Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

༼ཀ༽ སྔོན་དུ་འགྲོ་བའི་ཆོས།

དེ་རིང་གི་དུས་ཚོད་ནས་འདས་པའི་ཕྱོགས་ལ་ཡར་ཕྱིར་ལྡོག་ལ་བརྩིས་ཏེ་ཟླ་བ་བཅུ་གཉིས་ལོ་གཅིག་གི་ཁ་གང་བའི་ཡར་སྔོན་གྱི་ད་ལྟའི་དུས་མཉམ་སྟེ། ན་ནིང་གི་ཟླ་བ་ཚེས་གྲངས་འདིའི་ཚོད་ཙམ་ཞིག་ལ་གྲུབ་དབང་རྫོགས་ཆེན་པའི་གདན་སའི་བཤད་སྒྲུབ་ལས་གསུམ་གྱི་དགེ་འདུན་པ་དབུར་བཞུགས་ས་ནས་ས་འདིའི་སྟེང་གི་འབྲོག་རུ་བསོད་ནམས་ལྷ་སྡེའི་སྡེ་ཚོ་པ་ཤོག་ཁག་བཅུ་གསུམ་ཆོས་བརྒྱུད་མ་ལག་ཡང་ལག་དང་བཅས་པའི་སེར་སྐྱ་ཆོས་དད་མང་ཚོགས་ཞལ་གྲངས་དང་ངོ་གྲངས་ཁྲི་ཕྲག་ཁ་གྲངས་ཅན་འཛོམས་ཏེ། མཚོ་ཁྲི་ཀླུ་ཕྱུག་སྡེ་བས་སྦྱིན་བདག་བྱས་ནས་བདེ་ཆེན་ཞིང་མཆོད་ཆེན་མོའི་མཆོད་འབུལ་དང་མཉམ་དུ་སེམས་བསྐྱེད་འབུམ་མཆོད་ཀྱི་མཆོད་འབུལ་ཡང་དེ་དང་སྦྲེལ་ནས་སེམས་བསྐྱེད་འཚོགས། བྱང་སྡོམ་བླངས། བདེ་ཆེན་ཞིང་སྒྲུབ་ཐེངས་བདུན་པ་ན་ནིང་འཚོགས་ལ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་ཐོག་མཐའ་བར་དགེའི་གཏམ་གྱི་ཆོས་ཁྲིད་ཅིག་ཀྱང་བཤད། དེ་ནས་དགའ་སྟོན་གྱི་ཚོགས་འཁོར་བསྐོར། ཚོགས་མཆོད་རྒྱ་ཆེན་པོ་ཞིག་ཕུལ། མཐར་བདེ་ཆེན་ཞིང་དབང་ཞིག་གིས་བསྡུས་ནས་ཚང་མ་ལ་ཚེ་རིང་ལོ་བརྒྱ་སྨྲས་ནས་འབྲལ་མི་ཕོད་བཞིན་དུ་ཚང་མ་དང་ཞལ་གྱེས་བྱས་པ་ཡིན། དེ་ལྟར་ན་འུ་ཚོ་སྤྱིར་མ་ཐུག་ནས་ལོ་གཅིག་འཁོར་ནས་ཁ་རྩང་དེ་རིང་གི་དུས་ཚོད་ལ་མ་ཤི་གསོན་པོར་ཡོད་པ་རྣམས་ལ་ཡང་ཐེངས་གཅིག་ལ་ཐུག་པའི་གོ་སྐབས་ཚེས་པ་ཡིན། འདས་མ་ཐག་པའི་ལོ་གཅིག་པོ་དེའི་ཁ་རྩང་གི་དུས་ཚོད་ལྟ་བུ་ལ་ཕྱིར་བལྟས་ཤིག་བྱས་ན་འདས་པའི་བྱ་དངོས་ཐམས་ཅད་པོ་མཐོང་ཡུལ་ལ་ཡོད་པ་མ་ཡིན་ཞིང་། འདང་བརྒྱབ་ན་ཡིད་ངོར་ཤར་རྒྱུ་ཡོད་པ་དེ་དང་དེ་དག་གི་བྱུང་བ་དྲན་པའི་ལོ་རྒྱུས་དེ་མདང་གི་རྨི་ལམ་ཕྱིར་དྲན་བྱས་པ་ལྟ་བུ་ཞིག་ཡིན། བསྐལ་བ་རྟ་སྦྲུལ་གཉིས་ཀྱི་བར་གྱི་ལོ་གཅིག་པོ་འདི་ལ་ཡུལ་སྡེ་སྤྱི་ལ་དམིགས་བསལ་གྱི་ཆག་ཆེ། ཉམ་ང་། ས་གཡོ། མེ་དགྲ་ལ་སོགས་པའི་འབྱུང་བཞིའི་གནོད་པ་དང་། གློ་བུར་གྱི་ཉེར་འཚེའི་རིགས་གཞན་དག་ཆེན་པོ་མ་བྱུང་ལ། འོན་ཀྱང་སྤྱིར་ན་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་འདིར་ཕྱིའི་འབྱོར་འཁོས་དེ་ཉིད་ཡར་རྒྱས་བཞིན་མེད་ན་མར་རྒུད་ཀྱིན་ཡོད་པའི་ཚོར་སྣང་འདི་ཡོད་འདུག་བསམ་རྒྱུ་མེད་མོད། ནང་ཉོན་མོངས་དུག་ལྔས་ནད་གཞི་དེ་ཤུགས་ཇེ་དྲག་ལ་འགྲོ་བཞིན་ཡོད་པ་དེ་ཉིད་ལ་ཕན་ཐོགས་ཅན་གྱི་ནང་བསམ་པའི་བདུད་རྩི་སེམས་ཀྱི་སྨན་མཆོག་ཕན་ནུས་ཅན་གནད་ཐོག་ལ་ཁེལ་བ་ཡང་དཀོན་པའི་སྟབས་ཀྱིས་བདེ་ཟེར་ཡང་སྡུག་བསྔལ་མེད་པའི་སྐྱིད་པོ་ཞིག་འདིའི་ཉིན་པར་སྐྱིད་ཟེར་རྒྱུ་མིག་གིས་འདི་རིག་སོང་བསམ་པ་ཞིག་དཀའ་མོ་ཡིན། ཡིན་ན་ཡང་མི་ཤི་ན་ཚ་ངན་པ་མ་ཡོང་བ་དེ་ཉིད་ལ་བདེ་ཟེར་ཁུལ་བྱེད་པ་ཡིན་ཡང་དེ་ཡང་གཅིག་ཚང་བདེ་ན་གཅིག་ཚང་བདེ་བ་མ་ཡིན་ཞིང་། འགའ་རེའི་ཕ་མ་རྒན་གསུམ་མ་འཚམས། འགའ་རེའི་ལོ་ཉུང་དང་བྱིས་པ་མ་བསམ་མ་དྲན་ས་ནས་གསར་ཤི་དར་ཆག་གྱུར་ཤོར། འགའ་རེ་དབུགས་རྟ་རྔ་འདྲ་བོ་མ་ཆད་ཀྱང་ཤི་གསོན་གཉིས་ཀ་གང་དགའ་གདམ་ཞེས་སྨྲས་ན་ཤི་རྒྱུ་སྔོན་མར་གདམ་འགྲོ་བའི་ནད་ན་ཚའི་སྡུག་བསྔལ་ཆེ། ཡང་འགའ་རེ་མི་དགོས་ས་ནས་བྱ་ཉེས་བྱུར་གྱི་སྣ་འདྲེན་དུ་སོང་ནས་དགྲ་གྱོད་གཉིས་ཀྱི་བར་ལ་ལྷུང་རྒྱུ། ད་ནངས་ཀྱི་གཉེན་དང་གྲོགས་པོ་དེ་མ་བསམ་ས་ནས་དོ་དགོང་དགྲར་གྱུར་པ། རེ་བ་ཅན་དེ་ཉིད་ཀྱིས་རེ་ཐག་བཅད་པ། ལས་ལས་བྱས་བྱས་དཀའ་ལས་བརྒྱབ་པ་དེ་ཉིད་སྟོང་ཟད་ལ་སོང་བ་ལ་སོགས་པ་མདོར་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་བཤད་ཅི་དགོས་ཏེ། དེ་དང་འདྲ་བའི་སྡུག་བསྔལ། དེ་བས་ཚབས་ཆེ་འདུག་བསམ་རྒྱུའི་སྡུག་བསྔལ་སྣ་ཚོགས་པ་འདི་དག་གིས་འཁོར་བའི་སེམས་ཅན་ལ་སྡུག་མ་བསྐོལ་བསམ་རྒྱུ་ཞིག་དང་མ་མནར་བསམ་རྒྱུ་ཞིག་མེད། དེ་ལྟར་ན་ཡང་ན་ནིང་ཆོས་གྲྭའི་ནང་ལ་མཉམ་འཚོགས་བྱས་པ་ད་ལོ་མིང་མེད་ཕྱི་མའི་ལམ་ལ་མིག་ལམ་དུ་དེ་ལྟར་ཆས་སོང་བ་ནི་གང་མང་མང་ཡིན་ཞིང་། ལོ་གཅིག་སོང་ནས་འབྱུང་འགྱུར་གྱི་སང་ལོ་ད་ལྟའི་དུས་ཚོད་ལ་ཡང་ཐམས་ཅད་པོ་བཟའ་ཚོ་ཁ་ཚང་འཛོམས་པ་དེ་ཉིད་ཀྱང་སྔར་བསགས་བསོད་ནམས་ཀྱི་རྒྱུ་ཚོགས་ཚོགས་ཡག་བྱས། དཀོན་མཆོག་གསུམ་གྱི་སྐྱབས་འོག་ལ་ཡང་དག་ཅིག་ཚུད་ཡོད། ལྷ་དང་སྲུང་མའི་སྐྱོར་ཡ་མ་འདྲ་བ་ཞིག་མེད་ན་རྐྱེན་གློ་བུར་གྱིས་ཤུགས་ལ་མི་འགྲོ་ཟེར་མི་ཤེས། གང་ལྟར་འདིར་ཡོད་ཀྱི་ཕོ་མོ་རྒན་དར་གཞོན་གསུམ་པོ་མ་ཤི་ཚེ་རིང་བྱུང་ནས་མཉམ་དུ་འཛོམས་པ་ནི་ཚེ་རབས་གཏན་གྱི་འདུན་མ་ཕུགས་བསམ་ཡོད་ཚད་ཀྱི་ནང་ནས་བཟང་ཤོས་ཀྱི་ཆེད་ཡིན། རང་གཞན་ཐམས་ཅད་ལ་འཕྲལ་དང་ཡུན་གྱི་ཕན་ཐོགས་ཅན་དམ་པའི་ཆོས་ཀྱི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་སྐལ་བ་བཟང་པོ་འདི་ལྟ་བུ་དང་ལྡན་པ་འདི་ཚོ་སྔར་བསགས་བསོད་ནམས་ཀྱི་མཐུ་དང་། ལས་དང་སྨོན་ལམ་བཟང་པོའི་མཐུ་མཉམ་དུ་གྲུབ་པ་ཞིག་ཡིན་པར་སྨོས་མི་དགོས། འུ་ཚོའི་ན་ནིང་གི་གླེང་མོལ་ནང་ན་སྤྱིར་ན་ཆོས་པ་ཞིག་གིས་རྟག་འཛིན་བྱེད་སའི་བློ་སྣ་རིང་པོ་བྱེད་རྒྱུ་མེད། ཁྱད་པར་དུ་ཞིང་སྒྲུབ་རྗེས་མ་ངའི་ཟུར་འདི་ནས་འཚོགས་ཟེར་རྒྱུའི་ལོ་གཅིག་གི་སྔོན་འཆར་མ་དགོས་དང་ཞག་དང་ཟླ་བའི་ཚོད་རྩིས་ཡིད་ཚོད་སུས་ཐིག་སྟེ། དེ་ལ་མ་གཞིར་བཤད་ན་ཞིང་སྒྲུབ་འདི་རི་ཁྲོད་འདི་ནས་འཚོགས་མ་འཚོགས་ཨེ་འདུག་ཅེས་སྨྲས་ནས་བློ་ཐེ་ཚོམ་ཅན་གྱི་མདུད་སྣེ་ཁ་ཡ་དེ་སྡེ་བ་མང་ཚོགས་ཀྱི་ལག་ལ་བཞག་པ་ཡིན། དེ་ལྟར་ཡིན་ཕྱིར་ཆོས་པ་ཞིག་གིས་ཆོས་ཕྱོགས་ཀྱི་བྱ་བ་གང་སྒྲུབ་ན་བརྟགས་ཤིང་དཔྱད་པ་སྔོན་ལ་བཏང་སྟེ། ཆོས་བསྒྲུབས་ན་ཆོས་ཀྱི་སྒྲུབ་ལུགས་བློ་ཐག་རང་གིས་བཅད། སྣ་ཐག་མགོ་ལ་སྡོག་རྒྱུ་མིན་པར་ཕྱིར་བལྟས་བྱེད་སར་ཐུག་དུས་ཆོད་སེམས་ཀྱི་བློ་སྟོབས་དེ་ཉིད་རང་ངོས་ནས་དེ་ཙམ་མ་བརྟན་པ་ཡིན་ཤས་ཆེ། ལུས་རྟེན་འདི་ལ་མི་ལུས་ཤིག་བླངས་པ་དེ་ཉིད་ཀྱི་བསྐོས་ཐང་ཐོད་པའི་རི་མོ་དེ་ས་འདིར་བྲིས་བཞག་པ་ཡིན་ན་མི་ཐོག་སྔོན་རྗེས་ཀྱི་ན་ཚོད་རབ་འབྲིང་ཐ་གསུམ་དང་སྐྱིད་སྡུག་མཉམ་དུ་ཁུར། ཁྱད་པར་དུ་མང་པོ་ཞིག་གིས་ད་སྔའི་འགྲོ་ལམ་རིང་མོའི་མི་ལོ་དྲུག་ཅུ་བདུན་ཅུའི་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་མྱངས་པའི་ལོ་རྒྱུས་ཀྱི་ར་སྤྲོད་དང་བསྟུན་ནས་ཆོས་ཁྲིད་ལུགས་གཉིས་ཀྱི་ཐད་ནས་བློ་གཏད་འདྲ་ཞིག་བཅོལ་ཁུལ་བྱས། འུ་ཚོ་ལ་ཆོས་འཇིག་རྟེན་གཉིས་ཀྱི་ཐད་ནས་ལེགས་པའི་ལམ་སྟོན་དང་གནས་སྐབས་དང་མཐར་ཐུག་ལ་བདེ་ཞིང་སྐྱིད་པའི་མགྱོགས་ལམ་ཟིན་པ། དེའི་བར་ནས་ལམ་ངན་རང་གཞན་གཉིས་ཕུང་ལ་རྡོག་འཁྱར་མི་འགྲོ་བ། དེ་ལྟ་བུའི་ལམ་ཁྲིད་ཀྱི་ནུས་པ་འདི་ཡོད་འདུག་བསམ་རྒྱུའི་གདིང་ཚོད་སྤོབས་པ་མི་འདུག་ཀྱང་དམ་པ་གོང་མ་ཚོས་ཐུགས་བསྐྱེད་སྨོན་ལམ་དང་གསུང་གི་ཞལ་ཆེམས་རྣམས་གཞིར་བཟུང་སྟེ། ས་མི་འགྱུར་གྱི་ས་རྟགས་དེ། །ཤར་གྱི་དུང་རི་དཀར་ཆུང་དང་། །ཕྱོགས་མི་ནོར་གྱི་ཕྱོགས་རྟགས་དེ། །བྱང་གི་སྐར་མ་ཨ་བརྟན་ལ་བཟུང་ནས། ཆོས་བརྒྱུད་འཆུག་མེད་ཀྱི་གདམས་ངག་དང་། ཡ་རབས་འཇིག་རྟེན་གྱི་ལམ་སྲོལ་དེ་དེད་ནས་སོང་ན་ས་ཁ་ཐག་རིང་པོའི་འགྲོ་ལམ་བརྒྱུད་ནས་འགྲོ་བཞིན་ཡོད་ཕྱིར་གྱེན་ཐུར་བརྩེགས་གསུམ་དང་། ལ་ཆུ་འཕྲང་གསུམ་གྱི་བདེ་གཟར་སྣ་ཚོགས་ལ་ལོས་ཐུག་སྟེ། ཡིན་ན་ཡང་། ཁྲ་ཆུང་མིག་གི་ལྟ་ཕྱོགས། གངས་དཀར་སེམས་ཀྱི་འཁོར་ཕྱོགས། བློ་གཏད་སའི་མདུད་སྣེ་ལྟ་བུ་དེ་ཉིད་མ་འཆུག་དུས་ཅིག་འགྲིག་བཞིན་ཡོད་ལས་ཆེ་སྙམ་ནས་མི་ཆེན་དཔོན་ཆེན་བརྒྱ་ཐམ་པའི་ངོ་ལོན་པ་བས་ཡུལ་སྡེ་པའི་འབངས་མི་ཕལ་པ་གཅིག་དགའ་སོང་བས་དགའ། སྟོབས་འབྱོར་བ་ཅན་གྱི་དངོས་པོའི་འབྱོར་བས་ལུང་པ་རྟ་ནོར་གྱིས་བཀང་ནས་བྱིན་པ་བས་མང་ཚོགས་ཉམ་ཆུང་ཕལ་པ་ཞིག་གི་ཡིད་ཆེས་ཀྱི་རིན་ཐང་ཆེ་བསམ་གྱིན་ཡོད། ས་འདི་དང་སྡེ་འདིའི་མི་རྐྱང་པ་མིན་ཡང་འདི་ན། ས་ནག་འདོམ་ལ་འཇལ། སྤྲིན་དཀར་ཐོད་ལ་བཏགས་ནས་ཡོང་བ་རྣམས་གཅིག་དང་གཅིག་ཡིན། དེར་མ་ཟད་ངའི་འབྱུང་བཞི་འདུས་པའི་ཕུང་པོ་ཞིག་སོང་ཞིང་། རུས་གོང་དཀར་པོའི་ཚོགས་པ་འཐོར་སོང་ཡང་མ་འོངས་ཕྱི་རབས་འབྱུང་འགྱུར་གྱི་གྲོགས་པོ་ཚོའི་ངོ་སྐལ་དུ་ཕན་པའི་སྙིང་གཏམ་ཚིག་རེ་ཚིག་གཉིས་ཤིག་ཡིག་ཐོག་ལ་བཞག་པ་རྣམས་ལ་བལྟས་ན་ལྟ་བསམ་པའི་མོས་པ་ཅན་ཚོ་ངའི་མ་འདྲིས་སེམས་གཏམ་གྱི་གྲོགས་པོ་ཡིན་པ་དང་། དོན་སེམས་ལ་བླངས་ནས་ཕན་རེ་ཐོགས་ས་ཞིག་ཡོད་ན་ངའི་ལས་དང་སྐལ་བ་ལྡན་པའི་གདུལ་བྱ་ཡིན་སྙམ་གྱིན་ཡོད། དེ་ལྟར་ཡིན་ཕྱིར་ས་ཆ་གང་ཡིན་ལ་མ་ལྟོས་པའི་རིས་མེད་ཉམ་ཆུང་གི་མང་ཚོགས་ཕལ་པ་ཚོའི་ཡིད་ཆེས་དེ་རིན་ཐང་ཆེ་བས་མི་ཚད་དེ་དག་ལ་ཕན་རེ་ཐོགས་ན་ངའི་བདེ་སྐྱིད་ཀྱི་ཆེ་ཤོས་དེ་ཡིན། འདང་དེ་ལྟ་བུ་བརྒྱབ་ནས་ང་ཚོའི་གོམ་པ་རྗེས་མའི་ས་ཚུགས་དེ་ས་གང་ན་ཇི་ལྟར་འཛོམས་ན་དགའ་ཁྱེད་ཚོས་ཤེས་ཞེས་མདུད་སྣེ་གཅིག་མི་ལག་ལ་བཞག་པ་ཡིན། ཡང་ཁ་ཁ་ཡ་ནས་མི་ལོ་བདུན་ཅུའི་རིང་དུ་སོང་ཚར། ལས་ཚར། བཤད་ཚར་བ་ཡིན། ད་ནི་མི་ཁྱུ་ནས་བུད་ནས་གྲོགས་བྱ་དང་རི་དྭགས་བྱས་ཏེ་མི་ཚེའི་ལྷག་མ་དེ་མཇུག་སྒྲིལ་བ་ཡིན་ཟེར་ཞོར་དུ། ཡང་ཁ་ཁ་ཡ་ནས་ད་རུང་ཅི་བྱེད་ཁྱེད་ཚོ་དང་བསྟུན་ལྟ་བུ་བཤད་པས་ཀི་རང་གིས་བཏབ་ཀྱང་གོམ་པ་ཐུང་ལེན། ཕྱི་བལྟས་རེ་ཤོར་བཞིན་ཡོད་པའི་རྣམ་འགྱུར་དུ་གྱུར་མེད་ཟེར་ཡང་འགྱུར་བཞིན་འདུག ན་ནིང་ང་ཚོའི་ཆོས་ཚོགས་གྲོལ་རན་ཁར་ཚེ་རིང་ལོ་བརྒྱ་ཞིག་དང་ལྷན་དུ་འདུས་བྱས་ཀྱི་ཆོས་ལ་རྟག་བརྟན་ཡོད་པ་མ་ཡིན་ཡང་ལྷ་དང་བླ་མས་བསྐྱབས་ན་སང་ཕར་ལོའི་ད་ལྟའི་དུས་ཚོད་ལ་གཅིག་བྱས་ན་རང་རེ་མཉམ་འཛོམས་ཡོང་སྲིད་ཟེར་རྒྱུའི་ཚིག་དེའི་ཐོག་ནས་སྐད་ཆའི་མཚམས་བྱས་ནས་ད་ལ་ཐུག་པ་ཡིན། ལོ་མང་པོ་ཞིག་གི་ཡར་སྔོན་ལ་བདེ་ཆེན་ཞིང་མཆོད་ཀྱི་དབུ་བཙུགས་ཞོར་དུ་ཉེ་འཁོར་གྱི་ཆོས་དད་མང་ཚོགས་ཁ་ཤས་ལ་ཆོས་ཀྱི་སྦྱིན་པ་རེ་ཡོང་ན་རྣམ་དཀར་གྱི་དགེ་ལས་ཡིན་བསམས་ནས་ཚོགས་བསགས་རང་གི་དམིགས་པས་བྱེད་རྒྱུ་མ་གཏོགས་མི་ཞིག་གི་ལག་ལ་བཞག་སྟེ་བསྐལ་བའི་མར་མེ་དལ་མེད་ཀྱི་ཐེབས་རྩར་འགྱུར་རྒྱུ་དང་བསྒྱུར་རྒྱུའི་འདང་མེད་པར་མ་ཟད་ད་རུང་ཡིན་ན་འདི་ཐེངས་རེ་ཐེངས་གཉིས་ཀྱི་སྟབས་བསྟུན་བྱེད་རྒྱུའི་བསམ་བློ་ལ་འགྱུར་བ་མེད་ཀྱང་ཡུལ་མི་སྟོང་ཚོ་དང་ཁྲི་ཚོའི་རེ་འདུན་ཐང་ལ་འཕེན་མ་ཐེག་ནས་ཐེངས་མང་པོ་ཞིག་ལ་འདི་ལྟར་བྱས་ཏེ་འཛོམས་པ་ཡིན། འདི་ལ་ས་ཆ་གཅིག་དང་མི་འདྲ་བར་ས་ཆ་འདིའི་ཤོག་ཁ་དང་ཤོག་ཁའི་བར་སྦྱིན་བདག་བྱེད་རྒྱུར་ང་ཡིན་ཁོ་ཡིན་གྱི་རྩོད་པ་བྱེད་ཀྱིན་ཡོད་ལ། ཡིན་ན་ཡང་སྒེར་གཅིག་གི་ལག་ལ་ད་སྔོན་མ་བཞག་པ་ཡིན། གནས་ཚུལ་དང་བསྟུན་ཞོར་ལ་སྡེ་ཤོག་ཁ་ཚང་མ་ལ་མཚམས་རེ་ཁ་སྔོན་རྗེས་དང་། སྐབས་རེ་རྒྱན་འཕེན་པ་ལྟ་བུ་ཡང་བྱས་པ་ཡིན་ཞིང་། ན་ནིང་གལ་ཏེ་ཐེངས་རྗེས་མ་འཚོག་རྒྱུ་ཞིག་གྲུབ་སོང་ན་སྦྱིན་བདག་གཡང་འཁྱིལ་སྡེ་བར་བབ་འདུག་ཅེས་བཤད་པ་ཡིན། རང་རོགས་མ་ཤི་གསོན་པོར་ཡོད་པའི་མི་ཚང་མའི་མི་ཚེའི་དུས་ཚོད་ཀྱི་ནང་ནས་ལོ་གཅིག་སོང་ཚར་ནས་དེ་རིང་ཡང་འདི་ལྟར་འཛོམས་པ་དང་། དེ་བཞིན་དུ་ན་ནིང་གི་བཤད་ཐོག་ལྟར་ད་ལོ་གཡང་འཁྱིལ་སྡེ་བས་བཀོད་བསྒྲིགས་བྱས་ཏེ་འཚོགས་བཞིན་ཡོད་པ་འདི་ཡིན། གནའ་སྔོན་ཆད་གཡང་འཁྱིལ་སྡེ་བ་དེང་སང་ངས་མིང་བརྗེས་ནས་མདའ་བཞི་སྡེ་བ་བཏགས་ལ། མིང་ཆ་ཚང་སྨོས་ན་མདའ་བཞི་གཡང་སྡེ་ཕྱུག་མོ་ཞེས་བཏགས་པ་དང་། སྔར་གྱི་མིང་རྙིང་པའི་ཡིག་འབྲུ་གཅིག་ཡོད་པར་བྱས་ཏེ་བཏགས་པ་ཡིན། གནས་གདན་ས་ཁྱད་པར་ཅན་ཞིག་ནས་རྟེན་ཁྱད་པར་ཅན་གྱི་མདུན་དུ་དགེ་འདུན་འདུས་པ་མང་ཚོགས་འཛོམས་ས་ནས་དཀྱིལ་འཁོར་ཁྱད་པར་ཅན་གྱི་ཞལ་ཕྱེས་ཏེ་ཚོགས་བསགས་མཆོད་འབུལ་རྣམ་དག་ཅིག་བྱས་ན་ཕན་ཡོན་བསམ་གྱིས་ཅི་ཁྱབ། དེའི་ཚོགས་གྲལ་ལ་ཚུད་རྗེས་སུ་ཡི་རང་ཞིག་བྱེད་རྒྱུ་བྱུང་ན་ཡང་དགེ་རྩའི་འགྱུར་ཁྱད་ཀྱིས་ཚད་བཟུང་ཕལ་བ་ཞིག་གིས་བྱེད་ཅི་ཤེས་ཏེ་ཕལ་བའི་མི་ཡིས་དེའི་ཚད་བཟུང་ཤེས་པ་མིན། ཡང་སྒོ་གསུམ་དགེ་བའི་ལམ་ལ་འཇོག་ཤེས་མཁན་ཐེག་གསུམ་དམ་པའི་ཆོས་ཀྱི་རྣམ་བཞག་ངེས་པས་མི་ཚད་ཐེག་ཆེན་སྦྱོར་དངོས་རྗེས་གསུམ་གྱི་འགྲོས་དང་གསང་སྔགས་བསྐྱེད་རྫོགས་རིམ་གཉིས་ཀྱི་གནད་ཆེ་ཚོད་ཆུང་མིན་རེ་ཟིན་པའི་གང་ཟག་ཅིག་ཡིན་ན་ནི་འདི་ལྟར་བྱས་ཏེ་མ་འཚོགས་ཀྱང་ཚོགས་བསགས་མཆོད་འབུལ་མི་ལོ་རྒྱུ་དང་ལུས་ངག་གི་དགེ་སྦྱོར་གཅིག་ཀྱང་འགྲུབ་ཐབས་མེད་པ་མ་ཡིན། འོན་ཀྱང་འདི་ལྟར་བྱས་ཏེ་འཚོགས་དུས་འཚོག་རྒྱུ་འདོན་རྒྱུ་རྐྱང་པ་ཞིག་གིས་མི་ཚད་པར་ཆོས་ཁྲིད་མིང་དོན་ཚང་བ་རེ་བཤད་རྒྱུ་ཉན་རྒྱུ་བྱས་ན་རིན་ཐང་དེ་ན་ཡོད་སྙམ། འགའ་རེས་ས་ཐག་རིང་པོའི་དཀའ་ལས་ལ་མ་འཛེམ། འགའ་རེས་རྟ་ཟོག་རི་རྒྱག་བྱས་ཏེ་ཁྱིམ་སྲུང་གི་མི་རེ་ཡང་མ་བསྡད་ནས་ཡོང་བ་དེ་ཉིད་ཀྱི་ཡོང་སྒོ་དེ་ཆོས་ཁྲིད་ཐེངས་རེ་ཉན་པ་དེ་ཉིད་ཀྱི་ནང་ནས་ལོན་དགོས། ཆོས་ཁྲིད་ཆོས་ཁྲིད་ཅེས་པ་མིང་བཟང་མིང་བཏགས་པ་ཡིན་མ་གཏོགས་རིགས་མཐུན་བསམ་པ་མཉམ། སྐྱིད་འདོད་སྡུག་ལ་མི་དགའ་བར་འཕྲལ་ཡུན་གཉིས་ཀའི་བདེ་སྐྱིད་ཀྱི་ལམ་ཞིག་ཨེ་རྙེད་སྙམ་སྟེ། ཕོ་མོ་རྒན་དར་གཞོན་གསུམ་གྱི་མི་སྣ་མ་མང་མི་ཉུང་བ་ཞིག་འཛོམས་ནས་མཉམ་དུ་གྲོས་འགོ་ཞིག་རུག་པ་ཡིན། མཐའ་ཡས་འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་མཐོང་སྣང་ཇི་ལྟར་འདྲ་སྟེ་འགྲོ་བ་མིའི་རིགས་ཀྱི་འཛམ་གླིང་ཤར་ནུབ་ལྷོ་བྱང་གི་མིའི་བསམ་ཚུལ་སྤྱོད་སྟངས་མི་འདྲ་ལ། དེར་མ་ཟད་མི་རིགས་གཅིག་གམ་སྡེ་བ་གཅིག ཁྱིམ་ཚང་གཅིག་གི་ལས་སྐྱིད་སྡུག་གཅིག་ལ་བསྐོས་པའི་ཁྱིམ་མི་ཡིན་ཡང་གོ་ཁ་ཕན་ཚུན་བསམ་པ་མི་གཅིག་པའི་རྒྱུ་མཚན་གྱིས་མི་ཁ་ཁ་ཡིན་ཕྱིར་བསམ་ཚུལ་དེ་བཞིན་དུ་མི་གཅིག འོན་ཀྱང་གཅིག་རྒྱུ་གང་གཅིག་པ་ཡིན་ཟེར་ན། སྐྱིད་ལ་དགའ་རྒྱུ་དང་། སྡུག་ལ་མི་འདོད་པ་དེ་ཉིད་ཐམས་ཅད་གཅིག་མཚུངས་ཡིན། འདི་ཆོས་ཕྱོགས་རྐྱང་པའི་ཐ་སྙད་ཀྱི་ཚིག་ཐོག་ནས་བཤད་ན། ལས་དང་སྐལ་བ་ལྡན་པའི་དོན་མཐུན་གྱི་ཆོས་གྲོགས་མང་པོ་ཞིག་དུས་ཀྱི་མཐའ་འདིར་ཆོས་ཀྱི་གྲུ་ཆེན་པོ་ལ་མཉམ་དུ་ཞུགས་ནས་འཁོར་བའི་རྒྱ་མཚོ་བརྒལ་དཀའ་བའི་ཕ་རོལ་གྱི་ཐར་བའི་འགྲམ་ངོགས་ལ་བགྲོད་ཅེས་པའི་ཚིག་དེ་བེད་སྤྱོད་གཏོང་སྐབས་ཡིན། འུ་ཚོ་འདིར་ཡོད་མང་ཆེ་བ་འཛམ་གླིང་གི་ས་ཆའི་རྩེ་མོའི་ཡང་ཏོག་བོད་ཁ་བ་ཅན་གྱི་ལྗོངས་ལ་སྐྱེས་པའི་མི་ཡིན་ལ། ང་ཚོས་རང་བསྟོད་བྱེད་སྐབས་རི་མཐོ་ས་གཙང་བསིལ་བའི་གནས་མཆོག་ཡིན། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། ཕལ་བའི་གནས་མིན། དག་པའི་ཞིང་ཁམས་ཤིག་ཡིན་ཞེས་ཟེར་ལ། དོན་ངོ་མས་བཤད་ན། ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་དང་སྦྲགས་ན་ཡང་མེས་པོ་དམ་པ་གོང་མ་ཚོའི་སྐུ་དྲིན་གྱིས་གནའ་ཡི་བཤད་སྟངས་བྱས་ན་རྟ་རྨིག་ལྕགས་ཀྱིས་བཏུམ་ནས་སོང་ཡང་། དེང་སང་གི་སྐད་བྱས་ན་གླིང་ལྔ་མཚོ་དྲུག་ནས་བཙལ་ན་ཡང་རྙེད་རྒྱུ་མེད་པའི་འཇིག་རྟེན་ཕལ་བའི་དངོས་འབྱོར་སླུ་བྱེད་སྒྱུ་མའི་ནོར་རྫས་ཤིག་གིས་བསྡུར་ཡོང་ས་མེད་པའི་རང་གཞན་གཏན་བདེའི་འདུན་མའི་ལམ་སྣེ་རྙེད་སའི་ཆོས་དང་རིག་གཞུང་གི་ཁྱད་ནོར་བཞུགས་སའི་ས་ཆ། ཆོས་སྐད་བྱས་ན་ཆོས་ཚིགས་ཀྱི་ཡུལ་དབུས་ཁྱད་པར་ཅན་གཅིག་པུར་ཡིན་པར་གྲགས་ཤིང་གྲུབ་པ་ཡིན། དེང་སང་གི་བཤད་སྟངས་བྱས་ན་ལྷོ་བརྒྱུད། ནུབ་བརྒྱུད། རྒྱ་བརྒྱུད། བོད་བརྒྱུད་ཀྱི་ནང་བསྟན་ཞེས་དེ་ལྟར་བཤད་རྒྱུ་ཡོད་ཅིང་། ཐེག་གསུམ་དམ་པའི་ཆོས་ཀྱི་རིམ་པ་དེ་མདོ་རྒྱུད་བཀའ་དང་བསྟན་བཅོས། སྟོན་པ་ཐུབ་པའི་དབང་པོ་ནས་ད་ལྟའི་བར་དང་། རྒྱལ་བ་རྡོ་རྗེ་འཆང་ཆེན་ནས་དེང་གི་བར་དུ་བརྒྱུད་པ་མ་ཆད་པ་སྟེ། དེ་ཡང་བསྟན་པའི་གཏད་རབས་བདུན་དང་། བྱམས་འཇམ་དབྱངས། ལྷ་དང་མི་ཡི་གྲུབ་པའི་རིག་འཛིན་ལ་བརྒྱུད་པའི་ཐུན་མོང་དང་ཐུན་མིན་གྱི་ཆོས་སྐལ་དུ་བཞུགས་པ། རྗོད་བྱེད་སྡེ་སྣོད་གསུམ་མམ་བཞིའི་ཁོངས་སུ་བསྡུས་པའི་བརྗོད་བྱ་ལམ་བསླབ་གསུམ་ཉམས་ལེན་གྱི་རིམ་པ། བཀའ་འཁོར་ལོ་རིམ་གསུམ། སྔགས་རྒྱུད་སྡེ་བཞི་དྲུག་དང་བཅས་པ། མཁས་པའི་ཐད་ནས་རྒྱན་དྲུག་མཆོག་གཉིས་ཀྱི་འཆད་རྩོད་རྩོམ་པའི་རྒྱུན་མ་ཉམས། གྲུབ་པའི་ཐད་ནས་བཤད་ན་རིག་འཛིན་རྣམ་བཞིའི་ས་ལམ་ནས་མཆོག་གི་དངོས་གྲུབ་ལ་དབང་འབྱོར་པ་ཚོའི་མན་ངག་གི་བརྒྱུད་པ་མ་ཆད་པ། སོར་བྱང་སྔགས་གསུམ་གྱིས་བསྡུས་པའི་རྒྱལ་བསྟན་ཚང་ལ་མ་ནོར་བར་བཞུགས་པ་འདི་ས་གཞན་གཅིག་ལ་མེད་པའི་རིན་ཐང་ཅན་ཡིན། དེ་ཡིན་རྒྱུ་དེ་ཉིད་སུས་བཤད་ཀྱང་ངོ་གནོང་དགོས་པ་མིན། འོན་ཀྱང་འདི་དབུལ་པོའི་ཁྱིམ་གྱི་གཏེར་ཁ་ཞེས་པ་ལྟར་ཡོད་རང་ས་རང་ཁྱིམ་ལ་ཡོད་ལ་བེད་རང་གིས་སྤྱད་མི་ཤེས་པར་ཕྱུག་པོ་ཡི་དྭགས་ཀྱི་གཏེར་སྲུང་ཞེས་པ་ལྟར་གྱུར་སོང་ན་ཟས་གོས་ནོར་རྫས་ཀྱི་བང་མཛོད་ཀྱི་ནང་ལ་བསྡད་ནས་འཁྱགས་ལྟོགས་གཉིས་ཀྱི་སྡུག་བསྔལ་གྱིས་ཤི་ས་ལ་ཐུག་བཞིན་འདུག་ཅེས་བཤད་པ་དང་མཚུངས་པར་རང་དང་རང་འདྲའི་འཁོར་ཡུག་ལ་བལྟས་ཡོང་ན་རང་རྒྱུས་རང་གིས་བླངས་པའི་གནས་ཚུལ་དེ་ལྟར་ལ་ཐུག་འདུག་སྙམ། དེས་ན་ང་མིན་ང་དང་འདྲ་བའི་བྱི་ལ་མ་བུ་ནད་གཅིག་ཅན་ཡོད་ཚད་ཀྱིས་འདིའི་གནད་རྒྱུ་མཚན་ཅི་ཞིག་ལ་ཐུག་འདུག་ལྟ་སྐབས་གྱུར་ཡོད། གཅིག་གིས་ཡིན་མདོག་བྱས་ནས་ཡིན་ཁུལ་ཞིག་བྱས། ཚང་མས་དེ་ལོས་ཡིན་ལྟ་བུའི་ཚུལ་བྱས། ཕ་མགོ་བུས་གཡོགས། བུ་མགོ་དགྲས་གཡོགས་བྱས་ན་མི་ལོ། ད་མ་ཡིན་ཡིན་མདོག་གི་མཚམས་མཚང་དབྱེ་ས། ས་འདིའི་ཁ་སྐད་བྱས་ན་མདོག་མདོག་བྱེད་ས་ང་ཚོའི་བར་ན་ཡོད་མ་སོང་། འུ་ཚོས་ཁེད་བཞག་པ་ལྟ་བུ་མགྱོགས་དེ་བས་མགྱོགས་མེད་ལ་ས་གོམ་པ་གང་ལ་མི་ཐོན་པ་དང་། རིང་དེ་བས་རིང་མེད་ལ་ཁྱི་མོ་རྒྱ་ལུ་མའི་སྦོ་ཞབས་ལ་མི་སླེབས་པ་དེ་ཉིད་ཅི་ཁེད་སྨྲས་པ་ལྟ་བུ་མི་ཚེ་གཅིག་ལ་ཆོས་པ་ཡིན་ཞེས་ཟེར་ཞིང་། ད་ཤི་ཁའི་ལ་སྒང་ཉག་ཉག་ལ་ཐོན་དུས་རྟ་བྲོ་རོགས་གསུམ་གཅིག་ཀྱང་མེད་པ་དེ་ཉིད་སུ་ཁེད་ཟེར་ན་ང་ཁེད་ཟེར་རྒྱུ་ལས་མ་འདས་པ་ཡིན། འུ་ཚོའི་ས་ཆ་འདི་གོང་ནས་བཤད་པ་ལྟ་བུ་ཆོས་ཐེག་ཆེན་དར་སའི་ས་ཆ་ཡིན་ལ། ཆོས་ས་ཆོས་ཡུལ་ངོ་མར་གྱུར་མྱོང་ཞིང་ཡིན་མྱོང་བའི་དབང་གིས་ཡུལ་སྲོལ་གོམས་གཤིས་ཕལ་བ་ཙམ་ཡང་ཆོས་དང་འབྲེལ་བའི་སྟབས་ཀྱིས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཞེས་པའི་ཚིག་ཅིག་ཚང་མས་འགོ་ལེན་བྱེད་པ་ཡིན། སྐྱབས་འགྲོ་སེམས་བསྐྱེད་གཉིས་ཀྱི་འགོ་བཟུང་ཁུལ་བྱེད་པ་དང་། མཇུག་ལ་བསྔོ་བའི་ཚིག་ཅིག་ཀྱང་འདོན་པ་ཡིན། འདོན་འདུག་རྒྱུ་དེ་ཉིད་ཀྱི་དོན་མ་གོ ཅི་ཞིག་བསམས་ནས་ཇི་ལྟར་འདོན་དགོས་པའི་རྒྱུ་མཚན་མ་ཤེས་ཚེ་བྱ་ནེ་ཙོ་ལ་མི་སྐད་བསླབས་ཏེ་ནེ་ཙོས་མི་སྐད་རྗེས་ཟློས་བྱེད་པ་ལྟ་བུ་ཞིག་མ་གཏོགས་མེད་པས་དོན་འགྲམ་ལ་བཅར་ན་གཞན་དོན་མ་དགོས་རང་དོན་སྒྲུབ་མི་ཤེས་པའི་ས་ཚོད་ལ་ཐུག་ཡོད། དེའི་གནས་ཚུལ་དེ་དགོངས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཐེག་གསུམ་གྱི་རྣམ་བཞག་བསྟན་པ་དེ་ཉིད་གདུལ་བྱའི་སེམས་ཅན་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་བློ་ཚོད་ལ་གཟིགས་འདུག་སྙམ་རྒྱུའི་གོ་བ་ངེས་ཤེས་འུ་ཚོས་འདི་ལྟར་བྱས་ཏེ་བཤད་ན་ལོན་རྒྱུ་ཡོད། དེ་ལྟར་བྱས་ཏེ་ཡང་ཡང་བཤད་ནས་སོང་ན་ཆོས་སྒྲ་ད་ཐེངས་མ་གཏོགས་མ་གོ་བ་མིན་ལ། ཆོས་ལ་ལོག་ལྟ་སྐྱེས་ནས་དེའི་ཕྱོགས་ལ་ཞེན་པ་ལོག་ནས་ཆོས་ཕྱོགས་ལ་ཆ་རྒྱུས་མེད་པའི་མི་འབའ་ཞིག་མིན་ཞིང་། མཐོ་རིས་མིའི་འཇིག་རྟེན་ལ་སྐྱེས། མགོ་གནམ་ལ་བསྟན། རྐང་པ་ས་ལ་བཙུགས། འགྲེངས་ཏེ་འགྲོ་བའི་རྐང་གཉིས་ཀྱི་མིའི་ལུས་རྟེན་ཞིག་བླངས་ནས་སྐ་རགས་ཐད་ལ་བཅིངས་ཀྱང་ལེགས་ཉེས་དཔྱོད་པའི་རྣམ་དཔྱོད་གྱི་རྩལ་འདོན་མ་ཐུབ་པའི་དབང་གིས་ཡིན། ད་དུང་འདི་ལྟར་བྱས་ཏེ་མུ་མཐུད་ན་ལ་ཁའི་རི་དྭགས་རྒས་པ་ལྟར་བྱས་ནས་ཆུ་འགོ་ཁུག་ཀྱོག་ཅིག་ལ་རུས་བཞི་འཐོར་དགོས་པ་ཡིན་ན་འདྲ། ཡང་མིན་ན་ཁྱིམ་ཁུག་ལས་མཐའ་ཞིག་ནས་ཅི་བསམ་འདི་དྲན་མེད་ནས་མིག་སྔོན་པོར་གྱུར་ན་ཡང་སྒོ་ཁའི་སྒོ་ཟོག་ཤི་བ་ལྟ་བུ་ཡིན། གཞན་གྱི་བཀོལ་སྤྱོད་ཀྱི་ཁ་འོག་ནས་མནར་མནར་ནས་མུག་ཤི་གོད་ཤི་གྱུར་སོང་བ་ལྟ་བུ་དང་ཁྱད་པར་མི་ཆེ། དེ་ལྟར་ཡིན་དུས་དམ་པའི་ཆོས་སྒྲུབ་པ་འདི་ཚེ་འདི་ཕྱི་རང་གཞན་གཉིས་དོན་ལ་ཕན་ཐོགས་ཅན་ཞིག་གྱུར་འདུག དེའི་སྟབས་ཀྱིས་ཆོས་ཐོབ་པས་མི་ཚད་དོན་ཤེས་དགོས་འདུག དོན་ཤེས་པས་མི་ཚད་རང་རྒྱུད་ལ་སྦྱར་ནས་ཆོས་བསྒྲུབས་པའི་གྲུབ་འབྲས་ལོན་དགོས་འདུག་བསམ་པ་ཞིག་གིས་ཆོས་ཀྱི་ནང་དོན་དང་པོར་ཤེས་པ་གལ་ཆེ་བ་སྨོས་མ་དགོས་ཀྱང་ཡང་ཆོས་འདི་ལ་ཡིད་དེ་ཙམ་མི་ཆེས་ཤིང་ལས་རྒྱུ་འབྲས་ཟེར་བ་དེ་ཉིད་བསླུ་མེད་ཨེ་ཡིན་ཅི་ཤེས་སྙམ་མཁན་ཚོས་ཁྱད་པར་དུ་དམ་པའི་ཆོས་ཀྱི་བསྟན་དོན་དང་བརྗོད་བྱ་དེའི་གོ་བ་གཏིང་ནས་ལོན་དགོས། འབེན་མིག་གིས་མ་རིག་དུས་མདའ་གང་ལ་འཕེན། འུ་ཚོའི་ས་ཆ་འདི་ལ་དེ་ལྟ་བུ་ལས་ལྷག་གི་ཕན་གནོད་གཏུག་བྱེད་ཕལ་ཆེར་མེད་ལས་ཆེ།

༼ག༽ གཞུང་གི་དོན།

༼ཀ སྤྱིའི་ལུས་རྣམ་བཞག

དེ་ལྟར་ན་ཡང་རང་རོགས་གཉིས་ཀྱིས་ཆོས་འཆད་ཉན་ལོ་གྲངས་མང་པོ་ལ་བྱས་ཀྱང་ག་འཕངས་འདི་བརྒྱབ་འདྲ་ཞིག་ཅི་ཡང་ཨེ་འདུག་བསམས་ནས། གཞུང་བསྟན་བཅོས་ཀྱི་གླེགས་བམ་ཞལ་ཕྱེས་ཏེ། རང་གིས་དེ་ཙམ་གཅིག་ན་མ་གོ གཉིས་ན་མ་ངེས། ཁྱད་པར་དུ་རྒྱུད་ལ་མི་འབྱོར་པ་ཞིག་ཡིན་ཚེ། འོན་པ་རོལ་མོ་མཁན་གྱིས་སྒྲ་སྙན་བསྒྲགས་པ་ལྟར་དུ་མིའི་རྣ་ལ་སྙན་གྱིན་ཡོད་མེད་ཅི་ཤེས་ཏེ་རང་གིས་གོ་བ་མིན་ལ། ཕ་རོལ་པོ་ལ་ཕན་ཐོགས་ཆེ་དང་མི་ཆེ་དེ་ལྟར་བསམས་ནས་འུ་ཚོའི་ད་ལོའི་ཆོས་ཁྲིད་ལ་ང་རང་གིས་བྲིས་པའི་བདེ་སྨོན་ཉུང་བསྡུས་ཚིག་ཤོ་ལོ་ཀ་རྡོག་མ་བཞི་བོ་དེ་ཡང་འདོན་ཞིག་བྱས་ནས་ཉིན་རེ་ཚིག་བཞི་རེ་སྟེ་ཚིག་བཞི་ཞེས་པ་ཤོ་ལོ་ཀ་རེ་ཡིན། ཤོ་ལོ་ཀ་རེ་རེའམ་གཉིས་རེ་ཙམ་རེ་བཏོན་ན་སྙམ། རྒན་པ་ལོ་ལོན་དང་ཡིག་ངོ་མི་ཆོད་པའི་ལོ་ཉུང་ཡིན་ཡང་ཡིག་འབྲུ་ཆེ་ན་དགའ་སྣང་ཡོད་རྒྱུ་རེད་བསམས་ནས་ཚིག་རྐང་བཞི་བོ་དེ་ཡིག་འབྲུ་ཆེན་པོ། དོན་གྱི་དབྱེ་མཚམས་ནོར་མི་འགྲོ་བའི་ཆེད་དུ་ཚིག་རྐང་བཞི་བོའི་ཡིག་འབྲུའི་ཁ་དོག་གི་མདོག་མི་འདྲ་བར་བྱས་ནས་དེབ་ཆུང་ཆུང་ཁྱེར་བདེ་མོ་ཞིག་ལས་བཅུག་ཡོད། ཁྱེད་ཚོའི་ལག་ལ་ཕལ་ཆེར་འབྱོར་ཡོད་རྒྱུ་རེད། འདི་གཞུང་བཤད་བྱེད་སྟངས་བྱས་ནས་ཐོག་མཐའ་བར་དུ་དགེ་བའི་ཆིངས་ཀྱིས་བཅིངས་ནས་བཤད་རྒྱུ་ཅན་ལྷག་ཏུ་བྱས་མེད། འདི་སྨོན་ལམ་རྒྱས་པ་དག་གི་མཇུག་ཏུ་འདོན་རྒྱུ། ཡང་སྨོན་ཡིད་ལ་ངེས་པའི་དགོས་དོན་ལ་བསམས་ནས་སྡོམ་གྱི་དོན་བསྡུས་པའི་ཚུལ་ཅན་ཞིག་གིས་སྨོན་ལམ་བསྡུས་པ་རིགས་འདྲ་གཞན་དག་དང་འདྲ་མཚུངས་སུ་སྦྱར་བ་ཡིན། དེ་ལྟར་ཡིན་ཚེ་བདེ་ཆེན་ཞིང་སྒྲུབ་ཅེས་པ་ཆོ་ག་ཞིག་དང་སྦྲེལ་ནས་བསྐྱེད་རིམ་དང་བཟླས་དམིགས་ཀྱི་སྒོ་ནས་བསྙེན་སྒྲུབ་གཙོ་བོ་བྱེད་པ་དང་། བདེ་ཆེན་ཞིང་ཁྲིད་ཅེས་སྨོས་སྐབས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལྟ་བུ་ཞིག་ས་བཅད་ཀྱི་སྒྲོམ་གཞི་ཞིག་བཞག ལོང་བ་ལག་མགོ་ནས་བཟུང་ཞིང་ཁྲིད་དེ་གང་འདོད་ཀྱི་བདེ་བའི་གནས་ལ་ཐོན་ཐབས་བྱེད་པ་དེ་ལྟ་བུ་ཞིག་གི་གཙོ་བོ་རྫོགས་རིམ་གྱི་གོ་དོན་ཅན་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལ་བཞག་པ་ཡིན། འདི་མདོ་སྔགས་ཟུང་འབྲེལ་གྱི་ལམ་བྱས་ཚེ་སྨིན་བྱེད་ཀྱི་དབང་སྒྲུབ་པའི་འབྲས་བུ་དངོས་གྲུབ་ལེན་པའི་འགྲོས་དང་སྦྱར་ནས་ཞིང་དབང་བསྐུར་རྒྱུ་བྱས་པས་འདིའི་བཤད་པ་བྱེད་རྒྱུ་འདི་མདོ་རྒྱུད་ཁུངས་མ་དང་སྦྱར་ཏེ་གོ་དོན་འགྲོལ་གྱིན་ཡོད་པའི་ཉམས་དེ་ལྟར་ཡིན། དེ་ལྟར་བྱས་ན་དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། སྨིན་བྱེད་དབང་གི་ཆུ་བོ་སྐུར་ཐབས་ངོ་སྤྲོད་དང་བཅས་པ། ཉམས་ལེན་གདམས་པའི་ཆུ་བོ་དམར་ཁྲིད་གནད་ཕྱུང་དང་བཅས་པ། ཕྲིན་སྒྲུབ་ཏིང་འཛིན་གྱི་ཆུ་བོ་ལས་བཞི་ཁ་ཚར་དང་བཅས་པ་ཞེས་སྔ་འགྱུར་རྙིང་མ་པའི་སྐབས་བབ་ཀྱི་ཆུ་བོ་ཆེན་པོ་བཞིའི་འགྲོས་དང་བསྟུན་ནས་འདི་སོར་སྐྱེ་ཕལ་པས་འདུ་བྱས་ནས་ཐ་མལ་པའི་ཚིག་ལ་རྗོད་བྱེད་དུ་བྱས་པ་ཡིན་ཡང་འདིའི་དོན་གྱི་ངོས་ནས་བརྗོད་བྱ་མདོ་རྒྱུད་ཀྱི་དགོངས་དོན་གནད་ལ་བཟུང་བ་ཡིན་པའི་ཆ་ནས་དེ་དག་གི་གནད་འདིར་བསྡུས་པའམ་འདི་དེ་དག་གི་གནད་ཀྱི་སྡོམ་བྱང་གཞན་ཞིག་ཡིན་པར་ཁས་འཆེ་བཞིན་ཡོད། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དམ་སུམ་ཅུ་སོ་བཞི་ཚང་བའི་མི་ལུས་རིན་པོ་ཆེ་ལྟ་བུ་ཐོབ་ཡོད་པའི་སྐལ་བ་མཆོག་ལྡན་གྱི་གང་ཟག་ཚུལ་དང་ལྡན་པ་ཞིག་གི་དམིགས་འདུན་དེ་སྲིད་པ་འཁོར་བའི་གནས་ལ་མི་ལྷུང་། ཞི་བ་མྱ་ངན་ལས་འདས་པ་ལ་མི་ཞེན་པར་མཐའ་ཡས་སེམས་ཅན་གྱི་དོན་དུ་མཐའ་གཉིས་ལ་མི་གནས་པའི་མྱང་འདས་སྒྲུབ་པ་དེ་ཉིད་ཡིན། དེ་ཡང་ཚེགས་དཀའ་ལས་ཆུང་ཆུང་གིས་དོན་ཆེན་པོ་ཞིག་རང་ཤུགས་ཀྱིས་བདེ་བླག་ཏུ་ཐོབ་པའི་ཐབས་དམ་པ་དེ་སྨོན་ལམ་ཡིན་ལ། སྨོན་ལམ་དེ་ཡང་ཚུལ་ཁྲིམས་རྣམ་པ་དག་པས་གཞིར་བཟུང་། སྦྱིན་སོགས་དགེ་བའི་དངོས་པོས་གྲོགས་བྱས། སྨོན་ལམ་རྣམ་པར་དག་པ་དེ་ཉིད་ཀྱིས་མཚམས་སྦྱར་བ་ཡིན་ན་དཔེ་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་བཏབ་ན་དགོས་འདོད་ངང་གིས་འབྱུང་བ་ཡིན་ཞེས་པ་ལྟ་བུའི་དཔེ་དོན་གཉིས་ཀ་འདི་ལ་འབྱོར། མདོ་རྒྱུད་བསྟན་བཅོས་བཀའ་གཏེར་ཐམས་ཅད་ནས་བདེ་བ་ཅན་གྱི་སྨོན་ལམ་རྒྱས་འབྲིང་བསྡུས་གསུམ་ཤིན་ཏུ་མང་པོ་འབྱུང་ཞིང་། ཡིན་ན་ཡང་ཐམས་ཅད་ཀྱི་བསྟན་དོན་གྱི་སྙིང་པོ་ངོ་མ་དེ་འོད་མདོ་དང་། སྙིང་རྗེ་པདྨ་དཀར་པོའི་མདོ། ཞིང་བཀོད་ཀྱི་མདོ། དེ་བཞིན་དུ་འཆི་མེད་རྔ་སྒྲ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ། ད་རུང་མདོ་སྡེ་ཟ་མ་ཏོག་བཀོད་པའི་རྒྱལ་པོ། སྡོང་པོ་བཀོད་པ་ལ་སོགས་པ་མདོ་ཤིན་ཏུ་མང་པོ་དང་། བསྟན་བཅོས་ཀྱི་ཐད་ནས་ཡིན་ན་རྒྱུད་བླ་མ་དང་། འཇུག་པ་རྩ་འགྲེལ་ལ་སོགས་པ་དང་། རྒྱུད་དང་སྒྲུབ་ཐབས་དག་གི་དགོངས་དོན་ལ་གཞི་བཟུང་བ་ཤ་སྟག་ཡིན། ཐམས་ཅད་ཀྱི་བརྗོད་དོན་གྱི་གཙོ་བོ་དེ་ཚུར་བསྡུས་ན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི། རྒྱུ་དང་པོ་དེ་སངས་རྒྱས་འོད་དཔག་མེད་ཞིང་ཁམས་དང་བཅས་པ་ཡང་ཡང་ཡིད་ལ་བྱེད་པ། རྒྱུ་གཉིས་པ་དེ་དགེ་རྩ་དཔག་ཏུ་མེད་པ་བསགས་པ། རྒྱུ་གསུམ་པ་དེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། རྒྱུ་བཞི་བ་དེ་དགེ་རྩ་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་དོན་དུ་བསྔོ་ཞིང་སྨོན་ལམ་འདེབས་པ་དེ་རྣམས་ཡིན། བློ་འཛིན་བདེ་བའི་ཆེད་དུ་འདི་བཞི་བོ་ལ་རྟེན་རྒྱུ་གྲོགས་རྐྱེན་བཞི་ཡིན་ཞེས་སྨྲས་ལ། ཞིང་ཁྲིད་ནམ་བཤད་ལ་ཁྱེད་ཚོས་ཚིག་ཉུང་ཉུང་ཞིག་དང་སླ་མོ་ཞིག་གིས་བློར་བླངས་ན་བློ་འཛིན་སླ་ཞེས་སྨྲས་ནས་རྟེན་རྒྱུ་གྲོགས་རྐྱེན་བཞི་བློ་ལ་ཟུངས། ཁར་བྱང་ཆུག་ཅེས་ནམ་ཡིན་དུ་བཤད་མྱོང་། ཁྱིམ་ཚང་ཞིག་ལ་འགྲུལ་པ་ཇ་འཐུང་ཞིག་ཡོང་། ཡང་ན་ལམ་གྱི་འདྲིས་རོགས་མི་གཉིས་ཀྱིས་ས་ཐག་རིང་པོ་གཏམ་གྱིས་བཅད། དེ་མིན་ཡང་ཁྱིམ་བཟའ་ཚང་གི་ནང་མི་གཉེན་ཚན་དང་ཐུག་དུས་མི་ཚེ་གཅིག་ལ་བཤད་ཀྱིན་འདུག་རྒྱུའི་བླ་བཙག་རྐང་འདྲེན་ཁ་ཡག་ངོ་བསྟོད་ཆགས་སྡང་ཁོང་ཁྲོའི་གཏམ་དུད་ངན་ཞིག་གི་ལྷམ་སྒྱེ་སློག་པ་ལྟ་བུ་འབའ་ཞིག་བཤད་པས་དགོས་པ་མེད་ལ། ཡག་ན་ངག་འཆལ་དོན་མེད། ཉེས་ན་བྱུར་གྱི་སྣ་འདྲེན། དང་པོར་ཁ་མཚར་རྩེ་ཁུལ་བྱས། རྩེ་མ་ཤེས་རྩེ་མཇུག་ཕྱིན་ཅི་ལོག་ལ་འཁྱོག་ནས་འཐམ་རེས་བྱེད་འགྲོ་རྒྱུ། དམེ་ཤི་གྲི་ཤི་འགའ་རེ་སྒོར་རྡོག་ཆ་རེའི་དོན་དུ་རྩེད་མོ་ཁ་མཚར་གྱིས་སྣ་འདྲེན་བྱས་པ་མང་། དེ་བས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཇི་ལྟར་ཡིན་ཞེས་སྨྲས་ནས་གོ་བསྡུར་རེ་བྱོས་དང་རང་གཞན་འདི་ཕྱི་གཉིས་ཕན་གྱི་སྐད་ཆ་དེ་ཡིན། གོང་ནས་བཤད་པ་ལྟ་བུ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཞེས་ཁ་ཡིས་ཟེར་ཡང་དོན་ངོ་མས་གཞན་དོན་མ་དགོས་རང་དོན་སྒྲུབ་མི་ཤེས་པ་འདི་ཡིན། འོན་ཀྱང་དེའི་ཁ་ཟེར་དེ་ངོ་ཚ་བའི་གཏམ་ཡིན་ཞེས་བསྐྱུར་བཞག་ཚེ་དེ་འདྲའི་གང་ཟག་ལ་བསམ་བློ་ཐོངས་དང་དེ་ལྟ་བུ་ལ་ལོ་སྤྱད་ཉན་སྤྱད་གཅིག་ཀྱང་མེད། ངེས་འབྱུང་མེད་ན་སོ་ཐར་གྱི་སྡོམ་པ་མེད། ངུར་སྨྲིག་གི་རྒྱལ་མཚན་ཕུད་རན་སོང་ལ། བྱང་སེམས་དང་སྔགས་སྡོམ་ཕར་ཞོག སྐྱབས་ཡུལ་ཙམ་ཞིག་མ་ཤེས་ན་སྐྱབས་སྡོམ་ཇི་ལྟར་ཐོབ་སྐྱབས་འགྲོའི་བསླབ་བྱ་དེ་ལ་མེད། དེ་ལྟར་དུ་བཤད་ན་ནང་པ་ཙམ་དུ་མི་རུང་ཡང་རིམ་པས་སྦྱངས་ནས་ལམ་ཡང་དག་ལ་ཚུད་དགོས་པ་ཡིན་པས་བློ་སྦྱོང་གིས་བློ་ལས་སུ་རུང་བར་བྱས་པའི་སྟེང་དེ་ནས་རིམ་གྱིས་ཐེག་ཆེན་གྱི་ལམ་ལ་སྦྱང་རྒྱུ་དེ་སྦྱངས་ནས་བྱང་ཐུབ་དགོས། དེ་ལྟར་ན་རྒྱུ་དང་པོ་རྟེན་བདེ་བ་ཅན་གྱི་ཞིང་ཁམས་ཚོགས་ཞིང་གསལ་འདེབས་པ་དེ་ཡིན། བདེ་བ་ཅན་གྱི་ཞིང་ཁམས་མགོན་པོ་འོད་དཔག་མེད་དང་བཅས་པ་རྟེན་བརྟེན་པ་ཐམས་ཅད་ཡིད་ལ་གསལ་བར་བྱེད་པ། རྒྱུ་གཉིས་པ་དེ་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་། རྒྱུ་གསུམ་པ་དེ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། རྒྱུ་བཞི་བ་དེ་རྐྱེན་སྨོན་ལམ་རྣམ་དག་དགེ་རྩ་ཐམས་ཅད་རང་གཞན་བདེ་བ་ཅན་དུ་སྐྱེ་བའི་དོན་དུ་བསྔོ་བ། དེ་རྣམས་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གྱི་གཞུང་རྒྱས་བསྡུས་ལ་མ་ལྟོས་པའི་ལུས་རྣམ་བཞག་ཀྱང་བསྟན་ཞིང་ཚང་བར་བྱེད་ཐུབ། འདིའི་སྐབས་སུ་བབ་པའི་གང་བཤད་བྱའི་སྨོན་ལམ་ཐུང་ཐུང་འདི་ཉིད་ཀྱི་ཤོ་ལོ་ཀ་དང་པོ། བསླུ་མེད་བདེ་ལྡན་ཞིང་མགོན་འོད་དཔག་མེད། །རྩེ་གཅིག་དད་པའི་ཤུགས་ཀྱིས་ཁྱེད་བསྒོམ་ན། །དང་བའི་ཡིད་ངོར་སྣང་སྟོང་སྒྱུ་མའི་སྤྲིན། སྐུ་དང་ཞིང་ཁམས་རྟག་ཏུ་འཆར་བར་ཤོག །ཅེས་པ་འདིས་རྟེན་བདེ་བ་ཅན་གྱི་ཞིང་ཁམས་དང་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་ཡིད་ལ་བྱེད་པ་དེ་བསྟན་ཡོད། དེ་འཕྲོས་ཤོ་ལོ་ཀ་བར་བ། བརྩེ་ཆེན་སྙིང་རྗེས་དྲངས་པའི་བྱང་སེམས་ལ། །རྟག་ཏུ་གོམས་པའི་རྒྱལ་སྲས་སྤྱོད་མཆོག་གིས། །རླབས་ཆེན་ཚོགས་གཉིས་སྤྱོད་པ་མཐར་ཕྱིན་ཏེ། །དཔག་ཡས་དགེ་བའི་རྩ་བ་ཡོངས་བསྐྱེད་ཤོག །ཅེས་པ་དང་། རང་དང་གཞན་གྱིས་དུས་གསུམ་བསགས་པ་ཡི། །ཞེས་པ་ལ་སོགས་པ་བསྔོ་བ་རྩལ་འདོན་གྱི་བརྗོད་བྱ་ཅན་དེ་རྒྱུ་བཞི་བ་དང་ཡང་འབྲེལ་བ་ཡིན་ཡང་གང་བསྔོ་རྒྱུའི་དགེ་རྩའི་ཆ་ནས་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་དང་སྦྲེལ་ནས་ཤོ་ལོ་ཀ་བར་བ་གཉིས་ཀྱིས་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་དང་རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས་ཀ་མཉམ་དུ་བསྟན་པ་ཡིན། རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་དང་། རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས་ཀ་མཉམ་དུ་བསྟན་པར་བཀྲལ་ན་ཡང་འབྲེལ་ཆེ་ཞིང་། རྒྱུ་གསུམ་པ་འདི་མེད་ན་ཐབས་མེད་མིན་རྒྱུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གཞན་གསུམ་པོས་ཀྱང་སྐྱེ་མི་ཐུབ་པ་མིན་པའི་རྒྱུ་མཚན་གྱིས་འདི་གྲོགས་ཙམ་དུ་བཞག་པ་ཡིན། ཡིན་ན་ཡང་བདེ་བ་ཅན་དུ་སྐྱེ་བའི་ཉན་རང་ཡང་སྐྱེ་བ་གཅིག་གི་རྗེས་སུ་བྱང་ཆུབ་སེམས་དཔར་གྱུར་ནས་རྒྱལ་བའི་ཡོན་ཏན་ཚད་མེད་བརྙེས་པ་ལ་མེད་ན་མི་འབྱུང་བའི་དངོས་རྒྱུ་ཡིན་པས་ན་རྒྱུ་གསུམ་པའི་ཐ་སྙད་མཛད་ལ། དེ་ཡང་རྒྱུ་ཚོགས་གཉིས་བསགས་ནས་འབྲས་བུ་སྐུ་གཉིས་ཐོབ་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པ་ལ་བརྩེ་ཆེན་སྙིང་རྗེས་དྲངས་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པས་ཀུན་རྫོབ་སྨོན་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་དེ་ཐོབ་ལ་མ་ཉམས་པའམ་སེམས་བསྐྱེད་པས་མི་ཚད་སྐྱེས་པའི་ཐོག་དེར་སྨོན་དང་འཇུག་པའི་བསླབ་བྱ་ཕྱིན་དྲུག་བསྡུ་དངོས་བཞི་ཡིས་ཚུལ་བཞིན་དུ་བསླབ་ན་ཐབས་སྤྱོད་པའི་ཕྱོགས་ཀྱི་ཕར་ཕྱིན་དམིགས་བཅས་བསོད་ནམས་ཀྱི་ཚོགས་རྫོགས། ཤེས་རབ་ལྟ་བའི་དམིགས་མེད་ཁྱད་པར་ཅན་གྱིས་དམིགས་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་ཚོགས་གཉིས་མཉམ་རྫོགས་ཀྱི་སྒོམ་སྟོབས་དེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡང་རིམ་དང་ཅིག་ཆར་གྱིས་དག་ནས་དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་སྟོང་ཉིད་རྟོགས་རིམ་བཞིན་དུ་བདེ་བ་ཅན་གྱི་ཞིང་ཁམས་ལ་ཞིང་ཁམས་སྦྱོང་བ། སངས་རྒྱས་མཆོད་པ། དམ་ཆོས་ཉན་པ་སོགས་ཀྱིས་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལྟ་བུ་བརྒྱུད་ནས་སྤངས་རྟོགས་ཀྱི་ཡོན་ཏན་ན་འཕར། རླབས་ཆེན་རྒྱལ་སྲས་ཀྱི་སྤྱོད་པ་མཐར་ཕྱིན་ཏེ། ས་བཅུ་ལམ་ལྔའི་སྤངས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་རང་གཞན་གྱི་དོན་ཆེན་འགྲུབ་པ་ཡིན། རྒྱུ་འབྲས་གཉིས་ཀ་དེ་དཔྱད་པ་གཅིག་པའི་ཆོས་ཅན་ཡིན་ཕྱིར་ཚོགས་བསགས་སྒྲིབ་སྦྱོང་སེམས་བསྐྱེད་ཁྱད་པར་ཅན་གྱིས་ཟིན་ན་ད་ལྟ་ནས་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་བར་འགྱུར་བའི་རྒྱུ་མཚན་གྱིས་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་དང་། རྒྱུ་གསུམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས་ཀ་སྦྲེལ་ནས་བཤད་དོན་དེ་ཡིས་ཡིན། འདི་ནས་བརྩེ་ཆེན་སྙིང་རྗེས་སོགས་ཤོ་ལོ་ཀ་གཅིག་གི་ནང་ལ་བསྡུས་ནས་བསྟན་ཡོད། དེ་ནས་ཤོ་ལོ་ཀ་གསུམ་པ། རང་དང་གཞན་གྱིས་དུས་གསུམ་བསགས་པ་ཡི། །རྣམ་དཀར་བསོད་ནམས་ཕུང་པོ་ཇི་སྙེད་པ། །དམིགས་བྲལ་འཁོར་གསུམ་དག་པས་བྱང་ཆུབ་ཆེར། །ཡོངས་སུ་བསྔོ་བས་སྲིད་པ་མཐར་བྱེད་ཤོག །ཅེས་པ་འདི་བསྔོ་བ་ཚིག་ཟིན་གྱིས་དངོས་སུ་བུད་པ་འདི་ཉིད་ཡིན་ལ། རྒྱུ་གཉིས་པ་དང་ཁྱད་པར་གསུམ་པ་ལ་ཇི་ལྟར་སྦྲེལ་ནས་འབྲེལ་བ་གྲུབ་པ་ཡིན་ཟེར་ན། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་ཅེས་གསུངས་ལ། དེ་ཡིན་ན་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བརྩམས་པའི་ཐེག་ཆེན་གྱི་དགེ་བ་དེ་ཐོག་མར་གཞན་དོན་སེམས་བསྐྱེད་ཀྱི་རྩིས་ཟིན་པ། དངོས་གཞི་སྟོང་ཉིད་སྙིང་རྗེ་ཐབས་ཤེས་ཟུང་འབྲེལ་གྱི་ལྟ་སྒོམ་དང་འབྲེལ་བ། རྗེས་ཡོངས་སུ་བསྔོ་བས་ཁྱད་པར་དུ་ཕྱེས་པ་ཞིག་ཡིན་དགོས་ཕྱིར་དམིགས་བྲལ་འཁོར་གསུམ་དག་པའི་ལྟ་སྒོམ་སྤྱོད་གསུམ་གྱིས་ཐོག་མཐའ་བར་གསུམ་ལ་ཁྱབ་པ་ཞིག་ལ་གཏན་ལ་འབེབས་པའི་དགོས་དོན་གྱི་དབང་གིས་ས་བཅད་གསུམ་པ་ཡང་དེ་ལྟར་བྱས་ཏེ་འབྲེལ་བ་གྲུབ་ལ། བསྔོ་བ་འདི་ས་བཅད་བཞི་བར་ཡང་མི་འབྲེལ་བ་ཞིག་མ་ཡིན། རྒྱུ་བཞི་བ་དགེ་རྩ་རང་གཞན་བདེ་བ་ཅན་ལ་སྐྱེ་བའི་དོན་དུ་བསྔོ་ཞིང་སྨོན་ལམ་འདེབས་པ་དེ་དགེ་རྩ་སྔོན་སོང་གི་ཆ་ནས་བསྔོ་བ་དང་། ཅིག་ཤོས་སྨོན་ལམ་ཡིན་པའི་བྱེ་བྲག་ཕྱེས་ན་ཐ་དད་ལ་ཕྱེ་རུང་ཞིང་། བསྔོ་བ་ལ་སྨོན་ལམ་གྱི་ཁྱབ་པས་བྱེད་པ་གཅིག་ཏུ་བསྡུས་ནས་ཀྱང་བཀྲལ་དུ་རུང་། དགོས་འབྲེལ་ཡན་ལག་བཞིའི་ནང་གི་འབྲེལ་བས་ཀྱང་གོང་འོག་འབྲེལ་སྦྱར་ན། འདི་བརྗོད་བྱ་རྗོད་བྱེད་གང་ལ་སྦྱར་ན་ཡང་ཆོག་རྒྱུ་ཅན་ཞིག་ཡིན། རྒྱུ་བཞི་བ་རྐྱེན་སྨོན་ལམ་རྣམ་དག་པས་མཚམས་སྦྱར་བ་དེ་ཤོ་ལོ་ཀ་བཞི་བ། ཁྱེད་ལ་ཡང་ཡང་གསོལ་བ་བཏབ་པ་དང་། །མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་མཐུས། །ངེས་དོན་འོད་དཔག་མེད་པའི་ཞལ་མཐོང་ནས། །བདེ་ཆེན་ཞིང་ཁམས་རྟག་ཏུ་འཛིན་པར་ཤོག །ཅེས་པ་འདིས་བསྟན་ཞིང་། འདིའི་སྨོན་ལམ་ཤོ་ལོ་ཀ་བཞི་བོའི་སྤྱི་དོན་ས་བཅད་ཀྱི་ཆིངས་ཀྱིས་བཅིངས་ན་དེ་ལྟར་དུ་བྱས་ཏེ་འཆད་ཉན་བྱེད་རྒྱུའི་སྤྱི་ཁོག་ལྟ་བུ་དེ་བཤད་པ་ཡིན།

༼ཁ བྱེ་བྲག་གཞུང་དོན་དངོས་བཤད་པ།

༼ཀ༽ རྒྱུ་དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ།

སྐབས་སུ་བབ་པ་དེ་རིང་གི་བཤད་བྱ་དེ་གང་ཡིན་ཞེ་ན། ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ་སྟེ། བསླུ་མེད་བདེ་ལྡན་ཞིང་མགོན་འོད་དཔག་མེད། །རྩེ་གཅིག་དད་པའི་ཤུགས་ཀྱིས་ཁྱེད་བསྒོམ་ན། །དང་བའི་ཡིད་ངོར་སྣང་སྟོང་སྒྱུ་མའི་སྤྲིན། །སྐུ་དང་ཞིང་ཁམས་རྟག་ཏུ་འཆར་བར་ཤོག །ཅེས་སྨོས་ཏེ། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དང་པོ་དེ་རྟེན་སྐུ་དང་ཞིང་ཁམས་ཡིད་ལ་བྱེད་པ་ཡིན་ཞེས་གོང་ནས་ཀྱང་བཤད་ལ་སྔོན་ཐེངས་མ་མང་པོ་ལ་སྨྲས་པ་ཡིན། འདི་ལ་ནང་གསེས་ཀྱི་ས་བཅད་ཅིག་འུ་ཚོས་བཞག་ན། འགལ་རྐྱེན་སེལ་བ་དང་གཅིག མཐུན་རྐྱེན་སྒྲུབ་པ་དང་གཉིས། སྐུ་དང་ཞིང་ཁམས་ཇི་ལྟར་ཡིད་ལ་བྱེད་པ་དང་གསུམ། སྐུ་དང་ཞིང་ཁམས་ཡིད་ལ་བྱས་པའི་ཕན་ཡོན་དང་རྣམ་པ་བཞི་ལྟ་བུ་ཞིག་གི་ཐོག་ནས་བཤད་ན། དེའི་ནང་གི་དང་པོ་འགལ་རྐྱེན་སེལ་བ་ཡིན་ལ།

༼༡༽ འགལ་རྐྱེན་སེལ་བ།

༼༡ འགལ་རྐྱེན་ངོས་བཟུང་བ།

འགལ་རྐྱེན་སེལ་བ་དེ་ལ་ཡང་འགལ་རྐྱེན་ངོས་བཟུང་བ་ཞིག་དང་། དེ་ཉིད་སེལ་བའི་ཐབས་བསྟན་པ་གཉིས་ཀྱི་ཐོག་ནས་བཤད་ཆོག དེ་གཉིས་ཀ་ཚིག་གང་གིས་བསྟན་ཅེ་ན། བསླུ་མེད་ཅེས་པའི་མགོའི་ཚིག་གཉིས་པོས་བསྟན་ལ། བསླུ་ཞེས་པ་འདིས་འགལ་རྐྱེན་ངོས་བཟུང་ཞིང་། མེད་ཅེས་པ་འདིས་དེ་ཉིད་སེལ་ཐབས་ཡན་ལག་དང་བཅས་པ་བསྟན་ཡོད། དེ་ཉིད་ངེས་པར་བྱས་ཏེ། དང་པོ་བསླུ་ཞེས་པ་འདིས་སླུ་བྱེད་ཕྱིའི་རྐྱེན་གྱིས། གང་བསླུས་པ་ནང་གི་སེམས། ཇི་ལྟར་བསླུས་པ་འཁོར་བའི་འཁྲུལ་སྣང་ལ་ཨ་འཐས་འཁྲུལ་བ་རྒྱ་འབྱམས་ལ་སོང་བའི་རྒྱུ་མཚན་གྱིས་ལོ་རྒྱུས་དེའི་ཐོག་ནས་བཤད་རྒྱུ་ཡིན། འདི་ཐུན་མོང་ལྟར་དུ་བྱས་ན་ང་མེད་ལ་ང་དང་། བདག་མེད་ལ་བདག་ཏུ་བཟུང་སྟེ་བསླུས་ནས་ཀུན་འབྱུང་ལས་དང་ཉོན་མོངས་ཀྱི་དབང་དུ་སོང་སྟེ་ཁམས་གསུམ་འཁོར་བའི་གནས་སུ་འཁྲུལ་ཞིང་། འཁོར་བ་འཁྱམས་པར་མ་ཟད་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་འདི་མི་འབྱུང་བསམ་རྒྱུ་མེད་པ་བདེ་བ་སྐད་ཅིག་ཀྱང་མེད་པ་འདི་བྱུང་བ་ཡིན། འདི་ཇི་ལྟར་འཁྲུལ་བའི་དཔེ་ཞིག་འདིར་ཁྱིམ་པ་ཕོ་མོ་མང་ཆེ་བ་ཡིན་དུས་དཔེ་སྒྲུང་གི་ཐོག་ནས་བཤད་ན་གོ་བདེ་ལ། འདི་གནའ་བོའི་གཏམ་རྒྱུད་དང་སྦྱར་བའི་རྩོམ་ཐུང་ཞིག་ངས་སྔོན་མར་བྲིས་མྱོང་བ་དེ་ལྟ་བུ་ཞིག་ཡིན། རྩོམ་ཐུང་དེའི་མིང་ལ་དུས་རིག་ཅེས་ཟེར་ཞིང་། སྤྱིར་དེང་དུས་ཀྱི་ཚན་རིག་པ་ཟེར་བ་དངོས་ཁམས་ལྟོས་གྲུབ་རིག་པ་ཕྱོགས་ཙམ་ཞིག་དང་། ཕྲ་རྡུལ་གྱི་ནུས་རྒྱུའི་ཁུངས་ཙམ་ཞིག་རྙེད་པའི་རིག་གསར་བ་ཞེས་པའམ་ཚན་རིག་པ་ཞེས་པ་ཚང་མས་དུས་དང་ནམ་མཁའི་རྒྱ་ཁྱོན་གཞལ་སར་ཐུག་དུས་ཁ་ལྕེ་ལོ་ལོར་གྱུར་འགྲོ་བ་ཡིན། ངས་དེའི་ཕྱོགས་ཀྱི་སྒོ་འབྱེད་ཀྱི་བརྡ་སྟོན་ལ་དུས་རིག་ཅེས་པའི་རྩོམ་ཡིག་འདིས་དུས་དང་། དེ་མིན་པའི་སྐྱེ་འཆི་འཁྲུལ་སྣང་ཞེས་པའི་རྩོམ་ཡིག་གཞན་ཞིག་གི་ནང་དུ་ནམ་མཁའི་རྒྱ་ཁྱོན་གྱི་སྐོར་ནས་ཅི་རིགས་པ་གླེང་ཡོད་བསམ་རྒྱུ་ཞིག་ཡིན། དེང་སང་གི་ཁ་སྐད་བྱས་ན་ཞིབ་འཇུག་ཟེར། འདི་བོད་ཡིག་ཚང་མས་བལྟ་རྒྱུ་ཞིག་ཡོད་མ་སོང་། དེ་གཉིས་ཀའི་བོད་ཡིག་གི་རྩོམ་གཞི་ལ་རང་རོགས་གཉིས་ཀས་དོ་དམ་མ་བྱས་པ་རེད། དུས་རིག་ཅེས་པའི་རྩོམ་ཡིག་ནང་ནས་བཤད་ཡོད་པའི་མགོ་རྔ་མ་གཉིས་ཀྱི་ཚིག་ཆ་རེ་དྲན་གྱིན་མི་འདུག བར་གྱི་གཏམ་རྒྱུད་ངོ་མ་དེ་ཉིད་གནའ་བོའི་སྲོལ་རྒྱུན་གྱི་ཁ་སྲོལ་ལ་གཞིར་བཟུང་ནས་བྲིས་པ་ཕལ་ཆེར་འདི་ལྟ་བུ་ཞིག་ཡིན། གནའ་སྔོན་མ་ཞིག་ལ་སྒྱུ་མའི་སྤྲུལ་སྒྱུར་གྱི་རིག་སྔགས་ལ་མཁས་པའི་སྒྱུ་མ་མཁན་ཞིག་དང་། དེའི་ངོ་ཤེས་སམ་ཁོ་རང་གི་གྲོགས་པོ་གྲྭ་པ་བན་དེ་ཞིག་ཡོད་པ་ཡིན། སྒྱུ་མ་མཁན་དེ་དང་གྲྭ་པ་བན་དེ་དེ་གཉིས་ཀ་ཧ་ལས་པའི་གྲོགས་པོ་འདྲིས་ཆེ་ས་ཡིན་ཞིང་། དེ་དུས་དེ་ལྟ་བུའི་ཤེས་སར་གྱུར་ཡོད་ལ། གྲྭ་པ་གྲོང་ནང་ལ་འཁྱར་དགའ་ཅན་ཞིག་ཀྱང་ཡིན། དེ་དུས་འཕྲུལ་རྟ་མ་དགོས་ལྕགས་རྟ་དར་མེད་ཀྱང་གྲྭ་པ་ནམ་རྒྱུན་དུ་རྐང་ཐང་དུ་ཐལ་བ་ཚུབས་སེ་ཤོར་སོང་བ་ལོས་ཡིན། དེའི་ཉིན་ཞིག་ལ་ཡང་སྒྱུ་མ་མཁན་གྱི་ཁྱིམ་ལ་གྲྭ་པ་ཐོན་ཡོང་དུས་སྒྱུ་མ་མཁན་གྱིས་གྲོགས་པོ་བཞུགས་ཞེས་སྨྲས་ནས་གསོལ་ཇ་དཀར་ཡོལ་གང་ཡང་ཡར་དྲངས་པ་དང་། གྲྭ་པས་བཤད་རྒྱུར་ཁྱོད་སྒྱུ་མ་མཁན་མཁས་ཆེན་ཡིན་པས་ཁྱོད་ཀྱིས་དེ་རིང་ང་ལ་སྒྱུ་མའི་ལྟད་མོ་ཞིག་སྟོན་ཅིག་གསུངས་པ་ལ། ཞེ་ས་ཞུ་དགོས་ཤིང་། སངས་རྒྱས་ཀྱི་ན་བཟའ་གྱོན་ཡོད་པའི་མི་སྣ་ཞིག་གི་གཟུགས་བརྙན་བཞེངས་བཞིན་ཡོད་པ་ཡིན་ལ། སྒྱུ་མ་མཁན་གྱིས་བཤད་པར་སྒྱུ་མ་ཞེས་པ་རྫུན་མ་ཞིག་སྟེ། ཆོས་བཤད་པ་ཞིག་གིས་ཡང་སྒོས་དེ་ལ་ལྟ་རིན་ཞིག་ཅི་ཡོད། དགོས་པ་ཡོད་པ་མིན་ཞེས་སྨྲས་ཀྱང་། ཞེ་འདོད་ལ་སྡོད་ཐབས་འདྲ་ཞིག་མི་འདུག་ཅིང་གྲྭ་པ་ལ་དེ་རིང་སྡུག་བཀལ་ནས་རྩེད་རྟེན་ཞིག་བྱེད་དགོས་འདུག་བསམ་པ་དང་། གྲྭ་པས་དེ་མ་ཟེར། ཁྱོད་ཀྱིས་དེ་ཤེས་འདུག དེའི་ལྟད་མོ་དེ་ང་ལ་བསྟན་ན་ཅི་སྐྱོན་ཞེས་སྨྲས་ནས། འཁང་ར་བྱས་པའི་ཉམས་ཤིག་བསྟན་ཏེ་ཡང་འདུག་ལྟ་བུ་ཞིག་བྱས་སྐབས་སྒྱུ་མ་མཁན་པོ་ལ་གྲྭ་པའི་རྒྱུས་ཡོད་ཅིང་། གྲྭ་པས་རང་རྒྱུས་མི་ལ་སྔར་ནས་བསྟན་ཚར་བ་ཡིན། སྒྱུ་མ་མཁན་པོས་འདི་ཇི་ལྟར་བྱས་ན་བསླུ་ཐུབ་པ་དེ་ཉིད་ཤེས་བཞིན་དུ་སྒྱུ་མ་སྒྱུ་མ་ཅི་མི་ཤེས། གནམ་ཡག་འདུག་འུ་གཉིས་ཀ་སྒོར་སྒོ་བལྟས་ཤིག་འགྲོ་ཞེས་སྨྲས་པ་དང་། གྲྭ་པ་རྔ་ལོ་ཡང་སྟབས་ཀྱིས་ཁྱི་ཁོག་ཅེས་སྨྲས་ཤིང་། ཤར་མར་ལངས་ཏེ་གཉིས་ཀ་སྒོར་བུད་ཚེ། སྒྱུ་མ་མཁན་ཚང་གི་སྒོ་ཁ་ལ་ཡར་ཡོང་སྐབས་མེད་པའི་རྟ་ཕོ་སྔོ་ནག་ཅིག་འབྲུག་སྔོན་མོ་ཐང་ལ་ལྷུང་བ་ལྟ་བུ། ཐང་གའི་ངོས་སུ་བྲིས་པའི་རྟ་མཆོག་བས་ཡག་དང་ཡག མགོ་འཕང་མཐོ་བ། མགོ་རྣ་ཡག་པ། སྟོད་ཞེང་ཆེ་བ། གཟུགས་ལྷུ་བཞི་རྔ་རྔོག་མཛེས་པ། སྲབ་མདའ་གང་རེ་ལ་སྐོར་ལྡིང་རེ་བྱེད་ཀྱིན་འདུག གྲྭ་པ་ལར་རྟ་ལ་དགའ་མཁན་ཞིག་ཀྱང་ཡིན་ཞིང་། དེའི་སྟེང་དུ་དེ་ལྟ་བུ་སྔར་རིག་མ་མྱོང་བའི་རྟ་མཆོག་གྱི་ལིང་ཞིག་རིག་སོང་བས་སེམས་དེ་ལ་ཤོར་ནས། འདིའི་རྟ་འདི་ཡིན་གཅིག་མིན་གཉིས་ང་ལ་བཙོང་རོགས་དགོས་ཞེས་སྨྲས་པ་དང་། སྒྱུ་མ་མཁན་པོས་བཤད་རྒྱུར། དེ་བཙོང་རྒྱུ་མིན། མི་ཞིག་ལ་ཡག་པ་ཞིག་ཡོད་ཚད་པོ་ལོན་དགོས་དྲན་པ་ཙམ་གྱིས་དེས་ཨེ་སྤྲད་ཅི་ཤེས་ཞེས་སྨྲས་པ་ལ། དེ་མ་ཟེར་གྲོགས་པོ་ལོ་ལོ་ཡིན། རྟ་འདི་ང་ལ་མ་བཙོང་ཐབས་མེད། རིན་གོང་ཚད་ཅི་དགོས་ཁྱོད་རང་གི་ཁ་ཡིས་ཅི་བཤད་ན་དེ་སྦྱིན་ཞེས་གྲྭ་པས་ཡང་དང་ཡང་དུ་དེ་ལྟར་སྨྲས་ཚེ། ཁོ་རང་གིས་བསམ་བློ་མང་པོ་གཏོང་ཁུལ་བྱས་ནས་བཙོང་ཟེར་ན་ཕྱིན་ཆད་ལག་ལ་མི་ཡོང་བའི་བྱོལ་སོང་འདང་ཆེན་ཡིན། མི་བཙོང་ཟེར་ན་གྲོགས་པོའི་ཕྱི་ཐག་ལ་མ་བརྩིས་པ་རེད། གོང་ཅི་སྦྱིན་ཁྱོད་ཀྱིས་ཚུར་ཤོད་དང་ཆུང་ས་ཞིག་ནས་གྲོགས་པོ་མཆོད་ཡོན་གཉིས་ཀྱི་བར་ལ་བཤད་ཀྱང་མི་བཤད། ལར་མ་གཞི་རྟའི་རིན་ཐང་འགྲོས་གོམ་གྱིས་ཤེས་པ་ཡིན་པས་ཁྱོད་ཀྱིས་དང་པོ་གོམ་ཚད་ཅིག་ལོངས་དང་ཤེས་རྒྱུ་ཡོད་ཅེས་སྨྲས་པ་རེད། དེ་ཟེར་དུས་རེད་ཅེས་སྨྲས་ནས་གྲྭ་པས་ཅི་བསམ་འདི་དྲན་མེད་པར་ཡར་རྟ་གོང་ལ་བུད་ནས་སྒྱུ་མ་མཁན་གྱིས་སྲབ་མདའ་ལག་ལ་བཞག་ནས་གྲུག་ཐོག་ལ་ལྕག་གིས་གཅིག་བྲབ་དུས་རྟ་མཆོང་རྩལ་ཞིག་དང་ལྷན་དུ་ལྡིང་གིན་ཡོད་པ་ལྟ་བུ། མཆོང་གིན་ཡོད་པ་ལྟ་བུ། འཕུར་གྱིན་ཡོད་པ་ལྟ་བུ། རྒྱུག་གིན་ཡོད་པ་ལྟ་བུ། མཚམས་རེ་ལ་རྨིག་བཞི་སར་ཐུག་གིན་ཡོད་པ་ལྟ་བུ། མཚམས་རེ་ཐུག་གིན་མེད་པ་ལྟ་བུ། མདོར་ན་མཆོང་མ་ལྡིང་། འཕུར་མ་རྒྱུག་ཁོ་ནས་མདའ་ཉག་ཕྲན་གཞུ་རྒྱུད་ནས་ཤོར་བ་ལྟ་བུ་ཞིག་བྱས་ཏེ། མཐོ་རི་བོའི་རྩེ་མོ། དམའ་ལུང་ཆེན་གྱི་ཁོག་གཞུང་མང་པོ་བརྒྱུད་ནས་ཐང་ཆེན་གྱི་དཀྱིལ་བཤགས། ཆུ་ཆེན་གྱི་འགྲམ་བཤགས། ཉིན་ཞག་ཆ་རེར་གྱུར་སོང་བསམ་རྒྱུའི་སྣང་བ་ཤར་རྒྱུ་ཞིག་བྱས། ཆུ་ཁྲི་རི་སྟོང་གི་ཕར་རྒྱབ། སྐྱེ་བ་ཚེ་འདིའི་རིང་ལ་ཕ་ཡུལ་མིག་གིས་རིག་རྒྱུ་མ་རེད་བསམ་རྒྱུའི་ས་ཆ་རྒྱུས་མེད་ཅིག་གི་མི་མེད་ལུང་སྟོང་ཞིག་ལ་འཕངས་ཏེ་རྟ་ཕོ་གར་སོང་རྗེས་ཙམ་ཞིག་ཀྱང་མ་རིག་ནས་མུན་ནག་ཅིག་གི་ནང་ལ་ལྷག་སོང་བ་དང་། བན་རྒན་བརྒྱལ་སོང་བ་དེ་ཉིད་ཅུང་ཞིག་དྭངས་ནས་ས་ལ་སྦར་ཉུལ་ཞིག་བྱས་ཀྱང་བྱང་ཐང་སྐྱ་མོར་བྱེ་མ་སྦར་གང་མིན་པར་ཅི་ཞིག་རྙེད་ཡོང་སྟེ་རྙེད་རྒྱུ་མེད་ལ། ད་ནི་འཁྱག་རྒྱུ། ལྟོགས་རྒྱུ། ཡི་མུག་པ། ཡི་ཐང་ཆད་པ་ཚང་མ་ཐོ་ཞིག་ཐུག་དུས་ཅི་བྱེད་འདི་བྱེད་མེད་ལ། ནམ་ཡར་ལངས་དུས་ཕྱོགས་བཞི་མཚམས་བཞི་སྟེ་བརྒྱད་པོ་གང་ལ་བལྟས་ན་རྒྱུས་མེད་ཀྱི་ཡུལ་ཞིག་ཡིན་འདུག ཕ་ཡུལ་ཡོད་ས་དེ་ཉིད་ཕྱོགས་གང་ལ་ཁ་འཁོར་ནས་འགྲོ་ས་ཡིན་པ་ཙམ་ཞིག་ཀྱང་མ་ཤེས་ནས་ལྷག་པར་དུ་སྐྱོ་སྣང་སྐྱེས། ཉིན་ཞག་མང་པོ་ལ་མི་ཟས་ཁ་ལ་མ་རག་པ་དང་། གཟུགས་སྟོབས་ཀྱང་ཞན་ཞིང་། གཟབ་གཟབ་ལྟ་བུ་ཞིག་བྱེད་ཁུལ་བྱས་ཏེ། རྒྱུ་མས་སྐེ་རགས་། མཆི་མས་སྐོམ་ཆུ་བྱས་ནས། དེའི་ལུང་སྟོང་དེ་ནས་སོང་སོང་བ་ན་མཐར་སྡུག་ཐུག་རོ་སྣ་དབུགས་མ་ཆད་ཙམ་ཞིག་ལ་འབྲོག་སྡེའི་དུད་ཚང་ཐ་རེ་ཐོ་རེ་ཡོད་པ་དེ་ལྟ་བུ་རིག་འདུག་ས་ཞིག་ལ་ཐོན་སོང་བ་ཡིན། དེ་ནས་དུད་དྲི་འདྲ་ཞིག་སྣ་ལ་བརྒྱབ་ནས་མི་ཞིག་གི་གྲིབ་མ་རིག་རྒྱུ་ཡོད་པ་དེ་ཉིད་ཀྱིས་སེམས་དགའ་ནས་དེའི་ཕྱོགས་ལ་སོང་སྟེ། ཟ་རྒྱུ་རེ་སློང་ཁུལ་བྱས་དུས་ཟ་ལྷག་འཐུང་ལྷག་ཁྱི་ཆས་བས་དགའ་རེ་ལོན་ནས་དེས་སྲོག་འཚོས་ཏེ་ཤི་མ་སོང་ལ། དེ་འཕྲོས་འབྲོག་སྡེའི་ཚོ་པ་མང་པོའི་སྒོར་ཉུལ་ནས་འཁྱམས་པའི་སྟབས་ཀྱིས་དང་ཐོག་ས་དེའི་མི་ཡི་སྐད་རིགས་མ་གོ་ཡང་ནམ་ཞིག་འདྲིས་སོང་བའི་རྐྱེན་གྱིས་སྐད་བརྡ་འཕྲོད་པ་ལྟ་བུ་ཞིག་གྱུར་སོང་། ས་ཆ་དེ་ནང་ཆོས་ལ་ཡང་དད་པ་ཡོད་ས་ཞིག་ཡིན་པས་འགའ་རེས་འདིའི་ཚུགས་ཀ་ལ་བལྟས་ན་གྲྭ་པ་བྱས་མྱོང་བ་ཞིག་ཡིན་འདུག་བསམས་ནས་ཁྱོད་ཀྱིས་ཨ་མཆོད་འདྲ་འདོན་ཨེ་ཤེས་ཞེས་དྲིས་པ་ན། དེ་ཤེས་མཁན་ཞིག་སྟེ་དགེ་རྒན་བཀའ་དྲིན་ཅན་གྱི་སྐུ་བེད་ཀྱིས་ཀློག་འདོན་ཞིག་བྱེད་དགོས་ན་ཡིག་དཀར་ནག་གཉིས་ཀ་ལ་ཐོགས་རྒྱུ་ཞིག་མེད་ལ་འདོན་བཟང་ངོ་མ་ཞིག་ཡིན་ཞེས་སྨྲས་པ་དང་། དེ་ནས་ཚང་མས་ཨ་མཆོད་དུ་གདན་དྲངས་ཏེ་གསོལ་ཇ་གང་ཡག་དྲངས། ཡོན་འདུ་བ་མང་པོ་སོག་ནས་བར་ཞིག་ལ་བན་རྐྱང་རྒྱུ་ཆེན་དུ་གྱུར་ཏེ། ཨ་མཆོད་འདོན་ན་ཁེ་སྐྱེད་མི་ཆེ་བར་ད་ནི་ཚོང་བརྒྱབ་ན་ཁེ་སྐྱེད་ཆེ་འདུག་སྙམ་ནས་བན་དེ་ཚོང་པ་སྐྱ་སེར་གཉིས་གོ་ཆོད་པ་ལྟ་བུ་ཞིག་གྱུར་སོང་པ་ཡིན། དེ་ལྟར་བྱས་ནས་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་སོགས་དང་ཁ་བྲལ་ནས་ཡུན་རིང་གྱུར་སོང་ལ། ཡུན་རིང་ཞིང་རིང་ལ་གྲོགས་ངན་འགའ་རེའི་ཁ་ལ་བརྒྱུགས་ནས་ཨ་མཆོད་བླ་རྒན་བན་ཧྲུལ་བསྟན་པའི་བསླབ་པ་ལ་རྩིས་མེད་གཏོང་མཁན་ཞིག་ཏུ་གྱུར་ནས་མཐར་ཐུག་སྐྱ་སར་འབབ་ཁུལ་བྱས། འཁོར་ངན་ཞིག་བཟུང་། རྟ་ནོར་ལུག་གསུམ་གྱི་འཚོ་སྐྱོང་བྱས། དང་པོའི་སྐབས་སུ་རྒྱུ་ཡོད་ཅིང་ལོ་ཉུང་བས་ཉི་མ་ཟླ་ལུ་ཆ་རེ་ལ་ཧ་ཅང་མ་སྡུག་ལ། ཡུན་གྱི་ཡུན་ལ་སོང་ནས་སྡུག་སྡིག་པ་གཉིས་ཀ་དང་འབགས། དཀའ་ལས་སྐྱིད་སྡུག་མང་པོ་ཞིག་མྱོང་། བུ་བུ་མོ་སྤྲང་ཕྲུག་ཆ་རེས་མཐར་བསྐོར། དེ་ཚང་མ་ན་དོགས། ཤི་དོགས། འཁྱར་ཤོར་དོགས། ལྟོགས་འགྲོ་དོགས་ལ་སོགས་པའི་སྡུག་གི་ཉི་མ་དུས་ཚོད་སོང་གིན་སོང་ལ་གཞིས་ངན་ཡུན་གྱིས་སྐྱོང་རྒྱུ་དེ་ངམ་གནག་པ་ཡིན་ཕྱིར་ཚེ་ཡར་སྟོད་དབང་པོ་དར་ཐོག་གི་ཁ་ལས་རླུང་རྟ་ལྟ་བུ་ཡང་མེད་དེ། ཡར་རྒྱབ་ནས་དབྱུ་གུ་བོར་སོང་ན་རྒན་པོ་འཁྱར་པོ་མིན་ནམ། མར་རྒྱབ་ཚང་གི་སྦྲ་ཁ་ཆོན་ཐག་ཅིག་འཆོས་སོང་ན་ཁྱི་རྐུན་མིན་མི་རྐུན་དེ་ཡིན་ཟེར་ཞིང་། གདོན་སྣ་དམར་ཞིག་ལ་ཅི་ཚང་དེ་ཉིད་འདི་ལ་ཚང་ཡོད་ཟེར་ས་དེ་ལྟ་བུ་ཞིག་ཏུ་གྱུར་སོང་བ་ཡིན། ནང་བཟའ་བའི་ནང་ནས་ཡིན་ཡང་ངན་པ་ལང་ཤོར་གྱི་སྤྲང་ཕྲུག་རྣམས་ཡར་སོང་སྨྲས་ན་མར་འགྲོ་བ། མར་སོང་སྨྲས་ན་ཡར་འགྲོ་བ། གཅག་རྒྱུ། སྟོར་རྒྱུ། མེད་འདྲེ་འཕུང་བརླག་ཅིག་དང་། མི་དགེ་བ་ཞིག་སྤྱད་དུས་བསླབ་མི་དགོས་པར་ཤེས་ཡོད་པ། རིག་ས་ནས་བཙོང་། མི་རིག་ས་ནས་རྐུ་འགྲོ་བ། བཟའ་བ་ནངས་འཐབ་ནུབ་འཐབ། ཐ་ན་མ་ཤི་ཙམ་གྱི་བཟའ་འཛིང་རྡུང་རེས་རྒྱག་རེས་ཀྱང་ཐེངས་མ་ཆ་རེ་བྱེད་དགོས་ཐུག་ལ། རྒྱུད་གླག་གསར་ལྟ་བུ་དེ་ཉིད་མར་རྒུད་སྐབས་མིའི་མིག་གིས་རིག་ས་མེད་པར་གྱུར་ནས། མི་ཕུང་པས་ལས་སྣ་ཚོགས་བྱས་ཀྱང་བཟའ་མི་མང་གི་ཁ་མ་སོས་ཏེ་དོམ་བུ་ལོན་གྱི་ཁ་འོག་ནས་མ་ཐར་ཞིང་། མི་ལྟོགས་ཕོ་བ་ལ་མེ་འབར་ན། །མཐོ་རྒྱལ་པོའི་མཁར་ལ་སྐས་བཙུགས། །ཞེས་པའི་དཔེ་ལྟར་རྐུ་ཇག་ལྟ་བུ་རེ་བྱེད་ཁུལ་བྱས་ཀྱང་ཁ་སྣ་མིག་གསུམ་མ་ཤོར་བ་ཙམ་གྱི་ཁྲིམས་གཅེར་བུར་ལྕག་ཤད། གཞིས་འཁོར་བ་མདའ་མོ་སྟོང་གཤགས་ཀྱང་ཐེངས་མ་ཆ་རེ་བྱེད་དགོས་བྱུང་སྟེ། མཐའ་མཇུག་རྔོན་འདྲ་ཞིག་བདའ་ཁུལ་བྱས་ནས། ལས་མཐའ་ལོག་དུས་སྡིག་སྟོབས་དེ་ཡར་ལྷག་ཆེ་སྟབས་ཀྱིས་ཁོ་རང་རྔོན་བདར་སོང་དུས་ཚེ་སྟོད་ཀྱི་ལོ་ཉུང་དུས་ཀྱི་སྐབས་སུ་རྫ་མགོའི་གཡའ་སྤང་གི་རྒོ་བ། ནགས་ཀྱི་ཤྭ་བ། བྲག་གི་གླ་བ་ལ་སོགས་པ་མི་གསོད་རྒྱུ་ཞིག་མེད་ལ། སྔ་དྲོར་རྫ་སྒང་འགྲིམས་ནས་འབྲོང་མོའི་རྫ་ལམ་བཅད། དགོང་མོར་རི་ཟུར་བཤེར་ནས་ཤྭ་བོའི་བསིལ་རྩྭ་ཟ་བ་དེ་ཉིད་སྒུག་གིན་ཡོད་པ་དང་། ཝ་མོ་ཆུ་འཐུང་། འཕྱི་བ་རྩྭ་ཟན། ཐ་ན་རི་བོང་སྲེག་པ་ཚུན་ཆད་མི་གསོད་རྒྱུ་ཞིག་མེད། དེ་ལྟ་བུར་བྱས་ཏེ་སྡུག་སྡིག་པ་གཉིས་ཀྱི་འཚོ་བ་ཡིས་མི་ཚེའི་དུས་ཚོད་ཕལ་ཆེ་བ་བསྐྱལ་བ་ཡིན། ད་ནི་ལོ་ན་ཚོད་ཀྱིས་གཉའ་ནོན། ཁ་མིག་དབང་པོ་སོགས་མར་རྒུད། སྔོན་ཆད་ལྟ་བུ་ལུས་གཟུགས་གཞི་ལ་རྩལ་མེད། ཚིགས་ཐམས་ཅད་མི་ན་མི་གཟེར་ས་མེད། མར་བསྡད་ན་ཡར་ལངས་དཀའ་ཤོར། དེ་ལྟར་དུ་གྱུར་ནས་རི་དྭགས་ཀྱང་མ་སོད། རྔོན་བདའ་རུ་འགྲོ་ཁུལ་བྱས་ཀྱང་ནམ་རྒྱུན་དུ་ལག་སྟོང་དུ་ཡོང་རྒྱུ་ཇེ་མང་དང་ཇེ་མང་དུ་གྱུར། སྤྲང་ཕྲུག་ཆ་ག་ནར་སོན་པ་ལྟ་བུར་གྱུར་ཀྱང་ཁྱི་ལ་རྒྱག་པའི་དབྱུག་པ་ཉན་མཁན་གཅིག་ཀྱང་མ་ཡོད། བཟའ་མ་སྨད་ཆ་གས་རྒད་པོའི་ལག་གི་སྡིག་ཟས་ལ་བརྟེན་ནས་བསྡད་ཡོད་ཕྱིར་ད་རུང་ཡིན་ན་ཡང་གསོད་སེམས་འདྲ་རེ་ཞེ་ལ་འཆང་ཁུལ་བྱས་ནས་རྩྭ་རྩི་ཤིང་གཉིས་དང་མཉམ་འགྲོགས། རླུང་བསེར་མ་གཉིས་དང་མཉམ་རྒྱུག་གིས་ཚེ་སྟོད་ཀྱི་བག་ཆགས་འདྲ་བོ་དེད་ཁུལ་བྱེད་སྐབས་ཉིན་ཞིག་སོང་སོང་ནས་མཐར་ཐུག་རི་ཁུག་གད་ནག་ཅིག་གི་ཟུར་ནས་རྒོ་ཡུ་མ་ཕྲུ་གུ་བཙས་མ་ཐག་པ་ཞིག་མས་ཕྲུ་གུ་ལ་ལྕེ་ལྡག་བྱེད་བཞིན་ཡོད་པ་ཞིག་ལུས་ཟུངས་ཉམས་ནས། རྒྱུག་རྒྱུ་དང་བྲོས་རྒྱུ་ཆེན་པོ་མེད་པ་ཞིག་ལ་ཐུག་སྟེ། དེ་བྲོས་ཞོར་དུ་ཕྲུ་གུ་ལ་ཕྱིར་བལྟས་བྱེད་ཞོར་འབྲོ་བཞིན་ཡོད་པ་དེ་ཉིད་ལ་རྩི་མདའ་ཞིག་བརྒྱབ་ནས་གསད་རྒྱུ་ལོན་པ་དང་། དགོང་མོ་ཉི་མ་ལ་ཁར་རྒོ་རོ་ཕྲག་ལ་ཁུར་ནས་བོའུ་ངན་འདྲ་བོ་ལག་རྟེན་བྱས་ནས་གྱོལ་མ་འཐེང་ཞིག་མ་གཏོགས་འགྲོ་ཐུབ་ཀྱིན་མེད་ལ། གྱོལ་མ་འཐེང་གིས་ཁྱིམ་དང་ཐག་ཉེ་སའི་ཕ་རོལ་གྱི་རི་ངོས་ནས་ཕྱི་དྲོ་དགོང་ཁ་ཞིག་ལ་ཡོང་བཞིན་ཡོད་སྐབས་བྱིས་པ་གསུམ་གྱི་ཆུང་བ་དེ་ཉིད་ཀྱིས་ཨ་ཕ་ཐོན་བྱུང་ཟེར་ནས་སྐད་འབོད་ཅིག་དང་ལྷན་དུ་ཨ་ཕའི་ཕྱོགས་ལ་རྒྱུག་ཡོང་དུས་དེའི་བར་གྱི་ལུང་གཞུང་དུ་རྒྱུག་ཆུ་ཤུར་མོ་ཞིག་རྒྱུག་གིན་ཡོད་པ་དེ་ཉིད་ཀྱི་ཟམ་ཐོག་ནས་རྡོག་འཁྱར་ནས་ཆུ་ནང་དུ་ལྷུང་སོང་ཞིང་། དེ་རིག་མ་ཐག་ཏུ་དེ་མིན་པའི་མིང་སྲིང་གཉིས་པོ་གཅིག་འཕྲོ་ལ་གཅིག་བྱས་ནས་སྔོན་གྱི་བུ་ཆུང་བ་ཚང་མའི་འདང་ཆེན་དེ་ཉིད་ཀྱི་རྗེས་ལ་ལྕེབས་སོང་བས་ཨ་མ་རྒད་མོས་དེ་རྣམས་རིག་པ་དང་ལྷན་དུ་བྲང་ལ་ཁུ་ཚུར་གྱིས་གཅིག་བརྒྱབས་ནས་ངུ་འབོད་ཆེན་པོ་ཞིག་བྱེད་ཞོར་དུ་ཐེ་ཚོམ་ཞིག་ཀྱང་མ་བྱས་ནས་རྒྱུག་ཐེངས་གཅིག་གིས་བྱིས་པ་གསུམ་གྱི་རྗེས་སུ་ཆུ་ནང་ལ་ལྕེབས་སོང་། བཟའ་ཁྱིམ་ཚང་གང་པོ་དུས་ཐོག་གཅིག་ལ་དེ་ལྟར་བྱས་ཏེ་ཤི་སོང་བ་དེ་ཉིད་རིག་དུས་རྒད་པོ་སྡུག་བསྔལ་ཆེ་བའི་དབང་གིས་ཡུད་ཙམ་ཞིག་ལ་བརྒྱལ་ནས་དབང་པོ་ཤོར་སོང་བ་དང་། བར་ཞིག་ཡར་ཅུང་ཞིག་སོས་ཡོང་སྐབས་མེ་མདའ་ཟད་པོ་དེ་ཉིད་ཀྱིས་ལག་རྟེན་བྱས་ནས་ཡར་ལང་ཁུལ་བྱས་ཀྱང་ཡར་ལང་མ་ཐུབ་པར་མར་འགྱེལ་ནས་ནག་ཐིམ་མེར་སོང་བ་ལ། དེའི་མཚམས་ཤིག་ནས་ནམ་ལངས་ཏེ་གཉིད་སད་པའི་སྣང་བ་ལྟ་བུ་ཞིག་ཤར་བ་དང་མཉམ་དུ་རང་གིས་རང་ལ་གཅིག་ལྟ་སྐབས་གྲོགས་པོ་སྒྱུ་མ་མཁན་གྱི་སྒོ་ཁ་ནས་དབྱུག་པ་ཞིག་ལག་རྟེན་བྱས་ནས་ནུད་ཀྱིན་འདུག གྲོགས་པོ་སྒྱུ་མ་མཁན་གྱིས་དགོས་པ་མི་འདུག་ཡར་ལོངས་ལ་ཁྱིམ་དུ་འགྲོ་ཇ་འཐུང་ཞེས་སྨྲས་པ་དང་། ཡར་ཁྱིམ་ལ་སོང་དུས་ད་ལྟ་སྔོན་ནས་དཀར་ཡོལ་ནང་ལ་ཇ་བླུགས་པ་དེ་ཉིད་ད་དུང་འཁྱགས་མི་འདུག དེ་ལྟར་ཡིན་པའི་རྐྱེན་གྱིས་དུས་མ་འགྱུར་སྣང་བ་འགྱུར་བ་དེ་ཉིད་ཀྱིས་བན་ཆུང་ཧ་ལས་ནས་རང་གིས་རང་ལ་ཡིད་མི་ཆེས་པའི་འདང་རྒྱག་ནང་ལ་ལྷུང་སྟེ། སྙིང་མེད་འཁོར་བའི་འཁྲུལ་སྣང་གི་ཆོས་ལ་སྙིང་པོ་མེད་པ་དེ་ཉིད་བཤད་པ་བརྒྱ་བས་མྱོང་བ་གཅིག་གིས་གསལ་བའི་རྐྱེན་དེས་ངེས་འབྱུང་ཤུགས་དྲག་ཅིག་རྒྱུད་ལ་སྐྱེས་ནས་ཆོས་མཐར་ཕྱིན་སོང་བའི་ལོ་རྒྱུས་དེ་ལྟ་བུ་ཞིག་ངས་བྲིས་མྱོང་། དཔེ་དེ་དང་ཉེ་བ་ཆ་མཚུངས་ཀྱི་བསླུ་ཞེས་པའི་ཚིག་འདིས་འགལ་རྐྱེན་ཇི་ལྟར་ངོས་བཟུང་ཡོད་ཟེར་ན། སེམས་དང་ལྡན་པའི་སྲོག་ལྡན་གྱི་འགྲོ་བ་ཐམས་ཅད་ལ་བདེ་ཐབས་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་ཡོད་ཀྱང་། མེད་ལ་ཡོད་པར་བཟུང་བའི་འཁྲུལ་སྣང་གོང་གི་གཏམ་རྒྱུད་ལྟར་ང་མེད་ལ་ང་དང་བདག་མེད་ལ་བདག་ཏུ་བཟུང་ནས་ཁམས་གསུམ་སྲིད་པའི་གནས་འདིར་འཁྲུལ་བ་ཡིན། ཐམས་ཅད་སྒྱུ་མ་མཁན་པོའི་ཆོ་འཕྲུལ་གྱིས་སྒྱུ་མའི་རིག་སྔགས་ཀྱི་ནུས་པས་དུས་ཐུང་རིང་པོ་ལ་སྣང་། དུས་ཚོད་སྐར་མ་ཆ་རེའི་ཡུན་ལ་མི་ཚེ་གཅིག་གི་སྐྱིད་སྡུག་སྣང་བ་ལྟར་དུ་ད་ལྟའི་གནས་སྐབས་ཀྱི་རང་རེ་འཁོར་བའི་སེམས་ཅན་གྱི་འཁྲུལ་སྣང་ལ་ཤར་བའི་སྣང་བ་འདི་ཐམས་ཅད་དེ་དང་གཅིག་པ་གཅིག་རྐྱང་ཡིན་ལ། འཁྲུལ་དང་ཉིང་འཁྲུལ་གྱི་ཁྱད་པར་ཙམ་ཞིག་ཡིན། ཉིན་དཀར་གྱི་སྣང་བ་འཁྲུལ་བ་ཡིན་པ་དང་མཚན་མོའི་རྨི་ལམ་དེ་ཉིང་འཁྲུལ་ཡིན་ཞིང། ཉ་གི་གུ་ཉི་ང་བཞག་ཉིང་སྟེ། བསམ་ལྷུན་འདོན་སྐབས་འཁྲུལ་སྣང་ཉིད་འཁྲུལ་མི་ཟེར་བར་ཉིང་འཁྲུལ་དང་། ཚེ་རིང་མའི་གསོལ་ཁ་འདོན་དུས་ཉིད་སྤྲུལ་བྲན་གཡོག་མི་ཟེར་བར་ཉིང་སྤྲུལ་ཞེས་བརྗོད་དགོས་པ་དེ་བཞིན་དུ་ཡིན། གཉིད་ཡོད་པ་དང་མེད་པའི་མི་གཉིས་མཉམ་དུ་བསྡད་ན་དེ་གཉིས་ཀྱི་སྣང་བ་མི་འདྲ་བ་ལྟར་དུ་འཁྲུལ་དང་མ་འཁྲུལ་གྱི་ཁྱད་པར་དེ་ལྟ་བུ་ཞིག་ཡིན། འཕགས་པ་མ་འཁྲུལ་བ་དང་སེམས་ཅན་འཁྲུལ་སོང་ལ། མི་མ་གཉིད་པའི་མངོན་ཤེས་ཅན་ཞིག་གིས་ཟུར་གྱི་མི་གཉིད་ཡོད་པའི་རྨི་ལམ་ལ་ཅི་ཤར་དེ་ཉིད་ཤེས་ཀྱིན་ཡོད་པ་དང་འདྲ་བར་མ་འཁྲུལ་ཡེ་ཤེས་བརྙེས་པ་དེ་ཉིད་ལ་འཁྲུལ་བ་མེད་ཀྱང་སེམས་ཅན་གྱི་འཁྲུལ་སྣང་མཁྱེན་གྱིན་ཡོད་པ་དང་། སེམས་ཅན་ཞེས་བཤད་སྐབས་སེམས་དང་ལྡན་པའི་གོ་དོན་ཡིན་ཞིང་། སེམས་ཡོད་པ་ཞིག་ལ་སེམས་ཅན་ཞེས་ཟེར། སེམས་ཞེས་པ་སེམས་སེམས་བྱུང་ཡུལ་དང་བཅས་པ་དེ་འཁྲུལ་བ་ཡིན་ལ། བློ་ནི་ཀུན་རྫོབ་ཡིན་པའི་ཕྱིར་ན་ཀུན་རྫོབ་རྫུན་པ་སླུ་བའི་ཆོས་ཅན་ཡིན་ཞིང་། མ་འཁྲུལ་བའི་ཡེ་ཤེས་དེ་སེམས་ལས་འདས་པ་ཞིག་ཡིན་དགོས། དམ་ཆོས་དཀོན་མཆོག་བརྩེགས་པའི་ནང་དུ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ་ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ་། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ཡིན་ཞེས་གསུངས་ཡོད། སེམས་དང་ཡིད་དང་རྣམ་ཤེས་ལ་སོགས་པ་ཞེས་པའི་སེམས་འཁྲུལ་བ་གཅིག་ལ་རྩིང་ཞིབ་ཀྱི་དབྱེ་བ་དང་། གཙོ་སེམས་དང་སེམས་བྱུང་ཞེས་པའི་འཁྲུལ་སེམས་ཀྱི་རྩ་བ་ངོ་མ་དེ་ངར་འཛིན་ལྷན་སྐྱེས་ཀྱི་མ་རིག་པ་དེས་བདག་དང་བདག་གིར་བཟུང་ནས་འཁྲུལ་བ་དེ་ཉིད་ནི། ཀུན་མཁྱེན་ཆེན་པོས། མར་མེའི་འོད་ལ་ཕྱེ་མ་ལེབ་བཞིན་དུ། །འདོད་པའི་ཡིད་ལ་ཆགས་སྲེད་འཛིན་པས་བསླུས། །ཞེས་གསུངས་པ་ལྟར་དུ་སེམས་ཅན་ཐམས་ཅད་ལ་བདེ་བ་ཐོབ་འདོད་ཡོད་པས་མི་ཚད་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་ཡོད་ཀྱང་རྨོངས་པ་མི་ཤེས་པའི་གཞན་དབང་དུ་གྱུར་སོང་བའི་དབང་གིས་བདེ་བའི་རྒྱུ་བླང་བར་བྱ་བ་གང་ཡིན་པ་དང་། སྡུག་བསྔལ་གྱི་རྒྱུ་དོར་བར་བྱ་བ་གང་ཡིན་མི་ཤེས། འདོད་པའི་ཡུལ་ལ་ཆགས་སྲེད་ཀྱི་དབང་གིས་མིག་གཟུགས་ལ་ཆགས་པ་ཕྱེ་བ་ལེབ་མར་མེའི་འོད་ལ་ཆགས་ནས་དེ་ལ་ལྕེབས་པས་ཚིག་ནས་ཤི་བ་སྟེ། ས་འདིའི་ཁ་སྐད་བྱས་ན་རྒད་པོ་མེར་ལྕེབས་མེ་ནང་ལྕེབས་ནས་ཤི་སོང་བ་ལྟ་བུ། རྣ་བ་སྒྲ་ལ་ཆགས་ནས་རི་དྭགས་པི་ཝང་དང་གླིང་བུའི་སྒྲ་ལ་ཉན་དུ་འགྲོ་ས་ནས་རྔོན་པས་བསད་པ་ལྟ་བུ། དེ་བཞིན་དུ་བུང་བ་མེ་ཏོག་གི་དྲི། མི་ཟས་ཀྱི་རོ། གླང་ཆེན་འདམ་གྱི་བསིལ་བའི་རེག་བྱས་ཕུང་བ་ལྟ་བུ། སླུ་བྱེད་ཀྱི་ཕྱིའི་རྐྱེན་འདོད་པའི་ཡུལ་ལྔ་ཡིས་གང་བསླུས་པ་ནང་གི་སེམས་འདོད་ཆགས་ཀྱི་མཐུ་རྒྱས་ནས་གོང་གི་སྡུག་བསྔལ་སོགས་མྱོང་བ་ལྟ་བུས་ཉོན་མོངས་ཤིང་ཐང་ཆད། ཕྱིའི་ཡུལ་རྐྱེན་གྱིས་ནང་ཉོན་མོངས་གཞན་གྱི་མཐུ་ཡང་རྒྱས་ནས་མི་འདོད་སྡུག་བསྔལ་སྣ་ཚོགས་ཀྱི་འབྱུང་རྐྱེན་དེ་ལྟར་བྱེད་བཞིན་ཡོད། དེ་ལྟར་ན་སླུ་བྱེད་ཕྱིའི་རྐྱེན་གྱིས། གང་བསླུས་པ་ནང་གི་སེམས། དེ་ཇི་ལྟར་བསླུས་པ་འཁྲུལ་བ་རྒྱ་འབྱམས་སུ། ཐོག་མེད་ནས་ད་ཡི་བར་ལ། ཁམས་གསུམ་འགྲོ་བ་རིགས་དྲུག་གི་གནས་རིས་མཐོ་དམན་ཐམས་ཅད་ལ་འཁྱམས་ནས་སྡུག་བསྔལ་སྣ་ཚོགས་དེ་སྔོན་མྱངས། ད་ལྟ་མྱོང་བཞིན་པ། ད་རུང་ཕྱིན་ཆད་མྱང་བའི་རྒྱུ་སྒྲུབ་བཞིན་པ། སྡུག་བསྔལ་རྒྱུ་འབྲས་ཤ་སྟག་ལ་སྤྱོད་པའི་འཁྲུལ་སྣང་སད་རྒྱུ་མེད་པའི་རྨི་ལམ་གཉིད་མ་བདེ་བའི་སྣང་བ་ལྟ་བུ་རྒྱུན་མི་ཆད་འདུག་པ་འདི་ལ་འཁྲུལ་བ་རྒྱ་འབྱམས་ཞེས་ཟེར། དེ་ཡིས་འགལ་རྐྱེན་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་མཐར་ཐུག་ན་མ་རིག་པ་ལ་ཐུག་པ་དེ་ཉིད་ངོས་བཟུང་སྟེ་དེ་ཐུན་མོང་ལྟར་དུ་བཤད་པ་ཡིན། ཐུན་མིན་ལྟར་དུ་བཤད་ཁུལ་བྱས་ན། གཞི་དངོས་པོའི་གཤིས་ཀྱི་གནས་ལུགས་འཁྲུལ་དང་མ་འཁྲུལ་གྱི་མིང་དང་དོན་ལས་འདས་སོང་བ་དེ་ཉིད་ལ་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་ལྡན་དུ་འགྱུར་བ་མེད་པར་བཞུགས་པ་ཡིན་ཡང་གཞི་ལས་གཞི་སྣང་དུ་ཤར་བའི་གནས་སྐབས་སུ་རང་ངོ་རང་གིས་མ་ཤེས་ནས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ། ལྷན་གཅིག་སྐྱེས་པའི་མ་རིག་པ། ཀུན་ཏུ་བཏགས་པའི་མ་རིག་པ་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡོད་པའི་དབང་གིས་མ་རིག་གསུམ་དང་རྐྱེན་བཞིས་དམིགས་པ་མ་དག་པའི་ཆ་དེ་ལས་འཁྲུལ་སྣང་གཟུང་འཛིན་ཅན་དུ་ཤར་དུས་ཡིད་དྲུག་གི་འཛིན་པ་མ་འགགས། ཉོན་མོངས་དྲུག་བག་ཉལ་གྱིས་ཤར་ཏེ། ཡུལ་དྲུག་གི་སྣང་བ་དེ་ལ་ཡིད་དྲུག་གིས་གཟུང་འཛིན་རྒྱང་ཆད་ཞེན་པའི་དབང་གིས་ཡུལ་དྲུག་གི་སྣང་བ་ལ་འཁྲུལ་སོང་བ་ཡིན། མདོ་སྔགས་ཐུན་མོང་དང་ཐུན་མིན་གང་ནས་བཤད་ཀྱང་གཞི་མེད་སྟོང་བའི་དབྱིངས་ལས་འཁྲུལ་འཛིན་གློ་བུར་གྱི་སེམས་འདི་བྱུང་ནས་གཟུང་འཛིན་དུ་ཞེན་པས་འཁྲུལ་བ་ཡིན་ལ།

༼༢ དེ་ཉིད་སེལ་བའི་ཐབས་བསྟན་པ།

འཁྲུལ་བའི་དབང་གིས་བསླུས་ཤིང་མགོ་འཁོར་སོང་བ་དེ་ཉིད་ངོས་ཟིན་པའི་རྗེས་ཐོག་ཏུ་སྤྱིའི་ས་བཅད་གཉིས་པ་དེ་ཉིད་སེལ་བའི་ཐབས་བསྟན་པ་དེ་བཞག་པ་ཡིན། འདི་ཕྱི་ནང་གཉིས་ཀྱིས་བཤད་ན། ཕྱི་ལྟར་ན་བསླུ་བ་དེ་ལས་ལྡོག་པའི་བསླུ་བ་མེད་པའམ་འཁྲུལ་བ་མེད་པ་གང་ཞིག་སླུ་བར་བྱེད་པའི་འགལ་རྐྱེན་དེ་ཉིད་མེད་ཅེས་པའི་དགག་སྒྲས་བཅད་པའམ་བཀག་པའི་ཤུལ་ལ་རྣམ་གཅོད་ཀྱིས་བསླུ་བ་བསལ་བ་དང་ཆབས་ཅིག་ཏུ་ཡོངས་གཅོད་ལ་བསླུ་མེད་གྲུབ་པར་བསྟན་པ་ཡིན། བསླུ་བ་སེམས་ཀྱི་རང་བཞིན་ཆོས་ཅན་རྣམ་ཤེས་ཚོགས་བརྒྱད་ཡིན་པ་དང་། མི་བསླུ་བ་ཆོས་ཉིད་དམ་དེའི་ངོ་བོའམ་ཡེ་ཤེས་གཉིས་ཀ་ཐ་སྙད་དུ་གཅིག་མ་ཡིན། ཕྱི་ལྟར་ན་ཀུན་རྫོབ་འཁྲུལ་དང་མ་འཁྲུལ་གཉིས་ཀ་ཐ་དད་ཡིན་ཡང་ནང་ལྟར་ན་དོན་དམ་པ་འཁྲུལ་བ་མིང་ཙམ་ཡོད་མེད་ཀྱི་མཐའ་ལས་འདས་པས་ན་ཐ་དད་ཀྱང་མ་ཡིན་པས་ན་གཅིག་ཐ་དད་གང་དུ་ཡང་ཁས་བླང་བར་བྱ་བ་མ་ཡིན།

༼༢༽ མཐུན་རྐྱེན་སྒྲུབ་པ།

དེ་ལྟ་བུའི་ཆོས་ཉིད་འདུས་མ་བྱས་པ་གློ་བུར་སྒྲིབ་བྱེད་ཀྱི་དྲི་མ་ཐམས་ཅད་ལམ་གྱིས་བསལ་སྟོབས་ཀྱིས་ཡེ་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་ངོ་བོར་བཞུགས་པ་དེ་ཉིད་མངོན་དུ་གྱུར་པའི་ཚེ་ན་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་དམ་པ་གཉིས་ཀ་བརྙེས་པ་དེ་ཉིད་ལ་སངས་རྒྱས་བཅོམ་ལྡན་འདས་ཞེས་ཞུ་བ་ཡིན། དབྱིངས་ནང་གསལ་སྣང་བའི་ཆོས་སྐུ་དང་། ཕྱི་གསལ་རང་སྣང་གི་ལོངས་སྐུ། དེ་ལས་གདུལ་བྱ་གཞན་ལ་སྣང་བའི་གཟུགས་སྐུ་རྣམ་པ་གཉིས་འབྱུང་བ་རྒྱུན་མི་ཆད་པའི་ཚུལ་ཅན་ཡིན་པར་གཏན་ལ་ཕབ་ཅིང་།

༼༣༽ སྐུ་དང་ཞིང་ཁམས་ཇི་ལྟར་ཡིད་ལ་བྱེད་པ།

༡༽ ཚུལ་ཇི་ལྟར་ཡིད་ལ་བྱེད་པ།

འདི་ནས་གང་བཤད་བྱ་རྟེན་སྐུ་དང་ཞིང་ཁམས་ཡིད་ལ་བྱེད་པའི་འགལ་རྐྱེན་སེལ་བ་དང་། མཐུན་རྐྱེན་སྒྲུབ་པའི་ཚུལ་གཉིས་ཀ་བསྟན་ནས། རྟེན་སྐུ་དང་ཞིང་ཁམས་ཡིད་ལ་བྱེད་པ་ལ་ཚུལ་ཇི་ལྟར་ཡིད་ལ་བྱེད་པ་དང་། ཅི་ཞིག་ཡིད་ལ་བྱེད་པ་གཉིས་ཀ་བཤད་དགོས་ཤིང་། དེ་ནི་བསླུ་མེད་ཅེས་པའི་ཚིག་གཉིས་པོ་ཡར་ཕུད་ཤུལ་དུ། བདེ་ལྡན་ཞིང་མགོན་འོད་དཔག་མེད། །རྩེ་གཅིག་དད་པའི་ཤུགས་ཀྱིས་ཁྱེད་བསྒོམ་ན། །ཞེས་པ་འདིས་བསྟན་པ་ཡིན། སྡུག་བསྔལ་གྱི་མིང་ཙམ་ཡང་མི་གྲག་པའི་ཟག་མེད་ནང་གི་བདེ་བ་ཁྱད་པར་ཅན་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དེའི་མགོན་དང་གཙོ་བོར་གྱུར་པ་སངས་རྒྱས་འོད་དཔག་མེད་ཅེས་སྨོས་པ་ཡིན་ལ། སྤྱིར་ན་ཕྱོགས་དུས་མཐའ་ཡས་མུ་མེད་པའི་སངས་རྒྱས་ཀྱི་ཞིང་ཁམས་དང་། ཁྱད་པར་དུ་རྒྱལ་བ་རིགས་ལྔའི་ཞིང་དང་སྣང་བ་ལ་ཟག་མེད་ཡེ་ཤེས་ཀྱི་རོལ་བས་མ་ཁྱབ་པ་མེད་པ་ཟུག་རྔུ་ཆ་ཕྲ་མོ་ཙམ་ཡང་མི་སྲིད་ན་མགོན་པོ་འོད་དཔག་མེད་པའི་ཞིང་ཁམས་འདི་ལ་དམིགས་བསལ་གྱིས་བདེ་བ་ཅན་ཞེས་པའི་སྒྲ་སྦྱར་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། འདི་དང་པོ་ཐུགས་བསྐྱེད་ཁྱད་པར་ཅན་གྱིས་སྨོན་ལམ་ཇི་ལྟར་བཏབ་ཚུལ། བར་དུ་སྦྱོར་བ་ཁྱད་པར་ཅན་གྱིས་ཚོགས་གཉིས་ཇི་ལྟར་བསགས་པ། མཐར་ཞིང་ཁམས་ཁྱད་འཕགས་ཇི་ལྟར་གྲུབ་ཚུལ་དང་གསུམ་གྱིས་བཤད་པ་ལས།

༡ ཐུགས་བསྐྱེད་ཁྱད་པར་ཅན་གྱིས་སྨོན་ལམ་ཇི་ལྟར་བཏབ་ཚུལ།

དང་པོ་ཐུགས་བསྐྱེད་ཁྱད་འཕགས་ཅན་གྱིས་སྨོན་ལམ་བཏབ་ཚུལ་དེ་ཡིན་ལ། འདི་འོད་མདོའི་རྗེས་སུ་འབྲངས་ཏེ་བཤད་ན། བསྐལ་བ་དཔག་མེད་ཀྱི་སྔ་རོལ་དུ་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོ་འཇིག་རྟེན་དུ་བྱོན་པའི་སྐབས་སུ་དགེ་སློང་ཆོས་ཀྱི་འབྱུང་གནས་དེ་ཉིད་ཀྱིས་སངས་རྒྱས་དེའི་ཞབས་འབྲིང་པར་མཛད་ནས་གཟུངས་སྤོབས་བློ་གྲོས་མཆོག་ལྡན་ཤེས་རབ་དང་བརྩོན་འགྲུས་མོས་པ་ལ་སོགས་པ་ལ་མངའ་བརྙེས་པ་དེ་ལྟ་བུ་ཞིག་གིས་སངས་རྒྱས་དེའི་མདུན་ནས་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཐུགས་བསྐྱེད་པ་ཙམ་གྱིས་མི་ཚད་པར་སངས་རྒྱས་གཞན་ལས་ཀྱང་ཁྱད་པར་འཕགས་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་ཡིན། སྨོན་ལམ་དེ་ཡང་ཐོག་མ་ཉིད་ནས་སངས་རྒྱས་གཅིག་ལ་དད་ཅིང་འདུན་པས་ཁྱེད་སྐུ་ཅི་འདྲ་དེ་འདྲར་འགྱུར་བར་ཤོག་ཅེས་པ་ཙམ་མ་ཡིན་པར་ཞིང་དང་སངས་རྒྱས་ཀྱི་ཡོན་ཏན་མང་པོ་དང་པོར་གསན། དེ་ནས་བསམ། དེ་འཕྲོས་དེ་ལྟ་བུའི་ཞིང་ཁམས་གཟུང་རྒྱུའི་ཐུགས་བསྐྱེད་རྒྱ་ཆེན་པོས་སྐུལ་མ་བྱས་ནས་སྨོན་ལམ་བཏབ་པ་ཡིན་ཞིང་། ལོ་བྱེ་བ་གཅིག་ལ་གསན་པ་ཡིན། ཁྱིམ་པ་ཕོ་མོའི་ཁ་ལུགས་ལ་བྱེ་བ་ས་ཡ་ཟེར་ནས་བརྩི་རྒྱུ་དེ་གྲངས་ཀྱི་མིང་གོ་རིམ་ནོར་ཡོད་པ་ཡིན་པས་ས་ཡ་བྱེ་བ་ཞེས་ཟེར་དགོས། འབུམ་བཅུ་དེ་ས་ཡ་གཅིག་སྟེ་ང་ཚོའི་ཁ་སྐད་ལ་བྱེ་ཆུང་ཞེས་པ་དེ་ཡིན་ལ། དེ་བཅུ་དེ་བྱེ་བ་སྟེ་དེ་བྱེ་ཆེན་ཞེས་ཟེར་འདུག་རྒྱུ་དེ་ཡིན་ཞིང་། བྱེ་བ་བཅུ་དེ་དུང་ཕྱུར་ཡིན། དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ལོ་བྱེ་བ་གཅིག་གི་ཚེ་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཀྱི་རྒྱན་དང་བཀོད་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་། དེ་ཉིད་གཞི་ཅི་ལས་དེ་ལྟར་བྱུང་བ་ཡིན་པ་དེ་ཐམས་ཅད་གསན་པ་ཡིན་ལ། དེའི་མཚམས་ནས་བསྐལ་བ་ཆེན་པོ་ལྔའི་དུས་ཚོད་ཀྱི་རིང་ལ་སྔར་ལོ་བྱེ་བ་གཅིག་ལ་གསན་པའི་ཞིང་ཁམས་མང་པོ་དེ་ལྟ་བུའི་རྟེན་དང་བརྟེན་པའིི་ཡོན་ཏན་ཐམས་ཅད་གཅིག་ཏུ་བསྡོམས་པའི་ཡོན་ཏན་ལས་ཀྱང་ད་དུང་ཁྱད་པར་དུ་འཕགས་པ་ཞིག་རང་ཉིད་ཀྱིས་བསམ་ཞིང་། རྩེ་གཅིག་ཏུ་དེའི་ཞིང་གི་ཁྱད་འཕགས་ཀྱི་རྒྱ་ཁྱོན་དང་། རང་བཞིན་དང་། ལོངས་སྤྱོད་ཀྱི་བྱེ་བྲག་ཟད་མི་ཤེས་པ་ལ་འདུན་པ་སྟོབས་སུ་གྱུར་པ་སྔོན་དུ་བཏང་བའི་རྗེས་ཐོག་དེར་ད་གཟོད་བདེ་བར་གཤེགས་པའི་སྤྱན་སྔ་ནས་ཞིང་ཁམས་དེ་ལྟ་བུ་ཞིག་གཟུང་རྒྱུའི་སྨོན་ལམ་བཏབ་ནས་དམ་བཅའ་མཛད་པ་ཡིན་ཞིང་། དེ་འོད་མདོའི་རྗེས་སུ་འབྲངས་ན་དེ་ལྟ་བུ་ཞིག་ཡིན། སྙིང་རྗེ་པད་དཀར་གྱི་རྗེས་སུ་འབྲངས་ནས་བཤད་ན། བསྐལ་བ་གྲངས་མེད་མང་པོའི་སྔ་རོལ་ཞིག་ལ་གླིང་བཞི་ལ་དབང་བསྒྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་པ་ཞིག་ཡོད་པ་ལ། དེ་ལ་བློན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་ཞིག་ཡོད་པ་དེ་ཉིད་ཀྱི་བུ་རྒྱ་མཚོའི་སྙིང་པོ་ཞེས་པ་ཡ་མཚན་ཅན་ཞིག་ཡོད་པ་དེ་ཉིད་རབ་ཏུ་བྱུང་ནས་སངས་རྒྱས་ཏེ། སངས་རྒྱས་རིན་ཆེན་སྙིང་པོར་གྱུར་སོང་བ་དེའི་མདུན་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ཞིང་ཁམས་བཟུང་བའི་སྨོན་ལམ་རྒྱ་ཆེན་བཏབ་པའི་ལོ་རྒྱུས་ཡོད་པ་ཡིན། ཇི་ལྟར་ཡོད་པ་ཡིན་ཟེར་ན། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ལོ་བདུན་ལ་གཡེང་བ་ཐམས་ཅད་སྤངས་ནས་ནང་དུ་ཡང་དག་འཇོག་ལ་གནས་ཡོད་པའི་དུས་དེར་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བྱིན་རླབས་མཛད་པའི་མཐུ་ཡིས་ཕྱོགས་བཅུའི་ཕྱོགས་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གི་རྡུལ་གྲངས་ཇི་སྙེད་པའི་གྲངས་ཀྱི་ཡོན་ཏན་དང་བཀོད་པའི་རྒྱན་ཐམས་ཅད་དེས་མཐོང་བར་གྱུར། དེ་དག་ཐམས་ཅད་ལ་ལྟ་དང་རྟོག་བཞིན་དུ་རང་ཉིད་གང་དུ་འཚང་རྒྱ་བའི་ཞིང་དེ་དེ་དག་ཐམས་ཅད་བསྡོམས་པ་ལས་ཀྱང་ལྷག་པའི་ཡོན་ཏན་དང་རྒྱན་བཀོད་ཕུན་སུམ་ཚོགས་པར་འགྱུར་བའི་སྨོན་ལམ་གྱི་ཚུལ་དུ་མཁས་པར་མཛད། དེ་ནས་དེ་བཞིན་གཤེགས་པའི་སྤྱན་སྔར་ཐུགས་བསྐྱེད་རྨད་དུ་བྱུང་བ་དང་བཅས་པས་ཞིང་ཁམས་གཟུང་བར་སྨོན་ལམ་དང་དམ་བཅའ་མཛད་པ་ལ། དེ་བཞིན་གཤེགས་པས་ཁྱོད་དེའི་ཚེ་དེའི་སྐབས་སུ་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱ་བར་འགྱུར་བ་ཡིན་ཞེས་གསུངས་ཏེ་ལུང་བསྟན་པར་མཛད་པ་ཡིན། དེ་སྙིང་རྗེས་པད་དཀར་གྱི་ཞིང་བཟུང་བའི་སྐུ་ཚེའི་ཐོག་མ་དེ་ཡིན་པར་གསུངས་ཡོད། གང་ལྟར་བྱས་ཀྱང་འགལ་བ་མེད་པ་ཞིག་སྟེ། འདི་སོ་སོ་སྐྱེ་བོའི་ཡིད་ངོར་ཤོང་རྒྱུའི་འཇིག་རྟེན་མི་ཡི་ཚིག་གི་སྒྲ་བརྡ་ཐ་སྙད་ཅིག་དང་བསྟུན་ནས་ཕྱི་ལྟར་དུ་དཔེ་མཚོན་ཙམ་དང་ཕྱོགས་ཙམ་ཞིག་གསུངས་པ་མ་གཏོགས་པར་སངས་རྒྱས་ཀྱིས་སྐད་ཅིག་གི་མཛད་པ་ཙམ་ཞིག་བྱིས་པ་སོ་སོ་སྐྱེ་བོའི་བློས་བསྐལ་བར་གཞལ་ཡང་ཆ་ཙམ་མཚོན་ནུས་པ་མ་ཡིན་ལ། ནང་དང་གསང་བའི་བསམ་གྱིས་མི་ཁྱབ་པའི་མཛད་པ་དང་སྒྱུ་འཕྲུལ་དེ་བས་ཀྱང་ཕར་ཚད་ཡིན་ཞིང་། དེ་དང་པོ་ཐུགས་བསྐྱེད་ཁྱད་པར་ཅན་གྱིས་སྨོན་ལམ་ཇི་ལྟར་བཏབ་ཚུལ་ཡིན།

༢ བར་དུ་སྦྱོར་བ་ཁྱད་པར་ཅན་གྱིས་ཚོགས་གཉིས་ཇི་ལྟར་བསགས་ཚུལ།

བར་དུ་སྦྱོར་བ་ཁྱད་པར་ཅན་གྱིས་ཚོགས་ཇི་ལྟར་བསགས་པ་དེ་ཉིད་ནི་སྨོན་ལམ་དང་དམ་བཅའ་ཙམ་ཞིག་གིས་ཆོག་པར་མ་མཛད་ནས་དེའི་དོན་དེ་བསྒྲུབས་ཤིང་འགྲུབ་པར་བྱ་བའི་ཆེད་དུ་དུས་ཀྱི་ཁྱད་པར་བསྐལ་བ་གྲངས་མེད་མཐའ་ཡས་པ་ཞིག་ལ། སློབ་ཚུལ་གྱི་ཁྱད་པར་དེ་དྲན་དང་ཤེས་བཞིན་བག་ཡོད་ལ་མངའ་བརྙེས་པའི་སྟེང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཐབས་ལ་མཁས་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བསླབས་ཤིང་། དེ་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བསྔོ་ཞིང་སྤེལ་བར་མཛད་དེ་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་པར་མཛད་པ་ཡིན།

༣ མཐར་ཞིང་ཁམས་ཁྱད་འཕགས་ཇི་ལྟར་གྲུབ་ཚུལ།

གསུམ་པ་མཐར་ཞིང་ཁམས་ཁྱད་འཕགས་ཇི་ལྟར་གྲུབ་ཚུལ་གྱི་ཐད་ནས་བཤད་དགོས་ཤིང་། རྒྱུ་དགེ་ཚོགས་བཟང་བ། མང་བ། ཉེས་སྤྱོད་དང་མ་འདྲེས་པ། ཕུན་སུམ་ཚོགས་པ་དེ་རྣམས་ཀྱི་དབང་གིས་ཞིང་ཁམས་ཀྱི་ཡོན་ཏན་ཡང་དེ་བཞིན་དུ་བཟང་བ། མང་བ། རྒྱ་ཆེ་བ། སྣ་ཚོགས་བློ་ཡུལ་ལས་འདས་པའི་ཕུན་སུམ་ཚོགས་པ། སངས་རྒྱས་ཀྱི་མཚན་དཔེའི་འོད་དང་། སྐུ་ཚེ། དབྱིངས་དང་ཡེ་ཤེས། མཛད་པ་འཕྲིན་ལས། མཚན་གྱི་སྒྲ་ཙམ་གྱིས་ཀྱང་གདུལ་བྱའི་རེ་འདོད་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ལྟ་བུར་གྱུར་པ་ལ་སོགས་པ། འདི་ཐམས་ཅད་གང་ལས་བྱུང་བ་ཡིན་ཞེ་ན། རྒྱུ་བསམ་སྦྱོར་ཁྱད་འཕགས་ཀྱིས་བསྒྲུབས་པར་བྱས་ནས་ཇི་ལྟར་གྲུབ་པའི་ཚུལ་དེ་ཡིན། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་སངས་རྒྱས་དེའི་སྐུའི་འོད་ཟེར་གྱིས་སྣང་བར་མཛད་པ་ཡིན་པས་ན་འོད་དཔག་མེད་ཅེས་ཞུ་བ་དང་། ཡེ་ཤེས་ཀྱི་སྣང་བ་དཔག་ཏུ་མེད་པས་ན་སྣང་བ་མཐའ་ཡས་ཞེས་ཞུ་བ་དང་། སྐུ་ཚེ་གྲངས་དང་ཚད་ལས་འདས་པས་ན་ཚེ་དཔག་མེད། ད་རུང་སྐུ་གཅིག་མཚན་གྱི་རྣམ་གྲངས་མང་པོས་སྐུའི་ངོ་བོའི་ཡོན་ཏན་མཚོན་གྱིན་ཡོད། སྐུའི་རྣམ་པའི་ཐོག་ནས་བཤད་ན། རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ཞེས་གསུངས་སྐབས་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཆོས་སྐུ་སྤྲོས་པ་དང་བྲལ་བ་སྟོང་གསལ་ཐིག་ལེ་ཉག་གཅིག་གི་མཚོན་བྱེད་ལ་ཞལ་གཅིག་ཅན། ཐབས་དང་ཤེས་རབ་མཚོན་པའི་ཕྱག་གཉིས། དེ་ཡང་ཐབས་ཤེས་དབྱེར་མེད་ཀྱི་མཉམ་བཞག་ཅན། འཁོར་འདས་མཉམ་པ་ཆེན་པོའི་མཚོན་བྱེད་དུ་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆས་ཅན། ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ནས་ཕྱག་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ་ལ་སོགས་པ། གདན་དང་ཁྲི། འཁོར་དང་གཞལ་ཡས་ཁང་། བྱང་ཆུབ་ཀྱི་ཤིང་ལ་སོགས་པ་མངོན་རྟོགས་རྒྱས་པ་དག་སྦྱོར་དང་བཅས་པ་གཞན་དུ་གསལ་བ་ལྟར་དུ་ཡིན། སྐུའི་ཡོན་ཏན་ལྟར་དུ་གསུང་དང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི་མི་ཟད་རྒྱན་གྱི་འཁོར་ལོའི་ཡོན་ཏན་ཞིང་ཁམས་ཀྱི་བཀོད་པའི་ཡོན་ཏན་གཞན་ལས་ཁྱད་དུ་འཕགས་པའི་རིགས་པ་དེས་ཞིང་གི་གཙོ་བོའི་སྟོན་པའི་ཡོན་ཏན་དང་སྐུ་ཚེ་མཛད་པ་སོགས་དཔོག་ནུས་པ་ཡིན།

༢༽ ཅི་ཞིག་ཡིད་ལ་བྱེད་པ།

དེ་ཡན་ཆད་ཀྱིས་ཚུལ་ཇི་ལྟར་ཡིད་ལ་བྱེད་པ་དེ་ཉིད་བསྟན་ནས་གཉིས་པ་ཅི་ཞིག་ཡིད་ལ་བྱེད་ཅེ་ན། རྩེ་གཅིག་དད་པའི་ཤུགས་ཀྱིས་ཁྱེད་བསྒོམ་ན་སོགས་ཚིག་རྐང་རྗེས་མ་གསུམ་གྱིས་བསྟན་ཡོད། དད་པ་ཞེས་པ་འདི་ལ་དང་བའི་དད་པ། འདོད་པའི་དད་པ། ཡིད་ཆེས་ཀྱི་དད་པ་གསུམ་གྱི་དབྱེ་བ་ཡོད་ལ། དེ་གསུམ་དང་ཕྱིར་མི་ལྡོག་པའི་དད་པ་བརྟན་པོ་དང་བཅས་པས་རྩེ་གཅིག་གཞན་དུ་གཡོ་བ་མེད་པར་དད་དང་མོས་པའི་འདུན་པ་ཤུགས་དྲག་པོ་དེ་མདུང་ཐུང་བྲང་ཁར་གཏད་ཀྱང་ཕྱིིར་ནུད་མེད་པ་ཞིག་གིས་བཅོམ་ལྡན་འདས་རྒྱལ་བ་མགོན་པོ་འོད་དཔག་མེད་ཁྱེད་ཉིད་བསྒོམ་ན་ཞེས་པའི་དོན་ཡིན། བསྒོམ་ཞེས་པའི་ཚིག་འདིས་མཚན་བཅས་བསྐྱེད་རིམ་དང་འབྲེལ་བའི་སྐུའི་གསལ་སྣང་། མཚན་མེད་རྫོགས་རིམ་དང་འབྲེལ་བའི་ཐུགས་ཀྱི་ཡེ་ཤེས། བསྐྱེད་རྫོགས་གཉིས་མེད་དང་འབྲེལ་བའི་ཞི་ལྷག་ཟུང་འཇུག་གི་སྐུ་གསུང་ཐུགས་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བསྒོམ་ཞིང་གོམས་པར་གྱུར་པ་དེ་ཉིད་བསྟན་ཡོད། དང་བའི་ཡིད་ངོར་ཞེས་པའི་ཚིག་འདིས་གང་ལ་འཆར་བའི་ཡུལ་ལམ་གཞི་བསྟན་ནས། གང་ཞིག་འཆར་བ་དེ་སྣང་སྟོང་སྒྱུ་མའི་སྤྲིན་དུ་ཤར་བ་སྐུ་དང་ཞིང་ཁམས། རྟག་ཏུ་འཆར་བར་ཤོག་ཅེས་སྨོན་པའི་ཚིག་གིས་རྟེན་ཞིང་ཁམས་ཡིད་ལ་བྱེད་པའི་དོན་བསྡུས་པ་ཡིན། དང་བའི་ཡིད་ཅེས་པ་ནི་མ་དད་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་ཡིད་གཉིས་ལ་སོགས་པ་དད་པའི་ཕྱིན་ཅི་ལོག་ཏུ་གྱུར་པའི་སྐྱོན་དང་། ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་སོགས་ཀྱི་ར་རིའི་དྲི་མས་མ་བསླད་མ་སྦགས་པའི་དྭངས་བའི་སེམས་སམ་སྟོང་གསལ་རྙོག་པ་དང་བྲལ་བའི་ཞི་གནས་ཀྱི་མཁའ་དེ་ལ་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱི་ཉི་ཟླ་ལྷག་པར་གསལ་བའི་ཡིད་དམ་སྒྲིབ་བྲལ་སེམས་ཀྱི་ཆོས་ཉིད་ལ་གོ་དགོས། ད་རེས་ཀྱི་ཡིད་འདི་སྒྲིབ་བྲལ་སེམས་ཀྱི་ཆོས་ཉིད་རིག་སྟོང་རྡོ་རྗེ་མི་ཕྱེད་པ་དང་གཉིས་སུ་མེད་པའི་ངོ་བོ་ལ་ལྷུན་གྲུབ་སྣ་ཚོགས་སྣང་བའི་རོལ་རྩལ་འགགས་པ་མེད་པ་ཡེ་སྟོང་གདོད་ནས་དག་པའི་རྟེན་འབྲེལ་གྱི་སྣང་ཆར་ཤར་བ་དེ་ཉིད་སྣང་བཞིན་དུ་སྟོང་ལ་སྟོང་བཞིན་དུ་སྣང་བའི་མེད་སྣང་སྒྱུ་མའི་སྤྲིན་ཆེན་ཏེ། སྤྲིན་ཞེས་པ་ནི་སྣ་ཚོགས་འདོད་དགུར་བསྒྱུར་བའི་ངོ་མཚར་གྱི་བཀོད་པ་ཕུན་སུམ་ཚོགས་པ་མ་ཚང་མ་ཚོགས་པ་མེད་པ་ངང་གིས་འདུ་ཞིང་འཛོམས་པ་ཞིག་ལ་གོ་དགོས། དེ་ལྟ་བུ་ངོ་མཚར་ཕུན་སུམ་ཚོགས་པ་དེ་གང་ཡིན་ན། བདེ་བ་ཅན་གྱི་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པའི་སྐུ་དང་ཞིང་ཁམས་ཡིན་པར་བསྟན་ལ། སྐུའི་ངོ་བོ་དང་རྣམ་པ་གོང་ནས་ཀྱང་མདོ་ཙམ་བཤད་ཟིན་ཅིང་། འཁོར་རྒྱལ་སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས་མཐུ་ཆེན་ཐོབ་རྣམ་གཉིས་ཀྱི་གཙོར་བྱས་པའི་ཉན་རང་བྱང་སེམས་ལྷ་མིའི་རྣམ་པ་ཅན་ལ་སོགས་པ་དཔག་པར་བྱ་དགོས།

༡༽ ས་གཞིར་འབྱུང་བའི་རྒྱན།

འདི་ནས་ཞིང་གི་ཕུན་ཚོགས་བཤད་ཀྱིན་ཡོད་ལ། དེ་ལས་སྣོད་ཀྱི་ཡོན་ཏན་གཙོ་བོ་བཤད་པ་ན་བདེ་བ་ཅན་གྱི་ཞིང་ཁམས་དེ་ས་གཞི་དང་། ནམ་མཁའི་གནས་གཉིས། དེ་མཛེས་བྱེད་ཀྱི་རྒྱན་དང་བཅས་ཡོད། དང་པོ་ས་གཞིའི་རྒྱན་ལྟ་བུ་ཞིག་ལ་བསམ་བློ་བཏང་ན། ཞིང་ཁམས་དེའི་ས་གཞིའི་ཐ་གྲུ་ནི་ཕྱོགས་ཐམས་ཅད་ཡངས་ཤིང་རྒྱ་ཆེ་བ་ཡིན་ཞིང་། ཐ་གྲུ་རྒྱ་ཆེ་བ་ནི་ཕྱོགས་ཐམས་ཅད་ཡངས་ཤིང་རྒྱ་ཆེ་བ་ཁོད་མི་སྙོམས་པའི་འབར་རེ་འབུར་རེ་མེད་པ་དང་། ལ་ལུང་དང་། གཅོང་རོང་དོག་མོ་དང་། གད་པ་ས་ཤུར། བྱེ་རི་བྱེ་ཐང་གི་མྱ་ངམ་གྱི་ས་ཆ་དེ་ལྟ་བུ་མ་ཡིན་པར་ལག་མཐིལ་ལྟར་མཉམ་པར་གསུངས་ཡོད། དཔེ་ཞེས་པ་དེ་ཕྱོགས་རེ་རེ་ཙམ་ནས་མཚོན་བྱེད་ཡིན་པ་སྟེ། ཀུན་མཁྱེན་འཇིགས་གླིང་གིས་འཇམ་པའི་དཔེ། གཞོན་ཤ་ཤིན་ཏུ་ཆག་པའི་ལག་མཐིལ་དང་། །མཉམ་པའི་དཔེ་བྱར་འོས་པའི་འགལ་ཟླ་ནི། །ཆུ་ཞེང་སྲིད་དུ་མི་མངོན་ཐ་གྲུའི་ཁྱོན། །རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ་པར་བྱས། །ཞེས་གསུངས་པ་ལྟ་བུ་ཡིན། རི་ནག་པོ་ཡིད་དུ་མི་འོང་བ་ངམ་གྲོག་འཇིགས་པ་ཅན་ལ་སོགས་པ་མེད་པས་ན་ཡངས་ཤིང་ཁོད་སྙོམས་གསུངས་པ་ལས་དེ་ཡང་རིན་པོ་ཆེ་དང་སྤོས་ཀྱི་དྲི་མཆོག་གིས་ཁྱབ་པའི་རི་བོ་ཡིད་དུ་འོང་བ་མེད་གསུངས་པ་མ་ཡིན། རྗེ་རིན་པོ་ཆེས། རིན་ཆེན་ལས་གྲུབ་རི་བོ་མ་གཏོགས་པ། །ནག་པའི་རི་རྣམས་ཀུན་གྱིས་དབེན་ཞིང་གཙང་། །ཞེས་གསུངས་པས། ཚེར་མ་དང་། རྡོ་ཧྲུག ན་འདམ་བཙོག་པ་ལ་སོགས་པ་ཡིད་དུ་མི་འོང་བ་དང་མཛེས་ཤིང་གཙང་མ་མ་ཡིན་པའི་ས་ཕྱོགས་གཅིག་ཀྱང་མེད། ས་གཞི་ཐམས་ཅད་རིན་ཆེན་སྣ་ཚོགས་ལས་གྲུབ་པ་ཡིན་ལ། རིན་པོ་ཆེ་ཞེས་བཤད་སྐབས་གསེར་དང་དངུལ་ལ་སོགས་པའི་ལྕགས་རིགས་དང་། སྤོས་ཤེལ་དང་མརྒད་ལ་སོགས་པ་འགྱུར་རྡོའི་རིགས་དང་། རང་བྱུང་གི་རིན་པོ་ཆེ་རང་རེ་འཇིག་རྟེན་མིའི་རྒྱན་ཆ་བྱེད་བཞིན་འདུག་རྒྱུ་འདི་ལྟ་བུ་ལ་གསུངས་པ་མ་ཡིན་པར་ལྷའི་རིན་པོ་ཆེ་ཡིན། དེ་ཡང་འཇིག་རྟེན་ལ་མི་སྤྱོད་པའི་རིན་པོ་ཆེར་གསུངས་པས་ལྷ་མིའི་འཇིག་རྟེན་གྱི་ཁམས་ནས་མི་སྤྱོད་པའམ་སྤྱོད་དབང་མེད་པའི་རིན་པོ་ཆེ་སྟེ་ཡེ་ཤེས་རིན་པོ་ཆེ་རང་སྣང་རྣམ་པར་དག་པའི་སྤྱོད་ཡུལ་དུ་གྱུར་པར་བསྟན་པ་ཡིན། འོ་ན་རིན་པོ་ཆེའི་ས་གཞི་གསེར་གྱི་དྲ་བས་ཁེབས་པ་གསུངས་འདུག་སྙམ་ན། ང་ཚོ་འཛམ་བུ་གླིང་གི་མིས་གསེར་ལ་རིན་ཐང་ཅན་དུ་རྩི་བའི་དབང་གིས་རིན་པོ་ཆེ་མཆོག་གི་མཚོན་བྱེད་ཀྱི་ཆེད་དུ་གསེར་ཞེས་གསུངས་པ་ཡིན་ཞིང་། མཚམས་རེ་དག་ཅིང་གཙང་བའི་ཆ་ནས་གསེར་གྱི་བརྡ་ཡིས་བསྙེགས་ས་མང་ལ། བདེ་བ་ཅན་གྱི་ཞིང་གི་ས་གཞི་ཐམས་ཅད་འཇམ་པོ་ཡིན་པས་མི་ཚད་ནེམ་ཞིང་འཕར་བ་སྟེ་མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ཡིན་གསུངས་ཡོད། ས་གཞི་ཐམས་ཅད་མཁྲེགས་པོ་དང་སྲ་མོ་ཡུན་རིང་སོང་ན་རྐང་མཐིལ་ཡང་གཟེར་ཡོང་བ་དེ་ལྟ་བུ་མ་ཡིན་ཞིང་། ས་ཕྱོགས་གང་ལ་སོང་ན་ལྷའི་སྤོས་ཀྱི་དྲི་ངད་ལྡན་པ་ཤ་སྟག་གིས་ཁྱབ་པ། གསལ་ཞིང་འོད་ཟེར་སྣ་ཚོགས་ཀྱི་འཇའ་ཚོན་ཤར་བ་ལ་སོགས་པ་མིའི་སྒྲ་ཚིག་གིས་བརྗོད་པ་ལས་འདས་པའི་ཡོན་ཏན་དང་བཀོད་པས་ཁྱད་པར་ཕྱེས་ཡོད། དེས་ན་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ལོ་བྱེ་བ་གཅིག་ལ་དང་པོ་སངས་རྒྱས་ཀྱི་ཞིང་འཇིག་རྟེན་ཁམས་ཀྱི་རྡུལ་སྙེད་མང་པོའི་གྲངས་ཀའི་ཡོན་ཏན་གསན། བར་དུ་བསྐལ་ཆེན་མང་པོར་དེའི་དོན་བསམ། མཐར་རླབས་ཆེན་ཚོགས་གཉིས་ཀྱི་སྤྱོད་པ་རྒྱ་མཚོ་ནས་རྒྱ་མཚོ་ལྟ་བུ་མང་པོ་བསགས་ནས་ཞིང་ཁམས་ཀུན་ལས་ཁྱད་འཕགས་འདི་གྲུབ་ལ། འུ་ཚོས་ཚིག་ཁ་འགའ་ཞིག་གིས་བཤད་ཐབས་མེད་ཀྱང་གོ་བརྡ་ཅུང་ཟད་འཕྲོད་པའི་སྒོ་ལྟ་བུ་ཕྱོགས་ཙམ་ཞིག་སྟོན་བཞིན་ཡོད་པའི་གོ་བ་ལེན་དགོས། བདེ་བ་ཅན་གྱི་ཞིང་ལ་ལྷ་དང་མི་ཡི་གནས་རིས་རྣམ་པ་གཉིས་ཀྱི་སྟེང་ནས་ཆགས་དབྱིབས་མདོ་ཙམ་ཞིག་བསྟན་པ་ཡིན་ཕྱིར་འདི་ཡན་ཆད་ཀྱིས་ས་གཞིའི་གནས་འདི་མིའི་གནས་རིས་ཀྱི་ཚུལ་གཙོ་བོ་བྱས་ཏེ་བསྟན་པ་ཡིན། ནམ་མཁའི་གནས་གཙོ་བོ་ལྷའི་གནས་རིས་ལ་འཇོག་རྒྱུ་ཡིན། འདི་ལྟར་བྱས་ཏེ་བཤད་སྐབས་རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པ་ཀུན་ནས་ཀུན་ཏུ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལྟ་བུ་ཞིག་ལ་བསམ་བློ་གཏོང་རྒྱུ་མ་ཡིན།

༢༽ ནམ་མཁར་འབྱུང་བའི་རྒྱན།

ནམ་མཁར་འབྱུང་བའི་རྒྱན་ལ་བསམ་བློ་བཏང་ན། ནམ་མཁའ་ལས་རླུང་གི་འབྱོར་བའི་ཐད་ནས་བདེ་བ་ཅན་གྱི་ཞིང་ཁམས་དེ་ནས་སྔ་དྲོའི་དུས་སུ་ཕྱོགས་བཞི་ནས་རླུང་འཇམ་པོ་དྲོ་གྲང་སྙོམས་པའི་རེག་བྱ་ཅན་ཞིག་ལངས་ཡོང་བའི་ཚེ་རིན་པོ་ཆེའི་སྤོས་ཤིང་ལྗོན་པ་དེ་ཚོའི་དྲི་ཞིམ་གྱིས་ཁྱབ་པར་བྱེད་པ་སྟེ། རླུང་གི་མིང་ལ་དྲིའི་བཞོན་པ་ཞེས་ཟེར་བ་ཡིན་ལ། ལྷའི་མེ་ཏོག་མཛེས་ཤིང་འཇམ་པ་མང་པོ་རླུང་གིས་བསྐུལ་ནས་ས་ལ་འཐོར་བ་དེ་ཉིད་ས་གཞི་དང་སྲང་ལམ་མི་འགྲེང་བདུན་ཙམ་རེ་ཁེབས་ཡོད་པ། ཡང་སྔ་དྲོའི་དུས་ཚོད་འདས་སོང་དུས་འདས་མ་ཐག་ལ་མེ་ཏོག་རྙིང་པ་ཐམས་ཅད་ཀྱང་མེད་པར་འགྱུར་བ་དང་། མཚམས་མཚམས་སུ་བདུད་རྩིའི་གྲུ་ཆར་ཡང་མེ་ཏོག་དང་སྤོས་ཆུ་འདྲེས་མ་ཤ་སྟག་འབབ་པ། ནམ་མཁའ་ནས་ལྷ་དང་ལྷ་མོ་མང་པོས་ལྷའི་གདུགས་དང་། རྔ་ཡབ་དང་། བ་དན་ལ་སོགས་པའི་མཆོད་རྫས་འཛིན་ཅིང་གཡོ་བ། དེ་བཞིན་དུ་ནམ་མཁའ་ནས་ལྷའི་རོལ་མོ་སྒྲ་དབྱངས་སྙན་པ་སྣ་ཚོགས་པ་སྒྲོག་པ། སྟེང་གི་བར་སྣང་ལ་ཁང་བཟང་དང་། ཀུན་དགའ་ར་བ། ལྷའི་སྐྱེད་མོས་ཚལ། ཆུ་ཀླུང་དང་རྫིང་བུ་ཉམས་དགའ་བ་ལ་སོགས་པ་འོག་མིན་གྱི་ནམ་མཁའི་ངོས་ཀྱི་བར་དུ་ཡོད་ཚུལ་དེ་ལྟར་གསུངས་ཡོད།

༣༽ ནམ་མཁའ་དང་ས་གཞིའི་མཛེས་བྱེད་ཀྱི་རྒྱན།

དེ་ཡིས་ནམ་མཁའ་དང་ས་གཞིའི་གནས་གཉིས་ཡོད་པར་བསྟན་ནས་ནམ་མཁའ་དང་ས་གཞིའི་མཛེས་བྱེད་ཀྱི་རྒྱན་ལ་བསམ་བློ་བཏང་ན། རིའི་རྒྱན། ཤིང་གི་རྒྱན། ཆུའི་རྒྱན། པདྨའི་རྒྱན། ད་རུང་ཁང་བཟང་གི་རྒྱན། དེ་འཕྲོས་ཟས་དང་གོས་རྒྱན་གྱི་ཡོ་བྱད་ལ་སོགས་པ། དེ་ཚོའི་སྟེང་ནས་མང་པོ་གསུངས་ཡོད། རི་ཐམས་ཅད་རིན་པོ་ཆེའི་རིགས་སྣ་ཚོགས་ལས་གྲུབ་པ། ངོས་ཡངས་པ། རྩེ་མོ་རིགས་མི་འདྲ་བའི་མཛེས་པ་ཅན་ཡིན་གསུངས་ཡོད། རིན་པོ་ཆེའི་སྙེ་མ་ལོ་འདབ་མཛེས་པའི་རྒྱན་ཡོད་པ། རིན་པོ་ཆེའི་འབྱུང་ཁུངས་ཅན་གྱི་རི་བོ། ནོར་བུའི་བྲག་གི་ཕུག་པ་ཡིད་དུ་འོང་བ་དང་། རིན་པོ་ཆེའི་འཁྲི་ཤིང་གིས་རང་གྲུབ་གྱུར་སོང་བའི་ཁྱིམ་དང་ཁང་བཟང་འགའ་རེ་ཕྲེང་བ་ལྟར་དུ་བསྒྲིགས་པ་དང། འགའ་རེ་སྐྱེད་ཚལ་གྱི་གླིང་ན་ཐ་རེ་ཐོ་རེ་ཡོད་པ་ཡིན། ཤིང་གི་རྒྱན་ལ། རྗེ་རིན་པོ་ཆེས། གསེར་དངུལ་བཻཌཱུརྱ་དང་ཤེལ་དང་སྤུག །མུ་ཏིག་དམར་པོ་རྡོ་ཡི་སྙིང་པོ་སྟེ། །རིན་ཆེན་བདུན་ལས་གྲུབ་པའི་ལྗོན་པ་ལ། །ཡིད་ལ་བསམ་དགུའི་རྒྱན་བཟང་དཔག་མེད་འཆང་། །ཞེས་གསུངས་ལ། གསེར་དངུལ་བཻཌཱུརྱ་རྣམས་དང་། ཤེལ་རང་བྱུང་གི་ཆུ་ཤེལ། སྤུག་ནི་འཁྱག་དཀར་དུམ་བུ་འདྲ་ཟེར་དར་ཞིང་། ལོ་སྟོང་ལོན་པའི་འཁྱག་དེ་སྤུག་ཡིན་ཟེར་སྲོལ་ཡོད་ན་ཡང་དེའི་སྟོང་དེ་མང་ཚིག་ལ་གོ་དགོས་སྙམ། ལོ་དུང་ཕྱུར་ལོན་པའི་འགྱུར་རྡོའི་རིགས་ཡིན་ཆོག མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ། རྡོའི་མཆོག རྡོའི་རྒྱལ་པོ་སྟེ་རྡོ་རྗེ་ཕ་ལམ་ཡིན་ས་རེད། ཤིང་ལྗོན་པ་འགའ་རེ་དེ་རིན་པོ་ཆེའི་སྣེ་ཁ་རེ་རེ་ལས་གྲུབ་པ། འགའ་རེ་སྣེ་ཁ་གཉིས་དང་། གསུམ་བཞི་དང་། ལྔ་སོགས་ནས་གོང་གི་རིན་པོ་ཆེ་བདུན་པོ་ལས་གྲུབ་པ། དེ་དག་ལྗོན་ཤིང་གཅིག་ལ་མཚོན་ན། རྩ་བ། སྡོང་པོ། ཡལ་ག ལོ་མ། དེའི་སྟེང་ལ་འདབ་མ། མེ་ཏོག འབྲས་བུ་རྣམས་རིན་པོ་ཆེ་སོ་སོ་ཡིས་གྲུབ་པ་དང་། མེ་ཏོག་ལྟ་བུ་གཅིག་ལ་རིན་པོ་ཆེ་སྣ་བདུན་ཁ་ཚང་བ། ལྗོན་ཤིང་དེ་ཚོ་ཐམས་ཅད་ལ་རེག་ན་འཇམ་ཞིང་བདེ་བ། དྲི་ཞིམ་པོ་ཅན། དྲི་མཆོག་དེ་དག་ཀྱང་གཅིག་དང་གཅིག་མི་འདྲ་བ། ཡལ་འདབ་རླུང་གིས་བསྐྱོད་ན་སྒྲ་སྙན་པོ་ཉན་པས་ཆོག་མི་ཤེས་པ་སྣ་ཚོགས་གྲག་རྒྱུ་ཡོད་པ། ཅི་བསམ་པའི་ལོངས་སྤྱོད་ཐམས་ཅད་ཤིང་ལས་ཀྱང་འབྱུང་བ། ལྗོན་ཤིང་ཁ་དོག་སྣ་ཚོགས་ཅན་གྱི་ས་གཞི་མཛེས་པའི་རྒྱན་ཆ་ཡིན་པ་དེ་ཉིད་ལྟ་བས་ཆོག་མི་ཤེས་པ། དེ་ཐམས་ཅད་ཤིང་གི་རྒྱན་ཡིན། དེ་འཕྲོས་ཆུའི་རྒྱན་གསུངས་ཡོད་ལ། ཆུའི་རྒྱན་འདི་ལ་འབབ་ཆུ་དང་རྫིང་བུ་གཉིས་ཀྱི་ཁོངས་སུ་བསྡུས་ནས་གསུངས་ཡོད་ཅིང་། ས་གཞི་རྒྱ་ཆེན་པོ་དེ་ལ་འབབ་ཆུ་འགའ་རེ་ཁ་ཞེང་རྒྱང་གྲགས་དང་དཔག་ཚད་རེ་རེ་ཡོད་པ་དེ་ལྟ་བུའི་རྒྱ་ཆེན། ཡང་དཔག་ཚད་བརྒྱ་སྟོང་མང་པོའི་བར་ལ་ཡོད་པ། གཏིང་ཟབ་ཚད་ལ་ཡང་རྒྱང་གྲགས་དང་དཔག་ཚད་ཁ་གྲངས་ཀྱི་ཚད་ཅན་གསུངས་ཡོད་ཀྱང་མཐའ་གཅིག་ཏུ་འདི་ཚོ་ངེས་པ་ཅན་མ་ཡིན། འབབ་སྟེགས་མཆོག་ཏུ་བདེ་བའི་སྤོས་ཆུའི་ཀླུང་ཞེས་གསུངས་པ་ཡིན་པས་སོ་སོའི་ཅི་བསམ་པ་ལྟར་དུ་འགའ་རེ་ཆུ་ལོང་བུ་ནུབ་པ་ཙམ། འགའ་རེ་སྐེད་པ་ནུབ་པ་ཙམ། ཡང་མགྲིན་པ་མན་ཆད་ནུབ་དགོས་ན་དེ་བཞིན་དུ་སྣང་བ། རི་བོའི་ཁོང་གསེང་ནས་བབ་པའི་ཆུ་རྒྱུན་ཡང་ཆུ་ཀླུང་ཆེན་པོའི་རྣམ་པ་ཅན་གྱི་འབབ་ཆུ་ཡིན་པ། ཐམས་ཅད་དྭངས་ཤིང་གཙང་བ། མིའི་ཆུ་ཡན་ལག་བརྒྱད་ལྡན་དང་ལྷའི་ཆུ་ཡན་ལག་བརྒྱད་ལྡན་གྱི་ཡོན་ཏན་ཐམས་ཅད་ཚང་བ། འདམ་རྫབ་སྤངས་པའི་གསེར་གྱི་བྱེ་མ་ལ། །བཞད་དང་ཁྲུང་ཁྲུང་ངང་ངུར་ཀ་རན་ད། །ནེ་ཙོ་རི་སྐེགས་རྨ་བྱ་ཀུ་ལ་ན། །ཀ་ལ་པིང་ཀའི་རྒྱུད་མྭངས་ལ་བསྙེན་པ། །ཞེས་གསུངས་པ་ལྟར་དུ་ལྷའི་བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་བཞིན་ཡོད་པ། བྱ་རིགས་དེ་ཚོ་ཡང་ཐ་མལ་གྱི་དུད་འགྲོ་མ་ཡིན་པར་དེ་བཞིན་གཤེགས་པའི་སྤྲུལ་བ་ཡིན་པ། ཆུ་ཀླུང་གི་ངོས་ཐམས་ཅད་ལྷའི་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་ཡོད་པ། ཆུ་ཀླུང་དང་མེ་ཏོག་ཐམས་ཅད་སྤོས་ཀྱི་དྲི་ཞིམ་པོ་འཐུལ་བ། ཆུ་ཀླུང་གི་སྒྲ་ཟབ་དང་རྒྱ་ཆེ་ཆོས་ཀྱི་སྙན་དབྱངས་སྒྲོག་པ། ཡང་རྫིང་བུའི་རྒྱན་ལ་བསམ་བློ་བཏང་ན། གཞི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲུས་ཀྱི་རྫིང་བུ་ཉམས་དགའ་བ། ཆུ་ཡན་ལག་བརྒྱད་ལྡན་གྱིས་གང་སོང་བ། ཕྱོགས་བཞི་ལ་རིན་པོ་ཆེའི་ཐེམ་སྐས་ཡོད་པ། ཕྱི་རོལ་རིན་པོ་ཆེའི་ལྗོན་ཤིང་གི་ཕྲེང་བསྟར་དེ་ཚོ་སྤེལ་ལེགས་པ་གྲལ་འགྲིག་པ་ཤ་སྟག་གིས་བརྒྱན་ཡོད་པ། དྲོ་གྲང་གང་འདོད་ཅི་བསམ་བཞིན་དུ་འབྱུང་བ་དེ་ལྟར་གསུངས་ཡོད། དེ་བཞིན་དུ་པདྨའི་རྒྱན་གསུངས་ཡོད་ལ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མེ་ཏོག་པདྨ། རྒྱ་ཆེ་ཆུང་ལ་དཔག་ཚད་ཕྱེད་ཡན་ཆད་ནས་དཔག་ཚད་བཅུའི་བར་དུ་འདྲ་མི་འདྲ་ཡོད་པ། དེའི་མེ་ཏོག་པདྨ་དེ་ཐམས་ཅད་ལས་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་གསུངས་ཏེ། དེའི་འོད་ཟེར་དེ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་ལ་འཕྲོས་ནས་སེམས་ཅན་ལ་ཆོས་སྟོན་པ། ད་དུང་ཁང་བཟང་གི་རྒྱན་ཡོད་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་བཟང་བ་གམ་བརྒྱ་སྟོང་གིས་བརྒྱན་པ། ནང་ན་རིན་པོ་ཆེའི་ཁྲི་དང་ཁྲིའུ་ལ་སོགས་པའི་ཉེར་སྤྱོད་འདོད་ཡོན་གྱིས་བརྒྱན་ཡོད་པ་དང་། གཞན་ཡང་ཞིང་དེར་སྐྱེས་པ་ཐམས་ཅད་ཀྱི་སྤྲུལ་བའི་ཁང་བཟང་སྐྱེད་ཚལ་དང་བཅས་པའི་ས་གཞི་ལ་འཆག་པར་མ་ཟད་བར་སྣང་ལ་ཆགས་ཐོགས་མེད་པར་འགྲོ་ནུས་པ་ཡིན། ཟས་ཀྱི་འབྱོར་བའི་ཐད་ནས་བཤད་ན། ཞིང་དེ་ནས་ཁམ་གྱི་ཟས་རགས་པ་ཟ་བ་མེད་ཀྱང་རོ་བརྒྱ་ལྡན་པའི་ལྷའི་ཞལ་ཟས་ཀྱིས་དེ་མ་ཐག་ཏུ་ཚིམ་ཞིང་ལུས་བརྟས་པའམ་རྒྱས་པར་འགྱུར་བ། གོས་རྒྱན་གྱི་ཡོ་བྱད་ཅི་དང་ཅི་འདོད་པ་གང་ནས་ཡིན་ཡང་ལེན་ཆོག་ཅིང་བསམ་པ་ཙམ་གྱིས་འགྲུབ་ཡོང་བ། ཞིང་དེར་སྐྱེས་པའི་མིའི་ལོངས་སྤྱོད་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་མཉམ་པར་གསུངས་ཡོད། ཞིང་དེ་ན་ངན་སོང་གསུམ་དང་ལྷ་མ་ཡིན་གྱི་རིས་མེད་ལ། ཞིང་དེར་སྐྱེ་བ་བླངས་དུས་འོད་ཀྱི་ལུས་ཅན་མེ་ཏོག་པདྨ་ལས་བརྫུས་ཏེ་སྐྱེས་པ་ཤ་སྟག་ཡིན། ཞིང་དེར་སྐྱེས་ནས་ཕྱིར་ངན་སོང་དང་ལྷ་མ་ཡིན་དུ་སྐྱེ་མི་སྲིད་ཅིང་། སྨོན་ལམ་གྱི་དབང་གིས་མ་གཏོགས་པར་དུས་མ་ཡིན་པར་འཆི་བ་ཡང་མེད། མཚན་དཔེས་བརྒྱན་པའི་ལུས་རབ་ཏུ་མཛེས་པ་འབའ་ཞིག་ཡིན། ཆོས་ཀྱི་འབྱོར་བའི་ཐད་ནས་བཤད་ན། སངས་རྒྱས་འོད་དཔག་མེད་པའི་མདུན་ནས་ཆོས་ཉིན་མཚན་དུས་བཞིའམ་དུས་དྲུག་ལ་ཉན་པས་མི་ཚད་པར་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀྱི་སངས་རྒྱས་ཀྱི་མདུན་དུ་རྫུ་འཕྲུལ་གྱིས་ཆོས་ཉན་དུ་སོང་ནས་ཅི་འདོད་ལག་པའི་མཐིལ་ནས་འབྱུང་བའི་མཆོད་པ་འབུལ་ཆོག་པ་ཡིན། ད་ལྟར་ཐེ་ཚོམ་ཡོད་མཁན་དེ་དུས་ཞིང་དེར་སྐྱེས་དུས་མེ་ཏོག་པདྨ་ཁ་མགྱོགས་མྱུར་དུ་མི་བྱེ་བ་རྣམས་མིན་པར་སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་མང་པོར་ཉུལ་ཐུབ་པའི་རྫུ་འཕྲུལ་གྱི་མངོན་ཤེས་དང་དེ་བཞིན་དུ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ལ་སོགས་པ་མངོན་ཤེས་ལྔ་དང་ལྡན་པ་ཤ་སྟག་ཡིན། རྒྱལ་བ་འོད་དཔག་མེད་པའི་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཡིན་ལ། འཁོར་དེ་ཚོའི་མང་ཉུང་གི་ཐད་ནས་བཤད་ན། བདེ་བ་ཅན་གྱི་ཉན་ཐོས་ཀྱི་འཁོར་འདུས་པ་དང་པོ་ལྟ་བུ་ཞིག་སྟོང་གསུམ་གྱི་ནམ་མཁའི་སྐར་མ་ཐམས་ཅད་ཉིན་ཞག་གཅིག་གིས་རྩི་ནུས་པའི་རྫུ་འཕྲུལ་ཅན་གྱི་མཆོག་མོའུ་འགལ་གྱི་བུ་ལྟ་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་འདི་དག་ཁོ་ན་བརྩིས་ཀྱང་རྩི་མི་ཚར་རྒྱུ་དང་རྩི་མི་ཐུབ་པ། འདུས་པ་གཉིས་པ་དང་གསུམ་པ་ལ་སོགས་པ་དེ་བས་ཀྱང་རྩི་མི་ཐུབ་པ། བྱང་ཆུབ་སེམས་དཔའ་བློ་རི་རབ་དང་མཚུངས་པ་ཡེ་ཤེས་རྒྱ་མཚོ་དང་འདྲ་བ་ལ་སོགས་པ་ཡོན་ཏན་མཐའ་ཡས་མུ་མེད་པ་དང་ལྡན་པ་གོང་ལས་ཀྱང་མང་བས་ན་ཡང་རྩི་མི་ཐུབ། དེ་ལྟ་བུའི་སྣོད་བཅུད་ཀྱི་ཡོན་ཏན་གྱི་འབྱོར་བས་བརྒྱན་པའི་དབུས་དེ་ན་བྱང་ཆུབ་ཀྱི་ལྗོན་ཤིང་ཡོད། བྱང་ཆུབ་ཀྱི་ལྗོན་ཤིང་དེའི་མཚན་ལ་རིན་པོ་ཆེའི་པདྨོ་རྣམ་པར་སྣང་བ་ཞེས་ཞུ་བ་ཡིན། རྩ་བའི་སྦོམ་ཕྲ་ལ་དཔག་ཚད་ལྔ་བརྒྱ་ཙམ་རེ་གསུངས་ས་དེ་ལྟར་ཡོད། གནམ་འཕང་ལ་དཔག་ཚད་དྲུག་སྟོང་གསུངས་ས་ཡོད་དར། ཡལ་ག་དང་ལོ་མ་འདབ་མས་དཔག་ཚད་མང་པོ་ལ་ཁྱབ་པའམ་བརྒྱ་སྟོང་མང་པོར་ཁྱབ་ནས་འཁོར་ཡུག་ཕྱོགས་ཀུན་ལ་ཁེབས་པ། ནོར་བུའི་རིགས་འདྲ་མི་འདྲ་བ་ཡིས་བརྒྱན་ཡོད་པ། བརྒྱན་ལུགས་ཀྱི་ཁྱད་པར་བཤད་ན། འདི་ལྟ་བུ་སྟེ་ཚངས་པའི་གཙུག་རྒྱན་གྱི་ཟླ་བ་ལྟ་བུར་སྣང་བའི་རིན་པོ་ཆེས་ཡོངས་སུ་གསལ་བར་བྱེད་པ། བརྒྱ་བྱིན་གྱི་ལག་ན་ཐོགས་པའི་ནོར་བུ་རིན་པོ་ཆེས་མཛེས་ཤིང་མཛེས་པར་བྱེད་པ། དེ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་རྣམ་པར་སྤྲས་ཤིང་ཀུན་ནས་ཁེངས་པ། རྒྱ་མཚོའི་ནོར་བུ་རིན་པོ་ཆེས་འཕྱང་འཕྲུལ་དུ་སྤྲས་པ། དེ་ལས་གཞན་པའི་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་ཀྱིས་དྲ་བ་དང་དྲ་བ་ཕྱེད་པ། གཡུང་དྲུང་རིས་དང་། དགའ་བ་འཁྱིལ་བ། དྲིལ་བུ་གཡེར་ཁའི་རྣམ་པ་ལ་སོགས་པ་སེམས་ཅན་གྱི་བསམ་པའི་རྣམ་རིག་ལ་ཤར་ནུས་ཚོད་ཀྱི་རྒྱན་ཆའི་དྲུང་ན་སངས་རྒྱས་འོད་དཔག་མེད་ཀྱི་བཞུགས་ཁྲི་ཡོད། བཞུགས་ཁྲིའི་སྟེང་གི་པདྨའི་གདན་དེའི་མཚན་ལ་དག་ཅིང་བཟང་ལ་བཀྲ་བའི་འོད་ཟེར་ཅན་ཞེས་ཞུ་བ་ཡིན། རྒྱལ་བས་ཆོས་བསྟན་པའི་གཞལ་མེད་ཁང་ལ་ཆོས་ཡང་དག་པར་སྡུད་པའི་ཁང་བཟང་ཞེས་གསུངས་ཤིང་མཚན་གྱི་རྣམ་གྲངས་ལ་ཁྱད་པར་ཅུང་ཟད་རེ་ཡོད། མདོར་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད་ཅེས་གོང་ནས་ཀྱང་བཤད་པ་ལྟར་དུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། འོད་ཟེར་དཔག་ཏུ་མེད་པའི་རྒྱན་གྱིས་ཕྱོགས་བཅུ་ན་ཡོད་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་དུས་གཅིག་ཏུ་འོད་ཟེར་གྱིས་ཁྱབ་པ། མི་དང་ལྷའི་དབང་པོ་ཐམས་ཅད་ཟིལ་གྱིས་གནོན་ཅིང་མོག་མོག་པོར་བྱེད་ཐུབ་པ། ཞལ་མཇལ་ཚད། གསུང་ཐོས་ཚད། འོད་ཀྱིས་ཁྱབ་ཚད་ལུས་སེམས་བདེ་བ་དང་དགའ་བདེས་ཚིམ་པར་བྱེད་པ། རིའི་རྒྱལ་པོ་རི་རབ་གླིང་བཞིའི་དབུས་ན་འཕགས་པ་ལྟར་དུ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ལས་མངོན་པར་འཕགས་ཏེ་དེ་ཐམས་ཅད་ཟིལ་གྱིས་མནན་ནས་དུས་ཀུན་ཏུ་ལྷམ་མེ། ལྷང་ངེ། ལྷན་ནེར་བདག་སོགས་སེམས་ཅན་ཐམས་ཅད་ལ་དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་མདངས་ཀྱིས་དྲངས། མཁྱེན་པའི་ཐུགས་ཀྱིས་དགོངས། བརྩེ་བའི་སྤྱན་གྱིས་གཟིགས་ཏེ་བཞུགས་ཡོད། དེ་ལྟར་རྟེན་དང་བརྟེན་པའི་སྣོད་བཅུད་ཀྱི་ཞིང་བཀོད་བཤད་དེ་དོན་བསྡུ་བ་ནི། སྐུ་དང་ཞིང་ཁམས་རྟག་ཏུ་འཆར་བར་ཤོག་ཅེས་པའི་ཚིག་རྐང་རྗེས་མ་འདིས་སྨོན་ལམ་དང་བཅས་ཏེ་བསྟན་ཡོད། བདེ་བ་ཅན་གྱི་ཞིང་ཁམས་ལ་ལུས་འདི་བོར་ཏེ་ཚེ་འདི་བརྗེས་མ་ཐག་ཏུ་སྐྱེ་དགོས་པ་ཡིན་ཡང་དེ་སྐྱེ་བའི་རྒྱུ་ད་ལྟ་ནས་སྒྲུབ་དགོས་ཕྱིར་རྒྱུ་འབྲས་གཉིས་ཀ་བྱེད་པ་མཐུན་པ་ཡིན་པས་ད་ལྟའི་སྐབས་ན་ལུས་མི་གཙང་འབྱུང་བཞིའི་རྡུལ་ཕྲན་ཟག་བཅས་སྙིགས་མའི་ཕུང་པོ་རྡོས་བཅས་རགས་པ་ལ་བརྟེན་ཡོད་ཀྱང་སེམས་རྣམ་ཤེས་གསལ་རིག་ཐོགས་པ་མེད་པ་ཆོས་ཉིད་ཡེ་དག་གི་ངོ་བོ་ཅན་འདིས་བདེ་སྨོན་ཁ་ཡིས་འདོན་པ་དང་མཉམ་དུ་སེམས་མ་ཡེངས་རྩེ་གཅིག་དད་ཅིང་གུས་པས་ཞིང་ཁམས་རྟེན་དང་བརྟེན་པའི་གསལ་སྣང་སྒོམས། དེ་ཡང་རང་སེམས་གདོད་ནས་ཡེ་དག་གི་ཆོས་ཉིད་དེ་རོ་གཅིག་པའི་མཉམ་བཞག་དང་བཅས་ཏེ་རྗེས་ཐོབ་ཐུན་མཚམས་སྤྱོད་ལམ་གྱི་སྐབས་ཡིན་ན་ཡང་སྣོད་དུ་སྣང་བའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས། བཅུད་དུ་ཤར་བའི་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཞིང་ཁམས་དེའི་ལྷ་ཚོགས། གཟུགས་སུ་སྣང་ཚད་ཐམས་ཅད་འོད་དཔག་མེད་ཀྱི་སྐུ། སྒྲ་རུ་གྲགས་ཚད་ཐམས་ཅད་འོད་དཔག་མེད་ཀྱི་གསུང་། དྲན་རྟོག་གང་ཤར་ཐམས་ཅད་འོད་དཔག་མེད་ཀྱི་ཐུགས་སུ་ཤེས་པའི་སྒོ་ནས་དུས་དང་རྣམ་པ་ཀུན་ཏུ་ཉམས་སུ་བླངས་ན་བདེ་བ་ཅན་དུ་ཐམས་ཅད་སྐྱེ་ཐུབ་པ་ཡིན། བླ་མ་གྲྭ་པ་འདྲ་མིན་ན་ངེད་ཚོ་མི་སྐྱ་ཕོ་མོ་འདིས་ཆོས་སྒྲུབ་ལོང་མི་འདུག་མ་གཏོགས་འདི་ཉན་ན་བསྒྲུབས་ན་ཕན་ཐོགས་ཡོང་སྒོ་ཞིག་ཡོད་ཀྱང་ལོས་ཡོད་དེ་ཡོད་འདུག་སྙམ་ནས་རང་ཉིད་ལ་དེའི་ལས་སྐལ་མེད་པའི་འདང་བརྒྱབ་ན་དེ་ནོར་འཁྲུལ་ཆེན་པོ་ཞིག་ཏུ་འགྱུར་རྩིས་ཡིན། ངས་འདི་ནས་བཤད་པ་དེ་ཉིད་ལ་ཉན་ས་ཡོང་ལོང་མེད་ན་ཐང་། ཁྱད་པར་དུ་ད་ལྟའི་སྐབས་སྟོན་ལས་ཀྱི་དུས་རེད། གཅིག་བྱས་ན་ཅུང་ཟད་མི་སྐྱོན་ལས་ཆེ། ལོ་གཅིག་ལ་ཞག་པོ་སུམ་བརྒྱ་དྲུག་ཅུ་ལྷག་ཅིག་ཡོད་ལ། ཞག་རེ་རེ་ཡི་ཆུ་ཚོད་ཉི་ཤུ་རྩ་བཞི་མ་བརྩིས་ནས་ཉིན་དཀར་གྱི་ཆུ་ཚོད་བཅུ་གཉིས་པོ་ཁོ་ན་བརྩིས་པའི་དབང་དུ་བཏང་ན་ཆུ་ཚོད་བཅུ་གཉིས་ཅན་གྱི་ཚོ་སུམ་བརྒྱ་དྲུག་ཅུའམ་སུམ་བརྒྱ་དྲུག་ཅུ་དེ་བཅུ་གཉིས་ཀྱིས་བསྒྱུར་ན་ཆུ་ཚོད་བཞི་སྟོང་དང་སུམ་བརྒྱ་ལྷག་ཅིག་ཡིན་ཞིང་། དེའི་ནང་ནས་ཆོས་ཁྲིད་ཐེངས་མ་བཞི་ཆུ་ཚོད་རྡོག་མ་བཞི་ཁེ་རུ་མ་སྐྱོན་མི་འདུག ཁྱད་པར་དུ་དུས་རྒྱུན་ཆོས་རང་གིས་སྒྲུབ་པ་ལ་དུས་ཚོད་ཁ་ཁར་མ་ཕུད་ན་ཆོག་པ་ཡིན། ཆོས་སྒྲུབ་ལུགས་ཡག་ཤོས་དེ་གང་ཡིན་ཟེར་ན། འགྲོ་འདུག་ཟ་ཉལ་སྤྱོད་ལམ་རྣམ་བཞི་ཆོས་དང་སྦྲེལ་ཐུབ་པ་དེ་ཡིན་ཞིང་། ཆོས་སྒྲུབ་པ་ལ་དུས་ཚོད་མེད་ནས་དེ་ཡིས་མི་ལོ་འདུག་དྲན་པ་དེ་ཆོས་སྒྲུབ་མ་ཤེས་པས་ཡིན། ཆོས་སྒྲུབ་དུས་རྒྱུ་མེད་སྤྲང་པོར་ལྷག་ཏུ་བྱེད་དགོས་པ་མིན་ལ། ཆོས་སྒྲུབ་ཅེས་པ་ཡོད་ཚད་མེད་པར་བྱེད་དགོས་པ་ཞིག་ཨེ་ཡིན་སྙམ་ན་མ་ཡིན། མི་ཁོམ་འདུག་རྒྱུ་དུས་རྒྱུན་དུ་འཇིག་རྟེན་གྱི་བྱ་བ་ཁོ་ནས་བྲེལ་ཏེ་མི་ཁོམ་མི་དལ་བའི་རྒྱུའི་རྩ་བ་དེད་སོང་ན་རྒྱུ་ནོར་ཞིག་བཙལ་བའི་ཆེད་ཡིན་ཞིང་། རྒྱུ་ནོར་གསོག་པའི་ཆེད་དུ་ལྷག་པར་ཆོས་སྒྲུབ་དགོས། ཆོས་སྒྲུབ་པའི་དམིགས་ཡུལ་དེ་གང་ཡིན་ཟེར་ན། མངོན་མཐོ་དང་ངེས་ལེགས་གཉིས་ཀ་ཐོབ་ཆེད་ཡིན་ལ། དེ་ལྟར་ན་ངེས་པར་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་དེ་ལྷ་མིའི་ལུས་རྟེན་ཡིན། ཁྱད་པར་དུ་ཁམས་དྲུག་ལྡན་པའི་མིའི་ལུས་རྟེན་འདི་ཉིད་ཡིན་ཞིང་། དེས་ན་དང་པོ་མངོན་མཐོ་མིའི་ལུས་རྟེན་འབྱོར་བ་ཐམས་ཅད་ཚོགས་པ་ཞིག་ཡིན་དགོས། གཟུགས་མཛེས་དགོས་ལ། ལོངས་སྤྱོད་ཕུན་སུམ་ཚོགས་དགོས། སྐྱེ་ཡག་བཙོག་ཕ་མས་བཞག་པ་ཡིན་པས་ལུས་རྟེན་གཅིག་ལ་བརྗེ་ལུགས་མེད་ཀྱང་རྒྱུ་མེད་ན་མི་དགའ་ཞིང་ཕྱུག་ན་དགའ། འཁོས་མེད་ན་མི་དགའ་བར་དབང་ཐང་ཡོད་ན་དགའ། ན་གིན་ཡོད་པས་མི་དགའ་ཞིང་ནད་མེད་བདེ་ཐང་གིས་དགའ། དེ་དག་དགོས་མཁན་དག་གིས་ལྷག་ཏུ་ཆོས་ཉན་དགོས་ཤིང་། འབད་པ་གྱིས་དང་བསྒྱུར་གཏོང་ཆོག་ཅིང་ཡོད་པར་བྱེད་ཆོག ཆོས་ནོར་འདོད་དང་ཐར་བ་ཞེས་པ་བཞི་བོ་ཕུན་ཚོགས་སྡེ་ཞིན་ཡིན་ཞིང་། དེ་བཞི་བོའི་སྒྲུབ་སྟངས་ཐོས་པར་བརྟེན་ན་ཤེས་ཡོང་རྒྱུ་ཡོད། ཆོས་སྒྲུབ་ཅེས་ཟེར་སྐབས་རྒས་འཁོགས་ལས་མེད་ཤི་རྒྱུ་ལ་སྒུག་བཞིན་ཡོད་པ་རྣམས་དང་། ཕོ་མོ་གཉིས་ཀའི་ནང་ནས་བུད་མེད་མང་ཆེ་བ་ཡིན་དགོས་པའི་ངེས་པ་ཅི་ཡོད། ཁྱད་པར་དུ་རྒྱུ་གསོག་མཁན། ཁྱིམ་འཛིན་མཁན། འཇོན་ཐང་ཡོད་མཁན། ཕོ་གསར་སོགས་ཤོག ཡང་རྒས་མ་གཞོན་གྱི་མི་ལུས་ལོ་ཉུང་གི་དུས་ཚོད་གནའ་ནས་བརྒལ་ཚར་བའི་སེམས་ལོ་ལོན་གྱི་ཉམས་མྱོང་ད་དུང་བབ་ཐུབ་མེད་པ་རྣམས་ཤོག་དང་རང་ངོ་རང་གིས་ཤེས་རྒྱུ་ཡོད། རྐུན་མ་ཁྲམ་པ་ཁྱད་པར་དུ་ཤོག རྐུ་བྱེད་རྒྱུ་དེ་རྒྱུ་ཡི་ཆེད་དུ་ཡིན་ལ། རྒྱུ་འབྲས་སྣོག་རྒྱུ་ཡང་རྒྱུ་ཡི་ཆེད་དུ་ཡིན། དེ་སླ་མོ་ཞིག་མ་ཡིན་པར་སྲོག་དང་བསྡོས་དགོས་ཀྱང་དེ་ལས་སླ་བའི་རྒྱུ་གསོག་ཐབས། སེམས་སྐྱིད་ཐབས་དེ་ཆོས་ཀྱི་ནང་ན་ཡོད། དེས་ན་ལངས་ན། ཉལ་ན། སོང་ན། བསྡད་ན། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ་དེ་ཉིད་ཡིད་ནས་མ་བརྗེད་དང་དེ་ཡིས་ཆེ་བའི་ཆོས་ཤིག་མི་དགོས། མཚན་གཉིད་ཞབས་ནས་དེ་རྨིས་ཐུབ་པ་ཞིག་གྱུར་ན་ཕྱི་མར་བདེ་བ་ཅན་དུ་སྐྱེ་ཤས་ཆེ་བ་ཡིན། ལུས་འཇིག་རྟེན་མི་ལུས་ཡིན་ཡང་སེམས་བདེ་བ་ཅན་གྱི་སེམས་ད་ལྟ་ནས་སྦྱངས་ཏེ་ལོབས་སུ་འཇུག་པ་དང་བྱང་དུ་ཆུགས་དང་མིག་བཙུམ་མ་ཐག་ཏུ་བདེ་བ་ཅན་ལ་ཕ་ཁྱིམ་བུ་འགྲོ་ཡིན། སེམས་བཙོག་པ་ད་ལྟའི་འདི་མདོག་ཅིག་འགྱུར་མ་ཐུབ་ཅིང་ཚོགས་བསགས་སྒྲིབ་སྦྱངས་མ་བྱས་ན་རྒྱུ་མེད་ཀྱི་འབྲས་བུ་བདེ་བ་ཅན་དུ་སྐྱེ་བའི་མཐུན་རྐྱེན་རང་ངོས་ནས་མ་ཚོགས་པས་གཞན་ཇི་ལྟར་བཟང་ཡང་བདེ་བ་ཅན་དུ་རྡོ་འཕེན་པ་ལྟར་དུ་བྱེད་ཐབས་མེད། དེ་ལྟ་བུའི་གང་ཟག་གིས་ཚེ་འདིའི་བདེ་སྐྱིད་སྒྲུབ་མི་ཐུབ། ཆོས་མ་བསྒྲུབས་ཀྱང་འགའ་རེ་སྐྱིད་འདུག་དྲན་རྒྱུ་རིག་རྒྱུ་ཡོད་ན་ཡང་དེ་ལྟ་བུ་དེ་ཉིད་མར་མེ་འཆི་རན་ཁར་གསལ་བ་ལྟར་དུ་དེ་འདྲ་བ་དེ་ལ་མཐར་གཏུགས་ན་ཡུན་མེད། མདོར་ན་རང་སེམས་རང་ལ་དཀར་མཁན་རྣམས་ཀྱིས་ཆོས་རང་རྒྱུད་དང་སྦྱར་ཏེ་ཆོས་སྒྲུབ་སྐབས་ཆོས་ངོ་མ་དེ་ཉིད་ཇི་ལྟ་བ་བཞིན་དུ་སྒྲུབས། སྒྲུབས་ཞེས་པའི་ཚིག་མཚམས་ནས་དེ་རིང་གི་ཆོས་མཚམས་གཞག དེ་རིང་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཡི་ནང་ནས་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་དེ་ཉིད་བཤད་ཟིན་ལ། ཚིག་བཞི་སྔོན་མ་དང་པོ་ཡི་གེ་དཀར་བོ་དེ་ཉིད་སོང་སྟེ། སང་ཉིན་རྒྱུ་གཉིས་པ་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་ཡི་གེ་སེར་བོ་དེ་ཉིད་དང་། གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡི་གེ་དམར་བོ་དེ་ཉིད་མཉམ་དུ་བཤད། གནང་ཉིན་རྒྱུ་བཞི་བ་རྐྱེན་སྨོན་ལམ་གྱིས་མཚམས་སྦྱར་བ་བཤད་ལ། ཉིན་རྗེས་མར་ཐམས་ཅད་ཀྱི་ཕྱོགས་བསྡོམས་དང་ཐེངས་འདིའི་དགེ་རྩ་རྫོགས་བྱང་དུ་བསྔོ་བའི་ལས་རིམ་དེ་ཡིན། འདིའི་མཚམས་ནས་རྣམ་པ་སུ་ཡིན་གང་རུང་ཞིག་གིས་མགུར་ཞིག་འཐེན་རྒྱུ་ཡིན། ད་ལོ་ཤྲཱི་སེང་དང་དགོན་པའི་ནང་ནས་གཙོ་ཆེར་གསར་བ་ཏག་ཏག་གིས་འཐེན་ན་ཅི་འདྲ་ཞེས་བཤད་ཡོད། སུས་འཐེན་ཀྱང་ཁྱད་པར་མེད། འདིའི་མཚམས་སུ་མགུར་ཞིག་འཐེན་མཛོད། ༈ ༼ཁྱབ་བདག་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་མཆོག་གིས་སློབ་ཚོགས་རྣམས་ལ་ཐོག་མཐའ་བར་དུ་དགེ་བའི་ཞལ་གདམས་ཀྱི་མགུར་དབྱངས་འདི་གསུངས་སོ། །ཐོག་མར་དགེ་བ་ཚུལ་ཁྲིམས་མིག་བཞིན་སྲུང་། །བར་དུ་དགེ་བ་མང་ཐོས་བརྩོན་པར་བྱེད། །ཐ་མར་དགེ་བ་ཐོས་དོན་ཚུལ་བཞིན་སྒྲུབ། །དེ་ལྟར་མཛད་ན་རང་གཞན་དོན་གཉིས་འགྲུབ། །དྲན་དང་ཤེས་བཞིན་བག་ཡོད་གནས་ལ་བསླབ། །བྱིས་དང་སྡིག་གྲོགས་འདོད་ཡོན་ཞེན་པ་སྤོང་། །དགེ་བའི་བཤེས་དང་ཆོས་མཐུན་གྲོགས་ལ་བསྟེན། །དེ་ལྟར་མཛད་ན་ཀུན་གྱིས་བཀུར་བ་འབྱུང་། །ཞི་དུལ་ངང་བརྟན་རྣམ་གཡེང་ལེ་ལོ་མེད། །སྒོ་གསུམ་བསྡམས་པས་ཅི་བྱེད་ཆོས་དང་མཐུན། །འགྲོག་པར་བདེ་བས་གཞན་སྣང་དང་བ་འདྲེན། །དེ་ལྟར་མཛད་ན་དོན་མཐུན་གྲོགས་བཟང་རྙེད། །བླ་མ་ལྷ་ཡིས་དབྱིངས་ནས་མི་ཁྲེལ་ཞིང་། །རང་སེམས་ཟོལ་མེད་དཔང་དུ་བཙུགས་བྱས་ཏེ། །ཆོས་དང་སེམས་བསྲེས་འབྲེལ་ཚད་དགེ་ལ་སྦྱོར། །དེ་འདྲ་ཡ་རབས་དམ་པའི་ངང་ཚུལ་ལགས། །དེང་སང་སྐྱེ་བོ་ཤིན་ཏུ་མི་སྲུན་པས། །སུ་དང་འགྲོགས་ཀྱང་ཆོས་མིན་སྤྱོད་པ་སློབ། །ཉ་རུལ་ཁྲོད་ཀྱི་ཀུ་ཤ་ཇི་བཞིན་དུ། །དམ་པ་ཡིན་ཡང་ཚུལ་མིན་གནས་ལ་སྦྱོར། །དེ་ཕྱིར་རང་གི་ཆོས་ཚུལ་རི་རྒྱལ་བཞིན། །གྲོགས་དང་རྐྱེན་གྱི་རྗེས་སུ་མི་འགྲོ་ཞིང་། །ཆོས་མཐར་ཕྱིན་ཅིང་རང་གཞན་བསྟན་འགྲོའི་དོན། །འབད་མེད་འགྲུབ་པ་དེ་འདྲའི་ཚུལ་ལ་སློབས། །རང་རྒྱུད་ཡང་དག་ཆོས་ཀྱིས་དུལ་བ་ན། །གཞན་གྱི་དོན་ཡང་མ་འབད་ཤུགས་ལ་འབྱུང་། །ལྷ་དང་བླ་མ་དབྱིངས་ནས་དགྱེས་པ་དང་། །དམ་ཚིག་གཙང་བས་དམ་ཅན་བྲན་བཞིན་འཁོར། །བསྟན་དང་འགྲོ་བའི་དོན་རྣམས་ལྷུན་གྱིས་འགྲུབ། །མཁས་དང་གྲུབ་པའི་གྲགས་པ་ལྷས་ཀྱང་སྒྲོག །དམ་པའི་སྐྱེ་སྲིད་གྲགས་པར་དོན་དང་ལྡན། །དེ་འདྲའི་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག།༽ དམ་པ་གོང་མ་རྣམ་པའི་རྟོགས་པའི་ཉམས་མགུར་དང་། དོ་ཧའི་རྒྱངས་གླུ། ངེས་འབྱུང་ཆོས་ལ་བསྐུལ་བའི་གཏམ། ཞལ་གདམས་ཉམས་ལེན་གྱི་དྲན་སྐུལ་དེ་རྣམས་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མས་མཚམས་རེར་མགུར་དབྱངས་བྱས་ཏེ་འཐེན། མཚམས་རེར་ཤར་འདོན་བྱས་ཏེ་བཀླག་ཅིང་བཟླས། མཚམས་རེར་སྔས་མགོ་དང་རྒྱུན་དུ་རིག་ས་ཞིག་ལ་སྦྱར་ན་བཟང་། ཉམས་ལེན་པ་རྙིང་པ་ཞིག་ཡིན་ན་རྟོགས་པའི་བོགས་འདོན། ཆོས་པ་གསར་བ་རྣམས་ཀྱི་དྲན་པའི་སོ་མཁར་ཚུགས་པའི་རྨང་གཞི། དེ་མིན་གཞན་པ་ཐམས་ཅད་ཀྱི་བློ་ཁ་ནང་ལ་འཁོར་བའི་དྲན་སྐུལ་ཡོང་བ་ཡིན། མདོར་ན་ཡོད་ཚད་ལ་ངེས་འབྱུང་བཅོས་མིན་སྐྱེ་བའི་གྲོགས་བྱེད། དེང་སང་ཁྱིམ་པ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་ཡི་གེ་ཆེ་ཚོད་ཆུང་ཚོད་ཀྱིས་ཤེས་ས་ཡོད་བསམ་རྒྱུ་ཞིག་ཡིན། སྔོན་ཆད་ངས་དེའི་སྐོར་ལ་ཧ་ཅང་དོ་དམ་ཞིག་བྱས། དེ་རིང་འུ་ཚོའི་ཆོས་ཁྲིད་ཀྱི་འགོར་རྡོར་སེམས་སྒོམ་བཟླས་ཤིག་ངས་ཆེད་དུ་བཏོན་པ་ཡིན། ཚང་མས་འུར་སྒྲ་གྲག་ལོས་འགྲོ་དྲན་ཡང་ཆེན་པོ་ཞིག་གོ་མ་བྱུང་། མདོར་ན་ཡིག་རྨོངས་སེལ་དགོས་རབས། ལོ་ཆུང་གིས་མི་ཚད་རྒན་རྒོན་གྱིས་སྦྱངས་ན་ཕྱི་མར་བླུན་པོར་མི་སྐྱེ་བའི་དགོས་པ་ཆེ་རབས་ཐེངས་མང་པོར་བཤད་མྱོང་། དེས་མ་ཚད་པར་རྒས་གཞོན་སུ་ལེན་མི་ཤེས་ཡིག་རྒྱུགས་ཀྱང་ལེན་རྒྱུ་ཡིན་ཟེར་མྱོང་ཡང་དེང་སྐབས་གཞོན་སྐྱེས་ཀྱི་མི་རབས་གསར་བའི་བསྟན་བདག་མཁན་སྤྲུལ་རྣམ་པ་མཁྱེན་རྒྱ་གཅིག་བས་གཅིག་ཆེ་ཡིན་ཞིང་། གྲྭ་ཚང་གི་ནང་ནས་ཡིན་ཡང་རང་མོས་དང་བླང་གིས་ལྷག་བསམ་ཆེར་བསྐྱེད་མཛད་དེ་རང་ནུས་གང་ཡོད་ཀྱིས་ཤེས་ཡོན་གྱི་ས་བོན་རེ་འཇོག་ཅི་ཐུབ་མཛད་མཁན་ཡང་མི་ཉུང་བ་ཡོད་པ་ཡིན་ན་རི་ཁྲོད་དབེན་པའི་གནས་ནས་གྲོང་དགོན་མང་པོར་ཐེ་གཏོགས་མ་དགོས་པའི་ས་ཚོད་ལ་བརྒྱབ་པ་ཡིན། དེའི་ཕྱིར་དོ་སྣང་མ་བྱས་ཏེ་བཏང་སྙོམས་སུ་བཞག་ཡོད། སྤྱིར་ན་རིས་མེད་ཀྱི་དམ་པ་གོང་མ། བྱེ་བྲག་ཏུ་རང་གང་ལ་མོས་པའི་ཆོས་བརྒྱུད་ཀྱི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་མཇོལ་དང་བྱིན་རླབས་དང་། ཕན་ཡོན། ངེས་འབྱུང་གི་དྲན་སྐུལ། མ་ཤེས་བློ་ཡི་སྒོ་འབྱེད་ལ་སོགས་པའི་ཡོང་སྒོ་མང་པོ་ཞིག་དེའི་ནང་ནས་ལེན་རྒྱུ་ཡོད། བློ་འདྲི་ས་མཁས་པའི་ལེགས་བཤད་དང་། དམ་པའི་གཞུང་ལུགས་ལ་གྱིས་དང་ཉིན་གཅིག་ཉི་མ་བརྒྱ་འདྲ་འདྲའི་ངོ་གསལ་ཁོ་ན་དང་། མི་བཟང་པོ་ལྟ་བུ་འདྲིས་ཤིང་འདྲིས། བཅར་ཞིང་བཅར་ན་ཇེ་བཟང་ཡིན། ཇི་ལྟར་མིན་ཡང་ཕོ་གསར་མོ་གསར་རྣམས་ཀྱིས་ལུགས་ཀྱི་བསྟན་བཅོས་དང་བློ་གསར་རི་བོང་གི་རྟོགས་བརྗོད་ལྟོས་དང་ཡག་རྒྱུ་སྙན་རྒྱུ་ཡིས་མ་ཚད་པར་མི་སྤུས་མེད་སྤུས་ཚད་ཅན་དུ་བསྒྱུར་ཐུབ་ལ། དེའི་འཕྲོས་སྟོན་པའི་སྐྱེས་རབས་ལས་འཕྲོས་པའི་བོད་ཀྱི་སྒྱུ་རྩལ་གྱི་རིག་གཞུང་། དྲི་མེད་ཀུན་ལྡན་ལ་སོགས་པའི་རྣམ་ཐར་ལ་བལྟས་ན་ཡང་སྦྱིན་སོགས་ཕར་ཕྱིན་ལས་བརྩམས་པའི་བརྗོད་བྱ་ཅན་ཡིན་པས་རང་ཉིད་ལ་ཕན་ཐོགས་ཆེན་པོ་ཡོད། དེའི་འཕྲོས་འབྲུག་ཆུ་སྡེ་བའི་གཡག་ཡར་དར་གྱི་མགོའི་གསེར་མཁར་ལས་ས་ནས་རྙེད་པའི་གནའ་བོའི་སྐུ་རྙིང་གུ་རུ་ཨོ་རྒྱན་བདེ་ཆེན་རྒྱལ་པོའི་སྐུ་དེ་དེ་རིང་སྔ་དྲོར་ཚོགས་ཐོག་ནས་ངའི་ལག་ལ་བཞག་པ་དེ་ངས་ཚོད་དཔག་བྱས་ན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་དུས་ཀྱི་རྟེན་རྙིང་ཞིག་ཕྱིས་སུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུ་དུས་སུ་ཨ་ཁྲི་གཏེར་སྟོན་གྱིས་ས་གནད་ཀྱི་མེ་བཙའ་ལ་བཞག་པ་ཞིག་ཡིན་སྙམ། དེས་ན་འདི་ལ་རབ་གནས་ཤིག་ཡང་བསྐྱར་བྱས། གཟུངས་གཞུག་ཡང་འབུལ་བྱས། གཡག་མགོ་ཁོ་རང་གི་སྔོན་མ་ཡོད་སའི་དེ་ཕྱོགས་ཀྱི་ས་མིག་ངོ་མ་དེ་བཙལ་ཏེ་དེ་ན་ཕྱིར་སྦས་དགོས་བསམ་གྱིན་ཡོད། དེ་དག་གྲུབ་མ་ཐག་ཏུ་ཕྱིར་སྤྲོད་ཡོང་། དེ་ནས་ཚང་མ་བདེ་མོ་གྱིས། སང་ཉིན་ཐུག་ཡོང་།


previousཉིན་གཉིས་པའི་ཆོས་ཁྲིད། next