Nitartha Digital Library
Tibetan
 
previousཉིན་གསུམ་བའི་ཆོས་ཁྲིད། next

ཉིན་གསུམ་བའི་ཆོས་ཁྲིད།

ད་ཡང་ཚང་མ་ཆོས་ཉན་ས་དང་སྒྲུབ་སའི་ཆོས་རའི་ནང་དུ་ཐོན་ཡོད་པས། ཐོས་བསམ་སྒོམ་སྒྲུབ་ཀྱི་ཆོས་གང་བྱེད་ཀྱང་སྤུས་དག་ཅིང་ཚད་དང་ལྡན་ལ་ཚུལ་དང་མཐུན་པའི་རང་བློ་བདེ་བྱེད་ཀྱི་ཆོས་ཡང་དག་སྒྲུབ་དགོས་ཤིང་། དེ་སྒྲུབ་པར་བྱེད་པ་ལ་སྒྲུབ་མཁན་རང་ཉིད་ཀྱིས་སྒོ་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ནས། དཔེར་ན་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་དུ་བློ་རྩེ་རིག་པ་བསྒྲིམས་ནས་གང་སྒྲུབ་ཏུ་ཡོད་པའི་ཆོས་ལ་སེམས་གཏོད་དགོས། དེས་ན་དང་པོ་གཙུག་ལག་ཁང་གི་སྒོ་ནང་ནས་ཡར་འཛུལ་མ་ཐག་ཏུ། ཁ་གྲག་མི་ཉན་བསམས་ནས་ངག་བཅད་བྱ་དགོས། དེ་ནས་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་དག་པའི་སྒོ་ནས་ཆོས་ཉན་ནས་ཆོས་ཁྲིད་གྲོལ་ལ་ཉེ་སྐབས་ཀྱི་བསྔོ་བ་ཆ་ཚང་མ་གྲུབ་ཀྱི་བར་དུ་ཡར་ལངས་མི་ཉན། དགེ་འདུན་པ་བཞེངས་དུས་ད་གཟོད་རང་ཡང་ཡར་ལངས་ནས། ཆོས་སྟོན་པའི་བླ་མའི་ཕྱོགས་སུ་ཁ་འཁོར་ནས་འདུག་དགོས་པ་ཡིན་གྱི། ཡར་ལངས་མ་ཐག་ཏུ་ཁ་ལོག་གེ་འཁོར་ནས་བླ་མ་ལ་རྒྱབ་གཏོད་བཞིན་སྒབ་མཐའ་ཞིག་སྤྲུགས་ནས་ཚོགས་འདུ་གྲོལ་བ་བཞིན་དུ་འགྲོ་ཉན་པ་མིན། ལྷ་དང་བླ་མ་དང་། ཚོགས་དང་རྟེན་གསུམ་མཇལ་རྗེས་སུ་གུས་ཤིང་དང་པའི་ཚུལ་གྱིས་མ་མཐའ་ཡིན་ཡང་ཁ་ཡར་འཁོར་བཞིན་ཕྱིར་ནུད་ཀྱིས་གོམ་པ་གསུམ་འོང་ནས་རིམ་གྱིས་གཙུག་ལག་ཁང་གི་སྒོར་འབུད་དགོས་ཤིང་། སྐྱེས་ནས་ད་ལ་མ་ཐུག་བར་ཚེ་གཅིག་ལ་བཤད་པ་ཡིན་ཡང་བཤད་ནས་མ་ཚར་བ་ཡིན་པས་གཙུག་ལག་ཁང་གི་སྒོ་རུ་མ་ཐོན་གྱི་བར་དུ་ངག་སྒོ་མ་དཀྲོལ་ན་བཟང་བའོ། །བླ་མ་བསྟེན་ནས་ཆོས་ཞུས་པའི་ཡོང་སྒོ་ཇི་ལྟ་བུ་ཞིག་དགོས་ཤེ་ན། ཚ་ཚ་བརྐོས་ཕོར་ལས་ཕྱུང་བ་ལྟ་བུ་ཞིག་མ་བྱུང་རུང་སྣམ་བུ་ཚོས་ནང་དུ་བཙོས་པ་ལྟར་དུ་སྔར་དང་མ་འདྲ་བ་ཞིག་ཏུ་རྒྱུད་འགྱུར་དགོས་ཀྱང་། རང་རེ་འདི་རུ་འཛོམས་ནས་ཆོས་འཆད་ཉན་བྱ་བའི་ཡུན་ནི་ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་བཅུའི་ནང་ནས་ཉི་མ་རྡོག་པོ་བཞི་སྟེ། དེ་ཡང་ཞིབ་ཏུ་བཤད་ན་ཆུ་ཚོད་རྡོག་མ་བཞི་ཁོ་ན་ཡིན་པས་དེ་རྐྱང་བའི་རིང་ལ་མ་འཁྲུལ་ཡང་དག་གི་ལམ་དུ་ཞུགས་དགོས་པ་ཡིན་ཞེས་པ་ཙམ་གྱིས། མི་ཚེའི་སོ་དཀར་བ་ནས་བཟུང་མགོ་དཀར་བའི་བར་དུ་འཁྲུལ་སྣང་ངན་གོམས་ལ་སོང་བ་དེ་མར་བུད་དུས་སུ་ཡར་འཛུལ་བའི་མི་དེ་ཡིན་མིན་ལ་ཐེ་ཚོམ་ཟ་དགོས་པའི་རྒྱུད་ལ་འགྱུར་བ་ཐོན་པ་ཞིག་ཡུན་རིང་ཐུང་དང་གོམས་ཤུགས་ཆེ་ཆུང་གི་དབང་གིས་ཤིན་ཏུ་དཀའ་ཡང་། སེམས་ནང་དུ་བསྐོར་ནས་དུས་ཚོད་རྡོག་པོ་བཞིའི་རིང་ལ་ཆོས་ཉན་པ་འདིས་རྗེས་སོར་འཁྲུལ་ཚབས་ཧ་ཅང་མི་ཆེ་བའི་དུས་སུ་སྔར་ཆོས་ཞུས་པའི་སྐབས་སུ་དེ་ལྟར་ཞིག་གོ་མྱངས་སྙམ་པའི་དྲན་གསོ་ཞིག་ཡོང་བ་གྱུར་ན་ཆོས་ཞུས་པའི་དོན་པོ་ཡོད་སོང་བའོ། །ཆོས་རའི་ནང་ནས་ངག་བཅད་བྱས་པ་འདིས་རང་ཁྱིམ་ནས་ཁ་འདོན་དགེ་སྦྱོར་བྱེད་པའི་ཚེ་ཡང་ངག་བཅད་བྱ་དགོས་འདུག་སྙམ་པའི་དྲན་གསོ་ཡོང་དགོས་ཤིང་། འཇིག་རྟེན་གྱི་མི་རྣམས་ནི་འདོད་པ་ཆེ་བ་ཡིན་པས། རང་གི་ཡིན་པ་དེ་ཅི་ཞིག་ཡིན་རུང་ཡག་པ་དང་། སྤུས་དག་དང་། ཆེན་པོ་དང་། མང་པོ་ལོན་དགོས་སྙམ་ནས་དེ་ཨེ་ལོན་ཁོ་ནས་རྒྱུག་བཞིན་ཡོད་མོད། ད་རེས་ཆོས་རའི་ནང་ནས་ལོན་དགོས་པ་ནི་ལུས་ངག་ཡིད་གསུམ་གྱིས་ཆོས་ཇི་ལྟར་སྒྲུབ་པའི་ཚུལ་ཡང་དག་པ་དེ་ཤེས་དགོས་པའོ། །ཆོས་རའི་ནང་ནས་གང་སྒྲུབ་བཞིན་ཡོད་པའི་ཆོས་ཀྱི་ཕྱོགས་སུ་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ནས། འཁོར་ལོ་ཕྲེང་བ་ཡང་བཞག་ནས་ལུས་ཀྱིས་ཅི་ཡང་མི་བྱ། ངག་གིས་ཅི་ཡང་མི་བཤད། སེམས་མི་དགེའི་རྣམ་རྟོག་གིས་བར་མ་ཆོད་པར་ཆོས་ཉན་དགོས། ལར་ལུས་ངག་གཉིས་ཀ་སྡོམ་པ་ནི་སེམས་ཆོས་ལམ་དུ་ཞོག་པའི་ཆེད་ཡིན་ཞིང་སེམས་དགེ་བའི་ལམ་དུ་ཞོག་རྒྱུ་གལ་ཆེ་བས། སྔོན་འགྲོའི་ངག་འདོན་ལ་བརྟེན་ནས་འབུམ་ལྔ་གསོག་པའམ། བདེ་སྨོན་བཏོན་ནས་འོད་མཚན་དང་མ་ཎི་གསོག་པའམ། ཕྱག་དང་སྐོར་བ་ལ་འབད་པའམ། དགེ་སྦྱོར་གང་ཞིག་བྱེད་མཁན་ཡིན་རུང་། གཙོ་བོ་སེམས་དགེ་བའི་ལམ་ལ་འཇོག་རྒྱུ་ལས་གལ་ཆེ་བ་གཞན་མེད་པར་ཤེས་དགོས། མ་ཎི་རྡོག་མ་གཅིག་ལས་མ་བཏོན་ཀྱང་དགེ་བ་དེ་རླབས་ཆེན་དུ་འགྱུར་མིན་ནི་དམ་པ་གསུམ་ཚང་མ་ཚང་ལ་རག་ལས་ཤིང་། དམ་པ་གསུམ་ཡང་སེམས་ལ་རག་ལས་པའོ། །ཁས་འདོན་པ་བཏོན་པ་ནི་སེམས་ཀྱིས་དོན་དྲན་པའི་ཆེད་དུ་ཡིན་ཞིང་དོན་དྲན་ནས་རང་རྒྱུད་ལ་སྦྱར་དགོས་པ་སྟེ། དཔེར་ན་ནད་པས་རང་གི་ནད་ལ་ཕན་པའི་སྨན་ཡོད་པ་ཐོས་པ་དང་། སྨན་གྱི་མིང་ཤེས་པ་དང་། སྨན་དེ་ཉོས་ནས་སྒྲོ་བ་ཁ་ཤས་ཁྱིམ་དུ་བརྩིགས་པས་ཕན་ཐོགས་མི་ཡོང་བར། གཙོ་ཆེ་བ་ཁོག་ཏུ་བཏུང་ནས་ནད་སྨན་འཕྲོད་དགོས་པ་ལྟར་དུ་ཡིན་པ་དེས་ན་སེམས་གཞན་དུ་གཡེང་ནས་ཁ་རྐྱང་བས་བཏོན་པ་ཙམ་ནི་ཕན་པ་ཆུང་ངོ་། །ཆོས་རའི་ནང་ནས་ཇི་ལྟར་དགོས་པ་དེ་ལྟར་དུ་རང་ཁྱིམ་ནས་འཚོ་བའི་ཆ་ཤས་སུ་མེད་དུ་མི་རུང་པའི་དམ་པའི་ཆོས་སྒྲུབ་དུས་སུའང་དགོས་པ་ཡིན་སྙམ་པའི་དྲན་གསོ་བྱ་དགོས་པ་ཡིན། ཆོས་སྒྲུབ་པ་འདི་འཚོ་བའི་ནང་དུ་མེད་མི་རུང་པ་ཡིན་པ་སྔར་བཤད་པ་ལྟར་ཏེ། འཚོ་བའི་ནང་དུ་ཟ་རྒྱུ་མེད་ན་ལྟོགས་པ་དང་གོན་རྒྱུ་མེད་ན་འཁྱག་པ་ཡིན་པས་ཟ་རྒྱུ་དང་གོན་རྒྱུ་དང་སྐོམ་དུས་སུ་འཐུང་རྒྱུ་ཡོད་དགོས་ལ། མ་གཉིད་ན་ཡུན་རིང་དུ་འཚོ་མི་ཐུབ་པས་གཉིད་ཀྱང་དགོས་པའོ། །གཞན་ཡང་འཚོ་བའི་ཤ་ཆས་གལ་ཆེན་ལ་སེམས་ཀྱི་སྨན་ཆོས་དགོས་པ་སྟེ། ལུས་ལ་སྨན་དགོས་པ་ལྟར་དུ་སེམས་ལའང་དེ་བཞིན་ཆོས་དགོས་ཤིང་། སེམས་གཙོ་བོ་ཡིན་པས་སེམས་ཀྱི་སྨན་ཆོས་མེད་ན་ལུས་ཀྱང་མི་བདེ་བར་ན་བས་ཆོས་ནི་འཚོ་བའི་ཆ་ཤས་སུ་མེད་དུ་མི་རུང་བའོ། །གལ་སྲིད་འཚོ་བའི་ཆ་ཤས་སུ་ཆོས་སྒྲུབ་པ་མེད་དུས་རང་ཅག་གི་སྒོ་ཁྱི་སྒོ་ཟོག་དང་གཅིག་མཚུངས་སུ་གྱུར་པ་སྟེ། སྒོ་ཁའི་ཁྱི་རྒན་རྒྱ་བོ་དང་ཁྱོད་གཉིས་གཅིག་མཚུངས་རེད་ཅེས་བརྗོད་པར་བྱས་རུང་ཟེར་ཆེ་རུ་མ་སོང་སྟེ། ཤི་དུས་སུ་ཆོས་མེད་ཡིན་པར་འདྲ་ཞིང་ཟ་ཉལ་ཙམ་ནི་ཁྱིས་ཀྱང་བྱེད་བཞིན་ཡོད་པས་གཞན་པའི་ཁྱི་ལས་ཁྱད་པར་འབྱེད་བྱེད་ཀྱི་ལས་ཤིག་མ་བསྒྲུབས་པས་སོ། །གལ་སྲིད་དེ་ལས་གཞན་པའི་ལས་ཤིག་བསྒྲུབས་ཡོད་ཚེ་རྣམ་སྨིན་ལྕི་སྤྱད་ཀྱི་སྡིག་པའི་ལས་ཡིན་ངེས། མདོར་ན་ཆོས་སྒྲུབ་པ་ནི་རང་གི་འཚོ་བའི་ཆ་ཤས་སུ་མེད་དུ་མི་རུང་བ་ཡིན་པས་ཆོས་རའི་ནང་ཙམ་ནས་མིན་པར་རང་ཁྱིམ་ནས་ཀྱང་སྒྲུབ་དགོས་འདུག་སྙམ་པའི་དྲན་གསོ་ཡོང་དགོས་པའོ། །པདྨའི་ཐང་དུ་ཞིང་སྒྲུབ་འཚོགས་ས་ནས་ཉིན་ཁ་ཤས་སུ་ཆོས་བསྒྲུབས་པ་དང་། སྐོར་བ་བྱས་ནས་སྒོ་ཕྱི་ནང་གཉིས་ཀ་ནས་སོང་དུས་སུ། གཙུག་ལག་ཁང་གི་ཁོར་ཡུག་དང་བཅས་ཏེ་ཕྱི་ནང་ཐམས་ཅད་དུ་གཙང་སྦྲ་བྱས་པ་དང་། མཆོད་པ་སྤུས་དག་པ་དངོས་གཙང་བ་བཤམས་ཡོད་པ་འདིས་དྲན་སྐུལ་གྱིས། རང་ཁྱིམ་ནས་ཀྱང་དེ་བཞིན་ཁ་ལག་སྤྱོད་གསུམ་གཙང་མར་བྱས་པའི་སྒོ་ནས་མཆོད་རྫས་མང་ཉུང་དང་འབྱོར་བ་ཆེ་ཆུང་ལ་མ་ལྟོས་པར་དག་པ་རྣམ་གསུམ་ཚང་བའི་མཆོད་པ་བཤམས་དགོས་པ་སྟེ། དག་པ་གསུམ་གང་ཞེ་ན་ཞིང་དག་པ་ནི་མཆོད་པ་འབུལ་སའི་ཡུལ་དག་པ་དང་། དངོས་པོ་དག་པ་ནི་འབུལ་བྱའི་དངོས་པོ་སྡིག་པས་བསགས་པའི་རྒྱུ་རྫས་དང་། ཟ་འཕྲོ་འཐུང་འཕྲོ་རུལ་བ་བམ་པ་སེར་སྣས་བཅིངས་པ་སོགས་མིན་པ་དང་། བསམ་པ་དག་པ་ནི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ་ཡིན་པའོ། །མཆོད་ཀོང་རྡོག་པོ་གཅིག་དང་ཡོན་ཆབ་བདུན་ཆ་ཙམ་ལས་མ་ཡོད་རུང་གཙང་མར་བཤམ་དགོས་པ་ཡིན། གཙང་མི་གཙང་ཡང་ཞིབ་ཏུ་རྟོག་དཔྱོད་བྱས་ན་དཀའ་ཡང་། རང་གིས་གཙང་མར་བྱས་ཡོད་སྙམ་པའི་རང་སེམས་དག་པ་བྱུང་ན་གཙང་མ་ཡིན་པའི་གོ་ཆོད་པའོ། །གཞན་ཡང་གཙུག་ལག་ཁང་གི་ལྷ་ཁང་སྦུག་མའི་དྲི་གཙང་ཁང་དུ་རྟེན་གཙོ་ཇོ་བོའི་སྐུ་བརྙན་ཁྱོད་ཅག་གིས་མཇལ་ཁ་ཞུས་པ་དང་། གསེར་ཆབ་གསོལ་བ་དང་། གསོལ་སྨོན་འདེབས་པའི་རྟེན་ཞིག་བཞུགས་སུ་གསོལ་ཡོད་པ་འདི་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་སྐུ་བརྙན་ཡིན་ཡང་། སྤྲུལ་སྐུ་ལོངས་སྐུ་རུ་ཞལ་བསྒྱུར་ནས་རིགས་ལྔ་གསོལ་ཞིང་རིན་པོ་ཆེའི་རྒྱན་ཆ་མང་པོས་བརྒྱན་པ་ནི་བསོད་ནམས་གསོག་པའི་ཆེད་དུ་ཡིན་པའོ། །རང་རེས་སྟོན་པ་ལ་ཇོ་བོ་ཞེས་ཞུ་སྲོལ་ཡོད་པ་སྟེ་ལྷ་སའི་ཇོ་བོ་ཞེས་དང་། སྟོན་པའི་སྐུ་ལ་ཇོ་བོ་ཞེས་ཞུ་བཞིན་ཡོད་ཅིང་། ཇོ་བོ་ཞེས་པ་ནི་གནའ་བོད་དབུས་གཙང་གི་ཕྱོགས་ནས་འབོད་སྲོལ་ཡོད་པའི་ཆེ་བཀྱགས་ཀྱིས་བོས་པའི་མཚན་ཏེ། དགའ་ཞིང་དང་བའི་ཉམས་ལྡན་གྱི་ཚིག་གིས་འབོད་ཚུལ་ཞིག་ཡིན་པས། དཔལ་ལྡན་ཨ་ཏི་ཤ་རྒྱ་གར་ནས་བོད་དུ་བྱོན་དུས་བོད་རྣམས་ཀྱིས་ཇོ་བོ་རྗེ་ཞེས་ཞེ་ས་ཞུས་པ་ལྟ་བུའོ། །ས་ཆ་འདི་ཡས་མས་ནས་ཨ་བུ་ཞེས་པ་དང་འདྲ་བ་སྟེ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཚང་ལ། ཐམས་ཅད་ཀྱིས་ཨ་བུ་ཞེས་ཞུས་པ་ལྟ་བུ་ཡིན། ཁོང་རྫོགས་ཆེན་དུ་ལོ་ཉི་ཤུ་ཙམ་བཞུགས་པས་མཚན་དེ་དང་པོ་རྫོགས་ཆེན་པས་ཞུས་པ་ཞིག་ཨེ་ཡིན་ན་སྙམ་བཞིན་ཡོད། དཔལ་སྤྲུལ་རིན་པོ་ཆེའི་གསུང་གི་ནང་དུ་ཆུ་གྲུ་ལུས་རྣམ་བཤད་ཅེས་པའི་བསྟན་བཅོས་ཤིག་ཡོད་པ་ནི། ཉིན་གཅིག་རྒད་པོ་ཞིག་རི་ཁྲོད་དུ་ཕྱིན་པས། དཔལ་སྤྲུལ་རིན་པོ་ཆེས། ཡ་རྒད་པོ། དེ་རིང་ཅི་ཞིག་གོ་རྒྱུ་འདུག ཅི་ཞིག་རིག་རྒྱུ་འདུག་གསུངས་པས། རྒད་པོས་ཆུ་གྲུ་ལུས་གོ་རྒྱུ་མི་འདུག་ཞུས་པས་བརྩམས་པ་སྟེ། དེ་ལྟར་ཞུ་མཁན་དེའི་སྐད་ལུགས་ལ་བརྟགས་ན། ས་རོང་པ་ཞིག་ཡིན་པར་སྣང་བས་དེ་དུས་ནས་ཀྱང་རོང་རྒན་འཁྱར་པོ་འགའ་རེ་འདིར་ཡོད་པའི་ཚོད་དཔག་ཐུབ་འདུག དཔལ་སྤྲུལ་ཚང་ནི་གདུལ་བྱར་མཚང་ནས་རྒོལ་བའི་གདམས་ངག་གནང་དུས་ཞལ་ཅུང་ཟད་གྱོང་པ་ཡིན་ལ། ཞེ་སའི་ཚིག་གིས་ཨ་བུ་ཞེས་ཞུས་དུས། ཁོང་ཨ་བུ་ཧྲལ་པོ་ཡིན། དུག་ལྔ་མེ་འབར་ཡིན་ཞེས་གསུངས་སྲོལ་ཡོད། གསུང་ཆོས་ཚོའི་ནང་དུ་ཡང་དད་པ་མེད་པའི་ཕྱག་གིས་ཐལ་འཚུབ་སློང་མ་ཡོང་ཞེས་གསུངས་འདུག་པ་ནི་འགའ་རེའི་ངོར་གཟིགས་ནས་གསུངས་ཡོད་ལས་ཆེ་སྙམ་རྒྱུ་ཡིན་པའོ། །རང་རེས་ཇོ་བོའི་མཚན་གྱི་བྱུང་ཁུངས་བཤད་བཞིན་ཡོད་པས། སངས་རྒྱས་བྱང་སེམས་ཀྱི་མཚན་གཟུང་དུས། ཞེ་ས་དང་བཅས་ཏེ་བརྗོད་དགོས་ཀྱི། སྐུ་འདྲ་ཞིག་ལ་མཛུ་གུ་ཁེ་རུ་མ་ཞིག་བཙུགས་ནས། ཁོ་རེ། ཤཱཀྱ་ཐུབ་པ་དེ་ཚུར་སྤྲོད་དང་ཞེས་དེ་ལྟར་ཟེར་མི་རུང་ཞིང་། དེ་གོ་དུས་ཅིག་ཤོས་ཀྱིས་ཀྱང་མགུལ་ནས་བཟུང་སྟེ་འཁྱེར་ཡོང་མི་རུང་བར། གུས་པའི་ཚུལ་གྱིས་ཡར་བཀྱགས་ནས། མཚན་ལ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་ཞེས་མ་ཡོང་རུང་། སྟོན་པའི་སྐུ་འདྲའམ། ཐུབ་པའི་སྐུ། ཐུབ་དབང་གི་སྐུ་ཞེས་ཞུ་དགོས་སོ། །སྤྱིར་ཁམས་པའི་སྐད་ལ་གུས་ཚིག་ཞེ་ས་མེད་པ་ཡིན་ཞེས་ཟེར་སྲོལ་ཡོད་ཀྱང་། དབུས་གཙང་པ་ལྟར་དུ། ཁྱི་དང་། ཧ་ལི་ལ་ཞེ་ས་འཕྲོད་བ་མིན་རུང་། ལྷ་དང་བླ་མ་ལས་གཞན་ལ་ཞེ་ས་མི་སྤྲོད་པ་ལ་ཡང་ཁྱད་ཆོས་ཡོད་པར་སེམས། དེས་ན་ཁྱོད་ཅག་གིས་ཇོ་བོ་རྒྱ་ནག་མ་འདི་དང་པོ་བཞེངས་དུས་སུ། ངེད་ཅག་གི་བླ་མས་བསོད་ནམས་བསག་པའི་ཞིང་དུ་དམིགས་ནས་ཁོང་རང་ཉིད་ཀྱིས་ལག་དར་ནས་འདིའི་དཔེ་གཞི་ལས་སར་ཞུགས་ནས་བཟོས་ཤིང་། འདི་ལ་ཇོ་བོ་རྒྱ་ནག་མ་ཞེས་མཚན་བཏགས་པའི་བཏགས་དོན་ནི། རྒྱ་བཟའ་ཀོང་ཇོས་ལྷ་སའི་ཇོ་བོ་དང་ལྷན་དུ་བོད་ཀྱི་རྟེན་སྐལ་དུ་བསྣམས་པའི་ཇོ་བོའི་སྐུ་བརྙན་ཞིག་དུས་རབས་སྔོན་མར་མེ་ཉག་རབ་སྒང་དུ་བཞུགས་པར་དེང་སང་གི་དུས་རབས་འདི་ལ་ས་ཆ་འདིའི་བསོད་ནམས་ཀྱི་བགོ་སྐལ་དུ་བྱོན་པ་དེ་འདིའི་ནང་གཟུངས་སུ་བཞུགས་སུ་གསོལ་ཡོད་པས་ཡིན་འདུག་སྙམ་པར་བྱས་ཚེ། རང་ཁྱིམ་དུ་ཡང་བསྟན་པའི་བདག་པོ་སྟོན་མཆོག་ཐུབ་པའི་དབང་པོའི་སྐུ་བརྙན་ཞིག་ཡོད་དགོས་པར་འདུག་སྙམ་པའི་དྲན་གསོ་ཡོང་བར་བྱོས་ལ། ཆ་རྐྱེན་གྱིས་འཛོམས་ན་ལི་ཁྲ་ལ་སོགས་གསེར་དངུལ་གྱི་རྒྱུ་རྩ་ཅན་དང་། མ་འཛོམས་ན་ས་སྐུས་ཀྱང་ཆོག་པ་སྟེ། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་གསུངས་པས། རྒྱུ་བཟང་ངན་མིན་པར་དད་པ་འགྲོ་མིན་ཡིན་པ་སྟེ། མ་རྒན་ཞིག་ལ་བུ་ཚོང་པ་ནམ་རྒྱུན་རྒྱ་གར་དུ་ཚོང་ལ་འགྲོ་བ་ཞིག་ཡོད། མ་རྒན་གྱིས་ཁྱོད་ཀྱིས་རྒྱ་གར་ནས་དད་པའི་རྟེན་ཁྱད་པར་ཅན་ཞིག་ཁྱེར་ཤོག་ཅེས་ལན་མང་པོར་སྨྲས་ཀྱང་བུས་ནམ་རྒྱུན་བརྗེད་པ་ལ། སྐོར་ཞིག་ཡང་བུ་རྒྱ་གར་དུ་འགྲོ་བའི་ཚེ་ད་རེས་ཁྱོད་ཀྱིས་ང་རང་ལ་ཕྱག་འཚལ་བའི་རྟེན་ཞིག་ཁྱེར་མ་འོང་ན་ང་ཁྱོད་ཀྱི་སྔོན་དུ་ལྕེབས་ནས་འཆིའོ་ཟེར་བ་ལ། བུ་བརྗེད་ངས་ཅན་ཞིག་ཡིན་པས་ས་མཐའ་བསྐོར་ནས་སོང་སོང་ནས་སླར་ལྡོག་པའི་མ་རྒན་གྱི་སྦྲ་མགོ་མཐོང་བའི་བར་དུ་བརྗེད། ཁྱིམ་དུ་སླེབ་ཀར་མས་སྨྲས་པ་དྲན་ནས། ད་ཅི་བྱེད་ངས་མ་རྒན་མོ་ལ་ཕྱག་འཚལ་བའི་རྟེན་ནི་གང་ཡང་མ་ལོན། རྟེན་མེད་པར་ཁྱིམ་དུ་ཕྱིན་ན་མ་རྒན་ལྕེབས་ནས་འཆི་སྙམ་སྟེ། གཡས་གཡོན་དུ་བལྟས་པས་ཟུར་དེ་ན་ཁྱི་མགོ་ཞིག་འདུག དེའི་སོ་ཞིག་ཕྱུངས་པ་དར་གྱིས་དྲིལ་ཏེ་ཁྱེར་འོངས་ནས་མ་ལ་བྱིན། འདི་བཅོམ་ལྡན་འདས་ཀྱི་ཚེམས་མཆེ་བ་ཡིན་པས་ཁྱོད་ཀྱིས་གསོལ་བ་འདེབས་པའི་རྟེན་གྱིས་ཤིག་བྱས་པས། མ་རྒན་གྱིས་ཁྱི་སོ་དེ་ལ་སངས་རྒྱས་ཀྱི་ཚེམས་དངོས་སུ་བཟུང་ནས་དད་པ་བསྐྱེད་དེ་དུས་རྒྱུན་དུ་སྤོས་དང་མཆོད་མེ་ཕྱག་དང་མཆོད་པ་ཕུལ་ནས་དད་རྟེན་དུ་བྱས་པས་ཁྱི་སོ་ལ་རིང་བསྲེལ་མང་པོ་བབས། རྒན་མོ་འཆི་བའི་ཚེ་འཇའ་འོད་ཀྱི་གུར་ཁང་ཕུབ་པ་སོགས་བྱུང་ཞིང་། ཁྱི་སོ་ངན་རུང་རྒན་མོའི་དད་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་བྱིན་རླབས་འདྲེན་ཐུབ་སོང་བའོ། །དེ་ལྟར་རྒྱུ་བཟང་ངན་ལ་མ་ལྟོས་པའི་སྟོན་མཆོག་ཐུབ་པའི་དབང་པོ་ནི་བསྟན་པའི་བདག་པོ་ཡིན་པས་དེའི་སྐུ་བརྙན་ཞིག་ངེས་པར་བཤམ་དགོས། གཞན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དང་། རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་དང་། གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་གསུམ་བཤམས་ན་བཟང་བ་སྟེ། དེ་རྣམ་པ་ལྔ་བརྒྱ་ཐ་མའི་སྐབས་སུ་མཛད་འཕྲིན་ལྷག་པར་མྱུར་བར་ཤོག་ཅེས་ཐུགས་བསྐྱེད་པས་དུས་འདིར་ཐུགས་རྗེ་ལྷག་པར་མྱུར་བ་ཡིན། མདོར་ན་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཆ་ཚང་བ་ཞིག་མཆོད་ཁྲིའི་ཐོག་ཏུ་བཤམས་པ་དེ་དག་ལ། འབྱོར་བའི་ཆེ་ཆུང་ལ་མི་ལྟོས་པར་བདུན་ཚར་ནང་གི་ཆུ་ཐིགས་ཁ་ཤས་འདི་དང་། མཆོད་ཀོང་རྡོག་པོ་ཁ་ཤས་འདི་རྣམས་འབུལ་བ་ཡིན་བསམ་དགོས་ཤིང་། འབུལ་དོན་ཡང་རང་ཉིད་ཕོ་རྒྱགས་ཙམ་གྱི་ཆེད་དུ་རུང་བ་མིན་ཏེ། སྔོན་རིག་གནས་གསར་བརྗེ་ཟིན་མ་ཐག་ཏུ་ཐོག་མ་ཇོ་མཇལ་ཆོག་པའི་སྐབས་ཤིག་ལ་ང་ཉི་མ་ལྷ་སར་ཇོ་བོ་མཇལ་དུ་སོང་ལ། དེའི་སྐབས་སུ་རྒན་མོ་ཞིག་གིས་གསོལ་འདེབས་སྨོན་ལམ་བྱ་དུས། ང་ལས་རྒྱགས་ཤིག་མེད་པར་ཤོག ང་ལས་སྐྱིད་ཅིག་མེད་པར་ཤོག་ཅེས་ལྷ་རེའི་མདུན་ནས་དེ་ལྟར་སྨོན་ལམ་རྒྱག་བཞིན་འདུག ངས་རྒན་མོའི་མདོག་ལ་བལྟས་པས་རྒན་མོའི་ཟོ་མདོག་བཟང་རྒྱུ་མི་འདུག་པས་རྒན་མོ་རང་ཉིད་རྒྱགས་དགོས་པར་འདུག་པས་མོ་རང་རྒྱགས་པའི་སྨོན་ལམ་ལོས་འདེབས་ཀྱང་། རང་ཉིད་ཀྱི་ཡན་དུ་སུ་ཡང་རྒྱགས་མི་ཉན་པར་འདུག་པས་དེ་ནི་ཇོ་བོས་ཀྱང་འགྲུབ་དཀའ་བར་སྣང་། དེས་ན་རང་ཉིད་གཅིག་པུ་བཟང་ཆེད་དུ་མི་བསམ་པར། རང་ཉིད་སྔོན་མར་པདྨའི་ཐང་ནས་ཞིང་སྒྲུབ་འཚོགས་སྐབས་སུ། ཐོག་མར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་དགོངས་གསོལ་ཞུས། དེ་ནས་སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཏིང་། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པར་འདུག་པས། ཁྱིམ་ནས་ཀྱང་དེ་བཞིན་དུ་བྱ་དགོས་པ་ཡིན་བསམས་ཏེ། སྐུ་འདྲ་དང་ཐང་ག་ཅི་ཞིག་བཤམས་ཡོད་པ་དེ་དམིགས་རྟེན་དུ་བྱས་ནས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་ཐམས་ཅད་ཡིད་ཀྱིས་སྤྱན་དྲངས་པར་བྱོས་དང་། རང་སེམས་ཀྱི་ནུས་པས་ཐེངས་ན་སངས་རྒྱས་ཀྱིས་ཐུགས་རྗེས་གཟིགས་ཏེ། །ཨོ་རྒྱན་ཆེན་པོས། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ། །པད་འབྱུང་གང་དུའང་མ་བཞུད་སྒོ་ཉལ་ཡོད། །ང་ཡི་ཚེ་ལ་འདས་གྲོང་ཡོད་མ་ཡིན། །དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ། །ཞེས་གསུངས་པ་དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་སྤྱན་གྱིས་གཟིགས་ངེས་པ་ཡིན་ནོ། །རང་ཉིད་ཀྱིས་ཕུལ་བའི་མཆོད་རྫས་ཉུང་ངུ་དེས་དམིགས་རྟེན་བྱས་ནས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀྱི་ལྷ་མིའི་ལོངས་སྤྱོད་ཐམས་ཅད་དངོས་སུ་འབྱོར་བ་དང་། ཡིད་ཀྱི་སྤྲུལ་བའི་སྒོ་ནས་ཕྱི་ནང་གསང་བ་བླ་མེད་ཀྱི་མཆོད་པ་དང་བཅས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་འབུལ་བ་ཡིན་ཞེས་ཞེ་སྙིང་ནས་བསམ་པར་བྱ་དགོས། དེ་ལྟར་ཞེ་སྙིང་ནས་བསམས་ན་གྱོང་ཁ་མེད་པའི་ཐོག་ཏུ་ཁེ་ཁ་ཆེན་པོ་ཞིག་ཐོབ་པ་ཡིན། དེས་ན་ཚོགས་བསགས་མཆོད་འབུལ་ནི་དངོས་པོ་ཆེ་ཆུང་མིན་པར་བསམ་པ་དག་མིན་ཡིན་གྱི། རྒྱུ་ཆེ་ཆུང་གིས་ཡིན་ན་ཕྱུག་པོ་ཐམས་ཅད་དག་ཞིང་དུ་སྐྱེ་ངེས་ཀྱང་། དམྱལ་བར་ཕྱུག་པོ་དང་བཙན་པོ་སྐྱེ་བ་མང་ངོ་། །འདིར་ཡོད་པ་མང་ཆེ་ཤོས་ནི་སྐྱབས་གསུམ་འཛིན་པའི་སྡོམ་པ་བླངས་མྱངས་མཁན་ཤ་སྟག་ཡིན་ཞིང་། ད་ལོ་བྱང་ཆུབ་སེམས་སྡོམ་ཡང་བླངས་པ་ཡིན་པས། བྱང་ཆུབ་སེམས་སྡོམ་ནི་དང་པོ་སློབ་དཔོན་གྱི་མདུན་ནས་བླངས་རྗེས་སུ། ནམ་རྒྱུན་རྟེན་གྱི་མདུན་ནས་ཉིན་རེ་བཞིན་དུ་མི་ཆག་པར་ལེན་པའམ། ཉིན་ལན་གསུམ། མཚན་ལན་གསུམ་སྟེ་དུས་དྲུག་ཏུ་ལེན་པར་བྱས་ན་བཟང་ཞིང་། རྟེན་གྱི་མདུན་ནས་ལེན་ས་མེད་རུང་ཡིད་ཀྱིས་བསྒོམས་ནས་བླངས་ནའང་ཆོག་པ་སྟེ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་གཟིགས་པ་ཐོགས་མེད་ཡིན་པས་གཟིགས་ཤིང་དགོངས་པ་ཡིན་ནོ། །འདི་ནས་ཉི་མ་བཞིའི་རིང་དུ་མི་ཚེ་གཅིག་གི་སྡིག་ལྟུང་དང་། ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད། ཤིན་ཏུ་དབང་རྣོན་དང་ལས་ཅན་གྱི་གང་ཟག་ཞིག་ཡིན་ན་མ་གཏོགས་སྦྱོང་ཐུབ་པར་དཀའ་བ་ཡིན་ཡང་། ཆོས་ར་འདིའི་ནང་ནས་ཐར་བའི་ས་བོན་ཞིག་རང་རྒྱུད་ལ་བཞག་ཐུབ་སོང་ན། རྒྱུ་བདེ་གཤེགས་སྙིང་པོ་རང་ལ་ཡེ་གནས་ཀྱིས་ཡོད་པས། རྟེན་མི་ལུས་རིན་ཆེན་ཐོབ་པའི་སྟེང་དུ་རྐྱེན་དགེ་བའི་བཤེས་གཉེན་བསྟེན་པ་དང་། ཐབས་དེ་ཡི་གདམས་པ་ལག་ཏུ་བླངས་ཤིང་རང་ཉིད་ཀྱིས་འབད་པས་ཐུབ་ཚེ་རང་གཞན་དོན་གཉིས་ཚེ་འདིའི་ཐོག་ནས་འགྲུབ་པ་ཞིག་བྱེད་ཆོག་པས་དེ་བྱེད་དང་མི་བྱེད་རང་ལ་ཐུག་པའོ། །དམ་པའི་ཆོས་འདི་གཞན་ཞིག་གིས་སྒྲུབ་ཤོར་ནས་རང་གིས་སྒྲུབ་མི་ཐུབ་པའམ། བཙན་པོ་དབང་ཡོད་ཚོས་སྒྲུབ་ནས་ཉམ་ཆུང་དབང་མེད་ཚོས་སྒྲུབ་ཏུ་མི་དབང་བར་མིན་པར། ཉི་མ་ཀུན་གྱི་ཉི་མ་སྟེ་འཛམ་གླིང་ལ་ཤར་བ་ལྟར་དུ། ཆོས་ཀྱང་ཀུན་གྱི་ཆོས་སྟེ་སུས་སྒྲུབ་ཀྱང་དེ་ལ་སྒྲུབ་ཏུ་ཡོད་པས། རང་ཉིད་མ་ཞན་དུས་དམ་པའི་ཆོས་འདི་སྒྲུབ་རྒྱུ་མེད་ནས་ཐབས་མི་ཆག་གོ །ཆོས་རའི་ནང་དང་རང་ཉིད་ཀྱི་མཆོད་ཁང་རྐྱང་པ་ནས་ཆོས་སྒྲུབ་ཅིང་། སྒོ་ནས་ཕྱིར་བུད་རྗེས་སྔོན་གྱི་མི་དེ་མིན་པ་ལྟར་དུ་གཏན་ནས་མི་རུང་ལ། མི་དེ་ལྟ་བུ་ལ་འཇིག་རྟེན་གྱི་བྱ་བ་དང་མཉམ་དུ་ཆོས་སྒྲུབ་པའི་ལོང་མེད་པས་མི་ཁོམ་པའི་དུས་ཚོད་མང་པོ་ཤར་བ་སྟེ། འཇིག་རྟེན་གྱི་བྱ་བ་ནི་ཁ་གསོ་རྒྱབ་འགེབས་ཀྱི་ཆེད་དུ་མ་སྒྲུབ་ཐབས་མེད་ཡིན་ལ། ཆོས་ཤིག་ཀྱང་སྒྲུབ་དགོས་ཀྱང་སྒྲུབ་པའི་དུས་ཚོད་མི་འདུག་སྙམ་པའི་མི་ཁོམ་པའི་ཐོག་ཏུ་མི་འགྲུབ་པའི་སྣོན་མ་སྟེ། ཆོས་ཀྱི་ཁུར་བོ་ཆེན་པོ་གཅིག་དང་། ལས་ཀའི་ཁུར་བོ་ཆེན་པོ་གཅིག་དང་། འཚོ་བའི་ཁུར་བོ་ཆེན་པོ་གཅིག་བཅས་དེ་ལྟར་ཁུར་བོ་སུམ་བརྩེགས་བཞི་བརྩེགས་ཀྱིས་མནན་ནས། སྤྱིར་སེམས་ལ་གུ་ཡངས་གཞི་ནས་མེད་པའི་ཐོག་ཏུ། ཁུར་བོ་ཇེ་ལྕིར་སོང་ནས། ཆོས་སྒྲུབ་ན་འཇིག་རྟེན་མི་འགྲུབ། འཇིག་རྟེན་སྒྲུབ་ན་ཆོས་མི་འགྲུབ། རུ་བྱས་ན་ཁྱིམ་མི་འགྲིག ཁྱིམ་བྱས་ན་རུ་མི་འགྲིག་པར་འདུག་སྙམ་ནས་ནམ་ཞིག་སེམས་འཚུབས་ནས་སྨན་ཁང་དུ་སོང་ཚེ་ཁྱོད་ལ་སྙིང་ནད་འདུག་ཟེར་ས་ཞིག་ཏུ་འགྱུར་བའོ། །ཆོས་ནི་འཇིག་རྟེན་ན་ཡོད་པའི་སྡུག་བསྔལ་གྱི་ཁུར་པོ་ཐམས་ཅད་ཇེ་ཡང་དུ་གཏོང་སྤྱད་ཡིན་ཡང་། ཆོས་རང་ཉིད་ཁུར་པོ་རུ་གྱུར་དུས་ཆོས་སྒྲུབ་མ་ཤེས་པ་ཡིན་པས། རྒྱུན་གྱི་བསམ་སྤྱོད་དང་ཆོས་འབྲེལ་ནས་ཡོད་དགོས་པའོ། །གོང་དུ་སྣམ་བུ་ཚོས་ནང་དུ་འཕངས་པ་ལྟ་བུ་ཞིག་དགོས་ཞེས། སྣམ་བུ་ཚོས་དམར་པོའི་ནང་དུ་འཕངས་ན་དམར་པོ་དང་། སྨུག་པོ་རྒྱ་སྨུག་རྒུན་འབྲུམ་མདོག་གི་ནང་དུ་འཕངས་ན་སྨུག་པོར་འགྱུར་བ་ལྟར་དུ་བསམ་སྤྱོད་ཐམས་ཅད་ལ་ཆོས་ཀྱིས་ཁྱབ་ན། ཅི་བསམ་ཅི་ལས་ཐམས་ཅད་སྡིག་དང་བྲལ་བས་མ་ཚད། སྙིང་རྗེ་བྱང་སེམས་དང་མ་བྲལ་པའི་སྟོབས་ཀྱིས། བསོད་ནམས་སོག་པས་མ་ཚད་གང་ཟག་དེ་དང་འབྲེལ་ཚད་ཐམས་ཅད་དོན་ལྡན་དུ་འགྱུར་བའོ། །སྣམ་བུ་ཚོས་སུ་བཙོས་དུས་རྒྱུ་ཚོས་ཀྱིས་ཟོས་ལ་སྤུན་མ་ཟོས་པ་མེད་པར་མཉམ་པོར་ཟ་བ་ལྟར་དུ་ཅི་བྱས་ཅི་ལས་ཐམས་ཅད་ཆོས་སུ་འགྱུར་བས། ཆོས་སྒྲུབ་པའི་མི་ནི་དེ་ལྟར་ཞིག་ཡིན་དགོས་པའོ། །མདོར་ན་སྐྱིད་ན་དཀོན་མཆོག་གི་ཐུགས་རྗེ་དང་། སྡུག་ན་ཚེ་སྔོན་གྱི་ལས་འབྲས་སུ་ཤེས་ན། སེམས་ཁྲལ་ལྷག་མོ་མི་དགོས་པར་སེམས་པ་གུ་ཡངས་བློ་བདེ་རུ་འགྱུར་བས། དེའི་དུས་སུ་རྒྱུད་གདུག་རྩུབ་ཀྱིས་འཁྲུགས་ནས། གཟེར་ཁེངས་སེ། ཨུམ་ཐུམ་མེར་འདུག་མི་དགོས་པའི་དུས་ཚོད་ཅིག་ཚེས་པའོ། །འཇིག་རྟེན་སྟེང་གི་ཆེས་ཤིན་ཏུ་རིན་ཐང་ཆེ་ཤོས་ཀྱི་ནོར་བུ་ཅི་བསམ་ཐམས་ཅད་འགྲུབ་སྤྱད་དེ་ཕྱི་རུ་མེད་པར་ནང་དུ་ཡོད་ཅིང་། ཕྱི་རུ་ཡོད་པ་ཞིག་ཡིན་ན་ཕྱི་རྒྱ་མགོ་སེར་རྣམས་ཀྱིས་སྔོན་ཞིག་ནས་གནམ་གྲུ་ནང་དུ་བསྡད་ནས་སམ། འཕུར་མདའ་ལ་སོགས་པའི་ཐབས་ལ་བརྟེན་ཏེ་བླངས་ཚར་ལས་ཆེ་ཡང་། རང་རེ་བོད་ཀྱི་ནང་ཆོས་ལྟ་བུའི་ནང་སེམས་ཀྱི་བདུད་རྩི་འདི་མེད་ནས། དེ་དག་གིས་ཀྱང་མི་ཤེས་པར་ད་གཟོད་རང་ཅག་གི་ཕྱོགས་སུ་ཁ་འཁོར་ནས་ཅི་ཞིག་ཨེ་ལོན་ལྟ་བཞིན་ཡོད། ནང་རང་གི་སེམས་རྒྱུད་ན་ཅི་བསམ་ཐམས་ཅད་ཡིད་བཞིན་དུ་འགྲུབ་བྱེད་ཀྱི་ནོར་བུ་རྩ་ཆེན་དེ་ཡོད་པ་དེས་ན་ཡིད་བཞིན་རིན་ཆེན་སེམས་ཀྱི་གཏེར་སྒོ་དེ་ཕྱེས་དང་། མཛོད་ཕྱི་མའི་ནང་དུ་ནང་མ་ཡོད་པ་དང་། ནང་མའི་ནང་དུ་ནང་མ་སོགས་མང་ཞིང་། ཡིད་བཞིན་རིན་ཆེན་སེམས་ཀྱི་གཏེར་སྒོའི་ལྡེ་མིག་གི་གསང་བའི་ཨང་གྲངས་དང་། སྒོ་ཇི་ལྟར་ཕྱེ་བའི་ཐབས་དང་གདམས་ངག་ནི་ཆོས་རའི་ནང་ནས་ཤེས་དགོས་ཤིང་། སྒོ་ཕྱི་མ་ཕྱེ་སྤྱད་ཀྱི་ལྡེ་མིག་ནི་དད་པ་ཡིན་པས་དད་པའི་ལྡེ་མིག་གིས་ཕྱི་སྒོ་དང་པོ་དེ་ཕྱེས་དང་། དེའི་ནང་དུ་གསང་པའི་སྒོ་ཡི་ལྡེ་མིག་ཤིན་ཏུ་མང་པོ་ཡོད་ལ། མཛོད་ཕྱི་མ་དང་པོ་ཕྱེས་པ་ནི་ལྡེ་མིག་གི་མཛོད་ཁང་ཡིན་པས་དེ་ལས་ལྡེ་མིག་གང་འདོད་རང་གིས་བླངས་ཏེ། གསེར་གྱི་ལྡེ་མིག་ཁྱེར་ཏེ་གསེར་སྒོ་དང་། དངུལ་གྱི་ལྡེ་མིག་གིས་དངུལ་སྒོ་དང་། བཻཌཱུརྱའི་ལྡེ་མིག་གིས་བཻཌཱུརྱའི་སྒོ་དང་། རྡོ་རྗེ་ཕ་ལམ་གྱི་ལྡེ་མིག་གིས་རྡོ་རྗེ་ཕ་ལམ་གྱི་སྒོ་ཕྱེས་དང་། ཁ་ཤས་ནི་གསང་སྒོ་ཡིན་པ་ཡོད་པས་གསང་སྒོ་ཡི་ནང་དུ་འཛུལ་ཐུབ་ནས་ཤིན་ཏུ་གསང་བའི་སྒོའི་ལྡེ་མིག་ལོན་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདོད་དགུ་ཀུན་འབྱུང་། གསོལ་བ་ཅི་བཏབ་པ་དེ་མ་ཐག་ཏུ་འགྲུབ་བྱེད་ལྟ་བུ་དེ་མྱུར་དུ་ལོན་པ་ཡིན་ནོ། །སེམས་ཀྱི་མཛོད་ཁང་དེ་རྒྱ་ཆེ་བ་ནི་ནམ་མཁའ་དང་མཚུངས་ཤིང་། ནམ་མཁའི་རྒྱ་ཁྱོན་ནི་རང་རེས་གཞལ་མི་ཐུབ་པར་མིག་གིས་ཡར་བལྟས་ལ་ནམ་མཁའ་ནི་དཀྱིལ་མཐོ་བ་དང་། མཐའ་སྡེར་སྡེར་ས་རུ་ཐུག་པ་ལྟ་བུར་ཡོད་ཀྱང་། དེ་ནི་ང་ཚོའི་མིག་ཆུང་བ་དང་། ལྟ་སྤྱད་ངན་པས་ཡིན་གྱི། ནམ་མཁའི་ཕ་རོལ་ཏུ་སོང་གིན་སོང་ལ་ནམ་མཁའི་མཐའ་གཏུགས་པ་མེད་དོ། །སེམས་ཀྱི་སྟོབས་དང་རྒྱ་ཁྱོན་ནི་དེ་ཙམ་དུ་ཆེ་བ་སྟེ། ལུས་ངག་ཡིད་གསུམ་གྱི་འདུས་པ་འདི་ལ་ང་ཞེས་ཟེར་ལ། དེ་ལས་ངག་ནི་ལུས་སེམས་ལྷན་དུ་ཚོགས་ནས་གསོན་པོ་ཡིན་པའི་དུས་སུ་སྨྲ་རུ་ཡོད་ཀྱང་ལུས་སེམས་སོ་སོར་བྲལ་ཚེ་མེད་པར་འགྱུར་ལ། ལུས་ནི་ཅི་ཙམ་སྟོབས་ཆེ་རུང་རྒྱ་མ་བརྒྱ་གཉིས་བརྒྱ་ཡས་མས་ཙམ་ཞིག་ལས་འདེགས་མི་ཐུབ་ཅིང་། རྐང་ཐང་དུ་ལེ་དབར་གཅིག་ཙམ་དུ་ཡང་ཤི་ཤི་ཆད་ཆད་ཀྱིས་ཕྱིན་དགོས་པ་དང་། ངག་གིས་ཀྱང་ཀི་འདེབས་ཅི་ཙམ་ཆེ་བར་བྱས་རུང་རྒྱང་གྲགས་གཅིག་གི་མཚམས་སུའང་ཐོས་དཀའ་བའོ། །ལུས་ངག་གཉིས་ལ་དེ་ཙམ་ཞིག་ལས་ནུས་པ་མེད་ཀྱང་། སེམས་ཀྱིས་ནི་ཁམས་གསུམ་འཇིག་རྟེན་འདི་ཡང་ཡུད་ཙམ་གྱིས་བསྐོར་ནུས་པ་སྟེ། ད་ལྟ་ཡར་རུ་ནང་དུ་སོང་ནས་རྟ་ནོར་ལུག་གསུམ་གྱི་རྫི་བོས་ཅི་བྱེད་ཀྱིན་ཡོད་བསམས་ནས་མར་འཁོར་ཆོག་པས། སེམས་དང་ལུས་གཉིས་སྟོབས་ཤུགས་ཆེ་ཆུང་དེ་ཙམ་དུ་ཡོད་པའོ། །དེས་ན་སེམས་སྟོབས་ཆེན་རྒྱལ་པོ་ལྟ་བུ་དེ་ཆོས་ཕྱོགས་སུ་གཏོང་མ་ཐུབ་ན། ལུས་ངག་གཡོག་པོ་ལྟ་བུ་དབང་མེད་ནུས་ཆུང་དེ་གཉིས་ཀྱིས་ཅུང་ཟད་ཙམ་སྒྲུབ་ཚུལ་བྱས་རུང་འགྲུབ་ཏུ་མེད་དོ། །སེམས་ཕྱོགས་དེར་མ་འཁོར་ན་ལུས་ངག་གིས་སྐོར་བ་བསྐོར། འདོན་པ་བཏོན། འཁོར་ལོ་ཚ་བསྐོར་བྱས་རུང་ཕན་ཐོགས་མི་ཆེ་བ་དེས་ན་དོན་ཆེན་བསྐྱུར་ནས་དོན་ཆུང་ལ་འཇུག་པའི་མཚམས་ནས་འཆར་གཞི་ཆེན་པོ་འཕྱུག་བཞིན་ཡོད་པའི་གནད་འདི་ཤེས་དགོས་པའི་དྲན་སྐུལ་བྱས་ནས། ད་ནི་ཆོས་ཁྲིད་དངོས་ལ་འཇུག་པར་བྱ་ལ་དེ་རིང་གི་ཆོས་ཁྲིད་སྤྲོས་བཤད་མང་པོ་མི་བྱེད་པར་མགྱོགས་ཙམ་གྱིས་འཆད་ནས། སྔོན་འགྲོའི་ངག་འདོན་གྱི་ལུང་ཞིག་འདོན་ན་སྙམ་པ་སྟེ། ས་འདི་ནི་ཆོས་མིང་ས་རུ་ཐོགས། ས་མིང་མི་རུ་ཐོགས་ནས་ཁྱོད་གང་ནས་ཡིན་ཞེས་དྲིས་དུས། རྫོགས་ཆེན་ནས་ཡིན་ཟེར་བས། དོན་དངོས་ཀྱི་ཐོག་ནས་ཀྱང་ལས་འབྲེལ་ཡོད་པའི་རྫོགས་ཆེན་གྱི་ཆོས་ལ་སྐྱ་སེར་ཐམས་ཅད་ཀྱིས་ཉམས་ལེན་བྱ་དགོས་པ་སྟེ། ཐར་བ་ཐོབ་པ་དང་། ཤི་གསོན་གཉིས་ཀའི་དགེ་རྩ་སྒྲུབ་པ་དང་། རང་གཞན་གཉིས་ཀའི་དོན་ཆེན་སྒྲུབ་དགོས་ལུགས་སྐྱ་སེར་ཚང་མ་འདྲ་བས་སོ། །འདིའི་ནང་དུ་དགེ་བསྙེན་འབུམ་ལྔ་བསགས་ཟིན་པ་མང་ཞིང་། གཞན་རྒན་གཞོན་ཚང་མས་ཡིག་ངོ་ནི་ཤེས་པས། སྔོན་འགྲོའི་ངག་འདོན་ཁ་ཏོན་བྱས་ནས་བློ་རུ་བྱང་ཐུབ་པར་བྱ་དགོས་ལ། ཁས་བཏོན་པའང་སེམས་ཀྱིས་དོན་དྲན་པའི་ཆེད་ཡིན་པར་གོང་དུ་བཤད་པས། སྔོན་འགྲོའི་ངག་འདོན་གྱི་དོན་ཞིབ་ཅིང་ཕྲ་བར་གོ་བར་བྱ་བསམ་ན། སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་ལ་ཚར་མང་པོ་ལྟ་བ་དང་། ཀུན་བཟང་ཞལ་ལུང་ད་སྔོན་ངས་བཤད་མྱོང་བས་མང་ཤས་ཀྱིས་ཐོབ་ཡོད་ལས་ཆེ་ལ། ངས་བཤད་པའི་སྒྲ་སྡེར་ཡང་ཡོད་པས་དེ་ལ་ཉོན་དང་། ལས་དང་པོ་རྣམས་ལ་དྲན་གསོ་རེ་འགྱུར་རྒྱུའི་ཕན་ཐོགས་ཡོད་སྲིད་དོ། །ཀུན་བཟང་ཞལ་ལུང་ལ་རྒྱུན་དུ་ཡང་ཡང་ལྟོས་དང་སྔོན་འགྲོའི་ངག་འདོན་གྱི་འགྲེལ་བ་ཡིན་པས་མ་ཟད་ཤེས་བྱའི་བང་མཛོད་ཀྱང་ཡིན་ཞིང་། རྒྱུ་བཟང་ཤོས་ནི་ཡོན་ཏན་རིག་གནས་ཀྱི་རྒྱུ་ཡིན་པས་དེ་མེད་ཚེ་ཟང་ཟིང་འབྱོར་པའི་རྒྱུ་རྫས་ཅི་ཙམ་ཡོད་ཀྱང་མི་མཛེས་ཤིང་། ཇི་ཙམ་གྱི་འབྱོར་ཆེན་ཕྱུག་པོ་ཡིན་ཡང་ཁ་ཞིག་གྲག་དུས་བླུན་རྟགས་བསྟན་ནས་ཟོག་བཞིན་དུ་ངུར་གྱིན་ཡོད་པ་ནི་རྒྱན་མིན་པར་མཚང་དུ་ཆེ་བས་སོ། །བླུན་པོ་གསེར་དངུལ་གྱིས་བརྒྱན་པ་ནི་མཚང་དང་། ཡོན་ཏན་ཅན་གོས་ཧྲུལ་ཐེད་པོའི་ནང་དུ་ཡོད་ཀྱང་རྒྱན་ཡིན་པ་སྟེ། དཔལ་སྤྲུལ་ཚང་གིས་ཁོང་ཨ་བུ་ཧྲལ་པོ་ཡིན། ཤེས་རྒྱུ་ནི་ཨ་བུ་ཧྲལ་པོས་ཤེས། །མཁོ་རྒྱུ་ནི་བཙན་ཕྱུག་བུ་ལ་མཁོ། །ཞེས་གསུངས་པ་ལྟར་དུ་ཡོན་ཏན་ནི་རྒྱན་དུ་མཆིས་སོ། །དེས་ན་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་འདི་ཤེས་བྱའི་བང་མཛོད་ཡིན་པས་ཚར་མང་པོར་ལྟོས་དང་། རང་ཉིད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་མིག་རྒྱང་དང་། འཇིག་རྟེན་ཡང་དག་གི་ལྟ་བ་སོགས་མདོར་ན་མི་ཡ་རབས་བྱེད་སྤྱད་རྣམས་དེའི་ནང་དུ་ཡོད་པས། དེ་ལ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །རང་གིས་རང་ལ་མི་གཅེས་པ་དང་། རང་དོན་རྒྱབ་ཏུ་བསྐྱུར་མཁན་སུ་ཡང་མེད་ཀྱང་། རང་དོན་སྒྲུབ་མི་ཤེས་ནས་མགོ་འཁོར་ལམ་ལོག་ཏུ་སོང་བ་དེས་ན་ལམ་གྱི་བཞི་མདོ་རུ་ཐོན་དུས་ལམ་མ་ནོར་བ་གལ་ཆེ་ཡི་ལམ་ལོག་པར་ཞུགས་ཚེ་སོང་གིན་སོང་ལ་ལམ་ལོག་ཇེ་ཐུ་རུ་འགྲོ་བས་དོན་འདི་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་ནོ། །ད་ཆོས་ཁྲིད་དངོས་ལ་འཇུག་པར་བྱ།

༈ དེ་ཡང་ཇི་སྐད་དུ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་སྔ་ནས། འཁྲུལ་པའི་སེམས་འདི་ངེས་པ་མ་བཏུལ་ན། །མཆུ་འདབ་རླུང་གིས་བསྐྱོད་པའི་བཟླས་བརྗོད་དང་། །ལེགས་སྨོན་དུག་གིས་བསྐྱེད་པའི་སྲུང་སྡོམ་དེ། །འབྲས་བུ་ཐར་མཆོག་བཅུད་དུ་སྨིན་པར་དཀའ། །ཞེས་གསུངས་པས། རང་རེ་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་ཀྱིས། འགྲོ་བ་རིགས་དྲུག་གི་གནས་སུ་སྡུག་བསྔལ་རྒྱུ་འབྲས་འབའ་ཞིག་ལ་ཁོར་མོ་ཡུག་ཏུ་སྤྱོད་ནས་བདེ་བའི་གོ་སྐབས་ཏིལ་འབྲུ་ཙམ་ཡང་མ་རྙེད་པར་གནས་པ་འདི་འཁྲུལ་བའི་སེམས་ཀྱིས་བསླད་ནས་འཁྲུལ་སྣང་བདེ་སྡུག་ཏུ་ཤར་བས་ཡིན་པ་སྟེ། དཔེར་ན་ཆུ་ནི་ཆུ་རང་ཡིན་ཡང་དགུན་ལྷགས་རླུང་གིས་བསྡམས་དུས་རླན་གཤེར་གྱི་རང་བཞིན་དང་བྲལ་བའི་འཁྱག་རོམ་དུ་གྱུར་ནས་མགོ་རུ་བརྒྱབ་ན་རྨ་བྱེད་ནུས་པའི་འཁྱག་གོང་དུ་འགྱུར་བ་ལྟར་དུ་སོང་བས། དེ་ལྟ་བུའི་འཁྲུལ་སྣང་གཉིད་མ་བདེ་བའི་རྨི་ལམ་སད་རྒྱུ་མེད་པ་ལྟ་བུ་འདིའི་ཕུགས་དེད་ནས་གཞི་རྩ་ངོས་བཟུང་ན་འཁྲུལ་བའི་སེམས་འདི་ལ་ཐུག་པས། མེ་དང་ཉི་མ་གང་རུང་ལ་འཁྱག་བཞུས་ནས་ཆུ་རུ་མ་བསྒྱུར་བར་བཏུང་མི་རུང་བ་ལྟར་དུ། འཁྲུལ་བའི་སེམས་འདི་བཏུལ་ནས་མ་འཁྲུལ་ཡང་དག་པའི་ལམ་དུ་མ་བཞག་པ་དེ་སྲིད་དུ་ཐབས་གཞན་ལ་བརྟེན་ནས་བདེ་དུས་སྐྱིད་དུས་ཤིག་ཡོང་བའི་ཐབས་མེད་དོ། །གོང་ནས་བཤད་པ་ལྟར་དུ་ལུས་ལ་ནད་ཆུང་ངུ་ཞིག་ཕོག་ཚེ་སྨན་བཅོས་མ་བྱས་ན་མི་བདེ་བས་དེ་བཅོས་ཐབས་དང་གཟེར་འཇོམས་ཀྱི་སྨན་ཚུན་ཆོད་འཐུང་བ་བྱེད་ཀྱང་། ནད་གདོན་གཉིས་ཀྱི་གཞི་བཅས་ཡོད་པའི་འཁྲུལ་བའི་སེམས་འདི་སྨན་བཅོས་བྱ་བ་ཕར་ཞོག་བྱ་རྒྱུ་ཡོད་འདང་ཙམ་ཡང་མི་བྱེད་པ་ནི་འཁྲུལ་ཚབས་ཆེས་ཆེ་བའོ། །དེས་ན་འཁྲུལ་བའི་སེམས་འདི་ཇི་ལྟར་བཏུལ་དགོས་ཤེ་ན། ནད་ཞིག་ལ་དཔེ་མཚོན་ནས་བཤད་ན་ནད་གང་ཡིན་རུང་ཐོག་མ་ནད་དེ་ངོས་ཟིན་པར་བྱ་བ་དང་། དེ་ནས་ངོས་བཟུང་བ་ཙམ་གྱིས་མི་ཕན་པས་མེད་ཐབས་ལ་འབད་དགོས་པ་དང་། ནད་མེད་ཐབས་བྱེད་པ་ལའང་བྱ་བའི་བརྒྱུད་རིམ་གྱིས། དང་པོ་ཆུང་ཐབས་བྱེད་པ་དང་། དེ་ནས་རྩ་བ་དྲུང་འབྱིན་བྱ་དགོས་ཤིང་། དེ་ཡང་ནད་ཐོག་ཏུ་ནད་འཕར་སྤྱད་ཀྱི་སྨན་བསྟེན་མི་རུང་པས་ནད་ཀྱི་ལྡོག་ཟླའི་གཉེན་པོ་ནད་འཇོམས་ཀྱི་སྨན་བསྟེན་དགོས་པ་སྟེ། དཔེར་ན་མེ་ཐོག་ཏུ་འབུད་ཤིང་བསྣན་ན་མེ་ཤི་ཐབས་སུ་མི་འགྲོ་བར་ལྷག་ཏུ་འབར་བའི་རྒྱུར་འགྱུར་བ་དང་མེ་ཐོག་ཏུ་ཆུ་བླུགས་པའམ་ས་ཡིས་མནན་ན་མེ་ཤི་བ་དང་མཚུངས་པས་རང་རང་གི་དགྲའམ་འཇོམས་བྱེད་ཀྱི་གཉེན་པོ་བསྟེན་དགོས་པས་འཁྲུལ་བ་ལྡོག་པ་ལ་འཁྲུལ་བའི་ལྡོག་ཟླ་མ་འཁྲུལ་བའི་ཐབས་ལམ་བསྟེན་དགོས་པའོ། །དེས་ན་རང་རེ་འཁྲུལ་ནས་སྡུག་བསྔལ་མྱངས་པར་འདུག་སྙམ་ནས་མ་འཁྲུལ་ཡང་དག་གི་ལམ་དང་། དེ་ཇི་ལྟར་བཙལ་བའི་ཚུལ་ཤེས་པར་བྱས་ནས་བསྟེན་དགོས་པའོ། །ང་ཕྱི་རྒྱལ་གྱི་ས་ཆ་ཁ་ཤས་སུ་སོང་བར་དགུན་ཁ་རུ་ནམ་སྐྱ་མདའ་གཏོང་ཙམ་ལས་ཉི་མ་འཆར་རྒྱུ་མི་འདུག་པས་ཉིན་ལྔ་དྲུག་རེར་བསྡད་པས་རྨུས་ནས་སྐྱིད་པོ་ཞིག་གཏན་ནས་མི་འདུག་ཅིང་། རང་རེས་ཀྱང་མཚན་ལ་མཆོད་མེ་སྒྲོན་པ་ལས་ལམ་མགོ་ཡང་མི་ཆོད་པས་ཉལ་དགོས་པས་མཚན་མོར་མུན་པར་འཐིབས་ནས་སྐྱིད་པོ་མེད་པ་ཡིན་ཡང་། ཉི་མ་ཤར་མ་ཐག་ཏུ་མཚན་མོའི་མུན་ནག་འཐིབས་པོ་རང་སངས་སུ་གྱུར་པ་དེ་བཞིན་སེམས་མ་འཁྲུལ་པའི་ཐོག་ཏུ་བཞག་པས་འཁྲུལ་བའི་གཉེན་པོ་ཐོབ་སྟོབས་ཀྱིས་འཁྲུལ་བ་གཞི་མེད་དུ་རང་ཞི་རང་སངས་ལ་འགྲོ་བའོ། །དེས་ན་རྩ་བ་འཁྲུལ་བའི་སེམས་དེ་འདུལ་མ་ཐུབ་ན། དར་ལྕེ་རླུང་གིས་བསྐྱོད་པ་ལྟར་དུ་ཁ་ཡ་མཆུ་མ་མཆུ་རླུང་གིས་བསྐྱོད་པའི་མ་ཎིའི་བཟླས་གྲངས་གསོག་རྒྱུའི་གྲངས་ཀ་རྐྱང་པ་རུ་རེ་བ་བྱས་ནས་སེམས་གཞན་དུ་གཡེངས་ནས་བཟླས་པས་ནི་གོ་ཆོད་པ་མིན་ནོ། །བཟླས་གྲངས་རྐྱང་པ་ལ་ཞེན་ནས་གཏམ་ཉོག་དང་བསྲེས་ནས་ཅུང་ཙམ་བཏོན་པ་དེ་དང་། གྲྭ་ཇོ་སེར་གྱིས་གཞན་གྱི་མིག་ཡོལ་ཙམ་ལས་དོན་གྱི་སྲུང་སྡོམ་གང་ཡང་སྲུང་མེད་པའི་ཕྱི་ཚུལ་ཙམ་འཆང་བ་དང་། གྲྭ་པ་ཇོ་མོ་དང་དགེ་བསྙེན་ཕོ་མོ་གང་ཡིན་ཡང་བསམ་པ་མ་དག་པའི་དུག་གིས་བསྐྱེད་པའི་སྲུང་སྡོམ་གཞན་ཀྱིས་བསྟོད་སྔགས་ཡོང་ཆེད་དང་། ལེགས་སྨོན་འཇིགས་སྐྱོབ་ཀྱི་ཆེད་དུ་བླངས་པ་དེ་ཐེག་ཆེན་ཐར་བ་ཆ་མཐུན་མ་དགོས་ཐེག་དམན་ཐར་བ་ཆ་མཐུན་ཙམ་དུའང་མི་འགྱུར་བས་འབྲས་བུ་ཐར་བ་མཆོག་གི་བཅུད་དུ་སྨིན་པར་དཀའོ། །དེས་ན་ཆོས་རྣམ་པར་དག་པ་ཞིག་སྒྲུབ་པ་ལ་སེམས་ཆོས་ཕྱོགས་སུ་འཁོར་བའི་ངང་ནས་སྒྲུབ་དགོས་ཀྱི། ཁ་ཡ་མཆུ་མ་མཆུ་དར་ལྕེ་རླུང་གིས་བསྐྱོད་པ་ལྟ་བུ་དང་། སྲུང་སྡོམ་དོན་གྱིས་མ་བསྲུངས་པར་ཕྱིའི་ཚུགས་ཀ་གཏོད་པ་ཙམ་གྱིས་ནི་ཅི་ཡང་མི་ཕན་ལ། ཐེག་ཆེན་ཐར་བ་ཆ་མཐུན་མ་ཟད་ཐེག་དམན་ཐར་བ་ཆ་མཐུན་ཙམ་དུའང་དཀའ་བས་འཁོར་བ་ལས་ཐར་བའི་རྒྱུ་ཙམ་དུ་ཡང་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེ་དུ་མའི་ཁལ་རྒྱབ་དུ་ལོང་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། བཀའ་འཁོར་ལོ་ཐོག་མཐའ་བར་གསུམ་བསྐོར་བ་དང་། སྤྲུལ་བ་སྣ་ཚོགས་པས་ཆོས་ལོངས་སྤྲུལ་གསུམ་གྱི་བསྟན་པ་ཚད་གཟུང་རིས་སུ་མེད་པ་ཤིན་ཏུ་མང་བ་གསུངས་པ་དེ་དག་རྩ་བའི་ཚིག་གཅིག་ཏུ་བསྡུས་ནས་བཤད་པ་ནི། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པའི་རང་གི་སེམས་འདུལ་ཞེས་པའི་ཚིག་རྡོག་མ་གཉིས་རང་རེ་སུས་ཀྱང་གོ་སླ་བ་འདི་སྙིང་པོ་ཡིན་ཞིང་། འདི་སྙིང་པོ་ཡིན་པ་ནི་སངས་རྒྱས་ཉིད་ཀྱི་བཀའ་ཡིས་གསུངས་པས་ཨེ་ཡིན་སྙམ་པའི་ཐེ་ཚོམ་ཙམ་ཡང་མི་དགོས་པའོ། །རང་སེམས་མ་དུལ་བ་འདུལ་དགོས་ཀྱི། ཐུལ་ཟིན་ཚེ་ཡང་འདུལ་དགོས་པ་མིན་པ་སྟེ། རྟ་ཁ་ལོ་མ་ལོབས་པར་སྲབ་བསྐོན། སྒ་བསྟད་ནས་སློབ་དགོས་ཀྱང་། ཁ་ལོ་ལོབས་ཟིན་དུས་ཡང་བསླབ་དགོས་པ་མིན་པ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་ཆོས་ལ་ཆོས་ཀྱི་འཁོར་ལོ་ཞེས་བརྗོད་པ་ཅི་ཡི་ཕྱིར་ཞེ་ན། འཁོར་ལོ་རིན་པོ་ཆེ་བཞིན་དུ་འགྲོས་མགྱོགས་པས་འཕར་ཞིང་མྱུར་བ་བསྐྱོད་པ་དང་། ལྡོག་ཟླ་མ་དག་པ་གྲིས་གཅོད་པ་ལྟར་བྱེད་པའི་བྱེད་ལས་གཉིས་དང་ལྡན་པས་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། གང་དུ་བསྐྱོད་ན་འཁོར་བ་ལས་ཐར་བ་མྱང་འདས་སུ་བསྐྱོད་ཅིང་། ས་ནས་ས་འཕར་ཞིང་འདྲེན་པར་བྱེད་ལ། གང་གཅོད་ན་འཁོར་བའི་འཁྲུལ་སྣང་རྒྱུན་གཅོད་པར་བྱེད་པའི་བྱེད་ལས་དང་ལྡན་པའོ། །དཔལ་སྤྲུལ་ཚང་གིས་ད་དུང་གོང་གི་ཚིག་བཞི་དེའི་རྗེས་སུ། དྲན་དང་ཤེས་བཞིན་སེམས་ཀྱི་ཁ་ལོ་པ། །བག་ཡོད་སེམས་ཀྱི་སྲུང་མ་དཔའ་བོ་སྟེ། །བྱང་ཆུབ་སེམས་མཆོག་སེམས་ཀྱི་ནོར་བུ་འདི། །ཤེས་ནས་སེམས་འདི་དབྱིག་དང་ལྡན་པར་མཛོད། །ཅེས་གསུངས་པ་ཏེ། དྲན་དང་ཤེས་བཞིན་སེམས་ཀྱི་ཁ་ལོ་པ་ལྟ་བུ་དང་། བག་ཡོད་པ་སེམས་ཀྱི་སྲུང་མ་དཔའ་བོ་ལྟ་བུ་སྟེ། དྲན་དང་ཤེས་བཞིན་བག་ཡོད་གསུམ་རྒྱུན་ལྡན་དུ་མེད་པའི་མིས་བྱ་བ་ཚོད་ཐོག་ཏུ་ཁེལ་བ་མི་འགྲུབ་ལ། བྱང་ཆུབ་ཀྱི་སེམས་མཆོག་སེམས་ཀྱི་ནོར་བུ་ལྟ་བུ་འདི་དག་ངོ་ཤེས་པར་བྱས་ནས། དྲན་དང་ཤེས་བཞིན་བག་ཡོད་བྱང་ཆུབ་སེམས་མཆོག་གི་དབྱིག་གམ་རིན་པོ་ཆེའི་ནོར་དང་ལྡན་པར་མཛོད་དང་འབྱོར་ཆེན་ཕྱུག་པོ་བྱ་བ་ནི་དེ་ཡིན་ཞེས་པའོ། །དེས་ན་དྲན་པ་ནི་མི་བརྗེད་པའི་དྲན་པ་སྟེ་ངས་འདི་བྱ་རུང་། འདི་བྱ་མི་རུང་སྙམ་ནས་བླང་དོར་གྱི་གནས་མི་བརྗེད་པ་དྲན་པའོ། །ཤེས་བཞིན་ནི་སེམས་གཞན་དུ་མི་གཡེང་བར་སྒོ་གསུམ་གྱི་བྱ་བ་ལ་སྐྱོན་ཡོན་རྟོག་པའོ། །དེ་ལྟ་བུའི་དྲན་ཤེས་གཉིས་ནི་སེམས་ཀྱི་ཁ་ལོ་པ་ལྟ་བུ་དང་། བག་ཡོད་པ་ནི་སེམས་ཀྱི་སྲུང་མ་དཔའ་བོ་ལྟ་བུ་སྟེ་ལུས་ངག་ཡིད་གསུམ་ཆོས་བཞིན་ལྷུར་ལེན་པར་བྱེད་ནས་ཉེས་སྤྱོད་ཆེན་པོའི་གཡང་སར་ལྟུང་བར་གཟོབ་པར་བྱེད་པ་སྟེ། དཔེར་ན་ཕྱོགས་ཕར་ཁ་ན་གཡང་རོང་འདུག་པས་སྨྱོ་རྒྱུག་མཆོང་རྒྱུག་མ་བྱེད་མ་གཏོགས་གཡང་དུ་ལྷུང་ཡོང་བྱ་མཁན་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་གསོལ་བ་ཅི་བཏབ་འགྲུབ་བྱེད་ཡིན་ཞིང་། གོང་ནས་བཤད་པའི་རིན་པོ་ཆེའི་སྒོ་མང་ཕྱེས་ནས་ཨེ་ལོན་བྱ་རྒྱུ་ནི་བྱང་ཆུབ་ཀྱི་སེམས་འདི་ཡིན་པས་འདིའི་ཡིན་ཚུལ་ཤེས་པར་བྱས་ནས་སེམས་ཀྱི་དབྱིག་གམ་ནོར་བུ་རིན་ཐང་དང་ལྡན་པ་ལོངས་མཛོད་ཅེས་པའོ། །རང་རེའི་ད་ལྟའི་སྤྱི་ཚོགས་ཀྱི་རྒྱུ་ནོར་འགངས་ཆེན་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཞིག་ལ་དཔེ་མཚོན་ན། གཏོང་མཁན་གྱི་ཁ་ལོ་པ་དང་། སྲུང་མཁན་གྱི་སྲུང་མ་དཔའ་བོ་མེད་ན། ནང་གི་རྒྱུ་ནོར་ཇི་ལྟར་འགངས་ཆེ་རུང་ས་ཐག་རིང་དུ་བསྐྱོད་པའི་ལམ་བར་ནས་ཇག་པས་འཕྲོག་ངེས་ཡིན་པ་ལྟར་དུ། དྲན་དང་ཤེས་བཞིན་ཁ་ལོ་པ་ལྟ་བུ་དང་། བག་ཡོད་པ་སྲུང་མ་དཔའ་བོ་ལྟ་བུ་འདི་མེད་ན་བྱང་ཆུབ་སེམས་མཆོག་ནོར་བུ་ལྟ་བུ་དེ་འཁྲུལ་བའི་སེམས་ཇག་རྐུན་ལྟ་བུ་དེས་འཁྲུངས་སུ་མི་འཇུག་གོ །དེས་ན་འཁྲུལ་བའི་སེམས་ཀྱི་ཇག་རྐུན་སྲུང་མཁན་གྱི་སྲུང་མ་དཔའ་བོ་བག་ཡོད་དང་། སེམས་ཡང་དག་པའི་ལམ་དུ་ཁ་ལོ་སྒྱུར་མཁན་གྱི་ཁ་ལོ་པ་དྲན་དང་ཤེས་བཞིན་གཉིས་དང་། བྱང་ཆུབ་ཀྱི་སེམས་མཆོག་ཡིད་བཞིན་ནོར་བུ་ལྟ་བུ་འདི་མེད་པས་མ་ཟད་བྱམས་སྙིང་རྗེའི་དྲི་མ་ཙམ་ཡང་མི་བྲོ་བར་མཆུ་འདབ་རླུང་གིས་བསྒུལ་ནས། ཁ་ཡ་མཆུ་མ་མཆུ་འཕགས་ནས་ཅི་ཙམ་བཏོན་ཀྱང་ཕན་ཐོགས་ཆུང་བས། དེ་ལྟ་བུའི་མི་ནི་རང་གིས་ཆོས་པ་ཡིན་བསམས་ཤིང་། གཞན་གྱིས་ཆོས་པ་རེད་ཅེས་རུང་། དོན་དུ་ཕྱི་ཚུལ་ཆོས་པའི་ཚུགས་ཀ་ཅན་གྱི་ཆོས་པ་ཁོག་སྟོང་དང་། ལེགས་སྨོན་དུག་གིས་སྦགས་པའི་བསམ་པ་མ་དག་པའི་བཙུན་པའི་ཆས་ཅན་དང་། འདུལ་འཛིན་རྫུན་མ་དང་། གྲྭ་པ་གྲྭ་རྫུན་ཡིན་ཞིང་། འཁྲུལ་འཛིན་བདག་རྟོག་དང་རང་གཅེས་འཛིན་ནང་ནས་མ་ཆོད་པའི་སྒོམ་ཆེན་གྱི་མིང་འཛིན་རྣམས་ཀྱང་། སྒོམ་ཆེན་བཏགས་པ་བ། མིང་གི་ཨོ་ཟོབ་འཛིན་པ། དོན་ལ་སྙིང་པོ་མེད་པའི་དོན་སྟོང་། ནང་སྟོང་པ་ཕྱི་བརྗིད་ཉམས་ཅན། གནའ་སྔོན་མར་མགོན་ཁང་ནང་དུ་གཡག་གི་གསོབ་དང་། སེང་གེའི་གསོབ། སྟག་གཟིག་གི་གསོབ་མང་པོ་ནང་དུ་རྩྭ་བརྫངས་ནས་བཏགས་ཡོད་པ་དེ་བཞིན་དུ་གསོག་གསོབ་རྫུན་པ་བསླུ་བའི་ཆོས་ཅན་ཡིན་པར་བཅོམ་ལྡན་འདས་ཀྱིས་མདོ་མང་པོའི་ནང་ནས་གསུངས་པས། ལྟར་སྣང་མི་མགོ་བསྐོར་ན་བསྐོར་ཆུང་ཡིན་རུང་། དོན་དུ་མི་མགོ་བསྐོར་ས་ནས་རང་མགོ་བསྐོར་བ་ནི་བསྐོར་ཆེན་ཡིན་པ་སྟེ། མི་མགོ་བསྐོར་ན་བསྐོར་ཆུང་ཡིན། །རང་མགོ་བསྐོར་ན་བསྐོར་ཆེན་ཡིན། །ཞེས་པ་ལྟ་བུའོ། །དེ་ལྟར་ཡིན་པ་དེས་ན་ད་ནི་ཆོས་ཡང་དག་པ་ཞིག་སྒྲུབ་དགོས་བསམ་ནས། རང་རྒྱུད་ཉམས་ལེན་ལ་སྦྱར། ཤེས་ཚད་ལག་ལེན་ལ་འདེབས་པ་ནི་གལ་ཆེན་མང་པོའི་ནང་གི་དོན་ཆེན་གཅིག་པུ་ཡིན་གྱི། ཤེས་ནས་ལག་ལེན་ལ་མ་བཏབས་ན་ཅི་ཡང་མི་ཕན་ཏེ། སྨན་སྒྲོ་མང་པོ་བརྩིགས་ཡོད་ཀྱང་མ་འཐུང་ན་ནད་ལ་མི་ཕན་པ་ལྟ་བུའོ། །རང་རེའི་དུས་རྒྱུན་གྱི་འཚོ་བ་སྤྱོད་ལམ་ལ་འདང་བརྒྱབ་ན། མི་སུ་ཡིན་ཡང་རང་ཉིད་ཀྱི་གོས་གོན་རྒྱུ་དང་། ཁ་ཟ་རྒྱུ་ཅི་ཞིག་ཡིན་རུང་རང་གི་སྤྱོད་ཆས་དེ་སྤུས་དག་མ་དང་། དངོས་གཙང་མ་དང་། མིག་ལ་མཛའ་བ་ཞིག་ཨེ་ལོན་བསམ་ཀྱང་། ཆོས་རྣམ་དག་ཅིག་ཨེ་འགྲུབ་དང་སྒྲུབ་ཚུལ་ཨེ་ཤེས་མི་ལྟ་བ་ནི། གནད་མ་ཤེས་ཧ་མ་གོ་བར་ཧོན་ཅུང་ཟད་ལོག་སོང་བའི་རྟགས་སོ། །མདོར་ན་ཆོས་ནི་ཡང་དག་པའི་རྣམ་དཔྱོད་ཀྱི་ལམ་ནས་ཐོབ་པའི་ཚད་མཐོའི་རང་བཞིན་ཅན་གྱི་སྲོག་ལྡན་ཐམས་ཅད་ལ་ཕན་བདེ་སྐྲུན་སྤྱད་ཀྱི་ཐབས་ལམ་ཉག་གཅིག་དང་ཤེས་ཡོན་ཡིན་ལ། ཤེས་ཡོན་གྱི་རིགས་རྣམས་སྦྱངས་ནས་ཤེས་རྗེས་སུ་བེད་སྤྱོད་གཏང་བ་ལྟར་དུ། ཆོས་སྒྲུབ་དུས་སུའང་དད་པ་བཞག་པ་རྐྱང་བས་གོ་མི་ཆོད་པས་ནང་དོན་ཤེས་ནས་བེད་སྤྱོད་གཏོང་བ་དང་། མ་མཐའ་ཡང་དད་པ་བྱ་སའི་ཡུལ་དང་། དད་པའི་ངོ་བོ་གང་ཡིན་དང་། ཇི་ལྟར་དད་པ་བྱེད་དགོས་པའི་ཚུལ་ཙམ་ནི་ཤེས་དགོས་པའོ། །དད་པ་ཡང་མི་དགོས་པ་མིན་པར་མ་ཡོད་ཐབས་མེད་ཡིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་དོན་དམ་པ་ནི་དད་པས་རྟོགས་པར་བྱའོ། །ཞེས་གསུངས། འོན་ཀྱང་དོན་དམ་པ་རྟོགས་པའི་དད་པ་ནི་ཐོས་བསམ་སྦྱོང་བ་ལ་བརྟེན་ནས་རྒྱུ་མཚན་ཤེས་པའི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་ཡིན་གྱི། རྨོངས་དད་ལ་གསུངས་པ་མིན་ནོ། །དེས་ན་རྒྱུ་མཚན་ཅི་ཡང་མི་ཤེས་པར་ཐུགས་རྗེ་མ་ཆུང་ཞེས་དད་པ་བྱེད་པ་དེ་དང་། རྒྱུ་མཚན་ཅི་ཡང་མི་ཤེས་པར་དད་པ་བྱ་བ་ལ་སྙིང་པོ་མེད་པའི་བདེན་འཛིན་བྱེད་པ་གཉིས་ཀ་རྨོངས་དད་ཡིན་པའོ། །ཐོས་བསམ་བསྟེན་པ་ནི་གྲྭ་པ་བླ་མའི་ལས་ཀ་ཡིན་གྱི། མི་སྐྱ་ཕོ་མོའི་ལས་ཀ་མིན་བསམ་པ་ནི་ནོར་འཁྲུལ་ཆེས་མང་བའི་ཁུངས་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་ཉམས་པའི་གཞི་རྩ་ཡང་ཡིན། བུད་མེད་ཀྱིས་སྐྱིལ་ཀྲུང་བཅས་ན་ས་གས་འགྲོ་ཞེས་པ་སུས་བཤད་པར་མི་ཤེས་ཀྱང་དེ་ནི་བདུད་ཀྱི་གསང་ཚིག་ངོ་མ་སྟེ། ཆོས་ཕོ་མོ་སུས་ཀྱང་སྒྲུབ་ཆོག་ཅིང་། ཕོ་མོ་སུ་ཡིན་རུང་སངས་རྒྱས་ཐོབ་རྒྱུ་དང་། གཞི་རྒྱུད་བདེ་གཤེགས་སྙིང་པོ་ཡོད་ལ། ཐ་ན་སྲིན་འབུ་པདྨ་ཡན་ཆོད་ལ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་བདེ་གཤེགས་སྙིང་པོས་མ་ཁྱབ་པ་མེད་པར་ཡོད་པས་སོ། །ཁྱད་པར་དུ་ད་ལྟའི་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་འཕེལ་འགྱུར་མྱུར་ཚད་མཐོ་ཞིང་། མིག་འཕྲུལ་ལས་ཀྱང་མྱུར་པའི་འཇིག་རྟེན་གྱི་རྒུད་པ་བདོ་མགྱོགས་པའི་སྐབས་སུ། དེའི་ཚོད་དང་བསྟུན་པའི་ཆོས་རིག་གཞུང་གི་ཤེས་ཡོན་ཆོས་བཤད་མཁན་ཉན་མཁན་ཚང་མའི་རྒྱུད་ལ་ཡོད་དགོས་པ་ཡིན་གྱི་མ་གཏོགས། དཔེ་ཆའི་སྟེང་གི་ཡིག་འབྲུ་སྐམ་པོའི་བཤད་པ་ཚད་མཐོ་ཡང་། དེ་སྒྲུབ་པའི་མིའི་བསམ་སྤྱོད་ཆེས་དམན་པར་གྱུར་ན་ཆོས་བསྒྲུབས་ནས་རང་གཞན་གྱི་དོན་མི་འགྲུབ་པར་མ་ཟད་ཡ་རབས་ཀྱི་མིག་ལྟོས་ཙམ་དུ་ཡང་མི་འགྱུར་བར་ཆོས་ཁྱེད་ཅག་གིས་བསྒྲུབས་པ་བྱས་མོད་ཀྱང་ཁྱེད་ཅག་ལ་བཟང་དགེ་ཅི་ཡང་མི་འདུག་ཅེས་གཞན་གྱིས་སྨད་ར་གཏོང་བའི་རྒྱུ་རུ་འགྲོ་བའོ། །བླ་མ་སེར་མོ་བ་མ་གཏོགས་ཁྱིམ་པ་ཕོ་མོ་ལ་ཆོས་ཀྱི་གོ་རྟོགས་མི་དགོས་པའི་འདང་རྒྱག་ནི་ནང་བའི་བསྟན་པ་དང་འགལ་བ་སྟེ། ཤཱཀྱའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ་གསུངས་ནས། འབྲེག་མཁན་ལས་རབ་ཏུ་བྱུང་བའི་ཉེ་བ་འཁོར་གྱི་རྐང་པ་ལ་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་ཕྱག་འཚལ་བ་ལྟ་བུའོ། །ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་ཁ་ཤས་ཀྱིས་ཆོས་བཤད་པའི་ཐོབ་ཐང་ཡོད་མེད་ལ་སོགས་པ་རིགས་རུས་དང་། ཕོ་མོའི་དབྱེ་འབྱེད་བྱེད་པ་མང་བ་ཡིན་པས། དེ་དག་གི་ཤན་ཞུགས་ངན་པ་རང་རེ་ལ་ཐེབས་ནས། སྒེར་དོན་སྲུང་པའི་སྲིད་དོན་པ་ཐ་ཤལ་འགའ་རེས། དེ་དང་ཆ་འདྲ་བའི་བྱེད་སྟངས་ཀྱིས་བསླད་བཙུད་པའི་ངན་སྲོལ་རྒྱུན་འབྱམས་དུ་སོང་བའོ། །དེས་ན་ཆོས་ནི་གླིང་བཞི་བསྐོར་པའི་ནམ་མཁའི་ཉི་མ་ལྟ་བུ་ཡིན་པས། གཅིག་ལ་དབང་བ་དང་། གཅིག་ལ་མི་དབང་བ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་རྒྱུ་དེ་སངས་རྒྱས་ཀྱི་མཛད་པའོ། །གྲྭ་པ་བླ་མས་ཐར་བ་དོན་གཉེར་དགོས་ཀྱི། མི་སྐྱ་ཕོ་མོས་མི་དགོས་ཞེས་ཁས་མ་བཤད་རུང་། ལག་ལེན་གྱི་ཐོག་ནས་མི་སྐྱ་ཕོ་མོས་ཐར་བ་ཐོབ་ཐབས་མ་བྱས་དུས། སེམས་ཅན་ཐམས་ཅད་ཀྱི་ནང་དུ་མི་སྐྱ་ཕོ་མོ་མ་ཚང་བས་མ་ཟད་མིའི་གྲངས་ཚད་མང་ཆེ་བ་མི་སྐྱ་ཕོ་མོས་ཟིན་ཡོད་པས་མི་མང་ཆེ་བ་ལ་ཐར་བ་ཐོབ་ཐབས་མ་བྱས་པའོ། །མདོར་ན་དམ་པའི་ཆོས་འདི་མི་ཉུང་ངུ་ཙམ་གྱི་ཁེ་ཕན་སྒྲུབ་བྱེད་དུ་གྱུར་ཚེ་སངས་རྒྱས་ཀྱི་མཛད་པ་མ་འགྲུབ་པ་ཡིན་ལ། རང་རེའི་གནས་ཚུལ་དང་བསྟུན་ནའང་དབང་ཞུ་ཞེས་ཚང་མས་སྒོ་བསྒྲོགས་ནས་གཤར་བ་ཡིན་ཡང་། དེ་རིང་ཆོས་བཤད་པ་ཡིན་ཞེས་དུས་གོ་རྒྱུ་མ་རེད་བསྐྱུར་ཞོག་ཟེར་བ་ནི་མི་ཉན་ཏེ། དབང་ཞུ་རྒྱུ་གནད་ཆེ་བ་ཡིན་ཡང་། དང་པོ་ཆོས་ཐོས་བསམ་གྱིས་འཆད་ཉན་བྱ་བ་ལ་ཞུགས་རྒྱུ་དེ་བས་ཀྱང་གལ་ཆེ་བའོ། །དབང་ཐོབ་རྒྱུ་གསང་སྔགས་ལམ་གྱི་འཇུག་སྒོ་ཡིན་ཡང་། ཆུ་ཐིགས་པ་གཅིག་བཏུངས་ནས་འདུར་སོང་བ་ཙམ་གྱིས་ནི་དབང་ཐོབ་པ་མིན་པས་དབང་གི་ཚིག་དོན་གོ་ནས་བསྐུར་ཐབས་ལྟར་བྱ་དགོས་པ་སྟེ། རང་རྒྱུད་དུ་བདེ་གཤེགས་སྙིང་པོའི་ས་བོན་སྨིན་རུང་གི་ནུས་པ་ཡེ་ལྡན་དུ་ཡོད་པ་དེ་ཉིད། བླ་མ་རྡོ་རྗེའི་སློབ་དཔོན་ལྟ་དགོངས་ཏིང་འཛིན་དང་ལྡན་པས། དབང་རྫས་ཀྱི་ཡོ་བྱད་དང་། སྔགས་དང་ཏིང་འཛིན་གྱི་བྱེད་པ་ལ་བརྟེན་ནས་ཆང་གི་ནང་དུ་ཕབས་བཏབ་པ་བཞིན་དུ་དེ་ཡར་སྨིན་པར་བྱེད་པ་ནི་དབང་བསྐུར་བའི་དགོས་པ་ཡིན་ཞིང་། ཁྱད་པར་དུ་དབང་སྲོག་རྒྱུད་ལ་འཛིན་པ་ནི་དམ་ཚིག་ཡིན་ཡང་། དམ་ཚིག་གི་རྣམ་བཞག་ཙམ་དང་། སྲུང་བྱ་ཅི་ཡིན་ཙམ་ཡང་མ་ཤེས། ཆོ་གའི་ཡན་ལག་ཙམ་ཡང་མ་རྫོགས། དམིགས་པ་མ་དགོས་ཚིག་ཙམ་ཡང་མ་ཉན་ནས་མ་གོ་ཚེ་དབང་ཡང་དག་མི་ཐོབ་པའོ། །དབང་ཞུ་བ་ནི་ལུག་ཚེ་ཐར་བྱས་པ་བཞིན་དུ་རྩིས་གྲངས་བླངས་པ་ལྟ་བུས་མི་ཆོག་པས། ཆོས་ཀྱི་ཚིག་དོན་རེ་རེ་བཞིན་དུ་ཉན་ནས་ཞེ་ལ་བཞག་རྒྱུ་ནི་དང་པོ་ཆོས་སྒོར་ཞུགས་པའི་རང་རྒྱུད་ཆོས་ཀྱིས་སྨིན་པའི་རྟེན་འབྲེལ་གྱི་སྒོ་དང་པོ་ཡིན་པས། དེ་ལྟར་གཟབ་པར་བྱ་རྒྱུ་མ་འཕྱུག་ཅེས་གཙོ་བོར་ཁྱིམ་པ་ཕོ་མོ་རྣམས་ལ་དྲན་བསྐུལ་དང་བཅས་ཏེ། སྐབས་སུ་བབ་པ་གང་ཞིག་འཆད་པར་བྱ་བའི་ཆོས་ནི་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་། ཐོག་མཐའ་བར་དགེའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་བྱ་བ་འདི་ཉིད་ལ། ཀླད་ཀྱི་དོན་དང་། གཞུང་གི་དོན། མཇུག་གི་དོན་དང་གསུམ་ལས་དང་པོ་སོང་ནས། གཉིས་པ་གཞུང་དོན་ལས་ཀྱང་ཐོག་མར་དགེ་བ་སྙིགས་མའི་སྤྱོད་ལ་སྐྱོ་བའི་གཏམ་བཤད་པ་སོང་། བར་དུ་དགེ་བ་ལྟ་སྒོམ་སྤྱོད་གསུམ་གཏན་ལ་འབེབས་པའི་གཏམ་ལས། རྣལ་འབྱོར་བཞིའི་རིམ་པ་ལ་བརྟེན་ནས་སྤྲོས་བཅས་ཀྱི་རྩོལ་བ་གཞིག་པའི་སྐབས་ལས། རྩེ་གཅིག་ཉམས་ཀྱི་ངང་ནས་ཡིག་དྲུག་བགྲང་བའི་ཚུལ་བསྟན་པ་སོང་ནས།

གཉིས་པ་སྤྲོས་བྲལ་ལྟ་བའི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ།

གཉིས་པ་སྤྲོས་བྲལ་ལྟ་བའི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ་ནི།

ཀུན་རྫོབ་བརྟགས་ནས་དོན་དམ་གཏན་ལ་ཕོབ།།

དོན་དམ་ངང་ནས་ཀུན་རྫོབ་འཆར་ཚུལ་ལྟོས།།

བདེན་གཉིས་དབྱེར་མེད་བློ་བྲལ་གཉུག་མའི་གཤིས།།

སྤྲོས་བྲལ་ལྟ་བའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། གཞི་དབུ་མ་བདེན་གཉིས་ཟུང་འཇུག་དང་། ལམ་དབུ་མ་ཚོགས་གཉིས་སམ་ཐབས་ཤེས་ཟུང་འཇུག་དང་། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ཡིན་པས། ཀུན་རྫོབ་ཏུ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་དོན་ལ་མ་གྲུབ་ཅིང་། ཇི་ལྟར་མ་གྲུབ་པའི་ཚུལ་ཡང་འཕགས་པ་ལྷས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ནའོ། །ཞེས་གསུངས་པ་ལྟར་དུ། རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ཀྱིས་བརྟགས་ན་དོན་དམ་པའི་གནས་ལུགས་གཏན་ལ་དབབ་ཐུབ་པ་སྟེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་བདག་ཉིད་ཅན་དང་། རྟེན་འབྱུང་གི་ངོ་བོ་སྟོང་པ་དང་། སྟོང་པའི་ངོ་བོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དབུས་ཡང་མི་དམིགས་པ་གང་ཡིན་པ་དེ་ལ་བརྗོད་བདེའི་ཆ་ནས་དབུ་མ་ཞེས་པའི་མིང་བཏགས་པའོ། །དེ་ལྟར་ཀུན་རྫོབ་ཀྱི་སྣང་ཚུལ་ལ་བརྟགས་ནས་དོན་དམ་སྤྲོས་བྲལ་གྱི་བཞུགས་ཚུལ་གཏན་ལ་ཕོབ་ཅིག དོན་དམ་སྐྱེ་བ་མེད་པའི་ངང་ནས་སྐྱེ་མེད་སྐྱེ་བའི་ཆོ་འཁྲུལ་ཀུན་རྫོབ་སྒྱུ་མ་ལྟ་བུའི་འཆར་ཚུལ་ལ་ལྟོས་དང་། རྣམ་པ་སོ་སོར་སྣང་བའི་ཀུན་རྫོབ་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་ཀ་དོན་ལ་དབྱེར་མེད་ཆོས་ཉིད་ངོ་བོ་ཀ་ནས་དག་པ་བློ་བྲལ་གདོད་མའི་གནས་ལུགས་སྤྲོས་བྲལ་ལྟ་བའི་རང་གནད་དུ་ཤེས་པའི་བདེན་གཉིས་དབྱེར་མེད་སྤྲོས་བྲལ་སྨྲ་བསམ་བརྗོད་འདས་ཆེན་པོའི་ལྟ་བའི་ངང་མ་ཤོར་བར་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །ཁྱིམ་པ་ཕོ་མོའི་ཉམས་སུ་རན་པར་མི་འདུག་པས་ དེ་རིང་རང་རེས་སྤྲོས་བཤད་དེ་ཙམ་བྱེད་མི་ཉན་ཞིང་། ཁྱད་པར་གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་སྟེ་ཆེན་པོ་གསུམ་གྱིས་ལྟ་སྒོམ་སྤྱོད་པ་དང་འབྲེལ་ནས་གསུང་བའི་སྐབས་སུ་ཁེལ་འདུག་པ་འདི་ཞིབ་ཅིང་ཕྲ་བར་འགྲེལ་བའི་སྐབས་ཀྱང་མིན་ལ། མང་པོ་བཤད་ན་ཁྱིམ་པ་ཕོ་མོ་མགོ་ཉོག་སྤྱད་ཡིན་པ་དེས་ན་དད་པས་མོས་པའི་ཡུལ་དུ་བྱས་ཏེ་བྱིན་རླབས་འཇུག་པའི་དགོས་ཆེད་དུ་ཆོས་ཟབ་མོའི་འབྲེལ་བ་ཐོགས་པར་བྱས་ནས་བཏོན་ན་ཆོག་འདུག་སྙམ། དེ་ལྟར་དབུ་མ་ཐལ་འགྱུར་བའི་ལྟ་བ་དང་སྒོ་བསྟུན་ནས་བཤད་པ་སོང་ནས།

གསུམ་པ་རོ་གཅིག་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ།

གསུམ་པ་རོ་གཅིག་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ་ནི།

སྣང་བའི་སྟེང་དུ་སེམས་ཀྱི་ཞེན་པ་ཆོད།།

སེམས་ཀྱི་སྟེང་དུ་སྣང་བའི་རྫུན་ཕུག་རྡིབ།།

སྣང་སེམས་གཉིས་མེད་རྒྱ་གྲོལ་ཕྱལ་བ་ཆེ།།

རོ་གཅིག་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཕྱི་སྣང་བ་སྣང་ཡུལ་གྱི་སྟེང་གི་གཟུང་འཛིན་ཚོགས་དྲུག་ཏུ་སྣང་པའི་སྣང་བ་དེ་ཇི་ལྟར་སྣང་བ་དེ་ལྟར་དོན་ལ་མ་གྲུབ་པས་ཞེན་སྣང་སེམས་ཀྱི་ཞེན་པ་ཆོད། ནང་སྣང་མཁན་སེམས་ཀྱི་སྟེང་དུ་མེད་སྣང་བློ་ཡིས་ཡོད་པར་བཟོས་པའི་སྣང་བའི་རྫུན་རིས་ཀྱི་ཕུག་རྡིབ་ཏུ་ཆུག སྣང་སེམས་གཉིས་མེད་ཀྱི་རིག་པ་རྒྱ་ཡན་རང་གྲོལ་རང་བབ་མི་མཉམ་པ་མེད་པའི་མཉམ་ཉིད་ཕྱལ་བ་ཆེན་པོ་འཁོར་འདས་གཉིས་མེད་སྲིད་ཞི་རོ་གཅིག་ཏུ་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །ཕྱག་ཆེན་དང་སྒོ་བསྟུན་ནས་བཤད་པ་སོང་ནས།

བཞི་པ་བསྒོམ་མེད་ཆོས་སྐུར་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ།

བཞི་པ་བསྒོམ་མེད་ཆོས་སྐུར་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ་ནི།

སེམས་ཀྱི་རང་བཞིན་རིག་སྟོང་གཉུག་མར་གྲོལ།།

རིག་པའི་རང་རྩལ་སེམས་རྟོག་རང་སར་དག།

སེམས་རིག་གཉིས་མེད་ཐིག་ལེ་གཅིག་གི་ངང་།།

བསྒོམ་མེད་ཆོས་སྐུའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། འདི་དག་ནི་ཟབ་དོན་ཉམས་རྟོགས་ཅན་གྱི་རྣལ་འབྱོར་པའི་སྤྱོད་ཡུལ་ཡིན་པ་ལས། རང་བཞིན་གྱི་ཆོས་པ་ཕལ་གྱིས་གོ་རྒྱུ་དང་། ཡོངས་གྲགས་སུ་བཤད་རྒྱུ་མིན་ནའང་། གཞུང་ཕྱི་མོའི་དབུ་མ་དེ་ཐལ་རང་གང་དུ་ཡང་བཀྲལ་ཆོག་པ་ལྟར་དུ། ཕྱག་རྫོགས་ཀྱི་ཆོས་སྐད་མཐོན་པོ་རྣམས་ཀྱང་སྨོན་པའི་ཡུལ་དུ་བྱས་ན། སྨོན་ལམ་རྣམ་ལྔ་བཏོན་པ་ལྟར་དུ་ཐུན་མོང་གི་སྨོན་པའི་སྤྱོད་ཡུལ་དུ་མ་གྱུར་པ་མིན་པས། ཐུན་མོང་གི་སྨོན་པའི་རྗེས་འགྲོའི་དད་པའི་ཡུལ་ཙམ་དུ་བཀྲལ་ན། འདི་ལྟར་སྣང་བའི་འཁྲུལ་རྟོག་སྣ་ཚོགས་སུ་ཤར་པའི་ཆོས་ཅན་སེམས་ཀྱི་ཆོས་ཉིད་དམ་རང་བཞིན་གྱི་གནས་ལུགས་ནི། རིག་སྟོང་གཉུག་མའི་ཡེ་ཤེས་གདོད་ནས་ཡེ་གྲོལ་མ་བཅིངས་འཆིང་མེད་སུས་ཀྱང་བཀྲོལ་བ་མེད་པའི་རང་གཤིས་སུ་གནས་པ་གང་ལས། སྟོང་དང་རྟེན་འབྱུང་བསླུ་མེད་གཤིས་ཀྱི་གནས་ལུགས་ཡིན་པ་བཞིན་དུ་རིག་པའི་རང་རྩལ་སེམས་རྟོག་འདྲ་དང་མི་འདྲ་གང་ཤར་ཡང་། ཅི་ཤར་ཆོས་ཉིད་ཀྱི་རྩལ་དང་རོལ་བ་ཡིན་པས་སེམས་རྟོག་ཀྱང་རང་སར་རང་སར་དག་པ་མ་གཏོགས་མ་དག་པ་ཞིག་ཡོད་པའི་གནས་མེད་པས། སྟོང་དང་རྟེན་འབྱུང་དབྱེར་མེད་ཡིན་པ་བཞིན་དུ་སེམས་རིག་གི་ངོ་བོ་དང་རང་རྩལ་ལ་དོན་དུ་ཐ་དད་མེད་པ་གཉིས་སུ་དབྱེ་མི་རུང་བ་གོང་བུ་གཅིག་ལས་མི་གཡོ་པའི་གཉིས་མེད་ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ངང་ལས་མ་འདས་པར་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །དེ་ནི་རྫོགས་ཆེན་དང་མཐུན་པར་བཤད་པའོ།།

བཞི་པ་ཚོགས་དྲུག་རང་སར་གྲོལ་བའི་མན་ངག་བསྟན་པ།

བཞི་པ་ཚོགས་དྲུག་རང་སར་གྲོལ་བའི་མན་ངག་བསྟན་པ་ལ་དྲུག་ལས།

དང་པོ་མཐོང་སྣང་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ།

དང་པོ་མཐོང་སྣང་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ་ནི།

གཟུགས་སྣང་ལྷ་རུ་ཤེས་ན་བསྐྱེད་རིམ་གནད།།

མཛེས་དང་མི་མཛེས་སྣང་ཞེན་རང་སར་གྲོལ།།

ཞེན་མེད་སེམས་ཀྱི་སྣང་ཆ་འཕགས་པའི་སྐུ།།

མཐོང་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། གཟུགས་སུ་སྣང་བའི་དངོས་པོ་ཐམས་ཅད་ལྷ་རུ་ཤེས་ན། གསལ་བརྟན་གྱི་ཚད་བརྒྱད་ལ་སོགས་པ་བསྐྱེད་རིམ་བསྒོམ་པའི་གནད་ཡིན་པས། མཛེས་དང་མི་མཛེས་ཡིད་དུ་འོང་མི་འོང་གི་གཉིས་འཛིན་གྱི་སྣང་བ་དང་ཞེན་འཛིན་ཐམས་ཅད་རང་སར་གྲོལ་ཏེ། ཞེན་མེད་འཛིན་པ་དང་བྲལ་བའི་སེམས་ཀྱི་སྣང་ཆ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ་རུ་ཤར་ནས། སྣང་བ་སྐུ་ཡི་འཁྱེར་སོ་དང་མ་བྲལ་བར་མཐོང་སྣང་རང་སར་གྲོལ་བའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

གཉིས་པ་ཐོས་སྣང་རང་གྲོལ་གྱི་ནང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ།

གཉིས་པ་ཐོས་སྣང་རང་གྲོལ་གྱི་ནང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ་ནི།

སྒྲ་སྣང་སྔགས་སུ་ཤེས་ན་བཟླས་བརྗོད་གནད།།

སྙན་དང་མི་སྙན་སྣང་ཞེན་རང་སར་གྲོལ།།

ཞེན་མེད་འཁོར་འདས་རང་སྒྲ་ཡིག་དྲུག་གསུང་།།

ཐོས་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། འདི་ལྟར་རྣ་བས་ཐོས་པར་བྱ་བའི་ཡུལ་དུ་གྱུར་པའི་སྒྲ་རུ་སྣང་བ་ཐམས་ཅད་གྲག་སྟོང་སྔགས་སུ་ཤེས་ན། ངག་སྔགས་ཀྱི་འཁྱེར་སོ་བཟླས་པ་སྔགས་དང་། བརྗོད་པ་ཚིག་ཐམས་ཅད་ཀྱི་གནད་མཆོག་ཏུ་གྱུར་པ་ཡིན་པས་ན། སྒྲ་ཐོས་པ་སྙན་དང་མི་སྙན་བཟང་ངན་དུ་བཏགས་པའི་བློ་རྟོག་འཁྲུལ་སྣང་གི་ཞེན་པ་འཛིན་མེད་རང་སར་གྲོལ་ནས། ཞེན་པ་མེད་པའི་ངང་ནས་འཁོར་འདས་ཀྱི་རང་སྒྲ་གང་དང་གང་ཐོས་པ་ཐམས་ཅད་ཡི་གེ་དྲུག་པའི་གསུང་མཆོག་ལས་གཞན་དུ་མ་དམིགས་པའི་ཐོས་སྣང་རང་སར་གྲོལ་བའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

གསུམ་པ་དྲི་སྣང་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ།

གསུམ་པ་དྲི་སྣང་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ་ནི།

དྲི་སྣང་སྐྱེ་མེད་ཤེས་ན་རྫོགས་རིམ་གནད།།

ཞིམ་དང་མི་ཞིམ་ཞེན་སྣང་རང་སར་གྲོལ།།

ཞེན་མེད་དྲི་སྣང་འཕགས་པའི་ཚུལ་ཁྲིམས་ངད།།

དྲི་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཞིམ་དང་མི་ཞིམ་གྱི་བསྣམ་པར་བྱ་བའི་དངོས་པོ་དྲི་རུ་སྣང་བ་འདི་ཡང་། དང་པོ་སྣང་དུས་ཉིད་ནས་སྐྱེ་བ་མེད་པར་སྣང་བ་ཤེས་ན། མཚན་མེད་དམིགས་པ་མེད་པའི་བསྐྱེད་རྫོགས་ཀྱི་ཟླས་ཕྱེས་པའི་རྫོགས་རིམ་གྱི་གནད་ཡིན་པས་ན། དེ་ལྟར་ཤེས་པའི་གནད་ཟབ་མོ་ཀློང་དུ་གྱུར་བའི་སྐབས་སུ་དྲི་ཞིམ་པ་དང་མི་ཞིམ་པའི་གཉིས་འཛིན་མཚན་མའི་ཞེན་སྣང་རང་སར་དག་ཅིང་གྲོལ་བ་ཡིན། ཞེན་པ་མེད་པའི་དྲི་བསུང་འགག་མེད་དུ་རང་བཞིན་གྱིས་སྣང་བ་ནི་འཕགས་པའི་ཚུལ་ཁྲིམས་ཀྱི་དྲི་བསུང་གི་ངད་པ་ཡིན་པས་ན། དྲི་རུ་སྣང་བ་སྣང་དུས་ཉིད་ནས་རང་སར་གྲོལ་བའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །བཅོམ་ལྡན་འདས་ཀྱིས། ལྕགས་ཀྱི་སྡོང་བུ་ཤིར་ཥ་ལ་ཕྱིང་པས་བཤུད་ན་དེ་ཡང་ཟད་ནུས་ཏེ། ཡི་གེ་དྲུག་པ་ལན་ཅིག་བརྗོད་པའི་ཕན་ཡོན་ནི་ཟད་མི་སྲིད་དོ། །ཞེས་ཡི་གེ་དྲུག་པ་མ་ཎིའི་ཕན་ཡོན་དེ་ལྟར་གསུངས།

བཞི་པ་རོ་སྣང་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ།

བཞི་པ་རོ་སྣང་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ་ནི།

རོ་སྣང་ཚོགས་སུ་ཤེས་ན་མཆོད་པའི་གནད།།

བཅུད་དང་མི་བཅུད་ཞེན་སྣང་རང་སར་གྲོལ།།

ཞེན་མེད་བཟའ་བཏུང་འཕགས་པ་དགྱེས་པའི་རྫས།།

རོ་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། བཟའ་བཅའ་བཏུང་བ་དང་བཅས་པའི་ལྕེས་མྱོང་བྱའི་ཡུལ་དུ་གྱུར་པའི་རོ་རུ་སྣང་བ་ཐམས་ཅད་ཚོགས་སུ་ཤེས་ན་མཆོད་པ་གནས་སུ་སྟོབ་པའི་གནད་ཡིན་པས། རོ་བཅུད་དང་མི་བཅུད་དམ་ཞིམ་དང་མི་ཞིམ་གྱི་ཞེན་འཛིན་གྱི་སྣང་བ་རང་སར་གྲོལ་ནས་ཞེན་པ་མེད་པའི་བཟའ་བཏུང་དལ་འབྱོར་གྱི་ལུས་འཚོ་བའི་ཆེད་དམ། རང་ལུས་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷ་རུ་ཤེས་ནས་ནང་གི་སྦྱིན་སྲེག་གམ་མཉེས་ཟས་སུ་ཕུལ་ན། བཟའ་བཅའ་བཏུང་བ་འཕགས་པ་དགྱེས་པའི་རྫས་ཡིན་པས་ན། རོ་སྣང་རང་གྲོལ་ཞེན་མེད་ཀྱི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །ཚོགས་ཞེས་པ་ནི་དུ་མ་འཛོམས་པ་ལ་བྱ་བས། སྐལ་ལྡན་འདུས་པའི་ཚོགས་ཀྱིས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་འདུ་བར་བྱས་ནས། དངོས་གྲུབ་ལྷ་ཡི་ཚོགས་ལ་ཕུལ་ནས། བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་ལ་ཚོགས་ཞེས་བྱའོ། །ཚོགས་ཀྱི་མཆོད་པ་དང་། ཚོགས་ཀྱི་འཁོར་ལོས་རྣམ་བཞག་སྔགས་ཀྱི་གཞུང་ནས་ཤེས་པར་བྱ་བ་མང་བའོ། །བཅོམ་ལྡན་འདས་ཀྱིས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོའི་མཆིང་རྣམ་ཆེན་པོ་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཞེང་དུ་རྟ་རྒོད་མའི་གདོང་གི་མཐའི་བར་དུ་དཔག་ཏུ་མེད་པ་ངས་སྐྲའི་རྩེ་མོའི་བརྒྱ་ཆས་ཐིགས་པ་རེ་རེ་བཞིན་བགྲང་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིགས་སྔགས་ཆེན་མོ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ངས་བགྲང་མི་ནུས་སོ། །ཞེས་གསུངས་ཤིང་། མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དང་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །ཞེས་ཟླ་བ་ཤར་ནས་འཆར་བ་དང་། ཉི་མའང་ཤར་ནས་འཆར་ཞིང་། སྐར་མ་སྨིན་དྲུག་ལ་སོགས་ནམ་མཁའི་ཁམས་ན་རྒྱུན་དུ་གནས་པ་རྣམས་ཀྱང་ཤར་ས་དང་། གནས་སའི་ཕྱོགས་འགྱུར་བ་དང་། རི་དང་གྲོང་དང་བཅས་པའི་རང་རེའི་རྟེན་དུ་གྱུར་བའི་ས་གཞི་འདི་ཡང་ཞིག་པ་དང་། ནམ་མཁའ་ཡང་འདི་ལྟར་མིན་པར་ཀག་སྒྲ་གྲག་བཞིན་རྡུང་ཆོག་པ་དང་། རུམ་དུ་བཅུག་ཆོག་པ། ཁ་རུ་ཟ་ཆོག་པ་སོགས་སུ་གྱུར་ན་ཡང་། ཤིན་ཏུ་བདེན་པར་སྨྲ་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་བདེན་པའི་ཚིག་གསུང་བར་མི་སྲིད་ཅེས་དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས་པས། དེ་ལ་ཡིད་ཆེས་ཀྱི་ངེས་པ་མ་རྙེད་ན་དམ་ཆོས་གང་ཉན་རུང་རྒྱལ་བ་དགྱེས་པའི་ངེས་ཤེས་རྙེད་དུ་ཡོད་པ་མིན། གཞན་ཡང་མ་ཎིའི་ཕན་ཡོན་ལས། གླིང་བཞི་རི་རབ་བཅས་པ་ཡང་། །སྲང་ལ་སྦྱར་ན་གྲངས་ཀྱིས་ཆོད། །མ་ཎིའི་ཡོན་ཏན་གྲངས་མི་ཆོད། །སྐལ་ལྡན་ཀུན་མ་ཎི་པདྨེ་བགྲོངས། །ཞེས་གླིང་བཞི་རིའི་རྒྱལ་པོའི་རི་རབ་དང་བཅས་པའི་ཡང་ལྗིད་སྲང་ལ་བཅལ་བའི་ཚད་གཞལ་ཐུབ་ཀྱང་། གསུང་མཆོག་ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་ཕན་ཡོན་གྱི་ཚད་བཟུང་མི་ཐུབ་པར་གསུངས་པའོ། །གཞལ་བྱ་ཤིན་ཏུ་ལྐོག་གྱུར་འདི་དག་བདེ་བར་བཤེགས་པའི་བཀའ་ལུང་ཚད་མས་གྲུབ་ཀྱང་། རིགས་པས་གཞལ་ནའང་གསུང་མཆོག་ཡི་གེ་དྲུག་པ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་དང་། འཕགས་པ་སྤྱན་རས་གཟིགས་ནི་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ཡིན་ཞིང་། རྒྱལ་བ་ཐམས་ཅད་ཀྱང་ཚད་བཟུང་རིས་སུ་གཞལ་དུ་མེད་ཅིང་། དེ་དག་གི་ཐུགས་སྙིང་རྗེ་ཆེན་པོའི་བརྩེ་བས་ཁྱབ་ཡུལ་ཡང་ཁམས་གསུམ་གྱི་སེམས་ཅན་ཡིན་ཞིང་། སེམས་ཅན་གྱི་མཐའ་ལ་ཐུག་པར་མེད་པ་ནམ་མཁས་གར་ཁྱབ་ཡིན་པས། གཟུངས་སྔགས་ཡི་གེ་དྲུག་པའི་ཕན་ཡོན་ལ་ཚད་བཟུང་མེད་པ་ནི་རིགས་པས་དཔྱད་ནའང་གྲུབ་པའོ།།

ལྔ་པ་རེག་སྣང་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ།

ལྔ་པ་རེག་སྣང་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོང་བའི་ཚུལ་བསྟན་པ་ནི།

རེག་སྣང་མཉམ་ཉིད་ཤེས་ན་རོ་སྙོམས་གནད།།

འགྲང་ལྟོགས་ཚ་གྲང་སྣང་བ་རང་སར་གྲོལ།།

ཞེན་མེད་ཕྱི་ནང་རེག་བྱ་ལྷའི་ཕྲིན་ལས།།

རེག་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ལུས་ཀྱི་ཡུལ་དུ་གྱུར་པའི་རེག་བྱར་སྣང་བ་འཇམ་རྩུབ་ལྕི་ཡང་ལ་སོགས་པ་ཐམས་ཅད་སྤོང་ལེན་མེད་པར་བཟང་ངན་མཉམ་པར་ཉིད་དུ་ཤེས་ན་རོ་སྙོམས་བརྟུལ་ཞུགས་ཀྱི་ཉམས་ལེན་གནད་དུ་ལྷོང་བ་ཡིན་པས། དེའི་དུས་སུ་འགྲང་ལྟོགས་སམ་ཕོ་བ་རྒྱགས་ལྟོགས་དང་། ཚ་གྲང་གི་རེག་བྱར་སྣང་བ་ཐམས་ཅད་རང་གྲོལ་དུ་སོང་ཞིང་། ཞེན་པ་དང་འཛིན་པ་མེད་པའི་ངང་ནས་ཕྱི་དང་ནང་གི་རེག་བྱ་ཚོར་ཞིང་མྱོང་བ་ནི་ཡི་དམ་ལྷ་ཡི་ཕྲིན་ལས་ཡིན་པས། རེག་བྱར་སྣང་བ་སྣང་དུས་ཉིད་ནས་རང་སར་གྲོལ་བའི་ཉམས་ལེན་གྱི་གནད་ཀྱི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །བཅོམ་ལྡན་འདས་ཀྱིས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ངས་ས་ཆེན་པོ་འདིའི་རྡུལ་ཕྲ་རབ་རེ་རེ་བཞིན་བརྩིས་པའི་གྲངས་ཚད་གཟུང་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིགས་སྔགས་ཆེན་མོ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་བགྲང་མི་ནུས་སོ། །གསུངས་ཤིང་། ཡི་གེ་དྲུག་པ་ཨཱོྃ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ་ ཞེས་པ་འདི་སྔགས་ཡིན་པས། ཁྱོད་ཀྱིས་ཟོ། ཁྱོད་ཀྱིས་འཐུང་ཞེས་པ་དང་མི་འདྲ་བ་ཆོས་ཉིད་ངོ་བོས་གྲུབ་པ་དང་། ཆོས་ཅན་རང་བཞིན་གྱིས་གྲུབ་པ་དང་། བྱིན་གྱིས་བརླབས་ཀྱིས་གྲུབ་པ་དང་། ནུས་པ་མཐུ་ཡིས་གྲུབ་པ་སྟེ་གྲུབ་པ་བཞི་ལྡན་གྱི་སྔགས་ཡིན་ཞིང་། སྔགས་ལ་དངོས་གྲུབ་སྒྲུབ་པའི་ནུས་པ་མི་བསླུ་པ་ཐོགས་མེད་དུ་ཡོད་པས། གསུང་མཆོག་ཡི་གེ་དྲུག་པ་འདི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་ནུས་པ་ཐམས་ཅད་གཅིག་ཏུ་བསྡམས་ནས། ལྷ་སྔགས་ཆོས་ཉིད་གསུམ་པོ་དབྱེར་མེད་དུ་ཡི་གེ་འབྲུ་དྲུག་གི་རྣམ་པར་སྐྱེ་མེད་ཀྱི་དབྱིངས་ལས་འགག་མེད་ཀྱི་རང་སྒྲ་རུ་སྔགས་སུ་ཤར་བས། སྔགས་ཉིད་ལ་བརྟེན་ནས་ལྷ་དང་ཆོས་ཉིད་གྲུབ་པ་དེ་ལྟར་ཡིན་ནོ། །མདོ་སྡེ་ཟ་མ་ཏོག་བཀོད་པའི་ནང་ན། གང་ལ་ལ་ཞིག་གིས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་བྲག་ལ་བརྐོས་པའམ་རྩིག་ངོགས་སུ་བྲིས་པ་དེ་སེམས་ཅན་གང་གིས་མཐོང་བ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་པ་སྟེ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་གྱང་ངོས་སུ་བྲིས་པ་སེམས་ཅན་སུ་ཞིག་གིས་མཐོང་པའི་ཕན་ཡོན་གྱིས་མཐར་ཐུག་སངས་རྒྱས་ཐུབ་ཅེས་པའོ། །དེས་ན་འཁོར་ལོ་བྱས་ནས་བསྐོར་བ་དང་། ཇོ་དར་བྱས་ནས་རླུང་ལ་ཕྱར་ན་ཕན་ཡོན་དེ་བཞིན་དུ་འབྱུང་བའོ། །ཡང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་གང་གིས་བཟླས་པ་དེའི་ལུས་ཀྱི་རླུང་སེམས་ཅན་གང་ལ་ཕོག་པས་ཀྱང་ལས་ཀྱི་སྒྲིབ་པ་བྱང་བར་གསུངས་སོ། །འདི་ལྟ་སྟེ་མ་ཎི་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདོན་མཁན་གྱི་ལུས་ལ་བརྒྱུད་ནས་བྱུང་བའི་རླུང་གིས་ཕོག་ཚད་ཀྱི་སེམས་ཅན་རྣམས་ཀྱི་ལས་ཀྱི་སྒྲིབ་པ་དག་པའི་ཕན་ཡོན་ཆེན་པོ་འབྱུང་བ་ཡིན་ཞེས་གསུངས་པས་མ་ཎི་ལ་ཕན་ཡོན་དེ་ལྟར་ཡོད་པའོ།།

དྲུག་པ་རྟོག་ཚོགས་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ།

དྲུག་པ་རྟོག་ཚོགས་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ་ནི།

ཆོས་ཀུན་སྟོང་པར་ཤེས་ན་ལྟ་བའི་གནད།།

བདེན་རྫུན་བློ་ཡི་འཛིན་སྟངས་རང་སར་གྲོལ།།

ཞེན་མེད་སྣང་སྲིད་འཁོར་འདས་ཆོས་སྐུའི་ངང་།།

རྟོག་ཚོགས་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཡིད་ཀྱི་ཡུལ་དུ་གྱུར་པའི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གསར་དུ་བཅོས་ཤིང་བསྒྲུབས་པ་མ་ཡིན་པར་གདོད་ནས་སྟོང་པ་ཡིན་པར་ཤེས་ན་ལྟ་བ་མ་བཅོས་སྤྲོས་པ་དང་བྲལ་བའི་རང་གནད་ཡིན་པས། གནད་དེ་ཇི་བཞིན་རྟོགས་པའི་སྐབས་སུ་བདེན་པ་ལ་མཆོག་དང་། རྫུན་པ་ལ་དམན་པར་ལྟ་བའི་བློ་བྲལ་བློ་ཡིས་འཆོས་པའི་བློ་ཡི་འཛིན་སྟངས་དམ་ཀྲང་ངེ་བའི་གཉིས་འཛིན་གྱི་སྣང་བ་རང་སར་གྲོལ་ལོ། །ཞེན་མེད་ཀྱི་ངོ་ཁར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་སྐུའི་ཡོ་ལང་གཅིག་ལས་མི་འདའ་བས་རྟོག་ཚོགས་བཟང་ངན་དུ་སྣང་བ་ཐམས་ཅད་གཉིས་མེད་མ་སྤངས་འཛིན་མེད་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

ལྔ་པ་ཉོན་མོངས་དུག་ལྔ་དབྱིངས་ཆོས་ཉིད་ཀྱི་ངོ་བོར་གྲོལ་བ་ཀུན་འབྱུང་ལམ་དུ་སློང་པའི་མན་ངག་བསྟན་པ།

ལྔ་པ་ཉོན་མོངས་དུག་ལྔ་དབྱིངས་ཆོས་ཉིད་ཀྱི་ངོ་བོར་གྲོལ་བ་ཀུན་འབྱུང་ལམ་དུ་སློང་པའི་མན་ངག་བསྟན་པ་ལ་ལྔ་ལས།

དང་པོ་ཞེ་སྡང་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ།

དང་པོ་ཞེ་སྡང་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ་ནི།

ཞེ་སྡང་ཡུལ་རྗེས་མ་འབྲང་ཁྲོ་བློ་ལྟོས།།

ཁྲོ་སྣང་རང་ཤར་རང་གྲོལ་གསལ་སྟོང་ངང་།།

གསལ་སྟོང་མེ་ལོང་ཡེ་ཤེས་ལོགས་ན་མེད།།

ཞེ་སྡང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། གན་གྱིས་ང་ལ་དོ་བསྡོས་ཕོད་བཙུགས་ཀྱིས་ངོ་ལ་བལྟས་ནས་མགོ་ལ་བརྒྱབ་བྱུང་སྙམ་པའི་ཕྱིའི་ཡུལ་རྐྱེན་ལ་བརྟེན་ནས་ཞེ་སྡང་དྲག་པོ་སྐྱེས་པའི་དུས་སུ། ཞེ་སྡང་སྐྱེ་བའི་ཡུལ་མི་སྡུག་པའི་མཚན་མ་ཅན་དུ་སྣང་པའི་ཡུལ་རྐྱེན་གྱི་རྗེས་སུ་ཕར་མ་འབྲང་བར་ཁོང་ཁྲོ་བ་པོ་ཁྲོ་བློ་ཉིད་ལ་ཚུར་ལྟོས་དང་། ཁྲོ་བ་ནི་ཕྱིའི་ཡུལ་ལས་མ་བྱུང་། ནང་སེམས་ལས་མ་བྱུང་བར་དབྱིངས་ཆོས་ཉིད་ཀྱི་ངང་ལས་དང་པོ་སྣང་དུས་ནས་རང་ཤར་རང་གྲོལ་གཞི་མ་གྲུབ་པ་གསལ་ལ་སྟོང་པ་སྟེ། ཁྱོད་ཀྱི་ཞེ་སྡང་དེ་གང་ཡིན་སྟོན་ཅིག གྲུ་བཞི་ཞིག་གམ་གྲུ་གསུམ་ཡིན་ཞེས་དྲིས་ན་སྟོན་དུ་མེད་པ་ནི་རང་ཤར་རང་གྲོལ་གཞི་མེད་སྟོང་པ་ཡིན་པའི་གནད་ཀྱིས་སོ། །དེ་ལྟ་བུའི་གསལ་སྟོང་གཉིས་སུ་མེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པས་དེ་ལས་གཞན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་བྱ་བ་ལོགས་ན་མེད་པས་ཞེ་སྡང་རང་གྲོལ་མེ་ལོང་ཡེ་ཤེས་སུ་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

གཉིས་པ་ང་རྒྱལ་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ།

གཉིས་པ་ང་རྒྱལ་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ་ནི།

ང་རྒྱལ་ཡུལ་རྗེས་མ་འཛིན་འཛིན་བློ་ལྟོས།།

མཆོག་འཛིན་རང་ཤར་རང་གྲོལ་ཡེ་སྟོང་ངང་།།

ཡེ་སྟོང་མཉམ་ཉིད་ཡེ་ཤེས་ལོགས་ན་མེད།།

ང་རྒྱལ་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ང་རྒྱལ་ཞེས་པ་ནི་ང་བཟང་པོ་ཡིན། ང་ཆེ་བ་ཡིན། ང་ལྷག་པ་ཡིན་སྙམ་ནས་གང་མེད་ཀྱང་དོ་ཡོད་མདོག་བྱེད་པའམ། །ཡང་ན་ཡོན་ཏན་ཅུང་ཙམ་ཤེས་ནས་ང་རྒྱལ་བ་དང་། མངོན་པའི་ང་རྒྱལ་ཞེས་པ་ཅི་ཡང་མི་ཤེས་པར་རང་གིས་ཤེས་པར་སེམས་ནས་ང་རྒྱལ་བ་དང་། རང་དང་མི་མཉམ་པ་ལ་དམིགས་ཏེ་ཁོ་བས་ང་ལྷག་སྙམ་པ་དང་། རང་དང་འདྲ་བ་ལ་དམིགས་ཏེ་ངེད་གཉིས་འདྲ་དགོས་པ་ཡིན་ཡང་ངས་ལྷག་གོ་སྙམ་ནས་གཞན་ལས་རང་ཉིད་མཆོག་ཏུ་འཛིན་པའི་ང་རྒྱལ་གྱི་རྣམ་རྟོག་སྐྱེས་པ་ན། ཡུལ་རྗེས་སུ་རང་ཉིད་མཆོག་གོ་སྙམ་པའི་དམིགས་རྣམ་ལ་འཛིན་པ་མ་ཞུགས་པར་མཆོག་འཛིན་གྱི་བློ་རང་ལ་ལྟོས་དང་། རང་ཉིད་ལ་མཆོག་ཏུ་འཛིན་པའི་ང་རྒྱལ་གྱི་བློ་ཉིད་ཤར་པའི་དུས་ནས་ཀྱང་སྐྱེ་མེད་འགག་པའི་ཐ་སྙད་དང་བྲལ་བ་རང་ཤར་རང་གྲོལ་བ་སྟེ། དང་པོ་སྐྱེ་བ་མེད་པས་འདི་ནས་བྱུང་ཞེས་བྱ་བ་དང་། དབྱིབས་དང་ཁ་དོག་དང་། གཟུགས་ཀྱི་རིང་ཐུང་དང་། ལྕི་ཡང་སོགས་ཀྱིས་གཞལ་དུ་མེད་པ་དང་། སྐྱེ་བ་མེད་ན་མཐར་འགག་པ་ཡང་མེད་པས་སྐྱེ་འགག་མེད་པ་རང་ཤར་རང་གྲོལ་བས་ཡེ་ནས་སྟོང་པའི་ངོ་བོའི་ངང་ལས་འཕོ་འགྱུར་བྱུང་མ་མྱངས་པའི་ང་རྒྱལ་ཡེ་ནས་རང་གྲོལ་བ་མདུད་པས་བསྡམས་མ་མྱངས་པ་ལ་བཀྲོལ་མི་དགོས་པ་ལྟར་རོ། །ཡེ་སྟོང་དེ་ཉིད་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་ལོགས་ན་མེད་པས་ང་རྒྱལ་ཡེ་ནས་རང་གྲོལ་ཡིན་པར་ཤེས་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

གསུམ་པ་འདོད་ཆགས་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ།

གསུམ་པ་འདོད་ཆགས་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ་ནི།

འདོད་ཆགས་ཡུལ་རྗེས་མ་ཞེན་ཞེན་བློ་ལྟོས།།

ཞེན་སྣང་རང་ཤར་རང་གྲོལ་བདེ་སྟོང་ངང་།།

བདེ་སྟོང་སོར་རྟོགས་ཡེ་ཤེས་ལོགས་ན་མེད།།

འདོད་ཆགས་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཡུལ་ཡིད་དུ་འོང་བ་སྡུག་པ་སྟེ་མཛེས་པར་སྣང་བ་ལས་འདོད་ཅིང་ཆགས་པའི་བློ་འབྱུང་བས་ན་ཆགས་པའི་ཡུལ་རྗེས་སུ་འབྲང་ནས་མ་ཞེན་པར་འདོད་ཅིང་ཆགས་པའི་བློ་ཉིད་ལ་ལྟོས་དང་། ཞེན་ཅིང་ཆགས་པའི་བློ་དེ་ཡང་དབྱིངས་ཆོས་ཉིད་ཀྱི་ངང་ནས་རང་ཤར་ལ་དབྱིངས་ཆོས་ཉིད་ཀྱི་ངང་དུ་རང་གྲོལ་ཏེ་བདེ་སྟོང་གི་ངང་ལས་མི་འདའ་བས། བདེ་སྟོང་དེ་ལས་གཞན་དུ་སོ་སོར་རྟོགས་པའི་ཡེ་ཤེས་བྱ་བ་ལོགས་ན་མེད་པའི་ཕྱིར་འདོད་ཆགས་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

བཞི་པ་ཕྲག་དོག་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ།

བཞི་པ་ཕྲག་དོག་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ་ནི།

ཕྲག་དོག་ཡུལ་རྗེས་མ་འབྲང་དཔྱོད་བློ་ལྟོས།།

རྟོག་དཔྱོད་རང་ཤར་རང་གྲོལ་བློ་སྟོང་ངང་།།

བློ་སྟོང་བྱ་གྲུབ་ཡེ་ཤེས་ལོགས་ན་མེད།།

ཕྲག་དོག་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཕྲག་དོག་སྐྱེ་བའི་ཡུལ་རང་ཉིད་དང་མཉམ་པ་ལ་དམིགས་ནས་ཀན་ངའི་གོང་ན་ཤོར་མི་ཉན་སྙམ་པ་དང་། རང་དང་མི་མཉམ་པ་ལ་དམིགས་ནས་ང་ཀན་གྱི་ཡན་དུ་ཐོན་དགོས་སྙམ་པའི་འགྲན་སེམས་དང་། དེའི་ཕུན་སུམ་ཚོགས་པ་ལ་དམིགས་ནས་ཀན་ལ་ཡོད་པའི་རྒྱུ་ལོངས་སྤྱོད་ལས་མང་བ་ང་ལ་དགོས་སྙམ་པ་དང་། ཁོ་ལ་ཡོན་ཏན་འདུག་པ་དེ་བས་ལྷག་ཅིག་ངས་ཤེས་དགོས་སྙམ་ནས་ཕྲག་ཅིང་དོག་པའི་མི་བདེ་བའི་ཟུག་ངུ་རང་རྒྱུད་ལ་སྐྱེས་པས་ན། རང་རེས་ཆོས་སྒྲུབ་དུས་སུ་ཁ་ཚུར་ནང་ཁོ་ནར་བསྐོར་ནས་ཡུལ་ཕར་ལ་ལྟ་མཁན་ཉིད་ལ་བརྟག་དགོས་པས། ཕྲག་དོག་བྱ་ཡུལ་གྱི་རྗེས་སུ་བློ་ཕར་མ་འབྲང་བར་རེ་དོགས་བྱེད་མཁན་གྱི་ཕྲག་ཅིང་དོག་པའི་རྟོག་དཔྱོད་ཀྱི་བློ་ཉིད་ལ་ཁ་ཚུར་བསྐོར་ནས་ལྟོས་དང་། རྟོག་དཔྱོད་དེ་དབྱིངས་ལས་ཤར་ཞིང་ཤར་བའི་དུས་ཉིད་ནས་མ་གྲོལ་པ་མི་སྲིད་པར་རང་ཤར་བ་དང་རང་གྲོལ་བ་དུས་མཉམ་པར་མཐོང་སྟེ་བློ་རང་ཉིད་རང་སྟོང་གི་ངང་ན་གནས་པས། བློ་རང་ཉིད་སྟོང་པར་མཐོང་པའི་ཡེ་ཤེས་དེ་ལས་བྱ་བ་གྲུབ་པའི་ཡེ་ཤེས་བྱ་བ་ལོགས་སུ་མེད་པའི་ཕྱིར། ཕྲག་དོག་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོངས་། ཞེས་གསུངས་པའོ། །ཡི་གེ་དྲུག་པ་བཏོན་ཅིང་དད་པས་བླ་མ་དང་ལྷ་ལ་གསོལ་བ་འདེབས་པ་མ་ལ་བུས་འབོད་ཀྱི་ཚུལ་དུ་བཟླས་པ་དང་སྦྱར་ན། ཨཱོྃ་མ་ཎི་པདྨེ་ཧཱུྃ་ཞེས་པ། ཨོཾ་སྐུ་ལ་གསོལ་བ་འདེབས། མ་གསུང་ལ་གསོལ་བ་འདེབས། ཎི་ཐུགས་ལ་གསོལ་བ་འདེབས། པད་ཡོན་ཏན་ལ་གསོལ་བ་འདེབས། མེ་ཕྲིན་ལས་ལ་གསོལ་བ་འདེབས། ཧཱུྃ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་སྡུད་པར་བྱེད་པའོ། །གསོལ་བ་མ་བཏབ་པར་བྱིན་རླབས་འབྱུང་ལུགས་མེད་ཅིང་། མ་ཎི་བཏོན་པ་ནི་གསོལ་འདེབས་དང་དངོས་གྲུབ་འགྲུབ་པའི་སྔགས་ལགས་པས་མ་ཎིས་གསོལ་བ་འདེབས་པ་གལ་ཆེན་ནང་གི་དོན་ཆེན་ཡིན་པ་སྟེ། ནོར་བུ་རིན་པོ་ཆེ་དགོས་འདོད་འབྱུང་བའི་གཞི་ཡོད་ཀྱང་གསོལ་བ་མ་བཏབ་པར་དགོས་འདོད་མི་འབྱུང་བ་བཞིན་ནོ།།

ལྔ་བ་གཏི་མུག་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ།

ལྔ་བ་གཏི་མུག་རང་གྲོལ་གྱི་ངང་ནས་ཡིག་དྲུག་བཟླ་བའི་ཚུལ་བསྟན་པ་ནི།

གཏི་མུག་ཡུལ་ལ་མ་རློམ་རང་ངོ་ལྟོས།།

རྟོག་ཚོགས་རང་ཤར་རང་གྲོལ་རིག་སྟོང་ངང་།།

རིག་སྟོང་ཆོས་དབྱིངས་ཡེ་ཤེས་ལོགས་ན་མེད།།

གཏི་མུག་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཡུལ་ཡང་དག་མ་ཡིན་པ་ཕྱིན་ཅི་ལོག་ལ་བརྟེན་ནས་རྨོངས་ཤིང་གཏི་མུག་པ་འབྱུང་བས་ན། གཙང་བདེ་བདག་རྟག་གི་ཡུལ་ལ་བདེན་པར་མ་རློམ་པར། གཏི་མུག་ཅེས་དམུན་ཞིང་འཐིབས་པའི་ཡང་དག་ལྟ་བའི་བློ་རིག་མི་གསལ་བ་རང་གི་ངོ་བོ་ལ་ལྟོས་དང་། འཛིན་པ་ཡང་དག་མ་ཡིན་པའི་བློ་རྟོག་དེ་ཉིད་དང་པོ་ཤར་པའི་དུས་ནས་དབྱིངས་ལས་ཤར་པས། དབྱིངས་ཆོས་ཉིད་སྐྱེ་འགག་དང་བྲལ་བ་ལས་གང་ཤར་རང་སར་མ་གྲོལ་པ་གཅིག་ཀྱང་མེད་པས་རྟོག་ཚོགས་རང་ཤར་རང་གྲོལ་གྱི་རིག་སྟོང་ཡེ་ཤེས་དེ་ག་ལས་གཞན་པའི་རིག་སྟོང་ཆོས་དབྱིངས་ཡེ་ཤེས་བྱ་བའང་ལོགས་ན་མེད་པས་གཏི་མུག་རང་གྲོལ་གྱི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

དྲུག་པ་སྡུག་བསྔལ་ཀ་དག་འཁོར་འདས་རོ་སྙོམ་གྱི་གནད་བསྟན་པ།

དྲུག་པ་སྡུག་བསྔལ་ཀ་དག་འཁོར་འདས་རོ་སྙོམ་གྱི་གནད་བསྟན་པ་ལ་ལྔ་ལས།

དང་པོ་གཟུགས་ཕུང་ཡེ་གྲོལ་སྟོང་ཉིད་ལྟ་བའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ།

དང་པོ་གཟུགས་ཕུང་ཡེ་གྲོལ་སྟོང་ཉིད་ལྟ་བའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

གཟུགས་ཕུང་ཡེ་སྟོང་སྐྱེ་མེད་ནམ་མཁའི་ངང་།།

སྟོང་ཉིད་རིག་པའི་ཐིག་ལེ་སྤྱན་རས་གཟིགས།།

འཕགས་པ་ནམ་མཁའི་རྒྱལ་པོ་ལོགས་ན་མེད།།

སྟོང་ཉིད་ལྟ་བའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཏེ་ཕུང་པོ་ལྔ་ལས། གཟུགས་ཀྱི་ཕུང་པོ་ནི་ཡེ་ནས་སྟོང་པ་སྐྱེ་མེད་འགག་པ་དང་བྲལ་བ་ནམ་མཁའ་ལྟ་བུའི་ངང་ལ་འཕོ་འགྱུར་བྲི་གང་མེད་ཅིང་། དབྱིངས་ངོ་བོ་ཀ་ནས་དག་པ་སྟོང་པ་ཉིད་དང་། ཡེ་ཤེས་ལྷུན་གྱིས་གྲུབ་པ་རིག་པའི་ཐིག་ལེའམ་འཕོ་ཆགས་མཚན་མའི་སྤྲོས་པ་དང་བྲལ་བ་གཉིས་ཀུན་ཟླུམ་ཐིག་ལེའི་གོང་བུ་གཅིག་ཏུ་འདུས་པ་གཉིས་སུ་མེད་པ་དབྱིངས་རིག་དབྱེར་མེད་དེ་ཉིད་སྤྱན་རས་གཟིགས་ཡིན་ཞིང་། སྤྱིར་འཕགས་པ་ཐུགས་རྗེ་ཆེན་པོས་གང་འདུལ་འགྲོ་བའི་སྣང་བའི་ངོར་མཚན་དང་སྐུ་ཡི་བཀོད་པ་བསམ་གྱི་མི་ཁྱབ་པས། རྡུལ་སྙེད་ཀྱི་ཞིང་ཁམས་རྒྱ་མཚོར་འགྲོ་དོན་མཛད་བཞིན་ཡོད་པ་ལས། བྱེ་བྲག་མདོ་དང་རྒྱུད་སྡེ་རུ་ཡོངས་སུ་གྲགས་པའི་མཚན་གྱི་རྣམ་གྲངས་ལ་འཕགས་པ་ནམ་མཁའི་རྒྱལ་པོ། འཕགས་པ་དོན་ཡོད་ཞགས་པ། འཕགས་པ་འཁོར་བ་དོང་སྤྲུགས། འགྲོ་འདུལ་ཐུགས་རྗེ་ཆེན་པོ། འཕགས་མཆོག་རྒྱལ་བ་རྒྱ་མཚོ། འཕགས་མཆོག་ཁ་སརྤ་ཎི། འཕགས་མཆོག་སེང་གེའི་སྒྲ། འཕགས་པ་སེམས་ཉིད་ངལ་གསོ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་སོགས་དེ་ལྟར་མཚན་དང་སྐུ་ཡི་བཀོད་པ་གདུལ་བྱའི་བློ་དང་། དབང་པོ། བསམ་པའི་ཁྱད་པར་གྱིས་འདུལ་བྱེད་འདྲ་མིན་དུ་སྣང་བ་ལས། གཟུགས་ཕུང་ཡེ་སྟོང་སྐྱེ་མེད་སྟོང་པའི་ངང་ལས་སྟོང་ཉིད་རིག་པའི་ཐིག་ལེ་དབྱིངས་ཡེ་ཟུང་འཇུག་ཏུ་ཤར་བ་དེ་ལས་གཞན་འཕགས་པ་ནམ་མཁའི་རྒྱལ་པོ་བྱ་བ་ལོགས་ན་ཡོད་པ་མིན་པས། འཕགས་པ་ནམ་མཁའི་རྒྱལ་པོའི་རང་ཞལ་ནང་ནས་མཇལ་བའི་སྟོང་ཉིད་ལྟ་བའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །གནའ་གཏོ་རུ་ཨ་དགེ་ཚང་གི་དགུན་ཤུལ་དུ་རྫོགས་ཆེན་དགོན་པ་བཏབ་ཅེས་ལོ་རྒྱུས་ཐོག་ནས་བཤད་རྒྱུ་ཡོད་པའི་གཏོ་རུ་ཨ་དགེ་ཚང་གི་ནང་རྟེན་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པ་ཞིག་དེ་རིང་ང་སར་འབྱོར་བ་རྟེན་འབྲེལ་ཤིན་ཏུ་བཟང་ལ། རྟེན་འདི་ཤིན་ཏུ་རྩ་ཆེན་ཡིན་པས་རྗེས་སོར་པདྨའི་ཐང་གི་ནང་རྟེན་མིང་གྲགས་ཅན་ཞིག་ཏུ་འགྲོ་ངེས་འདུག

གཉིས་པ་ཚོར་བ་རང་གྲོལ་རོ་མཉམ་དག་བའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ།

གཉིས་པ་ཚོར་བ་རང་གྲོལ་རོ་མཉམ་དག་བའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

ཚོར་བ་ཡུལ་སེམས་གཉིས་འབྲེལ་འཆིང་བའི་ཞགས།།

མཉམ་ཉིད་གཉིས་མེད་རྟོགས་ན་སྤྱན་རས་གཟིགས།།

འཕགས་པ་དོན་ཡོད་ཞགས་པ་ལོགས་ན་མེད།།

རོ་མཉམ་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཚོར་བ་བདེ་སྡུག་བར་མར་སྣང་བ་ཐམས་ཅད་ཀུན་ཡུལ་དང་སེམས་གཉིས་ཀ་འབྲེལ་ནས་འཆིང་བྱེད་ཀྱི་ཞགས་པ་ལྟ་བུ་འདི་གྲུབ་པས། དོན་ཡུལ་མེད་མཉམ་པ་ཆེན་པོའི་ངང་ན་བདེ་སྡུག་བཏང་སྙོམས་བྱ་བ་མ་གྲུབ་པས་བདེ་དང་སྡུག་བསྔལ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་དོན་ལ་མཉམ་པ་ཉིད་ཡུལ་སེམས་གཉིས་སམ་གཟུང་འཛིན་གཉིས་སུ་མེད་པར་ཡིན་ལུགས་གཤིས་ཀྱི་བཞུགས་ཚུལ་དུ་རྟོགས་ན་སྤྱན་རས་གཟིགས་ཡིན་ཏེ། འདི་ལས་གཞན་དུ་འཕགས་པ་དོན་ཡོད་ཞགས་པ་བྱ་བ་ལོགས་ན་མེད་པས། འཁོར་འདས་ཡུལ་སེམས་བདེ་སྡུག་ལ་སོགས་པ་གཉིས་མེད་རོ་མཉམ་དུ་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

གསུམ་པ་འདུ་ཤེས་རང་གྲོལ་དམིགས་མེད་སྙིང་རྗེའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ།

གསུམ་པ་འདུ་ཤེས་རང་གྲོལ་དམིགས་མེད་སྙིང་རྗེའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

འདུ་ཤེས་མཚན་མར་འཛིན་པ་འཁྲུལ་བའི་བློ།།

འགྲོ་ཀུན་སྙིང་རྗེས་འཛིན་ན་སྤྱན་རས་གཟིགས།།

འཕགས་མཆོག་འཁོར་བ་དོང་སྤྲུགས་ལོགས་ན་མེད།།

དམིགས་མེད་སྙིང་རྗེའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། མེད་ལ་ཡོད་པར་སྣང་བའི་སྨིག་རྒྱུའི་ཆུ་ལ་རི་དྭགས་འཁྲུལ་བ་བཞིན་དུ་འདུ་ཤེས་སྣ་ཚོགས་པས་ཡུལ་ལ་མཚན་མར་འཛིན་པ་ནི་འཁྲུལ་བའི་བློ་ཡིན་ལ། དེ་ལྟ་བུའི་འཁྲུལ་བའི་འདུ་ཤེས་དེ་ཉིད་དག་སྟེ་འགྲོ་བ་སེམས་ཅན་ཀྱི་སྡུག་བསྔལ་སྣ་ཚོགས་ལ་དམིགས་ནས་སྙིང་རྗེས་སེམས་ཅན་ཡལ་བ་མི་འདོར་བར་འཛིན་པར་བྱེད་པ་དེ་ཉིད་སྤྱན་རས་གཟིགས་ཡིན་ཏེ། འཕགས་མཆོག་འཁོར་བ་དོང་སྤྲུགས་བྱ་བ་ཡང་དེ་ལས་ལོགས་ན་མེད་པས་དམིགས་མེད་སྙིང་རྗེའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

བཞི་པ་འདུ་བྱེད་རང་གྲོལ་གཞན་ཕན་རོ་གཅིག་གི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ།

བཞི་པ་འདུ་བྱེད་རང་གྲོལ་གཞན་ཕན་རོ་གཅིག་གི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

འདུ་བྱེད་འཁོར་བའི་ལས་ཀྱིས་རིགས་དྲུག་འཁོར།།

སྲིད་ཞི་མཉམ་ཉིད་རྟོགས་ན་སྤྱན་རས་གཟིགས།།

འགྲོ་འདུལ་ཐུགས་རྗེ་ཆེན་པོ་ལོགས་ན་མེད།།

གཞན་ཕན་རོ་གཅིག་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། སྲིད་རྩ་མ་རིག་པའི་རྒྱུས་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་གྱི་འདུ་བྱེད་འཁོར་བར་འཁོར་སྤྱད་ཀྱི་ལས་ཀྱིས་ཁམས་གསུམ་རིགས་དྲུག་གི་གནས་ཐར་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་འཁྱམས་ཤིང་འཁོར་བར་འགྱུར་ལ། དོན་དུ་ན་འཁོར་བ་ཡེ་དག་དག་ཆེན་མཉམ་པ་ཆེན་པོ་ཡིན་པས་འཁོར་བ་བྱ་བའི་སྤང་བྱ་ངན་པ་ཞིག་དང་། མྱང་འདས་བྱ་བའི་ཐོབ་བྱ་ཡག་པ་ཞིག་མེད་པ་སྟེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཅེས་གསུངས་པ་ལྟར་དུ། སྲིད་ཞི་མཉམ་ཉིད་ཀྱི་དོན་རྟོགས་ན་སྤྱན་རས་གཟིགས་ཡིན་ཏེ། དེ་ལས་གཞན་དུ་འགྲོ་འདུལ་ཐུགས་རྗེ་ཆེན་པོ་བྱ་བ་ལོགས་ན་མེད་པས་རང་གཅེས་འཛིན་གྱི་བློ་ངན་དེ་བོར་ལ་གང་སྨྲས་གང་དྲན་གང་བྱེད་ཐམས་ཅད་གཞན་ཕན་ཁོ་ནར་རོ་གཅིག་ཏུ་གྱུར་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

ལྔ་པ་རྣམ་ཤེས་རང་སེམས་སངས་རྒྱས་སུ་ཤེས་པའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ།

ལྔ་པ་རྣམ་ཤེས་རང་སེམས་སངས་རྒྱས་སུ་ཤེས་པའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

རྣམ་ཤེས་སེམས་ཀྱི་རང་བཞིན་ཚོགས་བརྒྱད་ཆ།།

སེམས་ཉིད་ཆོས་སྐུར་རྟོགས་ན་སྤྱན་རས་གཟིགས།།

འཕགས་མཆོག་རྒྱལ་བ་རྒྱ་མཚོ་ལོགས་ན་མེད།།

རང་སེམས་སངས་རྒྱས་ཤེས་པས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཡུལ་སོ་སོར་རྣམ་པར་རིག་པའི་རྣམ་ཤེས་སེམས་དང་སེམས་བྱུང་གི་ཟླས་ཕྱེས་པའི་གཙོ་སེམས་ཀྱི་རང་བཞིན་ཚོགས་བརྒྱད་ཀྱི་ཆ་རུ་སྣང་བ་ཐམས་ཅད། སེམས་ཉིད་སྐྱེ་བ་མེད་པ་རིག་སྟོང་ཆོས་སྐུའི་རང་བཞིན་དུ་རོ་གཅིག་ཏུ་རྟོགས་ན་དེ་ཉིད་སྤྱན་རས་གཟིགས་ཡིན་ཏེ། རང་སེམས་ཆོས་སྐུར་རྟོགས་པ་འདི་ལས་འཕགས་མཆོག་རྒྱལ་བ་རྒྱ་མཚོ་བྱ་བ་ལོགས་ན་མེད་པས། རང་སེམས་རྟོགས་ན་ཡེ་ནས་སངས་རྒྱས་ཡིན་པ་ལ་ཡིན་པར་ཤེས་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

བདུན་པ་སྒོ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་དུ་ལ་བཟླ་བར་བསྟན་པ།

བདུན་པ་སྒོ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་དུ་ལ་བཟླ་བར་བསྟན་པ་ལ་གསུམ།

དང་པོ་སྣང་སྟོང་ལྷ་སྐུའི་ངང་ནས་ཡིག་དྲུག་ལ་བཟླ་བར་བསྟན་པ།

དང་པོ་སྣང་སྟོང་ལྷ་སྐུའི་ངང་ནས་ཡིག་དྲུག་ལ་བཟླ་བར་བསྟན་པ་ནི།

ལུས་སྣང་གདོས་བཅས་འཛིན་པ་འཆིང་བའི་རྒྱུ།།

སྣང་སྟོང་ལྷ་རུ་ཤེས་ན་སྤྱན་རས་གཟིགས།།

འཕགས་མཆོག་ཁ་སརྤ་ཎི་ལོགས་ན་མེད།།

སྣང་སྟོང་ལྷ་སྐུའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ལུས་སུ་སྣང་བའི་ཤ་ཁྲག་དྲོད་དབུགས་ཀྱི་ཕུང་པོ་གདོས་བཅས་རགས་པ་འདི་ལ། ངའི་ལུས་ཞེས་གཅེས་འཛིན་དང་ང་ཡིར་འཛིན་པ་ནི་འཁོར་བ་ཐར་མེད་ཀྱི་གནས་སུ་འཆིང་བར་བྱེད་པའི་རྒྱུ་ཡིན་ལ། ལུས་འདི་ཉིད་བརྟགས་ན་ཆོས་དང་གང་ཟག་གི་བདག་གཉིས་ཀྱིས་སྟོང་པ་ཕྱི་ནང་གསང་གསུམ་གང་དུའང་མེད་པ་སྣང་བ་ཉིད་ན་ངོ་བོས་སྟོང་བའི་མིང་རྐྱང་ཙམ་སྣང་སྟོང་ཟུང་འཇུག་སྤྲོས་པ་ཀུན་བྲལ་གྱི་དེ་བཞིན་ཉིད་ནི་ཆོས་ཉིད་དོན་དམ་པའི་ལྷ་ཡིན་པ་རུ་ཡིན་པར་ཤེས་ན་སྤྱན་རས་གཟིགས་ཡིན་ཏེ། དེ་ལས་གཞན་དུ་གྱུར་པའི་འཕགས་མཆོག་ཁ་སར་པ་ཎི་བྱ་བ་ཞལ་ཕྱག་མཚན་མ་ཅན་གྱི་ལྷ་ཞིག་ལོགས་ན་བཙལ་ནས་རྙེད་རྒྱུ་མེད་པས། སྣང་སྟོང་ལྷ་སྐུར་ཤེས་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

གཉིས་པ་སྒྲ་གྲག་སྔགས་སུ་ཤེས་ནས་ཡིག་དྲུག་བཟླ་བར་བསྟན་པ།

གཉིས་པ་སྒྲ་གྲག་སྔགས་སུ་ཤེས་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

ངག་སྣང་བརྗོད་པའི་སྒྲ་རྟོག་འཁྲུལ་པའི་རྒྱུ།།

གྲག་སྟོང་སྔགས་སུ་ཤེས་ན་སྤྱན་རས་གཟིགས།།

འཕགས་མཆོག་སེངྒེ་སྒྲ་ཞེས་ལོགས་ན་མེད།།

སྒྲ་གྲག་སྔགས་སུ་ཤེས་པས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། རིགས་དྲུག་འཁྲུལ་བའི་སྒྲ་སྐད་ངག་གི་སྨྲ་བརྗོད་དུ་སྣང་བ་ལ་སྒྲ་སྐད་རང་མཚན་དུ་འཛིན་པའི་རྟོག་པ་ནི་འཁྲུལ་རྟོག་མཆེད་པའི་རྒྱུ་རྐྱེན་ཡིན་ལ། སྒྲ་གྲག་པ་ཐམས་ཅད་དོན་ལ་གྲག་སྟོང་སྔགས་ཀྱི་རང་བཞིན་ལས་མ་འདས་པ་ཡིན་པའི་དོན་ཇི་ལྟ་བ་བཞིན་དུ་ཤེས་ན་དེ་ཉིད་སྤྱན་རས་གཟིགས་ཡིན་ཏེ། དེ་ལས་གཞན་དུ་འཕགས་མཆོག་སེངྒེ་སྒྲ་ཞེས་བྱ་བ་ལོགས་ན་མེད་པ་ཡིན་པས། སྒྲ་གྲག་ཐམས་ཅད་སྔགས་སུ་ཤེས་པའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

གསུམ་པ་སེམས་ཉིད་ཆོས་སྐུའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ།

གསུམ་པ་སེམས་ཉིད་ཆོས་སྐུའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

སེམས་སྣང་བདེན་ཞེན་འཁྲུལ་འཁོར་འཁོར་བའི་རྒྱུ།།

རྟོག་བྲལ་གཤིས་ལ་བཞག་ན་སྤྱན་རས་གཟིགས།།

འཕགས་མཆོག་སེམས་ཉིད་ངལ་གསོ་ལོགས་ན་མེད།།

སེམས་ཉིད་ཆོས་སྐུའི་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། རྟོག་ཚོགས་སེམས་སུ་སྣང་བ་ལ་ཤེས་རིག་རང་མཚན་དུ་བདེན་པར་ཞེན་པའི་ཨ་འཐས་འཁྲུལ་བའི་སེམས་འདི་ནི་འཁོར་བའི་རྩ་བའམ་འཁོར་བའི་སྡུག་བསྔལ་མྱོང་བའི་མཆེད་གཞིར་གྱུར་པས་ན་འཁོར་བའི་རྒྱུ་ཞེས་བྱ་ལ། ཆོས་ཅན་སེམས་ཀྱི་ཆོས་ཉིད་རྟོག་བྲལ་མ་འཁྲུལ་བ་ཡིན་པས་དེ་ལྟར་ཤེས་ནས་རྟོག་བྲལ་མ་འཁྲུལ་པའི་སེམས་ཉིད་ཆོས་སྐུའི་གཤིས་ལ་དགག་སྒྲུབ་དང་སྤྲོ་བསྡུ་མེད་པར་བཞག་ན་སྤྱན་རས་གཟིགས་ཡིན་ཏེ། དེ་ལས་གཞན་ན་འཕགས་མཆོག་སེམས་ཉིད་ངལ་གསོ་བྱ་བ་དེ་ཡང་ལོགས་ན་མེད་པས། སེམས་ཉིད་ཆོས་སྐུའི་རང་གཤིས་གནས་ལུགས་དོན་གྱི་བཞུགས་ཚུལ་དུ་ཤེས་ནས་རང་གི་སེམས་ཉིད་ཆོས་སྐུ་ཡིན་པ་དང་། ཆོས་སྐུའི་ངོ་བོ་རང་ལ་ཡོད་པ་དང་། སྐྱབས་གནས་དཀོན་མཆོག་གསུམ་པོ་རང་ལ་ཚང་བའི་ངེས་ཤེས་ཀྱི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

བརྒྱད་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དག་པ་རབ་འབྱམས་སུ་ལྟ་བའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ།

བརྒྱད་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དག་པ་རབ་འབྱམས་སུ་ལྟ་བའི་ངང་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

སྣང་སྲིད་ཡེ་ནས་དག་པ་ཆོས་སྐུའི་ངང་།།

ཆོས་སྐུའི་རང་ཞལ་མཇལ་ན་སྤྱན་རས་གཟིགས།།

འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལོགས་ན་མེད།།

དག་པ་རབ་འབྱམས་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། འདི་ལྟར་སྣང་ཞིང་སྲིད་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ། དག་མཉམ་བདེན་པ་དབྱེར་མེད། ཆོས་སྐུའི་ངང་ལས་གཡོས་མ་མྱངས། གཡོ་བར་མི་སྲིད་པ་ཡིན་ལ། འཁོར་བར་གནས་པ་མི་སྲིད་པ་སྣང་སྲིད་གཞིར་བཞུགས་ཀྱི་སངས་རྒྱས་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་གཞིར་བཞེངས་ཀྱི་དགོངས་པས། ཆོས་སྐུའི་རང་ཞལ་མཇལ་ན་སྤྱན་རས་གཟིགས་ཡིན་ཏེ། དེ་ལས་གཞན་དུ་གྱུར་པའི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ལོགས་ན་བཙལ་དུ་མེད་པའི་ཕྱིར། སྣོད་དག་པ་རི་བོ་ཏཱ་ལའི་ཞིང་ཁམས། བཅུད་དག་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཤེས་པའི་དག་པ་རབ་འབྱམས་ཀྱི་ངང་ལས་མི་གཡོ་བར་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །འོ་ན་སྣང་བ་ལྷའི་དཀྱིལ་འཁོར་ཡིན་དུ་ཆུག་ཀྱང་ཐམས་ཅད་སྤྱན་རས་གཟིགས་ཁོ་ན་ལ་སྦྱར་བ་འདི་ཅི་ཡིན་ཞེ་ན། དེ་ནི་རྒྱུད་དང་སྒྲུབ་ཐབས་རྣམས་ལས་རིགས་བརྒྱ་དང་། རིགས་ལྔ་དང་རིགས་གསུམ་སོགས་ཇི་ལྟར་བསྟན་པ་ཐམས་ཅད་འདིར་རིགས་གཅིག་ཏུ་བསྡུ་བ་ཡིན་ཏེ།

གསུམ་པ་གཅིག་ཤེས་ཀུན་གྲོལ་གྱི་གདམས་པར་འགག་སྡོམ་པ།

གསུམ་པ་གཅིག་ཤེས་ཀུན་གྲོལ་གྱི་གདམས་པར་འགག་སྡོམ་པ་ནི།

ལྷ་གཅིག་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས།།

སྔགས་གཅིག་སྙིང་པོ་ཀུན་འདུས་ཡི་གེ་དྲུག།

ཆོས་གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས།།

གཅིག་ཤེས་ཀུན་གྲོལ་ངང་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། སྤྱིར་ལྷ་ལ་ཆོས་ཉིད་དོན་གྱི་ལྷ་དང་། ཡེ་ཤེས་པའི་ལྷ་དང་། མཚན་མའི་ལྷ་རྣམ་པ་གསུམ་དུ་ཕྱེས་ནས་བཤད་ན། ཆོས་ཉིད་དོན་གྱི་ལྷ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་ངོ་བོ་དབྱེར་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་། ཡེ་ཤེས་པའི་ལྷ་ནི། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་དེ་ཉིད་ཀྱི་ཆོ་འཕྲུལ་ལམ་རྣམ་རོལ་དང་། མཚན་མའི་ལྷ་ནི། རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་རྣམ་པ་རྟགས་ཀྱི་ཕྱག་རྒྱར་སྣང་བ་ལྷ་གཅིག་ལ་རྒྱལ་བ་ཀུན་འདུས་པ། རིགས་བརྒྱ་རིགས་ལྔར་འདུས་པ། རིགས་ལྔ་གཅིག་ཏུ་འདུས་པ། རིགས་དྲུག་པའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས་དང་། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །གསུངས་པ་ལྟ་བུའི་སྔགས་གཅིག་ལ་ཆོས་ཀྱི་སྙིང་པོ་ཀུན་འདུས་པ་གསུང་མཆོག་ཡི་གེ་དྲུག་པ་དང་། དོན་ཆོས་ཉིད་དུ་འདུས་པ་དང་། རྟགས་སེམས་ཉིད་དུ་རྫོགས་པ་དང་། གནད་བྱང་ཆུབ་ཀྱི་སེམས་སུ་འདུས་པའི་ངང་ནས། ཆོས་གཅིག་བསྒོམས་པས་བསྐྱེད་རྫོགས་གཉིས་ཀ་འདུས་པ་བྱང་ཆུབ་ཀྱི་སེམས་ཡིན་པས། གནད་གཅིག་ཤེས་པས་འགག་ཀུན་གྲོལ་བའི་ངང་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །རྒྱལ་པོ་སྲོང་བཙན་སྒམ་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པས་དེ་ཉིད་ཀྱིས། ཐུགས་རྗེ་ཆེན་པོའི་དགོངས་པ་ནི་ཀུན་རྫོབ་དང་དོན་དམ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཙམ་ཡིན། དོན་དམ་བྱང་ཆུབ་ཀྱི་སེམས་གཅིག་ཏུ་འདུས་པ་ཡིན་གསུངས་པའོ། །དེ་ཡན་གྱིས་བར་དུ་དགེ་བ་ལྟ་སྒོམ་སྤྱོད་པའི་གནད་བསྟན་པ་སོང་བས། དེ་རིང་གཅིག་ཤེས་ཀུན་གྲོལ་ངང་ནས་ཡིག་དྲུག་སྒྲོངས་ཞེས་པའི་མཚམས་སུ་བཞག་ནས། སང་ཉིན་མཐའ་མ་ངེས་འབྱུང་ཆོས་ལ་བསྐུལ་བའི་གཏམ་ལས་མཇུག་ཡོངས་སུ་རྫོགས་པའི་མཛད་བྱང་བསྔོ་སྨོན་དང་བཅས་ཏེ་ཐེངས་འདིའི་ཆོས་ཁྲིད་རེ་ཞིག་ཡོངས་སུ་གྲུབ་པའི་བཀྲ་ཤིས་ཀྱིས་མཇུག་སྡོམ་བྱེད་སར་ཐུག་པའོ། །ད་དེ་རིང་གི་ཆོས་ཁྲིད་གྲོལ་ལ་ཉེ་བ་ཡིན་པས་གོང་དུ་བཤད་པ་བཞིན་དུ་ཆོས་ཁྲིད་གྲོལ་ལ་ཉེ་སོང་སྙམ་མ་ཐག་ཏུ་ཡར་ལ་ཧར་རེ་ལངས་མི་ཉན་པར་དགེ་འདུན་པ་ཡར་བཞེངས་དུས་སུ་རང་ཡང་ཡར་ལངས་ནས་ལག་གིས་ཐལ་མོ་སྦྱར་ནས་དད་པ་དང་དང་བའི་སྒོ་ནས་བླ་མའི་ཕྱོགས་སུ་ལྟ་བཞིན་འདུག་དགོས། དགེ་འདུན་པ་བྱོན་པ་དང་བསྔོ་བ་ཆ་ཚང་མ་བྱས་གོང་ནས་ཁ་ལོག་གེར་འཁོར་ནས་སྒབ་མཐའ་སྤྲུགས་ནས་བུད་འགྲོ་མི་ཉན་པར་ཕྱིར་གྱེད་གོམ་པ་གསུམ་བྱས་ནས་རིམ་བཞིན་གཙུག་ལག་ཁང་གི་སྒོར་མ་ཐོན་བར་དུ་ངག་སྒོ་མི་དཀྲོལ་བར་འགྲོ་དགོས་ཤིང་། ལྷག་པར་དུ་བསྔོ་བ་བྱ་དགོས་ཀྱི་མ་གཏོགས་བསྔོ་བ་མ་བྱས་གོང་ནས་བུད་སོང་བ་ནི་ཅ་ལག་སྡུད་གསོག་མ་བྱས་པར་གང་སར་སྟོར་ནས་སོང་བ་ལྟ་བུ་ཡིན་ལ། ཁྱོད་རང་ལ་ཡོད་པའི་སྒོར་མོ་རྡོག་མ་ཁ་ཤས་དེ་ཉེན་འགོག་སྒྲོམ་དུ་མ་བཅུག་པར་གང་སར་བཞག་ནས་ཁང་པའི་སྒོ་ཟྭའང་མ་བརྒྱབ་པར་ཕྱི་རུ་སོང་ཚེ་རྐུན་མས་ཁྱེར་ནས་བོར་ཤས་ཆེ་ཡང་ཉེན་འགོག་སྒྲོམ་དུ་བཅུག་ན་མི་འབོར་བ་ལྟར་དུ། བསྔོ་བས་རང་གིས་བསགས་པའི་དགེ་རྩ་དེ་སངས་རྒྱས་ཐམས་ཅད་ཀྱིས་བསགས་པའི་ཟག་མེད་ཀྱི་དགེ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་བསགས་པའི་ཟག་བཅས་ཀྱི་དགེ་བ་ཐམས་ཅད་དང་བསྲེས་ནས་བྱང་ཆུབ་ཆེན་པོར་བསྔོས་ཏེ་དགེ་རྩ་ཆུད་མི་ཟ་བར་བྱེད་པས། རྒྱ་མཚོའི་ནང་དུ་ཆུ་ཐིགས་བསྲེས་པར་རྒྱ་མཚོ་མ་བསྐམས་བར་དུ་ཆུ་ཐིགས་མི་སྐེམ་པ་བཞིན་དུ་འགའ་རེ་ཆོས་ཁྲིད་ཀྱི་སྐབས་མང་ཤོས་སུ་གཡེང་ཡོད་ལས་ཆེ་ཡང་མཚམས་དང་མཚམས་སུ་ཆོས་ཁྲིད་ལ་སེམས་གཏད་པའི་དགེ་རྩ་ཆུང་ངུ་ཚུན་ཆོད་ཡང་བྱང་ཆུབ་ཆེན་པོར་བསྔོས་ནས་དགེ་བ་སྡུད་གསོག་བྱས་ཚེ་ནམ་ཡང་ཆུད་མི་གཟོན་པའོ།།

འདིའི་མཚམས་ནས་རྫོགས་ཆེན་དགོན་གཞུང་གི་དབུ་མཆོད་བརྒྱད་ཅུའི་ནང་གི་མཆོད་ཐུབ་བསྟན་འཇིགས་མེད་ཀྱིས་མགུར་ཞིག་གསུངས་མཛོད།

༈ ཡག་སོང་ཞལ་དཀར་ཚང་གི་གསུང་ཡག་པ་རེད་ལ། ད་དུང་འདོན་པའི་ངག་རྟ་ཡག་ཅིང་ཚིག་གསལ་མོ་རེ་རེ་བཞིན་དུ་གོ་གིན་འདུག དེས་ན་ཕྱིན་ཆད་རང་གི་ཡི་གེའི་ངོས་བལྟས་ཏེ་ཞལ་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་ཐར་གྱི་མགུར་འབུམ་དང་མི་ལ་རས་པའི་མགུར་འབུམ་བླ་མ་གོང་མ་རྣམ་པའི་མགུར་འབུམ་དེ་དག་རང་གིས་ངག་བཀུག་སྟེ་འདོན་དང་ཆོག་པ་རེད། དེ་གྲྭ་པ་མ་གཏོགས་གཞན་པས་འཐེན་མི་ཉན་པ་མིན། འདིའི་མཚམས་ནས་ངས་སྔོན་འགྲོའི་ངག་འདོན་གྱི་ལུང་འདོན་རྒྱུ་ཡིན། ལུང་འདོན་ཟེར་དུས་དེའི་སྒྲ་དེ་རྣ་ཅོས་གོ་སོང་བས་ཐོབ་སོང་བ་ཡིན་ལ། ཕྱིན་ཆད་རང་གིས་འདོན་ན་འདོན་པའི་དབང་ཆ་ལྟ་བུ་ཐོབ་སོང་བས་ཕན་ཡོན་ཡོད་ཅིང་། ཕྱིན་ཆད་འདི་ཡིན་གཅིག་མིན་གཉིས་ཁ་བཏོན་གྱི་ནང་དུ་བཞག་སྟེ་འདོན་དགོས་པ་ཡིན་ནོ།།


previousཉིན་གསུམ་བའི་ཆོས་ཁྲིད། next