Nitartha Digital Library
Tibetan
 
previousཉིན་བཞི་བའི་ཆོས་ཁྲིད། no next

ཉིན་བཞི་བའི་ཆོས་ཁྲིད།

ད་ཡང་ཆོས་ཉན་པའི་གནས་སྐབས་སུ་ཚང་མས་ངག་བཅད་བྱས་ཏེ་སྒོ་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ནས་ཉན་དགོས། ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་ཆོས་སྤྱི་དང་། ཁྱད་པར་དུ་མདོ་སྔགས་ཟུང་དུ་འབྲེལ་བའི་དམ་པའི་ཆོས་འདི་ལྟ་བུ་འཆད་ཉན་གྱི་སྐབས་སུ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གཏན་བདེ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དམ་པར་འགོད་པའི་ཆེད་དུ་བདག་གིས་ད་རེས་དམ་པའི་ཆོས་ཉན་ཅིང་། དེའི་དོན་ཚུལ་བཞིན་དུ་བསྒྲུབ་པར་བྱ་སྙམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་པོ་བཅོས་མའི་ཚུལ་གྱིས་སྒོམ་ཞིང་། མཐར་བཅོས་མ་མིན་པ་རྒྱུད་ལ་བསྐྱེད་དགོས། འོ་ན་སེམས་ཅན་ཁམས་དབང་མོས་པ་སྣ་ཚོགས་པ་ཅན་ཡིན་པས། འགའ་རེས་བསམ་པ་རྣམ་པར་དག་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་དེ་ལྟར་བསྐྱེད་ཐུབ་རུང་། འགའ་རེས་དེ་བཞིན་བསྐྱེད་མ་ཐུབ་ན་ཇི་ལྟར་འགྱུར་ཞེ་ན། ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་ཡང་དེ་སྒྲུབ་པའི་གང་ཟག་གི་བསམ་པའི་ཁྱད་པར་གྱི་དབང་གིས་ཐེག་ཆེན་སེམས་བསྐྱེད་ཀྱིས་མ་ཟིན་པའི་ཆོས་ནི་ཐེག་པ་ཆེན་པོའི་ཆོས་གྲལ་དུ་འགྲོ་བ་མིན་པར་ཐེག་དམན་གྱི་ཆོས་སུ་འགྱུར་ཞིང་། ཆོས་ཐེག་པ་དམན་པའི་ལུགས་ཀྱི་ཆོས་ཡིན་རུང་བསམ་པ་ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ཟིན་ན་ཐེག་ཆེན་གྱི་ཆོས་སུ་འགྲོ་ལ། དེ་བཞིན་དུ་དགེ་སྡིག་ཐམས་ཅད་ཀྱང་བསམ་པའི་བྱེ་བྲག་ཡིན་པའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་དམིགས་ནས་བསྒྲུབས་པ་མ་ཡིན་པའི་དགེ་རྩ་ནི་སངས་རྒྱས་ཐོབ་པའི་རྒྱུ་རུ་མི་འགྱུར་ཞིང་། རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་ཆེད་དུ་ཆོས་ཞུས་ན་སྐྱེས་བུ་འབྲིང་གི་ལམ་རང་ཉིད་ཞི་བདེར་སྦྱོར་བའི་ཆེད་ཙམ་ཡིན་པ་སྟེ། དེ་ཡང་འཁོར་བ་དང་ངན་སོང་ལས་ཐར་འདོད་ཀྱི་ངེས་འབྱུང་ཡོད་པའི་ཐོག་ནས། རང་ལུགས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་ལུང་སྡེ་སྣོད་གསུམ་གྱི་ཐོས་བསམ་སྒོམ་གསུམ་ལ་བརྟེན་ནས། ལམ་བསླབ་པ་གསུམ་གྱི་ཉམས་ལེན་རིམ་པ་ཅན་ཞིག་བརྒྱུད་ནས། ལམ་དེ་དང་བསྟུན་པའི་སྤང་བྱ་སྤངས། རྟོགས་བྱ་རྟོགས། བདག་མེད་རྣམ་གཉིས་གང་ལ་གང་འཚམས་རྟོགས་ནས་ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་བཅོམ་པའི་ཞི་བ་མྱང་འདས་ལ་ཕྱོགས་རྒྱུ་ཡིན་པའོ། །དེ་ལྟའི་ཆ་ཚད་དང་ཡང་མི་ལྡན་པས་སྐྱེས་བུ་འབྲིང་ཡང་མིན་པའི་ཕྱི་མ་ལྷ་མིའི་བདེ་འབྲས་ཙམ་དོན་དུ་གཉེར་ནས། ང་རང་ཤི་སྐབས་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ལ་མ་སྐྱེས་ན་བསམ་མཁན་ནི་སྐྱེས་བུ་ཆུང་ངུ་ཞེས་བྱ་ཞིང་། དམིགས་ཡུལ་དེ་ཙམ་འཛིན་པ་དག་གིས་ཀྱང་མི་དགེ་བཅུ་སྤངས་ཤིང་། དགེ་བ་བཅུ་ཚུལ་བཞིན་དུ་བསྒྲུབ་དགོས་ཤིང་། ད་དུང་འདོད་ཁམས་ལས་འདས་པའི་ལྷ་ཡུལ་དུ་སྐྱེ་དགོས་བསམ་མཁན་ཞིག་གིས་ནི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་ཚོགས་བསག་དང་འབྲེལ་བར་བསྒོམ་དགོས། འཇིག་རྟེན་མི་ཡུལ་འདིར་ཞེན་ཆགས་ཅན་ཚོས་ད་དུང་མི་ལུས་ཤིག་བླངས་ན་བསམ་ནས། དེ་ཡང་ཕྱི་མ་ངན་སོང་གསུམ་དུ་མ་སྐྱེས་པའི་མི་ལུས་ཡིན་ཙམ་གྱིས་མི་ཆོག་པར་ས་ཆ་སྐྱིད་ས། འབྱོར་བ་རྒྱས་ས་ཞིག་ཏུ་སྐྱེ། རང་ཉིད་ལ་རིགས་དང་། གཟུགས་དང་། ལང་ཚོ་དང་། འབྱོར་བ་དང་། མངའ་ཐང་ཕུན་སུམ་ཚོགས་པ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། ཅི་བསམ་འབད་མེད་ལྷུན་གྱིས་འགྲུབ་པ་དང་། གཏམ་མི་སྙན་པ་དང་། མི་འདོད་པའི་ཚིག་གཅིག་གི་སྒྲ་ཙམ་ཡང་གོ་རྒྱུ་མེད་པའི་མི་ལུས་ཤིག་འདོད་ན་ནི། མི་དགེ་བ་བཅུ་སྤངས་པ་དང་། དགེ་བཅུ་ཁྱད་པར་བ་བསྒྲུབས་ན་འགྲུབ་པ་ཡིན་ལ། ད་རུང་ཕར་ཕྱིན་དྲུག་སྟེ། སྦྱིན་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་རྣམས་བསྒྲུབས་ན་དེ་བས་ཀྱང་ལྷག་པ། སྦྱིན་པས་ལོངས་སྤྱོད་ཆེ་བ་དང་། ཚུལ་ཁྲིམས་ཀྱིས་གཟུགས་མཛེས་ཐོབ་པ་དང་། བཟོད་པས་དགྲ་མེད་པར་འགྱུར་བ་དང་། བརྩོན་འགྲུས་ཀྱིས་རྟག་ཏུ་ལེ་ལོ་དང་གཡེང་བས་མི་ཁྱེར་བ་དང་། བསམ་གཏན་གྱིས་མཐོང་བའི་ཆོས་ལ་བདེ་བར་གནས་ཐུབ་པ་དང་། ཤེས་རབ་ཀྱིས་འདི་དང་ཕྱི་མའི་ཕན་བདེའི་སྒོ་འཕར་རྣམ་དཔྱོད་ཀྱིས་འབྱེད་ཐུབ་པ་འོང་བའོ། །ཚེ་ཕྱི་མར་མི་སེམས་པར་ཚེ་འདི་རྐྱང་པར་བསམ་པའི་བློ་ཆུང་ནང་གི་ཡང་ཆུང་། རྒྱང་མིག་གྱེན་ཁ་མ་གཏོགས་མི་རིག་པ་དང་། ཕྱི་ཐག་སང་ཉིན་ཕན་ལས་མེད་མཁན་ཞིག་ཡིན་རུང་། སང་ཉིན་གྱི་འཚོ་བ་བདེ་མོ་སྐྱིད་པོ་ཡོང་པའི་དོན་དུ། དེའི་རྒྱུ་ལ་དེ་རིང་ནས་བསམ་བློ་གཏོང་དགོས་ལ། མི་ཞིག་ཡིན་ཚེ་ཇི་ལྟར་ཞན་རུང་ཁ་སང་། དེ་རིང་། སང་ཉིན་གསུམ་གྱི་སྔ་བར་ཕྱི་གསུམ་དྲན་ཤེས་པས། ཁ་སང་གི་ང་དེ་རིང་གི་ང་མིན་པར་སྐད་ཅིག་སྐད་ཅིག་གིས་འགྱུར་སོང་བ་ཤེས་དགོས། འོ་ན་ཁ་སང་གི་ང་དེ་རིང་གི་ང་མིན་ན་འདྲེ་ཡིན་ནམ་ཞེ་ན། ལོ་བརྒྱད་ཀྱི་སྐབས་ཀྱི་ཁྱོད་རང་ད་ལྟའི་ཁྱོད་རང་ཡིན་སྣང་ཤར་ན་ཁྱོད་རང་ཆུང་དུས་ཀྱི་པར་ལ་ལྟོས་དང་མིན་པར་ཤེས། དེས་ན་ཁ་སང་གི་ང་དེ་རིང་བསྡད་མེད་པས་སང་ཉིན་ཡང་དེ་བཞིན་དུ་འགྱུར་བ་ཡིན་པ་ཤེས་དགོས། ཁ་སང་བདེ་ནས་ཡོད་ཀྱང་། དེ་རིང་ན་བཞིན་འདུག་པས། སང་ཉིན་ཤི་མེད་པའང་སུ་ཡིས་ཤེས། དེ་བཞིན་ན་ནིང་ད་ལོ་སང་ཕོད་གསུམ་ལ་ཡང་འགྱུར་བ་དེ་ལས་ཆེ་བ་འགྲོ་བས། མི་ཚེ་ལ་རྟག་བརྟན་དང་། དབུལ་ཕྱུག་ལ་ངེས་པ་དང་། དགྲ་གཉེན་ལ་གཏན་ཁེལ་ཡོད་པ་མིན་པའི་ཚུལ་ལ་དེ་ལྟར་བསམ་བློ་བཏང་ན་ཁ་སང་ཡོད་པ་ལྟར་དུ་སྐྱེ་བ་སྔ་མ་ཡོད་ཅིང་། སང་ཉིན་ཡོད་པ་ལྟར་དུ་ཚེ་ཕྱི་མའང་དེ་རིང་མ་རིག་པས་མེད་པར་མི་འགྱུར་བར་ཡོད་ལ། ད་སྔོན་གྱི་མི་ཚེ་སོང་ཟིན་པ་ཕྱིར་ཡོང་མེད་རུང་། སང་ཉིན་ཕན་ཆད་འབྱུང་འགྱུར་ཚེ་སྨད་ཀྱི་ཕྱི་འདང་མི་རྒྱག་ཐབས་མེད་ཅིང་། ཕྱི་མ་ཞེས་པའང་ཐག་རིང་རྒྱང་གི་སྐད་ཆ་མིན་པར་དབུགས་ཕར་འཕངས་ཚུར་ལ་མ་འདུས་ན། ཚེ་འདི་ཕྱི་གཉིས་ཀའི་སོ་མཚམས་སུ་ཐོན་པ་ཡིན། ཐམས་ཅད་ཀྱིས་ང་ཤི་དུས་ཇི་ལྟར་བྱ་སྙམ་རུང་། དེ་ནི་བསམ་མེད་ཅོལ་ཆུང་བྱིས་པའི་འདང་རྒྱག་ཡིན་པ་སྟེ། རང་གཅིག་པུར་ཤི་རྒྱུ་ལ་འདང་བརྒྱབ་པས་མི་ཆོག་སྟེ། ཁྱིམ་ན་ཕ་མ། པང་ན་བུ་རྒྱུད། གཉེན་དང་གྲོགས་པོ་ཡོད་ལ། དང་པོ་གཅིག་ངོ་གཅིག་གིས་མི་ཤེས་པའི་རྣམ་ཤེས་འཁྱམ་པོ་ཁ་ཤས་ཤ་ཁྲག་གི་ལུས་རྟེན་འདིར་ཉིང་མཚམས་སྦྱར་ནས། ལས་ཇི་ལྟ་བུ་ཞིག་གིས་སྦྲེལ་བ་ཡིན་རུང་། གཅིག་སེམས་གཅིག་ལ་ཆགས། ཤ་དང་རུས་པས་འབྲེལ། བརྩེ་གདུང་འཆིང་ཞགས་ཀྱིས་བཅིངས་ནས། ཉིན་གཅིག་གི་ལམ་ཙམ་དུ་སོང་ཡང་འགྲོ་མཁན་འདུག་མཁན་ཚང་མས་གཅིག་སེམས་གཅིག་ལ་འཁྲེང་བ། ཁོའི་ཚབ་ཏུ་ང་ཤི་ཐུབ་སེམས་མཁན་རྣམས་ཀྱི་ཚེ་ཕྱི་མའི་སྐྱིད་སྡུག་ལ་འདང་རྒྱག་མ་བྱས་དུས། དུད་འགྲོ་ཐ་ཤལ་དང་མཚུངས་པ་སྟེ་དུད་འགྲོས་ཀྱང་བུ་རྒྱུད་ལ་ཤིན་ཏུ་གཅེས་སེམས་ཤེས་པའོ། །དེ་ལྟར་འདང་རྒྱག་བྱས་ན་ཚེ་འདིའི་བཟའ་ཚོ་གཉེན་གྲོགས་དང་འདྲ་བར་སྐྱེ་བ་སྔོན་མ་ལ་ཡང་དེ་བཞིན་དུ་བརྩེ་བའི་ཕ་མ་སྤུན་གྲོགས། གཅེས་པའི་བུ་དང་བཟའ་ཚོ་རྣམས་ཡོད་ཀྱང་སྐྱེ་བ་སྔ་ཕྱི་བརྗེས་ནས་ངོ་མི་ཤེས་པ་ཙམ་མོ། །ན་ནིང་གི་ཨ་མ་དང་ད་ལོའི་ཨ་མ་ལ་ཁྱད་མེད་པ་དང་། ཨ་མ་ལ་ཕར་རྒྱབ་ཐག་རིང་ན་ཡོད་པ་དང་། ཚུར་ནང་ཐག་ཉེ་ན་ཡོད་དུས་སུ་གཅེས་སེམས་དང་། བརྩེ་གདུང་ལ་ཁྱད་པར་མེད་པ་ལྟར་དུ་སྐྱེ་བ་སྔོན་རྗེས་ཀྱི་ཨ་མ་ལ་ཁྱད་པར་ཅི་ཞིག་ཡོད། གཞན་ཡང་རང་རེའི་ཚེ་སྟོད་ཀྱི་གནའ་ཤི་རྙིང་པ་དང་། ད་ཤི་གསར་བའི་མི་སྙིང་དམར་ཅན་རྣམས་ཕྱི་མའི་ལམ་ཆེན་དུ་བལྟས་བལྟས་རིག་རིག་ལ་བུད་སོང་བས། ཤི་ནས་སྐྱེ་བ་གར་བླངས་མི་རིག་ཅིང་། འགའ་རེ་དང་ཐུག་བཞིན་ཡོད་ནའང་ལུས་རྟེན་བརྗེས་ནས་སྔོན་མ་དང་ལུས་རྟེན་མི་འདྲ་བས་ཕན་ཚུན་མི་ཤེས་ཤིང་། འགའ་རེས་དམྱལ་བ་ཡི་དྭགས་ཀྱི་སྡུག་བསྔལ་ཡང་མྱོང་བཞིན་ཡོད་ལས་ཆེ་སྟེ། མི་ཐོག་སྔོན་མ་དག་གིས་དུས་བཟང་ངན་གཉིས་ཀའི་སྐབས་སུ། ཤུལ་གྱི་བཟའ་ངན་ཁྱིམ་ཚང་ལ་སེམས་པའི་ཁུལ་བྱས་ནས་སྡུག་སྡིག་པ་ལ་ཅི་ཙམ་འབགས་མེད། འགའ་རེས་ཚེ་སྟོད་ལྷ་མེད་འདྲེ་མེད་ཀྱི་ལྟ་བ་འཛིན་ཁུལ་བྱས་ཀྱང་། ནམ་ཞིག་དེ་ཡང་རྨོངས་དད་ཀྱི་རིགས་ཡིན་པ་དང་། རྒས་ཁར་ཤི་ཁ་རུ་དེ་ལ་བློ་གཏད་མེད་པར་ཤེས་ནས་འགྱོད་ཀྱང་། ཆོས་ངོ་མ་གོ་མྱོང་མེད་ནས་སྒྲུབ་མ་ཤེས་ནས་ཆོས་འགྲུབ་པའི་བསོད་ནམས་མེད་པར་ཆོས་མེད་ལག་སྟོང་ངང་ཤི་མིག་གསོན་ལ་ཡང་བལྟ་བྱས་ནས་སོང་བ་མང་བས། དེ་དག་ལ་བསམ་བློ་རེ་བཏང་ན། ངས་ཕྱི་མར་ལྷ་མིའི་བདེ་འབྲས་ཙམ་ཐོབ་པས་མི་ཆོག་པར་འཁོར་བའི་གནས་ནས་གཏན་དུ་མ་ཐར་དུས་ནམ་ཞིག་ངན་སོང་དུ་ལྷུང་བ་ལ་སྔ་ཕྱི་ཙམ་དུ་འདུག་ཅིང་། ལར་རང་གཅིག་པུ་བསམ་པ་ནི་ནོར་བ་ཚབས་པོ་ཆེ་སྟེ། རང་ཞེས་པ་ནི་གཅིག་པུ་ཡིན་ལ་གཞན་ཞེས་པ་ནི་ཤིན་ཏུ་མང་བ་ཡིན་པས། མི་མང་ཇི་ལྟར་གྱུར་རུང་གྱུར། ང་གཅིག་པུ་བཟང་དགོས། ཡག་དགོས་ཞེས་པ་ནི། མི་བསམ་ཤེས་ཤིག་གིས་སེམས་པ་ཡང་མིན་ལ། བསམས་ན་ངོ་ཚས་ཀྱང་ཟེར་མི་ཐུབ་པའི་ཁྲེལ་མེད་ཀྱི་སྐད་ཆ་སྟེ། རང་གཅིག་པུ་བཟང་དགོས་ཞེས་པའི་མི་ནི་མིའི་ནང་གི་ཐ་ཤལ་ཡིན་པས། རང་གཅིག་པུའི་བདེ་ཐབས་ལ་སེམས་པར་མི་བྱ་བར། ཕ་མ། སྤུན་སྲིང་། གཉེན་དང་། མཛའ་གྲོགས། བུ་དང་། ཚ་བོ། གྲོང་རོགས། ཁྱིམ་མཚེས། ཡུལ་སྡེ་བུ་ཕྲུག གཞན་ཡང་ཚེ་སྐྱེ་བ་རེ་ལའང་ཕ་མ་ཉེ་འབྲེལ་རེ་ཡོད་ཅིང་། སྐྱེ་བ་ཐོག་མེད་ཀྱི་མཐའ་ལ་དེད་ནས་ཐུག་ཏུ་མེད་པས། སེམས་ཅན་ཐམས་ཅད་ཕ་མ་དང་། སྙིང་རྗེའི་ཡུལ་དུ་འདུག་པའི་བསམ་པ་ནི་མི་ཞིག་ལ་སེམས་ཤིག་ཡོད་ཚེ་མི་སྐྱེ་ཐབས་མེད་པའོ། །དེས་ན་ཆོས་བཤད་སྐབས་དལ་འབྱོར་རྙེད་དཀའ་དང་། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས་ལ་སོགས་པ་གང་བཤད་ཀྱང་། སྡུག་རབས། ཐ་རབས་བཤད་བཞིན་ལྟ་བུར་འདུག་པས་དེ་ལ་ཉན་པར་མི་སྤྲོའོ་ཞེས་སེམས་པར་མི་བྱ་སྟེ། འཁོར་བའི་སྡུག་བསྔལ་འདི་དག་སྐྱིད་རིག་མ་མྱངས་པའི་སེམས་ཅན་གྱིས། དམྱལ་བ་རང་ཡུལ་ལ་དུང་། ཞེས་པ་ལྟར་དུ། སྡུག་ལ་སྡུག་ངོ་མ་ཤེས་པར་སྐྱིད་དུ་འཁྲུལ་བའི་ཚུལ་གསལ་བཤད་བྱས་ནས་ར་སྤྲོད་བྱེད་བཞིན་ཡོད་པ་སྟེ། དེ་ཡང་འཁོར་བའི་གནས་འདིར་སྡུག་བསྔལ་ཆེ་ཚུལ་དང་། མི་ལུས་མཐོ་རིས་ཀྱི་ལུས་རྟེན་ཡིན་རུང་བདེ་སྐྱིད་མེད་པའི་ཚུལ་ནི་ཉན་བསམ་རུང་མ་བསམ་རུང་། རང་རེས་མྱོང་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་ཡིན་པའོ། །འོ་ན་དེ་བཤད་པས་ཅི་ཕན་ཞེ་ན། སྡུག་བསྔལ་དེ་བདེ་བའི་ལམ་དུ་བསྒྱུར་ཐབས་དང་། ཕྱིན་ཆད་སྡུག་བསྔལ་དེ་མྱོང་མི་དགོས་པ་དང་། བདེ་བ་རྙེད་ཐབས་སུ་སྡུག་བསྔལ་སྔོན་དུ་བཤད་ནས་དེ་སེལ་ཐབས་དང་། བདེ་སྐྱིད་གང་ཡིན་དང་། དེ་ལག་ཏུ་ལོན་ཐབས། རང་ཐོག་ཏུ་སྨིན་ཐབས་རྣམས་རིམ་པ་བསྒྲིགས་ནས་བཤད་བཞིན་ཡོད་པའོ། །མདོར་ན་ཆོས་བཤད་ཅེས་པ་ནི་མ་འོངས་པར་རང་གཞན་ཐམས་ཅད་ཀྱི་ཚེ་འདི་ཕྱིའི་བདེ་ཐབས་ལ་གྲོས་གཞི་འདོན་པ་སྟེ། སྡུག་བསྔལ་ལ་སྡུག་བསྔལ་དུ་མི་ཤེས་པའི་བླུན་རྨོངས་མགོ་འཁོར་ནས་བསྡད་ཡོད་པ་རྣམས་ལ་ཁྱད་པར་དུ་འཁོར་བའི་སྡུག་བསྔལ་གྱི་གནད་བཤད་པ་དང་། ཚེ་ཕྱི་མ་ཨེ་ཡོད་ཅི་ཤེས་བསམ་ནས་རྒྱུ་འབྲས་ཀྱི་གནད་དོན་མི་ཤེས་པ་རྣམས་ལ་ལས་རྒྱུ་འབྲས་ཀྱི་འགྲོ་སྟངས་བཤད་ནས་ཤེས་ཐབས་བྱེད་པ་དང་། མི་ཚེ་ལ་རྟག་འཛིན་བྱས་ནས་ཤི་སྣང་ཞེ་ལ་མི་ཤར་བ་རྣམས་ལ། ཝ་ཡེ། གཟབ་པར་གྱིས་ཤིག ཁྱོད་འཆི་བདག་གཤིན་རྗེས་མི་ཁྲིད་ཅེས་ཚེ་ཐར་བྱས་སམ། ནམ་འཆི་ཆ་མེད་དང་། འཆི་རྐྱེན་ངེས་མེད་ཡིན་པས། འཆི་བ་རང་ཐོག་ཏུ་གློ་བུར་ཐོན་ན་མི་འཇིགས་མི་སྐྲག་པའི་དཔའ་གདེང་ཁྱོད་ལ་ཅི་ཡོད་ཅེས་པ་ལ་སོགས་པའི་འཆི་བ་མི་རྟག་པའི་ལབ་གླེང་བྱ་བ་དང་། ཆོས་ལྡན་དལ་འབྱོར་གྱི་ལུས་ཤིག་རྙེད་པ་འདིའི་རིན་ཐང་ཤེས་ཀྱིན་མེད་ཚེ། ཆོས་ལྡན་དལ་འབྱོར་ཚང་པའི་ལུས་རྟེན་རྙེད་པར་དཀའ་རབས་དང་། སྲོག་ཆགས་གཞན་དང་མི་གཉིས་ཀའི་གྲངས་ཀྱི་མང་ཉུང་། མིའི་ནང་ནས་བསོད་ནམས་ཅན་ཉུང་ཤས་ཤིག་ལས་གཞན་ལ་དལ་འབྱོར་ཚང་མེད་ཚུལ། དལ་འབྱོར་སྟོང་ལོག་བྱས་ན་དོན་མེད་ཆུད་ཟོས་ཡིན་པའི་ཚུལ་སོགས་དལ་འབྱོར་རྙེད་དཀའི་ཆོས་བཤད་དགོས་ཤིང་། འདི་དག་མཐའ་གཅིག་ཏུ་ཁྲིད་སྦྱོང་ལྟར་དུ་རིམ་པ་སྒྲིག་དགོས་པའི་ངེས་པ་མེད་པར་ནད་མ་ངེས་པ་ལ་སྨན་དེ་བཞིན་དུ་སྤྲད་པ་དང་མཚུངས་པ་སྟེ། ཕན་ཐོགས་གང་ཆེའི་གནད་དང་བསྟུན་ནས་ཆོས་བསྟན་དགོས་པའོ། །གང་ལྟར་ཡིན་རུང་བདེ་བ་ཞེས་པ་ཕྱི་དངོས་པོའི་རྒྱུ་ནོར་ལས་ཐོབ་སྣང་གིས་དེ་ཐོབ་ཐབས་བྱ་ཁུལ་གྱིས་མི་ཚེ་ཟད་དུ་འཇུག་པ་ནི་ནོར་བ་ཆེའོ། །ཆོས་སྒྲུབ་པ་ནི་མངོན་མཐོ་ངེས་ལེགས་གཉིས་ཐོབ་ཆེད་ཡིན་ཞིང་། མཐར་ཐུག་ཏུ་ངེས་པར་ལེགས་པ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བྱ་དངོས་ཡིན་པས་ཐོབ་དགོས་ཀྱང་། དེ་མ་ཐོབ་པའི་གནས་སྐབས་སུ་མངོན་མཐོ་ལྷ་མིའི་ལུས་རྟེན་བཟང་པོ་ཆོས་སྒྲུབ་པའི་སྣོད་དུ་རུང་བ་ཞིག་ཐོབ་དགོས། དེ་ཡང་ཆོས་ནོར་འདོད་དང་ཐར་བ་སྟེ་ཕུན་ཚོགས་སྡེ་བཞི་འཛོམས་པ་ཞིག་དགོས་པ་སྟེ། ནོར་གྱི་འདོད་ཡོན་ཚོགས་ན་བསོད་ནམས་ཀྱི་ཚོགས་གསོག་ཆོག་པ་དང་། ཆོས་ཡོད་ན་ཐར་བ་ཐོབ་ཐུབ་པ་དང་། བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་མཐར་ཐུག་སྐུ་གཉིས་ཀྱི་གོ་འཕང་ཐོབ་དགོས་པའོ། །དེ་ལྟར་ནའང་ཁྱིམ་ན་གནས་པའི་ཆོས་བྱེད་པའམ། ཁྱིམ་ན་གནས་པའི་བྱང་ཆུབ་སེམས་དཔའ་པས་འདོད་པ་ཆུང་ལ་ཆོག་ཤེས་པའི་འཕགས་པའི་ནོར་དང་མ་བྲལ་པའི་འཇིག་རྟེན་པའི་འཚོ་ཚིས་ཆོས་དང་མཐུན་པར་བྱ་དགོས། དེ་ཡང་ཆོས་པས་སྤྲང་པོ་བྱ་དགོས་ཞེས་པ་མིན་པར་བསོད་ནམས་ཅན་གྱིས་ནོར་ཕར་བཏང་ཡང་ནོར་གྱིས་ཚུར་མི་འདོར་ལ། བསོད་ནམས་མེད་ན་མིས་རྒྱུ་ནོར་ཕར་མ་དོར་ཡང་རྒྱུ་ནོར་གྱིས་མི་ཚུར་འདོར་བས་ཐོད་པའི་ཨ་ཡིག་དཀར་པོ་ལ་རི་མོ་གང་བྲིས་བསོད་ནམས་ལ་རགས་ལས་སོ། །དེས་ན་མིའི་ཆེད་དུ་ནོར་གྱི་གསོག་གྲུན་བྱ་དགོས་པ་ལས། རྒྱུ་ནོར་གསོག་གྲུན་གྱི་ཆེད་དུ་མི་བློས་བཏང་མི་ཉན་ཞིང་། བློས་བཏང་ཞེས་པ་རྒྱུ་ནོར་གྱི་ཆེད་དུ་མི་སྲོག་ཞ་བ་མ་ཡིན་རུང་རྒྱུ་ནོར་གྱི་དོན་དུ་མི་ཚེའི་མགོ་རྣ་དང་ཁྲེལ་བོར། ལས་རྒྱུ་འབྲས་རྩིས་མེད་བྱས་ནས་ཡོད་ཚད་དོར་བ་བྱས་ཚེ་ལན་གཅིག་ཤི་བ་ལས་སྡུག་པའི་བྱ་ཉེས་ཡིན་པས། དེ་ལས་ཤི་ཤུལ་གཙང་མ་རུ་སོང་ན་ཤི་བོ་རང་ཉིད་བླ་བདེ་བ། བླ་བདེ་མིང་དོན་མཚུངས་པའི་རྗེས་དཀར་བཞག་ནས་བུད་སོང་ན་ལེགས་པའོ། །དེ་ལྟར་ཤི་བ་ནི་འཕུར་བ་མ་ཡིན་རུང་ཤི་བ་ཤོར་བ་གཉིས་ཀ་མིན། དེས་ན་ཕྱིའི་དངོས་པོའི་རྒྱུ་ནོར་གྱི་ཟས་གོས་འདུག་གནས་ཀྱི་འཚོ་བའི་མཐུན་རྐྱེན་ཚོགས་པ་དང་མཉམ་དུ། ནང་ཆོས་ཀྱི་སེམས་ཁམས་ཀྱི་འཚོ་བའི་ཐད་ནས་ཕྱུག་པོར་འགྱུར་དགོས། དད་དང་། ཚུལ་ཁྲིམས། གཏོང་ལ་གོམས་པ་ལ་སོགས་པའི་འཕགས་པའི་ནོར་རྣམས་མེད་ཚེ་དབུལ་བོ་ཡིན་པའོ། །དབུལ་བོ་ཅི་ལ་ཡིན། རྒྱུ་ཡོད་ཅེ་ན། མིག་གཏན་དུ་བཙུམས་ནས་ཚེ་ཕ་རོལ་ཏུ་རིང་འགྲོ་བྱེད་པའི་ཉིན་ལ་རྒྱུ་ནོར་དངོས་པོའི་ཅ་ལག་མ་ཟད། ང་དང་། ངའི་ལུས་ཞེས་འབོད་སའི་བེམ་གོག་ཤུལ་དུ་བསྐྱུར་ནས་འགྲོ་རན་པས། དེའི་དུས་སུ་ཅང་མེད་དབུལ་བོ་ཡིན་པའོ། །དེ་ལྟའི་འདང་རྒྱག་གིས་སྔ་བསམ་ཕྱི་འདང་གི་ཆ་བཞག་དང་འཆར་གཞི་ཞོག་པའི་སྟེང་ནས། དམ་པའི་ཆོས་ཉན་དུས་སུ་རང་ཉིད་ལ་ཉོན་མོངས་དུག་ལྔ་དུག་གསུམ་གྱི་ནད་ཀྱིས་མནར་བཞིན་པའི་ནད་པའི་འདུ་ཤེས་དང་། ཆོས་ལ་ནད་དེའི་གདུང་བ་ལས་སྐྱོབ་ཅིང་གསོ་བའི་སྨན་གྱི་འདུ་ཤེས་དང་། ཆོས་བཤད་མཁན་གྱི་དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་དང་། དམ་པའི་ཆོས་ལ་དཀོན་པའི་འདུ་ཤེས་བསྐྱེད་ནས་དེ་ལྟ་བུའི་ཀུན་སློང་དང་མ་བྲལ་བའི་སྒོ་ནས། གུས་འདུད་ཞེ་ས་དང་བཅས་བཞིན། དང་བ་དང་དད་པའི་སྤྱོད་ལམ་གྱིས་ཆོས་ཉན་དགོས་པའོ། །དེ་ཡང་སངས་རྒྱས་འོད་དཔག་མེད་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་བདེ་ཆེན་ཞིང་སྒྲུབ་དང་བསྟུན་ཏེ། གང་ཞིག་འཆད་ཉན་བྱ་བའི་ཆོས་ནི། རྫོགས་ཆེན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་བྱ་བ་འདི་ཉིད་ཐུན་མོང་ལྟར་དུ་བཀྲལ་ཏེ་འཆད་པའི་སྐབས་ལས། ཀླད་ཀྱི་དོན་སོང་ནས། གཞུང་གི་དོན་ལ་ཡང་གསུམ་ལས། དང་པོ་སྙིགས་མའི་སྤྱོད་ལ་སྐྱོ་བའི་གཏམ་དང་། གཉིས་པ་བར་དུ་ལྟ་སྒོམ་གཏན་ལ་འབེབ་པའི་གཏམ་སོང་ནས།

གསུམ་པ་ཐ་མར་ངེས་འབྱུང་ཆོས་ལ་སྐུལ་བའི་གཏམ།

གསུམ་པ་ཐ་མར་ངེས་འབྱུང་ཆོས་ལ་སྐུལ་བའི་གཏམ་ལ་བཅུ་གསུམ་ལས།

དང་པོ་བྱ་བྱེད་ཅམས་སེ་བཞག་ལ་ཡིག་དྲུག་བཟླ་བར་བསྟན་བ།

དང་པོ་བྱ་བྱེད་ཅམས་སེ་བཞག་ལ་ཡིག་དྲུག་བཟླ་བར་བསྟན་བ་ནི།

བྱས་པས་ཅི་བྱ་བྱ་བྱེད་འཁོར་བའི་རྒྱུ།།

བྱས་ཚད་སྙིང་པོ་མེད་པའི་ཚུལ་ལ་ལྟོས།།

ད་ནི་བྱར་མེད་ངང་དུ་བཞག་ན་དགའ།།

བྱ་བྱེད་ཅམས་སེ་ཞོག་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཤིང་། དཔལ་སྤྲུལ་རིན་པོ་ཆེ་ཉིད་ཀྱི་གསུང་གཞན་ལས་ཀྱང་། གང་ལྟར་བསམས་ཀྱང་འགྲུབ་དུས་མི་འདུག་གི །ཇི་ལྟར་བྱས་ཀྱང་སྙིང་པོ་མི་འདུག་གི །བྱས་བྱས་བསྒྲུབས་བསྒྲུབས་རང་གཞན་བསླུས་མཐོང་ནས། །ད་ནི་བྱར་མེད་འཆི་བ་སྒུག་སྙིང་འདོད། །གསུངས་པ་ལྟར་དུ་འཇིག་རྟེན་འདིར་སྣང་དང་འབྲེལ་བའི་བྱ་བ་ཐོག་མེད་ནས་ད་ལྟའི་བར་ལ་འཁྲུལ་ནས་བྱས་པས་མ་ཚད། སྐྱེ་བ་འདིའི་ཐོག་ནས་ཀྱང་ཚེ་འདིའི་སྣང་བ་མཐོང་དང་ཚུན་ཆད་ནས་དོན་མེད་ཀྱི་བྱ་བ་འགྲུབ་རྒྱུ་དང་ཚར་རྒྱུ་མེད་པ། གྲུབ་ཀྱང་ཕན་ཐོགས་མེད་པའི་བྱ་བ་འདི་བྱས་ཀྱང་། བྱས་ནས་ཕན་ཐོགས་མེད་པའི་ཐོག་ཏུ་ཚེ་འདིའི་བྲེལ་དོ། ཕྱི་མའི་ཁུར་བོ་འདི་གྲུབ་པས། ད་ནི་དེ་བྱས་པས་ཅི་བྱ་བྱ་བྱེད་ཐམས་ཅད་འཁོར་བའི་རྒྱུ། ཕྱི་མ་ཡིད་མི་འོང་བའི་རྣམ་སྨིན་སྐྱེད་བྱེད་དུ་འདུག་ཅིང་། ད་སྔ་ཡན་ཆོད་ཀྱི་རང་གི་མི་ཚེ་སྟོང་གྱོང་། བྱ་བ་འབྲས་མེད་དུ་སོང་ཞིང་། ས་འདིའི་ཐོག་ཏུ་རྐང་རྗེས་བཀོད་ཚད་པོ་སུ་ལ་བསམ་བློ་བཏང་རུང་བྱས་ཚད་སྙིང་པོ་མེད་པའི་ཚུལ་ཤེས་པས། ད་ནི་ཅིས་ཀྱང་དགོས་པ་མི་འདུག་པས་འཁོར་བའི་བྱ་བ་ནི། བྱས་ན་མི་ཟིན་བསྐྱུར་ན་ཟིན། །ཞེས་པ་ལྟར་དུ་ནམ་བཞག་ཙ་ན་དེ་དུས་མཇུག་གྲུབ་པ་ཡིན་གྱི། ལས་ནས་ཚར་སྒུག་བྱ་རྒྱུ་མེད་པས། ད་ནི་བྱར་མེད་ངང་དུ་བྱས་ཆོས་བོར་ནས་བྱ་རྒྱུ་བཞག་ན་དགའ་བས། རབ་ན་བྱ་བ་དགུ་ཕྲུགས་སུ་བོར་བའི་མན་ངག་སྙིང་པོའི་ཉམས་ལེན་ལ་བརྩོན། མིན་རུང་ཟིན་མེད་ཀྱི་བྱ་བ་བསྐྱུར་ནས་དགེ་སྦྱོར་གང་ལྕོགས་རེ་འབད་ནས། ཐག་མི་ཆོད་འཁྲུལ་བ་མི་ཆོད་ནས་མི་འདུག་པར་སེམས་ཐག་ཐགས་སེ་བཅད་ནས་བྱ་བྱེད་ཐམས་ཅད་ཅམས་སེའམ་ཁྲིགས་སེ་ཞོག་ལ་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

གཉིས་པ་སྨྲ་བརྗོད་རྦད་ཀྱིས་ཆོད་ལ་ཡིག་དྲུག་བཟླ་བར་བསྟན་པ།

གཉིས་པ་སྨྲ་བརྗོད་རྦད་ཀྱིས་ཆོད་ལ་ཡིག་དྲུག་བཟླ་བར་བསྟན་པ་ནི།

སྨྲས་པས་ཅི་བྱ་སྨྲས་ཚད་བྲེ་མོའི་གཏམ།།

འབྲེལ་མེད་རྣམ་གཡེང་སྐྱེད་པའི་ཚུལ་ལ་ལྟོས།།

ད་ནི་བརྗོད་མེད་ངང་ལ་གནས་ན་དགའ།།

སྨྲ་བརྗོད་རྦད་ཀྱིས་ཆོད་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། མི་སུ་ཡིན་རུང་སྐྱེས་ནས་ད་ཡི་བར་དུ་ཁ་དལ་མོ་བྱས་ནས་ཉིན་གཅིག་ལའང་མ་བསྡད་པར། སྐབས་རེ་འགའི་ཁ་ཏོན་བཟླས་བརྗོད་ཙམ་ཡང་ངག་འཆལ་དང་མ་འདྲེས་པ་དཀོན་པ་དེས་ན། སྨྲས་པས་ཅི་བྱ་སྙིང་པོ་ཡོད་པའི་དོན་ལྡན་ནི་མ་བཤད་ནས་མི་ལུས་སྟོང་ལོག་ཏུ་འགྱུར་བཞིན་ཡོད་ཅིང་། སྔོན་བཤད་པའི་ཚུལ་ལ་བསམ་བློ་ཐོངས་དང་། སྨྲས་ཚད་བྲེ་མོའི་གཏམ་དོན་མེད་ལོང་གཏམ་ཁོ་ན་རུ་སོང་ཞིང་། དོན་མེད་ལོང་གཏམ་ཕན་མེད་གནོད་མེད་ཡིན་ན་སླ་བར་ཆུག་ཀྱང་། དོན་ལོག་དོན་ལས་གཡེར་ནས། དམ་པ་ལ་སྐུར་འདེབས། གཞན་གྱི་སྐྱོན་མཚང་། ཚུལ་མིན་ཡིད་བྱེད་ཀྱི་སྣེ་ཁྲིད་པའི་ཀུན་རྟོག་ངན་པའི་ཕྱོགས་སུ་གཡོ་སྤྱད་ཀྱི་གཏམ་སྡུག་པོ་ཤ་སྟག་བཤད་ཅིང་། མདོར་ན་འབྲེལ་མེད་རྣམ་གཡེང་སྐྱེད་པའི་གཏམ་ཁོ་ན་སྨྲས་པའི་ཚུལ་ལ་བསམ་བློ་ཐོངས་དང་། སྨྲས་པ་དེ་དག་སྔགས་དང་བཟླས་བརྗོད་ཡིན་ན་དུང་ཕྱུར་མང་པོ་བཟླས་ཟིན་པའི་ཚོད་ཡིན་པས། དེ་ལྟའི་ཚུལ་ལ་རང་གིས་ལྟོས་ལ། ད་ནི་རབ་ན་བརྗོད་མེད་བརྗོད་པ་དང་བྲལ་བའི་གནས་ལུགས་མ་བཅོས་པའི་དོན་ལ་གནས་ན་དགའ་ཞིང་། དེ་ལྟར་མིན་རུང་རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་རྣམས་ཀྱིས་གཙོ་བོར་བྱས་པའི་སྨྲ་བརྗོད་ཐམས་ཅད་རྦད་ཀྱིས་ཆོད་ལ་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

གསུམ་པ་འགྲོ་འདུག་རྒྱུག་འདུར་མི་མང་བར་བག་ཕེབས་ལྷོད་ཀྱིས་སྡོད་ལ་ཡིག་དྲུག་བཟླ་བར་བསྟན་པ།

གསུམ་པ་འགྲོ་འདུག་རྒྱུག་འདུར་མི་མང་བར་བག་ཕེབས་ལྷོད་ཀྱིས་སྡོད་ལ་ཡིག་དྲུག་བཟླ་བར་བསྟན་པ་ནི།

སོང་བས་ཅི་བྱ་འགྲོ་འདུག་ངལ་བའི་རྒྱུ།།

འཁྱམས་ཤིང་ཆོས་ལས་རིང་བའི་ཚུལ་ལ་ལྟོས།།

ད་ནི་གཅིག་ཏུ་སེམས་བག་ཕབ་ན་དགའ།།

བག་ཕེབས་ལྷོད་ཀྱིས་སྡོད་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ད་སྔོན་སོང་སོང་ལ་བསམ་བློ་བཏང་ན། མི་གཅིག་གིས་གོམ་པ་བླངས་ཚད་མཐུད་པར་བྱས་ན་ལེ་དབར་ཁྲི་ཕྲག་ཁ་ཤས་ཡོད་ངེས་ཤིང་། དེང་སང་གི་དུས་སྐབས་སུ་གནམ་ས་གཉིས་ཀ་ནས་འཁོར་ལོའི་རིགས་ཀྱི་ནང་ནས་ཡུལ་འཛམ་གླིང་ཤར་ནུབ་དང་། གཞན་རང་ཡུལ་དགོན་གྲོང་གཉིས་ཀའི་བར་ནས་འཁྱམས་ཚད་དེ། དོན་ཡོད་ཕྱག་བསྐོར་སྒྲིབ་སྦྱོང་འབའ་ཞིག་ཡིན་པའི་དབང་དུ་བཏང་ན། ལུས་ཀྱི་ཤིན་སྦྱངས་ཐོབ་པའི་ཚོད་ཡིན་ཡང་། ཆུང་ན་ས་འགྲོ་རྡོ་འགྲོ། ཆེ་ན་འགྲོ་ཉེས་འདུག་བཙོག སྡུག་སྡིག་པ་ཁོ་ན་དང་འབྲེལ་སོང་བས། ད་ནི་སོང་བས་ཅི་བྱ་འགྲོ་འདུག་ཐམས་ཅད་ངལ་བའི་རྒྱུ། རྒས་མ་རན་གོང་ནས་པུས་ཚིག་ལྟེབ། ཉྭ་ཡུར་འཁྱོག སྐེད་ཚིགས་སྒུར་བ་ནི། དོན་མེད་སྡུག་ལས་ཀྱིས་སྒྱིད་པ་སར་འཁུམས་ནས་འདུག་དབང་མེད་པས་ཡིན་ཞིང་། འཁྱམས་ཤིང་འཁྱམས་ཤིང་ཆོས་ལས་ཐག་ཇེ་རིང་། འཆི་བདག་ལ་ཐག་ཇེ་ཉེར་སོང་ནས། ཆོས་ཤར་དུ་ལུས་ཀྱང་ཁ་ནུབ་ཏུ་འཁོར་ནས་དོན་ཆུང་ལ་གཡེང་བཞིན་དེ་མི་འགྲུབ་པར་ཁ་ཤ་རླུང་ལ་བཟེད་ནས་འགྲོ་བཞིན་འཁྱམ་གྱིན་ཡོད་པས། ད་ནི་ལུས་ཉལ་སའི་ནང་དུ་ཡོད་ཀྱང་སེམས་ཐག་རིང་ཡུལ་དུ་མི་འཁྱམ་པར་འདུག་ས་གཅིག་ཏུ་སྡོད་ལ་ལུས་སེམས་གཉིས་ཀ་བག་ཕབ་ན་དགའ་བས། དེ་ལྟར་བག་ཕེབས་ལྷོད་ཀྱིས་སྡོད་ལ། རབ་ན་ལྷོད་ཀྱིས་གློད་པ་རང་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པ་དང་། དེ་ལྟར་མ་བྱུང་རུང་བློ་བདེ་བག་ཕེབས་ཀྱིས་ལྷ་ཡི་དམ་ཐུགས་རྗེ་ཆེན་པོའི་གསལ་སྣང་དང་མ་བྲལ་པའི་སྒོ་ནས་ཡིག་དྲུག་གསུང་གི་བཟླས་པ་སྒོ་གསུམ་ཆུན་གཅིག་ཏུ་དྲིལ་ནས་བཟླས་ན་འགྲུབ་ཐག་ཉེ་ཞེས་གསུངས་པའོ།།

བཞི་པ་ལོག་འཚོའི་སྡིག་ཟས་སྤངས་ཏེ་ཡིག་དྲུག་བཟླ་བར་བསྟན་པ།

བཞི་པ་ལོག་འཚོའི་སྡིག་ཟས་སྤངས་ཏེ་ཡིག་དྲུག་བཟླ་བར་བསྟན་པ་ནི།

ཟོས་པས་ཅི་བྱ་ཟོས་ཚད་མི་གཙང་རྒྱུ།།

ཟ་འདོད་ཚིམ་པ་མེད་པའི་ཚུལ་ལ་ལྟོས།།

ད་ནི་ཏིང་འཛིན་ཟས་སུ་ཟོས་ན་དགའ།།

བཟའ་བཏུང་བྱེད་འཕྲོ་བོར་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། སྤྱིར་ན་འདོད་ཁམས་པ་ཁམ་གྱི་ཟས་ལ་བརྟེན་ནས་ལུས་འཚོ་དགོས་ཤིང་། ལུས་འདི་ཐུན་མོང་ཐེག་པའི་ལུགས་ལྟར་ན་ཐར་བའི་གྲུ་གཟིངས་ཡིན་པས། མཐའ་གཉིས་སུ་མ་ལྷུང་པའི་ཟས་གོས་ཀྱིས་འཚོ་དགོས་ཤིང་། ཐུན་མིན་གསང་སྔགས་ལྟར་ན་གདན་གསུམ་ལྷ་ཡི་དཀྱིལ་འཁོར་ཡིན་པས། བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་དགོས་པར་གསུངས་ཤིང་། གང་ལྟར་ཡང་ཆོས་སྒྲུབ་པའི་ཆེད་དུ་སྲོག་འཚོ་དགོས་ལ། ཟས་གང་ཡིན་ཡང་གཏན་ནས་སྡིག་མེད་ཀྱི་ཟས་དཀོན་རུང་། ཆོས་པས་ཤ་ཟ་མི་ཉན་པ་ཡིན། ཇ་དང་རྩམ་པ་ལ་སྡིག་པ་ཡོད་པར་གསུངས་ཡོད་ཀྱང་། མ་ཟོས་ནས་རང་སྲོག་ལ་ཉེན་ཁ་ཡོད་པར་བྱས་ན་ཉེས་པ་དེ་བས་ཆེ་བ་འཕོ་བ་སོགས་ཀྱིས་དུས་མིན་དུ་སྤར་ན་ལྷ་བསད་པའི་ཉེས་པ་འབྱུང་གསུངས་པ་ལྟར་དུ་ཡིན་པའོ། །འོན་ཀྱང་ཟས་ཟོས་ན་ཚོད་ཅིག་དགོས་ཀྱི། མགོ་མིན་པ་ཁ་དང་ཕོ་བ་བྱས་ཏེ་ཅི་རིག་གང་རིག་ཐམས་ཅད་ཟ་བ་ནི་ཟས་ཀྱི་ཉེས་དམིགས་མ་ཤེས་པའི་རང་མཚང་ཡིན་པར་ཤེས་སུ་བཅུག་ནས། དཔེར་ན་ནད་ལ་ཕན་པའི་ཕྱིར་དུ་སྨན་བསྟེན་པ་ལྟར་དུ་ལུས་སྲོག་གཉིས་ཀ་འཚོ་ཞིང་ཆོས་འགྲུབ་པའི་ཐབས་སུ་ཟས་ཀྱི་ཚོད་རིག་པར་བྱས་ཏེ་འགྲངས་ལྟོགས་སྙོམ་པོ་འདུལ་བའི་ནང་ནས་གསུངས་པ་དང་། གསོ་རིག་པས་བཤད་པ་ལྟར་དུ་བཟང་བ་ཡིན། ཆོས་པ་སེར་སྐྱ་སུ་ཡིན་རུང་འཚོ་བ་དག་དགོས་ཏེ་འཚོ་བ་དག་ན་ལྟ་སྒོམ་དག་པའོ། །འཚོ་བ་མ་དག་པ་ནི་ལོག་འཚོའི་འཚོ་བ། དཀོན་མཆོག་གི་རྫས་དང་། རྐུས་འཕྲོག་གི་ཟས་ཀྱིས་འཚོ་བ་སྟེ། སངས་རྒྱས་ཀྱིས་ཁྱིམ་པའི་དཀོར་ཟ་ཆོག་པར་གནང་བའི་རབ་བྱུང་དགེ་འདུན་གྱི་སྡེའི་ནང་དུ་ཞུགས་རུང་པའི་ཆ་ཚད་ཇི་ལྟར་ཡིན་ཞེ་ན། ལྡན་གྲོལ་གཉིས་ལྡན་དགོས་པར་གསུངས་ཤིང་། དེ་ཡང་ལྡན་པ་ཚུལ་ཁྲིམས་ཅན་དང་། གྲོལ་བ་སྟོང་ཉིད་རྟོགས་པའོ། །སོ་སོར་ཐར་བའི་རྟགས་དང་ཆ་ལུགས་འཆང་བ་མ་གཏོགས། གསང་སྔགས་ཀྱི་བརྟུལ་ཞུགས་ཅན་ལ་སོགས་པ་ལ་གྲོལ་བ་ཅན་མི་སྲིད་པ་མིན་རུང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ། འདུལ་བ་གཞི་གསུམ་གྱི་ཆོ་གའི་ཕྱག་ལེན་ལ་མཁས་པ། ལྡན་གྲོལ་གྱི་བརྟུལ་ཞུགས་ལ་དབང་འབྱོར་བ་ཞིག་ཡིན་དགོས་པའོ། །དཀོར་ཞེས་པ་འདི་ལ་འཛེམ་བག་མ་བྱས་ན། འདི་སེར་སྐྱ་སུ་ཡི་ཁོག་ཏུ་སོང་ན་དུག་ལྟ་བུ་ཡིན་པ་དེས་ན་ལོག་འཚོའི་ཟས་དང་སྡིག་ཟས་ཟོས་པས་ཅི་བྱ། ཟོས་ཚད་མི་གཙང་བའི་རྒྱུ་ཡིན་ཞིང་། སྡིག་ཟས་ཤ་ལྟ་བུ་ལ་མཚོན་ན། ཟོས་ཤིང་ཟོས་ཤིང་ཟ་འདོད་ཇེ་ཆེར་གྱུར་ནས་ཚིམ་རྒྱུ་མེད་པར་འགྲོ་བས་ངོམས་པ་མེད་པའི་ཚུལ་ངན་པ་ལ་ལྟོས་དང་། ད་ནི་ཏིང་ངེ་འཛིན་ཟས་སུ་ཟོས་ན་དགའ་ཞིང་། ཞི་གནས་ཀྱི་ཏིང་ངེ་འཛིན་རྐྱང་པ་ལ་གནས་ཀྱང་ལུས་འཚོ་བའི་རྒྱུ་ཡིན་ཞིང་། ཟག་མེད་ཀྱི་ཏིང་ངེ་འཛིན་གྱི་འཚོ་བ་ནི་ལུས་བརྟས་པའི་མཆོག་ཡིན་པའོ། །དེས་ན་ལོག་འཚོའི་སྡིག་ཟས་ཀྱི་བཟའ་བཏུང་བྱེད་འཕྲོ་བསྐྱུར་ཏེ་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །ཡི་གེ་དྲུག་པ་བླ་མ་དང་ལྷ་ལ་ནམ་དྲན་དུ་གསོལ་བ་འདེབས་པ་མ་ལ་བུས་འབོད་ཀྱི་ཚུལ་དུ་བཟླ་དགོས་པ་སྟེ། མ་ལ་བུས་བོས་པས་སྙིང་ཐག་པ་ནས་ཨའོ་ཟེར་ནས་ལན་སྟེར་བ་འདྲ་བར། ཐུགས་ཀྱི་དཀྱིལ་ནས་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་གསོལ་བ་འདེབས་པའི་བུ་ལ་དགོངས་པའོ། །ཨཱོྃ་མ་ཎི་པདྨེ་ཧཱུྃ་ཞེས་པ། ཨོཾ་སྐུ་ལ་གསོལ་བ་འདེབས། མ་གསུང་ལ་གསོལ་བ་འདེབས། ཎི་ཐུགས་ལ་གསོལ་བ་འདེབས། པད་ཡོན་ཏན་ལ་གསོལ་བ་འདེབས། མེ་ཕྲིན་ལས་ལ་གསོལ་བ་འདེབས། ཧཱུྃ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་སྡུད་པར་བྱེད་པའོ། །མ་ཎི་བཟླ་དུས་ངག་གྲེ་འགྱུར་སྙན་པའི་གདངས། ཏམྦུ་ར་ཡི་རྒྱུད་མང་གི་སྒྲ་བཞིན་དུ་བཟླས་པ་དང་བཅས། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཧྲཱིཿ་ ཡིག་དཀར་པོ་ཞིག་བསྒོམས་པའི་མཐར་ཡི་གེ་དྲུག་པས་བསྐོར་ནས་ཡོད་པ་ལས་འོད་ཟེར་སྣ་ཚོགས་འཕྲོས་ནས། རྩ་གསུམ་རྒྱལ་བའི་ཞིང་ཁམས་ནས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པར་བྱོན་ནས། བདག་དང་སེམས་ཅན་ཐམས་ཅད་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དངོས་གྲུབ་ཐོབ་པར་བསམས་ན། གདུལ་བྱ་ཡུལ་ལ་ཡོད་པའི་ཕྲིན་ལས་སྒྲུབ་པ་པོ་རང་ཉིད་ཀྱི་དད་དང་། གུས་པ། གསོལ་འདེབས། བཟླས་པས་ལྕོགས་ན། འདུལ་བྱེད་སངས་རྒྱས་ལ་ཡོད་པའི་ཐུགས་རྗེ་དང་ཕྲིན་ལས་ལ་གཡེལ་བ་ཡོད་པ་མིན་ནོ།།

ལྔ་པ་བློ་ཐག་རྦད་ཀྱིས་ཆོད་ལ་ཡིག་དྲུག་བཟླ་བར་བསྟན་པ།

ཡང་ཐར་པའི་ལམ་བསྒྲུབ་པ་ལ་འཇིག་རྟེན་ཚེ་འདིའི་འདུན་མ་སྐྱུར་དགོས་པས། ལྔ་པ་བློ་ཐག་རྦད་ཀྱིས་ཆོད་ལ་ཡིག་དྲུག་བཟླ་བར་བསྟན་པ་ནི།

བསམ་པས་ཅི་བྱ་བསམ་ཚད་འཁྲུལ་པའི་རྒྱུ།།

བསམ་དོན་ཐོག་ཏུ་མི་ཁེལ་ཚུལ་ལ་ལྟོས།།

ད་ནི་ཚེ་འདིའི་བློ་སྣ་བསྟུངས་ན་དགའ།།

བློ་ཐག་རྦད་ཀྱིས་ཆོད་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། དྲན་བསམ་རྣམ་རྟོག་གི་འགྱུ་བ་རླུང་ལྟ་བུ། འདི་དྲན་དང་འདི་མི་དྲན་བྱ་བ་མེད་པར་སྤྲང་པོས་ཉལ་བསམ་བཏང་ན། རྒྱ་ར་རྟ་ཡིས་བཀང་ཆོག་ཀྱང་། བསམ་ཚད་འགྲུབ་པ་མིན་ཏེ། ངས་གཅིག་བྱེད། གཉིས་བྱེད། བཅོ་བརྒྱད་ཀྱི་སྣེར་བཅུ་དགུ་མཐུད་བསམ་ནས། སེམས་ཀྱི་ནང་དུ་བློས་བསླངས་བཞེངས་པ་ནི། ཡིད་ཀྱིས་རྒྱལ་སྲིད་སྐྱོང་བ་ཞེས་བྱ་བས། དེ་ལྟར་སྣ་ཚོགས་པའི་ཚུལ་ལ་བསམ་པས་ཅི་བྱ་བསམ་ཚད་ཐམས་ཅད་འཁྲུལ་བ་ཡིན་ཞིང་། དེས་ཕྱི་མའི་འཁྲུལ་བ་ཡང་བསྐྱེད་དེ་འཁྲུལ་བའི་རྒྱུ་ཡང་བྱེད་པ་སྟེ། གཅིག་སྣེར་གཅིག་དྲན། དེའི་སྣེར་ཡང་དྲན་ནས་འཁྲུལ་བ་ཁོ་ནར་འགྱུར་ཞིང་། མི་ཞིག་གིས་བསམ་པའི་དོན་ཐམས་ཅད་ཐོག་ཏུ་ཁེལ་བ་ཡང་མིན་པ་སྟེ། རང་ཉིད་ཕུན་སུམ་ཚོགས་དགོས་པས་མ་ཚད། གཞན་སུ་ཡང་ལེགས་མི་རུང་བ་སེམས་པ་སྲིད་དེ། རྒྱལ་པོ་ང་ལས་ནུ་ཞེས་པ་དེས་གླིང་བཞི་རུ་དབང་བསྒྱུར་བས་མ་ཚད་རི་རབ་ཀྱི་རྩེ་མོའི་སུམ་ཅུ་རྩ་གསུམ་པའི་ལྷ་ལ་དབང་བསྒྱུར། ལྷའི་དབང་པོ་བརྒྱ་བྱིན་དང་དབང་ཆ་དང་ཐོབ་ཐང་མཉམ་པར་བྱས་ཏེ་ཡུན་རིང་དུ་གནས་ཀྱང་། ནམ་ཞིག་ལ་ང་ལས་ནུས་སྙམ་པར་ད་ནི་བརྒྱ་བྱིན་གནས་འདི་ནས་དབྱུང་ལ་བདག་ཁོ་ནས་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ་སྙམ་མ་ཐག་ཏུ་དབང་ཐང་འབྱོར་བ་ཐམས་ཅད་ཀྱི་མཇུག་རྫོགས་ཏེ་འཇིག་རྟེན་མི་ཡུལ་དུ་ལྷུང་ནས་མཐར་ངན་སོང་གི་གནས་སུ་ལྟུང་བའི་ཚུལ་ལ་ལྟོས་དང་། ད་ནི་ཡས་བསམ་མས་བསམ་གྱི་ཚེ་འདིའི་བློ་སྣ་རིང་མོ་ཤི་སྣང་མེད་པའི་མདང་རྒྱག་བསྐྱུར་ཏེ་བློ་སྣ་ནང་དུ་བསྟུངས་ན་དགའ་བས། བློ་ཐག་རྦད་ཀྱིས་ཆོད། རང་ཐག་རང་གིས་ཆོད། སྣ་ཐག་མགོ་ལ་དཀྲིས་ཏེ་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །གསུང་མཆོག་ཡི་གེ་དྲུག་པ་སྒྲིབ་སྦྱོང་ཆོས་སྤྱོད་ཀྱི་ཚུལ་དུ་བཟླ་བསམ་ན། རང་ཐུགས་རྗེ་ཆེན་པོ་བསྒོམས་པའི་ལྕེ་སྣ་ཚོགས་པདྨ་འདབ་མ་དྲུག་པར་བསམ། པདྨའི་དབུས་སུ་ཧྲཱིཿ་ ཡིག་དཀར་གསལ་དང་། འདབ་མ་དྲུག་ལ་ཡི་གེ་དྲུག་པོ་ཡོད་པར་བསྒོམས་ནས། ཨཱོྃ་མ་ཎི་པདྨེ་ཧཱུྃ། ཨོཾ་གྱིས་ལུས་ཀྱི་སྒྲིབ་པ་སྦྱོང་། མ་ཡིས་ངག་གི་སྒྲིབ་པ་སྦྱོང་། ཎི་ཡིས་ཡིད་ཀྱི་སྒྲིབ་པ་སྦྱོང་། པད་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྦྱོང་། མེ་ཡིས་བག་ཆགས་ཀྱི་སྒྲིབ་པ་སྦྱོང་། ཧཱུྃ་གིས་ཤེས་བྱའི་སྒྲིབ་པ་སྦྱོང་། དེ་ལྟར་བསྒོམས་པའི་གསལ་སྣང་དང་མ་བྲལ་བར་ངག་གིས་ཨཱོྃ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ་ ཞེས་བརྡ་གསལ། སྔགས་ཀྱི་འབྲུ་དག བར་གྱི་ཁུགས་ལྡིང་། སྨད་ཀྱི་ལྡིང་དང་བཅས། ཀློག་མཁས་པས་སྟོད་ཀྱི་འདྲེན། བར་གྱི་ཁུགས། སྨད་ཀྱི་ལྡིང་དག་པས་འདོན་པ་ལྟར་བཟླ་དགོས། སྤྱིར་བཏང་གི་འདོན་པ་བཟླ་ཚུལ་ལྟར་སྒྲ་དག་སྒྲོས་གཙང་གིས་བཟླས་ནའང་ཆོག་པའོ།།

དྲུག་པ་ནོར་ཟས་གསོག་འཇོག་གི་རྩོལ་སྒྲུབ་བོར་ལ་ཡིག་དྲུག་བཟླ་བར་བསྟན་པ།

དྲུག་པ་ནོར་ཟས་གསོག་འཇོག་གི་རྩོལ་སྒྲུབ་བོར་ལ་ཡིག་དྲུག་བཟླ་བར་བསྟན་པ་ནི།

འབྱོར་པས་ཅི་བྱ་ལོངས་སྤྱོད་ཞེན་པའི་བློ།།

བསགས་ཚད་ཤུལ་དུ་ལུས་པའི་ཚུལ་ལ་ལྟོས།།

ད་ནི་བདག་འཛིན་ཞེན་པ་བཅད་ན་དགའ།།

གསོག་འཇོག་རྩོལ་སྒྲུབ་བོར་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ལོངས་སྤྱོད་ཀྱི་འབྱོར་བ་ནི་ཁྱིམ་པ་ཕོ་མོ་རྣམས་ལ་ཡོད་དགོས་པ་ཞིག་སྟེ། ཆོས་ནོར་འདོད་དང་ཐར་བ་སྟེ་ཕུན་ཚོགས་སྡེ་བཞིའི་ཡ་གྱལ་ཡིན་པས། དེ་དག་ལ་མངོན་མཐོའི་འབྱོར་བ་ཚོགས་དགོས་པས་སོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་ནི་མཚན་དང་དོན་མཐུན་པ་མཐའ་གཉིས་སྤངས་པའི་འཚོ་གོས་ཀྱིས་འཚོ་ནས་སྦྱངས་པའི་ཡོན་ཏན་ལ་གནས་དགོས་ཀྱང་། དགེ་འདུན་འདུ་བའི་སྒོ་དང་། བསོད་ནམས་བསག་པའི་ཞིང་ས་དང་། ཚོགས་བསག་མཆོད་འབུལ་གྱི་ཆ་རྐྱེན་སྐྲུན་པ་ནི་དོན་དག་ཁ་ཁར་ཡིན་པས། དེ་ལྟ་བུའི་སྤྱི་ཕན་དང་། ཆོས་མཐུན་གྱི་མཐུན་རྐྱེན་མ་ཡིན་པར་ཧ་ཅང་འབྱོར་བ་ཆེ་ཡང་ཚིམ་པ་མེད་པའི་འདོད་རྔམས་ནི། རབ་བྱུང་མ་ཟད་ཁྱིམ་པས་ཀྱང་སྤངས་ནས། ནོར་ལས་ནོར་གྱི་སྙིང་པོ་ལེན་ཕྱིར་དུ་བསོད་ནམས་བསག་སར་བཏང་ཐུབ་པ་དགོས་ཀྱི། གཞན་འབྱོར་བས་ཅི་བྱ་ཅི་ཙམ་འབྱོར་རུང་དེ་ཙམ་གྱིས་ཡོད་པའི་སྟེང་དུ་གསོག་འདོད་ཀྱི་ཞེན་པའི་བློ་ངན་སྐྱེ་ནས། མི་ཚེ་ནོར་རྫས་གསོག་སྐྲུན་གྱི་ངང་དུ་སྡིག་སྡུག་གཏམ་ངན་དང་འབྲེལ་ནས་ཟད་ཤོར་ལ། ནམ་ཞིག་རྒྱུ་ཡོད་ཀྱང་མེད་བའི་སྣང་བའང་ཤར་ཏེ། ཕྱུག་པོ་ཡི་དྭགས་ཀྱི་གཏེར་སྲུང་བཞིན་དུ་གྱུར་ཅིང་། ད་ལྟ་ནས་ཡི་དྭགས་ཀྱི་སྐྱེ་བ་ལེན་ལ་ཉེ་བའི་རྟགས་སུ་ཟ་གོན་ལོངས་སྤྱོད་ཙམ་ཡང་བྱེད་མི་ཕོད་པར་བསགས་ཚད་ཐམས་ཅད་ཤུལ་དུ་ལུས་ཚེ། ཤུལ་མི་རྣམས་ཀྱིས་ཤི་བོའི་ཞེ་དགུ་མ་ཚང་པའི་གོང་དུ་རྒྱུ་ནོར་བགོ་གྲོས་མི་འགྲིག་པར་ནང་འཐབ་བྱེད་པའང་ཡོད་ཅིང་། དེ་ཙམ་མིན་རུང་དང་པོ་བདུན་ཕྲག་ཁ་ཤས་ལ་ཤི་བོ་མིན་པ་དྲན་རྒྱུ་མེད་པ་ཡིན་ཡང་། བདུན་ཚིགས་སོང་གིན་སོང་གིན་གསོན་པོའི་འདུག་ཆས་ལ་བསམ་བློ་གཏོང་རྒྱུ་ཤུགས་ཇེ་ཆེར་སོང་ནས། མཐར་གཞུག་བསགས་པ་གཞན་གྱི་ལོངས་སྤྱད་བྱར་གྱུར་ནས། བསགས་ཚད་ཤུལ་དུ་ལུས་ཏེ་ཕན་ཐོགས་མེད་པའི་མིག་དཔེ་རང་རོགས་གཉིས་ཀའི་སྔུན་དུ་ཡོད་པའི་ཚུལ་ལ་ལྟོས་དང་། ད་ནི་བདག་དང་བདག་གིར་འཛིན་པའི་ཞེན་པ་བཅད་ཐུབ་ན་འདི་དང་ཕྱི་མ་རུ་བདེ་བའི་དགའ་བ་དེ་ལས་ཐོབ་པས། རྒྱུ་ནོར་འབའ་ཞིག་གསོག་འཇོག་གིས་མི་ཚེ་ཟད་པའི་རྩོལ་སྒྲུབ་བོར་ལ་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །སྤྱིར་ཕྱིའི་ལོངས་སྤྱོད་ཀྱི་འབྱོར་བ་ཇི་ཙམ་ཚོགས་པ་དེ་ཙམ་གྱིས་ནང་བསམ་པའི་འབྱོར་བ་ཚོགས་དགོས་ཀྱི། ཕྱིའི་དངོས་པོའི་འབྱོར་བའི་མཐུན་རྐྱེན་ཚོགས་པ་དང་ལྷན་དུ་ནང་བསམ་པའི་དཔལ་ཡོན་ཡར་རྒྱས་སུ་གྱུར་ནས་ཕྱི་ནང་གི་བདེ་སྐྱིད་ཆ་མཚུངས་པར་མ་སོང་དུས། རྒྱབ་ཁལ་དོ་མཉམ་མ་བྱུང་བའི་ཁལ་གཡག་ལ་ཁལ་ལོག་ཐེབ་པ་བཞིན་དུ་སྔར་མེད་ཀྱི་སྡུག་བསྔལ་གསར་བ་མང་པོ་འབྱུང་བའོ། །གཞན་ཡང་དམ་པའི་ཆོས་ལས་ལོག་པའི་ལམ་ནོར་ལ་འཁྲིད་བྱེད་ཡིན་པས་ནོར་ཞེས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་དག་གིས་ནོར་གྱི་ངེས་ཚིག་བཀྲལ་ཅིང་། སྤྱོད་འཇུག་ལས་ཀྱང་། བསགས་དང་བསྲུང་དང་བརླག་པའི་གདུང་བ་ཡིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་གསུངས་པ་ལྟར་ཡིན་པའོ།།

བདུན་པ་ཉིན་མཚན་རྣམ་གཡེང་སྤངས་ནས་ཡིག་དྲུག་བཟླ་བར་བསྟན་པ།

བདུན་པ་ཉིན་མཚན་རྣམ་གཡེང་སྤངས་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

ཉལ་བས་ཅི་བྱ་གཉིད་ཚད་གཏི་མུག་ངང་།།

སོས་དལ་མི་ཚེ་འཛད་པའི་ཚུལ་ལ་ལྟོས།།

ད་ནི་སྙིང་ནས་བརྩོན་འགྲུས་བསྐྱེད་ན་དགའ།།

ཉིན་མཚན་རྣམ་གཡེང་སྤངས་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཁམས་དྲུག་དང་ལྡན་པའི་ལུས་རྟེན་ཅན་གྱི་འདོད་ཁམས་པར་གཉིད་ནི་ལུས་འཚོ་བའི་མཐུན་རྐྱེན་ལ་མེད་དུ་མི་རུང་བ་ཡིན་པས་མི་ཚེའི་ཕྱེད་ཀ་ཉལ་ནས་ཟད་བཞིན་ཡོད་ཀྱང་། གཉིད་འདི་ལ་ཚོད་འཛིན་མ་བྱས་ན་གཏི་མུག་གཉིད་ལ་ཟད་པ་མེད་པས། ལུས་འཚོ་བའི་ཆེད་དུ་གཉིད་ཀྱིས་འདང་ངེས་ཤིག་བྱས་པའི་རྗེས་སུ་ཉལ་བས་ཅི་བྱ། རྣལ་འབྱོར་པ་གཉིད་འོད་གསལ་དུ་ཟིན་མཁན་ཡིན་ན་མ་གཏོགས། གཉིད་ཚད་གཏི་མུག་གི་ངང་ནས་ཉིང་འཁྲུལ་གྱིས་དུས་འདའ་བཞིན་ཡོད་པས། རིན་ཐང་ཆེ་བའི་མི་ཚེའི་དུས་ཚོད་འགངས་ཆེན་འདི་ཉིད། སོས་དལ་སྙོམ་ལས་ཀྱི་ངང་ནས་གཉིད་དགའ་ཅན་གྱི་མི་ཚེ་དོན་མེད་དུ་འཛད་པའི་ཚུལ་ལ་ལྟོས་དང་། དེ་ཡང་ཉིན་ཞག་ཕྲུགས་གཅིག་ཏུ་འཁོར་ལོའི་ཆུ་ཚོད་ཉེར་བཞི་ཡོད་པ་ལས། འགའ་རེས་ཆུ་ཚོད་ལྔ་ལས་གཉིད་དགོས་ཀྱིན་མི་འདུག་པས་དཔེ་ཆ་ལྟ་བ་ཡིན་ཞེས་བྱ་མཁན་ཡོད་དར་མོད་ཀྱང་། ཆུ་ཚོད་བདུན་རེར་ཉལ་ན་གཉིད་ཀྱིས་རྒྱས་འདངས་ཡིན་གྱི་དེ་ལས་ཉལ་ཡུན་རིང་ན་ལུས་ཁམས་དྭངས་བྱེད་མ་དགོས་རྙོག་བྱེད་དུ་གྱུར་ནས་ནད་སྐྱེད་པའི་རྒྱུ་རུ་འགྲོ་བ་ཡིན་པས་ཆུ་ཚོད་ཉི་ཤུ་རྩ་བཞི་ལས་བདུན་ཕུད་པའི་འཕྲོ་མ་ཆུ་ཚོད་བཅུ་བདུན་ལ་ཆོས་སྒྲུབ་ཆོག་པའོ། །ཅི་ཟ་འཐུང་གཡོས་སྦྱོར་ལ་སོགས་ལས་ཀ་གཞན་དག་གཅིག་ཀྱང་བྱ་མི་དགོས་སམ། རི་ཁྲོད་ཀྱི་མཚམས་པ་ཡིན་ཡང་སྒོ་ཕྱི་ནང་གི་འགྲོ་འདུག་ཉལ་འཆག་སྟེ་སྤྱོད་ལམ་རྣམ་བཞི་དང་ཟ་འཐུང་ཙམ་རེ་དགོས་པ་མིན་ནམ་ཞེ་ན། བདེན་མོད་ཀྱང་། ལྷ་ཁང་དང་། མཆོད་ཁང་། སྒོམ་ཁང་སོགས་ལས་ཆོས་སྒྲུབ་པའི་ཚེ་ཆོས་པ་ཡིན་རུང་། སྒོ་ཕྱི་རུ་བུད་དུས་ཆོས་པ་མིན་པ་ལྟར་དུ་གྱུར་ཚེ་ཆོས་སྒྲུབ་མ་ཤེས་པ་ཡིན་ཞེས་གོང་དུ་བཤད་པས། དེ་ལྟ་བུའི་ཆོས་སྒྲུབ་མཁན་ནི་རྐྱེན་དང་འཕྲད་སྐབས་ཆོས་གར་སོང་མེད་པ་མ་ཟད། ཚེ་འདི་ཕྱི་གཉིས་ཀའི་སོ་མཚམས་སུ་ཐོན། བེམ་རིག་སོ་སོར་བྲལ་བའི་དུས་སུ། དེ་བས་ཀྱང་ཆོས་ཀྱིས་ཕན་ཐོགས་དཀའ་བ་ཡིན། དེ་ལྟའི་ཆོས་སྒྲུབ་མཁན་གྱི་རང་རྒྱུད་ལ་ཆོས་མ་འབྱོར་བས་ཆོས་དང་རང་རྒྱུད་ཁ་ཁར་སོང་ཤིང་། དེ་དག་ལ་ནི་ཆོས་སྒྲུབ་པའི་དུས་ཚོད་ཀྱིས་ཀྱང་འདང་དཀའ་སྟེ། ཆོས་སྒྲུབ་པའི་དུས་ཚོད་གཅིག་དང་། འཇིག་རྟེན་སྒྲུབ་པའི་དུས་ཚོད་གཅིག་བཅས་སོ་སོར་དགོས་ཤིང་། ད་དུང་མི་དགེ་བསག་པའི་དུས་ཚོད་གཅིག་ཀྱང་དགོས་པས། གཅིག་དུས་ཚོད་ཀྱིས་འགལ་བ། གཉིས་བྱ་བ་མི་འདྲ་བ་གཉིས་ཐོད་མི་ཐུག་པའི་འགལ་བ། དེའི་ཐོག་ལ་ཆོས་ཆོས་ཀྱང་མ་འགྲུབ། འཇིག་རྟེན་འཇིག་རྟེན་ཡང་མ་འགྲུབ་སྙམ་ནས་ཁུར་བོ་ཉིས་བརྩེགས་སུམ་བརྩེགས་ཀྱིས་གནོན་པའི་དཀའ་ངལ་མང་པོ་ལྷན་དུ་ཡོང་བས་དེ་དག་གིས་ནི་ཆོས་སྒྲུབ་མ་ཤེས་པའོ། །དེ་ལྟ་བས་ན་དམ་པའི་ཆོས་ཀྱི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བརྟེན་ཏེ་བྱང་ཆུབ་བརྙེས་ཤིང་། བྱང་ཆུབ་ཀྱི་སེམས་དེ་ཡང་སྙིང་རྗེའི་སྙིང་པོ་ཅན་ཡིན་པས། ལས་དང་པོ་པ་ནས་བྱམས་སྙིང་རྗེས་ཀུན་ནས་བསླངས་པའི་བསམ་པ་བཟང་པོ་དང་མི་འབྲལ་བའི་ངང་ནས། འདི་ལྟར་སྣང་བའི་སྣང་སྲིད་ཀྱི་ཆོས་ཐམས་ཅད་མི་བདེན་སྒྱུ་མ་རྨི་ལམ་ལྟ་བུ། ཁ་སང་གི་བྱ་བ་དང་མདང་སོང་གི་རྨི་ལམ་གྱི་འཁྲུལ་སྣང་གཉིས་དེ་རིང་མེད་པར་མཚུངས་ཤིང་། དེ་རིང་གི་བྱ་བ་དང་དོ་དགོང་གི་རྨི་ལམ་གཉིས་ཀའང་སང་ཉིན་མེད་པའི་ཚུལ་འདྲ་ཞིང་། སྣང་བ་ཐམས་ཅད་དེའི་རང་བཞིན་ཡིན་ཡང་དེ་ལྟར་མ་རྟོགས་པར་འཁྲུལ་སྣང་ལ་ཨ་འཐས་པའི་སེམས་ཅན་འདི་ཐམས་ཅད་སྙིང་རེ་རྗེ། རང་དང་གཞན་གྱིས་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས་དགེ་བའི་དངོས་པོ་འདི་ཀུན་ཀྱང་སེམས་ཅན་ཐམས་ཅད་ཀྱིས་མ་འཁྲུལ་དོན་གྱི་གནས་ལུགས་རྟོགས་པའི་རྒྱུ་རུ་གྱུར་ནས་དེ་དག་གིས་གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པར་ཤོག་ཅེས་འགྲོ་འདུག ཟ་ཉལ། མི་དང་གཏུག་འབྲེལ་སོགས་གང་གི་སྐབས་ཡིན་ཡང་དྲན་ཤེས་བཞིན་བག་ཡོད་གསུམ་དང་མི་འབྲལ་བར་དེ་ལྟར་སེམས་པར་བྱས་ན། སྤྱོད་ལམ་ཐམས་ཅད་ཆོས་སུ་འགྱུར་བས་ཆོས་སྒྲུབ་པའི་དུས་ཚོད་ཟུར་དུ་དགོས་པ་མིན་ལ། ཁྱད་པར་དུ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཐོབ་ལ་མ་ཉམས་པར་དེ་གཉིས་ཀྱི་བསླབ་བྱ་ལ་སྤྱོད་ཐུབ་ན། ཟ་ཉལ། འགྲོ་འདུག ཐ་ན་ལག་པ་བརྐྱངས་བསྐུམས་ཚུན་ཆོད་ཀྱང་སེམས་ཅན་གྱི་དོན་དུ་འགྱུར་བ་ཡིན་ཞིང་། ཐེག་ཆེན་གྱི་ཆོས་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་སྒྲུབ་པ་ཤ་སྟག་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་ཡང་སེམས་ཅན་ལ་ཕན་བདེ་སྒྲུབ་པ་ཁོ་ན་ཡིན་པའོ། །དེས་ན་ལོ་ན་རྒན་དར་གཞོན་གསུམ་སུ་ཡིན་རུང་། ད་སྔོན་འདས་པའི་མི་ཚེའི་ལོ་ཟླ་ཞག་པོ་གྲངས་ཅན་དུ་སོང་བ་དོན་ལྡན་དང་སྟོང་གྱོང་ཇི་ལྟར་སོང་འདུག་རྩིས་བཤེར་དང་། ཕྱིས་འབྱུང་མི་ཚེའི་དུས་ཚོད་ལ་འཆར་འགོད་བྱ་དགོས་ཤིང་། དེ་ལྟར་བྱས་ན་མི་ཚེ་དོན་མེད་སྟོང་ཟད་མི་རུང་སྙམ་པའི་དྲན་སྐུལ་ཡོང་བའོ། །དེས་ན་ད་ནི་སྙིང་ཐག་པ་ནས་བརྩོན་འགྲུས་བསྐྱེད་ན་དགའ་ཞིང་། དེའང་དཀའ་ངལ་གྱིས་ཤིན་ཏུ་གདུང་བ་བཟོད་ཨེ་ཐུབ་ལྟ་ནས་སྡུག་རུས་རྡོ་ལ་རྡར་བ་བརྩོན་འགྲུས་མིན་ཅིང་། ལུས་ལ་མེ་ལྔའི་དཀའ་ཐུབ་བསྟེན་པ་ལྟ་བུ་ཕྱོགས་བཞི་དང་དབུས་སུ་མེ་སྦར་བའི་དཀྱིལ་དུ་འདུག་ཅིང་རང་ལུས་ཚ་ཞིང་སྲེག་ཀྱང་ཨེ་བཟོད་ལྟ་བ་དང་། གཅེར་བུ་དམར་རྗེན་དུ་བུད་ཅིང་ཁྱི་ཕག་ལྟ་བུ་གཙང་བཙོག་མེད་པའི་སྤྱོད་པ་བྱེད་པ་ནི་ཕྱི་རོལ་པའི་ཆོས་ལུགས་ཡིན་པས། དེ་ལྟར་མི་དགོས་པར། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་པ་ལྟར་བརྩོན་འགྲུས་ནི་དགེ་ལ་སྤྲོ་བའི་མཚན་ཉིད་ཅན། གཞན་གྱིས་ཆོས་སྒྲུབ་རྒྱུ་སྐྱུར་ཤོག་ཅེས་རུང་གཞན་དུ་བསྒྱུར་མི་བཏུབ་པར་ཆོས་བསྒྲུབ་རྒྱུ་ལ་མོས་པ་དང་སྤྲོ་བ་ཡིན་པས། ཆོས་སྒྲུབ་རྒྱུ་ལ་སྤྲོ་བའི་སེམས་ཤུགས་ཀྱིས་བརྩོན་འགྲུས་བསྐྱེད་དེ་ཉིན་མཚན་རྣམ་གཡེང་སྤངས་ནས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །དེ་ཡང་ཉིན་མཚན་རྣམ་གཡེང་སྤངས་ནས་ཞེས་པ་མཚན་ལ་གཉིད་མི་ཆོག་ཅེས་གསུངས་པ་མིན་ཞིང་། སྨོན་འཇུག་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་གཉིད་ཀྱང་གཞན་དོན་དུ་འགྱུར་བ་གོང་ནས་ཀྱང་སྨྲོས་པ་དེ་ལྟར་ཡིན་ལ། གཞན་མཚན་མོ་གཉིད་ཀྱི་སྐབས་སུ་བླ་མ་ཐུགས་རྗེ་ཆེན་པོ་སྙིང་ཁའི་པདྨ་འདབ་བརྒྱད་ཀྱི་དཀྱིལ་དུ་བཞུགས་ཡོད་པར་སྒོམ་པའམ། སྤྱན་རས་གཟིགས་ཀྱི་ཐུགས་སྲོག་གི་སྙིང་པོ་ཧྲཱིཿ་ ཡིག་དཀར་གསལ་ཞིག་སྙིང་པདྨ་འདབ་བརྒྱད་ཀྱི་དཀྱིལ་དུ་སྒོམ་ནའང་ཆོག་པས། དེ་ལྟར་བསྒོམས་ཏེ་གཉིད་ཀྱི་རྣལ་འབྱོར་ལ་ཞུགས་ན་མཚན་མོའི་གཉིད་ཀྱི་འོད་གསལ་ཟིན་ནས་ཐུགས་དམ་གྱི་མཆོག་ཏུ་འགྱུར་བ་དང་། དེ་ལྟར་མ་བྱུང་རུང་ཉིང་འཁྲུལ་རྒྱ་འབྱམས་སུ་མི་འགྲོ་བར་རྨི་ལམ་དགེ་བ་རྨིས་པ་འབྱུང་ངོ་། །མདོར་ན་སྤྱོད་ལམ་ཐམས་ཅད་ཆོས་དང་སྦྲེལ་ཞེས་པ་ནི་ཆོས་སྒྲུབ་མཁན་ཞིག་གིས་ཉམས་སུ་ལེན་བྱའི་མན་ངག་ཟབ་མོ་སྟེ། ཆོས་དང་སེམས་འདྲེས་ཚེ་སྤྱོད་ལམ་དང་ཆོས་གཉིས་རང་ཤུགས་ཀྱིས་འབྲེལ་བ་བྱེད་པས་དེས་ནི་འཇིག་རྟེན་གྱི་བྱ་བ་སྒྲུབ་པ་ལ་མི་གནོད་པ་མ་ཟད། འཇིག་རྟེན་ཡ་རབས་ཀྱི་བྱ་བ་འགྲུབ་པའི་ཕན་ཐོགས་ཀྱང་འབྱུང་བ་སྟེ། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་འདུག །ཅེས་གསུངས་པ་ལྟར་དུ་མི་ཡི་ཆོས་ལུགས་ནི། འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་བསམ་པ་བཟང་པོས་ཀུན་ནས་བསླངས་པའི་ཁྲེལ་དང་ངོ་ཚ་ཡོད་པ། ལས་དང་རྒྱུ་འབྲས་ཤེས་པ། རྣམ་པ་ཀུན་ཏུ་མ་བརྟགས་བབ་ཅོལ་གྱི་སྤྱོད་པ་ངན་པ་མི་བྱེད་པ་དེ་ཡིན་ཞིང་། སྤྱིར་མི་ལུས་བླངས་པ་ཙམ་གྱིས་མི་མ་ཡིན་པས། སློབ་གསོ་དང་། སྦྱོང་བརྡར་གྱིས་མི་ངོ་མ་བྱེད་པ་དང་། དེ་ནས་ཆོས་པ། དེ་ནས་ཆོས་པ་རྣམ་དག་བྱེད་རྒྱུའི་རིམ་པ་དེ་ལྟར་བརྒྱུད་དགོས་པ་ཡིན། མདོར་བཤད་དོན་གཏམ་གྱི་སྙིང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད། ཐེག་ཆེན་གྱི་ཆོས་སྒོར་ཞུགས་པའི་གང་ཟག་དག་གིས་སྨོན་པའི་བསླབ་བྱ་ཚད་མེད་བཞི་དང་། འཇུག་པའི་བསླབ་བྱ་ཕར་ཕྱིན་དྲུག་སྤྱོད་ལམ་དུ་བསྟེན་པ་དང་། འཇིག་རྟེན་ཡ་རབས་ཀྱི་སྤྱོད་བཟང་དང་། དམ་པའི་ལྷ་ཆོས་གཉིས་ཀ་མཉམ་དུ་འགྲུབ་ཐུབ་པ་ཡིན་ཟེར་བ་ཡིན། ཕར་ཕྱིན་དྲུག་ལ་མཚོན་ན་དང་པོ་སྦྱིན་པ་སྟེ། ཟང་ཟིང་གི་སྦྱིན་པ་རྒྱུ་ཟས་སྦྱིན་པ་ལས་གཞན། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་བྱས་ན་སྦྱིན་པའི་མཆོག་ཡིན་པ་སྟེ། ལས་གྲོགས་དང་། འགྲོ་རོགས། འདུག་རོགས། ཡུལ་མི། ཁྱིམ་མཚེས་དག་ལ་ཤོབ་མ་བཤད། རྐུ་མ་བྱེད། འཛིང་མོ་དང་འཁོན་རྩོད་ལ་སོགས་པ་མ་བྱེད་མ་གཏོགས་དེ་དག་གིས་རང་ལ་གནོད་པ་འབྱུང་བ་ཡིན་ཞེས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱི་སྐོར་ནས་བཤད་ནའང་ཆོས་ཀྱི་སྦྱིན་པ་ཡིན་ཞིང་། དུད་འགྲོ་འཆི་ཁ་མ་མིན་ཡང་ཆོས་སྒྲ་རྣ་བས་གོ་མ་མྱངས་པའི་སེམས་ཅན་གྱི་རྣ་ལམ་དུ་ཨཱོྃ་མ་ཎི་པདྨེ་ཧཱུྃ་ཞེས་མ་ཎི་འབྲི་དྲུག་ལན་གཅིག་ཙམ་བཟླས་ན་ཡང་ཆོས་སྦྱིན་ཡིན་ལ། དེས་ནི་རང་གི་ལས་ཀ་ལའང་མི་གནོད་ཅིང་གཞན་སེམས་ཅན་ལ་ཕན་ཐོགས་སོང་བ་ཡིན། གཉིས་པ་ཚུལ་ཁྲིམས་སྟེ་ཁྱིམ་ན་གནས་པའི་དགེ་བསྙེན་ཕོ་མོས་ནི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་དགོས་ཤིང་། ཚུལ་ཁྲིམས་ལྡན་པའི་མི་ཡིས་སྨོན་ལམ་ཅི་བཏབ་འགྲུབ་པ་དང་། དཀར་ཕྱོགས་སྐྱོང་བའི་ལྷས་ཀྱང་སྲུང་སྐྱོབ་བྱེད་པས་ཚུལ་ཁྲིམས་ཀྱིས་ནི་རང་གི་ལས་ཀ་ལ་མི་གནོད་པས་མ་ཚད་འགྲུབ་པའི་ཕན་ཐོགས་ཀྱང་ཆེ་བ་ཡིན། མིས་སྒྲུབ་མི་ཐུབ་པའི་དཀའ་ངལ་དང་འཕྲད་དུས་ལྷ་དང་སྲུང་མ་ལ་རེ་བཅའ་བར་དགོན་པར་རྒྱབ་ཆོག་བྱེད་དུ་རྒྱུག་པ་ཡིན་མོད་ཀྱང་། ཚུལ་ཁྲིམས་སྲུང་བ་དེ་བས་ཀྱང་བཟང་བ་ཡིན། དུས་རྒྱུན་དུ་རང་གིས་སྙིང་རྗེའི་སེམས་དང་མི་འབྲལ་བར་ལྷ་དཀོན་མཆོག་དང་། ཡི་དམ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས་པ་ནི་རིམ་གྲོ་ཐམས་ཅད་ཀྱི་མཆོག་ཡིན་ཞིང་། །ཆོས་སྐྱོང་ནི་ཆོས་བྱེད་པའི་སྲུང་མ་ཡིན་པས་དམ་ཚིག་དང་ལྡན་པའི་ཆོས་བྱེད་ཀྱི་རྣལ་འབྱོར་པ་དང་ཆོས་པ་རྣམ་དག་གིས་ནི་གསོལ་ཀ་མ་བཏོན་ཀྱང་འགོ་ཞིང་སྡོང་གྲོགས་བྱེད་པའོ། །གསུམ་པ་བཟོད་པ་སྟེ་ཞེ་སྡང་ཁོང་ཁྲོ་མི་བྱེད་པར་ཀུན་ལ་བཟོད་པ་བསྒོམས་ན། ཁྱིམ་བཟའ་ཚང་། ཁྱིམ་མཚེས་དུད་གྲོགས། ཡུལ་སྡེ་ཚོ་པ་བཅས་ཐམས་ཅད་ཕན་ཚུན་འགྲིག་མཐུན་འོང་ཞིང་། སུ་དང་གང་ལ་ཡང་མི་མཐུན། མི་དགའ་ས་མེད་དུས་བྱ་བ་གང་ཡིན་ཡང་འགྲུབ་རྒྱུ་རུ་ཕན་ཐོགས་ཆེ་ཞིང་། རང་གི་ལུས་ཀྱི་སྙིང་ནད་ལ་སོགས་པའི་ན་ཚ་མང་ཆེ་བ་ཞིག་བཟེ་རེ་སྡུག་རྩུབ་ཆེ་བའི་ཁུངས་ནས་འབྱུང་བཞིན་ཡོད་པའོ། །བཞི་པ་བརྩོན་འགྲུས་སྟེ། བརྩོན་འགྲུས་ཅན་གྱིས་རི་རབ་ཐལ་བར་རློག །ཟེར་བས་མི་རང་ཉིད་ལ་ཞུམ་པ་མེད་པའི་བརྩོན་འགྲུས་ཡོད་ན་ཆོས་འཇིག་རྟེན་གྱི་བྱ་བ་གང་བསྒྲུབ་དགོས་ཀྱང་། རང་ཉིད་ཀྱི་ལག་པའི་མཐིལ་དུ་ཡོད་པ་ལྟར་དུ་འགྲུབ་ཅིང་། ངས་ག་ལ་འགྲུབ་ཅེས་སྤོབས་པ་ཉམས་ན་འགྲུབ་པའི་དུས་མེད་དོ། །དེས་ན་བརྩོན་འགྲུས་ཀྱིས་ཀྱང་ལས་ཀ་ལ་གནོད་པ་མིན། ལྔ་པ་བསམ་གཏན་སྟེ། དེའི་ངོ་བོ་ནི་གཡེང་བ་མེད་པ་ཡིན་པས། སྤྱོད་ལམ་གང་གི་སྐབས་སུ་ཡང་ཚུལ་མིན་གཡེང་བའི་དབང་དུ་མི་ཤོར་བར་དྲན་པའི་སོ་པ་དང་། གཡེང་མེད་ཀྱི་བྱ་ར་པ་ཡོད་ན་ཉེན་ཁ་ཐམས་ཅད་ལས་གྲོལ་བས་མེད་ཐབས་མེད་པ་ཡིན། དྲུག་པ་ཤེས་རབ་སྟེ། ཤེས་རབ་ཡོད་མེད་ཀྱིས་སྡེ་ཡུལ་གཅིག་པ་མ་ཟད་ཁྱིམ་ཚང་གཅིག་གི་བུ་སྤུན་གཉིས་ཡིན་རུང་བཟང་ངན་ཤོར་སྲིད་ཅིང་། ཤེས་རབ་རྒྱ་ཆེ་ཆུང་གིས་ལས་དང་བྱ་བ་སྒྲུབ་ལུགས་བཅའ་སྟངས་མི་འདྲ་ཞིང་། འཇིག་རྟེན་པའི་ཤེས་རབ་མཆོག་ལ་བརྟེན་ཏེ་འཇིག་རྟེན་ལས་འདས་པའི་ཤེས་རབ་རྣམ་པར་དག་པ་ཡང་རྙེད་ཐུབ་པ་ཡིན། དེས་ན་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་རྣམས་ཀྱི་དགོངས་དོན་ལྟར་དུ་བསམ་སྤྱོད་ཆོས་དང་འདྲེས་ཐུབ་ན་འདི་ཕྱི་དགེ་བའི་ལམ་ནས་བདེ་ནས་བདེ་བའི་སར་བགྲོད་ཐུབ་པའོ། །ཨཱོྃ་མ་ཎི་པདྨེ་ཧཱུྃ། འདི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་ན། ཨཱོྃ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གསུམ་རྫོགས་པར་བྱེད། མ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་རྫོགས་པར་བྱེད། ཎི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས། གཞན་གྱིས་ལོག་སྒྲུབ་བཟོད་པའི་བཟོད་པ་དང་། ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་དང་། ཟབ་མོའི་དོན་ལ་མི་སྐྲག་པར་བཟོད་པའི་བཟོད་པ་གསུམ་རྫོགས་པར་བྱེད། པད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཆོག་པར་མི་འཛིན་པའི་བརྩོན་འགྲུས་གསུམ་རྫོགས་པར་བྱེད། མེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་དང་། དོན་རབ་འབྱེད་པའི་བསམ་གཏན་དང་། དེ་བཞིན་གཤེགས་དགེས་བསམ་གཏན་གསུམ་རྫོགས་པར་བྱེད། ཧཱུྃ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས། ཐོས་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། སྒོམ་པའི་ཤེས་རབ་གསུམ་རྫོགས་པར་བྱེད། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་།།

བརྒྱད་པ་ལོང་མེད་རྒྱུད་ལ་བསྟེན་ཏེ་ལ་འུར་ཡིག་དྲུག་བཟླ་དགོས་པར་བསྟན་པ།

བརྒྱད་པ་ལོང་མེད་རྒྱུད་ལ་བསྟེན་ཏེ་ལ་འུར་ཡིག་དྲུག་བཟླ་དགོས་པར་བསྟན་པ་ནི།

ལོང་མེད་ལོང་མེད་སྡོད་པའི་ལོང་མི་འདུག།

འཆི་བདག་གློ་བུར་སླེབས་ན་ཅི་ཞིག་བྱ།།

ད་ནི་འཕྲལ་ལ་ལྷ་ཆོས་འགྲུབ་ན་དགའ།།

ད་ལྟ་ལ་འུར་ཉིད་དུ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་པ་ལྟར་དུ། ལོང་ཁོམ་མི་འདུག ལོང་ཁོམ་མི་འདུག སྡོད་པའི་ལོང་ཁོམ་མི་འདུག་ཅེས་ཚིག་གཅིག་ལན་གཉིས་ཀྱིས་མ་ཚད་པར་གསུམ་དུ་གལ་པོ་ཆེ་ལ་ནན་ཏན་གྱིས། ང་ཚོའི་ཁ་སྐད་དུ་ལག་མགོར་འོར་མ་དགུ་ལ་བཟུང་ནས་བཤད་ཅེས་པ་ནང་བཞིན་མཛད་ནས་གསུངས་ཤིང་། དེ་ཡང་ལོང་མེད་དང་པོས་དལ་འབྱོར་རྙེད་དཀའ་བ་དང་། གཉིས་པས་འཁོར་བ་སྡུག་བསྔལ་ཆེ་བ་དང་། གསུམ་པས་སྡོད་པའི་ལོང་མི་འདུག་ཅེས་ཚེ་མི་རྟག་པར་དངོས་སུ་བསྟན་པ་སྟེ་འཆི་བདག་གཤིན་རྗེ་ནི་མདའ་གཞུ་རྒྱུད་ནས་མངགས་པ་ལྟར་དུ། རང་རེ་ལ་ཇེ་ཉེ་ཇེ་ཉེར་བྱེད་ཅིང་ཡོང་བཞིན་ཡོད་པས་གློ་བུར་དུ་སླེབས་ན་ཅི་ཞིག་བྱ། ང་ད་དུང་ཁོམ་གྱིན་མི་འདུག་པས་ལས་ཀ་འདི་མཇུག་ཕུད་ཆུག བུ་འཚར་ལོངས་བྱུང་མེད། བུ་མོ་མི་སར་ཐོན་མེད། ངས་མ་ཎི་རྡོག་པོ་གཅིག་ཙམ་ཡང་མ་འགྲུབ་ཅེས་འཆི་བདག་ལ་བཤད་ས་ནི་མི་འདུག་མོད། དེ་ལྟར་བསམ་བློ་བཏང་ནས་ད་ནི་ད་སྔོན་གྱི་དུས་ཚོད་སྔ་དྲོའི་ཉི་མ་ལྟ་བུ་བཟང་ཤོས་དེ་ཤོར་སོང་བས་ཕྱིར་ཡོང་མེད་རུང་། སང་ལོ་དང་། གནངས་ལོ་ལྟ་ཅི། སང་ཉིན་དང་། གནངས་ཉིན་ཙམ། སྔ་དྲོ་དང་། ཕྱི་དྲོ་ཙམ་ལའང་ཕྱིར་འགྱངས་མི་བྱེད་པར་བསྡད་ཡོད་ན་སྡོད་པའི་ཐོག་དང་། ལངས་ཡོད་ན་ལང་བའི་ཐོག་དེ་ནས་འཕྲལ་ལ་ལྷ་ཆོས་འགྲུབ་ན་དགའ་བའི་དུས་སུ་བབ་པས། ད་ལྟ་ལ་འུར་ཉིད་དུ་ཡིག་དྲུག་སྒྲོངས་ཞེས་གསུངས་པའོ། །མཚང་ཆོས་དྲུག་གི་ཞལ་གདམས་ལས། ཆོས་ཚིག་ཏུ་ཐོས་ཀྱང་ཉམས་སུ་མ་བླངས་པས། ངན་དྲེད་དུ་ཐལ་བས་རྣམ་སྨིན་ལ་མི་འཛེམ་པར་དམ་ཚིག་མི་སྲུང་། དད་པ་ཆུང་ཞིང་མི་གུས། ལེ་ལོ་ཆེ་ཞིང་རྩེ་ལ་དགའ། གྲོགས་དད་ཆེ་ཞིང་སྨྲ་ལ་དགའ། བརྩོན་འགྲུས་ཆུང་ཞིང་ཕྱི་བཤོལ་ཆེ། སྒོམ་སྲན་ཆུང་ཞིང་སྙིང་རུས་མེད། ཅོལ་ཆུང་ཞིང་རང་མདོ་མེད། ཞེན་ཆགས་ཆེ་ཞིང་སྙིང་རྗེ་མེད། མི་ཚེ་ནམ་ཟླ་ཡབ་ཡོབ་ལ་ཟད་ནས་འཆི་ཁར་ཡན་ཆད་འགྱོད་པ་ཞིག་འོང་བས་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས། ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ། ཐར་བ་སྒྲུབ་པའི་སྙིང་རུས་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་རྩེ་གཅིག་དད་པས་གསོལ་བ་ཐོབ་དང་། རང་བཞིན་ཤུགས་ཀྱི་ཐུགས་རྗེ་དེ་ཉི་མ་དང་དེའི་དྲོད་ལྟ་བུ་ཡིན་པས། གང་ཟག་སུ་ཞིག་གིས་ཉི་མ་ལྡེ་ཡང་ཉི་འོད་ཀྱི་དྲོད་བཅུད་ཕོག་པ་ལྟར་དུ་དད་པ་ཅན་ལ་ཐུགས་རྗེ་ཆེན་པོའི་ཐུགས་རྗེ་དུས་ལས་འདའ་བར་མི་སྲིད་དོ་ཞེས་གསུངས་པའོ། །ཨཱོྃ་མ་ཎི་པདྨེ་ཧཱུྃ། འདིའི་བཟླས་པ་དམ་ཚིག་དང་སྦྱར་ན། ཨཱོྃ་གྱིས་སྐུའི་དམ་ཚིག་མི་ཉམས་སྐོང་། མས་གསུང་གི་དམ་ཚིག་མི་ཉམས་སྐོང་། ཎིས་ཐུགས་ཀྱི་དམ་ཚིག་མི་ཉམས་སྐོང་། པད་ཀྱིས་རྩ་བའི་དམ་ཚིག་མི་ཉམས་སྐོང་། མེས་ཡན་ལག་གི་དམ་ཚིག་མི་ཉམས་སྐོང་། ཧཱུྃ་གིས་དམ་ཚིག་ཐམས་ཅད་མི་ཉམས་སྐོང་། དམ་ཚིག་ཉམས་པ་ཐམས་ཅད་སྐོང་བ་ཡང་ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་།།

དགུ་པ་ལོ་ཟླའི་འགྲོས་སྐད་ཅིག་གིས་འགྲོ་བར་བསམས་ཏེ་ད་ལྟ་ཉིད་ནས་ཡིག་དྲུག་བཟླ་བར་བསྟན་པ།

དགུ་པ་ལོ་ཟླའི་འགྲོས་སྐད་ཅིག་གིས་འགྲོ་བར་བསམས་ཏེ་ད་ལྟ་ཉིད་ནས་ཡིག་དྲུག་བཟླ་བར་བསྟན་པ་ནི།

ལོ་དང་ཟླ་གྲངས་ཞག་གི་རྩིས་ཀྱིས་ཅི།།

ད་ལྟ་སྐད་ཅིག་འགྱུར་བའི་ཚུལ་ལ་ལྟོས།།

སྐད་ཅིག་རེ་རེར་སོང་བཞིན་འཆི་ལ་ཉེ།།

ད་ལྟ་ད་ལྟ་ཉིད་ནས་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། དེ་ཡང་ལོ་ཞེས་བྱ་བ་དུས་ཡུན་རིང་པོ་ཡིན་པའི་སྣང་བ་འཆར་ན་ཡང་། ལོ་ནི་ཟླ་བའི་ཕུང་པོ་དང་། ཟླ་བ་ཞག་གི་ཕུང་པོ། ཞག་ཆུ་ཚོད་དང་། ཆུ་ཚོད་སྐར་མའི་ཆ་ཤས་བསགས་པ་ཡིན་པས་རྩ་བ་སྐད་ཅིག་ལ་ཐུག་ཅིང་། ངས་ད་ལྟ་སྐད་ཅིག་མ་ཞེས་བརྗོད་པའི་ཚེ་རུ་ཡང་རང་རེའི་མི་ཚེའི་དུས་ཚོད་ཀྱི་ནང་ནས་འཛམ་གླིང་གི་རྒྱུ་ནོར་རིན་དུ་བྱིན་ཀྱང་ཁུག་རྒྱུ་མེད་པའི་མི་ཚེའི་སྐད་ཅིག་ཁ་ཤས་སོང་ཟིན་ཅིང་། དེས་ན་ལོ་དང་ཟླ་བའི་ཁ་གྲངས་དང་། ཞག་གི་རྩིས་བགྲང་གིས་ལོ་ཞེས་ཡུན་རིང་ཡིན་སྙམ་གྱིས་ཅི་བྱེད། རང་མགོ་གཡོགས་སྤྱད་དང་། རང་སེམས་གསོ་སྤྱད་ཡིན་གྱི། གནད་ཀྱི་རྩ་བ་ནི་ད་ལྟ་རང་འཁྲིས་ནས་སྐད་ཅིག་སྐད་ཅིག་གིས་འགྱུར་བཞིན་ཡོད་པ་འདི་ལ་ལྟོས་དང་། སྐད་ཅིག་རེ་རེ་སོང་གིན་འཆི་ལ་ཇེ་ཉེར་གྱུར་པ་ནི་སྐེ་གཅོད་པའི་ཤན་པའི་དྲུང་དུ་གོམ་པ་གཅིག་གཅིག་བཞིན་གཅར་བ་དང་མཚུངས་པས་། དེ་ལྟར་སེམས་ཚེ་མི་སྡོད་པརཡུལ་གང་ཞིག་ཏུ་འབྲོས་ས་ནི་མེད་ཀྱི་མ་གཏོགས་འབྲོས་རེ་རན་པའི་དུས་སུ་སླེབས་ཡོད་ཀྱང་། བཤའ་ལུག་ཐག་པས་བཀྱིགས་པ་ལྟར་དུ་འཆི་བ་ཤེས་ཀྱང་མི་འདུག་ཀ་མེད་ཡིན་པ་དེས་ན་ད་ལྟ་ད་ལྟ་ཞེས་ལན་གཉིས་སུ་བལྡབས་ཅིང་གཟབ་ནན་གྱི་སྒོ་ནས་ཕྱིར་འགྱངས་མི་བྱེད་པར་འདུག་ས་འདི་ཉིད་ཀྱི་ཐོག་ནས་འཆི་དུས་ཕན་ཐོགས་ཡོད་ངེས་ཀྱི་མ་ཎི་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ།།

བཅུ་པ་དཔེ་དོན་གང་ལ་བསམས་ཀྱང་སྡོད་པའི་ལོང་མེད་པས་ཡིག་དྲུག་བཟླ་བར་སྐུལ་པ།

བཅུ་པ་དཔེ་དོན་གང་ལ་བསམས་ཀྱང་སྡོད་པའི་ལོང་མེད་པས་ཡིག་དྲུག་བཟླ་བར་སྐུལ་པ་ནི།

ཚེ་ནི་ཉི་མ་བཞིན་དུ་ཕར་ཕར་འགྲོ།།

འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་།།

ད་ནི་ཚེ་ལྷག་ཉི་རྒས་གྲིབ་སོ་ཙམ།།

སྡོད་པའི་ལོང་ཁོམ་མི་འདུག་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། མི་ཡི་ཚེ་ནི་ཉི་མ་ཤར་རིའི་ཕྲག་པ་ནས་ཤར་ཏེ་སྐད་ཅིག་ཙམ་ཡང་མི་སྡོད་པར་ནུབ་རིའི་ཕག་ལ་ཆས་པ་ལྟར་དུ་ཕར་ཕར་འགྲོ་ཞིང་། འཆི་བདག་ཀྱང་གྲིབ་སོ་བཞིན་དུ་ཚུར་ཚུར་དུ་ཉེ་བར་འོང་ཞིང་། དེ་ཡང་ཉིན་ཞག་གཅིག་དང་མི་ཚེ་གཉིས་ཀ་དཔེ་དོན་མཐུན་པར་བསྒྲིགས་ན་སྔ་དྲོའི་ཉི་མ་ལོ་ཉུང་གཞོན་པའི་ཚོད་དང་། ཕྱི་དྲོའི་ཉི་མ་ན་སོ་རྒན་པའི་ཚོད། ལ་སྒང་ཉི་མ་རྒས་ཤིང་གོག་པའི་ཚོད་ལྟ་བུ་ཡིན་པ་དེས་ན། ད་ནི་ཚེ་ལྷག་ཉི་མ་རྒས་པའི་གྲིབ་སོ་ཙམ་འདི་འགྲོ་མགྱོགས་པས་ན་སྡོད་པའི་ལོང་ཁོམ་མི་འདུག་པས་འཆི་ཁའི་མ་ཎི་རྟ་རིན་མ་ཡིན་པས་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །མཚང་ཆོས་དྲུག་གི་ཞལ་གདམས་ལས་དཔེ་འདི་ལྟར་གསུངས་ཏེ། ཕྱིའི་དགྲ་བགེགས་གཉིས་ཀྱིས་ནི་སྲོག་དང་དགེ་བ་ལ་བར་དུ་གཅོད་པས་སྤྱང་ཀི་ལུག་ལ་འཇབ་པ་དང་འདྲ། ནང་དགྲ་བགེགས་དུག་གསུམ་ནི་རང་རྒྱུད་བསྲེགས་པས་རྩྭ་ཕུང་ལ་མེ་བཅུག་པ་དང་འདྲ། གསང་དགྲ་ང་བདག་འགོང་པོས་རང་ལ་གནོད་པ་ནི་ལྷ་བདུད་དུ་བབས་པས་སྲོག་གཅོད་པ་དང་འདྲ། ཕྱི་ནང་གསང་བའི་དགྲ་དེ་གསུམ་ཡང་གཞན་ལས་མ་ཡོང་བར་རང་ལས་བྱུང་ནས་རང་གསོད་པར་གདའ་བ་སྐྱེ་བོ་ཐ་མལ་པ་རྣམས་ཀྱིས་གཟིགས་སམ་གསུངས་པའོ། །ཨཱོྃ་མ་ཎི་པདྨེ་ཧཱུྃ། ཨཱོྃ་གྱིས་ཕྱི་དགྲ་དངོས་ཡོད་ཀྱིས་སྲོག་ལ་འཚེ་བ་ལས་སྐྱོབ། མ་ཡིས་ནང་དགྲ་ཆགས་སྡང་གི་འཚེ་བ་ལས་སྐྱོབ། ཎི་ཡིས་གསང་དགྲ་ངར་འཛིན་གྱི་གནོད་པ་ལས་སྐྱོབ། པད་ཀྱིས་ཕྱི་དགྲ་གདོན་བགེགས་ཀྱི་ནད་རིགས་ལས་སྐྱོབ། མེ་ཡིས་ནང་དགྲ་གཏི་མུག་གི་རྨོངས་པ་ལས་སྐྱོབ། ཧཱུྃ་གིས་གསང་དགྲ་ང་དང་ང་ཡིར་འཛིན་པའི་གནོད་པ་ལས་སྐྱོབ། ཕྱི་ནང་གསང་བའི་དགྲ་གསུམ་གྱི་གནོད་པ་ལས་སྐྱོབ་པར་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་།།

བཅུ་གཅིག་པ་མ་ཡེངས་རྩེ་གཅིག་སེམས་ཀྱིས་ཡི་གེ་དྲུག་པ་བཟླ་བ་བསྟན་པ།

བཅུ་གཅིག་པ་མ་ཡེངས་རྩེ་གཅིག་སེམས་ཀྱིས་ཡི་གེ་དྲུག་པ་བཟླ་བ་བསྟན་པ་ནི།

ཆོས་སུ་ཡི་གེ་དྲུག་པ་བཟང་མོད་དེ།།

ཁ་ཡེངས་མིག་ཡེངས་བཟླས་པས་འབྲས་མི་འབྱིན།།

ངག་བཟླས་གྲངས་ལ་ཞེན་པ་ཨ་འཐས་བློ།།

རྩེ་གཅིག་སེམས་ལ་ལྟོས་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཚུལ་ཐམས་ཅད་ཀྱི་སྙིང་པོ་མདོ་རྒྱུད་གསུང་རབས་ཐམས་ཅད་ཀྱི་བཅུད་འདུས་པའི་དམ་ཆོས་ཡི་གེ་དྲུག་མ་ལས་ལྷག་པའི་ཆོས་ཤིག་བཙལ་ཀྱང་རྙེད་དུ་མེད་པས་ཆོས་སུ་ཡི་གེ་དྲུག་པ་བཟང་བ་ཡིན་མོད་དེ། ཡིག་དྲུག་དེ་ཉིད་ཟློ་མཁན་གྱིས་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད། བར་དུ་དངོས་གཞི་དམིགས་མེད་ཀྱི་དམིགས་པས་མ་ཟིན། མཐའ་མར་དགེ་རྩ་བསྔོ་སྨོན་གྱི་རྒྱས་མ་ཐེབས། བསྐྱེད་རིམ་གྱི་གསལ་སྣང་དང་། རྫོགས་རིམ་མཚན་བཅས་མཚན་མེད་ཀྱི་ཕྱོགས་ཙམ་ཡང་མི་ཤེས་པར་ཁ་ཡེངས་མིག་ཡེངས། ཡས་ལྟ་མས་ལྟ། ཡས་ཉན་མས་ཉན། ཁྱོད་ཀྱི་ཁ་ཆེ་ཁི། ཁོ་ཡི་སྣ་རིང་ཁི་ཟེར་ཞོར། ལུས་ཆོས་རའི་ནང་དུ་ཡོད་ཀྱང་སེམས་མི་དགེ་སྡིག་ལས་ཀྱི་རྗེས་སུ་འབྲང་བཞིན་བཟླས་པས་ནི་ནེ་ཙོའི་ཁ་ཡི་འདོན་པ་ལྟར་འབྲས་བུ་མི་འབྱིན་པ་སྟེ་འབྲས་བུ་ཐོབ་ཏུ་མེད་པས། ངག་བཟླས་ཀྱི་ཁ་གྲངས་ཁོ་ན་སོང་བས་ཆོག་སེམས་ཀྱིས་གྲངས་ལ་ཞེན་པའི་བདེན་འཛིན་ཨ་འཐས་ཀྱི་བློ་ངན་འདི་བོར་ལ་རྩེ་གཅིག་ཏུ་སེམས་ལ་ལྟོས་ལ་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །སེམས་དོན་འདི་ཆོས་པ་སྲང་དུ་གཞུག་པའི་ཞལ་གདམས་ལས། སྟོང་ཉིད་སྙིང་རྗེ་དང་འབྲེལ་དགོས། སྙིང་རྗེ་འགྲོ་དོན་དང་འབྲེལ་དགོས། འགྲོ་དོན་ཐུགས་རྗེ་དང་འབྲེལ་དགོས་པ་སྟེ་འབྲེལ་བ་གསུམ་གྱིས་བཤད་ན། དང་པོ་སྟོང་པ་དང་སྙིང་རྗེ་འབྲེལ་དགོས་པ་ནི། སེམས་སྟོང་པ་ཡིན། སྟོང་པ་ལ་བཅོས་རྒྱུ་མེད། སྒོམ་རྒྱུ་མེད། འོན་ཀྱང་སྟོང་པ་ཕྱལ་ཆད་པ་དེ་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོའི་ཆོས་མ་ཡིན་པས། རང་དོན་དུ་སྟོང་ཉིད་རང་གསལ་སྒོམ། གཞན་དོན་དུ་སེམས་ཅན་ལ་སྙིང་རྗེ་བསྐྱེད་དགོས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལས་སངས་རྒྱས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་འབྱུང་ངོ་། །གཉིས་པ་སྙིང་རྗེ་འགྲོ་དོན་དང་འབྲེལ་དགོས་པ་ནི། སྙིང་རྗེས་མ་ཟིན་ན་འགྲོ་དོན་མི་འོང་བས། སེམས་ཅན་འཁོར་བའི་སྡུག་བསྔལ་གྱིས་ཟིན་པ་རྣམས་ལ་ཕན་གདགས་པའི་སེམས་ཀྱིས། ཨཱོྃ་མ་ཎི་པདྨེ་ཧཱུྃ་ཞེས་པའི་སྙིང་པོ་ཡི་གེ་དྲུག་པ་ལ་འགོད་པར་བྱའོ། །ཡི་གེ་དྲུག་པས་སེམས་ཅན་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་སར་འགོད་པར་བྱེད་པས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་ནམ་ཞིག་འཁོད་པའི་ཆེད་དུ་ཡི་གེ་དྲུག་པ་བཟླ་དགོས་པའི་བརྩོན་པའི་སྐུལ་ལྕག་ཀྱང་བྱས་པའོ། །གསུམ་པ་འགྲོ་དོན་ཐུགས་རྗེ་དང་འབྲེལ་བ་ནི། འགྲོ་བའི་དོན་བྱེད་པ་ལ་རིགས་དྲུག་སྤྱིའི་ལྷ་ཐུགས་རྗེ་ཆེན་པོ་ཡིན་པས། ཨཱོྃ་མ་ཎི་པདྨེ་ཧཱུྃ་ཞེས་བཟླས་ན། ཨཱོྃ་ལྷ་ཡི་ཐུབ་པས་ང་རྒྱལ་དག་སྟེ་ལྷའི་གནས་སྦྱོང་། མ་ལྷ་མ་ཡིན་གྱི་ཐུབ་པས་ཕྲག་དོག་དག་སྟེ་ལྷ་མ་ཡིན་གྱི་གནས་སྦྱོང། ཎི་མི་ཡི་ཐུབ་པས་ཐེ་ཚོམ་དག་སྟེ་མིའི་གནས་སྦྱོང་། པད་བྱོལ་སོང་གི་ཐུབ་པས་འདོད་ཆགས་དག་སྟེ་བྱོལ་སོང་གི་གནས་སྦྱོང་། མེ་ཡི་དྭགས་ཀྱི་ཐུབ་པས་སེར་སྣ་དག་སྟེ་ཡི་དྭགས་ཀྱི་གནས་སྦྱོང་། ཧཱུྃ་དམྱལ་བའི་ཐུབ་པས་དམྱལ་བར་སྐྱེ་བའི་རྒྱུ་ཞེ་སྡང་དག་སྟེ་དམྱལ་བའི་གནས་སྦྱོང་། འགྲོ་དྲུག་ཐུགས་རྗེས་བཟུང་ནས་རིགས་དྲུག་གི་སྡུག་བསྔལ་སྦྱོང་བ་ཐུགས་རྗེ་འགྲོ་དོན་དང་འབྲེལ་བ་ཡིན་ནོ། །དེས་ན། རྩེ་གཅིག་སེམས་ལ་ལྟོས་ལ་ཡིག་དྲུག་སྒྲོངས། །ཞེས་པ་འདིས་ཆོས་ཐམས་ཅད་ཀྱི་རྩ་བ་སྟོང་ཉིད་ཡིན་པས་དེ་ཤེས་ན་གཅིག་ཤེས་ཀུན་གྲོལ་ཡིན་པའང་བསྟན་ཏོ།།

བཅུ་གཉིས་པ་ནན་གྱིས་བསྐྱར་ཏེ་སེམས་ལ་ལྟ་བའི་མན་ངག་བསྟན་པ།

བཅུ་གཉིས་པ་ནན་གྱིས་བསྐྱར་ཏེ་སེམས་ལ་ལྟ་བའི་མན་ངག་བསྟན་པ་ནི།

ཡང་དང་ཡང་དུ་རང་གི་སེམས་བརྟགས་ན།།

ཇི་ལྟར་བྱས་ཀྱང་ཡང་དག་ལམ་ལ་འགྲོ།།

གདམས་པའི་གནད་བརྒྱ་འདུས་པ་འདི་ཁོ་ན།།

གནད་དོན་གཅིག་ཏུ་སྒྲིལ་ལ་ཡིག་དྲུག་སྒྲོངས།།

ཞེས་གསུངས་ཏེ། ད་སྔོན་ཐོག་མེད་ནས་ད་ལྟའི་བར་དུ་འཁྲུལ་བའི་སེམས་འདི་ཀུན་འབྱུང་ལས་དང་ཉོན་མོངས་ཀྱིས་ཁ་ལོ་བསྒྱུར་ནས། ཁམས་གསུམ་འཁོར་བའི་འཁྲུལ་སྣང་མེད་བཞིན་སྣང་བ་ཇི་ལྟར་དྷ་དུ་རའམ་ཐང་ཕྲོམ་གྱི་འབྲས་བུ་ཟོས་པ་ལྟ་བུའི་སྣང་བ་འདི་བྱུང་ཞིང། དེ་ཡང་སེམས་འདིས་ཕྱི་གཞན་གྱི་སྐྱོན་ལ་རྟོག་པ་ལས་ཁ་ནང་དུ་ཚུར་འཁོར་དེ་རང་གིས་རང་ཉིད་ལ་བརྟགས་མ་མྱངས་པ་ཡིན་གྱི། འདི་ལྟར་ཡང་དང་ཡང་དུ་རང་གི་སེམས་ལ་བརྟག་དཔྱད་གྱིས་ཞེས་གདམས་ངག་གི་གནད་བསྟན་པ་ལྟར་དུ་རང་སེམས་ལ་བལྟས་ཚེ། ཕྱིའི་སྐྱོན་དང་གནོད་པ་མང་པོ་མཐོང་དུ་ཡོད་པ་འདི་མེ་ལོང་གི་ངོས་སུ་རང་བྱད་ཤར་བ་བཞིན་དུ། རང་སེམས་འཁྲུལ་བའི་སྣང་ངོར་འཁྲུལ་སྣང་གི་མི་འདོད་པ་ཁོ་ནར་ཤར་བར་ཟད་ཀྱི། རང་སེམས་འཁྲུལ་བའི་དབང་དུ་མ་ཤོར་ན་སྒྲིབ་པ་དག་རིམ་བཞིན་དུ་སེམས་ཉིད་ཀྱི་རང་ངོ་མཇལ་ཏེ། མ་འཁྲུལ་གཞི་ཡི་གནས་ལུགས་མངོན་དུ་གྱུར་པ་ཡིན་པས། ཡང་དང་ཡང་དུ་རང་གི་སེམས་བརྟགས་པའམ་སེམས་ཉིད་དོན་གྱི་བཞུགས་ཚུལ་གཏན་ལ་ཕབ་ན། གཞི་མ་འཁྲུལ་གདོད་ནས་དག་པ་ལ། ལམ་མ་འཁྲུལ་བྱང་ཆུབ་སེམས་ཀྱི་རྩལ་སྦྱོང་ནས། འབྲས་བུ་མ་འཁྲུལ་གཉིས་འཛིན་གྱི་འཁྲུལ་བ་ཞིག་སྟེ། ཇི་ལྟར་བྱས་ཀྱང་ཡང་དག་གི་ལམ་ཟུང་འཇུག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་སྦྱོར་ཞིང་མཐའ་ཡས་འགྲོ་བའི་གཞན་དོན་ནམ་མཁའ་མ་ཞིག འཁོར་བ་མ་སྟོང་གི་བར་དུ་བྱེད་ནུས་པ་ཡིན་པས། གདམས་པའི་གནད་བརྒྱ་འདུས་པ་རང་སེམས་རང་གིས་བརྟགས་ནས་སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་མངོན་དུ་བྱེད་པ་འདི་ཁོ་ན་རུ་གནད་དོན་གཅིག་ཏུ་དྲིལ་ལ་ཡིག་དྲུག་སྒྲོངས། ཞེས་གསུངས་པའོ། །དེ་ལྟར་བསྒྲུབས་ནས་ཐུགས་རྗེ་ཆེན་པོ་གྲུབ་ན། ཐུན་མོང་དང་། མཆོག་གི་དངོས་གྲུབ་གང་ལ་ཅི་འདོད་ཐམས་ཅད་ཐོབ་ནས་ཚེ་འདི་དང་ཕྱི་མར་རང་གཞན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བའོ། །དུས་རྒྱུན་དུ་ཡང་འདི་ལྟ་བུའི་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཡིན་པའི་སྣང་བ་དང་། ཕྱི་སྣོད་ཁང་ཁྱིམ་དང་བཅས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཞིང་ཁམས་དང་གཞལ་ཡས་ཁང་། ནང་བཅུད་ཀྱི་འགྲོ་བ་ཕོ་མོ་ཐམས་ཅད་ཀྱང་ཕོ་ཐམས་ཅད་ཐུགས་རྗེ་ཆེན་པོ། མོ་ཐམས་ཅད་ཡུམ་ཡི་གེ་དྲུག་མ། ཁྱེའུ་ཐམས་ཅད་སྲས་ནོར་བུ་འཛིན་པ། བུ་མོ་ཐམས་ཅད་སྲས་མོ་རིག་སྔགས་འཛིན་པ། སྒྲ་ཐམས་ཅད་གསུང་མཆོག་ཡི་གེ་དྲུག་མའི་རང་སྒྲ། དྲན་རྟོག་ཕྲ་རགས་གང་ཤར་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་རང་རྩལ་མ་འགག་བརྡ་ཆོས་སུ་ཤར་བ་རང་འབྲེལ་ཆོས་ཉིད་ཀྱི་ཀློང་དུ་རྒྱུན་མི་ཆད་པར་ཉམས་སུ་ལེན་དགོས་པའོ།།

བཅུ་གསུམ་པ་གདམས་པའི་མཇུག་བསྡུ་བ།

བཅུ་གསུམ་པ་གདམས་པའི་མཇུག་བསྡུ་བ་ནི།

དང་པོར་སྙིགས་མའི་སྤྱོད་ལ་སྐྱོ་བའི་གཏམ།།

གཏམ་འདི་རང་གིས་རང་ལ་གདམས་པ་སྟེ།།

རང་བློ་གཏིང་ནས་འགྱུར་བའི་སྨྲེ་སྔགས་ཚིག།

ཁྱོད་ལའང་འདྲའམ་སྙམ་ནས་ཕུལ་བ་ལགས།།

ཞེས་གསུངས་ཏེ། གདམས་པ་འདིའི་དབུ་ཞབས་ཀྱི་དོན་བསྡུས་ནས་འགག་བསྡམས་ཏེ་གསུང་བ་ནི། དང་པོ་སྙིགས་མའི་སྤྱོད་ལ་སྐྱོ་བའི་གཏམ། །ཞེས་དེ་རིང་ཁ་སང་ཚེ་ཡི་སྙིགས་མ། དུས་ཀྱི་སྙིགས་མ། ལྟ་བའི་སྙིགས་མ། ཉོན་མོངས་པའི་སྙིགས་མ། སེམས་ཅན་གྱི་སྙིགས་མ་སྟེ་སྙིགས་མ་ལྔ་ལྷག་པར་བདོ་ཞིང་སྨིན་པའི་དུས་ཏེ། དེ་ཡང་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་དམན་པས་མི་ཐམས་ཅད་ཀྱི་ཚེ་ཐུང་ཞིང་གློ་བུར་ཡེ་འདྲོག་གི་འཆི་རྐྱེན་མང་། དུས་གཞིའི་འགྱུར་ལྡོག་ཆ་མི་སྙོམ་པར་འབྱུང་གཞིའི་འཚེ་བས་ཉེན། ལྟ་སྤྱོད་ལོག ངན་ཡིད་ལྟ་ངན་གྱི་རྗེས་སུ་འབྲང་། ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་སེམས་ཀྱིས་ཀུན་ནས་བསླངས་པའི་སྤྱོད་པ་ངན་པ། ཡ་རབས་དམ་པའི་མཛད་བཟང་ལམ་ཁའི་རྡོ་བཞིན་དུ་བོར། མ་རབས་སྙིགས་མའི་སྤྱོད་ངན་ལ་སློབ་མི་དགོས་པར་རང་བཞིན་གྱིས་འཇུག བསམ་ངན་གཡོ་སྒྱུ་འཆང་ནས་གཞན་མགོ་སྐོར་ཟོལ་བྱས་ཀྱང་། ཐ་མར་ལ་ཡོགས་རྒྱུ་འབྲས་རང་ལ་སྨིན་ནས་རང་མགོ་འཐོམས་ནས་འདུག་པ། ཕར་ལ་བཟང་བྱས་ཀྱང་ཚུར་ལ་ངན་ལན་སྤྲོད་པ། བསམ་དཀར་དྲང་པོའི་ཕན་སེམས་ཀྱིས་བསླབ་བྱ་བྱས་རུང་དེ་ལ་ངན་དུ་བརྩི་བ། དེ་ལྟར་རྒྱལ་ཁམས་ངན་སྤྱོད་ཅན་རྐྱང་བས་གང་ནས། ཆོས་བྱེད་ལ་སྨོད། སྡིག་བྱེད་ལ་བསྟོད། ཕྲག་དོག་ངན་སེམས་ཀྱིས་རང་མིན་ཐམས་ཅད་དགྲ་རུ་མཐོང་། གཞན་གྱི་ལེགས་པ་ཡོད་ཚད་མིག་གི་ཚེར་མར་གྱུར། ཡ་རབས་དྲང་པོའི་ལམ་སྲོལ་འཛིན་མཁན་ལ་དམན་པ་དང་ལོག་པར་མཐོང་བའི་དུས་ཚོད་འདིར། གཅིག་པུར་དབེན་པའི་རི་ལ་དམ་པའི་ལྷ་ཆོས་རྣམ་དག་རེ་འགྲུབ་ན་དགའ་བ་ལས། གཞན་རྒྱ་ཆེའི་བསྟན་འགྲོར་སྨོན་པའི་བྱ་བ་རེ་ལ་བསམ་བཟང་གིས་ཞུགས་ཀྱང་སྒྲོ་སྐུར་གྱི་གཞི་ལས་མི་འདའ་བས། ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་སྟུང་དགོས་པའི་གཏམ་སྟེ། གཏམ་འདི་རང་གིས་རང་ཉིད་ལ་སྙིང་ནས་གདམས་པ་སྟེ། རང་བློ་སྙིགས་མའི་བསམ་སྤྱོད་ངན་པའི་རྐྱེན་གྱིས་གཏིང་ནས་འགྱུར་བའི་གདམས་པའི་སྨྲེ་ངག་གི་ཚིག་འདི་སྐུལ་བ་པོ་ཁྱོད་ལའང་རང་དང་འདྲའམ་སྙམ་སྟེ་ཕུལ་བ་ལགས། ཞེས་གསུངས་སོ། །ཀུན་མཁྱེན་ཀློང་ཆེན་པས་རང་ལ་གྲོས་སུ་གདམས་པ་རྡོ་རྗེའི་མགུར་ལས། སྙིང་པོའི་དེ་ཉིད་ནམ་ཡང་མི་སྒྲུབ་པར། །ཚེ་འདི་ལྷུར་ལེན་ཉིན་མཚན་འཁྲུལ་པས་འདའ། །མདོ་མེད་ཅོལ་ཆུང་དམ་པས་བཞད་གད་གནས། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །ཞེས་དང་། གཞན་ཡང་། ཚེ་ཡང་ཡུན་ཐུང་སྐད་ཅིག་རེ་རེས་འགྲིབ། །སྐྱེས་པ་འཆི་ཞིང་འདུས་པ་རྣམས་ཀྱང་འབྲལ། །མཐོན་པོ་རྒུད་ཅིང་བསགས་པའི་མཐའ་ཡང་འཛད། །གཅིག་པུར་ཞི་བ་བསྒྲུབ་ན་མི་ལེགས་སམ། །ཞེས་གསུངས་པ་ལྟར་དུ། རང་གིས་རང་ལ་གྲོས་འདེབས་ཀྱི་ཚུལ་དུ་ཕན་པའི་གདམས་ངག་རྗེས་འཇུག་ལ་གནང་བ་ནི་ཆོས་བརྒྱུད་འདིའི་དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་ཡིན་པའོ། །གལ་ཏེ་ཁྱེད་ལ་ཆོས་འཇིག་རྟེན་མཉམ་དུ་འགྲུབ་པ་སོགས་ཀྱི་རྣམ་དཔྱོད་ཡོད་ན་མཐོལ་ལོ་བཤགས་ཞེས་སྙིགས་དུས་ཀྱི་མིང་ཆེན་འཛིན་པའི་དཔོན་མ་བླ་རྣམས་ལ་བསྟིང་ཚིག་གམ་ཁྲེལ་གཏམ་ཅུང་ཟད་མཛད་པའི་ཚུལ་གྱིས་གསུང་བ་ནི།

མི་འདྲ་ལྟ་སྒོམ་མཐོན་པོའི་གདེངས་ཚད་དང་།།

ལུགས་གཉིས་བྱ་བཞག་འགྲུབ་པའི་རྣམ་དཔྱོད་བློ།།

རང་གཞན་བློ་གཏད་འཕེར་བའི་འདུན་གྲོས་ཤོམས།།

ཁྱོད་ལ་ཡོད་པར་གྱུར་ན་མཐོལ་ལོ་བཤགས།།

ཞེས་གསུངས་ཏེ། དུས་ངན་སྙིགས་མའི་བསམ་སྤྱོད་ལ་སྐྱོ་ནས་སྡུག་གཏམ་སྨེ་ངག་བཏོན་པའི་ཚིག་འདི་དག་དང་མི་འདྲ་བར་ལྟ་བ་དང་སྒོམ་པ་མཐོན་པོར་སོན་པའི་རྟོགས་པའི་གདེང་ཚོད་དང་། ཆོས་དང་སྲིད་ཀྱི་ལུགས་གཉིས་ཀྱི་བྱ་བཞག་མཉམ་དུ་འགྲུབ་ཐུབ་པའི་རྣམ་དཔྱོད་ཀྱི་བློ་གྲོས་དང་། རང་ཉིད་ཀྱི་བསམ་སྤྱོད་ཡང་དག་ཡིན་པར་རང་ཉིད་ལ་བློ་ཁེལ་དང་ར་འཕྲོད་ཡོད་ཅིང་། གཞན་དག་ལམ་དེར་ཁྲིད་ཀྱང་མི་བསླུ་ངེས་པ་ཡིན་པའི་བློ་གཏད་འཕེར་བའི་འདི་དང་ཕྱི་མའི་འདུན་གྲོས་བྱེད་པའི་ཤོམས་ཁྱོད་ལ་ཡོད་པར་གྱུར་ན་ཁོ་བོས་སྨྲས་པ་ཐལ་ཆེས་པས་མཐོལ་ལོ་བཤགས། །ཞེས་གསུངས་པའོ།།

བར་དུ་ལྟ་སྒོམ་གཏན་ལ་འབེབས་པའི་གཏམ།།

རྟོགས་པའི་ཉམས་མྱོང་བདག་ལ་མེད་མོད་ཀྱང་།།

ཀུན་མཁྱེན་ཡབ་སྲས་བརྒྱུད་པ་རིན་པོ་ཆེའི།།

གསུང་གིས་བསྐྱངས་པའི་གོ་ཡུལ་བཤད་པ་ལགས།།

ཞེས་གསུངས་ཏེ། བར་དུ་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་ཇི་བཞིན་གཏན་ལ་འབེབས་པའི་གཏམ་གོང་དུ་བཤད་པ་དེ་དག རྟོགས་ཤིང་གོམས་པ་མཐར་ཕྱིན་པའི་ཉམས་མྱོང་མཐོན་པོ་བདག་ལ་མེད་པས་མྱངས་པའི་སྒོ་ནས་བཤད་པ་མིན་མོད་ཀྱང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་དང་། དེའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་བའི་ཐུགས་ཀྱི་སྲས་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་མངའ་བདག་ཆེན་པོ་ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པ་སོགས་སྔ་འགྱུར་བརྒྱུད་པ་རིན་པོ་ཆེའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་གསུང་གིས་བསྐྱངས་པའི་གོ་ཡུལ་རྣམས་མ་ནོར་བར་བཤད་པ་ལགས། ཞེས་གསུངས་པའོ།།

ཐ་མ་ངེས་འབྱུང་ཆོས་ལ་སྐུལ་བའི་གཏམ།།

གཏམ་འདི་བརྗོད་དོན་མེད་ཀྱང་ཤུགས་ཀྱིས་ཐལ།།

འོན་ཀྱང་སྲས་བཅས་རྒྱལ་བའི་བཞེད་གཞུང་དང་།།

མི་འགལ་ཉམས་སུ་བླངས་ན་སྐུ་དྲིན་ཆེ།།

ཞེས་གསུངས་ཏེ། ལྟ་སྒོམ་གཏན་ལ་ཕབ་ཟིན་པའི་རྗེས་ཐོག་གམ་ཐ་མ་རུ། སྤྱིར་སྒྲ་འཇུག་པ་ཙམ་གྱི་དབང་དུ་བྱས་ན་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་བའི་སྐྱོ་ཤས་ལ་ངེས་འབྱུང་ཙམ་དང་། འཁོར་བར་སྐྱོ་ནས་ཐར་བར་འཇུག་པར་འདོད་པའི་ངེས་འབྱུང་རྣམ་དག་གཉིས་སུ་ཡོད་པ་ལས། ངེས་འབྱུང་རྣམ་དག་ཐར་བའི་ཆོས་ལ་འཇུག་པར་སྐུལ་བའི་གཏམ་བཤད་ཅིང་། སྙིགས་མའི་སྐབས་འདིར་གཞན་ལ་བཤད་ཀྱང་གོ་མཁན་དང་། སྒྲུབ་འདོད་བྱེད་མཁན་ཉིན་མོའི་སྐར་མ་ལྟར་དུ་དཀོན་པས་གཏམ་འདི་ཆེད་དུ་བརྗོད་དོན་མེད་ཀྱང་། སྙིགས་མའི་དུས་ཀྱི་གདུལ་དཀའི་འགྲོ་བའི་བསམ་སྤྱོད་ལ་བསམས་ནས་བརྩེ་བའི་སྙིང་རྗེའི་ཤུགས་ཀྱིས་ཐལ་ལོ། །འོན་ཀྱང་གདམས་པ་འདི་ཉིད་སྲས་བཅས་རྒྱལ་བའི་བཞེད་གཞུང་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་དང་བཅས་མདོར་ན་མདོ་རྒྱུད་ཀྱི་གཞུང་དང་མི་འགལ་བས། ལེགས་པར་ཉམས་སུ་བླངས་ན་བསྟན་དང་འགྲོ་བའི་མིག་ལྟོས་སུ་སྐུ་དྲིན་ཆེའོ། །ཞེས་གསུངས་པའོ། །དེ་ཡན་གྱིས་གཞུང་དོན་མཇུག་བསྡུ་དང་བཅས་པ་སོང་བའོ།།

གསུམ་པ་མཇུག་གི་དོན།

ད་ནི་སྤྱིའི་ས་བཅད་གསུམ་པ་མཇུག་གི་དོན་ལ་གཉིས་ལས།

དང་པོ་གདམས་པ་གང་ཞིག་གནས་གང་ནས་རྩོམ་པ་པོ་སུ་ཞིག་གིས་ཇི་ལྟར་བརྩམས་པའི་ཚུལ་བསྟན་པ།

དང་པོ་གདམས་པ་གང་ཞིག་གནས་གང་ནས་རྩོམ་པ་པོ་སུ་ཞིག་གིས་ཇི་ལྟར་བརྩམས་པའི་ཚུལ་བསྟན་པ་ནི།

དེ་ལྟར་ཐོག་མཐའ་བར་གསུམ་དགེ་བའི་གཏམ།།

བྲག་དཀར་རྩེ་རྒྱལ་གྲུབ་པའི་བྲག་ཕུག་ཏུ།།

སྔར་འདྲིས་གྲོགས་ཀྱིས་བསྐུལ་བ་མ་བཟོད་ནས།།

དུག་ལྔ་མེ་འབར་ཨ་བུ་ཧྲལ་པོས་བྲིས།།

ཞེས་གསུངས་ཏེ། གོང་དུ་བཤད་པ་དེ་ལྟར་ཐོག་མར་དགེ་བ་སྤྱིར་འཁོར་བ་དང་དགོས་སྙིགས་མའི་བསམ་སྤྱོད་ལས་བློ་ལྡོག་པའི་གཏམ། བར་དུ་དགེ་བ་ལྟ་སྒོམ་སྤྱོད་པའི་གདེང་འཚོལ་པའི་མན་ངག ཐ་མར་དགེ་བ་སྤང་བླང་འཇུག་ལྡོག་གི་གནད་མ་ནོར་བར་ཤེས་ནས་ཞེན་མེད་ཆོས་ལ་ཞུགས་ཏེ་སྒྲུབ་པ་མཐར་ཕྱིན་པའི་གཏམ་སྟེ་ཐོག་མཐའ་བར་གསུམ་དུ་དགེ་བའི་ཆིངས་ཀྱིས་བཅིངས་ནས་བཤད་པའི་གཏམ་འདི་ནི། ས་འཛིན་ལྷུན་པོའི་ཕྲེང་བས་བསྐོར་བའི་ཁོར་ཡུག་གིས་མཛེས་པར་བྱས་པའི་བྲག་དཀར་རྩེ་རྒྱལ་ན་གྲུབ་ཐོབ་གོང་མས་བསྟེན་པའི་ཡིད་འོང་རང་བྱུང་གི་དབེན་པ་མི་ཉག་རྒྱལ་འཕགས་རི་ཁྲོད་ཀྱི་བྲག་ཕུག་ཏུ་དཔལ་སྤྲུལ་རིན་པོ་ཆེ་བཞུགས་པའི་སྐབས་སུ། ཁོང་གི་སྔར་འདྲིས་ཀྱི་གྲོགས་པོ་སློབ་མ་རྒན་བུ་ཞིག་གིས་དེ་ལྟར་གསུང་རོགས་ཞེས་ཞུ་སྐུལ་བགྱིས་པར་ངོ་ཟློག་ཏུ་མ་བཟོད་ནས། རྩོམ་པ་པོ་དུག་ལྔ་མེ་འབར་ཨ་བུ་ཧྲལ་པོ་ཞེས་མཚན་འདི་ཁོང་རང་ཉིད་ཀྱིས་རང་ཉིད་ལ་བཏགས་པ་སྟེ། ཕྱི་ལྟར་ན་དམ་པའི་རང་གཤིས་ཁེངས་པ་དང་བྲལ་བའི་དམན་ས་གོང་མའི་གདན་ས་འཛིན་པའི་ཁྱད་ཆོས་དང་། ནང་ལྟར་ན་ཉོན་མོངས་འཁྲུལ་བའི་ནད་ཀྱིས་མི་བརྫི་བའི་བྱ་བཏང་སྦས་པའི་རྣལ་འབྱོར་གྱི་རྣམ་ཐར་དང་། གསང་བ་ལྟར་ན་ཉོན་མོངས་དུག་ལྔ་ལ་ཡེ་ཤེས་ཀྱི་མེ་འབར་བ་ཨ་ཡིག་སྐྱེ་བ་མེད་པའི་དོན་རྟོགས་པས་སྲིད་པའི་སྣང་ཤེས་ཁྲལ་མ་ཁྲོལ་དུ་སོང་བའི་ཧྲལ་པོ་དེས་བྲིས་སོ། །ཞེས་གསུངས་པའོ།།

གཉིས་པ་དགེ་ཚོགས་བསྔོ་བ་དང་སྨོན་ལམ་མཛད་པས་མཐའ་བརྒྱན་པ།

གཉིས་པ་དགེ་ཚོགས་བསྔོ་བ་དང་སྨོན་ལམ་མཛད་པས་མཐའ་བརྒྱན་པ་ནི།

ཁ་བཤད་རྐྱང་པར་སོང་ཡང་ཅི་ཆ་སྟེ།།

དོན་བཟང་འཁྲུལ་བ་མེད་པའི་དགེ་ཚོགས་རྒྱུན།།

ཁྱེད་དང་བདག་བཅས་ཁམས་གསུམ་འགྲོ་བ་ཀུན།།

ཆོས་མཐུན་བསམ་པ་འགྲུབ་པའི་རྒྱུ་རུ་བསྔོ།།

ཞེས་གསུངས་ཏེ། སླར་ཡང་ཁེངས་སྐྱུང་མཛད་པ་དང་བཅས་ཏེ་གཞུང་འདི་ལས་བསྟན་པའི་དོན་གྱི་ཉམས་ལེན་དེ་དག་རང་རྒྱུད་དུ་མ་ཁེལ་བར་ཁ་བཤད་སྟོང་གཏམ་རྐྱང་པ་རུ་སོང་ཡང་ཅི་ཆ་སྟེ་ངེས་པ་ཅི་ཡོད། འོན་ཀྱང་གོང་དུ་བཤད་པ་དག་ནི་མ་ནོར་དོན་བཟང་འཁྲུལ་བ་མེད་པ་ཡིན་པས། རྒྱལ་གསུང་བཀའ་དང་དགོངས་འགྲེལ་གྱི་ཟབ་ཅིང་རྒྱ་ཆེའི་གནད་ཀུན་ཚིག་ཉུང་དོན་འདུས་པ་རུ་བསྡུས་ཏེ་གོ་སླའི་ཚིག་གིས་བཀྲལ་བའི་རྣམ་དཀར་དགེ་ཚོགས་ཀྱི་རྒྱུན་འདི་བདག་གཞན་གྱིས་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་དང་བསྡོམས་ཏེ། སྐུལ་བ་པོ་ཁྱེད་དང་རྩོམ་པ་པོ་བདག་དང་བཅས་པའི་ཁམས་གསུམ་སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་སེམས་ཅན་གྱི་ཚོགས་ཀུན་གྱི་ཆོས་དང་མཐུན་པའི་བསམ་པ་འགྲུབ་པའི་རྒྱུ་རུ་བསྔོ་བ་ཡིན་ཞེས། ཆོས་དང་མཐུན་པའི་བསམ་པའི་འབྲས་བུ་མཐར་ཐུག་བླ་མེད་བྱང་ཆུབ་ཆེན་པོ་ཐོབ་པ་ཉིད་ཡིན་པས་དོན་དུ་འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ་བ་ཡིན། ཞེས་གསུངས་པའོ། །གང་ཞིག་བསྔོ་བར་བྱ་བ་དང་། གང་གིས་སྔོ་བར་བྱེད་པ་དང་། གང་ལ་བསྔོ་བའི་ཡུལ་དང་བཅས་པ་འཁོར་གསུམ་རྣམ་པར་མི་རྟོག་པའི་དམིགས་མེད་ཀྱི་བསྔོ་བས་བསྔོས་པ་དང་ཆབས་ཅིག་ཏུ་དེ་བཞིན་སྒྲུབ་པའི་སྨོན་ལམ་ཡང་ཤུགས་ལ་བསྟན་ཏོ། །དགེའོ། །ཞེས་འཇིག་རྟེན་ཀུན་ཏུ་དགེ་བའི་བཀྲ་ཤིས་ཀྱི་སྣང་བ་ཆེན་པོས་ས་གསུམ་ཡོངས་སུ་ཁྱབ་པའི་ཤིས་ཚིག་གིས་ཐོག་མཐའ་བར་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་བྱ་བའི་གདམས་པ་འདི་ཉིད་ཆ་ཚང་བ་ཡོངས་སུ་གྲུབ་པར་བསྟན་པ་ཡིན་ནོ།།

༈ ད་ནི་ཐེངས་འདིའི་རང་རེའི་ཆོས་ཁྲིད་ཀྱི་མཚམས་རེ་ཞིག་འཇོག་རྒྱུ་རུ་ཁེལ་ཞིང་། གོང་དུ་ཡང་ལན་མང་བཤད་པ་ལྟར་དུ། དམ་པའི་ཆོས་ནི་མིའི་སེམས་ཁམས་ཀྱི་སྨན་དང་། ནང་གི་བདེ་སྐྱིད་ཐོབ་བྱེད་ཀྱི་བདུད་རྩི་དང་། རང་དང་གཞན་གྱིས་འདི་དང་ཕྱི་མའི་བདེ་འབྲས་ཐོབ་པ་ལ་མེད་དུ་མི་རུང་བའི་ལམ་སྟོན་དང་། མ་ཞུགས་ཐབས་མེད་ངེས་པར་དུ་འཇུག་པར་བྱ་དགོས་པའི་འཇུག་བྱའི་ལམ་ཉག་གཅིག་དེ་ཡིན་ཞིང་། དམ་པའི་ཆོས་ཀྱི་བསྟན་དོན་སྙིང་པོ་ནི་སྟོང་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བའི་དོན་དམ་བྱང་ཆུབ་ཀྱི་སེམས་ཐོབ་བྱ་གཞི་འབྲས་དབྱེར་མེད་པའི་བདག་ཉིད་འདི་ཡིན་ཞིང་། འདི་ནི་སྔར་མེད་གསར་དུ་སྐྱེས་པ་དང་། གང་སུ་ཞིག་གིས་གསར་དུ་བྱས་ནས་དེ་ཕྱིན་ཡོད་སོང་བ་ཞིག་མིན་ལ། གནས་ལུགས་ཇི་བཞིན་པའི་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་འདི་ཇི་བཞིན་མ་རྟོགས་པར་འཁོར་བར་འཁྱམས་པའི་འགྲོ་བ་ལ། འདུལ་བྱེད་སྟོན་པར་ཤར་ནས་གདུལ་བྱའི་བློ་དང་འཚམས་པ་རུ་དམ་པའི་ཆོས་ཀྱི་སྣང་བ་གང་ལ་གང་འཚམས་ཀྱིས་སྟོན་པར་མཛད་པ་སྟེ། དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐུན་མོང་གི་ཆོས་འཁོར་བསྐོར་བའི་གནས་རྒྱ་གར་འཕགས་པའི་ཡུལ་དུ་གདུལ་བྱའི་བློ་རིམ་ལྟར་དུ། མདོ་ཕར་ཕྱིན་མཚན་ཉིད་ཐེག་པ་གྲུབ་མཐའ་སྡེ་བཞིའི་ཁོངས་སུ་གཏོགས་པའི་རྣམ་གཞག་དང་། གནས་མ་ངེས་པ་ནས་སྔགས་རྒྱུད་སྡེ་དང་བཅས་པ་གསུངས་ཤིང་། བོད་ནས་སྲོལ་འབྱེད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱིས་དགོས་པའི་དབང་གིས་ལམ་སྲོལ་ཕྱེས་པའི་མདོ་སྔགས་ཟུང་འབྲེལ་གྱི་ཆོས་བརྒྱུད་ཁག་མང་པོ་སྔ་ཕྱི་རིམ་ཅན་དུ་དར་བ་ཐམས་ཅད་ཀྱང་སྟོན་པ་གཅིག་གི་བསྟན་པ་ཐེག་ཆེན་མདོ་སྔགས་ཀྱི་ལམ་བཟང་དུ་གཅིག་པ་ཡིན་ཞིང་། སྔགས་འདི་ལ་དུས་རབས་སྔ་ཕྱིའི་འགྱུར་གསར་རྙིང་གི་དབང་གིས་གསར་རྙིང་ཞེས། དུས་ཀྱི་ཁྱད་པར་འབྱེད་པའི་མིང་བརྡ་ཙམ་ཞིག་ཡོད་པ་ལས་གཞན་བཟང་ངན་ཡག་བཙོག་གིས་གསར་རྙིང་དུ་ཕྱེས་པ་མིན་ལ། གསར་རྙིང་གི་ཆོས་ཞེས་བྱ་དུས་ཤར་ནུབ་ཏུ་འགྲོ་ལམ་གྱི་ཁ་འཁོར་ཕྱོགས་སོ་སོར་ལྟར་དུ་མ་ཡིན་པར་གསར་རྙིང་དང་བཀའ་གཏེར་གང་ཡིན་རུང་། ཚད་མའི་སྟོན་པའི་ཞལ་ནས་གསུངས་པའམ། བྱིན་གྱིས་བརླབས་པ། རྗེས་སུ་གནང་བའི་མདོ་རྒྱུད་ཚད་མ་ལ་ཁུངས་ཐུག་པའི་བཞེད་སྲོལ་གཅིག་ལས་གཅིག་བཟང་བའི་ཆོས་ཚད་མ་ཤ་སྟག་ཡིན་པས། རྒྱ་ཟངས་འོ་མ་ལ་ཁ་རྐུབ་དང་། བུ་རམ་སྒོར་མོ་ལ་དཀྱིལ་ཟུར་མེད་པ་ལྟར་དུ། གང་ཟག་གཅིག་མངོན་འཚང་རྒྱ་བའི་ལམ་ཆ་ཚང་ཡིན་པར་མ་ཟད་བརྩོན་འགྲུས་དང་ལས་སྐལ་ལྡན་པའི་དབང་རྣོན་ཚེ་ལུས་གཅིག་ལ་འཚང་རྒྱ་བའི་ཆོས་ཀྱང་ཡིན་པའོ། །རང་ཉིད་གང་ལ་ལས་འབྲེལ་ཡོད་པའི་ཆོས་རྒྱུད་དེའི་གདམས་པ་གང་ཟག་རང་རང་ལ་ཟབ་པའང་ཡིན་ལ། ཆོས་ཀྱི་ངོས་ནས་གངས་ཅན་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཞེད་སྲོལ་གཅིག་ལས་གཅིག་བཟང་ཡིན་ཡང་གང་ཟག་གི་ངོས་ནས་མ་འཇོན་ཚེ་ཆོས་བརྒྱུད་གང་ལ་ཐུག་ཀྱང་ལྷམ་སྣ་རྡོ་ལ་ཐུག་པ་བཞིན་དུ་ཅི་ཡང་མེད་དོ། །དེ་ལྟར་ཡང་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། ལྔ་རིག་སྣང་བའི་ཉིན་བྱེད་ས་པཎ་རྗེ། །མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ། །གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་ཡིན། །ཕྱོགས་ལྷུང་གདོན་གྱི་དབང་དུ་མ་གྱུར་པས། རྣམ་གསུམ་མཁས་པའི་གཞུང་ལ་ལེགས་སྦྱངས་ན། །ཡོངས་རྫོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཇི་སྙེད་གཟུངས་དང་སྤོབས་པའི་ཡུལ་དུ་འགྱུར། །ཞེས་གསུངས་པས། བསྟན་པ་རིས་མེད། དག་སྣང་ཕྱོགས་མེད་བྱེད་དགོས་པའོ། །འོན་ཀྱང་བསྟན་པ་རིས་མེད་ཅེས་ཡ་གི་དང་མ་གི་བསྲེས། མ་གི་དང་ཡ་གི་བསྲེས། ཡས་ཚང་གི་དགོན་པའི་ཆོ་གའི་སྟོད་ལས་ཁྱེར་ནས་མས་ཚང་གི་དགོན་པའི་ཆོ་གའི་སྨད་ལས་དང་སྦྱར་མི་ཉན་པར་རང་རང་གི་ཆོས་བརྒྱུད་དྲི་མ་མེད་པའི་བཞེད་སྲོལ་གྱི་རྐང་འཛིན་ཤེས་པའི་ཐོག་ཏུ་ཕྱོགས་ཞེན་ཆགས་སྡང་གིས་ཀུན་ནས་བསླངས་པའི་འགལ་འདུའི་ལོག་རྟོག་ཐམས་ཅད་སེལ་ཆེད་དུ་འགལ་མེད་གནད་གཅིག་ཏུ་སྒྲུབ་པའི་དགོངས་པ་ལོན་ན་སྔར་མེད་བསྟན་པའི་བྱི་དོར་གསར་བ་ཡིན་པའོ། །མདོར་ན་མདོ་སྔགས་གསར་རྙིང་གང་ནས་བཤད་ཀྱང་ཆོས་གཅིག་ཆོག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། ལྷ་གཅིག་ཆོག་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ནི་བསྐལ་པ་མང་པོའི་སྔོན་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང་། དུས་སྙིགས་མའི་གདུལ་བྱའི་ངོ་རུ་བྱང་ཆུབ་སེམས་དཔའི་ཚུལ་མཛད་ནས། འགྲོ་བའི་དོན་ལ་ནམ་མཁའ་ཇི་སྲིད་དུ་གཞན་དོན་མཛད་པའི་ཐུགས་བསྐྱེད་ནས་མཐའ་ཡས་གདུལ་བྱ་འདུལ་བྱེད་ཀྱི་ཞིང་ཁམས་རབ་འབྱམས་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་བཀོད་པ་སྟེ། དེ་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ་རྫོགས་པས་མ་ཚད། འཕགས་བོད་དུ་བྱོན་དང་འབྱོན་འགྱུར་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་ཕལ་ཆེར་བ་ཡང་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་བ་ཡིན་པ་དང་། ཉམས་ལེན་གདམས་པ་གཅིག་ཆོག་གསུང་མཆོག་ཡི་གེ་དྲུག་མ་ཉིད་སྙིང་རྗེའི་སེམས་དང་མ་བྲལ་བའི་ངང་ནས་དད་མོས་བརྟན་པོ་རྩེ་གཅིག་པའི་སྒོ་ནས་བཟླས་པ་ལས་གཞན་ཅི་ཡང་དགོས་པ་མིན་པས། ཚེ་འདིའི་བགེགས་དང་བར་ཆད་སེལ་ཆེད་དང་། བསམ་དོན་ཇི་བཞིན་དུ་འགྲུབ་ཆེད་དང་། ཕྱི་མ་ངན་སོང་མེད་ཐབས་དང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཆེད་དང་། གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་ཐོབ་ཆེད་དང་། རང་གཞན་འཕྲལ་ཕུགས་ཀུན་ཏུ་བདེ་ནས་བདེ་བར་འཁོད་པའི་ཆེད་དུ་ཆོས་འདི་ལས་གཞན་གང་ལའང་འགྲམ་ཆུ་ལྡང་མི་དགོས་པའི་ངེས་པ་རྙེད་པའོ། །རང་རེ་བོད་མཐོ་སྒང་གི་ས་ཆ་ན་ཡོད་པའི་མི་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་བ་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའི་རྒྱུད་པ་ཡིན་ཟེར་གྱིན་ཡོད་ལ། དེང་གི་དུས་སུ་འཛམ་གླིང་ས་སྒང་འདིའི་ཐོག་ཏུ་མདོ་སྔགས་གཉིས་ལྡན་གྱི་ཐུབ་པའི་བསྟན་པ་ཆ་ཚང་རྒྱུད་སྲོལ་དང་བཅས་པ་གནས་སའི་ཆོས་ཚིགས་ཀྱི་ཡུལ་དབུས་ཉག་གཅིག་ཏུ་གྱུར་པ་ནི་བོད་ཆོས་ལྡན་གྱི་ས་ཆ་འདི་ཉིད་ཡིན་པས། བསྟན་པ་ཞེས་པ་འདི་ཡང་ཕྱིའི་རྟེན་གཞི་གཙུག་ལག་ཁང་དང་། ལྷ་རྟེན་རྐྱང་བར་ངོས་འཛིན་བྱེད་རྒྱུ་མིན་པར། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར་དུ། ཐུབ་པའི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་ཅན་འདི་བཤད་དང་སྒྲུབ་པས་མ་གཏོགས་འཛིན་ཐབས་མེད་པར་གཟུང་བྱའི་བསྟན་པ་དང་དེ་འཛིན་བྱེད་དང་བཅས་པ་གང་ཟག་རང་རྒྱུད་ལ་བཞུགས་པས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །གསུངས་པ་ལྟར་དུ། གཞི་ཚུལ་ཁྲིམས་རྣམ་པར་དག་པའི་རྨང་གཞིའི་སྟེང་དུ་ཐོས་བསམ་སྒོམ་པའི་ཡོན་ཏན་རྒྱ་མཚོ་ལྟར་དུ་བསགས་ནས་བསྟན་པ་འཛིན་སྲུང་སྤེལ་གསུམ་མཛད་པ་ནི་དགོན་གྱི་ལྷ་སྡེ་དགེ་འདུན་པས་ཉམས་བཞེས་གནང་དགོས་ཤིང་། ཁྱིམ་དུ་གནས་པའི་ཁྱིམ་པ་ཕོ་མོས་ཀྱང་དེ་དང་ཆ་མཚུངས་པར་སྐྱབས་ཀྱི་དྭངས་མ་དཀོན་མཆོག་གསུམ་ལ་བཟུང་ཞིང་སོ་ཐར་དགེ་བསྙེན་གྱི་སྡོམ་པ་ལ་གནས་པའི་རྨང་གཞིའི་སྟེང་དུ། སྨོན་དང་འཇུག་པའི་བདག་ཉིད་ཀྱི་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་མ་སྐྱེས་པ་སྐྱེད་པ་དང་། སྐྱེས་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་བའི་བསླབ་བྱ་ཉམས་ལེན་དང་བཅས་ཏེ། མདོར་ན་ཁྱིམ་པས་ཁྱིམ་པར་ཕོག་པའི་སྡོམ་གསུམ་གྱི་ཉམས་ལེན་རང་རྒྱུད་ནས་བསྲུངས་ཤིང་། གང་ཟག་རེ་རེའི་ངོས་ནས་བསོད་ནམས་སྟོབས་ཆེན་བསགས་ན། རེ་རེ་ཚོགས་པའི་ཐུན་མོང་གི་རླབས་ཆེན་སྤྱི་མཐུན་གྱི་བསོད་ནམས་ཆེན་པོའི་སྟོབས་ཀྱིས། སྐྱེ་དགུའི་བདེ་སྐྱིད་ཀྱི་འབྱུང་རྩ་སྟོན་པའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་ཡུན་དུ་གནས་པ་དང་། བོད་མི་རིགས་ཀྱི་དབུ་འཕང་སྒང་ལས་མཐོ་བ་དང་། མངའ་ཐང་མཐའ་ནས་རྒྱས་པ་དང་། ཡུལ་ལུང་བདེ་སྐྱིད་སྙན་གསུམ་འཛོམས་ཤིང་། མི་ནོར་ཆོས་གསུམ་འཛོམས་པའི་གནད་ཐམས་ཅད་དེར་འདུས་པའོ། །ཁྱད་པར་དུ་གཟབ་ནན་གྱིས་བཤད་རྒྱུ་ཞིག་ལ། ད་སྔོན་ཡན་ཆོད་དུ་བོད་ཀྱི་མི་འདི་རྒྱུད་དྲང་བ། རང་བཞིན་བཟང་བ། སེམས་ཁམས་ལ་སྤྲོ་སྣང་ཡོད་པ། འདྲིས་ན་འགྲོགས་ཡུན་རིང་བ། ལས་རྒྱུ་འབྲས་ལ་བརྩི་སྲུང་བྱེད་མཁན། མིའི་ནང་གི་ལྷ་ཞིག་ཏུ་འཛམ་གླིང་ཐོག་གི་མི་མང་པོས་བརྩི་བཞིན་ཡོད་ཅིང་། དེ་ནི་ཕ་མེས་བཟང་པོས་བཞག་པ་དང་། མཁན་སློབ་བཟང་པོའི་བཀའ་དྲིན་དང་། སྟག་ཤ་ར་རི་གསུམ་གྱི་རྩེ་ནས་སོང་ན། གཏམ་སྙན་གྲགས་ལུང་གསུམ་གྱི་མདོ་ནས་ཁྱབ་པའི་བཟང་ལ་བུད་ཁ་ཤས་ཀྱིས་མགོ་འདྲེན་ལེགས་པས་ཡིན་ན་ཡང་། ད་ནི་ཁོར་ཡུག་འདྲེས་སྡོད་ཀྱིས་མི་རིགས་གཞན་དག་ཀྱང་བོད་མིའི་ནང་དུ་འདུས་པའི་སྒོ་ནས་དུས་ནི་མི་འགྱུར་མི་རྣམས་འགྱུར་བའི་སྐབས་ཡིན་པས། བོད་མིའི་སྤྱོད་པ་ལོ་རེ་ནས་ལོ་རེ་བཞིན་ཇེ་ངན་དུ་སོང་ཞིང་། ཡང་སྒོས་རྐུ་རྫུན་གཡོ་ཁྲམ་གྱི་ལས་སུ་ཞུགས་པ་ནི་ལས་རྒྱུ་འབྲས་ཀྱིས་ཀྱང་མཐའ་གྱེན་དུ་མི་འགྲོ་བར་མ་ཟད། མི་ངན་ཁ་ཤས་ཀྱིས་མིག་སྔུན་བརྫད་ནས་ནམ་ཞིག་བོད་རིགས་ཞེས་ཁྱི་རྐུན་ལྟར་དུ་མི་རིགས་གཞན་གྱིས་ཁྱིམ་དུའང་འོང་མི་འཇུག་པས་ངོ་ཚ། དེ་བཞིན་སྐུ་གསུང་ཐུགས་རྟེན་འཚོང་མཁན་དང་། ཕ་མའི་དྲིན་ལན་ལོག་འཇལ་བྱེད་མཁན། རང་ཡུལ་སྡུག་གི་སྣ་འདྲེན་བྱེད་མཁན་དེ་དག་ནི་ཡུལ་ལུང་བཀྲ་མི་ཤིས་པར་བྱེད་པའི་གདོན་འདྲེ་ཁོག་ཏུ་ཞུགས་པའི་མི་མིན་ན་ཅི་ཞིག་ཡིན། དེས་ན་ན་ཆུང་གཞོན་ནུའི་སྡེ་ཚོགས་འདི་ས་གང་ནས་ཡིན་ཡང་མ་འོངས་པར་ས་དེའི་བདག་པོ་དང་། མ་འོངས་གངས་ལྗོངས་ཀྱི་རེ་ལྟོས་བྱེད་ས་ཡིན་པས། མི་རབས་དང་དུས་རབས་ཀྱིས་སྤྲད་པའི་གཙུག་ལག་ཟུང་གི་ལས་འགན་ལྕི་མོ་དེ་རང་ཤུགས་ཀྱིས་འབྱུང་འགྱུར་གྱི་ན་གཞོན་ཚོའི་ཕྲག་ཏུ་བབ་ཡོད་པས། རང་ཉིད་ཀྱི་ལང་ཚོ་དར་བ་དང་ལྷན་དུ་དུས་རབས་དང་བསྟུན་པའི་ནང་གི་ཤེས་ཡོན་ཡང་དེ་བཞིན་ཡར་ལ་དར་དུ་ཆུགས། ལྷག་པར་དུ་གཞན་ཕན་དང་སྤྱི་སེམས་བསམ་པ་བཟང་པོས་ཀུན་ནས་བསླངས་པའི་ཀུན་སྤྱོད་གཙང་མའི་ཡ་རབས་ཀྱི་སྤྱོད་བཟང་འདི་ཉིད། སྒེར་དང་སྒེར་གྱི་བར། གྲོང་ཚོ་དང་གྲོང་ཚོའི་བར། སྡེ་ཕྱོགས་དང་སྡེ་ཕྱོགས་ཀྱི་བར་དུ་ཁྱབ་སྤེལ་བཏང་ནས། རང་གི་རིན་ཐང་རང་གིས་བསྐྲུན་པའི་སྒོ་ནས་འཛམ་གླིང་མིའི་རིགས་ཀྱི་དཔེ་མཚོན་བཟང་པོ་ཞིག་ཏུ་འགྱུར་ཐབས་བྱེད་རྒྱུ་ནི། མ་འོངས་ཕྱིས་འབྱུང་གི་བོད་གདོང་དམར་གྱི་རིགས་རྒྱུད་འདི་ཡི་ལས་དབང་ཁ་ལས་བཟང་ངན་ལ་རག་ལས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་བསམ་བཞིན་ཡོད། མཐའ་མཇུག་གི་གཏམ་ལ། ས་གཙང་། ཆུ་གཙང་། འཛམ་གླིང་ས་མཐོའི་རྩེ་མོ། གངས་རིས་མཚོན་པའི་ཡུལ་ལྗོངས་འདིར། ལུས་གཙང་། སེམས་གཙང་། ཀུན་སྤྱོད་གཙང་བའི་ཆོལ་གསུམ་རིགས་རུས་གཅིག་ལས་ཆད་པའི་གཅེན་གཅུང་མིང་སྲིང་གི་མཐུན་སྒྲིལ་ཆོད་སེམས་བརྟན་པོའི་ངང་ནས་རང་གཞན་བར་གསུམ་འདི་བདེ་ཕྱི་མར་སྐྱིད་པར་བདེ་ནས་བདེ་བར་འགོད་པའི་སྨོན་ལམ་གྱིས་མཐའ་བརྒྱན་ནས། ཐེངས་འདིའི་དགེ་རྩས་སེམས་ཅན་ཐམས་ཅད་རྫོགས་བྱང་དུ་འཁོད་པའི་བསྔོ་བ་བྱེད་དགོས།

༈ འདིའི་མཚམས་སུ་ད་རེས་ཀྱི་སྦྱིན་བདག་ཆེན་མོ་མཚོ་ཁྲི་ཀླུ་ཕྱུག་སྡེ་བའི་སློབ་གྲྭའི་སློབ་མས་སྦྱངས་འབྲས་རྒྱུགས་སྤྲོད་ཅིག་ཡོད་ཟེར་བ་དེ་དང་པོ་ཡོང་རྒྱུ་བྱོས།

༈ ཤིན་ཏུ་ཡག་ཁི། ཚིག་ལ་རྔ་མ་ཡོད་པ་འབའ་ཞིག་རེད། ཡི་གེ་འདོན་དུས་མི་རྒན་གཞོན་སུས་བཏོན་ཀྱང་ཚིག་ལ་རྔ་མ་ཡོད་པ་གནད་ཆེ། འགའ་རེས་ཚིག་བཅད་འདོན་དུས་རྔ་མ་མེད་པ་འབའ་ཞིག་བཏོན་པས་ཆ་ཚང་གོ་མི་ཐུབ་པས་ཚིག་ཆ་ཚང་བ་ཞིག་རེད་ཀྱིན་ཡོད་པ་མ་རེད། དུས་ཚོད་ཀྱི་དབང་གིས་དེ་ཡིས་ཆོག་རྒྱུ་བྱོས། མ་སྲིད་པའི་རྒྱུགས་ཡག་པོ་རེད་སོང་།

༈ འདིའི་མཚམས་ནས་པདྨ་ཐང་གི་འབའ་ཆུང་མཁན་པོ་ནུས་ལྡན་རྡོ་རྗེས་མགུར་འཐེན་རྒྱུ་མཛོད།

༈ དུས་ཚོད་ཅེས་བྱ་བ་འདི་འགྲོ་མགྱོགས་པ་ཡིན་པས་མིག་གཅིག་གི་སྡེབ་བསྒྱུར་ལ་ཞིང་སྒྲུབ་འཚོགས་ནས་དེ་རིང་གིས་ཉི་མ་དྲུག་དང་། སང་ཉིན་མ་ཎི་ཉིན་གཅིག་ལ་འཚོགས་དུས་བདུན་སྒྲུབ་གཅིག་ཚང་འགྲོ་བ་ཡིན། དེའི་རིང་གི་ཕྱི་དྲོ་བཞིའི་ཆུ་ཚོད་རེའི་ཡུན་དུ་རང་རེ་འདིར་འཛོམས་ནས། ཆོས་ཁྲིད་དང་ལྷན་དུ་ངས་ངག་བཅད་ཡིན་ཞེས་ཟེར་ཞོར་དུ་ཡུལ་སྡེ་གཅིག་དང་ཆོས་སྡེ་གཅིག་གིས་འབྲེལ་བའི་མི་གྲངས་ཁྲི་ཚོ་གཅིག་གཉིས་ཤིག་ཐེངས་མ་བཞིར་ཐུག་ཙམ་རེ་བྱས་ཏེ་ཆོས་ཕྱོགས་ཀྱི་ཁ་བརྡ་རྡོག་མ་ཁ་ཤས་བྱུང་བ་འདི། གོང་དུ་བཤད་པའི་བར་སྲིད་ཀྱི་སེམས་ཅན་མཚམས་རེ་ལ་ངོ་ཤེས་རེ་ལ་ཐུག་ཙམ་བྱེད་པ་ན། འདི་ནས་ཐག་མི་རིང་ས་ན་ལམ་དམར་ནག་འཇིགས་སུ་རུང་བ་ཡ་ང་བ་ཞིག་ཡོད་པ་དེའི་འཁྲིས་སུ་མ་བཅར་མ་གཏོགས། དོང་མོ་ཆེ་མེ་སྟག་གི་ཟི་ར་མཆེད་པའི་ནང་དུ་འཐེན་གྱིན་འདུག་པས་གཟབ་གཟབ་གྱིས། ལམ་དཀར་པོ་འོད་ཟེར་བཀྲག་མདངས་ཅན་ཞིག་མཚམས་རེ་ལ་ཤར་དུ་འོང་བ་དེའི་ནང་དུ་ཨེ་ཐོན་ལྟོས། ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ལ་མཚན་ནས་བཟུང་སྟེ་བོས། ཆོས་གཅིག་ཆོག་གཟུངས་སྔགས་ཡི་གེ་དྲུག་པ་ལས་ལྷག་པ་ཡོད་པར་མིན་པས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅེས་ཟེར་བའི་ལོང་ཡོད་མེད་མཚམས་ནས་ལས་ཀྱི་རླུང་དམར་དྲག་པོས་ཕྱོགས་བཞི་མཚམས་བརྒྱད་དུ་གཏོར་སོང་བ་ལྟར་དུ། དུས་ཚོད་སྐར་མ་ཁ་ཤས་ཀྱི་མཚམས་ནས་རང་རེའི་ཁ་བརྡའི་རྒྱུན་མཐུད་ལོང་མི་གཏོད་པར་ད་ལོའི་ཁ་བརྡ་བཤད་པའི་དུས་ཚོད་ཡལ་ནས་སང་ཉིན་ནས་རང་རང་སོ་སོའི་གནས་སུ་འགྲོ་བས། ལུས་ཞེས་པའི་གདོས་བཅས་རགས་པའི་གཟུགས་འདི་ཡོད་མེད་ཙམ་ལས་ད་ལྟར་བཤད་མ་ཐག་པའི་བར་སྲིད་དང་གཅིག་མཚུངས་ཡིན། ཀུན་མཁྱེན་ཆེན་པོས། བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས། །བཟའ་ཚང་ཉེ་འབྲེལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །ཞེས་གསུངས་པ་ལྟར་དུ། ད་རེས་ཀྱི་ཉི་མ་བདུན་གྱིས་རང་རེའི་མི་ཚེའི་ནང་གི་ཉི་མ་བདུན་ཟད་པ་ཡིན་ཞིང་། ཕྲུ་གུ་འཚར་ལོངས་བྱུང་བ་ལ་ཉི་མ་བདུན་གྱིས་ཁ་སྣོན་བྱས་རུང་། རྒན་གོག་འབྱུང་བ་རྒུད་པ་པ་ཉི་མ་བདུན་གྱིས་ཇེ་སྡུག་ཏུ་སོང་བས། མདོར་ན་ཐམས་ཅད་ཀྱི་ཚེ་ཟད་པའི་ཕྱོགས་སུ་ཉི་མ་བདུན་གྱིས་ཉེ་སོང་བའོ། །ཆོས་རའི་ནང་དུ་ང་ཚོ་བླ་སློབ་དང་ཆོས་གྲོགས་མཉམ་དུ་འཚོགས་ནས་ད་ལྟ་རུ་གྲོལ་རྒྱུ་ཡིན་པ་ལྟར་དུ། ཉེ་དུ་ཁྱིམ་མཚེས་ཞེས་བྱ་སའི་འགྲིག་ཞོར་དང་འཁོན་ཞོར་དུ་ཡོད་པ་རྣམས་དང་། ཁྱིམ་ཚང་བཟའ་ཚོ་ཞེས་བྱ་སའི་མཐུན་ཞོར་དང་འཛིང་ཞོར་དུ་སྐྱིད་སྡུག་ཉི་མ་ཁ་ཤས་ལ་མཉམ་མྱོང་བྱེད་དགོས་པ་འདི་དག་དང་ཡང་ཡུན་རིང་མི་འགྱང་བར་འབྲལ་རྒྱུ་ཡིན་པས་མ་ཟད། ང་ཞེས་གདགས་པའི་གཞིའམ་མཛུ་གུ་འཛུགས་སའི་གསོན་གྲང་ང་ཁམས་ན་ཡོད་དུས་སུ་ཞིམ་པོའི་ཟས་བྱིན། དྲོན་པོའི་གོས་བསྐོན། མཛའ་མོའི་རྒྱན་གདགས་སའི་རང་གཞན་གྱི་ལུས་འདི་དབང་མེད་འཆི་བདག་གི་ཞགས་པས་འཕྲལ་དུ་བཟུང་ནས་ཤི་གསོན་ལམ་གྱི་གྱེས་མདོར་ཐོན་ནས་ལུས་སེམས་གཉིས་ཀ་སོ་སོར་བྲལ་པའི་ཉིན་མོ་རུ། ལུས་བེམ་གོག་དུར་ཁྲོད་ཀྱི་བྱ་རྒོད་ལ་སྦྱིན་པས། ཕྱིའི་ཤ་དང་པགས་པ་གྲི་ཡིས་བཤགས། ནང་དོན་ལྔ་སྣོད་དྲུག་ཕྱི་རུ་ཕུད། མིག་ཁྲ་ཆུང་དབང་པོའི་དྭངས་མ་དེ་བྱ་ཁྭ་ཏ་ཞིག་གི་ཁ་ཟས་གྱུར། མགོའི་སྐྲ་ལོ་དར་སྐུད་ལྟ་བུ་དེ་རྩྭ་རྩི་ཤིང་ཞིག་གི་མགོ་རུ་གཟར། ནོམ་པ་གང་བཟང་གི་ཁུག་ཏུ་ལྕིབས། གསེར་དངུལ་གཉིས་ཀྱི་རྒྱན་འདོགས་སའི་གསོན་ལུས་དེ་གློ་བུར་དུ་རོ་གྲི་དང་རོ་སྟར་གྱི་གདན་ས་རུ་འགྱུར་བ་ནི་ཀུན་ལ་ཡོང་ཞིང་སུ་ལའང་མི་འོང་པ་མིན་པ་དེའི་ཕྱིར། འདུས་པའི་མཐའ་མ་འབྲལ། མཐོ་བའི་མཐའ་མ་ལྷུང་། བསགས་པའི་མཐའ་མ་འཛད། སྐྱེས་པའི་མཐའ་མ་འཆི་བ་སྟེ་མི་རྟག་མཐའ་བཞིས་བསྡུས་པའི་འདུས་བྱས་ཀྱི་ཆོས་ལ་རྟག་པ་མེད་པའི་ཚུལ་སྔོན་ནས་ཤེས་པར་གྱིས་ལ། རང་གཞན་ཕྱི་མའི་ལམ་མགོ་ཐོན་སྤྱད་ཀྱི་ཆོས་བྱེད་དགོས་ཞེས་རང་རེ་འབྲལ་རན་པའི་དུས་སུ་ཕྱིར་འབོད་བྱས་པའི་གཏམ་ཡིན། ཆོས་ཞེས་བྱ་བ་འདི་རྒྱུས་སྒྲུབ་རྒྱུ་ཞིག་ཡིན་ན་རྒྱུ་ཆེ་ཆུང་དང་དབང་ཡོད་མེད་ཀྱིས་མི་འགྲུབ་པར་ཡོད་སྲིད་ཀྱང་། ཆོས་རྣམ་དག་སེམས་ཀྱིས་སྒྲུབ་དགོས་པས་ཕྱོགས་དང་རིས་མེད་པར་ཐམས་ཅད་ལ་གཅིག་མཚུངས་སུ་དབང་ལ། བསམ་པ་བཟང་པོས་ཀུན་ནས་བསླངས་པའི་སྙིང་རྗེའི་སེམས་དང་མ་བྲལ་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་རུ་འཇུག་ཐུབ་ཚེ་ཐར་བའི་ལམ་སྣ་ཟིན་པ་ཡིན་ཞིང་། ཐར་བའི་ལམ་སྣ་ཟིན་ཚེ་སླེབས་སྔ་ཕྱི་ཙམ་མ་གཏོགས་མཐར་ཐུག་གི་ཐོན་ས་སངས་རྒྱས་ཀྱི་གོ་འཕང་ཡིན་པའོ། །སང་ཉིན་ནས་བཟུང་སྟེ་ཁ་བརྡ་བྱེད་རྒྱུའི་གོ་སྐབས་མ་ཡོད་པ་ཡིན་པས་དེ་རིང་ཁྱེད་ཅག་ཚེ་རིང་ལོ་བརྒྱ་ཟེར་རན་སོང་བ་སྟེ། ཁྱོད་རང་ཚོས་དཀའ་སྡུག་ལས་རྩོལ་ཆེན་པོ་སྔོན་ལ་བརྒྱབ་པའི་རྗེས་སུ་ཚེ་སྨད་ལ་སྐྱིད་པོ་ཡོང་རྒྱུའི་འདང་རྒྱག་མ་བྱེད། གལ་སྲིད་ཚེ་སྨད་ཅེས་བྱ་བ་རིང་པོ་ཡོད་སྲིད་རུང་དེའི་དུས་སུ་ན་རྒས་གཉིས་ཀྱི་སྡུག་བསྔལ་གྱིས་མནར་ནས་སྐྱིད་པོར་ཡོད་པ་མིན། ད་ལྟའི་དུས་སུ་ནད་ན་ཚས་མ་མནར། ལུས་འབྱུང་བཞི་མ་རྒུད། ཁྱིམ་བཟའ་ཚང་མགོ་འཛོམས་ཡིན་དུས་སུ་སྐྱིད་པོ་སྟོང་གི་ཡང་རྩེ་ཡིན་སྙམ་དགོས་ཀྱི། དེ་ཙམ་ལས་ཕན་ཆད་དུ་འཇིག་རྟེན་ན་བདེ་སྐྱིད་ཡོད་པ་མིན། ཕུ་ནུ་ནང་དམེ་མ་བྱེད་མི་ཡི་ཐ་མ་ཡིན། བཟའ་ཚང་འཛིང་མོ་མ་བྱེད་རྗེས་ནས་འགྱོད་སྤྱད་ཡིན། ཤ་ཉེ་བའི་མཐུན་སེམས་ཡོད་དགོས་པས་ཉེ་རིང་དང་ཉེ་སྐོར་དཔུང་སྒྲིལ་པ་བཟང་མོད་ཀྱང་། དེ་ཚོ་ཅི་ཡང་མེད་རུང་སྡེ་དགོན་སྤྱི་ལ་སེམས་པའི་སྤྱི་སེམས་ལྷག་བསམ་ལྡན་པའི་མི་སྐྱེས་པ་ནི་ཕ་བཟང་གི་བུ་རྒྱུད་བཟང་པོ་ཡིན་པ་སྟེ། སྒྲུང་གི་ནང་དུ་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས། ངར་རྟ་གཅིག་ཡོད་པ་སྤྱི་རྟ་བྱས། །ཁྲབ་གཅིག་ཡོད་པ་སྤྱི་ཁྲབ་བྱས། །ངར་སྤྱི་དཔོན་ཐོགས་དོན་དེ་ནས་བྱུང་། །ཞེས་གསུངས་པ་ལྟར་དུ། སྡེ་ཡུལ་པ་སྤྱི་ཡི་གཅེས་ཕྲུག་ཅིག་བྱ་བསམ་ཚེ་སྲོག་དམར་པོ་ཡིན་ཡང་སྤྱི་དོན་དང་གཞན་དོན་དུ་གཏོང་ཕོད་ཅིང་། སྒེར་དོན་ཙག་གི་ཙིག་གི་སྣང་མེད་དུ་འཇོག་ཐུབ་པ་ཞིག་ཡིན་དགོས། མ་མཐའ་ཡང་རྐུ་མ་བྱེད་མ་གཏོགས་རང་གི་ཁ་རྗེ་དབང་ཐང་དང་ཟ་ཐང་ལོངས་སྤྱོད་མར་ལ་འགྲིབ་པར་བྱེད། ཤོབ་མ་བཤད་མ་གཏོགས་རྫུན་གྱི་རྣམ་སྨིན་ལྕི་བས་ཚེ་ཕྱི་མ་རུ་རྣམ་སྨིན་མྱོང་ཞིང་། ཤོབ་ཐེངས་གཅིག་གིས་མི་ཚེའི་རིན་ཐང་བརླག་པར་བྱེད། སྲོག་མ་གཅོད་མ་གཏོགས་རང་དང་བཟའ་ཚང་བུ་རབས་ཚ་རྒྱུད་དང་བཅས་པས་ཚེ་ཐུང་ནད་མང་གི་སྡུག་བསྔལ་མྱོང་ཞིང་། ཕྱི་མ་རུ་དམྱལ་བའི་སྡུག་བསྔལ་ཡ་ང་བ་མྱོང་བར་བྱེད་དོ། །ཁྱིམ་ལས་བྱ་མཁན། རྫི་བོར་འགྲོ་མཁན། སྨན་རྩྭ་རྐོ་མཁན་གྱི་ཕོ་མོ་སུ་ཡིན་རུང་མ་མཐའ་རུ་སྐར་མ་ལྔ་རུ་ཁོམ་སྲིད་པས་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་བྱ་བའི་ཆོས་འདི་ཐོབ་ནས་བཟུང་སྟེ་ཕྱིན་ཆད་ཉི་མ་རེ་རེ་བཞིན་དུ་ཉམས་ལེན་གྱི་སྙིང་པོ་རུ་སྐྱིལ་ཀྲུང་གྲུ་བཞི་པ་ཞིག་འཆོས་ལ་ཁ་ཡིས་མ་ཎི་འདོན་བཞིན། སེམས་ཀྱིས་ལྷ་ཡི་དམ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་མདུན་གྱི་ནམ་མཁའ་ལ་ཡོད་པར་སྒོམས་དང་། དེ་ནི་ཐུགས་རྗེ་ཆེན་པོའི་མཚན་བཅས་ཀྱི་བསྐྱེད་རིམ་བསྒོམས་པ་ཡིན། དེ་ནས་སྙིང་རྗེ་དང་གཅིག དད་པ་དང་གཉིས་། རྣམ་རྟོག་འཁྲུལ་བའི་རྗེས་སུ་མི་འབྲང་བའི་མ་ཡེངས་པ་དང་གསུམ་པོ་སོ་སོར་ཕྱེ་རུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་ངང་དུ་སྡོད་དང་། དེ་ནི་ཐུགས་རྗེ་ཆེན་པོའི་མཚན་མེད་ཀྱི་རྫོགས་རིམ་བསྒོམས་པ་ཡིན། དེ་ཡང་བསྐྱེད་རིམ་གྱིས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་། རྫོགས་རིམ་གྱིས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན། གཞི་ལམ་འབྲས་གསུམ་གྱི་ཐོག་ནས་བཤད་ན། གཞི་བདེན་གཉིས་ཟུང་འཇུག་ཡིན་སྟབས། ལམ་ཚོགས་གཉིས་ཟུང་འཇུག་ལ་བརྟེན་ནས། འབྲས་བུ་མཐའ་ཐུག་སྐུ་གཉིས་ཟུང་འཇུག་ཐོབ་པ་ཡིན། དེ་ནི་ཐེངས་འདི་རུ་མཐའ་ཐུག་གི་གདམས་ངག་བྱིན་པ་ཡིན། དེ་ནས་ཐམས་ཅད་ཚེ་རིང་། ལོ་བརྒྱ། མ་ཤི་ཚེ་རིང་བྱུང་ན་སང་ཕར་ལོའི་ད་ལྟའི་དུས་ཚོད་ལ་སླར་ཡང་ཐུག་པའི་སྨོན་འདུན་དང་བཅས་ཏེ།

༈ དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་དང་། ད་རེས་ཀྱི་ཚོགས་འཛུགས་ཀྱི་སྦྱིན་བདག་གཙོ་བོ་མཚོ་ཁྲི་ཀླུ་ཕྱུག་སྡེ་བའི་མི་ཐོག་སྔོན་རྗེས་ཐམས་ཅད་ཀྱིས་དགེ་བ་བསྒྲུབས་པ་བྱས་ཚད་དང་། འབྲེལ་འཇོག་ཞལ་འདེབས་བྱས་པ་དང་། མར་མེའི་མཆོད་ཐིགས་དཀར་གསབ་དང་། གསོལ་ཇ་དང་གུང་ཚིགས་དྲངས་པ་དང་། འགྱེད་དང་ཡོན་འབུལ་བྱས་པ་དང་། ཆོས་ར་འདི་རྡོག་པས་བརྫིས་པ་དང་། རྒྱང་ནས་རྗེས་སུ་ཡི་རང་བྱས་པ་དང་། ཐ་ན་མ་ཎིའི་མགུར་དབྱངས་ཀྱི་སྒྲ་ཙམ་ཐོས་པའི་དགེ་བའི་རྩ་བས་མཚོན་ཏེ། དུས་གསུམ་བཤེགས་བཞུགས་འབྱོན་འགྱུར་གྱི་སྲས་བཅས་རྒྱལ་བའི་ཟག་མེད་ཀྱི་དགེ་རྩ་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་ཀུན་ཏུ་བསགས་པའི་ཟག་བཅས་ཀྱི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུ་ཡིས། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་སྔ་རབས་བྱོན་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་། ད་ལྟར་བཞུགས་པ་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་བརྟན་ཅིང་བསྟན་པ་དང་འགྲོ་བར་སྨོན་པའི་ཐུགས་བཞེད་གེགས་མེད་དུ་འགྲུབ་པ་དང་། འཇིག་རྟེན་གྱི་ཁམས་ཀུན་ཏུ་ས་གཡོ་པ་དང་། མེ་དགྲ་འབྱུང་བ་དང། མཚོ་འཕྱུར་བ་དང་། རླུང་ནག་འཚུབ་པ་དང་། ཆུ་ཡིས་དེད་པ་དང་། ནད་མུག་མཚོན་འཁྲུགས་ཀྱི་འཇིགས་པ་ཐམས་ཅད་ཞི་བ་དང་། ཁྱད་པར་དུ་གངས་ཅན་གྱི་ལྗོངས་སུ་སྡེ་བཞི་དགེ་བཅུའི་འབྱོར་བ་རྒྱས་པའི་རྒྱུ་རུ་འགྱུར་བ་དང་། བདག་ཅག་རྣམས་ཀྱི་སྡང་བྱེད་དགྲ་དང་། གནོད་བྱེད་ཀྱི་བགེགས་དང་། མཁའ་དང་ས་ལ་རྒྱུ་བའི་སྲོག་ཆགས་དུད་འགྲོ་ཆེ་ཕྲ་དང་། མི་མིན་ལྷ་འདྲེའི་རིགས་སུ་གྱུར་བ་དང་། བར་དོའི་རྣམ་ཤེས་འཁྱམས་པོ་དང་། སྲུལ་པོའི་རིགས་ཅན་གྱི་སེམས་ཅན་མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་སྡེ་ཚོགས་དང་། རང་རེའི་ལུས་ལ་གནས་པའི་སྲོག་ཆགས་ཕྲ་མོ་ཚུན་ཆོད་དང་། ཞིང་སྒྲུབ་འདིའི་དུས་སུ་དབང་དང་ཆོས་ཁྲིད་རྒྱུན་འཚོགས་སུ་ཡོང་བའི་ལམ་ནས་བསད་པའི་འབུ་སྦྲང་ཕྲ་མོ་རྐང་པས་བརྫིས་ཚད་དང་། རང་རེའི་ཆོས་ར་འདི་དང་འབྲེལ་ཚད་ཐམས་ཅད་དང་། ནང་མི་བཟའ་ཚང་དང་། ཉེ་འབྲེལ་དང་། ངོ་ཤེས་དང་། གནའ་ཤི་རྙིང་པ་དང་། ད་ཤི་གསར་བ་དང་། ཁྱད་པར་དུ་ཤི་ནས་ལུས་རྟེན་མ་རྙེད་པའི་བར་དོའི་སེམས་ཅན་ཐམས་ཅད་དང་། དྲིན་ཅན་གྱི་ཚེ་འདིའི་ཕ་མས་གཙོར་བྱས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད། རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་འགྱུར་བ་དང་། དེ་མ་ཐོབ་པའི་གནས་སྐབས་ཀུན་ཏུ་ཡང་ལྷ་དང་མི་ཡི་ལུས་ཐོབ་སྟེ་མཐོ་རིས་ཀྱི་འབྱོར་བ་ཕུན་སུམ་ཚོགས་པའི་ཟད་པ་མེད་པའི་བདེ་སྐྱིད་དང་བཅས་ཏེ། སྐྱེས་མ་ཐག་ཏུ་དམ་པའི་ཆོས་དང་འཕྲད་ཅིང་འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་མཇལ་བ་དང་། ཚེ་དེ་འཕོས་མ་ཐག་ཏུ་ཞིང་ཁམས་རི་བོ་ཏ་ལ་རུ་འཕགས་པའི་གསུང་གི་བདུད་རྩིས་དབུགས་འབྱིན་པ་སོགས་ཀྱི་ཕྱིར་དུ། གང་ཞིག་བསྔོ་བར་བྱ་བ་དང་། གང་གིས་སྔོ་བར་བྱེད་པ་དང་། གང་དུ་བསྔོ་བའི་ཡུལ་དང་བཅས་ཏེ་ཁྱད་པར་གསུམ་ལྡན་གྱི་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་ཟབ་མོ་འཕགས་པ་འཇམ་པའི་དབྱངས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་མདུན་དང་བཅས་ཏེ་བསྔོ་བ་ལྷན་དུ་གསུངས་ཏེ་གྲོལ་རྒྱུ་བྱའོ།། །།

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།།

ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་།།

སྐྱེ་རྒ་ན་འཆི་རྦ་རླབས་འཁྲུག་པ་ཡི།།

སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།།

ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།

དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་།།

དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན།།

ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ།།

བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་།།

སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག།

དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།།

བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས།།

ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས།།

མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་གཏོར་ཅན།།

འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི།།

ཁ་བ་ཅན་དུ་དཔལ་ལྡན་ཐང་བ་ཞེས།།

པདྨ་རིག་འཛིན་ཞབས་ལ་གསོལ་བར་འདེབས།།

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ།།

བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་།།

མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར།།

བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག།

དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན།།

མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ།།

འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ།།

ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག།

གངས་རིའི་ར་བས་སོགས།

སྐར་མ་རབ་རིབ་མར་མེ་དང་།།

སྒྱུ་མ་ཟིལ་བ་ཆུ་བུར་དང་།།

རྨི་ལམ་གློག་དང་སྤྲིན་ལྟ་བུ།།

འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།།

སླར་སྨས་པ།

ཐུགས་རྗེ་ཆེན་པོའི་ལྟ་སྒོམ་སྤྱོད་པའི་སྲོལ།།

མ་ནོར་ཇི་བཞིན་བཀྲལ་བའི་རྡོ་རྗེའི་ངག།

ཡི་གེའི་འཕྲུལ་དུ་བཏབ་པའི་རྣམ་དཀར་དགེས།།

འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུག་ཤོག།

ཅེས་པའང་རྗེ་གང་གི་སློབ་ཕྲན་ཚུལ་ཁྲིམས་རྒྱལ་མཚན་གྱིས་ལེགས་པར་གྲུབ་པར་བགྱིས་པའོ།། །།མངྒ་ལཾ།།


previousཉིན་བཞི་བའི་ཆོས་ཁྲིད། no next