་གཏོར་མ་དང་གསུམ་མོ། །དང་པོ་སྣང་སྲིད་གཞི་བཞེངས་ཀྱི་གཏོར་མ་ནི། འདི་ལྟར་སྣང་ཞིང་སྲིད་པའི་ཆོས། འཁོར་འདས་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རྩིས་གདབ་མེད་པར། སྤང་བླང་དགག་སྒྲུབ་མེད་པར་གཏོར་མར་འབུལ་བའོ། །འཛིན་པ་མེད་པས་གཏོར་ཞེས་བྱ། དགག་སྒྲུབ་མེད་པས་མ་ཞེས་བྱའོ། །གཉིས་པ་བག་ཆགས་འཁྲུལ་དག་གི་གཏོར་མ་ནི། དུག་གསུམ་གྱི་རྣམ་རྟོག་དང་། དུག་ལྔ་སྔར་བསགས་པ་དང་། ད་ལྟ་སྤྱོད་པ་དང་། མ་འོངས་པའི་སྔོན་བསུ་བ་ཐམས་ཅད་སྔ་མ་ལ་མ་ཆགས། ད་ལྟ་ལ་མ་ཞེན། ཕྱི་མ་ལ་མི་ཞེན་པར་ཆགས་མེད་འཛིན་མེད་དུ་རང་ཞི། རང་དག་རང་དྭངས་སུ་གཏོང་ངོ་། །དེ་ལ་གཏོར་མར་བྱ་དོན་ནི། ཆགས་ཞེན་མེད་པས་གཏོར་ཞེས་བྱ། རང་སར་གྲོལ་བས་མ་ཞེས་བྱའོ། །གསུམ་པ་སྣང་བ་རྒྱན་གྱི་གཏོར་མ་ནི། མིག་གི་ཡུལ་དུ་གཟུགས་མཐོང་ཚད། རྣ་བའི་ཡུལ་དུ་སྒྲ་ཐོས་ཚད་ལ་སོགས་པ། སྣ། ལྕེ། ལུས། ཡིད་ཀྱི་ཡུལ་དུ་དྲན་རྟོག་ཅི་བྱུང་ཐམས་ཅད་རང་ཤར་རང་གྲོལ་དུ་སྤྱོད་ལ་ཞེན་པར་མེད་པར་འབུལ་ལོ། །འདོད་ཡོན་མ་སྤངས་རང་བྱུང་རང་ཤར་བས་གཏོར་ཞེས་བྱ། རང་སར་གྲོལ་ནས་རང་ས་རང་དག་པས་མ་ཞེས་བྱའོ། །སྐབས་འདིར་གསུམ་པོ་ལ་སྦྱར་ཆོག་སྟེ། གང་ཞིག་བསྔོ་བྱའི་གང་ཤར་གྱི་གཏོར་མ། གང་ལ་བསྔོ་ཡུལ་ཤར་གྲོལ་གྱི་མགྲོན་ལ་བསྔོ་བའི་སྐབས་སུ། ཤར་གྲོལ་རིས་མེད་མཉམ་པར་གདལ་ཚེ་གཏོར་མ་བསྔོ་བའི་མཆོག་ཡིན་ནོ། །ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་སཱཙྪ་འདི་ཡང་ཕྱི་ནང་གསང་བ་གསུམ། དོན་རྟགས་མཚོན་པ་གསུམ་སྟེ་དྲུག་གི་ཐོག་ནས་གསུངས་པ་ལས། ཕྱིའི་སཱཙྪ་ནི། འདག་པ་ལ་རིན་པོ་ཆེ་དང་སྨན་སྣ་བཏབ་ལ་འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ། ཨཱོྂ་མ་ནི་པདྨེ་ཧཱུྃ་ཞེས་བཟླས། འབི་འབི་བྱས་ལ་ཆོས་སྐུ་བསམ། སྐུ་པར་དུ་བཅུག་པས་ལོངས་སྐུར་བསམ། ཕྱི་ལ་བཏོན་པས་མཆོད་རྟེན་དུ་གྲུབ་པ་སྤྲུལ་སྐུ་ཐུགས་རྗེ་ཆེན་པོར་བསམ་པའོ། །ནང་གི་སཱཙྪ་ནི། རྣལ་འབྱོར་པས་ཟས་ཟ་བ་རིན་ཆེན་གྱི་ཕུང་པོར་བསམས་ལ། ཁམ་དུ་བཅད་པས་ཆོས་སྐུར་བསམ། ཟས་ཁོང་དུ་མིད་པས་ལོངས་སྐུར་བསམ། དྲི་མ་ཕྱིར་བྱུང་བས་སྤྲུལ་སྐུར་བསམ། སེམས་ཅན་གྱིས་དྲི་ཚོར་བས་སྒྲིབ་པ་བྱང་བར་བསམ་མོ། །གསང་བའི་སཱཙྪ་ནི། རང་ལུས་ཤའི་འདག་པ་ལ། ཡི་དམ་ཐུགས་རྗེ་ཆེན་པོའི་ཚ་ཚ་གདབ། གསལ་བར་འདུག་ན་ཐེབས་པ་ཡིན། གདབ་རྒྱུ་མེད་ན་བསྟེན་པ་ཡིན་ནོ། །དོན་གྱི་སཱཙྪ་ནི། གཞི་དངོས་པོ་གནས་ལུགས་ཀྱི་སྐུ་པར་དུ། རིག་པ་མ་འགག་པའི་འདག་པ་བཅུག་ནས། རང་ཤར་རང་གྲོལ་གྱི་སཱཙྪ་གདབ་པས། འདེབས་མཁན་མེད་ན་ཐེབས་པ་ཡིན་ནོ། །རྟགས་ཀྱི་སཱཙྪ་ནི། སྣོད་ཀྱི་འཇིག་རྟེན་ཀྱི་སྐུ་པར་དུ། བཅུད་ཀྱི་སེམས་ཅན་གྱི་འདག་པ་བཅུག་ནས། འཁོར་འདས་དབྱེར་མེད་ཀྱི་སཱཙྪ་གདབ། སེམས་སངས་རྒྱས་སུ་ལྷུན་གྱིས་གྲུབ་པ་ནི་ཚ་ཚ་ཐེབས་པའོ། །མཚོན་པའི་སཱཙྪ་ནི། ལག་པ་གཡས་པ་སྐུ་ལྔ། གཡོན་པ་ཡེ་ཤེས་ལྔར་གསལ་བཏབ་ནས། སྐུ་ལྔ་ཡེ་ཤེས་ལྔའི་བར་ནས་ལས་དང་བྱ་བ་བྱས་པ་ཐམས་ཅད། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དུ་བསམ། ཅི་བྱེད་སངས་རྒྱས་ཀྱི་མཛད་སྤྱོད་ཡིན། སེམས་བསྐྱེད་ཀྱིས་ཟིན་ན་ཐེབས་པ་ཡིན་ནོ། །སྐབས་འདིར་སྣང་སྟོང་གི་སཱཙྪ་གང་སྣང་གི་ས་ལ་འདེབས་པ་ནི་རྣལ་འབྱོར་པའི་རྟོགས་རིགས་ཀྱིས་གང་ལ་སྦྱར་ན་ཆོག་ཀྱང་། གསང་བ་དེ་ཁོ་ན་ཉིད་ཀྱི་སཱཙྪ་སྤྲོས་བྲལ་གྱི་གཞི་ལ་འདེབས་པ་ཞེས་བཀྲལ་ན་འབྲེལ་ཆགས་པར་སྣང་ངོ་། །ཆོས་སྤྱོད་ཀྱི་ནང་དུ་གཏོར་མ་བསྔོ་བ། སཱཙྪ་གདབ་པ། ཕྱག་འཚལ་བ་སོགས་ཡོད་པས་ཕྱག་འཚལ་བ་ལ་ཡང་ཕྱི་ནང་གསང་བ་ལ་སོགས་པའི་ཕྱག་འཚལ་ལུགས་ཀྱི་རྣམ་གྲངས་མང་ན་ཡང་། གསང་བ་དོན་གྱི་ཕྱག་འཚལ་བྱ་དང་། འཚལ་བྱེད། འཚལ་ཡུལ་དང་བཅས་པ་སོ་སོར་མ་གྲུབ་པ། གཉིས་མེད་ལྟ་བ་རང་ཞལ་མཇལ་བའི་དོན་ཕྱག་གིས་ཕྱག་འཚལ་བ་དང་བཅས་ཏེ་ཆོས་སྤྱོད་ཡོངས་རྫོགས་ཆོས་ཉིད་ཀྱི་དོན་མཐོང་བའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འདི་སྒྲིབ་སྦྱོང་དང་སྦྱར་ན། ཨཱོྂ་གྱིས་ལུས་ཀྱི་སྒྲིབ་པ་སྦྱོང་། མས་ངག་གི་སྒྲིབ་པ་སྦྱོང་། ཎིས་ཡིད་ཀྱི་སྒྲིབ་པ་སྦྱོང་། པད་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྦྱོང་། མེས་བག་ཆགས་ཀྱི་སྒྲིབ་པ་སྦྱོང་། ཧཱུྃ་གིས་ཤེས་བྱའི་སྒྲིབ་པ་སྦྱོང་། སྒྲིབ་པ་དྲུག་སྦྱོང་བ་ཡང་ཡི་གེ་དྲུག་པ་བཟླས་པས་འབྱུང་ངོ་།།

བཅུ་གཅིག་པ་ཚེ་འདིའི་ལས་རྫོགས་ངང་ནས་ཡིག་དྲུག་བཟླ་ཚུལ་བསྟན་པ།

བཅུ་གཅིག་པ་ཚེ་འདིའི་ལས་རྫོགས་ངང་ནས་ཡིག་དྲུག་བཟླ་ཚུལ་བསྟན་པ་ནི།

ཞེ་སྡང་དགྲ་བོ་བྱམས་པའི་མཚོན་གྱིས་ཐུལ།།

རིགས་དྲུག་གཉེན་འཁོར་སྙིང་རྗེའི་ཐབས་ཀྱིས་སྐྱོངས།།

དད་པའི་ཞིང་ལ་ཉམས་རྟོགས་ལོ་ཏོག་རྨོས།།

ཚེ་འདིའི་ལས་རྫོགས་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། འཇིག་རྟེན་པས་གོ་སླ་ཐབས་སུ་འཇིག་རྟེན་ཁྱིམ་གྱི་བྱ་བ་ལ་དཔེ་མཛད་པ་སྟེ། འཇིག་རྟེན་པའི་བྱ་བའི་གཙོ་བོ་ནི། དགྲ་འདུལ་བ་དང་། གཉེན་སྐྱོང་བ། སོ་ནམ་གྱི་བྱ་བ། རྒྱུ་ནོར་སྐྱེད་འཕེལ་གཏོང་བ་རྣམས་ཡིན་པས། དེ་དག་དང་སྦྱར་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་འདོད་ཀྱི་བྱམས་པའི་མཚོན་ཆ་བཟུང་བའི་སྟོབས་ཀྱིས། ཞེ་སྡང་གི་དགྲ་བོའི་གཡུལ་ལས་རྒྱལ་བས། གནོད་ཅིང་སྡང་བའི་ཞེ་སྡང་གི་དགྲ་བོ་དེ། ཕན་ཞིང་བྱམས་པའི་མཚོན་གྱིས་ཐུལ་ཞིག རིགས་དྲུག་སེམས་ཅན་ཐོག་མེད་ནས་ཕ་མ་བྱས་པའི་གཉེན་འཁོར་དེ་དག་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེའི་ཐབས་ཀྱིས་སྐྱོངས་ཤིག དད་པའི་ཞིང་ས་གཤིན་པོ་ལ་ཉམས་དང་རྟོགས་པའི་ལོ་ཏོག་རྨོས་ནས་འབྲས་བུ་གཡུར་དུ་ཟ་བ་ལོན་དགོས་པས། དད་པ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་གསུམ་ལས། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་གསུམ་སྐོར་གྱི་ནང་དུ། འདོད་པའི་དད་པ་ནི། སྐོམ་པས་ཆུ་འདོད་པ་ལྟར་དུ་འཁོར་བ་སྤོང་འདོད་དང་། མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་ཡིད་གདུང་བ་དང་བཅས་ནས་ཉམས་སུ་ལེན་ཅིང་སྒྲུབ་པ་བྱེད་པའོ། །དང་བའི་དད་པ་ནི། སྤྲོ་བ་སྐྱེས་པ་མི་འདོད་ཆེན་གྱིས་གསེར་གྱི་གཏེར་ཁ་རྙེད་པ་བཞིན་དུ་སྒྲུབ་པ་ཉམས་ལེན་བྱེད་པ་ལ་ཡིད་སྤྲོ་པའི་དགའ་བྲོད་དང་བཅས་ཉམས་སུ་ལེན་པའོ། །ཡིད་ཆེས་པའི་དད་པ་ནི། མས་བུ་ངོ་ཤེས་པ་ལྟར་ཐུགས་རྗེ་ཆེན་པོ་ལ་ཡིད་ཆེས་ནས། ཐེ་ཚོམ་དང་ཡིད་གཉིས་མེད་པར་ཆོས་ཉམས་སུ་ལེན་པའོ། །དེ་ལྟ་བུའི་དད་པ་གསུམ་གྱི་ཞིང་ས་ལ་བསྐྱེད་རྫོགས་ཟུང་འབྲེལ་གྱི་ཉམས་དང་རྟོགས་པ། བསྐྱེད་རིམ་གྱི་སྐབས་སུ་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པར་གོམས། རྫོགས་རིམ་དང་འབྲེལ་བའི་སྒོམ་པ་གསལ་འགྲིབ་མེད་པ་ཉི་མ་ལྟ་བུ་སྟོང་དང་སྙིང་རྗེ་དབྱེར་མེད་དུ་གོམས་པ་བརྟན་པས། བདེན་གཉིས་དབྱེར་མེད་ཀྱི་སྒོམ་པ་ཀུན་རྫོབ་རང་སྣང་མ་འགག་སྒྱུ་མ་རྨི་ལམ་ལྟ་བུ། དོན་དམ་ཅི་ཡང་བདེན་མེད་སྒྱུ་མ་ཞིག་པའམ་གཉིད་སད་པ་ལྟ་བུའི་ཉམས་རྟོགས་ཀྱི་ལོ་ཏོག་རྨོས་ནས། ཚེ་འདིའི་ལས་རྫོགས་ཀྱི་ངང་ནས་ཡིག་དྲུག་སྒྲོངས་ཞེས་གསུངས་པའོ། །འདི་འགྲོ་དོན་ཚད་མེད་པ་དྲུག་དང་སྦྱར་ན། ཨཱོྂ་འགྲོ་དོན་མཉམ་པ་རིས་མེད་ཐུགས་རྗེ་ཚད་མེད་པ། མ་བྱམས་པ་ཚད་མེད་པ། ཎི་སྙིང་རྗེ་ཚད་མེད་པ། པད་དགའ་བ་ཚད་མེད་པ། མེ་བཏང་སྙོམས་ཚད་མེད་པ། ཧཱུྃ་ཆོས་ཉིད་ཚད་མེད་པའོ། །ཚད་མེད་པ་དྲུག་གིས་འགྲོ་བའི་དོན་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པས་འགྲུབ་པར་འགྱུར་རོ།།

བཅུ་གཉིས་པ་གཤིན་པོའི་དགེ་རྫོགས་ཀྱི་ངང་ནས་ཡིག་དྲུག་བཟླ་ཚུལ་བསྟན་པ།

བཅུ་གཉིས་པ་གཤིན་པོའི་དགེ་རྫོགས་ཀྱི་ངང་ནས་ཡིག་དྲུག་བཟླ་ཚུལ་བསྟན་པ་ནི།

བདེན་ཞེན་རོ་རྒན་ཞེན་མེད་མེ་ལ་སྲེགས།།

འདིར་སྣང་བདུན་ཚིགས་སྙིང་པོའི་ཆོས་ཀྱིས་དེད།།

ཚོགས་བསགས་རོ་རྒྱགས་ཚེ་རབས་གསུར་དུ་བསྔོས།།

གཤིན་པོའི་དགེ་རྫོགས་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། འཇིག་རྟེན་གྱི་སྣང་ཤས་ཀྱིས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་འཕྱན། འདུ་བྱེད་ཀྱི་ལས་སྣ་ཚོགས་ཀྱིས་ཕྱི་མའི་བདེ་སྡུག་བསྐྱེད་ནས་འཁོར་བར་འཁྱམ་པས། འཇིག་རྟེན་འདིར་སྣང་གི་ཞེན་པ་ལྡོག་ཐབས་ཀྱི་ཆོས་ཤིག་དགོས་ལ། དེ་ཡང་སྐྱེ་བའི་མཐའ་མར་ཤི་ལ། ཤི་ནས་རོ་གོག་གཙང་མར་མི་བྱེད་ཐབས་མེད་ཡིན་པ་ལྟར་དུ། ཆོས་དང་གང་ཟག་ལ་བདེན་པར་ཞེན་པའི་བདག་འཛིན་ཨ་འཐས་ཀྱི་རོ་རྒན་དེ་ཉིད་ཞེན་མེད་སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་མེ་ལ་སྲེགས་ཤིག བར་དོའི་སེམས་ཅན་ལ་ཤི་ནས་ཉི་མ་བདུན་རེའི་མཚམས་ནས་སྔར་ཇི་ལྟར་ཤི་བའི་སྣང་བ་འཆར་བས་བདུན་ཚིགས་བཟུང་བ་གནད་དུ་ཆེ་བ་ཡིན་ཞིང་། སྤྱིར་བཏང་བར་དོའི་སེམས་ཅན་གྱི་ཚེ་ལ་ངེས་པ་མེད་ཀྱང་བདུན་ཕྲག་བདུན་རིང་ཚད་དུ་བཞག་ནས་བདུན་བདུན་བཞི་བཅུ་ཞེ་དགུའི་བདུན་ཚིགས་བཟུང་བ་ལྟར་དུ། འདིར་སྣང་གློ་བུར་གྱི་བདུན་ཚིགས་སྙིང་པོའི་ཉམས་ལེན་ལ་བརྩོན་པའི་ཆོས་ཀྱིས་དེད་ཅིག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་རོ་རྒྱགས་ཞེས་པ་ནི། རོར་གྱུར་པས་ཟས་ཟ་བ་མིན་ཡང་མིང་བཞི་འདུས་པའི་བར་དོའི་སེམས་ཅན་དེས་དྲི་ཙམ་གྱི་ཟས་ལ་བརྟེན་ཡོད་པས་གསུར་རྫས་ལ་རོ་རྒྱགས་ཀྱི་མིང་གིས་བསྟན་པ་དེ་ཉིད་ཚེ་རབས་གསུར་དུ་བསྔོས་ཞེས། དེ་ཡང་རྫས་སྔགས་ཏིང་འཛིན་གྱི་བྱེད་པ་ལ་བརྟེན་ནས་གང་འདོད་ལོངས་སྤྱོད་ཀྱི་དངོས་པོར་བསྒྱུར་ནས་མཆོད་སྦྱིན་བྱེད་པ་ལ་གསུར་བྱ་བས་མ་བསྔོས་ན་མི་ཐོབ་པས་བསྔོས་ཤིག །དེ་ལྟའི་ངང་ནས་གཤིན་པོའམ་ཤི་བོའི་དགེ་རྫོགས་ཀྱི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །ཐུགས་རྗེ་ཆེན་པོའི་དྲུག་སྐོར་གྱི་ཆོས་ཚན་ལས། རོ་བསྲེག་ལ་ཕྱི། ནང་། གསང་བ། དོན། རྟགས། མཚོན་པ་དྲུག་གིས་བསྟན་པ་ལས། ཕྱིའི་རོ་བསྲེག་ནི། རོ་བཀྲུས་ནས་རས་ཀྱིས་དྲིལ། འགྲོ་དྲུག་སྐྱེ་སྒོ་གཅོད་པའི་ཡི་གེ་དྲུག་པ་གདགས་ཤིང་དོང་དུ་བཅུག་ལ་མེ་ལ་སྦར་རོ། །ནང་གི་རོ་བསྲེག་ནི། རོའི་སྙིང་གར་ཐུགས་རྗེ་ཆེན་པོ་བསྐྱེད་ནས། སྲེག་རྫས་ཡམ་ཤིང་ཇོ་བོ་ཐུགས་རྗེ་ཆེན་པོའི་ཞལ་དུ་སོང་བར་བསམ་ཞིང་། ཨཱོྂ་མ་ཎི་པདྨེ་ཧཱུྃ་ཞེས་དབུལ་ལོ། །གསང་བའི་རོ་བསྲེག་ནི། བདུད་རྩིར་ཞི་བས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཉེས་ཤིང་ཚིམས་ནས་ཚེ་འདས་ཀྱི་སྒྲིབ་པ་མ་ལུས་པ་ཟད་པར་བསམ་མོ། །དོན་གྱི་རོ་བསྲེག་ནི། ཚེ་འདས་གཤིན་པོ་དེའི་སྡིག་སྒྲིབ་སྦྱངས་ནས། རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་ལ་གནས་པས་སྐྱེ་བ་མེད་པར་བསམ་མོ། །རྟགས་ཀྱི་རོ་བསྲེག་ནི། རིག་པ་མ་འགག་པ་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུས་འགྲོ་དོན་རྒྱུན་ཆད་མེད་པ་བྱེད་པར་བསམ་མོ། །མཚོན་པའི་རོ་བསྲེག་ནི། རུས་པ་དང་། ཐལ་བ་བསྡུས་ལ་ཚ་ཚ་བཏབ་སྟེ། སྤྲུལ་སྐུ་མདུན་གྱི་རྟེན་དུ་བཞག་གོ །དེ་ཡང་བདེན་ཞེན་གྱི་མཚན་མ་ལ་ཞེན་པ་མེད་པར་མ་དག་པའི་ཕུང་པོ་བསྲེགས་ནས། ཞེན་བྲལ་བདེན་མེད་ཆོས་དབྱིངས་སྐྱེ་འགག་དང་བྲལ་བར་སྦྱང་རྒྱུ་ཡིན་པའོ། །འདི་འགྲོ་དྲུག་གི་སྡུག་བསྔལ་འཇོམས་པའི་ཡིག་དྲུག་བཟླ་ཚུལ་དང་སྦྱར་ན། ཨཱོྂ་གྱིས་ལྷ་འཕོ་ལྟུང་གི་སྡུག་བསྔལ་སྦྱོང་། མས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་སྦྱོང་། ཎིས་མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱོང་། པད་ཀྱིས་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་སྦྱོང་། མེས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྦྱོང་། ཧཱུྃ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སྦྱོང་། འགྲོ་དྲུག་གི་སྡུག་བསྔལ་གྱི་གནས་སྦྱོང་བ་ཡང་ཡི་གེ་དྲུག་པ་བཟླས་པས་འབྱུང་ངོ་།།

བཅུ་གསུམ་པ་གསོན་པོའི་ཆོས་རྫོགས་ཀྱི་ངང་ནས་ཡིག་དྲུག་བཟླ་བ་བསྟན་པ།

བཅུ་གསུམ་པ་གསོན་པོའི་ཆོས་རྫོགས་ཀྱི་ངང་ནས་ཡིག་དྲུག་བཟླ་བ་བསྟན་པ་ནི།

དད་པའི་བུ་ཚ་ཉམས་ལེན་ཆོས་སྒོར་ཚུད།།

འདིར་སྣང་ཁྱིམ་དུ་ཞེན་ལོག་བུ་ཐང་ཞོག།

སྙིང་རྗེའི་བུ་མོ་ཁམས་གསུམ་མག་པར་བྱིན།།

གསོན་པོའི་ཆོས་རྫོགས་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། རང་རེ་བོད་ཀྱི་ཁྱིམ་ཚང་ཞིག་ལ་དཔེ་མཚོན་ན། གསོན་པོའི་འདུག་ཆུས་ལ་བུ་ཞིག་མཆིས་ཚེ་འདང་ཆེན་བརྩི་ནས་རབ་ཏུ་བྱུང་རྒྱུ་རེ་བའི་ནང་གི་ཆེ་ཤོས་བྱེད་ནས་ཆོས་སྒོར་བཙུད་པའམ་རིག་གནས་སློབ་སྦྱོང་བྱེད་དུ་འཇུག་པ་དང་། བུ་ཐང་ཁྱིམ་ལ་བཞག བུ་མོ་བག་མར་བཏང་ནས་ཁྱིམ་གྱི་ཆུས་དོན་བསྒྲུབས་ཡོད་ཅེས་པ་ལྟར་དུ། ཐར་བ་སྒྲུབ་པ་ལ་མེད་དུ་མི་རུང་བའི་དད་པ་ནོར་དང་གཏེར་དང་ལག་པ་ལ་སོགས་པ་དང་མཚུངས་པའི་བུ་གཅེས་ལྟ་བུ་དེ་ཉིད་ཉམས་ལེན་རྒྱུད་ལ་སྦྱོར་བའི་ཆོས་སྒོར་ཚུད་ཅིག འདིར་སྣང་ཁྱིམ་འདྲ་བ་ལ་མེད་དུ་མི་རུང་བའི་ཞེན་ལོག་བུ་ཐང་ལྟ་བུ་དེ་བསུས་ནས་ཞོག་ཅིག སྙིང་རྗེའི་བུ་མོ་ཁ་ཕྱིར་ལྟས་གྱུར་བ་དེ་ཉིད་ཁམས་གསུམ་གྱི་སེམས་ཅན་མག་པ་ལྟ་བུ་ལ་བག་མར་བྱིན་ཅིག་ཅེས་པའོ། །ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་སྙིང་རྗེ་ཤིན་ཏུ་གལ་ཆེ་བའི་ཆོས་སུ་བསྟན་ཏེ། ཕྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ། ནང་ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་གསུམ་གསུངས་པ་ལས། དང་པོ་ཕྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི། ཕ་མར་གྱུར་པའི་སེམས་ཅན་རིགས་དྲུག་གི་སྡུག་བསྔལ་གྱིས་མནར་ཞིང་གདུང་བ་འདི་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱའོ། །སྒྲོལ་བའི་ནུས་པ་ད་ལྟ་བདག་ལ་མེད་ཀྱང་། མ་འོངས་པར་བདག་གིས་ཐུགས་རྗེ་ཆེན་པོའི་འབྲས་བུ་བླ་མེད་ཀྱི་བྱང་ཆུབ་ཐོབ་དུས་སྒྲོལ་བར་ནུས་སྙམ་ནས་དེར་བརྩོན་པར་བྱེད་པའོ། །གཉིས་པ་ནང་ཆོས་ལ་དམིགས་པའི་སྙིང་རྗེ་ནི། སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ཆེད་དུ་ཡི་དམ་ཐུགས་རྗེ་ཆེན་པོའི་གསུང་ཡི་གེ་དྲུག་པ་གྲག་སྟོང་སྔགས་སུ་བཟླས་པར་བརྩོན་པའི་སྐབས་སུ། རྣམ་རྟོག་དང་། དུག་ལྔའི་རྟོག་པ་གང་སྐྱེས་ཐམས་ཅད། རང་ཤར་རང་གྲོལ་གྱི་ངང་ནས་བཟླས་པས། སྙིང་རྗེ་ཡས་བབ་ཀྱིས་འཁྲུངས་ནས། ཆོས་ཉིད་ཤར་གྲོལ་གྱི་དོན་མ་རྟོགས་པར་གཟུང་འཛིན་འཁྲུལ་སྣང་ལ་བདེན་པར་བཟུང་ནས། རིགས་དྲུག་ཏུ་འཁོར་བ་འདི་རྣམས་སྙིང་རེ་རྗེ་བསམ་པའི་སྙིང་རྗེ་ཤུགས་འབྱུང་གིས་ཆོས་ཉིད་རྟོགས་པའི་བྱིན་རླབས་ཀྱིས་བྱུང་བ་དེའོ། །གསུམ་པ་དམིགས་པ་མེད་པའི་སྙིང་རྗེ་ནི། ཆོས་ཉིད་རྟོགས་པ་དང་། དམིགས་མེད་ཀྱི་སྙིང་རྗེ་སྐྱེ་བ་དུས་མཉམ་ཡིན་པས། སེམས་ཅན་མི་དམིགས་འཁོར་བ་རང་གྲོལ། སངས་རྒྱས་མི་དམིགས་མྱང་འདས་ཡེ་དག གང་དུའང་དམིགས་པ་མེད་པའི་ཆོས་ཉིད་ཆེན་པོའི་ངང་དུ་མཉམ་པར་བཞག་པའོ། །དེ་ཡང་སེམས་ཅན་ལ་དམིགས་པའི་སྙིང་རྗེས་འབྲས་བུ་སྤྲུལ་སྐུར་འཆར་བ་དང་། ཆོས་ལ་དམིགས་པའི་སྙིང་རྗེས་འབྲས་བུ་ལོངས་སྐུར་འཆར་བ་དང་། དམིགས་པ་མེད་པའི་སྙིང་རྗེས་འབྲས་བུ་ཆོས་སྐུར་འཆར་བ་ཡིན་ནོ། །དེ་ལྟ་བུའི་སྙིང་རྗེ་གསུམ་གྱིས་རྒྱུད་འབྱོངས་མ་འབྱོངས་ལས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་ཡིན་མིན་གྱི་དབྱེ་བའང་འབྱེད་དོ། །དེ་ཡང་ལྷ་ཐུགས་རྗེ་ཆེན་པོ་ཡབ་ཀྱི་ཚུལ་དུ་སྣང་བ་དང་། ཡུམ་ཡི་གེ་དྲུག་མ་ཡུམ་གྱི་ཚུལ་དུ་སྣང་བ་དང་། སྲས་ནོར་བུ་འཛིན་པ་སྲས་ཀྱི་ཚུལ་དུ་སྣང་བ་དང་། སྲས་མོ་རིགས་སྔགས་འཛིན་པ་སྲས་མོའི་ཚུལ་དུ་སྣང་བ་ནི་འཇིག་རྟེན་གྱི་ཕ་མ་བུ་གསུམ་འདུལ་བའི་ཆེད་དུ་དེ་དང་སྒོ་བསྟུན་ནས་མཚོན་བྱེད་རྟགས་ཀྱི་ལྷར་སྣང་བ་ཡིན་གྱི། མཚན་མ་རིས་ཅན་གྱི་ཞལ་ཕྱག་ཅན་དུ་ཡོད་པ་མིན་ནོ། །དེ་ལྟར་གསོན་པོའི་ཆོས་རྫོགས་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འདི་ཆོས་ཉིད་ཀྱི་དོན་དང་སྦྱར་ན། ཨཱོྂ་ཡེ་ཤེས་རང་གསལ་ཆོས་ཉིད་ཀྱི་དོན། མ་སྙིང་པོ་རང་བྱུང་ཆོས་ཉིད་ཀྱི་དོན། ཎི་འཁོར་བ་རང་ལོག་ཆོས་ཉིད་ཀྱི་དོན། པད་དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཉིད་ཀྱི་དོན། མེ་རྣམ་རྟོག་བག་ཆགས་དབྱིངས་སུ་སྲེག་པ་ཆོས་ཉིད་ཀྱི་དོན། ཧཱུྃ་འགྱུར་མེད་ཐུགས་ཆོས་ཉིད་ཀྱི་དོན། ཆོས་ཉིད་དོན་གྱི་གནས་ལུགས་ཀྱང་ཡི་གེ་དྲུག་པ་བཟླས་པས་རྟོགས་པར་འགྱུར་རོ།།

གཉིས་པ་དངོས་གཞིའི་ལྟ་སྒོམ་གྱི་གནད་བསྟན་པ།

གཉིས་པ་དངོས་གཞིའི་ལྟ་སྒོམ་གྱི་གནད་བསྟན་པ་ལ་བརྒྱད་ལས།

དང་པོ་གྲོལ་ལུགས་གནད་ཀྱི་ངང་ནས་ཡིག་དྲུག་བགྲང་བའི་ཚུལ་བསྟན་པ།

དང་པོ་གྲོལ་ལུགས་གནད་ཀྱི་ངང་ནས་ཡིག་དྲུག་བགྲང་བའི་ཚུལ་བསྟན་པ་ནི།

སྣང་ཚད་འཁྲུལ་བ་ལགས་ཏེ་བདེན་པར་མེད།།

འཁོར་འདས་རྣམ་རྟོག་ཙམ་སྟེ་ལོགས་ན་མེད།།

རྣམ་རྟོག་ཤར་གྲོལ་ཤེས་ན་ས་ལམ་རྫོགས།།

གྲོལ་ལུགས་གནད་ཀྱི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། སྣང་མེད་ཀྱི་འོད་གསལ་ལ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་ཕྱི་ནང་གསང་བ་དོན་རྟགས་མཚོན་པ་དྲུག་གིས་བསྟན་པ་ལས། དོན་གྱི་འོད་གསལ་མངོན་དུ་མ་གྱུར་ཀྱི་བར་དུ་སྣང་ཚད་འཁྲུལ་བ་ཡིན་པས་འཁྲུལ་སྣང་ལ་བདེན་པ་མེད། དོན་གྱི་ཐོག་ནས་བཤད་ན་འཁོར་འདས་ཞེས་པའང་རྣམ་རྟོག་འཁྲུལ་བས་བཏགས་པའི་འཁྲུལ་སྣང་ཙམ་ལས་ལོགས་ཤིག་ཏུ་བདེན་པར་གྲུབ་པ་མེད་ཅིང་། རྣམ་རྟོག་ཤར་དུས་ནས་གཞི་མེད་དུ་ཤར། རྟེན་མེད་དུ་གྲོལ་བ་ཡིན་པའི་གནད་ཤེས་ན། ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་རྩོལ་མེད་དུ་རྫོགས་པ་ཡིན་པས། དེ་ལྟར་གྲོལ་ལུགས་ཀྱི་གནད་ཤེས་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འདིའི་ཐད་ནས་ཉོན་མོངས་སྐྱེས་གྲོལ་དུས་མཉམ་ཞེས་པ་ནི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་ཆོས་སྐད་དམིགས་བསལ་པ་ཞིག་ཡིན་ལ། ཉོན་མོངས་དུག་ལྔ་སྐྱེས་པ་དང་གྲོལ་བ་དུས་མཉམ་སྟེ། ཞེ་སྡང་སྐྱེས་པའི་དུས་སུ་ཞེ་སྡང་འབྱུང་བས་སྟོང་སྟེ། འདི་ནས་བྱུང་བྱ་བའི་ཁུངས་ཡོད་པ་མིན། ཞེ་སྡང་སྐྱེ་བའི་ཡུལ་གྱིས་སྟོང་སྟེ། འདི་ལས་སྐྱེས་བྱ་བ་མེད། ཡུལ་གང་ལ་ཡང་རང་བཞིན་མེད་པར་སྟོང་། ཞེ་སྡང་རང་གི་ངོ་བོས་སྟོང་སྟེ། དངོས་པོ་དང་མཚན་མར་མ་གྲུབ། ཞེ་སྡང་སྤང་དུ་མེད་དེ་རང་བྱུང་རང་ཤར། ཞེ་སྡང་མི་གནས་ཏེ་རང་སར་གྲོལ་བས་ཆོས་ཉིད་སྟོང་བའི་ངང་ལ་གནས་སོ། །དེ་བཞིན་དུ་འདོད་ཆགས། གཏི་མུག ང་རྒྱལ། ཕྲག་དོག་རྣམས་ཀྱང་མ་སྤངས་ལ་མི་གནས་པར་རང་ཤར་རང་གྲོལ་དུ་བཞེད་དོ། །འདི་ཕྱོགས་མེད་ལྟ་སྒོམ་སྤྱོད་འབྲས་དང་སྦྱར་ཏེ་བཤད་ན། ཨཱོྂ་གོལ་ས་མེད་པའི་ལྟ་བ་ཕྱོགས་རིས་མེད་པ་ནམ་མཁའ་ལྟ་བུ། ཐུགས་རྗེ་ཆེན་པོའི་ཐུགས་མཐའ་བྲལ་ཕྱོགས་མེད་ལ་ངོ་སྤྲད། མ་འགྱུར་བ་མེད་པའི་སྒོམ་པ་ལ་གསལ་འགྲིབ་མེད་པ་ཉི་མ་ལྟ་བུ། ཎི་སྣང་བ་ལ་སྐྱོན་དུ་མི་ལྟ་བས་རྒྱ་མཚོའི་རླབས་ལྟ་བུ། པད་བླང་དོར་མེད་པས་སྤྱོད་པ་ལ་བྱ་མི་བྱ་མེད་པ་ཚངས་པའི་དྲི་མ་ལ་བཀྲུ་མི་དགོས་པ་ལྟ་བུ། མེ་མི་ཐུབ་པའི་ཕྱོགས་གང་ཡང་མེད་པས་རྡོ་རྗེ་ལྟ་བུ། ཧཱུྃ་འབྲས་བུ་རང་ལ་གནས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །རྣལ་འབྱོར་པས་དེ་ལྟར་འཁྱེར་ཤེས་ན། མི་མཐུན་པའི་ཕྱོགས་གང་ཡང་མེད་པས་གཉེན་པོ་བཙལ་མི་དགོས་སོ།།

གཉིས་པ་རིག་སྟོང་རྗེན་པར་བཞག་པའི་གནད་བསྟན་པ།

གཉིས་པ་རིག་སྟོང་རྗེན་པར་བཞག་པའི་གནད་བསྟན་པ་ནི།

རང་སེམས་རིག་སྟོང་གཉིས་མེད་ཆོས་སྐུའི་ངང་།།

མ་བཅོས་གཉུག་མར་བཞག་ན་རང་གསལ་འཆར།།

བྱར་མེད་ཆིག་ཆོད་ངང་དུ་བྱས་ཆོས་ཟིན།།

རིག་སྟོང་རྗེན་པར་ཞོག་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། རང་སེམས་ཀུན་རྫོབ་ཏུ་སྣང་བའི་ཆོས་ཅན་འདིའི་ཆོས་ཉིད་ནི། མ་རིག་པའམ་མི་ཤེས་རྨོངས་པའི་ལྡོག་ཟླར་གྱུར་པའི་གསལ་བ་ལྷུན་གྲུབ་ཀྱི་རིག་པའི་ཡེ་ཤེས། སྟོང་པ་ཆེན་པོའི་དབྱིངས་དང་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ཡིན་པས། དེའི་ངང་དུ་རེ་དོགས་གཉིས་འཛིན་གྱི་འཁྲུལ་རྟོག་གིས་མ་བཅོས་པར་གཉུག་མའམ་ཡེ་ནས་གནས་པའི་ཆོས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་བཞག་ན་རང་བྱུང་གི་ཡེ་ཤེས་མ་བཅོས་རང་གསལ་དུ་འཆར་བ་ཡིན་པས། བྱར་མེད་རྩོལ་སྒྲུབ་དང་བྲལ་བ་ས་ལམ་ཆིག་ཆོད་ཀྱི་ངང་དུ་བྱས་ཆོས་ཐམས་ཅད་བྱས་ཟིན་པ་ཡིན་པས། རིག་སྟོང་རང་གི་ངོ་བོ་ལ་བཅོས་སླད་མེད་པར་རང་སོ་རྗེན་པར་ཞོག་ལ་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འདི་ཆོས་སྐུ་ཐུགས་རྗེ་ཆེན་པོའི་རང་སེམས་སྟོང་གསལ་འགག་མེད་ཡེ་ནས་རང་ལ་གནས་པ་ངོ་ཤེས་པར་གདམས་པའི་མན་ངག་གོ །འདི་ཡེ་ཤེས་དྲུག་དང་སྦྱར་ན། ཨཱོྂ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། མ་མེ་ལོང་ལྟ་བུའི་ཡེ་ཤེས། ཎི་མཉམ་པ་ཉིད་ཀྱི་ཡེ་ཤེས། པད་སོ་སོར་རྟོགས་པའི་ཡེ་ཤེས། མེ་བྱ་བ་ནན་ཏན་གྱི་ཡེ་ཤེས། ཧཱུྃ་ལྷན་ཅིག་སྐྱེས་པ་རང་བྱུང་གི་ཡེ་ཤེས། ཡེ་ཤེས་དྲུག་མ་བཙལ་རང་ལ་འཆར་བ་ཡང་ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་།།

གསུམ་པ་ཕྱག་ཆེན་གྱི་ཆོས་སྐད་དང་བསྟུན་པའི་རྣལ་འབྱོར།

གསུམ་པ་ཕྱག་ཆེན་གྱི་ཆོས་སྐད་དང་བསྟུན་པའི་རྣལ་འབྱོར་ལ། རྩེ་གཅིག སྤྲོས་བྲལ། རོ་གཅིག སྒོམ་མེད་དང་བཞི་ལས།

དང་པོ་རྩེ་གཅིག་ཉམས་ཀྱི་ངང་ནས་ཡིག་དྲུག་བགྲང་བའི་ཚུལ་བསྟན་པ།

དང་པོ་རྩེ་གཅིག་ཉམས་ཀྱི་ངང་ནས་ཡིག་དྲུག་བགྲང་བའི་ཚུལ་བསྟན་པ་ནི།

གནས་པའི་སྟེང་ནས་འགྱུ་བའི་རྗེས་མཐུད་ཆོད།།

འགྱུ་བའི་ངང་ནས་གནས་པའི་རང་ངོ་ལྟོས།།

གནས་འགྱུ་གཉིས་མེད་ཐ་མལ་ཤེས་པ་སྐྱོངས།།

རྩེ་གཅིག་ཉམས་ཀྱི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། མ་ཡེངས་ཐུགས་རྗེ་ཆེན་པོའི་གསལ་སྣང་ཏིང་འཛིན་ལ་བྱིང་རྒོད་དང་བྲལ་བར་གནས་པའི་སྟེང་ནས། སྔོན་ཤར་རྣམ་རྟོག་ཕྲ་རགས་འགྱུ་བའི་རྗེས་མི་མཐུད་པར་ཆོད་ལ། འགྱུ་བ་ཉིད་ཀྱི་ངང་ནས་མ་ཡེངས་གནས་པའི་རང་ངོ་ལ་ཅེར་གྱིས་ལྟོས་དང་། གནས་པ་དང་འགྱུ་བ་གཉིས་སུ་ཕྱེ་རུ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོར་མ་བཅོས་ཐ་མར་བཞག་པའི་ཤེས་པ་ཡུལ་རྗེས་སུ་མ་འབྲངས་པར་ས་ལེར་སྐྱོང་བའི་རྩེ་གཅིག་གི་ཉམས་དང་ལྡན་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འདི་ཐུགས་རྗེ་ཆེན་པོའི་ཟུང་འཇུག་གི་ཉམས་ལེན་དང་སྦྱར་ན། བསྐྱེད་རྫོགས་ཟུང་འཇུག་བདག་ཉིད་ཀྱི་སྒོ་གསུམ་ཐུགས་རྗེ་ཆེན་པོའི་གསང་གསུམ་ལ་སྒོམ་པའི་སྐབས་སུ། ལྷ་གཞན་ན་མེད་པའི་རང་སེམས་རིག་སྟོང་རྗེན་པ་ལས་མི་གཡོ་ཙམ་དུ་གནས་པ་དེ་དང་སྦྲེལ་ན་ཆོག་པ་ཡིན། འདི་གནད་ཀྱི་ཆོས་དྲུག་དང་སྦྱར་ན། ཨཱོྂ་གཞི་མ་བཅོས་པའི་གནད། མ་ལམ་མ་འགག་པའི་གནད། ཎི་ཉོན་མོངས་པ་ཡེ་ཤེས་སུ་ལྡོག་པའི་གནད། པད་ཐབས་ཤེས་རབ་གཉིས་མེད་ཆོས་ཉིད་ཀྱི་གནད། མེ་ཡེ་ཤེས་རང་བྱུང་རྣམ་རྟོག་བསྲེག་པའི་གནད། ཧཱུྃ་རིག་པ་དབང་དུ་སྡུད་པ་ཆོས་ཉིད་རང་བྱུང་གི་གནད་དོ། །ཆོས་ཉིད་ཀྱི་གནད་ཐམས་ཅད་ཁྲོལ་བར་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པས་འབྱུང་ངོ་། །དེ་རིང་རྩེ་གཅིག་ཉམས་ཀྱི་ངང་ནས་ཡིག་དྲུག་སྒྲོངས། །ཞེས་པའི་མཚམས་འདིར་བཞག་ནས་སང་ཉིན། ཀུན་རྫོབ་བརྟགས་ནས་དོན་དམ་གཏན་ལ་ཕོབ། །ཅེས་པ་ནས་འཆད་རྒྱུ་བྱེད།

༈ ད་རེས་ཀྱི་ཞིང་སྒྲུབ་འདིར་ཞུགས་པའི་སེར་སྐྱ་ཚང་མ་མི་གྲངས་དང་། ཐེངས་གྲངས་ཉི་མ་རེ་རེ་བཞིན་བརྩིས་བགྲངས་བྱས་ན། འབུམ་ཚོ་མང་པོར་ལངས་ཡོད་ཅིང་། དེ་བཞིན་དུ་མཆོད་པའི་གྲངས་ཀ་ཡང་ཉིན་གྲངས་མང་ཉུང་གིས་སེམས་བསྐྱེད་འབུམ་མཆོད་ལས་ཀྱང་ལྡབ་འགྱུར་གྱིས་མང་བའི་འབུམ་མཆོད་ཁ་ཤས་སོང་ཡོད་ཅིང་། ཚང་མས་ལྷག་བསམ་རྣམ་པར་དག་པའི་མདུན་པ་གཅིག་ལ་གཏད་པའི་དད་དང་དམ་ཚིག་གཙང་བའི་མཐུས། མཆོད་གཏོར་ལ་ཉིན་དང་པོའི་སྔ་ནུབ་ནས་བདུད་རྩི་བབ་པ་རང་ཅག་ཚང་མས་རིག་ཏུ་ཡོད་པ་འདིས་ཀྱང་། ད་རེས་ཆོས་རྣམ་དག་ཅིག་ལ་འབྲེལ་བ་ཞོག ཐར་བའི་ས་བོན་ཞིག་རང་རྒྱུད་ལ་ཐེབས་ཡོད་པའི་བློ་བདེ་བདེ་ནི་རང་རང་གི་ངོས་ནས་བྱེད་ཆོག་པ་ཡིན། བདུད་རྩི་འདིས་ཕབས་གཏའ་བྱས་ནས། དམ་རྫས་ཁྱད་པར་ཅན་སེལ་མེད་པ་འགའ་རེ་བསྲེས་པའི་ཞིང་སྒྲུབ་རིལ་བུ་ཚང་མ་ལ་ཐེམས་ཤག་ཤག་ཅིག་ལས་ནས། རྗེས་ནས་སྡེ་ཤོག་སོ་སོའི་དཔོན་པོ་རྣམས་བརྒྱུད་ནས་བསྐུར་ཡོང་། གཞན་ཞིག་གིས་རྩ་ཆེན་ཞིག་ཡིན་ཞེས་པ་དང་མི་འདྲ་བར་རང་རེས་མིག་རིག་ལག་ཟིན་མྱོང་བ་མངོན་གྱུར་དུ་མིག་སྔར་ཡོད་པ་འདི་ཡིན། བདུད་རྩི་འབབ་བཞིན་ཡོད་པ་མ་རིག་པ་རྣམས་ཀྱིས་འདི་ཉིད་མཇོལ་དང་ངོ་མཚར་ཅན་ཡིན་ལ། འདི་གཞན་སུ་ཡི་སྟོབས་དང་ནུས་པས་མིན་པར་ཆོས་ཀྱི་བྱིན་རླབས་རང་རང་གི་དད་པ་དང་མོས་པས་དྲངས་བར་བྱས་པ་ཡིན་ནོ།།

༈ དེ་རིང་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་བྱང་བཤད་སྒྲུབ་རྣམ་ངེས་གླིང་གི་སྐྱོར་དཔོན་དགེན་རང་རིག་ལགས་ཀྱིས་མགུར་འཐེན་མཛོད།

༈ ཁ་སང་དོ་ཞག་ཅིག་ལ་རྫོགས་ཆེན་སྡེ་ཤོག་བརྒྱད་ཀྱི་དཔོན་པོ་དང་། འགན་ཁུར་མི་སྣ་ཉི་ཤུ་ལྷག་འདུས་ནས། ཕྱིན་ཆད་ཞིང་སྒྲུབ་འཚོགས་རྒྱུའི་སྐོར་གྱི་སྐད་ཆ་ཞིག་ངར་འཕྲོད་བྱུང་། དེ་རིང་ཁ་སང་ལྟར་ན་རྫོགས་ཆེན་སྡེ་ཤོག་བརྒྱད་དང་། གནའ་སྔ་མོའི་སྡེ་བའི་མིང་ད་དུང་མ་བོར་ནས་ཡོད་པ་ལྟར་བརྩིས་ན། འབྲོག་རུ་ཤོག་ཁག་བཅུ་གསུམ་ཞེས། རྒྱབ་ཤིས་འབྲུག་ཚང་སྡེ་བའམ། ན་གཞུང་། རྒྱབ་ཤིས་གཉིས། བ་སྲས་གཉིས་སམ། བ་ཁོག སྲས་ཚ་གཉིས་བཅས་བཞི། རྟ་སྨུག་གཉིས་སམ། རྟ་མཛེས། སྨུག་རི་གཉིས་དང་དྲུག མཚོ་ཁྲི་ཀླུ་ཕྱུག་སྡེ་བའམ། བཀྲ་ནང་། གདོང་ནང་གཉིས་བསྣན་པས་བརྒྱད། རྫ་ཕྱུག འབྲུག་ཆུ་གཉིས་དང་བཅུ། དེའི་སྟེང་དུ་གཡང་འཁྱིལ་བརྟན་པ་དང་། འབམ་མཐའ་སྡེ་བ་བཅས་བཅུ་གཉིས་ཡིན་ལ། འབྲོག་རུའི་གཞུང་སྡེའི་མོ་དུད་སྟོང་རུ་ཕྱེད་གཉིས་ཀྱི་སྟེང་དུ། དེང་སང་དགོན་མདའི་གྲོང་ནང་རྐྱང་བ་རུ། ན་ནིང་བརྩིས་བསྡོམས་བྱས་དུས་མི་གྲངས་ཁྲི་ཞིག་ཡོད་པར་ཟེར་བ་ལྟར་ན། སྡེ་གསར་རུ་གསར་རྐྱང་བ་ཡང་སྟོང་མིས་མ་ཚད་པར་ཡོད་འདུག་པས། དེ་དག་ས་འདིའི་དགོན་ལྷ་སྡེའི་འདི་ཕྱིའི་སྐྱབས་འོག་དང་། ཡུལ་མི་སྡེའི་སྐྱིད་སྡུག་གྲལ་ནང་དུ་ཡོད་པ་ཞིག་ཡིན་ན། སྡེ་གསར་རུ་གསར་གྱི་སྡེ་ཤོག་ཅིག་དང་བཅུ་གསུམ་ཡོད་པའམ། ཡང་ན་གཞུང་སྡེ་ཚོའི་ནང་དུ་དུད་གྲངས་འདི་ཙམ་ཞིག་འཕར་ཡོད་ཅེས་པའི་འཕར་ཐོ་ཡོད་རྒྱུ་རེད། མཚམས་རེར་དགོན་པས་རྟེན་དམ་རྫས་རེ་འགྱེད་དུས་སུ་གྲངས་ཚད་ཅིག་ལོན་དགོས་པ་ཡིན་ལ། ཆོས་ཕྱོགས་ཀྱི་བྱ་བའི་ལས་བགོས་ཤིག་བྱ་ན་ཡང་། ག་ཐེ་འདི་ཐེའི་གཟུང་སའི་ལུང་ཞིག་དང་། བླུག་སའི་མཆུ་ཞིག་ཡོད་དགོས་པ་རེད། ཡང་མཚམས་རེ་སྡེ་གསར་རུ་གསར་ཤར་མི་ལྷོ་འཁྱར་རྣམས་ཀྱིས། བཞོན་མ་བཤའ་འགྲོ་ཁི། ཁང་རྐུབ་ཕེད་འགྲོ་ཁི། རི་དྭགས་གསོད་འགྲོ་ཁི། རིན་ཐང་ཅན་གྱི་སྨན་རིགས་ཡོད་ཚད་ཀྱི་རྩ་བ་བསློག་ནས་ས་ནག་སློག་བྱེད་འགྲོ་ཁི། ངན་སྣ་དགུ་དེ་དག་གིས་སློབ་ཡོང་འདུག་ཅེས་བཤད་ན། ཤ་ཚ། ཐམས་ཅད་གཅིག་འདྲ་ཏག་ཏག་ཅི་ལ་ཡིན། དེའི་ནང་དུ་ཡང་དྲང་མོ་ཁ་ཤས་ཡོད་སྲིད་ཀྱང་། ང་དཀར། ཁོ་ནག་ཅེས་བཤད་དགོས་ནའང་བཤད་དཀའ་རྒྱུ་ཡིན་ལས་ཆེ་བས། དེ་རྣམས་ལ་འདུག་སའི་གདན་ཞིག་ངའི་ཚེ་སྨད་ལས་ཀྱིས་བསྐོས་ཐང་འདི་ན་ཡིན་བསམ་ས་ཞིག་དང་། ཡང་ན་འགྲོ་སའི་ལམ་ཞིག བྱ་རིག་པ་ཅན་ལ་ནམ་ཚོད་རང་གིས་བཟུང་དུ་བཅུག་རྒྱུ་ཨེ་ཡིན་ན། དེ་ཚོ་རི་ཁྲོད་ཀྱི་མཚམས་པ་ངག་བཅད་པ་ཞིག་གིས་ཆོས་ཀྱི་བར་གསེང་ནས་བཤད་རྒྱུ་ཞིག་མིན་ན་ཡང་། གཏམ་འདྲ་གཞིའི་སྐབས་ཀྱི་གླེང་གཞི་ཤོར་བ་རེད། དོན་མདོ་རྩ་ཅི་ཞིག་བཤད་བཞིན་ཡོད་ཅེ་ན། དོ་ཞག་སྡེ་ཤོག་རྣམས་ཀྱི་དཔོན་པོ་དང་། འགན་ཁུར་མི་སྣ་ཉི་ཤུ་ཙམ་ཞིག་འདུས་ས་ནས། ད་ཕྱིན་ཆད་ཞིང་སྒྲུབ་འདི་ལོ་ལྟར་ཆད་མི་ཉན་ལུགས་དང་། ད་སྔོན་སྦྱིན་བདག་བྱས་ནས་འཚོགས་ཟིན་པ་ཁ་ཤས་ཀྱིས་ཀྱང་། འདི་བཞིན་དུ་ལོ་ལྟར་སྡེ་བ་རྣམས་ཀྱིས་རེས་བསྐོར་ནས་ཡང་མགོ་གཞི་ནས་སྦྱིན་བདག་བྱས་ཏེ་འཚོགས་ཞེས་པ་དང་། ཁྱད་པར་དུ་གཡང་འཁྱིལ་སྡེ་བས་ནན་ཏན་གྱིས་སང་ཕོད་ཁོང་སྡེ་བས་ཡིན་གཅིག་མིན་གཉིས་འཚོགས་དགོས་ཚུལ་བཤད་འདུག་ཅེས་སྐད་ཆ་གོ་བྱུང་། གདན་ས་ཆོས་འཁོར་ཆེན་པོའི་ཉེ་འདབས་ཀྱི། ས་ཆོས་ཡོད། དགོན་པ་སྒྲིག་ཡོད། སྡེ་བ་ཁྲིམས་ཡོད། དགོན་ལྷ་སྡེ། ཡུལ་མི་སྡེ་གཉིས་ཀའི་ཐད་ཕྱོགས་ནས། གོང་ལ་དཔོན་ཡོད་པ། ལུས་ལ་ལྷ་ཡོད་པ། བཟང་ཡར་འགྲོའི་རྟ་བརྒྱའི་གོམ་ཁ་གྱེན་ལ་བཏེག་པའི་ཡུལ་ས་ཞིག་ནས། ཞིང་སྒྲུབ་ལོས་འཚོགས། དེས་མ་ཚད་ཕྱིའི་དཔལ་འབྱོར་གྱི་མཐུན་རྐྱེན་ཡར་རྒྱས་དང་ལྷན་དུ། ནང་བསམ་པའི་དཔལ་ཡོན་གྱིས་ཕྱུག་པོར་འགྱུར་བའི་ཆེད་དུ། འཛམ་གླིང་ས་ཆ་གཞན་ན་མེད་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ། རང་ནོར་རང་གིས་ལོངས་སྤྱད་ནས། ཁྱིམ་པ་རྒན་དར་གཞོན་གསུམ་གྱིས་སློབ་སྦྱོང་བྱ་རྒྱུའི་གོམས་སྲོལ་དང་། སློབ་སྦྱོང་བྱ་སའི་ལྟེ་གནས་ཡོད་དགོས་པ་ཡིན། སྔོན་ཐོན་གྱི་ས་ཆ་དང་། རྒྱལ་ཁབ་འགའ་རེ་ནས་བྱིས་པ་མ་ཁོག་ཏུ་ཡོད་དུས་སུ་སློབ་གསོའི་ཐབས་ཤེས་བྱེད་བཞིན་ཡོད་ཚུལ་འདུག་མོད་ཀྱང་། དེ་ཡང་ཟེར་ཚོད་ཙམ་ལས་ཡར་ཐོན་གྱི་རྒྱལ་ཁབ་ཚོའི་ནང་ནས། ཕྱིའི་འབྱོར་བ་རྒྱས་ཤིང་རྒྱས་ལ། ནང་བསམ་པའི་དཔལ་ཡོན་གྱིས་མི་འདང་ནས། དཀའ་ངལ་འཕར་མ་ཅི་ཙམ་མྱོང་བཞིན་ཡོད་པ་རིག་བཞིན་འདུག་མོད། རང་ཅག་བོད་ཀྱི་བྱིས་པ་ལ་མ་ཁོག་ནས་སློབ་གསོ་མེད་པར་མ་ཟད། ཡར་སྐྱེས་ནས་མར་སྒུར་བའི་བར་དུ་སྒོ་ཕྱུགས་རྣམས་དང་མཉམ་སྐྱེས་མཉམ་རྒས་ཀྱིས་དུས་རབས་མང་པོ་སོང་བ་ཡིན། ཁག་ཀྱང་ཡོད་པ་མིན་ཏེ་མི་རབས་རྒན་པ་ཚོས་དེ་ལྟའི་རང་བཞིན་གྱིས་མི་ཚེའི་ནམ་ཟླ་བསྐྱལ་བ་ཡིན། དེ་རིང་ཁ་སང་སློབ་གྲྭ་རུ་མངགས་དགོས་རྒྱུའི་གཉིད་སད་ཡོད་ཚུལ་ཡིན་ཡང་། གཉིད་སད་ཡོད་རུང་མིག་གིས་ལྟ་ཡག་དགོས་ཀྱི་མ་གཏོགས། མི་རིགས་གཞན་གྱི་སྐད་ཡིག་ཤེས་ན་ཁ་གསོ་རྒྱབ་འགེབས་ལ་ཕན་ཐོགས་ཡོད་ཀྱང་། རྒྱ་མིན་བོད་མིན་ར་མ་ལུག སྤྲ་མིན་སྤྲེལ་མིན་རྔ་མ་མེད། ཡར་གྱི་ཤྭ་རྗེས་མ་ཟིན། མར་གྱི་ཤེའུ་རྗེས་མ་ཆོད། རྒྱ་ཡིན་པའི་རྒྱ་རྗེས་མ་ཟིན། བོད་ཡིན་པའི་བོད་གོ་མ་ཆོད་ནས། མཐའ་མར་མི་རིགས་རང་ཉིད་ཀྱི་ཆོས་དང་རིག་གཞུང་མི་ཤེས། འཇིག་རྟེན་ཡང་དག་གི་ལྟ་བའི་སློབ་གསོ་མེད། མིའི་གཤིས་རྒྱུད་བཟང་པོའི་ཀུན་སྤྱོད་མེད་པར་གྱུར་ནས། རིག་གནས་སྣེ་ཁ་རེ་གཉིས་ཤེས་པ་ལས། མ་ཤེས་ན་གནོད་ཚབས་ཆུང་བ་ཡིན་འདུག་སྙམ་པའི་ཚུལ་ལ་འཕྲད་རྒྱུ་ཡོད་པ་ཡིན། དཔེར་ན། ཀྲུང་གོའི་རྒྱལ་ནང་ནས་མི་མང་པོ་ཞིག་གིས་ད་བར་དུ་ཕྱི་རྒྱལ་ལ་མིག་དཔེ་བལྟས་པ་ཡིན་ལ། ཕྱི་རྒྱལ་ནས་རང་ལོ་བཅོ་བརྒྱད་ལོན་དུས་ཕ་མ་དང་བུ་རྒྱུད་ཁ་ཁ་ཡིན་ཞིང་། བུ་རྒྱུད་ཀྱིས་ཕ་མ་ལྟ་དགོས་པ་མིན་ལ། ཕ་མ་རྒས་དུས་རྒན་གསོ་ཁང་དུ་འཛུལ་རྒྱུ་ཡིན་ལ། དེ་དུས་ཕ་མས་བུ་རྒྱུད་ལ་ཐེ་གཏོགས་བྱས་ཚེ་བུ་རྒྱུད་མ་དགའ་ན་ཕ་མ་ཁྲིམས་ལ་གཏུག་ནས། བཙོན་དུ་འཇུག་ཆོག་པ་ཡིན་ལ། ཕ་མ་བཙོན་དུ་བཅུག་པའི་བུ་རྒྱུད་ཀྱང་མང་བ་ཡོད་པ་ཡིན། དེ་ལྟ་བུའི་ཀུན་སྤྱོད་དང་བསམ་བློས་ཅི་ཡང་གོ་མི་ཆོད་པའི་ཚུལ་ཤེས་ནས། དེང་སང་སྲིད་འཛིན་གསར་པས་བུ་རྒྱུད་ཀྱིས་ཕ་མའི་སྐྱིད་སྡུག་མ་བལྟས་ན་མི་ཆོག་པའི་ཁྲིམས་གསར་འཛུགས་བཞིན་ཡོད། རང་ཅག་བོད་ཀྱི་ཡུལ་འདི་ཐེག་ཆེན་གྱི་ནང་ཆོས་དར་ས་ཡིན་པས། སེམས་ཅན་ཐམས་ཅད་ཕ་མ་ཡིན་པའི་སེམས་སྦྱོང་བྱེད་བཞིན་ཡོད་ལ། དེ་དངོས་སུ་སྐྱེ་དང་མི་སྐྱེ་དོན་དག་གཞན་ཞིག་ཡིན་ཡང་། ཚེ་འདིའི་ཕ་མ་ལ་བུ་རྒྱུད་ཀྱིས་དྲིན་ལན་མ་སྤྲད་ན། དེ་མིའི་ཐ་མ་རུ་བརྩི་བ་ནི་བོད་ཀྱི་རིག་གཞུང་གི་ཤུགས་རྐྱེན་ཐེབས་པའི་གོམས་སྲོལ་གྱི་ནང་གི་ཆེས་སྤྱིར་བཏང་བ་ཞིག་ཡིན་ལ། དེས་ན་ངས་བཤད་རྒྱུ་རུ་བོད་ཀྱི་ས་ཆ་འདི་འཛམ་གླིང་ས་གཞིའི་སྟེང་གི་ཞིང་ཁམས་ཉག་གཅིག་ཏུ་འགྱུར་རྒྱུའི་ལམ་ཡོད་པ་ཡིན་ཞེས་པ་ཡིན། དེ་སྨྱོ་གཏམ་ཞིག་བཤད་པ་མིན་ནམ་སྙམ་ན། ལྷ་གནས་པའི་ཡུལ་ཁམས་ལ་ཞིང་ཁམས་ཟེར་བ་ཡིན་པས། བོད་མི་ལྷ་མི་རུ་གྱུར་དུས་བོད་ཡུལ་དག་ཞིང་དུ་གྱུར་བ་ཡིན། དེ་ཡོང་རྒྱུ་མེད་པའི་སྐད་ཆའོ་སྙམ་ན། བོད་མིས་མི་རིགས་གཞན་དག་གི་ལད་མོ་བྱ་ཚུལ་གྱིས། སྲིད་འབྱོར་རིག་གསུམ་གང་ཐད་ནས་འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་སྔོན་དུ་མ་ཟད། དཔུང་པ་མཉམ་གཤིབ་བྱ་སའི་གྲལ་ཙམ་དུ་ཡང་ཐོན་རྒྱུ་ཡོད་པ་ནི་ཡོང་རྒྱུ་མེད་པའི་སྐད་ཆ་ཡིན་ཡང་། མི་ལྷ་རུ་གྱུར་བ་ལ་མིའི་སེམས་ལྷའི་སེམས་སུ་བསྒྱུར་དགོས་ཤིང་། མིའི་སེམས་ལྷའི་སེམས་སུ་སྒྱུར་སྤྱད་ཀྱི་སེམས་ཁམས་ཀྱི་སྨན་བོད་ལ་མ་གཏོགས་སུ་ལའང་ཡོད་པ་མིན་ཅིང་། དེ་གང་ཡིན་ཞེ་ན། སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ལ། ཁས་ཉིན་རང་རེས་བྱང་ཆུབ་སེམས་སྡོམ་བླངས་ནས་རྟེན་འབྲེལ་བསྒྲིགས་པ་ཡིན། སེམས་ཁམས་བསྒྱུར་བཀོད་གཏོང་སྤྱད་ཀྱི་བོད་པའི་ཆོས་དང་རིག་གཞུང་གིས། དང་པོ་མི་སྒེར་རང་ཉིད་བསྒྱུར་བཀོད་གཏོང་། དེ་ནས་ཁྱིམ་ཚང་། དེ་ནས་ཁྱིམ་མཚེས་དུད་རོགས། དེ་ནས་ས་ཁུལ་དང་། ཡུལ་གྲུ་རུ་རྒྱ་ཇེ་ཆེ་ཇེ་ཆེར་གྱུར་ན། བོད་མི་ཐམས་ཅད་ནང་སེམས་ཁམས་ཀྱི་བདེ་བ་དང་ལྡན། གཞན་ཕན་གྱི་བསམ་སྤྱོད་ཀྱིས་འཚོ་བའི་ཡ་རབས་སྤྱོད་བཟང་ཅན། དགའ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་དུས། འཛམ་གླིང་གི་མི་རྣམས་ཀྱིས་བོད་མི་ལྷ་མི་དང་། བོད་ཁམས་ཞིང་ཁམས་སུ་བརྩི་རྒྱུ་ཡིན་པའོ། །དེ་ལྟར་དཀའ་དཀའ་བྱས་ན་མི་ལྷ་རུ་འགྱུར་རྒྱུ་དཀའ་ན་ཡང་། སླ་སླ་བྱས་ན་བསམ་བློའི་ཁྱེར་སོ་བཟང་ཕྱོགས་སུ་བསྒྱུར་དུས་འགྱུར་བ་ཡིན། དེས་ན་དེང་སྐབས་ཕུགས་འདུན་ཁོ་ན་གླེང་གིན་འདུག་མོད། ངས་བོད་ཀྱི་ཕུགས་འདུན་དེ་ན་ཡོད་པར་སྙམ་ལ། ཁྱོད་ཀྱི་ཕུགས་འདུན་གང་ཡིན་ཞེས་དྲིས་ན་ངའི་ཕུགས་འདུན་དེ་ཡིན་པར་བརྗོད་རྒྱུ་ཡིན། བོད་མི་རིགས་ཀྱི་མགོ་རྣ་ལ་རྒྱའི་སྐད་ཆ་ཡང་དེ་རུ་ཆ་ཚང་འདུས་ཡོད་པར་སེམས། དོན་རང་ལག་ལ་ཡོང་རྒྱུ་ཡོད་པའི་ལམ་སྣེ་བཙལ་མ་ཤེས་ན། ཁ་སྟོང་པའི་བགྲོ་གླེང་དང་། མིང་དམངས་གཙོ་བཏགས་པའི་གྱེན་ལོག་ཅིག་ཅི་ཙམ་འཚོགས། ཅི་ཙམ་བཤད་ཀྱང་། ཁ་སྟོང་ནང་གི་གཏམ་སྟོང་། རང་སྨ་རང་གིས་ཕབ་སྤྱད། ཆེ་ན་ནང་དཀྲུགས་ཤིག་ཐུབ་ན་ཐང་སྟེ། དེ་ཡང་སྔོན་གྱི་སྨོན་ལམ་ལོག་འདེབས་དང་། བསོད་ནམས་ཀྱི་རྒྱབ་རྟེན་ཞིག་མེད་ན་དཀྲུག་རྒྱུ་ཡང་དཀའ་མོ་ཡིན། བཤད་དོན་གཏམ་གྱི་སྙིང་པོ་ནི་ས་འདི་རུ་མཚོན་ན། ཞིང་སྒྲུབ་ཉི་མ་ཁ་ཤས་སུ་ཅིའི་ཕྱིར་མི་འཚོགས་ཏེ་འཚོགས་དགོས་པས་མ་ཚད། དེ་ལས་ཀྱང་བསམ་པའི་དཔལ་ཡོན་གོང་ནས་གོང་དུ་སྤེལ་པའི་སྤོབས་པ་བསྐྱེད་དགོས་པ་དང་། བོད་ཀྱི་ཆོས་དང་། རིག་གཞུང་སྦྱང་བར་བྱ་དགོས། མི་སྐྱ་ཕོ་མོ་ཚོས་ཀྱང་ཤེས་མི་དགོས་པའི་རྒྱུ་མཚན་མེད་ཅིང་། འཆི་རྒྱུ་ཡིན་ལུགས་འདྲ་འདྲ། ཐར་བ་དགོས་ལུགས་གཅིག་པ། བསམ་པའི་དཔལ་ཡོན་དགོས་ཚུལ་ཡང་འདྲ་འདྲ་ཡིན་པས་ཆོས་རིག་ལ་སྦྱང་དགོས། ངས་དོ་ཞག་གྲྭ་པ་རྣམ་པའི་ནང་ནས་ཞུ་རྒྱུ་ལ། བདེ་ཆེན་ཞིང་སྒྲུབ་ཕྱིན་ཆད་འདི་ནས་ངས་འཚོགས་དགོས་པའི་ངེས་པ་མི་འདུག་ཅེས་པ་ཡིན། ཅིའི་ཕྱིར་ཞེ་ན། གནས་འདི་རི་ཁྲོད་ཡིན་ཞིང་། ང་རི་ཁྲོད་པ་ཞིག་ཡིན་ལ། དེང་སང་གི་བཤད་ལུགས་བྱས་ན། ལས་འཁྱུར་ངལ་གསོ་བྱས་པའི་མི་ཞིག་དང་། སྔར་གྱི་ལུགས་སྲོལ་ལྟར་ན་རི་ཁྲོད་ཀྱི་མཚམས་རྒན་དང་། ཡིན་ངེས་པ་ནི་མིའི་ཁྱུ་ནས་བུད། གྲོགས་བྱ་དང་རི་དྭགས་བྱེད་པ་ཡིན་ཟེར་བའི་མི་ཡིན་པས། མི་གཞན་དང་ཁ་བརྡ་མི་བྱེད་དོན་ཡང་དེས་ཡིན། མདོར་ན་མི་ཚེའི་ལྷག་མ་ཅུང་ཟད་ཡོད་པ། འཚོ་ཁམས་འཕྲོད་བསྟེན་གྱིས་ཉི་མ་ཁ་ཤས་སུ་འཚོ་བཞིན་ཡོད་པའི་མི་ཞིག་ཡིན་པས། དེའི་ཕན་ཆད་དུ་ཡུན་རིང་གི་རྟག་འཛིན་བྱེད་ཀྱིན་མེད་པས། ཞིང་སྒྲུབ་འདི་ནས་འཚོགས་པའི་ངེས་པ་མེད་ཅེས་པ་ཡིན། དེ་བཞིན་དུ་སེམས་བསྐྱེད་འབུམ་མཆོད་འཚོགས་རྒྱུའི་རེ་བ་ཆེན་པོ་ཡོད་འདུག་ཅེས་བཤད་བྱུང་བས། འབྲོག་རུ་ཤོག་ཁག་བཅུ་གསུམ་གྱི་དཔོན་རིགས་ཀྱི་ཁ་ནས་བུད་པའི་སྐད་ཆ་དེ་མང་པོའི་འཐུས་ཚབ་ཀྱི་སྐད་ཆར་བརྩིས་ཏེ། དེ་རིང་ཚིག་ལེན་མང་ཚོགས་རང་ཉིད་ལ་རྒྱག་པ་ཡིན། སེམས་བསྐྱེད་འབུམ་མཆོད་འཚོགས་རྒྱུ་འདི་གཅིག་ན་བསོད་ནམས་ཆེ་བ། གཉིས་ན་དགེ་རྩ་ལྷད་མེད། གསུམ་ན་དུས་ཀྱི་སྐུ་རིམ། ཁྱད་པར་དུ་ས་ཆ་འདིའི་བསོད་ནམས་ཀྱིས་གྲུབ་པ་ཞིག་ཡིན་པས། ད་སྔོན་ཐེངས་བརྒྱད་པའི་བར་དུ་འཚོགས་ཤིང་། ན་ནིང་ཁྲི་གྲྭའི་ཡན་དུ་བརྒལ་ཞིང་། འདི་འཚོགས་དུས་རྒྱུའི་འགྲོ་སོང་སྒོར་མོ་ས་ཡ་ཁ་ཤས་འགྲོ་བཞིན་ཡོད་ཀྱང་ཅི་ཡོད་རླུང་ཁྱེར་གྱི་རྫས་བཞིན་བཏང་བཞིན་ཡོད། འོན་ཀྱང་སྡེ་མང་ཚོགས་ལ་ཡང་ཁུར་བོ་ཅུང་ཙམ་རེ་གྱུར་བ་དང་། པདྨའི་ཐང་ཁོར་ཡུག་དང་བཅས་པས་དེ་དོན་ལ་བློས་བཏང་ཞིག་བྱེད་བཞིན་ཡོད་པ་ཡིན། ཚོགས་བསགས་ཐམས་ཅད་ཀྱི་ནང་ནས་དེ་བདམས་པ་ཡིན་པས་བློས་བཏང་བྱ་ས་ཡག་པ་ཡིན་ཡང་། རི་ཁྲོད་པས་ཉིན་བཞིན་འུར་འུར་ཟིང་ཟིང་ངང་ནམ་རྒྱུན་འདུག་སོས་མི་དལ་བའི་བྲེལ་འཚུབ་བྱས་དུས། དེ་ཙམ་མི་མཛའ་བ། འདི་བཏགས་པའི་རྒྱན་དུ་གྱུར་བ་ཡིན་དང་། དྲུད་པའི་གདོས་སུ་ཆེ་བ་ཡིན་ཤེས་པ་མིན་བསམས་ནས་ད་ལོ་མཚམས་བཞག་བྱས་པ་ཡིན། འོན་ཀྱང་ད་ཐེངས་སྡེ་ཤོག་གི་དཔོན་པོ་ཚོས། དགའ་ན་སོ་རྩར་འཛུམ་ཙམ་དང་། སྡུག་ན་ངོ་བར་ནག་ཙམ་གྱི་རྣམ་འགྱུར་ཞིག་བསྟན་པས། ད་གཟོད། གླག་རོག་མོ་ཉལ་སའི་རྫོང་དང་། འབྲོང་བྲེ་མོ་འགྲོ་སའི་རྫ། ཁོག་རྩིས་ཞེ་ཚོད་ཅིག་ཡོད་སོང་བ་ཡིན། སྤྱིར་ན་ཐམས་ཅད་དགའ་ན་དགེ་བ། སེམས་ཅན་མགུ་བྱེད་མ་གཏོགས་པ་རྒྱལ་བའི་ཕྲིན་ལས་ཟུར་བ་ཞིག་ཡོད་པ་མིན་ལ། འུ་གུ་དུས་མཐའ་མའི་སྟོན་པའི་རྗེས་འཇུག་ཤཱཀྱའི་དགེ་སྦྱོང་ཞིག་གིས། ལས་བྱ་བ་བསྟན་འགྲོ་སྤྱི་ལ་སྨོན་ཐབས་སུ་འཇུག་པ་ལ་སུ་མགུ་དང་སུ་མི་མགུའི་ཁྱད་པར་མི་ཆེ་ཡང་། །ས་དང་ལུང་པའི་དོད་ལན། བྲག་དང་ཤུག་པའི་སྐྱེས་ལན་གྱིས་ལས་བསྐོས་ཐོད་པའི་རི་མོ་འདི་ལ་བབ་པ་ཡིན་ན། རྩག་པ་སྐྱ་རིལ་ཨ་མས་བཟོས་ནས། མིང་ལ་སྐྱ་རིལ་ཨ་མས་བཏགས་པ་ཡིན་པས། བུ་ངན་རུང་ཕ་འཚེར་སྲུང་དགོས་པ་ནི་འཇིག་རྟེན་མི་ཡི་འགྲོ་ལུགས་ཡིན་པས། རང་སྡེ་རང་མིའི་སྡེ་བ་མང་ཚོགས་ཀྱི་བསམ་པའི་འདུན་མ་ལ། བརྩི་སྒོ་རིན་ཐང་སྔར་བྱས་ད་མི་བྱེད་པ་མིན་ཡང་། ད་དུང་མུ་རིམ་བཞིན་རང་རོགས་གཉིས་ཀས་ཅི་ས་གང་ཐད་ནས་བབས་ལ་ལྟ་ཞོར་བྱ་དགོས་ཞེས་ལོ་རེའི་ནང་ནས་ཐེངས་རེར་ངོ་འཕྲད་ཡོང་བ་རུ། མི་ངོ་རེ་ལ་གསེར་སྲང་རེའི་ཚུལ་གྱིས་བཤད་པ་ཡིན། དེའི་འཕྲོས་སུ་ངས་སྔོན་ཆད་ཀྱི་ལས་འཕྲོ་མཇུག་སྡུད་བྱ་རྒྱུ་ཞིག་ལ། ད་སྔོན་ཁ་བཤད་བྱས་ནས་བུ་ལོན་དགོས་རྒྱུ་ལ། མི་ལོ་སུམ་ཅུ་ཐམ་པའི་ཡར་སྔོན་ནས། ཤྲཱི་སེང་ཆོས་གྲྭ་གཟོད་གསར་བཙུགས་བྱས་ནས་ཆོས་དུང་འབུད་པའི་སྐབས་ཤིག་ལ། དངུལ་སྤྱི་ཁྱིམ་ཚང་དགུ་དང་། འབྲུ་བཞི་བཅུ་ཐམ་པ་བཞག་སའི་འབྲུ་སྤྱི་ཁྱིམ་ཚང་བཅུ་གཅིག་སྟེ་ཁྱིམ་ཚང་ཉི་ཤུ་ཐམ་པ་ཡོད་པ་ལ། དྲན་རྟེན་གྱི་རྟགས་མ་རེ་སྦྱིན་རྒྱུའི་ཁ་ཆད་བྱས་པ་དེ་འཕྲོད་མེད་པས། ད་ཐེངས་ཞིང་སྒྲུབ་ཀྱི་སྐབས་འདིར་ངས་མིང་ཐོ་གཞུང་ལས་ཁང་ལ་སྤྲད་ཡོང་། ཁྱོད་ཚོས་གཞུང་ལས་ཁང་ནས་ལོངས། གཞན་འབྲུ་ཉི་ཤུ་བཞག་སའི་ཁྱིམ་ཚང་ཉི་ཤུ་དང་། ཚོགས་འཁོར་སྤྱི་བ་བཅས་ཡོད། ཚང་མ་ལ་དཀའ་ངལ་ཡོད་དུས་སུ་འགན་ཁུར་དང་ལེན་བྱས་པ་རྣམས་ལ། དེ་དུས་སུ་ངས་དཔའ་དར་བཏགས་རྒྱུ་ཁས་བླངས་ཡིན་པས། ཁྱོད་ཚོའི་སྐལ་བ་རྗེས་མར་མུ་རིམ་བཞིན་སྦྱིན་ཡོང་། རྫོགས་ཆེན་ཚང་གི་སྤྱི་རིགས་སྡེ་ཚན་འགན་ཁུར་བྱས་ཚད་ལ་སྦྱིན་རྒྱུ་ཡོད་ཅེས་པ་མིན། མི་ཚེའི་མཐའ་མཇུག་སྡུད་དུས། བུ་ལོན་དགོས་པའི་ཐད་ནས་གཙང་མར་བྱེད་དགོས་པས་དེས་བཤད་པ་ཡིན། སང་ཉིན་ཐུག་ཡོང་།

༈ དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོར་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡིན་ན་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་གཉིས་པའི་ཆོས་ཁྲིད། next