Nitartha Digital Library
Tibetan
 
previousཉིན་གསུམ་པའི་ཆོས་ཁྲིད། next

ཉིན་གསུམ་པའི་ཆོས་ཁྲིད།

༼ཀ༽ སྔོན་དུ་འགྲོ་བའི་ཆོས།

འདིར་ཡོད་ཀྱི་ཆོས་གྲྭའི་ནང་གི་བླ་སྤྲུལ་གྲྭ་བཙུན་ཇོ་སེར་རྣམ་པ་ཡར་ཕུད་ཤུལ་གྱི་མང་ཆེ་བ་ཁྱིམ་ན་གནས་པའི་ཁྱིམ་པ་ཕོ་མོ་ཡིན་ཞིང་། དམ་པའི་ཆོས་ཀྱི་ཆེ་བ་འདོན་ཕྱིར་དུ་བསླབ་ལ་གནས་པའི་སྟོན་པའི་རྗེས་འཇུག ཁྱད་པར་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་འདུན་པ་ལ་མཆོད་གནས་དམ་པ་དད་པའི་ཞིང་མཆོག་ཏུ་རྩི་བས་དགེ་འདུན་པ་ཀླད་ལ་བཞུགས། ཁྱིམ་པ་ཕོ་མོ་དམའ་བའི་ས་ནས་གུས་པའི་ཐལ་མོ་སྦྱར་ཏེ་འདུག་རྒྱུ་དེ་ཉིད་ཆོས་ལྡན་ཡ་རབས་ཀྱི་ས་ཆའི་ཆོས་དང་མཐུན་པའི་སྲོལ་ལུགས་ཤིག་ཡིན། འོན་ཀྱང་ཅི་འདྲའི་བླ་ཆེན། ཅི་འདྲའི་མཁས་ཆེན། ཅི་འདྲའི་ཐོབ་ཐམ་ཀའི་ཁ་གྲངས་བརྩི་རྒྱུ་ཡོད་པའི་མངའ་ཐང་ཅན་ཞིག་ཡིན་ན་ཡང་ཁྱིམ་ཕ་མའི་ཁོར་ཡུག་ནས་མ་བུད་པ་ཞིག་སུ་ཡོད། མཐོ་དམན་དྲག་ཞན་གྱི་མིང་བཏགས་ལུགས་ཀྱི་ཁྱད་པར་རེ་ཡོད་ན་ཡང་དོན་ངོ་མའི་ཐོག་ནས་ཁ་ལག་སྤྱོད་གསུམ་འདྲ་འདྲ་ཡིན་པའི་རྐྱེན་གྱིས་མི་ཡིན་པའི་ཆ་ནས་གཅིག་པ་ཡིན། སེར་སྐྱ་ཕོ་མོ་གང་གི་ནང་ལ་ཡིན་ཡང་སྐྱེ་བ་མཐོ་དམན་དང་། ལས་བཟང་ངན་ལོས་ཡོད། ཕ་མ་གཅིག་གི་བུ་རྒྱུད་ཡིན་ཡང་སོ་སོ་སྐྱེ་བོ་ཞིག་ཡིན་ཕྱིར་རིགས་དྲུག་གང་ནས་ཡིན་ན་གཅིག་གི་གནས་རིས་ནས་འཕངས་པ་ཞིག་མིན་པའི་ཐབས་མེད་པ་དེ་ཉིད་གཅིག་ན་བྱེད་པ་རྒྱུ་མཐུན། གཉིས་ན་སྐྱེ་བ་སྔོན་མའི་བག་ཆགས་ཀྱི་དབང་གིས་བསམ་སྤྱོད་འདྲ་མི་འདྲ་ཡོད་རྒྱུ་དེ་ཉིད་མཐོང་ཆོས་ཡིན། དམྱལ་བ་ནས་སྐྱེ་ཡོང་བ་ཞིག་ཡིན་ན་མདོག་ངན། སྡུག་རུས་ཅན། སྡུག་བསྔལ་བཟོད་རྒྱུ་ལ་ལོབས་ཡོད་པ་དེ་ལྟ་བུ་ཞིག་ཡིན་ལ། ཡི་དྭགས་ནས་ཡོང་བ་ཞིག་ཡིན་ན་བརྐམ་ཆགས་སེར་སྣ་ཅན། དུད་འགྲོ་ནས་ཡོང་བ་དེ་ཉིད་བླུན་པོ་ཟོག་འདྲ་ཞིང་། དེ་ཡང་གཅན་གཟན་དང་སྤྱང་ཀི་སོགས་ཀྱི་སྐྱེ་བ་ཡིན་ན་དམར་ཟས་ལ་དགའ་ཞིང་སྲོག་གཅོད་ལ་ངང་གིས་འཇུག་པ། ལྷ་མ་ཡིན་ནས་ཡོང་བ་ཞིག་ཡིན་ན་ཕྲག་དོག་དང་གདུག་རྩུབ་ཅན། ཕར་ངོ་ལ་བལྟས་ན་ཅི་འདྲའི་གནོད་ན་བསམ་རྒྱུ། སྣང་བ་མ་དྭངས་པ། སེམས་ཁམས་མ་སྐྱིད་པ། གུ་དོག་མོ་ཅན། ལྷ་ནས་མི་ཡུལ་ལ་འཕོས་པ་དེ་ཉིད་གཟུགས་བཟང་། ངང་རྒྱུད་རིང་ཞིང་། རྒྱུད་འཇམ་པོ་ཅན་ལྟ་བུ་ཞིག་ཡིན། ཡང་དེ་བཞིན་དུ་མི་ནས་མིར་སྐྱེ་བ་ཡང་སྔ་མའི་ལས་དང་བག་ཆགས་ཀྱིས་ཁྱད་པར་འདྲ་མི་འདྲ་ཡོད་པ་ཡིན། མདོར་ན་བསམ་བཞིན་དུ་དངོས་སུ་འགྲོ་བའི་དོན་ལ་སྤྲུལ་བ་མཛད་པ་ཞིག་ཡོད་ན་མ་གཏོགས་ལམ་ཞུགས་ཀྱི་ཆོས་པ་ཞིག་ཡིན་དུས་སྐྱ་སེར་མཆོག་དམན་མེད་པས་མཐར་ཐུག་གི་བསྒྲུབ་བྱའི་དམིགས་ཡུལ་དེ་གཅིག་ཅེས་ཟེར་ཁ་བདེ་མོ་ཞིག་དང་ཟེར་སླ་མོ་ཞིག་ཡིན། མཚམས་རེ་འདྲ་བ་མ་ཡིན་ཞིང་སོ་སོ་ཡིན་པ་དང་ཕ་མ་གཅིག་གི་བུ་རྒྱུད་ཡིན་ཡང་མི་འདྲ་ཞེས་སྨྲས་ན་འདྲ་རྒྱུ་ཅི་ཞིག་འདྲ་བ་ཡིན་ཟེར་ན། བདེ་བ་ཐོབ་པའི་དོན་དུ་འབད་པ་དེ་ཉིད་འདྲ་ལ། གནས་སྐབས་ཀྱི་བདེ་བ་དང་མཐར་ཐུག་གི་བདེ་བ། རང་ཉིད་སྡུག་བསྔལ་ལས་ཐར་བ་དང་རང་གཞན་ཐམས་ཅད་གཏན་བདེར་འགོད་པའི་ཁྱད་པར་ཡོད། དེ་སེམས་ཅན་སོ་སོའི་བསམ་ཚུལ་མ་འདྲ་བ་ཡིན་ཞིང་། དེ་ལྟ་བུའི་བསམ་ཚུལ་མ་འདྲ་བ་ཡོད་པའི་དབང་གིས་གདུལ་བྱ་མི་འདྲ་བ་ལ་འདུལ་བྱེད་མི་འདྲ་བ་དང་འདུལ་ཐབས་མི་འདྲ་བ་ཡོད་པ་དེ་རྒྱལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཡུལ་ཡིན། དེ་ཡིན་ན་དམ་པའི་ཆོས་སྒྲུབ་པ་དེ་བླ་མ་གྲྭ་པའམ་གྲྭ་ཇོ་སེར་ཁོ་ནའི་སྐལ་བ་མིན་པར་མི་ཡིན་ལུགས་འདྲ་འདྲ་དང་བདེ་བ་འདོད་ལུགས་གཅིག་པ་ཡིན་པའི་ཆ་ནས་ཆོས་ཐམས་ཅད་ཀྱིས་བསྒྲུབ་དགོས་ཤིང་། ཁྱད་པར་དུ་ཁྱིམ་པ་ཕོ་མོས་བསྒྲུབ་དགོས་ལ། བསྒྲུབས་པས་མི་ཚད་འགྲུབ་པ་ཞིག་བྱེད་པ་དེ་ཉིད་གལ་ཆེན་ཡིན། དེའི་ཐབས་དང་གདམས་པ་དེ་ཇི་ལྟར་བྱས་ནས་དགའ་ན། དེ་ལ་བརྩོན་པ་མགྱོགས་པར་མ་བསྐྱེད་ན་ཕྱི་བཤོལ་བྱས་ནས་སང་དང་གནངས་བྱར་བྱས་ཚེ་སང་དང་གནངས་ལ་ཟད་རྒྱུ་མེད་ཅིང་། མི་ཚེ་དུས་ཚོད་དེ་ཉིན་རེ་དང་ཞག་རེ་མ་དགོས་དང་ཆུ་ཚོད་སྐར་ཆ་ཡིས་ཟད་ཀྱིན་ཡོད། ཕྱོགས་གཅིག་ནས་ཟད་འགྲོ་བཞིན་ཡོད་ཀྱང་ཕྱོགས་གཅིག་ནས་ཡར་ཁ་སྣོན་རྒྱག་རྒྱུ་ཡོད་ན་ཡང་སྐྱོན་མི་ཆེ་ཡང་འདི་དཔེ་བཞག་ན་ལྟག་ཆུ་ཆད་པའི་རྫིང་བུ་ལ་འཇོག་རྒྱུ་ཞིག་ཡིན་ལ། ལྟག་ཆུ་ཆད་པའི་རྫིང་བུ་ཞེས་པ་ཐོག་ནས་མར་འབབ་རྒྱུ་མེད་པ་འོག་ནས་ཐུར་བོ་ནས་ཟད་བཞིན་ཡོད་པ་དེ་ལ་གསུངས་པ་ཡིན། འཕེལ་མེད་ཟད་པའི་རང་བཞིན་ཅན་ནམ་ཞིག་ལ་ཟད་མཐར་ཐུག་སྟེ་ཚེའི་མཐར་ཐུག་པ་དེ་ཉིད་རང་གིས་ཀྱང་མི་ཤེས་པས་དབང་མེད་ཀྱིས་ལོང་བས་ལོང་བཅོལ་བྱས་ནས་འདིའི་མཐའ་ཁོ་ན་ཕུད་དེ་བསྡད་ན་འགྲིག་མི་འདུག་བསམ་རྒྱུའི་འདང་དེ་ཕོག་དགོས། ཚེ་རིང་རྒྱུ་ལ་སྨོན་ལམ་འདེབས་པ་ཡིན་ཞིང་། ཚེ་རིང་ནས་ཚེ་ལ་བར་ཆད་མེད་ནས་ཚེ་མཐར་ཕྱིན་ན་ཡང་ལོ་བརྒྱའི་ཡན་ལ་མི་འདུག་ལ། དེའི་ནང་ནས་དེ་སྔོན་ཅི་ཙམ་སོང་ཡོད། ད་བརྒྱ་ཐམ་པའི་ནང་ནས་ཅི་ཙམ་ཞིག་ལྷག་ཡོད། བརྒྱ་ཐམ་པའི་ནང་ནས་བརྒྱད་ཅུ་དགུ་བཅུ་ལ་ཐོན་འགྲོ་བའི་དབང་དུ་བྱས་ན་ཚེ་སྨད་ངོ་མ་ཞིག་ལ་ཐོན་དུས་སྔར་ལོ་ཉུང་ལུས་པོ་དར། ཁ་ལས་དགེ། དབང་པོ་རྣམ་རིག་བཀྲ་དུས་དང་མི་འདྲ་ཞིང་། ཕར་བལྟས་ན་མི་འདྲ་བ་དང་རང་ཐོག་ཡོང་ན་ཡང་མི་འདྲ། འབྱུང་བཞི་འཁྲུགས་པའི་ན་བ་དང་། རྒས་ཤིང་རྒུད་པའི་རྒ་བ་སོགས་ལ་འདང་མ་བརྒྱབ་ཐབས་མེད་ཅིག་སྟེ་ཁ་རྩང་འུ་ཚོས་སྒྱུ་མ་མཁན་གྱི་གཏམ་རྒྱུད་བཤད་པ་ལྟ་བུ་ཡིན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་ཡིན་ན་སྦྱངས་པའི་ཡོན་ཏན་ལ་གནས་པ་ཞིག་ཡིན་དགོས། ཁྱིམ་པ་ཕོ་མོས་ནོར་ལོངས་སྤྱོད་ཀྱི་འདུ་འགོད་ཁ་རྩང་བཤད་པ་ལྟར་དུ་ལོས་བྱེད། ཕུན་ཚོགས་སྡེ་བཞི་མ་འཛོམས་ཚེ་མཐོ་རིས་མིའི་ལུས་རྟེན་ཁྱད་འཕགས་ཤིག་མ་ཐོབ་པ་ཡིན། མཐོ་རིས་ཀྱི་འབྱོར་བ་དེ་ཚོགས་དགོས་ཤིང་། ཕུན་ཚོགས་སྡེ་བཞི་དེ་གང་ཡིན་ཟེར་ན། ཆོས་དང་གཅིག ནོར་དང་གཉིས། འདོད་དང་ཐར་བ་བཞི་ཡིན། འདོད་ཡོན་ཐམས་ཅད་ཚོགས་དགོས་ལ། དེ་དགོས་ན་ནོར་ལོངས་སྤྱོད་འཛོམས་དགོས། དེ་ཡང་ཚེ་འདིར་མ་ཟད་ཕྱི་མ་ལ་ཡང་ཕྱུག་པོ་ཡིན་དགོས་ཤིང་། དེས་མི་ཚད་ཕྱི་མའི་ཕྱི་མ་ལ་སྐྱིད་བདེ་དགའ་ལོངས་སྤྱོད་མི་ཟད་པ་ཞིག་དང་། དེའི་བདེ་སྐྱིད་དེ་ཡང་ཟག་བཅས་ལས་འདས་པའི་ཟག་མེད་ཀྱི་བདེ་བ་ཞིག་ཐོབ་ན་ཡང་སྒོས་སྐྱིད་ཅིང་། དེ་སྡུག་བསྔལ་མེད་པའི་བདེ་བ་དང་སྡུག་བསྔལ་དང་གཏན་དུ་བྲལ་བའི་བདེ་བ་ཡིན། དེ་ཐོབ་པ་ལ་སྡུག་བསྔལ་ལས་ཐར་བའི་ཐར་བ་འགྲུབ་དགོས། དེ་ཡིན་ཕྱིར་ཆོས་ནོར་འདོད་ཐར་སྡེ་བཞི་པོ་མ་འཛོམས་ཤིང་མཐོ་རིས་ཀྱི་བདེ་སྐྱིད་ཆ་ཚང་འཛོམས་མེད་ན་ཕུན་ཚོགས་སྡེ་བཞི་དེ་ནི་དམ་པའི་ཆོས་བསྒྲུབས་པ་ལས་བྱུང་བ་ཡིན་པས་དེ་འཛོམས་ཐབས་དང་ཡོད་ཐབས་བྱེད་དགོས། ཆོས་ནོར་འདོད་ཐར་གཅིག་ལ་གཅིག་བརྟེན་ཡིན་ཞིང་། ཚེ་འདིའི་བདེ་སྐྱིད་རྐྱང་པ་ལ་བསམ་ན་ཡང་ཆོས་བསྒྲུབ་དགོས། འདི་འདི་བདེ་ཕྱི་སྐྱིད་སྒྲུབ་པའི་ཐར་ལམ་མ་ནོར་བ་ཡིན་ལ། ཆོས་བསྒྲུབ་རྒྱུ་དེ་འདི་དང་ཕྱི་མ་གཉིས་ཀ་བདེ་བྱེད་ཀྱི་ཐབས་ཡིན། དེ་ཡང་ཡིན་པར་ཟེར་འདུག་ཙམ་ཞིག་གིས་ཆོག་པ་མ་ཡིན་པར་ཨེ་ཡིན་མི་ཡིན་རང་གིས་བལྟ་དགོས། དེ་ལྟར་བཤད་ན་ཁྱིམ་ན་གནས་པའི་མི་སྐྱ་ཕོ་མོས་གཞིས་འཁོར་བའི་ཁྱིམ་སྲོལ་བཟུང་ཞིང་བུ་ནོར་གཉིས་ཀྱི་བྱ་བའི་འདུ་འགོད་ཀྱི་ལས་ཀ་མཐའ་མེད་འདི་ལ་འཐམས་ཚར་དུས་ཆོས་རྐྱང་པ་བསྒྲུབས་ནས་རི་ལ་འདུག་པའི་སྒོམ་ཆེན་ལྟ་བུ་ཞིག་བྱས་ནས་འདུག་རྒྱུའི་ཁོམ་པ་མེད་ཀྱང་ཆོས་དང་འཇིག་རྟེན་གཉིས་ཀ་མཉམ་དུ་འགྲུབ་ཅེས་པ་རང་རྒྱུད་ཆོས་དང་འདྲེས་ན་བསམ་སྤྱོད་ཆོས་ལས་མ་འདས་པ་འགྱུར་རྒྱུ་ཡོད། བསམ་སྤྱོད་ཆོས་ལས་མ་འདས་པ་དེ་ཁྱིམ་ན་གནས་ཀྱང་ཡང་དག་པའི་དགེ་སྦྱོང་ཡིན། འོན་ཀྱང་དེ་ཡང་བཤད་རྒྱུ་སླ་ཡང་འགྲུབ་རྒྱུ་དེ་འདྲས་སླ་མོ་ཞིག་མ་ཡིན་ལ། ཆོས་ཐར་བ་དོན་གཉེར་གྱི་ལམ་ཞིག་བཙལ་ན་འདི་ལ་རིང་ལམ་ཡོད་པ་དང་། ཉེ་ལམ་ཡོད་པ་དང་། མྱུར་ལམ་དང་། ཤིན་ཏུ་མྱུར་ལམ་ཡང་ཡོད། བསྐལ་བ་གྲངས་མེད་སུམ་ཅུ་སོ་བདུན་ལ་སོགས་པས་བསྒྲུབ་རྒྱུ་ཞིག་དང་། གྲངས་མེད་གསུམ་གྱིས་འགྲུབ་རྒྱུ་ཞིག་སྟེ་གྲངས་མེད་ཅེས་པ་གྲངས་མང་བ་ཡིན། སྐྱེ་བ་ཁ་གྲངས་ཅན་གྱིས་འགྲུབ་རྒྱུ་ཞིག སྐྱེ་བ་ཚེ་འདི་ལ་འགྲུབ་རྒྱུ་ཞིག དེར་མ་ཟད་ལོ་དང་ཟླ་བས་འགྲུབ་རྒྱུ་ཅན་གྱི་གདམས་པ་ཟབ་མོ་ཡོད་ཅིང་། ཡོད་པར་གྲགས་ལ་ཡོད་པར་ཡིན་འདུག ཡོད་པས་མ་ཚད་འགྲུབ་པའི་དཔེ་ཡང་མང་དར་བ་ཡིན། འོན་ཀྱང་ད་འུ་གུ་དུས་བསྐལ་བ་སྙིགས་མའི་སེམས་ཅན་ཡིན་པས་ཡིན་ན་འདྲ། ལས་བསོད་ནམས་དམན་པའི་གཞན་དབང་དུ་ཤོར་བས་ཡིན་ན་འདྲ། རང་ཉིད་སེམས་སྟོབས་བརྩོན་འགྲུས་ཞན་པའི་ལེ་ལན་ངན་པ་དེ་རང་ཉིད་ལ་འཁོར་བ་ཡིན་ན་འདྲ། མདོར་ན་སླ་མོ་དེ་སྒྲུབ་མི་ཤེས། དཀའ་མོ་དེ་ནི་སྒྲུབ་མ་ཐུབ་ནས་འདིའི་བར་འདི་ནས་སྐལ་མེད་ལག་སྟོང་། དོན་མེད་སྟོང་ལོག་གྱུར་འདུག་བསམ་རྒྱུའི་ཁ་ཕྱོགས་རིག་ན་ད་རུང་མ་སྔ་མ་ཕྱི་བ་ཞིག་སྟེ། གསོན་པོའི་མྱི་ཡིན་ལ། གསོན་འཇིག་རྟེན་ཁམས་ཀྱི་ས་ཆ་ནས་རང་ལུས་འདོམ་གང་གྲུ་བཞི་དེ་དགྱེ་སྒུར་གཉིས་ཀ་རང་ལག་ཡིན། དེ་ལྟར་སྔོན་མཐའ་ཕྱི་མཐའ་ཚང་མ་ལ་བལྟས་ཡོང་དུས་རང་གཞན་བར་དང་གསུམ་པོ་རང་དང་རིགས་འདྲ་བའི་གྲོགས་པོ་ཐམས་ཅད་ཀྱིས་འདི་ལྟར་གླེན་པ་ལུག་གི་འགྲོ་སྟངས་བྱས་ནས་ཅི་བསམ་འདི་དྲན་མེད་པར་ཁ་གནམ་ལ་གདངས་ནས་སྔོན་མའི་རྗེས་ཕྱི་མས་དེད་ནས་ཅི་བྱུང་གང་བྱུང་མི་བྱེད། ཅི་བྱུང་གང་བྱུང་བྱེད་པ་དེ་མྱི་སར་པ་ཞིག་གིས་ལས་རྒྱུ་མེད། ཆོས་སྒྲུབ་པའི་མིང་ཡོད་ཀྱང་ཆོས་གྲུབ་པའི་དོན་འདི་ཡིན་ཞེས་རིག་རྒྱུ་མེད་པ་འདི་ལ་བློ་གཏད་བྱེད་རྒྱུ་མེད། རང་གི་མགོ་རང་གིས་མི་གཡོགས། ད་ནི་ལྷ་གཅིག་ལ་གསོལ་བ་འདེབས་ས། ལམ་གཅིག་ལ་རྡོག་པ་གཏད་ས་དེ་བདེ་བ་ཅན་དུ་བྱེད། འདི་ན་ཤོག་དང་ལམ་སྣེ་འདི་ལྟར་འཚོལ་ཞེས་རང་གཞན་འདི་ལ་དོན་གཉེར་གྱི་སེམས་མཐུན་བསམ་པ་མཉམ་པ་ཚང་མ་ལོ་དུ་མའི་རིང་ལོ་རེར་ཐེངས་རེར་འདིར་འཛོམས་ནས་ཞིང་སྒྲུབ་འཚོགས། ཞིང་ཁྲིད་བཤད། ཞིང་མཆོད་འབུལ་གྱིན་ཡོད་པ་ཡིན། བོད་གངས་ཅན་ཆོས་ལྡན་གྱི་ཡུལ་གྲུ་ནས་ཆོས་མདོ་སྔགས་གཉིས་ཀྱི་བསྟན་པ་ད་དུང་མ་ནུབ་པར་ཡོད་ཅིང་། བཀའ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཆོས་བརྒྱུད་ནས་ཐོས་བསམ་ཉམས་ལེན་གྱི་སྒོ་མང་ལ། དེ་མང་ཡང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས་པ་ནང་བཞིན་སངས་རྒྱས་ཀྱི་ཞིང་ཁམས་ནམ་མཁས་གར་ཁྱབ་རྣམས་ཡིན། ཆོས་ལོངས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ། བསམ་མི་ཁྱབ་ཀྱང་ཆོས་སྐུའི་ཞིང་ཁམས་གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ནང་གསལ་རྒྱལ་བའི་དགོངས་པ་འུ་ཚོས་མངོན་དུ་མ་གྱུར། གདངས་ཕྱི་གསལ་ལོངས་སྐུའི་ཞིང་ཁམས་ཀྱི་འོག་མིན་སྟུག་པོ་བཀོད་པ་ལ་ཐོན་དགོས་ན་ཁ་སྦྱོར་ངེས་པ་ལྔ་ལྡན་འུ་ཚོས་སྤྱོད་ཡུལ་མ་ཡིན། དག་པའི་གདུལ་བྱ་ས་བཅུའི་སེམས་དཔས་ཀྱང་མི་མཇལ། སྐྱེ་སྤྲུལ་ལོངས་སྐུའི་ཞིང་ཁམས་ལ་སྙེགས་ཁུལ་བྱས་ན་ཡང་ས་ཐོབ་ཀྱི་སེམས་དཔའ་མིན་ན་ཐོན་མི་ཐུབ། དག་དང་མ་དག་འདྲེས་མའི་ཞིང་ཁམས་ལ་ཐོན་ཡང་དོན་སྒོ་དེ་འདྲ་མི་ཆེ། གླིང་འདི་ཚོ་ལ་མཚོན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་ཡིན་ཞིང་། ལས་དག་པས་བལྟས་ན་དག་པ་ཡིན་ལ། ཚངས་པ་རལ་བ་ཅན་གྱིས་ལྟ་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འུ་ཚོས་ད་ལྟ་མཐོང་རྒྱུ་འདི་དག་པའི་ཞིང་ཁམས་བདེ་བ་ཅན་དང་འདྲ་འདུག་ཅེས་གསུངས་ཀྱང་གཞན་གྱི་མཐོང་སྣང་ལ་དེ་ལྟར་མ་ཡིན། སུས་བལྟས་ན་དག་པའི་ཞིང་ཁམས་ཡིན་རྒྱུ་དང་། བདེ་སྐྱིད་ལོངས་སྤྱོད་འཛོམས་པ། སོ་སོ་སྐྱེ་བོ་ཡིན་ཡང་དེར་སྐྱེ་ཐུབ་པ། དེ་འདྲའི་ཆ་རྐྱེན་ཡོངས་རྫོགས་འཛོམས་པ་ལ་བདེ་བ་ཅན་འདི་ལས་དགའ་ཞིག་མི་འདུག་བསམ་རྒྱུ་དམིགས་འབེན་དེར་བལྟས་ནས་དེས་ན་འདི་ལ་གཏད་ན་དགའ་འདུག་ཅེས་ཟེར་གྱིན་ཡོད། དཔེར་ན་ས་ཐག་རིང་ལ་འགྲོ་འདང་བྱེད་སྐབས་དེར་འགྲོ་བའི་ལས་ཆས་དང་། ཁ་འདི་ཕྱོགས་ལ་འཁོར་ནས་འདི་ལྟར་འགྲོ་བསམ་རྒྱུའི་ཞེ་ཚོད་ཅིག་དགོས་པ་ལྟ་བུ་སྟེ། རྟ་བཟང་པོ་ལ་སྒ་སྲབ་ཆ་འགྲིག་བྱས་པ་ལྟ་བུ་དེ་ཉིད་ཚོགས་བསགས་སྒྲིབ་སྦྱང་ཡིན་པ་དང་། ས་འདི་ན་ཐོན་དགོས་བསམ་རྒྱུའི་གཏད་སའི་དམིགས་འབེན་དེ་རྟེན་ཞིང་ཁམས་ཡིད་ལ་བྱེད་པ། ཁ་དེ་ཕྱོགས་འཁོར་ནས་སྲབ་ཀྱིས་ཁ་ལོ་དཀྱུ་བ་དེ་བསྔོ་བ་སྨོན་ལམ་ཡིན་པས་དེ་རྣམས་མེད་པའི་ཐབས་མེད། འགྲོ་གྲབས་ཀྱི་གྲ་སྒྲིག་དང་འདྲ་བར་ཞིང་ཁམས་བདེ་བ་ཅན་དུ་འགྲོ་བའི་རྒྱུ་བཞི་དེ་དེ་ལྟར་སྒྲུབ་དགོས། བདེ་བ་ཅན་གྱི་སྨོན་ལམ་དང་། འགྲེལ་བ་ལ་སོགས་པ་དམ་པའི་གསུང་བྱིན་རླབས་ཅན་མང་ལ། འོན་ཀྱང་རྒྱ་ཆེན་པོའི་མཐའ་མི་ཆོད་པ་དང་། གདིང་ཟབ་མོའི་གཏིང་མི་དཔོག་ནས་ལུས་འགྲོ་རྒྱུ་ཡང་སྲིད་པས་འུ་བུ་ཆ་ཁས་རང་གིས་བྲིས་པ་དང་སོ་སོ་སྐྱེ་བོས་བྲིས་པའི་ཚིག་སོ་སོ་སྐྱེ་བོར་བཤད་ན་གོ་ཁ་ཉན་ཁ་བདེ་ཤས་ཆེ་བསམས་ནས་ཚིག་ཁ་བཞི་བོར་གོ་བསྡུར་གླེང་མོལ་བྱས་ཤིང་། ཕྱིས་ནས་རྒྱ་ཆེན་ཆོས་ལ་འཇུག་པའི་བློ་སྒོ་རེ་འབྱེད་སྲིད་དོ་བསམས་ནས་ན་མཉམ་རིགས་མཐུན་གྱི་གྲོགས་པོ་ཚོར་དམིགས་ནས་འདི་བྲིས་པ་ཡིན་པར་མ་ཟད་བཤད་ཀྱིན་ཡོད་པ་ཡིན།

༼ཁ༽ གཞུང་གི་དོན་བཤད་པ།

༼ཁ༽ རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་དང་རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས་སྦྲེལ་ནས་བཤད་པ།

ཁ་རྩང་ཉིན་དང་པོ་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དང་པོ་རྟེན་ཚོགས་ཞིང་ཡིད་ལ་བྱེད་པ་དེ་ཉིད་བཤད་ནས། དེ་རིང་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་ལ་ཐུག་ཡོད་ཅིང་། དེ་ཡང་རྒྱུ་གསུམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་སྦྲེལ་ནས་བཤད་བཞིན་ཡོད་པ་ཡིན། རྒྱུ་བཞི་པོ་འདི་བསྒྲུབས་ན་བདེ་བ་ཅན་དུ་སྐྱེ་བའི་ཚུལ་དེ་ཇི་ལྟར་ཡིན་ཟེར་ན། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཞིང་བཀོད་ཀྱི་མདོ་ལས་གསུངས་ཏེ། གསུང་ས་སུ་ལ་གསུངས་ན་བཅོམ་ལྡན་འདས་ཀྱི་ཉེ་གནས་ཀུན་དགའ་བོ་ལ་མདོ་དུམ་བུ་གསུམ་བྱས་ནས་སྔ་ཕྱིར་བྱས་ནས་གསུངས་པ་ཡིན་ལ། དུམ་བུ་དང་པོའི་སྐབས་སུ་རྒྱུ་བཞི་བོ་འདི་གསུངས་པ་ཡིན་ཞིང་། དེ་ལྟར་ན་འདི་ལ་དམིགས་བསལ་ཞིག་ཡོད་པ་སྟེ། དམིགས་བསལ་ཅི་ཞིག་ཡོད་ཟེར་ན། རྒྱུ་གསུམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཞིང་ཁམས་དེ་ན་ཐེག་པ་ཆེ་ཆུང་གི་རིགས་གཉིས་ཡོད་པའི་ནང་གི་ཐེག་ཆེན་གྱི་རིགས་ཅན་ལ་སྐྱེ་བ་འཛིན་འདོད་མཁན་ཚོར་དགོངས་ནས་དེ་གསུངས་པ་ཡིན། དེ་མིན་ན་ཡང་རྒྱུ་གཞན་གསུམ་པོས་བདེ་བ་ཅན་ལ་སྐྱེ་ཐུབ་རྒྱུ་ཐུན་མོང་གི་དབང་དུ་མཛད་པ་ཡིན་པའི་གོ་དོན་དེ་ལྟར་ཡོད། མདོ་དུམ་བུ་གསུམ་པས་ཇི་ལྟར་གསུངས་ཡོད་ཟེར་ན། ཞིང་གི་ཡོན་ཏན་གྱི་བཀོད་པ་ཡང་ཡང་ཡིད་ལ་དྲན་པ་གཅིག་པུས་ཀྱང་ཞིང་ཁམས་དེར་སྐྱེ་བ་འཛིན་ཐུབ་ཅེས་གསུངས་ཡོད། འོ་ན་ཚོགས་བསགས་སྒྲིབ་སྦྱོང་མ་བྱས་ཀྱང་ཆོག་གམ་སྙམ་ན་མ་ཡིན། ཞིང་ཁམས་ཁྱད་པར་ཅན་ཡིད་ལ་བྱས་པས་ཀྱང་ཚོགས་རང་སོག་དང་སྒྲིབ་པ་རང་དག་འགྱུར་བའི་གོ་བ་དེ་ལེན་དགོས། ཞིང་ཁྱད་པར་ཅན་དང་ཐབས་ཁྱད་པར་ཅན་གྱི་མཐུ་ལས་བསྐལ་བའི་ཚོགས་སྐད་ཅིག་ལ་འདུམ་པ་དེ། དཔེ་ཆ་བས་བཤད་ན་ཕྱུགས་ཀྱི་བགྲོད་པ་དང་ཉི་ཟླས་བགྲོད་པ་ཞེས་པ་སྟེ། རྟ་དང་གླང་པོ་ལ་སོགས་པ་ཞོན་ནས་སོང་བ་དང་ཉི་ཟླའི་གླིང་བཞི་ཉིན་གཅིག་ལ་སྐོར་བ་གཉིས་མྱུར་ཁྱད་མི་འདྲ་བའི་ཁྱད་པར་ལྟར་ཡིན་གསུངས་ཡོད། དེ་ལྟར་ཡིན་ན་ཚོགས་བསགས་སྒྲིབ་སྦྱོང་ཟུར་ནས་མ་བསྟན་ཀྱང་འཐུས་འདུག་སྙམ་པ་ཡང་མ་ཡིན། སོ་སོ་སྐྱེ་བོ་དབང་རྟུལ་དད་པའི་རྗེས་འབྲང་ལོག་ལྟ་ཅན་དང་མཚམས་མེད་ཀྱི་ལས་བྱས་པ་མ་གཏོགས་པ་ལམ་འདིས་མ་བཏང་པ་ཡིན་པའི་ཕྱིར་ན་ཚོགས་བསགས་སྒྲིབ་སྦྱོང་གི་སྒོ་མཐའ་ཡས་པ་དང་། དེ་ཡང་ཡན་ལག་བདུན་པ་ལ་སོགས་པར་བསྡུས་ཏེ་བསྟན་ཡོད། དེ་ལྟར་ན་མདོ་དུམ་བུ་བར་བས་ཅི་ཞིག་བསྟན་ཡོད་ཟེར་ན། ཚེ་ཕྱི་མར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་འདི་དག་སྒྲུབས་དང་ཚེ་འདི་ལ་འོད་དཔག་མེད་མཇལ་དགོས་མཁན་རྣམས་ཀྱིས་ཀྱང་མཇལ་ཐུབ་ཅེས་གསུངས་པ་སྟེ། ཚེ་ཕྱི་མ་གཅིག་པུས་མི་ཚད་པར་ཚེ་འདི་ལ་མཇལ་ཐུབ་ཅེས་གསུངས་པ་ཡིན། དེའི་ཟུར་དུ་ཅི་ཞིག་བསྟན་ཡོད་ཟེར་ན། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་འདི་སྒྲུབས་དང་ཕྱི་མ་བདེ་སྐྱིད་ཁྱད་པར་ཅན་ཐོབ་པས་མི་ཚད་ཚེ་འདིའི་བདེ་སྐྱིད་ཀྱང་རང་ཤུགས་ཀྱིས་ཐོབ་གསུངས་པའི་དོན་དེ་བསྟན་པ་ཡིན། རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་མི་དགོས་རྒྱུ་བྱས་ན་རྒྱུ་གཞན་གསུམ་པོས་བདེ་བ་ཅན་ལ་སྐྱེ་ཐུབ་པ་དེ་ཉིད་སངས་རྒྱས་ཀྱིས་གསུངས་པ་ཡིན་ཞིང་། འོན་ཀྱང་དེ་དུས་འུ་ཚོས་དགེ་རྩ་ཆེ་ཆུང་ཅི་སྒྲུབ་ན་འགོ་ནམ་བཟུང་ལ་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་འདུག་རྒྱུ་དེ་ཉིད་སྟོང་ཟེར་གྱུར་ཏེ་དེ་མ་དགོས་པ་ཡིན་ལ། དེ་ལྟར་སྨྲས་ན་སྟོང་ཟེར་ཞིག་ནི་ཇི་ལྟར་བྱས་ཀྱང་འགྱུར་བ་ཞིག་སྟེ་ཁ་ཡིས་སེམས་ཅན་ཐམས་ཅད་ཟེར་ཁུལ་བྱས་པ་མ་གཏོགས་སེམས་ཅན་ཡོད་ཚད་མ་དགོས་དང་ཤ་ཕུ་ནུ་མཐུན་ས་ནང་མ་ཞིག་གིས་སྒོར་རྡོག་བརྒྱ་ཐམ་པའི་དོམ་མ་བྱིན་ན་བསྲན་ཐུབ་ཀྱིན་མི་འདུག་སྙམ་ན། དེ་ལྟ་བུ་ཞིག་ཡིན་པའི་སྟབས་ཀྱིས་བཏང་སྙོམས་ཀྱིས་སྙོམས་པར་བྱས་པའི་ཚད་མེད་བཞི་ཡིས་འགོ་བཟུང་ནས་བྱང་ཆུབ་ཀྱི་སེམས་སྦྱོང་གིན་འདུག་དགོས་པ་ཞིག་ཡིན་པ་མ་གཏོགས་འཕུར་ཤེས་པ་ཞིག་གིས་འཕུར་རྩལ་སྦྱོང་མི་དགོས་པ་ལྟར་བྱང་སེམས་རྒྱུད་ལ་སྐྱེས་ཚར་བ་ཞིག་གིས་ཡང་བསྐྱར་སྦྱོང་དགོས་པ་མ་ཡིན། དེ་ལྟར་བྱས་ཏེ་བཤད་ན་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་ཚང་མ་ཁ་ཟེར་སྟོང་བཤད་ལ་འགྱུར་འགྲོ་བས་མི་ཚད་སོ་ཐར་གྱི་སྐབས་སུ་ངེས་འབྱུང་སྟོང་གཏམ། སྡོམ་པ་ཀུན་གྱི་གཞི་རྟེན་སྐྱབས་ཡུལ་མ་ཤེས་པས་སྐྱབས་འགྲོ་ཁ་ཟེར། རྒྱུ་འབྲས་ཡིད་ཆེས་རྣལ་མ་ཞིག་གི་གོ་དོན་རྒྱུད་ལ་མ་འཇགས་པ་དེ་ཉིད་ཀྱིས་དད་པའི་རིགས་ཚང་མ་སྟོང་གཏམ། དེ་ཡིན་པ་དེ་ཉིད་སོ་སྐྱེའི་རང་མཚང་ཡིན་པས་ཁག་མེད་ལ། དེའི་སྟེང་དུ་འབད་ན་ཡང་སྔར་མེད་ཀྱི་ཡོན་ཏན་རྒྱུད་ལ་སྐྱེ་རྒྱུ་མེད་པའི་ལྟ་བ་བཟུང་གྲུབ་པའི་སྐབས་སུ་གང་ལྟར་བྱས་ཀྱང་ལྟ་ལོག་མིན་ན་རིས་ཆད། དམན་ལ་དགག་སྒྲ་སྦྱར་ས་དེ་ཉིད་དུ་འགྱུར་རྩིས་ཡིན། དེ་ལྟ་བུའི་གང་ཟག་གིས་སྐབས་འདིའི་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་དང་། རྒྱལ་བའི་ཡེ་ཤེས། ལམ་གྱི་ཐབས་ཟབ་མོ་ལ་ཡང་ཐེ་ཚོམ་སྐྱེས་ནས་ལམ་ལས་ཉམས་པར་འགྱུར་སྲིད་པ་ཡིན། དང་པོར་ཁ་ཟེར་གྱིས་རྗེས་ཟློས་ཤིག་བྱས། བར་དུ་ཚིག་དེའི་དོན་ལ་ངེས་ཤེས་ཤིག་སྐྱེས། རིམ་གྱིས་དོན་ཟེར་ངོ་མ་ལ་འགྱུར་བས་མི་ཚད་ཐ་མར་བསམ་སྦྱོར་གཉིས་ཀ་མཐུན་པ་ཞིག་མ་གྱུར་གྱི་བར་དུ་སྦྱང་དགོས། མ་ཤེས་ནས་སྦྱང་བ་ཡིན་མ་གཏོགས། ཤེས་ཤེས་ཁར་སྦྱང་མི་དགོས། དེ་ཡིན་ཕྱིར་སེམས་འཕང་དམའ་དགོས་པ་མ་ཡིན། གཅིག་གིས་སྒྲུབ་ནུས་རྒྱུ་དེ་ཚང་མས་བསྒྲུབ་ཐུབ་ལ། བྱང་ཆུབ་སེམས་དཔའི་རྫོགས་སྨིན་སྦྱངས་གསུམ་གྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཡིན་ནས་བྱ་དཀའི་སྤྱོད་པར་མི་ཞུམ་པ་ཡིན་པས་ན་སེམས་དཔའ་ཞེས་པའི་མཚན་དེ་ཐོགས་པ་ཡིན། དེ་ཡིན་ཕྱིར་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་བྱེད་པ་ལ་ཐེག་ཆེན་གྱི་རིགས་སུ་ངེས་པའི་གང་ཟག་ལ་གོང་ནས་བཤད་པའི་མདོའི་དགོངས་དོན་དུམ་བུ་གསུམ་པ་ཚེ་འདི་ལ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ་བའི་རིགས་ཅན་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ། རིགས་ཀྱི་བུ་དང་བུ་མོ་ཚེ་འདི་ལ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་དེ་མཇལ་ན་ཅི་མ་རུང་སྙམ་མཁན་ཚང་མས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ལྷག་པའི་བསམ་པ་དང་ལྡན་པ་ཞིག་བྱས། དགེ་རྩ་བསྐྱེད་ཅིང་བསྔོ་བ་བྱེད་དགོས་ཞེས་གསུངས་པ་ཡིན་ཞིང་། ཚིག་དེ་མ་ཡིན་ཡང་དོན་དེ་དང་གཅིག་པ་ཡིན། དེའི་སྟབས་ཀྱིས་འུ་ཚོས་དེ་རིང་བཤད་བྱ་གང་ཡིན་ཟེར་ན།

བརྩེ་ཆེན་སྙིང་རྗེས་དྲངས་པའི་བྱང་སེམས་ལ། །

རྟག་ཏུ་གོམས་པའི་རྒྱལ་སྲས་སྤྱོད་མཆོག་གིས། །

རླབས་ཆེན་ཚོགས་གཉིས་སྤྱོད་པ་མཐར་ཕྱིན་ཏེ། །

དཔག་ཡས་དགེ་བའི་རྩ་བ་ཡོངས་བསྐྱེད་ཤོག།

ཅེས་པ་དེ་ཉིད་སྨྲས་པ་ཡིན་ལ། གང་བརྗོད་བྱའི་སྙིང་པོ་དེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་རླབས་ཆེན་ཚོགས་གཉིས་ཀྱི་སྤྱོད་པ་མཐར་ཕྱིན་པའི་དགེ་རྩ་བསྐྱེད་པ་དེ་ཉིད་ཡིན་ཞིང་། འདིར་བྱང་ཆུབ་ཀྱི་སེམས་ཇི་ལྟར་རྒྱུད་ལ་བསྐྱེད་པ་དང་། ཚོགས་གཉིས་ཇི་ལྟར་རྫོགས་ཚུལ་གྱི་ས་བཅད་གཉིས་སུ་ཕྱེས་ནས་བཤད་ན་འཐུས་པ་ཞིག་ཡིན། དེའི་ནང་གི་དང་པོ་བྱང་ཆུབ་ཀྱི་སེམས་ཇི་ལྟར་བསྐྱེད་ཚུལ་ལ་ཡང་། ཐེག་ཆེན་གྱི་རིགས་སུ་ངེས་པའི་ཡོན་ཏན་བཤད་པ་ཞིག་དང་། ལམ་གྱི་གཞི་རྟེན་སྐྱབས་འགྲོ། སྦྱོར་བ་ཚད་མེད་བཞིས་བློ་སྦྱོང་བ། དངོས་གཞི་བྱང་ཆུབ་ཀྱི་སེམས་ཇི་ལྟར་རྒྱུད་ལ་བསྐྱེད་པའི་ཚུལ། བྱང་ཆུབ་ཀྱི་སེམས་དེ་ཉིད་རྒྱུད་ལ་སྐྱེས་ནས་བསླབ་པ་མི་ཉམས་པ་ཇི་ལྟར་སྲུང་ཚུལ་དང་ལྔ་ལྟ་བུ་ཞིག་གིས་མ་བཤད་ཐབས་མེད་ཡིན།

༼ཀ བྱང་ཆུབ་ཀྱི་སེམས་ཇི་ལྟར་བསྐྱེད་ཚུལ།

ཀ ཐེག་ཆེན་གྱི་རིགས་ངེས་པའི་ཡོན་ཏན་བཤད་པ།

དེའི་ནང་གི་དང་པོ་ཐེག་ཆེན་གྱི་རིགས་སུ་ངེས་པའི་ཡོན་ཏན་གྱི་ཕྱོགས་ནས་བསམ་བློ་ཞིག་བཏང་ན། བདེ་བར་གཤེགས་པའི་བཀའ་ཐ་མ་ངེས་དོན་གྱི་མདོ་སྡེ་ཐམས་ཅད་ཀྱི་བསྟན་དོན་སྙིང་པོ་དེ་ཉིད་ཁམས་བདེ་བར་གཤེགས་པའི་སྙིང་པོ་སྟེ། དཔེ་ནོར་བུ། ནམ་མཁའ། ཆུ་དག་པ་གསུམ་གྱིས་གསུངས་ཡོད་ལ། དེ་རིམ་པ་བཞིན་དུ་ནོར་བུ་ལྟར་ཡོན་ཏན་ལྷུན་གྱིས་གྲུབ་ཡོད་པ། ནམ་མཁའ་ལྟར་གཞན་དུ་འགྱུར་བ་མེད་པ་སྟེ་མི་འགྱུར་བ། ཆུ་དག་པ་ལྟར་དུ་སེམས་ཅན་ཀུན་ལ་ཁྱབ་པར་བསྟན་ཡོད། དེ་ལ་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་ཞེས་ཟེར་ཞིང་། དྲི་མས་བསྒྲིབས་ནས་མངོན་སུམ་དུ་མི་གསལ་བའི་སྐབས་སུ་ཁམས་སམ་རིགས་དང་། དྲི་མ་མཐའ་དག་དང་བྲལ་ནས་སངས་རྒྱས་དུས་བྱང་ཆུབ་ཅེས་གསུངས་པའི་ཐ་སྙད་དེ་སྦྱར་ལ། དེ་སེམས་ཅན་ཐམས་ཅད་ལ་ཡོད་པ་ཡིན། ཁོ་རང་གི་ངོ་བོ་དེ་ཇི་ལྟར་ཡིན་ཞེ་ན། སེམས་ཀྱི་ཆོས་ཉིད་འོད་གསལ་བའི་རང་བཞིན་ཡིན་ཞིང་ཁོ་རང་ཉིད་ལ་ཉོན་མོངས་ཀྱིས་གོས་པ་མེད། སྔར་མེད་ཀྱི་ཡོན་ཏན་གསར་དུ་སྐྱེ་ཡོང་རྒྱུ་ཞིག་མེད་ཀྱང་ནུས་པ་རྫོགས་པར་སྣང་མི་སྣང་གི་ཁྱད་པར་དང་། གནས་སྐབས་ལ་སྒྲིབ་བྱེད་ཀྱི་དྲི་མ་སེལ་མི་སེལ་གྱི་ཁྱད་པར་དེ་གནས་པ་ཞིག་ཡིན། དེ་ཡིན་པའི་རྒྱུ་མཚན་གྱིས་རིགས་འདི་ལ་རང་བཞིན་དུ་གནས་པའི་རིགས་དང་། སྒྲུབ་པ་ལས་བྱུང་བའི་རིགས་ཞེས་པའི་དབྱེ་བ་དེ་བྱུང་བ་ཡིན་ལ། དེ་ལྟར་ན་དེ་གཉིས་ཀ་ཡང་རྟེན་དང་བརྟེན་པ་སྟེ། གཅིག་ཆུ་དྭངས་མོ་ལྟ་བུ་ཞིག་ཡིན་ཞིང་། ཅིག་ཤོས་དེའི་ངོས་སུ་གཟུགས་བརྙན་ཤར་སོང་བ་ལྟ་བུ་ཞིག་གི་དབྱེ་བ་ཡིན། འདིའི་སྐོར་ལ་རྒྱས་པར་དབྱེ་བའི་བཤད་པ་དེ་དཔེ་དང་བཅས་པ་མང་བ་ཡིན་ཡང་སྐབས་དོན་རིགས་སམ་བདེ་བར་གཤེགས་པའི་སྙིང་པོ་འདི་ཉོན་མོངས་པས་བསྒྲིབས་ཀྱང་ཉོན་མོངས་པས་མ་གོས་པ་དེ་ཉི་མ་སྤྲིན་གྱིས་བསྒྲིབས་པ་ལྟ་བུ་ཞིག་ཡིན་པས་སྒྲིབ་པ་ཡོད་མེད་དང་སྒྲིབ་པ་ཆེ་ཆུང་གི་ཁྱད་པར་གྱིས་གནས་སྐབས་གསུམ་དུ་ཕྱེས་ནས་བཤད་པ་ཞིག་སྟེ། སྤྲིན་རུམ་ལྟ་བུས་བསྒྲིབས་ཏེ་ཡོད་པ་མ་དག་སེམས་ཅན་གྱི་སྐབས། དག་མ་དག་ཕྱེད་མ་ཕྱེད་འདྲེས་དེ་མ་དག་དག་པ་བྱང་སེམས་ཀྱི་སྐབས། ཤིན་ཏུ་ཡོངས་སུ་དག་ཅིང་སངས་པ་དེ་སངས་རྒྱས་ཀྱི་གནས་སྐབས་ཡིན་པས་དེ་ལྟ་བུ་ཞིག་གི་སྐབས་གསུམ་དུ་ཕྱེ་རྒྱུ་ཡོད། མ་དག་སེམས་ཅན་གྱི་སྐབས་སུ་ཐེག་ཆེན་གྱི་རིགས་ངེས་ལ་རིགས་ཀྱི་རྟགས་ཡོད་པ་ཞིག་སྟེ། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་ཡོད་ལ། དུ་བ་ཡོད་ཕྱིར་མེ་ཡོད་པར་དཔོག་པ་ཡིན་ཞིང་། དེ་བཞིན་དུ་ཆུ་སྐྱར་ལས་ཆུ་ཡོད་པར་ཤེས་པ་ལྟར་དུ་རིགས་སད་པའི་རྟགས་མཐོང་ཆོས་ལ་མངོན་རྒྱུ་ཡོད། དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། རང་བཞིན་ཆོས་སྐུའི་རིགས་སད་པའི་རྟགས་སུ་སོ་སོ་སྐྱེ་བོ་ཡིན་ཡང་ངེས་དོན་སྟོང་ཉིད་ཀྱི་ཆོས་རེ་གོ་ཐོས་བྱུང་བ་དང་སེམས་ལ་དགའ་བ་ཆེན་པོ་ཡོང་རྒྱུ་དང་། དང་བ་ཆེན་པོ་སྐྱེས་ནས་མིག་ལས་མཆི་མ་འབྱུང་བ། ལུས་ཀྱི་བ་སྤུ་ལྡང་པ་ལྟ་བུའི་དད་པ་དང་། གུས་པ། མོས་པ་འབྱུང་བ་སྟེ། དབུ་མ་འཇུག་པའི་ནང་དུ། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ནས། །ལུས་ཀྱི་བ་སྤུ་ལྡང་པར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་གསུངས་ལ། གཟུགས་སྐུ་ཆོས་ཅན་གྱི་རིགས་སད་པའི་རྟགས་སུ། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་དེ་ལྟར་མདོ་སྡེ་རྒྱན་ལས་གསུངས་ཡོད། སེམས་ཅན་ལ་སྙིང་རྗེ་མེད་དེ་སེམས་ཅན་རྒྱུ་མ་དྲུད་ན་ཤ་རྩ་ཞིག་མི་འགུལ། སངས་རྒྱས་ལ་དད་པ་མེད་དེ་སངས་རྒྱས་ནམ་མཁའ་ལ་འཕུར་ན་དད་པ་མེད་པ་དེ་ལ་རིགས་ཆད་ཅེས་གསུངས་པ་ཡིན། བདེ་གཤེགས་སྙིང་པོས་སྡིག་རྒན་ལ་ཡང་ཁྱབ་ཀྱང་སྐབས་ཤིག་ཏུ་ལས་ཀྱི་གཞན་དབང་དུ་མངགས་པ་ལས་སྐྱོབ་ཐབས་མེད་པའི་རིགས་ཅན་ཡིན་ལ། སུ་ཞིག་གིས་མ་བསླབས་ཀྱང་སེམས་ཅན་སྡུག་བསྔལ་ཅན་རིག་ན་སྙིང་རྗེ་སྐྱེ་རྒྱུ་དང་། འཁོར་བའི་སྡུག་བསྔལ་འདིས་ཡིད་སུན་ནས་ངེས་འབྱུང་སྐྱེ་རྒྱུ་ཡོད་པ་དེ་ཚོ་ཐེག་པ་ཆེན་པོའི་རིགས་ཅན་དུ་ངེས་པའི་གང་ཟག་ཡིན་པའི་རྟགས་ཡིན། དེ་ལྟ་བུའི་ཐེག་པ་ཆེན་པོའི་རིགས་སད་པའི་གང་ཟག་དེས་བསྒྲུབས་ན་སངས་རྒྱས་རང་ལག་ལ་ཡོད། དེ་ལ་དཔའ་མ་ཞུམ། སེམས་ཀྱི་སྤོབས་པ་བསྐྱེད་དང་། རིགས་སད་པའི་ཕན་ཡོན་རྐྱང་པ་ལ་བསམ་བློ་བཏང་ན། རིགས་ལན་གཅིག་སད་ནས་བཟུང་སྟེ། སེམས་ཅན་ཡིན་པས་ལས་ཉོན་གྱི་དབང་གིས་ངན་སོང་ལ་ལན་རེ་ལན་གཉིས་སྐྱེ་བའི་དབང་དུ་བཏང་ཡང་སྐྱེ་བ་དེ་ཉིད་དར་གྱི་ཕོ་ལོང་བརྡབ་པའི་ཡུན་ཙམ་གྱིས་ཐར་འགྲོ་བ་ཡིན། སྡུག་བསྔལ་ཆུང་བ། རིགས་མཐུན་གྱི་སེམས་ཅན་ཕར་སྨིན་པར་བྱེད་ནུས་པ་དེ་ལྟར་ཡིན་ཞེས་གསུངས་ཡོད། མདོར་ན་སེམས་ཀྱི་རང་བཞིན་འོད་གསལ་བའི་གཞི་གཅིག་དེ་ལས་སྣང་ཆ་གཟུགས་སྐུའི་ཡོན་ཏན་དང་། སྟོང་ཆ་ཆོས་སྐུའི་ཡོན་ཏན་དེ་གཉིས་ཀ་དབྱེར་མི་ཕྱེད་པ་དེ་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་ཡིན་པ་སྟེ། འགྱུར་བ་མེད་པའི་ཆ་ནས་རང་བཞིན་གནས་རིགས། དྲི་མ་སྦྱངས་ནས་ཡོན་ཏན་རྒྱས་པར་མངོན་པ་དེ་ཉིད་ཀྱི་ཆ་ནས་རྒྱས་འགྱུར་གྱི་རིགས་ཞེས་བཏགས་པ་ཡིན། རྩ་བ་སེམས་ཉིད་རིག་པའི་ཡེ་ཤེས་ལ་ཐུག་ཡོད།

ཁ ལམ་གྱི་གཞི་རྟེན་སྐྱབས་འགྲོ་བཤད་པ།

དེ་ཡན་གྱིས་རིགས་ཀྱི་ཡོན་ཏན་བཤད་ཟིན་ནས། གཉིས་པ་ལམ་གྱི་གཞི་རྟེན་སྐྱབས་འགྲོ་བཤད་དགོས་ལ། སྐྱབས་སུ་མ་སོང་པ་ལ་སྡོམ་པ་མི་སྐྱེ་བར་གོང་ནས་ཀྱང་བཤད་མྱོང་ཞིང་། སྡོམ་པས་རྒྱུད་མ་བསྡམས་པ་ཞིག་ལ་ལམ་མེད་པ་ཡིན་པའི་ཕྱིར་ན་ཐར་བའི་ལམ་ལ་སློབ་པའི་གང་ཟག་གིས་ཐོག་མ་ལམ་གྱི་གཞི་རྟེན་སྐྱབས་འགྲོ་ཡིན་པས་མ་བསླབ་ཐབས་མེད་ཡིན། འདི་ལ་གང་ཟག་སྐྱེས་བུ་ཆུང་དང་། འབྲིང་དང་། ཆེན་པོའི་རིམ་པ་ཡིས་སྐྱབས་སུ་འགྲོ་ཚུལ་ལ་ཁྱད་པར་ཡོད། སྐྱེས་བུ་ཆུང་ངུ་ཞེས་པ་ཅི་འདྲ་ཞིག་ལ་བཤད་པ་ཡིན་ཟེར་ན། བློ་ཆུང་ཞིག་ལ་ཟེར་ཞིང་མི་གཟུགས་ཆུང་ཆུང་ཞིག་ལ་ཟེར་བ་མ་ཡིན་པར་རྒྱང་མིག་རིང་པོའི་ཕྱི་ཐག་མེད་པའི་གང་ཟག་མཐའ་ཅུང་ཟད་མི་རིག་པའི་རིགས་ཅན། ཐར་བ་མི་བ་གཅིག་ཀྱང་མི་ཤེས་པ། འཁོར་བའི་བདེ་འབྲས་འདོད། མདོར་ན་སྐྱིད་པོ་དགོས། དགའ་མོ་དགོས། ཕྱུག་པོ་དགོས། ན་མི་ཉན། ཚེ་རིང་དགོས་ཤིང་། དེ་ཡང་ཚེ་འདི་ལ་སྐྱིད་ན་སྐྱིད་པ་ཡིན་སྙམ་ཞིང་། དེའི་ཆེད་དུ་སྐྱབས་ཡུལ་ཞིག་ལ་སྐྱབས་སུ་འགྲོ་བ་ཞིག་དང་། དེས་མི་ཚད་པར་ཚེ་འདིར་མ་ཟད་ཕྱི་མ་སྐྱིད་དགོས་འདུག་མ་གཏོགས་ཚེ་ཕྱི་མ་ཞེས་པ་ཞིག་ཡོད་ནི་ཡོད་ཅིང་། དེ་ཡོད་ཕྱིར་དེ་དུས་སྡུག་ཚེ་སྡུག་འདུག་སྙམ་མཁན་ཞིག་ཀྱང་ཡོད་ལ། དེ་ལྟ་བུའི་རིགས་ཅན་གྱིས་ལྷ་མིའི་གནས་འཁོར་བའི་བདེ་འབྲས་ལ་དམིགས་པ་ཞིག་སྟེ་དེ་ལྟར་སྐྱེས་བུ་ཆུང་ངུ་ལ་ཡང་རིགས་གཉིས་ཡོད། དེ་ལ་ཡང་གྲུབ་མཐར་ཞུགས་མ་ཞུགས་ཀྱི་ཁྱད་པར་ཡང་ཡོད་ལ། དཀོན་མཆོག་ལ་སྐྱབས་འགྲོ་བྱས་ཀྱང་བསམ་པ་མ་དག་ན་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོར་དེ་ལྟར་བྱས་ནས་འགྱུར་འགྲོ་བ་ཡིན། སྐྱེས་བུ་འབྲིང་གི་སྐྱབས་འགྲོ་ཞེས་པ་ཞིག་ཡོད་ཅིང་དེ་གང་ཡིན་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཏེ། ཉན་ཐོས་དང་རང་རྒྱལ་ཐེག་པ་དམན་པའི་རིགས་ཅན་ཚང་མ་ཡིན། དེ་ཚང་མ་ཐེག་པ་དམན་པ་ཡིན་པའི་རྒྱུ་མཚན་གང་ཡིན་ཞེ་ན། འཁོར་བའི་སྡུག་བསྔལ་ལ་སྐྲག་ནས་འཁོར་བའི་སྡུག་བསྔལ་ཞི་བའི་ཞི་བ་མྱ་ངན་ལས་འདས་པ་དེ་རང་དོན་དུ་འཚོལ་གྱིན་ཡོད་པས་ཡིན་ལ། ཞི་བ་མྱ་ངན་ལས་འདས་པའི་ཐར་བ་དེ་ཉིད་རང་དོན་ལ་འཚོལ་བའི་ཆེད་དུ་སྐྱབས་སུ་འགྲོ་བ་དེ་ཉིད་ཡིན། སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་དེ་ཅི་འདྲ་ཞིག་ཡིན་ཞེ་ན། གཞན་དོན་དུ་སྐྱབས་སུ་འགྲོ་བ་སྟེ་དམྱལ་བར་སྐྱེ་བ་བས་ཀྱང་རང་དོན་ཞི་བདེར་སྦྱོར་བ་དེ་ལ་འཇིགས་ཤིང་སྐྲག་ནས་སྐྱབས་སུ་འགྲོ་བ་ཡིན། དམྱལ་བ་སྐྱེ་རྒྱུ་དེ་ཐར་བ་དམ་པའི་གཏན་གྱི་གེགས་མ་ཡིན་ཞིང་ཐར་རྒྱུ་ཡོད་པ་ཡིན་ལ། རང་དོན་ཞི་བདེར་སྦྱོར་བ་གཏན་གེགས་ཡིན་པས་གསུངས་པ་ཡིན། ཡིན་ན་ཡང་སྐྱེས་བུ་ཆུང་ངུ་ལྷ་མིའི་ཐེག་པ་དང་། འབྲིང་ཉན་རང་གི་ཐེག་པ་ཡང་སངས་རྒྱས་ཀྱི་བསྟན་པ་ཡིན་ལ། ཆོས་ལ་བཟང་ངན་ཕྱེས་ན་ལོག་རྟོག རང་ཉིད་ཉམས་པའི་རྒྱུ་ཡིན་ཞིང། དེ་ཡིན་ཕྱིར་བསྟན་པ་ཐམས་ཅད་འགལ་མེད་དུ་ཉམས་སུ་ལེན་པ་ལ་བློ་རིམ་དང་བསྟུན་པའི་རིམ་སྒྲུབ་དེ་དཔེར་བཞག་ན་སྐས་ཀྱི་གདང་བུ་ལྟ་བུ་བྱེད་དགོས་གསུངས་ཡོད། སྐས་ཐེམ་འོག་མ་ནས་ཡར་གོང་མར་མ་བརྒྱུད་ན་གོང་མའི་སྟེང་ལ་བརྩེགས་མཆོང་རྒྱག་ས་མི་ལོན་པ་དེ་ལྟ་བུ་ཡིན་གསུངས་ཤིང་། རང་ཉམས་ལ་ཁ་བསྐོར་ན་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་ཙམ་ཡང་བྱེད་མི་ཤེས་པ་མིན་ན་ཅི་ཡིན། སྐྱབས་སུ་སོང་ནས་སྐྱབས་འགྲོའི་བསླབ་བྱ་བསྲུང་དགོས་ལ། ད་ཞག་བཤད་པའི་དགག་པའི་བསླབ་བྱ། བསྒྲུབ་པའི་བསླབ་བྱ། ཆ་མཐུན་གྱི་བསླབ་བྱ་དང་དགུ་ཡོད་ཅིང་། དགག་སྒྲུབ་ཆ་མཐུན་གྱི་བསླབ་བྱ་དགུ་བོ་ཇི་བཞིན་དུ་སྲུང་མ་ཤེས་ན་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་ཙམ་ཡང་ལག་ལེན་དམ་བཅའ་བཞིན་དུ་མ་འབྱོར་བ་ཡིན་པས་དཀོན་མཆོག་གི་སྐྱབས་འོག་ལ་ཚུད་ཡོད་མེད་དེ་རང་གིས་རང་ལ་འདྲི་རྟགས་རྒྱག་ས་ལ་ཐུག་ཡོད། དེ་ལྟ་བུ་དེ་ཉིད་ཀྱིས་འབྲིང་དེ་ཆེན་པོར་བྱས་ཏེ་བསྒྱུར་ཐུབ་མེད། དེས་ན་དེའི་གནད་དེ་ཤེས་པའི་ཐོག་ནས་ལམ་ཐམས་ཅད་ཀྱི་རྨང་གཞི་སྟེ་ཁང་པ་བརྩིགས་ན་རྨང་རྡོ་རྩིག་དགོས་པ་ལྟར་སྐྱབས་འགྲོའི་རྨང་དེ་བརྟན་པོ་ཞིག་ཞོག་རྒྱུ་དེ་གལ་ཆེ་བ་ཡིན། སྐྱབས་སུ་འགྲོ་བའི་དུས་ལ་ཁྱད་པར་ཡོད་ཅིང་། སྐྱབས་སུ་འགྲོ་བའི་རྟེན་གྱི་གང་ཟག་བློ་སྟོབས་ཆུང་འབྲིང་ཆེ་གསུམ་པོས་རང་རང་གི་བསྒྲུབ་བྱའི་འབྲས་བུ་ཐོབ་ཆེད་དུ་ཕལ་བ་སྐྱེས་བུ་ཆུང་ངུ་དེ་ཉིད་ཀྱིས་ཚེ་འདིའི་འདོད་དོན་ཅི་ཞིག་འགྲུབ་ཆེད་དུ་ཡིན་ན་དེ་མ་འགྲུབ་ཀྱི་བར་གྱི་དུས་སུ་སྐྱབས་སུ་འགྲོ་ལ། དྲག་ཤོས་དེ་ཉིད་ཀྱིས་ཕྱི་མ་མཐོ་རིས་མ་ཐོབ་ཀྱི་བར་དུ་ཡིན་ཞིང་། སྐྱེས་བུ་ཆུང་ངུ་དེ་ལ་ཡང་བཟང་ངན་གཉིས་ལྟ་བུ་ཞིག་ཡོད། དེ་གཉིས་ཀའི་དུས་ཚོད་ཀྱི་རིམ་པ་དེ་ལྟ་བུ་ཞིག་ཡིན། འབྲིང་གཉིས་ཀ་ཕལ་བ་ལས་མཆོག་ཡིན་ཞིང་། གནས་སྐབས་ཇི་སྲིད་འཚོ་མ་ཤིའི་བར་དུ། མཐར་ཐུག་ཉན་རང་དགྲ་བཅོམ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། སྐྱེས་བུ་ཆེན་པོས་དུས་ཚོད་ཇི་ལྟ་བུ་ཞིག་གི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ཞེ་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་འདོད་ཀྱི་སྐྱེས་བུ་ཆེན་པོའི་བླ་ན་མེད་པའི་སེམས་ཏེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་རམ་སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ལ། སྐྱབས་སུ་འགྲོ་བའི་དུས་ཀྱི་ཁྱད་པར་དེ་ལྟ་བུ་ཞིག་ཡིན། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་ཡོད་ཅིང་། སྐྱེས་བུ་ཆུང་འབྲིང་གཉིས་ཀས་སྐྱབས་ཀྱི་རྟེན་དུ་ཁས་བླངས་པའི་དཀོན་མཆོག་གསུམ་པོ། ཆེན་པོས་ཀྱང་གནས་སྐབས་སུ་དེ་ལ་སྐྱབས་སུ་བཟུང་བའི་ཕྱིར་ན་ཐུན་མོང་གི་སྐྱབས་ཡུལ་ཟེར་ལ། ཐེག་ཆེན་ཐུན་མིན་གྱིས་སངས་རྒྱས་ཆོས་ཀྱི་སྐུ། ཆོས་ཐེག་པ་ཆེན་པོའི་ཆོས། དགེ་འདུན་བྱང་ཆུབ་སེམས་དཔའི་དགེ་འདུན་ཏེ་དེ་རྣམས་ཡིན། ད་རུང་རྒྱུ་དང་འབྲས་བུའི་སྐྱབས་འགྲོའི་དབྱེ་བ་ཡོད་ཅིང་། དེའི་ཐད་ནས་མཚན་ཉིད་ཐེག་པས་རྒྱུའི་སྐྱབས་འགྲོ་དེ་འབྲས་བུའི་ས་འཐོབ་པའི་སྐྱེལ་མ་ལྟ་བུ་དང་། འབྲས་བུའི་སྐྱབས་འགྲོ་དེ་འབྲས་བུ་དཀོན་མཆོག་གསུམ་རང་རྒྱུད་ལ་དངོས་སུ་གྲུབ་པར་འདོད་པ་དེ་ཉིད་ཡིན། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །ཞེས་གསུངས་ཏེ། མཐར་ཐུག་གི་སྐྱབས་སངས་རྒྱས་ཆོས་སྐུ་ཉག་གཅིག་ཏུ་བཞེད་པ་ཡིན། ཐེག་ཆེན་གསང་སྔགས་ཀྱི་ལུགས་ལ་ཅི་འདྲ་ཞིག་ཡིན་ཞེ་ན། རང་ལ་ཡེ་ནས་ཡོད་པའི་སེམས་ཉིད་སངས་རྒྱས་རང་ཆས་སུ་ཡོད་པ་དེ་ཉིད་མངོན་དུ་འགྱུར་བའི་ཆེད་དུ་ཐུན་མོང་གི་ཡུལ་ཕྱིའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞོར་དུ། ཐུན་མིན་སེམས་ཉིད་མ་སྐྱེས་གདོད་ནས་དག་པའི་ངང་ལ་མཉམ་པར་འཇོག་པ་དེ་ཉིད་ཡིན། དེ་བཞིན་དུ་དཀྱིལ་འཁོར་སོ་སོའི་དཀོན་མཆོག་གསུམ་དང་། བསྟན་པ་སྤྱིའི་དཀོན་མཆོག་གསུམ་གཉིས་ཀ་རྒྱུའི་སྐྱབས་ཡུལ་དང་། དེ་ལ་སྐྱབས་སུ་འགྲོ་བ་དེ་ཉིད་རྒྱུའི་སྐྱབས་འགྲོ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དཀོན་མཆོག་གསུམ་དུ་ཡེ་ནས་བཞུགས་པ་དེ་ཉིད་འབྲས་བུའི་སྐྱབས་ཡུལ་དང་། གཞན་ལ་མི་སྨིན་པའི་རང་ལ་རང་གཤིས་ལྷུན་གྲུབ་ཏུ་ཡོད་པ་དེ་ཉིད་ཀྱི་ངང་ལ་འཇོག་པ་འབྲས་བུའི་སྐྱབས་འགྲོ་ཞེས་གསུངས་ཡོད། དཀོན་མཆོག་གསུམ་ངོས་འཛིན་ལུགས་ལ་ཁྱད་པར་དེ་ལྟ་བུ་ཆེ་བ་ཡིན། ཐེག་པ་ཆུང་ངུ་ཚང་གིས་སངས་རྒྱས་མཆོག་གི་སྤྲུལ་བའི་སྐུ། ཆོས་ལུང་རྟོགས་གཉིས་ཀྱི་ནང་གི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། རྟོགས་པའི་ཆོས་སོ་སོའི་རྒྱུད་ཀྱི་ལམ་དང་ཏིང་ངེ་འཛིན་ལ་སོགས་པ་དེ་ལ་ངོས་འཛིན་པ་ཡིན། དགེ་འདུན་ལ་སོ་སོ་སྐྱེ་བོའི་དགེ་འདུན་དང་། འཕགས་པའི་དགེ་འདུན་གཉིས་ཡོད་པའི་ནང་གི་དགེ་ཚུལ་ཕ་མ་ལ་སོགས་པ་དགེ་འདུན་ཆུང་ངུ་དང་། བསྙེན་པར་རྫོགས་པའི་གང་ཟག་ལ་དགེ་སློང་གི་དགེ་འདུན་ཆེན་པོ་གསུངས་པའི་དབྱེ་བ་ཡང་ཡོད། དགེ་སློང་བཞི་འདུས་པ་ཡན་ཆད་ལ་དགེ་འདུན་འདུས་པའི་མཚན་ཉིད་ཐོབ་པ་དེ་ལྟ་བུ་ཡིན་ཞིང་། དེ་དག་སོ་སྐྱེའི་དགེ་འདུན་ཡིན་ལ། འཕགས་པའི་དགེ་འདུན་ལ་བསམ་བློ་བཏང་ན། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་གསུམ་གྱི་ཞུགས་གནས་གཉིས་ཞེས་བརྩི་རྒྱུ་ཡོད་པས་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་གསུམ་གྱི་ཞུགས་གནས་གཉིས་ཀ་དང་། དགྲ་བཅོམ་པ་ཞུགས་པ་ཚང་མ་འཕགས་པའི་དགེ་འདུན་དང་། དགྲ་བཅོམ་གནས་པ་མཐར་ཐུག་གི་ཐོབ་བྱ་སངས་རྒྱས་སུ་ངོས་འཛིན་པ་ཡིན། ཐེག་ཆེན་ཐུན་མོང་གི་ལུགས་ལ་སངས་རྒྱས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་བདག་ཉིད། དེ་ཡང་དག་པ་གཉིས་ལྡན་མཐར་ཐུག་པ་དང་། ཆོས་དེ་ངོ་བོ་སྨྲ་བསམ་བརྗོད་མེད། རང་བཞིན་སངས་རྒྱས་ཀྱི་ས་ལ་འགྲོ་བའི་ལམ་དང་ཉོན་མོངས་པའི་གཉེན་པོ། རྣམ་པ་འགོག་ལམ་གྱིས་བསྡུས་པའི་བདེན་གཉིས་ཀྱི་མཚན་ཉིད་ཅན་ཞིག་ལ་ཞུ་བ་ཡིན། དགེ་འདུན་ཡང་འཕགས་པ་ས་བཅུ་ལ་གནས་པ། ཐུན་མིན་སྔགས་ཀྱི་ཐེག་པའི་སྐབས་སུ་རྒྱུད་སྡེ་སོ་སོའི་ཐེག་རིམ་གྱི་དབང་གིས་ཐ་དད་པ་ཡོད་པ་དེ་ཉིད་ཞིབ་ཏུ་སོ་སོའི་རང་གཞུང་ལས་ཤེས་པར་བྱ་བ་ཞིག་ཡིན། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་དཀོན་མཆོག་གསུམ་ཞེས་ཞུ་བའི་དོན་ཅི་ཡིན་ཞེ་ན། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར་ལ་སོགས་པའི་ལུང་དོན་བཞིན་དུ་འཇིག་རྟེན་ན་དཀོན་ཞིང་རིན་ཐང་ཆེ་བ་རིན་པོ་ཆེ་ཡིན་ལ། རིན་པོ་ཆེ་དང་ཆོས་མཐུན་པ་དྲུག་གིས་ཁྱད་དུ་འཕགས་པའི་མཆོག་ཡིན་པ་དང་དཀོན་པ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་ན་དཀོན་མཆོག་ཅེས་གསུངས་པ་ཡིན། དཀོན་མཆོག་དེ་གསུམ་དུ་འཇོག་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ཞེ་ན། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པ་བཞག་པ་ཡིན། །ཞེས་གསུངས་པས། སྟོན་པའི་ཡོན་ཏན་བསྟན་པའི་དོན་དང་ཐེག་ཆེན་པའི་དབང་དུ་གཙོ་བོར་བྱས་ཏེ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བསྟན་ལ། དེའི་བསྟན་པའི་ཡོན་ཏན་བསྟན་པའི་དོན་དང་རང་སངས་རྒྱས་པའི་གང་ཟག་གི་དབང་དུ་གཙོ་བོར་བྱས་ནས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ་ཞེས་བསྟན། སྟོན་པས་བསྟན་པའི་བསྟན་པ་ལ་ལེགས་པར་ཞུགས་པའི་སློབ་མའི་ཡོན་ཏན་བསྟན་པའི་དོན་དང་ཉན་ཐོས་ཀྱི་དབང་དུ་གཙོ་བོར་བྱས་ཏེ་ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བསྟན་ཅིང་རྣམ་པར་བཞག་པ་ཡིན། མདོར་ན་གནས་སྐབས་ཀྱི་སྐྱབས་དཀོན་མཆོག་གསུམ་པོ་ཡིན་ཡང་མཐར་ཐུག་གི་སྐྱབས་སངས་རྒྱས་ཉག་གཅིག དེ་ཡང་སངས་རྒྱས་ཆོས་སྐུ་ལ་འདུས་པ་དེ་ཉིད་གོང་ནས་ཀྱང་བཤད་པ་ལྟར་དུ་ཡིན། དམན་ལམ་ས་བརྒྱད། ཐེག་པ་ཆེན་པོའི་ས་བཅུ། ལམ་ལྔ། དེའི་སྐབས་སུ་ཕར་ཕྱིན་བཅུ་ཇི་ལྟར་རྫོགས་ཚུལ། སངས་རྒྱས་སྐུ་བཞིའི་བཤད་པ། མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཡོད་མེད། སྔགས་ཀྱི་བཅུ་དྲུག་ཡེ་ཤེས་བླ་མའི་སར་ཇི་ལྟར་རྩི། ཐུན་མིན་རིག་འཛིན་ནང་གི་དགེ་འདུན་གྱི་སྐོར། རིག་འཛིན་རྣམ་པ་བཞིས་ས་ལམ་ཇི་ལྟར་བགྲོད་པ་ལ་སོགས་པ་འདིའི་སྐབས་ཀྱི་རྣམ་བཞག་གི་དཀའ་གནད་ཤིན་ཏུ་མང་པོ་བཤད་རྒྱུ་ཡོད་ཅིང་འདི་ལྟ་བུ་ཞིག་གི་སྐབས་སུ་བཤད་ཀྱིས་མི་ལོང་པ་ཞིག་ཡིན། ཀློག་པ་ཐོས་བསམ་པ་ཚང་མས་མཁྱེན་ལ། མི་སྐྱ་ཕོ་མོ་རྣམས་ཀྱིས་སྐྱབས་འགྲོའི་རྣམ་བཞག་གི་སྤྱི་ཁོག་དེ་ཉིད་ངེས་པའི་སྟེང་ནས་ཐ་མལ་པས་ངན་སོང་གི་སྡུག་བསྔལ་ལ་སྐྲག མཐོ་རིས་ཀྱི་ཡོན་ཏན་འདོད། ཉན་རང་གིས་དེའི་ཐོག་ཏུ་སྲིད་པ་མཐོ་དམན་ཐམས་ཅད་ཀྱི་སྡུག་བསྔལ་ལ་འཇིགས་ནས་དད་པ་གསུམ་བསྐྱེད། ཐེག་ཆེན་པས་སྙིང་རྗེའི་དབང་གིས་གཞན་འཁོར་བ་ལས་སྐྱོབ་པའི་ཆེད་དུ་སྐྱབས་སུ་འགྲོ་བ་ཡིན། དེའི་ཕྱིར་ན་བརྩེ་ཆེན་སྙིང་རྗེས་ཞེས་པའི་ཚིག་ལ་དངོས་སུ་སྦྱར་ནས་ཚིག་དོན་འགྲེལ་རྒྱུ་ཡིན་ལ། འདིའི་ནང་གི་ལ་ལ་ཞིག་མི་ཤེས་མ་གཏོགས་མང་ཆེ་བ་སྐྱབས་སྡོམ་ཞུས་ཚར་བ་འབའ་ཞིག་ཡིན། མར་གྱུར་མཁའ་མཉམ་གྱི་སེམས་ཅན་གྱི་དོན་ལ་སྐྱབས་སྡོམ་ལེན་པའི་བློ་བསྐྱེད་དགོས་ཞེས་བློ་སྦྱོང་དང་། ཆོ་ག་ཐུན་མོང་གི་ལུགས་ཡིན་ཡང་ཐེག་ཆེན་སོ་ཐར་གྱི་སྡོམ་པ་སྐྱེ་ཞེས་ས་སྐྱ་པཎ་ཆེན་གྱིས་གསུངས་པའི་ལུང་ཞིག་ཀྱང་དྲངས་ཏེ། སྐྱབས་སྡོམ་འདི་སོ་ཐར་རིགས་བདུན་གྱི་ནང་ལ་རྩི་སྲོལ་སྤྱིར་བཏང་དུ་མེད་ཀྱང་སྡོམ་པ་ཐམས་ཅད་ཀྱི་རྨང་གཞི་འདི་མེད་ན་སྡོམ་པ་གཅིག་ཀྱང་ཐོབ་རྒྱུ་མེད་པ་དེ་ཉིད་སྔར་ཡང་བཤད་མྱོང་བ་ཡིན། དེ་ལྟར་བྱས་ནས་ཆོ་ག་བཞིན་དུ་སྦྱོར་དངོས་རྗེས་གསུམ་ཚང་པའི་བསླབ་བྱ་འདོན་པ་དང་བཅས་པ་དུས་རྒྱུན་གྱི་ཕྱག་ལེན་ལྟར་དུ་བྱས་པ་དང་དེ་བཞིན་དུ་དོན་ཡང་གོ་ཡོད་ལས་ཆེ། སྐྱབས་འགྲོའི་བསླབ་བྱ་ཉམས་སོང་བ་ཡིན་ན་གྱང་ལོག་སོང་བའམ་གྱང་འགྱེལ་བའི་རི་མོ་ལ་དཔེ་བཞག་པ་སྟེ། གྱང་ལོག་ཚར་དུས་རི་མོ་ལྷག་མེད་པར་རི་མོ་ཞིག་ནས་གས་འཐོར་འགྲོ་བ་ཡིན་ལ། དེ་ལྟར་དུ་གོང་མའི་ཡོན་ཏན་ཐམས་ཅད་ཉམས་པར་མ་ཟད་ངན་སོང་གི་སྡུག་བསྔལ་མྱོང་བ་ཡིན་ཞིང་། སྐྱབས་དང་སྐྱོབ་པ་རྟེན་ས་རེ་ས་མེད་སོང་བ་ཡིན། དཀོན་མཆོག་གསུམ་གྱི་སྐྱབས་ཡུལ་མེད་སོང་ན་སྐྱབས་འགྲོའི་བསླབ་བྱ་ཉམས་ནས་དེའི་སྐྱབས་འོག་ནས་བུད་སོང་བ་ཡིན་ལ། དེ་མ་ཉམས་ན་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་གཉིས་རྫོགས་པ་དང་། འཇིགས་དང་སྡུག་བསྔལ་ཐམས་ཅད་ཞི་བ་ནས་མའགོ་བཟུང་སྟེ་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་གཞི་རྟེན་ཡང་འདི་ཡིན། དེ་ཡིས་ལམ་གྱི་གཞི་རྟེན་སྐྱབས་འགྲོ་ཞེས་འདི་གནད་ཆེ་བའི་སྟབས་ཀྱིས་ཁྱིམ་པ་ཕོ་མོ་ཚོའི་ཚོད་དང་བསྟུན་ནས་ཞིབ་བཤད་བྱས་པའི་ཚུལ་ཡིན།

ག སྦྱོར་བ་ཚད་མེད་བཞིས་བློ་སྦྱང་བ།

རྩ་བའི་ཚིག་ལ་བརྩེ་ཆེན་སྙིང་རྗེས་ཞེས་གསུངས་པས་སྙིང་རྗེས་དྲངས་པའི་བྱང་སེམས་བཤད་པའི་སྔོན་དུ་གང་གིས་དྲངས་པའི་སྙིང་རྗེ་སོགས་ཚད་མེད་བཞི་བོ་དེ་མ་བཤད་ཐབས་མེད་ཡིན་ལ། དེས་ན་འདིའི་ས་བཅད་གསུམ་པ་དེ་སྦྱོར་བ་ཚད་མེད་བཞི་བཤད་པ་ཡིན། དེ་ཡིན་ན་འདི་བགྲང་བའི་གོ་རིམ་ལ་བྱམས་དང་། སྙིང་རྗེ། དགའ་བ། བཏང་སྙོམས་བཞི་རུ་རྩི་བ་ཡིན་ལ། འདི་དཔེ་དང་སྦྲེལ་ནས་བཤད་ན། བྱམས་པའི་ས་གཞི་ལ། སྙིང་རྗེའི་མེ་ཏོག་བཀྲམ་པ་དེ་ཉིད། དགའ་བའི་གྲིབ་བསིལ་དང་། བཏང་སྙོམས་ཀྱི་ཆུ་གཙང་གིས་བརྒྱན་པའི་སྐྱེད་མོས་ཚལ་ཞིག་གིས་སྲིད་པའི་མགྲོན་པོའི་ངལ་དུབ་སེལ་ནས་དབུགས་དབྱུང་བྱེད་པའི་དོན་ལ་སྦྱར་ནས་གསུངས་ས་ཡོད། བྱམས་པ་ཡིན་ཚད་བྱམས་པ་ཚད་མེད་དང་། སྙིང་རྗེ་ཡིན་ཚད་སྙིང་རྗེ་ཚད་མེད། དེ་བཞིན་དུ་དགའ་བ། བཏང་སྙོམས་ཡིན་ཚད་པོ་དགའ་བ། བཏང་སྙོམས་ཚད་མེད་ཡིན་པའི་ངེས་པ་མེད་ལ། བརྩེ་ཆེན་ཞེས་པ་འདི་ལ་ཆེན་ཞེས་པའི་སྒྲ་ཞིག་ཆུང་ཆུང་མ་ཡིན་པར་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུམ་བར་མའི་ནང་དུ་རབ་འབྱོར་ཞེས་བོས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱམས་པ་ཆེན་པོ། སྙིང་རྗེ་ཆེན་པོ། དགའ་བ་ཆེན་པོ། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་གསུངས་ཡོད་ལ། འོ་ན་ཆེན་པོ་མ་ཡིན་པའི་བྱམས་སོགས་བཞི་བོ་བསྐྱེད་ན་ཅི་ཞིག་ཡིན་ཞེ་ན། ཕན་ཡོན་ཡོད་ཀྱང་སྲིད་པ་མངོན་པར་འདུ་བྱེད་པ་དང་བཅས་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟ་བུ་དེ་ཉིད་ལ་ཚངས་པའི་གནས་པ་བཞི་ཞེས་གསུངས་པ་ཡིན། ཚད་མེད་ཀྱི་མིང་དོན་གཉིས་ཀ་མེད་ལ། ཚད་མེད་བཞི་ཡིན་པ་དེ་ཅི་འདྲ་ཞིག་ཡིན་ཟེར་ན། ཚད་མེད་བཞི་འདི་དམིགས་པ་དང་རྣམ་པ་གཉིས་ཀྱི་སྟེང་ནས་བཤད་དགོས་ཤིང་། དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་བློའི་རྣམ་པ་དམིགས་བཅས་ཀྱི་ཚད་མེད་བཞི་དང་། དམིགས་པ་མེད་པ་ཆོས་ཉིད་དེ་བཞིན་ཉིད་ལ་དམིགས་ཏེ་བློའི་རྣམ་པ་དམིགས་མེད་ཀྱི་ཚད་མེད་བཞི་བཤད་པ་དེ་ལྟ་བུ་ཞིག་ཡིན་ལ། གོང་ནས་བཤད་པའི་ཚངས་པའི་གནས་པ་བཞི་བོ་དམིགས་རྣམ་མ་དག་པའི་ཆ་ནས་ཚངས་པའི་ལྷ་གནས་སུ་སྐྱེ་བ་ལེན་པའི་རྒྱུ་ཙམ་ལས་འགྱུར་མ་ཐུབ་པ་ཡིན་ཞིང་། སེམས་ཀྱི་ཀུན་སློང་བཟང་ངན་དང་། དམིགས་པ་དག་མ་དག་གིས་དགེ་རྩ་ཆེ་ཆུང་དེ་ལྟར་དུ་ཁྱད་པར་ཆེན་པོ་འབྱུང་བ་དེ་ཉིད་འདི་ལ་མིན་ཡང་ཐམས་ཅད་ལ་གཅིག་མཚུངས་སུ་གོ་བ་ལེན་རྒྱུ་དེ་ཉིད་ཡིན། འདི་ལ་ཞིབ་ཏུ་དབྱེ་བ་ཕྱེས་ཏེ་རྒྱས་པར་སྤྲོས་ནས་བཤད་ན། དམིགས་པ་ཚད་མེད། ཚོགས་ཚད་མེད། ཆོས་ཚད་མེད། ཡེ་ཤེས་ཚད་མེད་བཞི་བོ་ཚང་དགོས་པའི་བཤད་པ་ཡོད་ཀྱང་བསྡུས་ན་རྣམ་མཁྱེན་རྫོགས་བྱང་རྒྱུ་འབྲས་དང་འབྲེལ་བའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་སོགས་བཞི་བོ་དེ་ཚད་མེད་བཞི་ཡིན་པ་དེ་ཤེས་དགོས། དེ་རེ་རེ་བཞིན་དུ་དམིགས་པ། རྣམ་པ། ངོ་བོ་གསུམ་གྱི་སྟེང་ནས་བཤད་ན། བྱམས་པའི་དམིགས་ཡུལ་དེ་སེམས་ཅན་བདེ་བ་དང་མི་ལྡན་པ་ཞིག་ལ་དམིགས་ཏེ་རྣམ་པ་དང་ངོ་བོ་དེ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ་དང་། སྙིང་རྗེས་སེམས་ཅན་སྡུག་བསྔལ་བ་ཉམ་ཐག་པ་ཞིག་ལ་དམིགས་ཏེ་རྣམ་པ་དང་ངོ་བོ་དེ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་། དགའ་བས་སེམས་ཅན་རང་གི་བདེ་བས་སྐྱིད་ཅིང་འབྱོར་བ་ཞིག་ལ་དམིགས་ཏེ་རྣམ་པ་དང་ངོ་བོ་དེ་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མ་འབྲལ་ན་སྙམ་པ། བཏང་སྙོམས་ཀྱིས་ཉེ་རིང་ཆགས་སྡང་ཅན་གྱི་འགྲོ་བ་ཞིག་ལ་དམིགས་ཏེ་རྣམ་པ་དང་ངོ་བོ་དེ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་ན་སྙམ་པ་ཡིན། འདི་བཞི་བོ་སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པ་གསུམ་རེས་དབྱེ་བ་ཕྱེས་ན། སེམས་ཅན་ལ་དམིགས་པ་ཞེས་པ་དེ་བདེ་སྡུག་བར་མའི་ཡུལ་གསུམ་ལ་དམིགས་རྒྱུ་དེ་ཉིད་དང་། ཆོས་ལ་དམིགས་པ་ཞེས་པ་ཚད་མེད་བཞི་བསྟན་པ་དེ་ཉིད་སློབ་དཔོན་གྱི་ངག་ལས་ཐོས་པའམ་བསྟན་བཅོས་ལས་མཐོང་བ། དམིགས་པ་མེད་པའམ་ཆོས་ཉིད་ལ་དམིགས་པ་དེ་དག་གི་རང་བཞིན་མ་སྐྱེས་པར་རྟོགས་པ་དེ་ཉིད་ཡིན། འདིར་བདག་མེད་མ་རྟོགས་པ་དང་། ཕྱེད་དང་གཉིས་རྟོགས། གཉིས་ཀ་རྟོགས་པའི་རྒྱུད་དང་འབྲེལ་བའི་བཤད་ཚུལ་ཡོད་ལ། ཚད་མེད་བཞི་རྒྱུད་ལ་བསྐྱེད་པ་དེ་ཉིད་གོང་གི་སེམས་ཅན་དང་། ཆོས་དང་། དམིགས་མེད་གསུམ་ལ་བརྟེན་ནས་སྐྱེ་བ་དང་། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་དང་། །ལོག་པར་མངོན་པར་ཞེན་ལ་སྙིང་བརྩེ་བའོ། །ཞེས་གསུངས་པ་ལྟར་དུ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་དྲུག་མཐོང་བ་ལས་སྐྱེ་ཞིང་། ཡང་དེ་མ་ཡིན་པར། རབ་འབར་དགྲ་ཡི་དབང་དུ་སོང་། །སྡུག་བསྔལ་གྱིས་ནོན་མུན་པས་བསྒྲིབས། །བགྲོད་དཀའི་ལམ་ལ་ཀུན་ཏུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་བརྩེ་བའོ། །ཞེས་གསུངས་པ་ལྟར་དུ་ཡུལ་བཅུ་ལས་སྐྱེ་བ་ཡང་བཤད་ཡོད། གང་ལྟར་བཤད་ཀྱང་མདོར་ན་སེམས་སེམས་བྱུང་ཞིག་ཡིན་ཚེ་རྐྱེན་བཞི་ཡིས་བསྐྱེད་ལ། དེ་ཅི་ཡི་ཕྱིར་ཞེ་ན། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །ཞེས་གསུངས་ཏེ་རྐྱེན་བཞིས་སེམས་དང་སེམས་བྱུང་བསྐྱེད་པར་བསྟན་ཡོད། གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །ཞེས་དམིགས་རྐྱེན་མ་གཏོགས་པའི་གསུམ་པོས་སྙོམས་འཇུག་གཉིས་ཀ་བསྐྱེད་པ་དང་། གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་གསུངས་པའི་གཞན་གྱིས་གང་བསྟན་ཟེར་ན། བེམ་པོ་ཐམས་ཅད་དེ། རྒྱུ་རྐྱེན་བདག་རྐྱེན་གཉིས་ཀ་ལས་སྐྱེ་བ་དེ་སྤྱིར་བཏང་གི་བཤད་པ་ཡིན། འདིའི་སྐབས་སུ་རང་བཞིན་གནས་རིགས་སམ་ཁམས་དེ་རྒྱུའི་རྐྱེན་ཡིན་ལ། ཚད་མེད་བཞི་སྟོན་པའི་སློབ་དཔོན་དེ་བདག་པོའི་རྐྱེན། ཚད་མེད་བཞི་དེ་སྒོམ་པའི་རང་རང་གི་ཡུལ་མངོན་དུ་གྱུར་པ་དེ་དམིགས་པའི་རྐྱེན། ཚད་མེད་བཞི་གང་ཡིན། སུ་ལ། ཇི་ལྟར་སྒོམ་ཚུལ། ཕན་ཡོན། ཉེས་དམིགས་དང་བཅས་པ་སྔ་མ་ལས་ཕྱི་མ་རྟོགས་ཏེ་གོམས་པར་བྱེད་པ་དེ་མ་ཐག་རྐྱེན་ཡིན། འདི་ཚོ་གོ་མ་མྱོང་དུས་ཆོས་སྐད་ལྟ་བུ་གོ་མ་བདེ་བ་ལྟར་དུ་ཡོད་ན་མི་ཤེས་ཀྱང་རིམ་གྱིས་རིམ་གྱིས་གོ་རྒྱུ་ལ་བྱང་དགོས་པ་ཡིན་པས་མ་བཤད་ཐབས་མེད་ལ་ཐུག་ཅིང་། མ་བཤད་ན་ཆ་ཚང་ཞིག་བཤད་མི་ཐུབ། འདི་ཚོ་གཅིག་ཉན་ནས་བསྐྱུར་གཏོང་རྒྱུ་ཞིག་མ་ཡིན། མ་གཞིར་ཆོས་ཉན་རྒྱུ་དེ་དོན་བསམ་པའི་ཆེད་ཡིན་ལ། དོན་བསམ་པ་དེ་རྒྱུད་ལ་སྦྱར་བའི་ཆེད་ཡིན་པས་ཁྱིམ་པ་ཕོ་མོ་རྣམས་ཀྱིས་དུས་རྒྱུན་སྒོམ་རྒྱག་དགོས་ཤིང་སྒོམ་རྒྱོབ། སྔོན་འགྲོའི་ངག་འདོན་གྱི་རྩ་བ་དང་། ཀུན་བཟང་ཞལ་ལུང་སྟེ་ཀུན་བཟང་ཞལ་ལུང་ནི་སྔོན་འགྲོའི་ངག་འདོན་རྩ་བ་དེའི་རྒྱབ་ཆོས་སམ་འགྲེལ་བ་སྟེ། ཐུན་མོང་ཕྱི་ཡི་སྔོན་འགྲོ་ནས་རེ་རེ་བཞིན་དུ་སྒོམ་དགོས་ཤིང་། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་ཞེས་གོ་བ་ཙམ་གྱིས་མི་ཆོག་པ་དང་། ཡང་བཤད་ཤེས་པ་ཙམ་གྱིས་མི་ཆོག་པར་དེ་སྒོམ་དགོས་པ་དང། དེ་རང་གི་ལུས་ཐོག་ཏུ་མྱོང་བཞིན་ཡིན་པར་བསམ་དགོས། དེ་ལྟར་དུ་སྒོམ་དགོས་ལ། ཚད་མེད་བཞི་འདི་ཚོ་སྒོམ་ཚུལ་ཀུན་བཟང་ཞལ་ལུང་ལ་ཞིབ་ལྟ་ཞིག་གྱིས་དང་མན་ངག་གི་ལུགས་ཀྱིས་ཅི་འདྲའི་ཞལ་གསལ་བོར་བྱས་ནས་གསུངས་འདུག ཁྱིམ་པ་ཕོ་མོ་རྣམས་འཇིག་རྟེན་གྱི་བྱ་བས་ལས་བྲེལ་ཆེ་ཞིང་། འདུག་ནས་སྐྱིལ་ཀྲུང་བཅས་ཏེ་སྒོམ་པའི་དུས་ཚོད་ཐུང་ནའང་སྒོམ་ཞེ་ནས་མ་བོར་ན་སྤྱོད་ལམ་ཐམས་ཅད་སྒོམ་གྱི་དུས་ཚོད་དང་། སྣང་བ་ཐམས་ཅད་སྒོམ་གྱི་ལམ་ཁྱེར་བྱེད་ཆོག སྡུག་བསྔལ་ཐམས་ཅད་དང་བྲལ་བའི་གཏན་བདེ་དམ་པ་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ཞིང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་ན་མ་བསྒོམས་ནས་སངས་རྒྱས་ཐོབ་རྒྱུ་མེད། ཁྱིམ་པ་ཕོ་མོས་ཀྱང་གཏན་བདེ་རྫོགས་པའི་བྱང་ཆུབ་ལ་དོན་གཉེར་བྱེད་བཞིན་ཡོད་ལ། དེ་ལྟར་ན་སྒོམ་རྒྱག་རྒྱུ་རབ་བྱུང་རྐྱང་པས་ལས་ཀ་ཞིག་མ་ཡིན། ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་དེ་རགས་པ་མི་ཚེའི་དུས་ཚོད་དང་སྦྱར་ལོས་ཆོག་ཀྱང་ཕྲ་བ་ཆོས་ཐུན་རེ་དང་ཚིག་རེའི་གོ་དོན་དེ་སྔ་ཕྱི་དྲོ་སྐད་ཅིག་སྐར་མའི་དུས་དང་སྦྱར་ཆོག སྦྱར་ཆོག་པས་མ་ཚད་སྦྱར་དགོས་ཤིང་། དེའི་ཕྱིར་ན་ཚད་མེད་བཞི་འདི་བགྲང་བའི་སྐབས་སུ་བྱམས་པ་ནས་བགྲངས་ཀྱང་མན་ངག་གི་ལུགས་སྒོམ་པའི་སྐབས་སུ་བཏང་སྙོམས་ནས་འགོ་བཟུང་སྟེ་སྒོམ་པ་དེ་ཉིད་ཕྱག་ལེན་ཡིན། ཚད་མེད་བཞི་རེ་རེ་བཞིན་དུ་ཇི་ལྟར་བསྒོམ་སྔར་ཀུན་བཟང་བླ་མའི་ཞལ་ལུང་བཤད་པའི་སྐབས་ཀྱི་སྒྲ་འཁོར་དང་། དེ་མིན་ཀྱང་ངག་འདོན་འགྲེལ་བའི་སྒྲ་ཐག་དང་ཟེར་སྡེར་ཡོད་ས་ཡོད། དེ་ཚོ་ཉོན། སྔོན་འགྲོའི་ཁྲིད་ཡིག་ཀྱང་ཐེངས་གཅིག་མིན་པར་ཡང་ཡང་བལྟས་ཏེ་རང་གི་ཉམས་ལ་སྦྱར་ཞོར་གྱིས་དང་ཤེས་ཡོང་རྒྱུ་ཡོད། ཀུན་བཟང་བླ་མའི་ཞལ་ལུང་དེ་བརྒྱ་ཚར་ཆ་རེ་ལྟོས་དང་ཚར་རེ་བལྟས་པའི་ཡོང་སྒོ་དེ་ཉིད་རང་ལ་ཐོབ་རྒྱུ་ཡོད་ཅེས་སྔར་ཡང་ལན་མང་བཤད་ལ། ཀུན་བཟང་ཞལ་ལུང་ཚར་མང་པོ་བལྟ་རྒྱུ་ཁས་ལེན་བྱེད་མཁན་མི་ཉུང་བ་ཞིག་ཡོད་མྱོང་ཞིང་། ད་དུང་དེ་བཞིན་རེད། སྤྱིར་ན་དགེ་སྒྲུབ་སྡིག་སྤང་གི་ཁས་ལེན་བྱེད་རྒྱུ་དེ་ཉིད་བླ་མའི་དོན་དག་ཅི་ཡང་མ་ཡིན་ལ། རང་ཉིད་ཀྱི་དོན་ཡིན། དེས་ན་ཆོས་དང་རང་རྒྱུད་འབྲེལ་བའི་ཐབས་ལ་བརྩོན་པ་དེ་དགེ་སྦྱོར་ཐམས་ཅད་ཀྱི་མཆོག་ཡིན་པས་ཁས་ལེན་བྱེད་རྒྱུ་ཡང་དེས་ན་གལ་ཆེ།

ང དངོས་གཞི་བྱང་ཆུབ་ཀྱི་སེམས་ཇི་ལྟར་རྒྱུད་ལ་བསྐྱེད་པའི་ཚུལ།

ད་ནི་བཞི་བ་གང་གོམས་པར་བྱ་བ་དངོས་གཞི་བྱང་ཆུབ་ཀྱི་སེམས་ལ་ཐུག་པ་སྟེ། འདི་ལ་ཀུན་མཁྱེན་ཆོས་རྗེས། དེ་ལྟར་ཚད་མེད་ལེགས་པར་གོམས་པ་ཡིས། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་གཉིས་བསྒོམ། །ཞེས་གསུངས་ཏེ། སྦྱོར་བ་སྙིང་རྗེས་གཙོས་པའི་ཚད་མེད་རྣམ་བཞིས་དྲངས་པའི་བྱང་ཆུབ་ཀྱི་སེམས་དེ་ལ་ཆོས་ཀུན་རྩ་བ་ཞེས་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བ། ཐར་བའི་ལམ་ཐམས་ཅད་ཀྱི་སྙིང་པོ། སེམས་ཅན་སྡུག་བསྔལ་ཅན་ཐམས་ཅད་ཀྱི་འདྲེན་པ། མྱུར་དུ་རྣམ་མཁྱེན་བླ་མེད་ཀྱི་ཡིད་དུ་འོང་ཞིང་ཉམས་དགའ་བའི་གནས་སུ་སྐྱེལ་བའི་རྟ་མཆོག་བཟང་པོ་ལྟ་བུ། བྱང་ཆུབ་ཀྱི་སེམས་འདི་ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པའི་ཆོས་གཅིག་པུ་ཁོ་ན་ཡིན་པའི་ཕྱིར་ན་མྱུར་དུ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འདོད་མཁན་ཞིག་ཡིན་ནས་བཟུང་སྟེ་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕན་ཡོན་ཤིན་ཏུ་མང་པོ་གསུངས་ཡོད་ཀྱང་གཙོ་བོའི་ཆ་ནས་བཤད་ན། སྲིད་པ་འཁོར་བའི་སྡུག་བསྔལ་དེ་རྒྱ་མཚོ་ཆེན་པོ་ལྟ་བུ་ཞིག་ཡིན་ན་དེ་ལས་སྒྲོལ་ཏེ་ཐར་བར་བྱེད་པའི་གྲུ་བོ་ཆེ་ལྟ་བུ་དང་། སྡིག་ཆེན་བསགས་པའི་བསམ་སྤྱོད་ངན་པ་སྣ་ཚོགས་དེ་དགྲ་ལྟ་བུ་ཞིག་ཡིན་ན་བྱང་ཆུབ་ཀྱི་སེམས་དེ་དགྲ་དེའི་སྔོན་ནས་སྐྲག་མི་དགོས་པའི་སྐྱེལ་མ་དཔའ་བོ་ལྟ་བུ་ཞིག་ཡིན། སྡུག་བསྔལ་གྱི་ནད་ལ་བདུད་རྩིའི་སྨན་མཆོག ལས་ཉོན་གྱི་བུད་ཤིང་སྲེག་པའི་མེ་དཔུང་། དགེ་བའི་འབྲས་བུ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལ་མི་ཟད་པའི་གཏེར་ལྟ་བུ་དང་འབྲས་ལྡན་གྱི་ལྗོན་ཤིང་བཟང་པོ་ལྟ་བུ་ཡིན་ཞེས་དེ་ལྟར་གསུངས་ཡོད། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་གཅིག་སྐྱེས་སོང་ན་དམན་པ་ཡིན་ཡང་མཆོག་ཏུ་གྱུར་འགྲོ་ཞིང་། འུ་ཚོ་སོ་སོ་སྐྱེ་བོ་ཡིན་ཡང་བྱང་ཆུབ་ཀྱི་སེམས་དེ་སྐྱེས་ན་ངན་སོང་ལས་ཐར་ནས་དམ་པ་ཐོབ་པས་མི་ཚད་པར་ཕྱག་བྱ་བའི་འོས་སུ་འགྱུར་བ་ཉིད་དེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བཅིངས་པའི་མ་རྣམས་ཀྱང་། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་དང་། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་སྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས། །ཞེས་གསུངས་པ་ལྟར་ཡིན་པས་ན་བྱང་ཆུབ་ཀྱི་སེམས་དེ་རྒྱུད་ལ་སྐྱེ་ཐབས་བྱེད་རྒྱུ་དེ་ཉིད་བྱ་བ་ཐམས་ཅད་ཀྱི་མཆོག ལམ་ཐམས་ཅད་ཀྱི་རྩ་བ། གོང་ནས་བཤད་མ་ཐག་པ་ལྟར་ངན་སོང་དུ་མི་སྐྱེ་བའི་ཐབས། སྡིག་པ་འདག་ཐབས། ཚོགས་གཉིས་རྫོགས་ཐབས་བཅས་ཡིན་ལ། མདོར་ན་གང་བསམ་ཅི་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་བསམ་དོན་ཐམས་ཅད་འགྲུབ་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ཞིང་། འདི་རྒྱུད་ལ་གཅིག་སྐྱེ་ཐུབ་ན་ཐར་བའི་མཆོག་ཡང་དག་པའི་སར་རང་གཞན་གཉིས་ཀ་ཕན་ཐོགས་ཅན་གྱི་ལམ་སྣེ་ཟིན་སོང་བ་ཡིན། ལམ་སྣེ་ཟིན་ཚར་དུས་ཐར་ལམ་དུ་འགྲོ་བཞིན་པ་ལས་འགོར་ཡུན་རིང་ཐུང་ལ་མ་ལྟོས་པར་ཐོན་ས་ནོར་འགྲོ་བསམ་མི་དགོས་ཤིང་། ཡུན་རིང་ཐུང་ལ་མ་ལྟོས་པར་ཐོན་ས་རྫོགས་པའི་བྱང་ཆུབ་ཡིན་པས་འབད་པ་འདིའི་ཕྱོགས་ལ་བྱེད་རྒྱུ་དེ་དམ་ཆོས་སྒྲུབ་པའི་སྒོས་དོན་གྱི་རྩ་བ་ངོ་མ་དེ་ཉིད་ཡིན། དེ་ལྟ་བུའི་སེམས་བསྐྱེད་ཀྱི་ངོ་བོ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གཞན་དོན་དུ་སངས་རྒྱས་འདོད་པ་སྟེ་མངོན་རྟོགས་རྒྱན་གྱི་ལུང་ཚེ་གཅིག་ལ་དྲང་འདུག་རྒྱུ་ཁ་བྱང་གྱུར་ཡོད་པ་ཐོས་བསམ་པ་ཚང་མ་ལ་དེ་བཤད་མ་ཐག་ཏུ་ཞེ་ལ་ཡོད་པ་དེ་ཉིད་དེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་དེ་ཉིད་ཡིན། དེ་ལ་དབྱེ་བ་བྱས་ན་སྨོན་འཇུག་གཉིས་ཏེ། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་དང་། དེ་ཇི་ལྟར་དབྱེ་བ་ཡིན་ཞེ་ན། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་ལ། ད་ཞག་ནས་ཀྱང་བཤད་ལ། འདི་ལ་དགོངས་པ་ལེན་ཚུལ་ལ་དབྱེ་བ་ཡོད་ཅིང་། རང་ལུགས་ཀློང་ཆེན་པ་བརྒྱུད་པ་དང་བཅས་པས་སྨོན་འཇུག་གཉིས་ཀ་དེ་བསམ་པས་སྨོན་དང་སྦྱོར་བས་ཁྱབ་པ་འགྲོ་བར་འདོད་དང་འགྲོ་བཞིན་པ་ལྟ་བུ་ཡིན། འདིའི་དབྱེ་བ་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་སུ་དབྱེ་བའི་སྐབས་ལ་སོ་སོ་སྐྱེ་བོ་དང་འཕགས་པའི་སེམས་བསྐྱེད་དམ་ཕྱི་རོལ་སེམས་ཅན་ལ་དམིགས་པ་དང་ནང་སེམས་ཉིད་ལ་དམིགས་པའི་ཆ་ནས་ཕྱེ་རྒྱུ་ཅན་དང་། ཚུལ་ཁྲིམས་གསུམ་མམ་བསླབ་གསུམ་ལ་ལྟོས་ནས་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དང་གསུམ་དུ་དབྱེ་ཆོག ཡང་བཞིར་དབྱེ་བ་ཕྱེས་ན། ཚོགས་སྦྱོར་གཉིས་སུ་མོས་པས་སྤྱོད་པའི་སེམས་བསྐྱེད། མ་དག་ས་བདུན་ན་ལྷག་བསམ་དག་པའི་སེམས་བསྐྱེད། དག་པ་ས་གསུམ་ན་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞི་རུ་དབྱེ་ཆོག ཡང་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་ཡི་སེམས་བསྐྱེད་ལྔ་རུ་ཡང་བཞག་ཆོག ཕར་ཕྱིན་དྲུག་ལ་ལྟོས་ཏེ་དྲུག་ཏུ་བཞག་ཆོག ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི་ཕར་ཕྱིན་དྲུག་གི་སྟེང་དུ་བསྣན་ནས་ཕར་ཕྱིན་བཅུར་བྱས་ཏེ་དེ་བཅུ་ལ་ལྟོས་ནས་ཕར་ཕྱིན་བཅུར་འགྱུར་ཞིང་། དེ་ལས་གཞན་དུ་ས་མཚམས་ཀྱི་དབྱེ་བས་ཉི་ཤུ་རྩ་གཉིས་ཏེ། མངོན་རྟོགས་རྒྱན་གྱི་ནང་དུ་དཔེ་གྲོགས་ཆོས་གསུམ་དང་སྦྱར་ཏེ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་དགོངས་དོན་ལྟར་དུ་བསྟན་པ་དེ་ཉིད་སྡེ་སྣོད་འཛིན་པ་ཚང་མས་མཁྱེན་བཞིན་པ་ལྟར་དུ་ཡིན། འདི་དག་རེ་རེ་བཞིན་དུ་སྨོན་པ་བྱང་ཆུབ་དོན་གཉེར་གྱི་ཆ་ཞིག་དང་། འཇུག་པ་སྦྱོར་བ་ལག་ལེན་ལ་འདེབས་པའི་ཆ་ཞིག་སྟེ་ཆ་གཉིས་རེ་ཚང་དགོས་པའི་ཕྱིར་ན་རང་ལུགས་ལ་སྨོན་འཇུག་གཉིས་གཉིས་ཡོད་པར་འདོད། སེམས་བསྐྱེད་ཀྱི་རྟེན་ལ་ལུས་ཀྱི་རྟེན་དེ་ལ་ལྷ། ཀླུ། ལྷ་མ་ཡིན་དང་། མིའི་འགྲོ་བ་ལ་སོགས་པ་ཡོད་ལ། བསམ་པའི་རྟེན་དེ་ལ་དད་སོགས་ཁྱད་པར་ཅན་བློ་ཡོད་པ། གནས་པའི་རྟེན་དེ་ལ་གང་ལ་སྐྱེས་པ་དེའི་རྟེན་དེར་ཉམས་པའི་རྒྱུ་མ་བྱུང་གི་བར་དུ་གནས་པ་དེ་ལྟ་བུ་ཞིག་ཡིན། སེམས་བསྐྱེད་ཀྱི་རྒྱུ་དེ་གང་ཡིན་ཞེ་ན། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ལ་སོགས་པས་བསྟན་དོན་ལྟར་གྱི་སངས་རྒྱས་ལ་དམིགས་པའི་དད་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཐོས་པ་གསུམ་ལས་སྐྱེ་བར་གསུངས་ཡོད། སྨོན་འཇུག་བྱང་ཆུབ་ཀྱི་སེམས་གཉིས་ཞེས་པའམ། སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཞེས་པའམ། བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་གང་བཤད་ཀྱང་དཔེ་རིན་པོ་ཆེ་གཅིག་ལ་རིམས་ནད་སེལ་བ་དང་། དགོས་འདོད་འབྱུང་བ། མུན་པ་སེལ་བ་སོགས་ཀྱི་ལྡོག་པའི་ཆ་ནས་ཐ་དད་ཕྱེས་ཀྱང་ངོ་བོ་གཅིག་ལས་མ་འདས་པ་ལྟར་ཏེ། ངོ་བོའི་ཆ་ནས་བཤད་ན་གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་ལས་མ་འདས་པ་ཡིན། དེ་གཉིས་ཀའི་སོ་སོའི་རང་བཞིན་བཤད་སྐབས་ཀུན་མཁྱེན་ཀློང་ཆེན་པས། སྨོན་པ་ཚད་མེད་བཞི་ཡི་ངོ་བོ་ལ། །འཇུག་པ་ཕ་རོལ་ཕྱིན་པ་དྲུག་ཏུ་འདོད། །ཅེས་གསུངས་ལ། སྨོན་སེམས་སྐད་ཅིག་མ་ཞིག་སྐྱེས་པའི་ཕན་ཡོན་ལ་གང་ཟག་གཅིག་གིས་ཕྱོགས་བཅུ་དུས་གསུམ་དུ་བྱོན་བཞུགས་འབྱོན་འགྱུར་གྱི་སངས་རྒྱས་མཐའ་ཡས་ཚད་མེད་པ་ལ། དུས་བསྐལ་བ་བྱེ་བ་མང་པོའི་བར་དུ། མཆོད་པ་སྣ་ཚོགས་པ་ཟད་པ་མེད་པར་ཕུལ་བ་བས་བསོད་ནམས་དེ་ཆེ་ཞེས་གསུངས། འདིའི་ཐད་དུ་མཛའ་བོའི་བུ་མོའི་གཏམ་རྒྱུད་ཅེས་པ་ཞིག་ཡོད་པས་དེ་དང་སྦྱར་ན་ཆོག གནའ་སྔོན་མ་རྒྱ་གར་ཞིག་ན་ཚོང་པ་ཕྱུག་པོ་ཚང་ཞིག་ཡོད་ཅིང་། ཚོང་པ་ཕྱུག་པོ་ཚང་ལ་བུ་ཞིག་ཡོད། བུ་དེའི་མིང་ལ་མཛའ་བོའི་བུ་མོ་ཞེས་མོ་མིང་བཏགས་ཡོད་ལ། དེ་ལྟར་བུ་མོ་མིང་བཏགས་ཡོད་པའི་མཛའ་བོའི་བུ་མོ་ཞེས་པ་ཚོང་དཔོན་གྱི་བུ་ཞིག་ཡོད་པ་དེའི་ཕ་དེ་རྒྱ་མཚོའི་ནང་དུ་ནོར་བུ་ལེན་དུ་སོང་བ་ན་མགོ་མ་ཐོན་ཏེ་མ་བུ་གཉིས་ཀ་ཁེར་བུར་ལྷག་ནས་ཁྱིམ་ཚང་གི་འབྱོར་བ་མར་ཉམས་སོང་བ་ཡིན། དེ་ཉམས་ནས་སྐབས་ཤིག་ལ་བུ་ཅུང་ཟད་ཅིག་ནར་སོན་ཏེ་ཚོང་ཕྲན་བུ་ཕྲན་བུ་རེ་བརྒྱབ་ཅིང་། དང་པོར་ཚོང་བརྒྱབ་ནས་ཀརྵ་པ་ནི་སྟེ་དེ་དུས་ཀྱི་རྒྱ་གར་གྱི་སྒོར་མོ་ཡིན་པ་དང་དེ་བཞི་ལོན་པ་ཡིན། བར་ཞིག་ཡར་ཡར་ཁོ་རང་ལ་ཚོང་གི་ཉམས་མྱོང་ཕོག་སྟེ་བརྒྱད་ལོན། དེ་ནས་བཅུ་དྲུག་ལོན། དེ་ནས་སུམ་ཅུ་སོ་གཉིས་ལོན། ཚོང་གི་ཁེ་སྐྱེད་དེ་ཉིད་ཇེ་དགའ་ཇེ་དགར་གྱུར་ནས་ཚོང་བྱས་ལ། དེ་ནས་ལས་རིགས་བརྗེས་ཏེ་རིམ་པ་བཞིན་དུ་དེ་ལྟར་བྱས་ནས་ཡོང་སྒོ་ཡོད་སོང་བ་ཡིན། བུ་ཡ་རབས་མི་བཟང་ཞིག་ཡིན་པས་ཐམས་ཅད་ལོན་ཚད་ཨ་མ་རྒན་མོའི་ལག་ཏུ་བཞག་ཅིང་། ཉིན་ཞིག་མི་གཞན་ཞིག་གིས་ཁྱོད་ཀྱི་ཕ་ཡི་ལས་ཀ་འདི་དག་མ་ཡིན་ཞེས་སྨྲས་པ་དང་། རྒྱ་གར་ནས་ཕ་ཡི་རིགས་དེ་གང་ཡིན་དང་དེའི་ལས་དེ་གང་ཡིན་ན་དེ་བྱེད་དགོས་ལ། རིགས་འཆོལ་བའི་ལས་བྱེད་མི་དར་བ་ཡིན། ཁྱོད་རྒྱ་མཚོའི་ནང་དུ་ནོར་བུ་ལེན་དུ་འགྲོ་བའི་རིགས་ཡིན་པས་འདིའི་ལས་ཀ་འདི་དག་ཁྱོད་ཀྱིི་རིགས་ཀྱི་ལས་མ་ཡིན་པ་དང་རིགས་འཆོལ་བའི་ལས་མ་བྱེད་ཅེས་སྨྲས་པ་ལ། ཞི་ལུ་བརྒྱུགས་ཡོང་ནས་མ་ལ་ཁོ་ཡིན་ན་མིན་ན་རྒྱ་མཚོའི་གླིིང་དུ་ནོར་བུ་ལེན་དུ་འགྲོ་དགོས་འདུག ཁྱོད་ཀྱིས་ང་ལ་རིགས་ཀྱི་ལས་ཀ་གསང་འདུག ཡང་དག་པར་སྨྲས་མི་འདུག ང་རང་ཕ་ལྟར་དུ་ནོར་བུ་ལེན་དུ་འགྲོ་དགོས་ཞེས་སྨྲས་སྐབས། མ་ཡིས་ཁྱོད་ཀྱི་ཕ་རྒྱ་མཚོའི་ནོར་བུ་ལེན་དུ་འགྲོ་ས་ནས་མགོ་མ་ཐོན་ལ། ཁྱོད་ཀྱང་འགྲོ་མི་ཉན། ངས་ཁྱོད་ལ་རྒྱུ་མཚན་དེས་མ་བཤད་དེ་གསང་བ་ཡིན། གསང་བའི་རྒྱུ་མཚན་དེ་ཁྱོད་ཀྱི་ཚེ་མགོ་སྲོག་མགོ་ཐོན་པའི་ཆེད་དུ་ཡིན་ཞེས་སྨྲས་པ་དང་། ཞི་ལུ་ཁར་མ་ཉན་ནས་འགྲོ་གྲབས་ཀྱི་གྲ་སྒྲིག་ཆ་ཚང་བྱས་ཤིང་། འགྲོ་རན་ཁ་ངོ་མ་དེ་ཉིད་ལ་མ་ཡིས་ཁྱོད་གཏན་ནས་མངག་རྒྱུ་མིན་ཞེས་གོས་ཀྱི་སྣེ་མོ་ནས་བཟུང་ཞིང་འཐམས་ཏེ་མ་མངགས་པ་ལ། བུ་ཁོང་ཁྲོ་ལངས་ཏེ་མའི་མགོ་ལ་རྡོག་ཐོ་ཞིག་བརྒྱབ་པ་དང་ལྷན་དུ་གསིག་འཐེན་བྱས་ནས་རྒྱ་མཚོའི་གླིང་དུ་ནོར་བུ་ལེན་དུ་ཤོར་སོང་བ་ཡིན། བར་སྐབས་ཤིག་ལ་རྒྱ་མཚོའི་གླིང་ནས་ཚོང་པ་ཕལ་བ་མང་པོ་མི་ཐོན་ས་དང་མི་འགྲོ་ས་ནས་ཁོ་བོས་ནོར་བུ་རིན་པོ་ཆེ་ངོ་མ་བསམ་དོན་འགྲུབ་པའི་ནོར་བུ་དེ་ཉིད་ལོན་དགོས་སྙམ་སྟེ་སོང་སོང་བའི་སྐབས་ཤིག་ལ་སྔར་ཁོ་རང་གིས་ཚོང་བརྒྱབ་ནས་ཀརྵ་པ་ན་སྟེ་སྒོར་མོ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སོ་གཉིས་ལ་སོགས་པ་ལོན་པ་དེ་ཐམས་ཅད་མ་ཡི་ལག་ཏུ་བཞག་པ་དེའི་དགེ་འབྲས་དང་ཕན་ཡོན་གྱིས་ཁོ་རང་ལ་ལམ་ནས་གུས་བཀུར་བྱེད་མཁན་མང་བོ་ཡོད་པ་སྟེ་ལྷའི་བུ་མོ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སོ་གཉིས་རྣམས་ད་ལྟ་གོང་ནས་བཤད་པའི་ཀརྵ་པ་ནའི་ཁ་གྲངས་ལྟར་རིམ་པ་བཞིན་དུ་དེ་རྣམས་ཀྱིས་ཕེབས་བསུ་བསྙེན་བཀུར་ཚད་མེད་པ་དང་སྣ་ལེན་འབུལ་བཟང་བྱས་ཤིང་། འདིའི་ཕན་ན་ཁྱེད་རང་མ་འགྲོ་ཞེས་སྨྲས་ཀྱང་ཁོ་རང་གིས་ཁར་མ་ཉན་ལ། ཁོ་རང་གི་དགེ་བའི་ལས་ཀྱི་མཐུ་ཟད་པ་དང་ཐོ་ཐུག་སོང་བ་ཡིན། གལ་ཏེ་འགྲོ་རྒྱུ་ཅན་ཞིག་ཡིན་ཏེ་གཏན་ནས་མི་སྡོད་རྒྱུ་ཅན་ཞིག་ཡིན་ན་ལྷོ་ཕྱོགས་ལ་མ་འགྲོ། དེའི་ཕྱོགས་སུ་འགྲོ་མི་ཉན་ཞེས་སྨྲས་པ་དང་། མ་འགྲོ་ཟེར་སའི་ལྷོ་ཕྱོགས་སུ་ལས་ཀྱིས་དེད་ནས་སོང་བ་ཡིན། མ་འགྲོ་ཟེར་སའི་ས་ཕྱོགས་ཀྱི་མཐའི་མཐའ་རུ་སོང་ཞིང་སོང་ལ་བར་ཞིག་ལྕགས་ཀྱི་ཁང་བ་ཆེན་པོ་ཞིག་ཡོད་པའི་ནང་དུ་ལས་ཀྱིས་དེད་ནས་དེའི་ནང་དུ་འཛུལ་བསམ་པ་ཞིག་བྱུང་སྟེ་དེའི་ནང་དུ་འཛུལ་སོང་བ་དང་། དེའི་ནང་ན་སེམས་ཅན་ཉམ་ཐག་གཅིག་གི་མགོ་ན་ལྕགས་ཀྱི་འཁོར་ལོ་རྩེ་མོ་གསོར་དུ་གྱུར་པ་རང་འཁོར་གྱིས་ཀླད་པའི་ཐོག་ཏུ་འཁོར་བཞིན་པ་ཀླད་པ་ཡང་སྐྱ་ཐར་ཐར་དུ་འཐོར་གྱིན་ཡོད་པ་ད་དུང་ཡང་འཆི་རྒྱུ་མེད་པར་ཚོར་བ་སྡུག་བསྔལ་དེ་ལྟ་བུ་མྱོང་བཞིན་ཡོད་པ་དེ་ལྟ་བུ་ཡོད་པ་ལ། དེ་མཐོང་སྐབས་འདིས་ཅི་ཞིག་བྱས་ལ་ཅི་ཡིས་མ་ཉན་པ་ཡིན་ཞེས་དྲིས་པ་ན། འདིས་དྲིན་ཆེན་མ་ཡི་མགོ་ལ་རྡོག་ཐོ་བརྒྱབ་པ་ཡིན་ཞེས་སྨྲས་པ་དང་། དེ་ལྟ་བུ་སྨྲས་མ་ཐག་ཏུ་ཅི་ཡིན་འདི་ཡིན་མེད་པར་ལྕགས་འཁོར་ཆེན་པོ་དེ་མཛའ་བོའི་བུ་མོའི་མགོར་བབ་སྟེ་གསོར་ཅན་གྱི་འཁོར་ལོ་འཁོར་ནས་ཀླད་པ་གཏོར་འགྲོ་བའི་སྡུག་བསྔལ་རང་ཐོག་ཏུ་བབ་པའི་ཚེ་ན། ཁོ་རང་གི་སེམས་སུ་འཛམ་བུའི་གླིང་ལ་ད་རུང་ང་འདྲ་བའི་མའི་མགོ་ལ་རྡོག་ཐོ་བརྒྱབ་ཅིང་བསྣུན་པ་ཅི་སྟེ་མེད། དེ་ཐམས་ཅད་ཀྱིས་འདིའི་སྡུག་བསྔལ་འདི་མྱོང་དགོས་ཐུག་ལ། དེ་ཐམས་ཅད་ཀྱི་སྐལ་བ་དེ་རང་གི་སྟེང་དུ་སྨིན་པར་ཤོག ངས་མྱོང་རྒྱུ་འདིས་དེ་ཐམས་ཅད་མྱོང་རྒྱུ་ཡི་གོ་ཆོད་པར་ཤོག་ཅེས་བསམས་ཏེ་སེམས་བསྐྱེད་དེ་ལྟ་བུ་ཞིག་སྐྱེས་པའི་སྐབས་སུ་དེའི་སྨོན་སེམས་སྐད་ཅིག་མ་དེ་སྐྱེས་མ་ཐག་ཏུ་གསོར་འཁོར་མཚམས་བཞག་ནས་ནམ་མཁའ་ལ་ཡར་འཕགས། དེ་ནས་ཚེ་འཕོས་མ་ཐག་ཏུ་དགའ་ལྡན་ལྷ་ཡུལ་དུ་སྐྱེས་སོང་བ་དེ་ལྟ་བུའི་ལོ་རྒྱུས་ཡོད། སྨོན་སེམས་ཙམ་ཞིག་སྐྱེས་པས་ཀྱང་དེ་ལྟ་བུའི་ཕན་ཡོན་ཆེ་བ་ཡིན། ཡང་གཏམ་རྒྱུད་གཞན་ཞིག་ལ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་སྔར་ལམ་སྦྱོང་བའི་ཐོག་མར་དམྱལ་བའི་གནས་སུ་སྐྱེས་མྱོང་ལ། གྱད་པཀྵི་ཏ་ཞེས་བྱ་བར་སྐྱེས་ཤིང་། ཁོ་རང་གི་རོགས་པ་དམྱལ་བའི་སེམས་ཅན་གྲོགས་ཀཱ་མ་རུ་པ་ཞེས་པ་དང་གཉིས་ཀ་དམྱལ་བའི་མེ་ཡི་ཤིང་རྟ་འདྲེན་དུ་བཅུག་པའི་སྐབས་སུ་གཤིན་རྗེའི་ལས་མཁན་ཁྲོས་ནས་གྲོགས་ཀཱ་མ་རུ་པའི་མགོར་ཐོ་བས་བརྒྱབ་པ་དེ་ཉིད་ལ་གྱད་པཀྵི་ཏར་སྐྱེ་བ་བཞེས་པ་ཁོང་ཉིད་སྙིང་རྗེ་སྐྱེས་ཏེ་གྲོགས་ཀྱི་ཚབ་ཏུ་ཁོང་ཉིད་ཀྱིས་ཤིང་རྟ་འདྲེན་པར་བརྩམས་པ་ཡིན་ལ། དེ་ལ་མ་རྒྱག་དང་དེ་ལུས་ལ་ཤུགས་མེད་དེ་འདྲེན་མི་ཐུབ་པར་གྱུར་འདུག་པས་ངས་འདྲུད་ཅེས་སྨྲས་པ་ན་གཤིན་རྗེ་སྐྱེས་བུ་དེས་སེམས་ཅན་རང་རང་གི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་དེ་ཉིད་ལ་སུས་སུ་སྐྱོབ་ཅེས་ཐོ་བས་མགོ་ལ་གཅིག་བརྒྱབ་པ་ན་གྱད་པཀྵི་ཏ་དེ་མ་ཐག་ཏུ་ཤི་འཕོས་ཏེ་སྨོན་སེམས་ལན་གཅིག་སྐྱེས་པ་དེ་ཉིད་ཀྱིས་དམྱལ་བའི་གནས་སུ་བསྐལ་བར་གནས་དགོས་པའི་སྡིག་སྒྲིབ་དག་ནས་དེའི་ལས་ཟད་དེ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེས་སོང་བ་ཡིན། དེ་བཞིན་དུ་དོན་མེད་ཀྱིས་གནོད་སེམས་དང་སྡིག་སེམས་སྐྱེས་ན་དེ་ལྟར་དུ་སྟོབས་ཆེ་ལ། དེ་ནི་བྱང་ཆུབ་སྨོན་པའི་སེམས་ཀྱི་མཚོན་དཔེ་ཙམ་ཡིན། འཇུག་པའི་ཕན་ཡོན་ལ་བསམ་བློ་བཏང་ན། སྨོན་སེམས་ཀྱི་ཕན་ཡོན་གྱིས་མཚོན་དུ་མེད་པའི་ཕན་ཡོན་མཐའ་ཡས་པ་ཡོད་པར་གསུངས་ཡོད་ཅིང་། དེའི་རྒྱུ་མཚན་ནི་སྨོན་པས་བསམ་པས་སྨོན་པ་ཙམ་ཡིན་ལ་འཇུག་པས་སྦྱོར་བ་ལག་ལེན་གྱིས་དངོས་སུ་ཁྱབ་པ་ཡིན་པའི་ཕྱིར་ན་ཕན་ཡོན་གྱི་ཁྱད་པར་ཡང་དེ་བཞིན་དུ་ཆེ་བ་དང་། སྦྱོར་བ་སྐད་ཅིག་མ་གཅིག་གིས་ཁྱབ་པའི་སེམས་ཀྱིས་བསྐལ་བ་མང་པོའི་ཚོགས་གཉིས་བཟླུམས་པའི་ཁྱད་པར་དེ་ལྟར་ཡོད་པ་ཡིན། དེའི་འཐད་པ་ཇི་ལྟར་འཇོག་པ་དཔེ་མཚོན་དུ་བཤད་ན། སྔོན་བཅོམ་ལྡན་འདས་སློབ་པ་ལམ་ལ་ཡོད་པའི་གནས་སྐབས་ན་མི་ནག་མདུང་ཐུང་ཅན་གྱིས་ཚོང་པ་ལྔ་བརྒྱ་གསོད་རྩིས་བྱེད་པའི་དུས་སུ་ཚོང་པ་དེ་རྣམས་ཀྱི་སྲོག་བསྐྱབས་པ་དང་། མི་ནག་མདུང་ཐུང་ཅན་ངན་སོང་གི་སྡུག་བསྔལ་དོས་དྲག་པོ་ལས་སྐྱོབ་པའི་ཆེད་དུ་ཁོང་རང་ཉིད་དམྱལ་བར་སྐྱེ་ན་སྐྱེ་དགོངས་ནས་མི་ནག་མདུང་ཐུང་ཅན་བསད་པར་བྱས་པ་དེ་ཉིད་ལ་སྡིག་པའི་རྣམ་སྨིན་ཡོད་མ་དགོས་དང་བསྐལ་བ་བཞི་ཁྲིའི་ཚོགས་བསགས་ཤིང་ཚོགས་འདུམས་པ་ཡིན་ལ། བསྐལ་བ་ཆེན་པོ་བཞི་ཁྲི་ཞེས་པ་ཅི་འདྲའི་དུས་རིང་ཞིག་མིན་ཏེ་ཡིན་ཞིང་། དེའི་དུས་སུ་བསགས་པའི་བསོད་ནམས་ཀྱི་བསགས་པ་དང་འདྲ་འདྲར་གྱུར་སོང་བ་ཡིན། ཡང་བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ལོ་ཉི་ཁྲི་ལ་ནགས་སུ་དབེན་པར་གནས་ཏེ་ཚངས་སྤྱོད་ཚུལ་ཁྲིམས་སྲུང་བཞིན་པའི་གནས་སྐབས་ཤིག་ལ་གཞན་སྲོག་སྐྱོབ་པའི་ཕྱིར་དུ་ཚངས་སྤྱོད་བཏང་སྟེ་ཡང་བསྐལ་བ་ཉི་ཁྲིའི་ཚོགས་བཟླུམས་པར་གསུངས་པ་ལྟ་བུ་ཡིན། བྱང་ཆུབ་སྨོན་པའི་སེམས་ལ་ཕན་ཡོན་ཆེ་ཡང་བྱང་ཆུབ་འཇུག་པའི་སེམས་ཀྱི་ཕན་ཡོན་གྱི་དོ་ཟླར་ཡོང་བ་མ་ཡིན་ཞིང་། འདིའི་རིགས་པས་ཐབས་ཀྱིས་ཁྱད་པར་དུ་འཕགས་པའི་གསང་སྔགས་ཀྱི་མྱུར་ལམ་ནས་གང་ཟག་དབང་རབ་ཚེ་གཅིག་གིས་གྲོལ་བ་དང་། ཤིན་ཏུ་དབང་རྣོན་ངོ་མ་དེ་ལོ་དང་ཟླ་བས་ཀྱང་གྲོལ་བ་མངོན་གྱུར། ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་འཐད་པ་ཡོད་པ་ཡིན། དེ་རིགས་པས་དཔྱད་ཀྱང་འགྲུབ་པ་ཞིག་ཡིན་ལ། འུ་ཚོ་འདིར་ཡོད་ཚང་མས་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བས་སྨོན་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་སྡོམ་སྨོན་འཇུག་སྟབས་ཅིག་ཏུ་རང་ལུགས་ཇི་ལྟ་བ་བཞིན་དུ་བླངས་པ་དང་། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་ནང་ནས་མང་ཆེ་བ་ཡིན་ཞིང་། ལྷ་བས་ལྷག་པའི་ལུས་རྟེན་ཞེས་གསུངས་པའི་མིང་དོན་མཚུངས་པ་འདི་འདྲའི་ལུས་རྟེན་ཞིག་ཐོབ་པ་དེ་ཉིད་རྙེད་པ་དོན་ལྡན་ཡིན་པར་དགའ་བ་སྒོམ་པ་དང་བཅས་ཏེ། སེམས་མཆོག་བསྐྱེད་པས་མི་ཚད་སྐྱེས་ལ་མ་ཉམས་པར་བསླབ་པ་ཚུལ་བཞིན་དུ་སྲུང་བ་དེ་སྲོག་ལ་བབ་ཀྱང་མི་འདོར་བ་དེ་ཉིད་གནད་ཆེན་ཡིན་པ་དེ་ཉིད་འདི་ལྟར་ཞིབ་ཏུ་བཤད་ན་ཤེས་ཐུབ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་དང་འཇུག་པའི་བདག་ཉིད་དེ་ཆོ་ག་ལས་ཐོབ་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་སྒོམ་པའི་སྟོབས་ཀྱིས་ཆོས་ཉིད་ལས་སྐྱེས་པ་ཡིན། དེ་ལྟར་ན་སེམས་བསྐྱེད་ལེན་པའི་ཆོ་ག་སྔོན་འབོགས་ཆོག་གི་སྐབས་ནས་འབྱུང་བ་ལྟར་ཡིན་ཞིང་། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་རྟག་ཏུ་གོམས་པའི་རྒྱལ་བའི་སྲས་ཞེས་བརྗོད་པའི་སྐབས་སུ་བདེ་བར་གཤེགས་པའི་ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཡིན། དེའི་རྫོགས་སྨིན་སྦྱངས་པའི་སྤྱོད་པ་དེ་རྒྱ་མཚོ་ལྟ་བུ་ཚད་མེད་གཞལ་དུ་མེད་པ་ཡིན་པས་ན། རླབས་ཆེན་ཚོགས་གཉིས་སྤྱོད་པ་མཐར་ཕྱིན་ཏེ། །ཞེས་པའི་ཚིག་འདིའི་སྒྲོམ་གཞི་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གཉིས་པ་ཐུན་མོང་དང་སྒོ་བསྟུན་པའི་ཚོགས་བསགས་སྒྲིབ་སྦྱོང་བསྟན་པ་དང་ཆབས་ཅིག་ཏུ་རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་མཉམ་དུ་བསྟན་པ་འདིས་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གསེར་འགྱུར་གྱི་རྩི་འདི་ཡིས་ཟིན་ན་དགེ་རྩ་ཆེ་ཕྲ་གང་བྱས་ཀྱང་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་བར་འགྱུར་བས་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་རྫོགས། ཀུན་རྫོབ་སེམས་བསྐྱེད་ལ་གོམས་པས་དོན་དམ་སེམས་བསྐྱེད་རྒྱུད་ལ་སྐྱེས་ཏེ། ཚོགས་གཉིས་མཉམ་དུ་རྫོགས་སྟོབས་ཀྱིས་དཔག་ཡས་དགེ་བའི་རྩ་བ་བསྐྱེད་ནུས་པའི་འཐད་པ་དེ་ལྟར་དུ་གྲུབ།

ཀ༽ ཕྱག་འཚལ་བའི་ཡན་ལག

དེས་ན་འདི་ནས་ཚོགས་གཉིས་གསོག་པའི་སྒོ་དམ་པ་དེ་བསགས་སྦྱོང་གཉིས་ཀའི་གནད་དུ་འདུས་པ་དེ་ཉིད་ཡན་ལག་བདུན་དང་འབྲེལ་ཏེ་བཤད་རྒྱུ་བྱེད་དགོས། སེམས་བསྐྱེད་ཀྱི་སྡོམ་པ་ལེན་སྐབས་སྦྱོར་དངོས་རྗེས་གསུམ་གྱི་ནང་ནས་སྦྱོར་བ་མཐུན་རྐྱེན་བསགས་པ་ཡིན་ལ། སྦྱོར་བ་མཐུན་རྐྱེན་བསགས་པ་དེ་རྟེན་དགྲམ་པ་དང་། མཆོད་པ་འབུལ་བ་སོགས་སྔོན་དུ་འགྲོ་དགོས་ཤིང་། དེ་དག་སྔོན་དུ་སོང་ནས་ཚོགས་ཞིང་གི་མདུན་དུ་ཡན་ལག་བདུན་པ་འབུལ་བ་སྔོན་ལ་འགྲོ་དགོས། དུས་རྒྱུན་རང་སྒེར་གྱིས་བྱང་སྡོམ་ཆགས་མེད་དུ་ལེན་དུས་ཀྱང་དེ་བཞིན་དུ་དགོས་པར་མ་ཟད་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་གི་གནད་ཀྱང་འདི་ལ་ཡོད། ཁྱིམ་པ་ཕོ་མོའི་རྒྱུན་གྱི་དགེ་སྦྱོར་དང་ཡང་འདི་འབྲེལ་བའི་སྟབས་ཀྱིས་སྔར་ཡང་ཐེངས་མང་བཤད་ཀྱང་ད་རུང་ནན་གྱིས་འདི་བཤད་དགོས། ངག་འདོན་དེ་སྡོང་པོ་བཀོད་པའི་མདོའི་དགོངས་དོན་བཟང་སྤྱོད་སྨོན་ལམ་གྱི་དབུ་ནས་མར་ཡོད་པའི་ཇི་སྙེད་སུ་དག་ལ་སོགས་པ་དང་། རྒྱུན་འདོན་གྱི་ཀརྨ་ཆགས་མེད་ཀྱིས་མཛད་པའི་བདེ་སྨོན་དག་གི་ཚིག་དོན་བཞིན་དུ་དང་པོ་ཕྱག་འཚལ་བའི་ཡན་ལག་ཡོང་བ་ཡིན། ཕྱག་འཚལ་བ་ཞེས་པ་གཙོ་བོ་ལུས་ཀྱི་ལས་ཡིན་ཡང་ལུས་ཀྱིས་ཕྱག་འཚལ་ཞོར་དུ། ངག་གི་ཕྱག་འཚལ་བའི་རྣམ་པ་ཅན་གྱི་ཚིག་དང་སྦྲགས་ཏེ། ཡིད་ཀྱིས་རང་ལུས་དཔག་མེད་ཇི་སྙེད་གྲངས་མེད་རྡུལ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ནས་ཕྱག་འཚལ་དགོས། ང་མི་གཅིག་ཁེ་རུ་མ་ཞིག་གིས་ལྷ་རྡོག་མ་སྐུ་འདྲ་ཁེ་རུ་མ་དེ་ཉིད་ལ་འཚལ་གྱིན་ཡོད་པ་དེ་འདྲ་མ་ཡིན་པར་རང་ལུས་དཔག་མེད་ཇི་སྙེད་གྲངས་མེད་བསམ་གྱིས་མི་ཁྱབ་པའི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ཏེ། ཕྱག་འཚལ་ཡུལ་དེ་ཉིད་ཀྱང་མགོན་པོ་འོད་དཔག་མེད་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མཐའ་ཡས་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་ཕྱག་གི་ཡུལ་དུ་གྱུར་པ་ཐམས་ཅད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་དགོས། ཕྱག་འཚལ་ལུགས་དེ་ནམ་ཡིན་ན་བཤད་མྱོང་ཡང་ད་དུང་ཡང་བསྐྱར་བཤད་ན། ཕྱག་དང་། མཆོད་འབུལ། རྟེན་གསུམ་མཆོད་མཇལ་གང་གི་སྐབས་ཡིན་ཡང་དང་པོའི་དང་པོ་འགོ་མར་རང་གི་ལུས་དེ་ཉིད་གཙང་མ་ཞིག་བྱེད་དགོས། གཙང་མི་གཙང་རང་ཉིད་མགུ་ན་མགུ་བ་ཡིན་ཞིང་། ཕྱག་འཚལ་སྐབས་རྟེན་གྱི་མདུན་ངོས་ཀྱི་དམའ་ས་ནས་ཡར་རྟེན་ལ་ཁ་འཁོར། རྐང་བའི་ལོང་བུ་གཉིས་ཀ་གཤིབས། དྲང་མོར་བྱས་ཏེ་ལང་དགོས། ཐལ་མོ་ཁོག་སྟོང་མེ་ཏོག་པདྨ་ཁ་འབུས་པའི་དབྱིབས་འདྲ་བ་ཞིག་བྱས་ཏེ་སྦྱོར། དང་པོར་ཐལ་མོ་སྙིང་ཁར་སྦྱར། དཀོན་མཆོག་གི་ཡོན་ཏན་དྲན། དེ་ནས་ཐལ་མོ་གནས་གསུམ་དུ་གཏུགས། མ་ལྔ་ས་ལ་ཕབ་སྟེ་རང་དང་སེམས་ཅན་ཐམས་ཅད་ཅེས་བསམ་དགོས། རང་གཅིག་པུའི་སྡིག་སྒྲིབ་དག་པར་གྱུར་ཅིག་བསམ་མི་ཉན། ངས་སྔོན་ཆད་སྐབས་ཤིག་ལ་བཤད་མྱོང་ཡོད། ང་དེ་ལོར་རིག་གནས་གསར་བརྗེའི་རྗེས་སུ་ལྷ་སའི་ཇོ་བོའི་སྒོ་སྔ་བས་ཕྱེ་དུས་ལྷ་ས་ལ་གཅིག་སོང་ཞིང་། མཆོད་མཇལ་རྡོག་མ་ཆ་རེ་འདུག སྡེ་དགེ་ནས་ཡིན་པར་འདྲ་བའི་རྒན་མོ་ཞིག་གིས་ང་བས་སྐྱིད་ཅིག་མེད་པར་ཤོག ང་བས་རྒྱགས་ཤིག་མེད་པར་ཤོག་ཅེས་ཟེར་གྱིན་འདུག མོ་རང་གི་མདོག་ལ་བལྟས་ན་དེ་འདྲ་ཞིག་བཟང་རྒྱུ་མི་འདུག དེའི་ཡན་ལ་ཁེ་རུ་ཞིག་འཕར་མི་ཉན་དུས་མ་ཡག་སོང་བསམ་རྒྱུ་ཞིག་རེད། དེ་ལྟ་བུ་མ་ཡིན་པར་རང་དང་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་བྱ་བ་དང་བཅས་པའི་ཉེས་སྒྲིབ་བག་ཆགས་ངན་པ་དང་བཅས་པ་ཐམས་ཅད་དག་ནས་བདེ་བར་གཤེགས་པའི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐོབ་པར་བསམ་དགོས། ཕྱག་འཚལ་རྒྱུའི་ཁ་གྲངས་མང་ཉུང་མ་ཡིན། ཕྱག་འཚལ་རྒྱུའི་ཀུན་སློང་དང་། ཕྱག་འཚལ་རྒྱུའི་དམིགས་པ་གནད་འགག་ཆེ། ཡང་སྔར་བཞིན་དུ་དྲང་པོར་ལངས་ཏེ། ཐལ་མོ་སྙིང་ཁར་སྦྱར། དཀོན་མཆོག་གི་ཡོན་ཏན་དྲན་པ་ནས་འགོ་བཟུང་ནས། ཁ་ཡེངས་མིག་ཡེངས་མེད་པར་འཚལ་དགོས། འགའ་རེས་དེའི་བར་ནས་ལག་པ་གཉིས་ཀ་བགྲད་དེ་ཐལ་མོའི་ནང་ལོགས་གྱེན་དུ་བསྟན་པ་དེ་ཚོ་ཆོས་བརྒྱུད་གཞན་དང་གཞན་གྱི་བརྒྱུད་པའི་སྲོལ་དགོས་པ་རྒྱུ་མཚན་ཅན་ཡིན་ཤས་ཆེ་ཡང་གཙོ་ཆེ་ཆོས་བརྒྱུད་འདི་དང་། ཁྱད་པར་དུ་ངའི་ཕྱག་འཚལ་ལུགས་གོང་ནས་བཤད་པ་དེ་ལྟར་ཡིན། འགའ་རེས་དགྱེ་མ་སྒུར་ཡི་ཕྱག་གསུམ་རེ་བྱེད་འདུག བཤད་དུ་བཅུག་ན་གུས་པའི་རྣམ་འགྱུར་གཞན་ཞིག་ཡིན་ཟེར་ན་མི་ཤེས་ཀྱང་དཔལ་སྤྲུལ་ཚང་གིས་མི་ཆེན་གྱིས་ཕྱག་འཚལ་ལུགས་ཡིན་ན་ཅི་ཡང་མི་ལོ་ཞེས་གསུངས་ཡོད། དགྱེ་དུས་དྲང་མོར་བྱས་ཏེ་དགྱེ། མར་དགུ་དུས་སྒུར་སྒུར་བྱས་ནས་ཐོད་པ་དང་ལག་མཐིལ་གཉིས་ས་ལ་གཏུགས་ལ་བཞག་དུས་མཛུ་གུ་ཆ་གས་སྡེར་སྡེར་མི་བྱེད། ཡར་ལང་དུས་ཀྱང་ལག་རྒྱབ་ཀྱི་མཛུབ་ཚིགས་སར་ཁེན་ནས་མི་ལང་། དེ་ཚོ་གལ་ཆེ། ཕྱག་འཚལ་བའི་ཕན་ཡོན་ལ་བསམ་ན། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བའི་རྣམ་པར་སྨིན་པ་དེ་དབང་ཆེན་གསེར་གྱི་ས་གཞི་ལ་མ་ཐུག་གི་བར་དུ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་བ་དང་ལྷ་མིའི་བདེ་སྐྱིད་མྱོང་བར་བཅོམ་ལྡན་འདས་ཁོང་ཉིད་ཀྱིས་གསུངས་ལ། དེ་ལས་ལྡོག་སྟེ་ཕྱག་འཚལ་ན་དེ་བཞིན་དུ་ཉེས་པ་ཡོད་རྒྱུ་དེ་དང་། ཕྱག་མ་འཚལ་ན་ཡང་སྒྲིབ་པ་མི་དག་པ་ལ་སོགས་པ་ཡང་ཤུགས་བསྟན་ཡིན། ཚོགས་མི་གསོག་པའི་རྒྱུ་མཚན་ཡང་བཤད་མི་དགོས། ཕྱག་འཚལ་ལུགས་ཚུན་ཆད་ཀྱང་དགོས་པ་རྒྱུ་མཚན་དང་བཅས་པ་འདི་ཚོ་ཙམ་ཞིག་ཡིན་རུང་དེ་ལྟར་ཡིན་ཨེ་སོང་ཞེས་ཁྱིམ་བཟའ་ཚང་གི་ནང་ནས་ཡིན་ཡང་གཅིག་གིས་གཅིག་ལ་དྲི་བཤད་གྱིས་དང་དོན་ཡོད་པའི་སྐད་ཆ་ཡིན། ཆོས་འཆད་པ་པོའི་ཁ་ནས་བཤད་པའི་སྐད་ཆ་དང་དཔེ་ཆའི་ནང་དུ་ཡོད་པའི་ཚིག་འགའ་རེ་གོ་ཨེ་འདུག་ཅེས་དྲིས་ན་བོད་སྐད་ཡིན་ཞིང་གོ་མི་འདུག་བསམ་རྒྱུ་མེད་པ་ལྟ་བུ། གོ་སོང་ཟེར་ན་ཡང་ངོ་མས་གོ་ནས་ཡང་ཟེར་བྱེད་རྒྱུ་མེད་པ་འདི་ཚོ་མང་ཆེ་བ་བོད་རང་གིས་རང་སྐད་ཆ་ཚང་བ་ཞིག་མ་ཤེས་པའི་དབང་གིས་ཡིན། འགའ་རེ་ཆོས་སྐད་ཡིན་ཡང་འགའ་རེ་ཡིག་སྐད་ཟེར་ཞིང་། ཡི་གེ་དང་སྐད་ཁ་ཁ་ཞིག་གང་ན་ཡོད། ཡིན་ངོ་མ་བོད་ཀྱི་སྤྱི་སྐད་ཡིན། བོད་ཡིག་འདི་བོད་ཆོལ་གསུམ། འབྲུག་འབྲས་ལྗོངས། བལ་བོ། མོན་པ། རྒྱ་གར་གྱི་མཐའ་མཚམས་མང་ཆེ་བ་དང་བཅས་པ་འཛམ་གླིང་ཤར་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་གིས་སྤྱོད་རྒྱུའི་སྐད་ཡིག་ཡིན། ཆོས་རིག་གཞུང་གི་གླེགས་བམ་ཚང་མ་དང་དེའི་བདག་པོའི་མི་རྣམས་གཅིག་གིིས་གཅིག་ལ་ཁ་འབག་མེད་པར་གྱུར་ན་མི་ཉན་པ་ཡིན། ཆོས་རིག་གཞུང་གི་གླེགས་བམ་རྣམས་འུ་ཚོ་ཚང་མའི་ལག་ན་ཡོད་ཅིང་། དེའི་བདག་པོའི་མི་རྣམས་འུ་ཚོ་རྣམས་ཡིན། ཆོས་རིག་གཞུང་དང་མི་རྣམས་ཁ་འབག་མེད་པར་གྱུར་ན་དེའི་མི་རིགས་དེ་གནའ་ཞིག་ལ་དེ་ལྟ་བུ་ཞིག་ཡོད་དར་བ་ཡིན་ཞེས་གནའ་གཏམ་རྗེས་མེད་ཅིག་ཏུ་འགྱུར་ངེས་པ་ཡིན། དེ་ལྟར་གྱུར་པ་ཡང་མང་ལ། ཡིན་ན་ཡང་མི་རིགས་རེ་རེ་གཉིས་རེ་མེད་སོང་ཡང་ཧ་ལས་རྒྱུ་གང་ཡང་མེད་ཀྱང་ཐར་ལམ་རྣམ་དག་འཚོལ་རྒྱུའི་རིན་ཐང་ཅན་གྱི་རིག་གཞུང་ཉམས་སོང་ན་མིའི་རིགས་ནས་སེམས་ཅན་གཞན་དང་བཅས་པ་ལ་གནོད་པ་ཅན་ཡིན། ཐང་ས་ཉེ་ས་ནས་བཤད་ན། ཚང་མས་ཡི་གེ་ཤེས་པར་གྱིས་དང་ཤེས་དགོས་པའི་རིན་ཐང་ཅན་མང་པོ་ཡི་གེའི་ནང་ནས་ལེན་རྒྱུ་ཡོད། མཐའ་གཅིག་ཏུ་བན་རྒན་ཞིག་གི་ཁ་ནས་མིན་པར་མི་གོ་རྒྱུ་བྱེད་མི་དགོས། ཉིན་རྟག་པར་གོ་ཁ་ཕན་ཚུན་ཡིན་ཡང་ཁ་འཛིང་རྩོད་པ་ཟེར་རེས་གཏམ་རེས་དང་པོར་ཡག་ས་ཞིག་ནས་བཤད་ཀྱིན་ཡོད་ཀྱང་། བར་ཞིག་མཚང་འབྲུ་སྨད་ར་བྱེད་རེས་དང་གཅིག་གིས་གཅིག་ལ་ཅི་གནོད་གང་གནོད་བྱེད་རེས། མཐའ་མར་སྙིང་འདྲེ་བསླངས་ཏེ་རྫ་བཅག་རྫེའུ་དཀྲུག་ཡན་ཆད་བྱེད་དགོས་ཐུག་པ་དེ་འདྲ་ཡོང་བ་ཡིན། ཐག་རིང་ས་ཡུན་གྱི་དོན་ལ་བསམ་བློ་བཏང་ན། ཆོས་དཔེ་ཆའི་ལོ་རྒྱུས་རེ་ཤེས་ན་སྐྱིད་སྐྱིད་པོ་རང་ལ་ཡོང་ན་དཀོན་མཆོག་གི་ཐུགས་རྗེ་ཡིན་སྙམ་ནས་དད་གུས་ཇེ་ཆེར་སོང་། སྐྱིད་ཀྱི་ས་བོན་གསར་བ་རེ་བཞག སྡུག་སྡུག་པོ་རེ་ཡོང་ན་ཚེ་སྔོན་གྱི་ལས་འབྲས་ཡིན་སྙམ་སྟེ་སྡུག་བསྔལ་གྱི་ཁུར་པོ་ཡང་ཐབས་ཐོན་རྒྱུ། ད་རུང་དེའི་ཐོག་ཏུ་བདེ་སྡུག་གཏོང་ལེན་རེ་ཤེས་ན་རྐྱེན་ངན་གྲོགས་སུ་འགྱུར། སྡུག་བསྔལ་བདེ་བའི་རྒྱུར་སྒྱུར་ཆོག་པ་དེ་ལྟར་ཡིན། ཡི་གེ་སྦྱང་རྒྱུ་འདི་ཚོའི་ཐད་ནས་སྔོན་མ་ཡིན་ན་ཁ་རྩང་ཞིག་བཤད་པ་བཞིན་ཕོ་མོ་ཁྱད་མེད་ཀྱིས་ལོ་ལོན་ཡིན་ཡང་ཡི་གེ་སྦྱོངས་ཞེས་སྨྲས་པ་ཡིན། དེང་སང་གི་གནས་ཚུལ་དང་བསྟུན་ན་བྱིས་པ་ཡིས་ཁྱད་པར་དུ་བོད་ཡིག་སྦྱོངས་མ་གཏོགས་མི་རིགས་གཞན་གྱི་སྐད་ཡིག་གིས་གནས་སྐབས་ཀྱི་ཁ་གསོ་བྱེད་ལ་ཕན་ཐོགས་ཡོད་ཀྱང་མིའི་རིན་ཐང་ཡོན་ཏན་གྱིས་འབྱེད་པའི་ཡོན་ཏན་གྱི་གཙོ་བོ་དེ་མི་གཤིས་སྤུས་ཀ་བཟང་བ། ཡ་རབས་ཀྱི་བསམ་སྤྱོད་དེ་ཡིན་པས་ཐ་ན་སྤྱི་ཚོགས་ཡར་རྒྱས་ཀྱི་ཕྱིའི་དངོས་པོ་འབྱོར་ཞིང་འབྱོར་ལ་ནང་བསམ་པའི་བདུད་རྩི་དེ་བོད་ཀྱི་ཆོས་དང་རིག་གཞུང་འདི་ཉིད་འཛམ་བུའི་གླིང་སྤྱི་ཡི་ནོར་བུ་ཡིན་ཕྱིར་འདིའི་རིན་ཐང་རྩི་སྒོ་ཇེ་ཆེར་འགྱུར་ངེས་པས་དེ་དུས་རང་གི་མི་རྒྱུད་ཀྱིས་རང་གི་སྐད་ཡིག་མ་ཤེས་ན་བློ་འགྱོད་སྐྱེས་ཚེ་སྒེར་སྡུག་ཡིན་པ་དེ་ཉིད་ཞོར་དུ་བློ་སྒོ་ཕྱེས་པ་ཡིན། མན་ངག་གི་ལྡེ་མིག་རྙེད་ཐབས་བྱས་ཏེ་མི་ཟད་སེམས་ཀྱི་གཏེར་མཛོད་ཀྱི་སྒོ་རང་གིས་ཕྱེས་ནས་འཛམ་གླིང་གི་ཁྲོམ་ར་བཤེར་ཡང་ཕྱི་ནས་ཉོ་རྒྱུ་མི་ལོན་པའི་རིན་ཐང་ཅན་རིན་མེད་དུ་རང་གིས་ལེན་ཤེས་དགོས། དེ་དག་འབྲེལ་མེད་ཀྱི་སྐད་ཆ་མང་ཨེ་སོང་ངམ།

ཁ༽ མཆོད་པའི་ཡན་ལག

ཡན་ལག་བདུན་གྱི་ནང་ནས་གཉིས་པ་དེ་མཆོད་པ་ཡིན་ཞིང་། མཆོད་པ་ཐམས་ཅད་དངོས་བཤམས་ཡིད་སྤྲུལ་གཉིས་ཀྱི་ནང་དུ་འདུས་ལ། འོན་ཀྱང་། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །ཞེས་གསུངས་པ་ལྟར་སྔར་མཆོད་སྦྱིན་མ་བྱས་པས་བསགས་འབྲས་ལོངས་སྤྱོད་ཀྱི་འབྱོར་བ་དམན་པས་བཀྲེན་ཆེན་ཞེས་བསོད་ནམས་ཀྱི་བསགས་འབྲས་དམན་པའི་སྤྲང་པོ་ལ་གསུངས་པ་ཡིན། སྤྲང་པོ་ཡིན་སྟབས་ཀྱིས་རྒྱ་ཆེན་པོ་ཞིག་གི་མཆོད་པ་འབུལ་བའི་མཆོད་རྫས་ཆེན་པོ་ཞིག་མེད་ཀྱང་གཅིག་ཡོད་པ་དེ་ཉིད་རྣམ་པར་དག་ངེས་ཅན་གཙང་མ། དེ་ཡང་དག་པ་གསུམ་དང་འབྲེལ་བ་ཞིག་སྟེ། ཞིང་དག་པ་མགོན་པོ་འོད་དཔག་མེད་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ལ། དངོས་པོ་དག་པ་དེ་ལོག་འཚོ་དང་རྐུ་འཕྲོག་གི་རྫས་མ་ཡིན་པ། བསམ་པ་དག་པ་སེར་སྣའི་འཁྲི་བ་མེད་པ་ཞིག་གིས། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ་ལ་སོགས་པ་དབང་པོ་དྲུག་གི་ཡུལ་དུ་གྱུར་པའི་འདོད་ཡོན་དང་ཉེར་སྤྱད་རྣམས་ཕལ་ཆེ་བ་དམིགས་རྟེན་གྱི་ཆེད་ཡིན། མཎྜལ་འདི་ཚོ་ཆོས་ལོངས་སྤྲུལ་སྐུའི་ཞིང་ཁམས་འབུལ་བའི་དམིགས་རྟེན་ཡིན་པ་ལྟར་དུ་ཡིན། དེ་ལས་གཞན། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མན་ད་ར་དང་ཨུཏྤལ་དང་། །ལ་སོགས་པ་དང་། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ལ་སོགས་པ་ལྟར་གྱི་ཡིད་དུ་འོང་བའི་དངོས་པོ་ཆེ་འབྱོར་ཆུང་འབྱོར་དུག་གི་རིགས་དང་མཚོན་ཆ་ལ་སོགས་པ་མ་ཡིན་པའི་རང་ཉིད་ལ་གང་ཡིད་དུ་འོང་བའི་དངོས་པོ་མཐོང་ཚད་དེ་ཉིད་རྒྱལ་བ་སྲས་བཅས་ལ་མཆོད་པའི་ཚུལ་དུ་འབུལ་ཆོག་པ་ཡིན། དེ་དག་དམིགས་རྟེན་བྱས་ནས་ཡིད་ཀྱིས་སྤྲུལ་བའི་མཆོད་པ་ཐུན་མོང་ཕྱིིའི་མཆོད་པ། གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོད་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །སོགས་གསུངས་པ་ལྟར་དུ་ལྷ་རྫས་ཀྱི་མཆོད་པ། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །ཞེས་གསུངས་པ་ལ་སོགས་པ་ལྟར་གྱི་ཡིད་སྤྲུལ་གྱི་མཆོད་པ་སྟེ། བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བ་ཐམས་ཅད་ཡིན། ཐུན་མོང་མ་ཡིན་པའི་མཆོད་པ་ལ་བསམ་བློ་བཏང་ན། ནང་དང་གསང་བའི་མཆོད་པ་སྟེ་མཆོད་པའི་ལྷ་མོ་བརྒྱད་དང་བཅུ་དྲུག་ལ་སོགས་པས་མཆོད་རྫས་སྣ་ཚོགས་པ་ཐོགས་པའི་ཟད་མེད་མཆོད་པའི་སྤྲིན་ཕུང་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་གྱི་མཆོད་པ་འབུལ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཞེས་པ་ཟད་པ་མེད་པའི་རྫས་ཤིག་ལ་གོ་དགོས།

ག༽ བཤགས་པའི་ཡན་ལག

གསུམ་པ་བཤགས་པ་ཡིན་ཞིང་། བཤགས་པ་འདི་བཤགས་ཚུལ་རྣམ་པ་བཞི་ཡི་སྟེང་ནས་བཤད་ན། དེ་རིང་འགོ་ནས་ཡིག་བརྒྱ་འདོན་པའི་སྐབས་ཤིག་ནས་བཤགས་པར་བྱེད་པ་འདི་གནད་ཆེ་ཞེས་བཤད་པ་ཡིན། སྡིག་པ་འདི་གང་ནས་ཡོང་ན། སྦྱང་བྱ་སྡིག་པ་ཡིན་ལ་སྡིག་པའི་སྒོ་དྲུག་ཡོད་ཅིང་། སྒོ་དྲུག་དེ་གཉེན་པོ་སྟོབས་བཞི་ཡིས། སྦྱོང་ཚུལ་དེ་སྦྱོར་དངོས་རྗེས་གསུམ་གྱིས། སྦྱངས་འབྲས་དེ་ཇི་ལྟར་དག་ཚུལ་དང་བཞི་ཡིས་ཁོག་ཕུབ་སྟེ་བཤད་དགོས། དེ་ལྟར་བཤད་ན་འུབས་སུ་འདུས་པ་ཡིན། ཡང་ཟེར་བྱས་ན་སྦྱང་བྱ་སྡིག་པའི་སྒོ་དྲུག་དེ། སྦྱོང་བྱེད་གཉེན་པོ་སྟོབས་བཞི་ཡིས། སྦྱོང་ཚུལ་སྦྱོར་དངོས་རྗེས་གསུམ་གྱིས། སྦྱངས་འབྲས་ཇི་ལྟར་དག་ཚུལ་ཏེ་དེ་བཞི་བོའི་ཐོག་ནས་སྡིག་པ་འདག་ཐབས་དེ་དག་འབྲས་དང་བཅས་པ་མགོ་ནས་མཇུག་བར་བཤད་ཐུབ།

༼༡༽ སྦྱང་བྱ་སྡིག་པ་བཤད་པ།

སྦྱང་བྱ་སྡིག་པའི་སྒོ་དྲུག་ཅེས་བཤད་སྐབས་ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་དེ་དང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་དྲུག་ཏུ་བྱས་ཏེ་རྩི་ཆོག ཡུལ་ཕ་མ་བླ་མ་མཁན་སློབ་སོགས་ལ། དུས་ཐོག་མེད་ནས་ད་ལྟའི་བར་དུ། ངོ་བོ་རང་བཞིན་གྱི་ཁ་ན་མ་ཐོ་དང་བཅས་པའི་ཁྲིམས་དང་འགལ་བ་ཐམས་ཅད། སྦྱོར་བ་རང་གིས་བགྱིས་པའམ་གཞན་ལ་བགྱིད་དུ་བསྩལ་བ་ལ་སོགས་པ། སྒོ་དྲུག་ཅེས་པ་ཡུལ་དུས་ངོ་བོའི་སྒོ་ལ་སོགས་པ་ལ་བྱས་པ་ཡང་ཡོད། གང་ལྟར་ཡང་བཤགས་རྒྱུ་སྡིག་པ་ཡིན་ལ། སྡིག་པའི་བྱེད་ལས་མཐོ་རིས་དང་ཐར་བ་ལ་སྒྲིབ་ཅིང་ངན་སོང་གི་གནས་སུ་སྡུག་བསྔལ་བར་བྱེད་པ་ཞིག་ཡིན།

༼༢༽ སྦྱོང་བྱེད་གཉེན་པོ་བཤད་པ།

གཉིས་པ་སྦྱོང་བྱེད་དེ་གཉེན་པོ་སྟོབས་བཞི་ཡིན་ཞེས་སྨྲས་ལ། སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟ་བུའི་འགྱོད་པ་སྐྱེ་བ་དེ་ཉིད་སུན་འབྱིན་པའི་སྟོབས། བརྩོན་པས་སྡིག་སྦྱོང་གི་དགེ་བ་ལ་བརྩོན་པ་དེ་ཉིད་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། བཤགས་སྡོམ་བླངས་ཚར་ནས་སླར་ཡང་མི་བྱེད་པ་དེ་སོར་ཆུད་པའི་སྟོབས། དཀོན་མཆོག་གསུམ་དང་། སྡིག་སྦྱོང་གི་ལྷ་རྡོ་རྗེ་སེམས་དཔའ་དང་། ནམ་མཁའི་སྙིང་པོ། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྡིག་པ་ཟད་ཅིང་སྲབ་ཐབས་བྱེད་པ་དེ་ཉིད་རྟེན་གྱི་སྟོབས་ཡིན།

༼༣༽ སྦྱོང་ཚུལ་བཤད་པ།

དེ་ཡན་གྱིས་ས་བཅད་གཉིས་སོང་ནས་གསུམ་པ་སྦྱོང་ཚུལ་ཡིན་ཞིང་། སྦྱོར་དངོས་རྗེས་གསུམ་གྱི་སྟེང་ནས་སྦྱོང་དགོས། སྦྱོར་བ་བཤགས་ཡུལ་ཡིན་ལ། བཤགས་ཡུལ་དེ་གང་ཡིན་ཞེ་ན། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་རྡོ་རྗེ་འཛིན་པ་དང་བཅས་པ་དེ་མདུན་གྱི་ནམ་མཁར་བཞུགས་པར་བསམས་ནས་སྐྱབས་འགྲོ་བྱ་བ་སྔོན་དུ་འགྲོ་བ་དང་བཅས་པས། དངོས་གཞི་སྡིག་པ་བྱས་ཚད་ཐམས་ཅད་དང་པོར་རང་གིས་ཞེ་ནས་དྲན་པར་བྱས་ཏེ་དེ་བྱས་པ་ལ་འགྱོད་པ་དྲག་པོ་དང་བཅས་པས་འདི་དང་འདྲ་བ། དེ་ལས་ཚབས་ཆེ་བ། གཞན་གྱིས་བསགས་པ་དང་བཅས་པ། རང་གཞན་གྱི་སྡིག་པ་ཐམས་ཅད་ལྕེ་ཐོག་ཏུ་ནག་ལིང་ངེ་ཡོད་པར་བསམས་ནས་བཤགས་པའི་སྐབས་སུ་བཤགས་པའི་གནས་དེ་ཉིད་སྐྱབས་གནས་མདུན་གྱི་ནམ་མཁར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་རྡོ་རྗེ་འཛིན་པ་དང་བཅས་པ་ཡོད་ཅིང་། དེ་ལྟ་བུའི་སྐྱབས་གནས་བཤགས་ཡུལ་ཐམས་ཅད་ཀྱི་སྨིན་མཚམས་ནས་འོད་ཟེར་ཞིག་བྱུང་སྟེ་དེ་མ་ཐག་ཏུ་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་དགོས། འདིར་རྡོར་སེམས་སྒོམ་བཟླས་དང་འབྲེལ་ཏེ་དམིགས་པ་དེ་བཞིན་དུ་བཟུང་ན་ཡང་གཅིག་པ་ཡིན། རྗེས་འོད་ཟེར་མང་པོ་ཡང་ཡང་བྱུང་ནས་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་པས་མི་ཚད་ལུས་ཤེལ་གོང་ལྟ་བུ་དག་ཅིང་གཙང་མར་གྱུར་པར་བསམས་ཏེ་དམིགས་མེད་ནམ་མཁའ་ལྟ་བུའི་ངང་ལ་དལ་ཅིག་མཉམ་པར་བཞག་དགོས། ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སངས་རྒྱས་ཀྱིས་མདོ་ཡི་ནང་དུ་གསུངས་ཡོད། འུ་ཚོའི་ས་ཆའི་མི་སྐྱ་ཕོ་མོས་སྡིག་པ་བྱེད་ཟེར་དུས་སྲོག་གཅོད་ཁོ་ན་ལ་གོ་བའི་ས་ཆ་ཡོད་དར། འགའ་རེས་སྡིག་པ་ཁས་ལེན་ཡིན་ཟེར་ཁུལ་བྱེད་དུས་གཡག་མཆུ་ལུག་མཆུ་བཅིང་རྒྱུ་སྤངས་པ་ལ་ཟེར་མཁན་ཡོད། ཡང་ས་ཆ་ལ་ལ་ཡིས་ནོར་ལུག་གསོད་པ་ལ་གཅེས་མིང་འདྲ་ཞིག་བཏགས་ཏེ་མ་ནི་བཏོན་བཏང་ཟེར་དར། དེ་གཅིག་བྱས་ན་དུད་འགྲོ་འཆི་ཁ་མའི་རྣ་བར་གཟུངས་སྔགས་བྱིན་རླབས་ཅན་ལན་གཅིག་བསྒྲགས་ན་ཕན་ཡོན་ཆེ་བ་ཡིན་ཡང་གཅིག་བྱས་ན་སྤྱན་རས་གཟིགས་ལ་ནོར་བུ་པདྨ་ཞེས་མཚན་ནས་བོས་ཏེ་སྙིང་རྗེའི་མངའ་བདག་གི་སྔུན་དེ་ནས་དེས་དགའ་ན་དེ་གྱིས་ཟེར་བ་ལྟ་བུ་ཞིག་གིས་མའི་སྔུན་ནས་ལྟོས་ཞེས་སྨྲས་ཏེ་བུ་བཤས་པ་ལྟ་བུ་ཞིག་ཏུ་འགྱུར་འགྲོ་ལས་ཆེ། འགའ་རེས་ལར་ནས་བསམ་བཞིན་དུ་སྲོག་བཅད་པ་མེད་ལ་ངས་སྲོག་ལར་ནས་བཅད་མ་མྱོང་། ལ་ལས་མང་པོ་མེད་ཅིང་སྡིག་པ་ཆུང་བསམ་རྒྱུ་མེད། སྔོན་གནས་རྗེས་དྲན་མེད་ཕྱིར་ཐོག་མེད་ནས་ཅི་ཞིག་བསགས་ཡོད་ཅི་ཤེས། ཚེ་འདིར་བསགས་པ་མང་ཆེ་བ་བརྗེད་ཚར་ཡོད། སྡིག་པའི་སྡིག་ངོ་མ་ཤེས་ན་ཁྱད་པར་དུ་ཞེ་ལ་མི་འདུག ད་ནངས་ནམ་ལངས་ནས་ཚུན་ཆད་ཀྱི་དེ་རིང་གི་བསམ་སྤྱོད་ཐམས་ཅད་ལོས་དྲན། དེ་ཐམས་ཅད་ཚུར་སློག་ནས་ཞིབ་བཤེར་རྩིས་ཁྲ་ཞིག་ཁོད་དང་། དགེ་སྡིག་ལུང་མ་བསྟན་གསུམ་ལས་གཞན་དུ་འགྲོ་ས་མེད་པས་གཤིན་རྗེ་ཆོས་རྒྱལ་གྱི་མདུན་དུ་ཐོན་སྐབས་རྡེའུ་དཀར་ནག་བརྩིས་པ་ལྟ་བུའི་ད་རེས་ཆོས་རྒྱལ་གྱི་ཚབ་དེ་ཉིད་རང་ཉིད་ཡིན་རྒྱུ་བྱེད་དགོས། ནམ་ལངས་ནས་ད་ལྟའི་བར་དུ་ཅི་བཤད་ཅི་དྲན་ཅི་ལས་ཡོད། ནམ་མ་ལངས་སྐེ་རགས་མ་བཅིངས་པའི་སྔོན་ཞིག་ནས་མི་དགེ་བསམ་ངན་གཡོ་འཕྲུལ་སྡིག་ལས་མང་པོ་ཞིག་དྲན་ཨེ་བྱུང་། མང་ཆེ་བ་སྡིག་པ་མི་དགེ་བ། ཕལ་ཆེ་བ་ནི་དགེ་སྡིག་ཅི་ལ་ཡང་མི་ཐེ་བའི་ལུང་མ་བསྟན། ཅིག་ཡོད་དུ་ཆུག་ཀྱང་ཟག་བཅས་ཀྱི་དགེ་བ། དགེ་སེམས་སྐད་ཅིག་མ་ཞིག་སྐྱེས་ཞེས་པ་དེ་དཀོན་པོ་ཡིན། མགོ་ཡར་བཀྱག་དུས་དང་མདང་མར་ཉལ་དུས་སྐྱབས་འགྲོ་རྡོག་མ་ཆ་རེ་ཁར་ཡོང་ཨེ་སོང་། དེ་རང་བློ་དག་པའི་སྤུས་དག་ལྟ་བུ་ཞིག་ཏུ་གྱུར་སོང་དང་མ་སོང་། དུག་དང་འདྲེས་པའི་ཁ་ཟས་དང་ཆུར་བའི་ནང་དུ་རྡོ་བསྲེས་པ་ལྟར་དུ་ཟ་བེད་མི་ཆོད་པར་གྱུར་སོང་ཨེ་ཡོད། དེ་དག་རང་རྒྱུས་རང་ལ་ཆེ་བ་ཡིན། ལྷ་དང་སྲུང་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་མ་གཏོགས་སུ་གཅིག་གིས་མི་རིག གོང་ནས་བཤད་པའི་མཆུ་བཅིངས་པ་དེ་ཉིད་སྡིག་པ་ཆེ་བ་སྟེ། སྲོག་གཅོད་གོང་ན་སྡིག་གཞན་མེད་ཀྱང་ཤ་ཟ་རྒྱུ་དང་པགས་གོན་རྒྱུ། དེ་མིན་ཡང་བཟའ་མི་མང་གི་ཁ་གསོ་རྒྱབ་འགེབས་ཀྱི་ལྟ་ས་ཞིག་ཡོད་པ་ཡིན། ལྟ་ས་ཁབ་ཅིག་མེད་པའི་དོན་མེད་སྡིག་ཆེན་འདྲ་བསགས་ཨེ་ཡོད། ལྟུང་བ་འབྱུང་བའི་སྒོ་བཞི་ཞེས་པ་མི་ཤེས་པ་དང་། མ་གུས་པ། བག་མེད་པ། ཉོན་མོངས་པ་མང་བ་རྣམས་ཡིན་པས་དེ་རྣམས་གང་གི་དབང་དུ་གྱུར་ནས་ཉེས་འགལ་སོང་ཡོད། སྡོམ་དང་དམ་ཚིག་འགལ་མཁན་ཚོས་ཅིས་ཀྱང་ཉམས་རྒྱུ་ཉམས་ཚར་སོང་། འགལ་རྒྱུ་འགལ་ཚར་སོང་བསམ་རྒྱུ་མེད། གཡག་གཅིག་བསད་པ་དང་གཡག་བརྒྱ་བསད་པའི་སྡིག་པ་གཉིས་འདྲ་ས་མི་འདུག དེ་བཞིན་དུ་ཉེས་ལྟུང་གང་ཡིན་ཡང་ཐེངས་རེ་བཞིན་དུ་གསོག་འགྲོ། ཕམ་ལྟུང་འབྱུང་ལ་ཉེ་བའི་ཆོས་མགོ་མི་ཐོན་པ་འདུག་བསམ་མཁན་ཚོས་སྡོམ་པ་ཕུལ་བཏང་ན་ཡག་ཅེས་ཟེར་བའི་རྒྱུ་མཚན་དེ་ཡིས་ཡིན། ཡིན་ཡང་འདུལ་བ་ཡུལ་དུས་དང་བསྟུན་ཆོག་ལ། དགེ་འདུན་འདུས་པའི་ཚོགས་དབུས་ནས་ཆོ་ག་བཞིན་དུ་ཕུལ་ནས་ཆོས་གོས་རྣམ་གསུམ་དེ་ཡང་ཡར་ཕུལ། བཤགས་སྦྱོང་གི་ཆད་ལས་སྒྲུབ་དགོས་མ་གཏོགས་ང་སོང་ཚར་ཞེས་ཆ་ཞིག་བཞག་སྟེ་རྒྱུག་འགྲོ་རྒྱུ་མི་འདུག་ཅེས་དེ་བཤད་པ་ཡིན། གལ་ཏེ་སྡོམ་པ་འབུལ་རྒྱུ་ཞིག་མེད་ཀྱང་སྡོམ་རོ་ཡར་ཕུལ་ཏེ་ཆོ་ག་བཞིན་དུ་ཕྱག་ལེན་ཁོར་ཡུག་འདི་ཚོ་ནས་དགོས་རྒྱུ་དེ་ཉིད་ཆོས་བཞིན་འདུལ་བ་བཞིན་དུ་ཆོས་ཁྲིམས་གཏན་ལ་ཕབ་པ་ཡིན་ཆགས་རེ། བཅོམ་ལྡན་འདས་ཀྱིས་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གསུངས་པ་དེ་ཉིད་ཐོག་མར་དགེ་སློང་བཟང་བྱིན་གྱིས་རིགས་བརྒྱུད་ཀྱི་ས་བོན་ཞིག་བཞག་པ་ཚུན་ཆད་ནས་ཕམ་ལྷག་བཅུ་བདུན་སྤངས་ལྟུང་སོར་བཤགས་ཉེས་བྱས་ཀྱི་སྡེ་ཚན་རིམ་པར་བཅས་ཡོང་བ་ཡིན། མཐའ་འཁོབ་ལ་ཀོ་ལྤགས་གནང་བ་དང་རུང་དང་མི་རུང་གང་ལ་ཉེ་ན་དེ་གྱིས་ཞེས་གསུངས་པ་དེ་ཚོ་ཡུལ་དུས་དང་བསྟུན་པའི་ཁུངས་རྒྱུ་མཚན་ཡིན། བཅས་དང་རང་བཞིན་གྱི་ཉེས་འགལ་གང་ཡིན་ཡང་སྡིག་པ་ཞེས་པ་དེ་འོ་ཟོའི་ནང་དུ་ཟོ་དྲེག་ཆགས་པ་ལྟ་བུ་མང་པོ་སོག་མ་སོང་བའི་གོང་དུ་བཤགས་དགོས། ཁྱད་པར་གསང་སྔགས་ཀྱི་དམ་ཚིག་དང་འགལ་མཁན་དེ་དག་འགལ། ཉམས། འདས། རལ་རྣམས་དུས་ཚོད་ཀྱི་རིམ་པས་ཕྱེས་ཡོད་པས་ལོ་གསུམ་འདས་ན་གསོ་མི་རུང་བར་འགྱུར་བ་དེ་ཚོ་ད་ལྟའི་སྐབས་སུ་འཇིག་རྟེན་མིའི་སྔུན་ནས་མིན་མདོག་བསྟན་ཆོག་ཀྱང་བཀའ་ཡི་སྲུང་མ་དམ་ཚིག་གི་གཉེར་འཛིན་ཚོས་ཆད་པ་མ་བཅད་ནས་མི་མངགས།

༼༤༽ སྦྱངས་འབྲས་བཤད་པ།

འུ་ཚོས་བཤད་རྒྱུ་བཞི་བ་སྡིག་པ་བཤགས་ནས་སྦྱངས་ཏེ་དག་སོང་བའི་སྦྱངས་འབྲས་དེ་ཉིད་ཇི་ལྟར་ཡིན་ཞེ་ན། ཟླ་བ་སྤྲིན་བྲལ་ལ་དཔེ་བཞག་ཡོད། ཟླ་བ་སྤྲིན་དང་བྲལ་བ་ལྟར་དུ་སྔར་བཞིན་དུ་སོས་རྒྱུ་ཡོད་པ་སྟེ། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུ་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་ཏེ་དཔེ་བཞག་ཡོད། ཆོས་འཇིག་རྟེན་གྱི་བྱ་བ་གང་བསྒྲུབས་ཀྱང་ཤེས་རབ་ཡོད་དགོས། མི་སྤྱང་པོ་ཡིན་དགོས། ལྷ་ས་པས་བཤད་པ་ལྟར་ན་མི་གྲུང་པོ་ཡིན་དགོས་མ་གཏོགས་ཐབས་ལ་མ་མཁས་ན་བྱ་བ་གང་ཡིན་ཡང་ཉེས་འགྲོ། ཅི་ཞིག་ལ་ཐུག་ཀྱང་ཕག་སྣ་བྲག་ལ་ཐུག་པ་ལྟ་བུར་འགྱུར་འགྲོ། ལྕགས་ཀྱི་རི་ལུ་ཆུང་ཆུང་ཞིག་ཡིན་ཡང་ཆུ་ནང་དུ་འཕངས་ན་ཆུ་འོག་ཏུ་གཏིག་འགྲོ། ལྕགས་ཐོ་ཆེན་པོ་ཞིག་ཡིན་ཡང་སྲབ་མོར་བྱས་ཤིང་བརྡུང་སྟེ་སྦྲང་གཤོག་ལྟ་བུར་བྱས་ནས་ཆུའི་ཁར་ཞོག་དང་ཆུའི་ཁར་ལྡིང་སྟེ་ཆུ་ནང་དུ་གཏིག་པ་མ་ཡིན། སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་ན་དག་པ་སྡིག་པའི་ཡོན་ཏན་ཡིན་ཞེས་པ་དེ་ལྟ་བུ་ལ་དགོངས་ཏེ་གསུངས་པ་ཡིན་པས་མདོར་ན་སྡིག་པས་སྒྲིབ་ཤོར་བ་དེ་ཉིད་སོ་སོ་སྐྱེ་བོ་ཡིན་ཕྱིར་ཁག་མེད་ཀྱང་སྡིག་པ་བྱས་ཚར་བའི་རྗེས་སུ་བཤགས་པ་བྱེད་པ་དེ་ཉིད་རང་ལག་ཡིན་པས་དེ་ལ་གཟབ་དགོས།

ང༽ ཡི་རང་བའི་ཡན་ལག

འུ་ཚོས་ཡན་ལག་བདུན་པ་འཆད་ཀྱིན་ཡོད་པས་ད་ཡན་ལག་བཞི་བ་དེ་དགེ་ལ་རྗེས་སུ་ཡི་རང་ཡིན་ལ། རྒྱུ་ནོར་རྫས་ཀྱི་གཏོང་སྒོ་བྱེད་མི་དགོས། ཚེགས་དཀའ་ལས་ཀྱི་ཤུགས་རྒྱག་མི་དགོས། བསམ་བློ་གཏོང་ལུགས་ཤིག་གིས་ཚོགས་རླབས་ཆེན་དེ་མ་ཐག་ཏུ་འདུམ་འགྲོ་བ་དེ་ཉིད་ཡི་རང་ཡིན། མདོ་སྡུད་པའི་ནང་དུ། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟར་མིན། །ཞེས་གསུངས་ཏེ། རིའི་རྒྱལ་པོ་རི་རབ་སྲང་རྒྱ་མར་བཀྱགས་ནས་ལྗིད་ཚད་མ་དགོས་དང་འུ་ཚོའི་མིག་སྔ་ན་ཡོད་པའི་གངས་རི་རྫ་རི་འདིའི་རི་ཕྲན་གཅིག་གི་ལྗིད་ཚད་གྲངས་ཀྱིས་བགྲང་རྒྱུ་ལོན་ས་མི་འདུག་བསམ་རྒྱུ་ཞིག་ཡིན་ལ། སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་ལ་མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་དེ་སྲང་ལ་བཀྱགས་ནས་ཚད་བཟུང་བ་དེ་ཉིད་ནུས་ཀྱང་ཡི་རང་ཁེ་རུ་མ་ཞིག་བྱས་པའི་དགེ་བའི་ཚད་དེ་གཞལ་མི་ནུས་ཞེས་གསུངས་ཡོད། དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོའི་ནང་དུ་གསུངས་པ་ཡིན། ཚད་མར་གྱུར་པའི་སྟོན་པའི་བཀའ་ལུང་ཡིན། སྔར་སྟོན་པ་བཅོམ་ལྡན་འདས་འཇིག་རྟེན་དུ་ཞལ་བཞུགས་དུས་རྒྱལ་པོ་ཆེན་པོ་གསལ་རྒྱལ་ཞེས་པ་དེས་སྟོན་པ་འཁོར་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཏེ་ཉིན་གུང་གི་གུང་ཚིགས་དྲངས། ཚོགས་བསགས་རྒྱ་ཆེན་པོ་བྱས། འབུལ་བ་རྒྱ་ཆེན་པོ་ཕུལ། དེའི་ཡོན་བསྔོ་གསུངས་པའི་སྐབས་སུ་རྒྱལ་པོ་ཆེན་པོ་ཞེས་གསུངས་ཏེ་དེ་རིང་གི་ཡོན་བསྔོ་དེ་ཁྱོད་ལས་དགེ་བ་བསགས་སྟོབས་ཆེ་བ་ཞིག་ཡོད་ཅིང་དེ་ལ་བསྔོ་དང་ཁྱོད་ལ་བསྔོ་ཞེས་གསུངས་པ་ལ། རྒྱལ་པོས་ང་བས་བསགས་སྟོབས་ཆེ་བ་དེ་ལ་བསྔོ་བ་མཛོད་ཅེས་ཞུས་པ་ཡིན། དེ་སུ་ཡིན་ཞེ་ན་དབུལ་མོ་གྲོང་ཉུག་མ་ཞེས་པ་སྤྲང་ཟས་ཀྱིས་ཁ་གསོ་བ་དེ་ལྟ་བུ་ཞིག་གིས་རྒྱལ་པོས་བསོད་ནམས་བསགས་པ་ལ་ཡི་རང་བྱས་པ་དེ་ལ་ཡོན་བསྔོ་མཛད་པ་ལྟ་བུ་ཡིན། ཀུན་མཁྱེན་འཇིགས་གླིང་གིས། སྦྱོར་བ་གང་གིས་བདག་ཉིད་མ་འཁྲུགས་བཞིན། །བསམ་པ་ཁྱད་པར་གཅིག་གིས་གཞན་དག་པའི། །རྣམ་དཀར་ཡུད་ལ་འཕྲོག་པའི་ཆོམ་རྐུན་གྱི། །བརྟུལ་ཞུགས་རྗེས་སུ་ཡི་རང་ཁོ་ནས་བྱས། །ཞེས་གསུངས་ཏེ། གཞན་གྱི་རྣམ་དཀར་གྱི་དགེ་ལས་ཆེན་པོ་རང་ཉིད་ཀྱིས་ལུས་སེམས་འཁྲུགས་པའི་དཀའ་ལས་ཆེན་པོ་མ་དགོས་པར་ཆུང་ཆུང་ཤ་རྩ་ཞིག་དངུལ་མ་དགོས་པར་ཐོབ་པ་དེ་ཉིད་འཕྲོག་ཅེས་སྙན་ངག་གི་ཚིག་རྒྱན་སྦྱར་ཏེ་གསུངས་པ་ལྟར་དུ་ཡིན། འདིའི་ཤུགས་ལས་ཅི་ཞིག་གོ་ན། གཞན་གྱི་དགེ་བ་ལ་ཕྲག་དོག་བྱེད་པ་དང་། དེ་ལ་ཟོལ་གྱིས་སྨད་པའམ་དངོས་སུ་སྨོད་པའི་གཞན་དག་གི་དགེ་བ་དེ་ལ་བརྟེན་ཏེ་རང་ཉིད་ཀྱིས་བསོད་ནམས་མ་ཡིན་པར་བཀོད་པའམ་སྡིག་ཅན་དུ་འགྱུར་རྒྱུ་ཡང་ཤུགས་ནས་གོ་ཐུབ།

ཅ༽ ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག

དེ་ཡིས་ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་རྗེས་སུ་ཡི་རང་བཞི་སོང་ལ། ལྔ་བ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ཡིན་ཞིང་། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱ་གར་རྡོ་རྗེའི་གདན་ནས་སྲོད་ལ་བདུད་བཏུལ། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་སྐབས་ན། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ་ཆོས་མ་བསྟན་ནས་བཞུགས་ཡོད་པའི་གནས་སྐབས་སུ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཞིག་དང་། བརྒྱ་བྱིན་གྱིས་སྐྱེ་བ་ལྔ་བའི་ཆོས་དུང་ཞིག་ཕུལ་ཏེ་ཆོས་འཁོར་བསྐོར་བར་བསྐུལ་བའི་གསོལ་བ་བཏབ་ནས་དམ་པའི་ཆོས་ཀྱི་བདུད་རྩིའི་ཆར་འཇིག་རྟེན་ན་ཕབ་པ་བཞིན་དུ་ད་ལྟའི་སྐབས་རྒྱལ་གསུང་བཀའ་དང་དགོངས་འགྲེལ་གྱི་གླེགས་བམ་འཆད་ལུང་གི་རྒྱུན་དང་བཅས་པ་འགའ་ཞིག་བཞུགས་ཀྱང་དགོས་པའི་དབང་གིས་དྲང་ངེས་ཀྱི་ཚུལ་སྣ་ཚོགས་ཀྱིས་གསུངས་ཡོད་པ་དེ་ཉིད་མདོ་ཐམས་ཅད་མཐའ་དྲུག་དང་། རྒྱུད་ཐམས་ཅད་ཚུལ་བཞིའི་ལྡེ་མིག་གིས་ཕྱེ་ཐུབ་པ་ཞིག་མེད་ན་དགོངས་པ་ཇི་བཞིན་དུ་ལེན་དཀའ་ནས་ཕྱོགས་རིས་ཅན་གྱིས་རང་ལུགས་འཇོག་མ་ཤེས། རིས་མེད་ཡིན་ཟེར་མཁན་ཚོས་ར་ལུག་རྩམ་ཕྱུར་བསྲེས་པ་ལྟ་བུ་བྱས། མདོ་ལུགས་ཀྱི་གྲུབ་མཐའ་རྣམ་བཞི། སྔགས་ལུགས་ཀྱི་རྒྱུད་སྡེ་གོང་འོག བོད་ཀྱི་བཤད་བརྒྱུད་དང་སྒྲུབ་བརྒྱུད། ཡོད་ན་ཡོད་ཚད་ཀྱི་ལྟ་སྒོམ་སྤྱོད་པ་རང་ལུགས་ལ་ཇི་བཞིན་དུ་འཇོག་མ་ཤེས་ནས་བལ་ཛ་ལྟར་སྣོག་བསལ་དཀའ་བ་སྟེ་བལ་འཛིང་བཞིན་དུ་སྣོག་བསལ་རྒྱུ་མེད་པའི་དུས་ཚོད་འདིར་རྨོངས་པའི་མིག་འབྱེད། རབ་རིབ་ཀྱི་དྲི་མ་སེལ་ནུས་པའི་དགེ་བའི་བཤེས་གཉེན་མཇལ་རྒྱུ་ཡོད་ན་དེ་ལ་ཆོས་འཁོར་བསྐོར་བར་བསྐུལ་བ་བས་བསོད་ནམས་ཆེ་ཞིག་ཡོད་དཀའ་བ་དེ་ཉིད་འུ་ཚོས་དཔག་ན་ཡང་ཤེས་རྒྱུ་ཅན་ཞིག་ཡིན། ཡིན་ན་ཡང་དེ་འདྲ་ཞུ་ས་མི་འདུག་ཅིང་དེའི་བསོད་ནམས་དེ་དེང་སང་གསོག་ཐབས་མི་འདུག་བསམ་མི་དགོས་ཏེ། རྒྱལ་སྲས་ཞི་བ་ལྷས། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་གསུངས་པ་ལྟར་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་རྒྱལ་བ་སངས་རྒྱས་ནས་ཆོས་འཁོར་བསྐོར་བར་གདུལ་བྱས་བསྐུལ་བའི་རྟེན་འབྲེལ་སྒྲིག་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་མི་གསུང་ནས་བཞུགས་པ་ཇི་ལྟར་མེད། རང་ལ་གསོལ་བ་འདེབས་པའི་ནུས་པ་ཡོད་ན་རྒྱལ་བ་སྲས་བཅས་ལ་མཁྱེན་ཅིང་གཟིགས་པའི་ཡོན་ཏན་དང་ཕྲིན་ལས་ལ་ཆགས་ཐོགས་མི་སྲིད། དེ་ཚོ་བསྒྲུབས་ན་འགྲུབ་རྒྱུའི་དགེ་རྩ་རླབས་ཆེན་ཡིན་འདུག ཅི་ཞིག་ཡིན་ན་གོང་ཞིག་ནས་བཤད་པ་ལྟར་ཕག་སྣ་བྲག་ལ་ཐུག་པ་ལྟ་བུ་ཐོགས་འགྲོ་ས་མེད་པར་ལག་པ་ཐོགས་ནས་འདེད་འདུག་མི་དགོས།

ཆ༽ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག

ཡན་ལག་དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ཡིན་ལ། འདི་ལ་ཀུན་མཁྱེན་འཇིགས་གླིང་གིས། རྒྱལ་དང་དེ་སྲས་རྣམས་ཀྱིས་སྤངས་གྱུར་པའི། །འགྲོ་འདིས་སྡུག་བསྔལ་གནས་སྐབས་བསྟེན་མཐོང་ནས། །མྱ་ངན་འདའ་བ་མེད་པའི་གདན་ཁྲི་ལ། །དངོས་པོ་ཀུན་གྱི་རིན་ཐང་གཅིག་ཏུ་སྤུངས། །ཞེས་གསུངས་ཤིང་། དེང་སང་གི་དུས་འདིར་རྒྱལ་བའི་རྒྱལ་ཚབ་བླ་མ་ཡིན་ལ། དེ་ཡང་དགེ་བའི་བཤེས་གཉེན་གྱི་གཟུགས་སུ་བྱོན་ནས་གདུལ་བྱའི་བློ་དང་འཚམས་པའི་ཆོས་སྟོན་པ་པོ་དང་། རྒྱལ་བའི་མཛད་པ་སེམས་ཅན་གྱི་གཞན་དོན་ཡིན་པས་ན་དངོས་ཤུགས་བརྒྱུད་གསུམ་ནས་སེམས་ཅན་ལ་ཕན་བདེ་སྦྱིན་པའི་སྐྱེས་མཆོག་དམ་པ་གང་ན་སུ་བཞུགས་ཐམས་ཅད་ལ་དངོས་སམ་བརྒྱུད་ནས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་དགོས། སྟོན་པ་བསྟན་འཛིན་གྱི་སྐྱེས་བུ་མ་བཞུགས་དུས་དེའི་བསྟན་པ་ཡང་རང་བཞིན་གྱིས་ཉམས་པར་འགྱུར་བ་ཡིན་པས་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་ལྟ་བུ་སྟེ། སྟོན་པ་འཇིག་རྟེན་མིག་ནི་ཟིམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡིས། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །ཞེས་གསུངས་པས་རང་བསྟན་རང་གིས་བཤིག་ཅིང་བསྟན་བཤིག་ལག་དམར་ནང་ནས་འབུད་པའི་དུས་འདིར་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བསྟན་མི་ནུབ་ཡུན་གནས་ཀྱི་ཆེད་དུ་བསྟན་འཛིན་གྱི་སྐྱེས་བུ་རེ་རེ་ཡིན་ཡང་མྱ་ངན་ལས་མི་འདའ་བར་བཞུགས་གསོལ་འདེབས་པ་དང་ལྷན་དུ་རང་ངོས་ནས་ཡིན་ན་ལོག་སྒྲུབ་སོགས་ཀྱིས་ཐུགས་སུན་པར་འགྱུར་བའི་བྱ་བ་སྒྲུབ་མི་ཉན། ཐུགས་སུན་པར་འགྱུར་བའི་བྱ་བ་མི་སྒྲུབ་ཅིང་གཞན་དག་བསམ་སྦྱོར་ལོག་པ་དེ་འདྲ་བའི་རིགས་ལ་འདུལ་བའི་ཆོས་སྐད་བྱས་ན་ཤད་སྦྱངས་ཏེ་གང་འཐད་ཅི་ནུས་ཀྱིས་དེ་ལས་ལྡོག་ནུས་ན་ལྡོག་དགོས། ལྡོག་མ་ནུས་ཏེ་རང་ལ་དེའི་ནུས་པ་མེད་ན་ཡང་རང་ཉིད་དེ་འདྲ་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ། སྔོན་དགེ་བསྙེན་ཙུན་དས་སྟོན་པ་སངས་རྒྱས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་ནས་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པ་ལྟ་བུ་བྱུང་ན་རབ་ཡིན་ཞིང་། དེ་མིན་ཡང་རང་ངོས་ནས་འགྱོད་པ་མེད་པའི་གནས་བཟང་པོ་བྱས་པས་བློ་བདེ་བས་མི་ཚད་བསོད་ནམས་རླབས་ཆེན་ཐོབ་ངེས་པ་དེ་ལྟར་ཡིན། འདིའི་མཚམས་ནས་བདུན་པ་བསྔོ་བའི་ཡན་ལག་ཡིན་ལ། དུས་ཚོད་ཀྱི་དབང་གིས་དེ་རིང་བཤད་ཐུབ་ས་མ་རེད། ཆུ་ཚོད་ཀྱང་ཡུན་རིང་ཞིག་སོང་ཚར་འདུག དང་པོའི་འཆར་གཞི་ལ་ཉིན་གཉིས་པ་ལ་ཤོ་ལོ་ཀ་བཞི་བོའི་ནང་གི་བར་གྱི་ཤོ་ལོ་ཀ་གཉིས་ཀ་བཤད་འཆར་ཡིན་ཡང་དེ་རིང་འུ་ཚོས་དཔག་ཡས་དགེ་བའི་རྩ་བ་ཡོངས་བསྐྱེད་ཤོག་ཅེས་པའི་མཚམས་འདི་ནས་འཇོག་དང་སྐྱོན་མི་འདུག འདི་ཡན་ཆད་ཀྱིས་ཁ་རྩང་དེ་རིང་གི་ཉི་མ་གཉིས་ཀ་ལ་རྩ་བའི་སྤྱི་ཆིངས་ཀྱི་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དང་གྲོགས་ཏེ་སྔ་མ་གསུམ་པོ་སོང་ཞིང་། བསྔོ་བ་འདི་སྨོན་ལམ་དང་སྦྲེལ་ཏེ་རྒྱུ་བཞི་བའི་སྐབས་སུ་བཤད་ན་ཡང་འབྲེལ་ཆེ། འདིའི་ཡན་གྱི་བསགས་སྦྱོང་གི་ཡན་ལག་འདི་དག་གནད་གཅིག་བས་གཅིག་ཆེ་ཡིན། ཕྱག་འཚལ་བ་འདི་ང་རྒྱལ་གྱི་གཉེན་པོ་དང་སྒྲིབ་སྦྱོང་གི་མཆོག་ཡིན། སྒྲིབ་པ་དག་རིམ་གྱིས་ཚོགས་ཀྱང་རང་ཤུགས་ཀྱི་རྫོགས་པའི་ཕྱིར་ན་ཚོགས་བསགས་སྒྲིབ་སྦྱོང་གཉིས་ཀའི་ཐབས་ཁྱད་པར་ཅན་ཡིན། མཆོད་པ་འདི་སེར་སྣའི་གཉེན་པོ། དངོས་འབྱོར་གྱི་མཆོད་པ་བྱང་སེམས་ཁྱིམ་པའི་རིགས་ལ་གཙོ་བོར་གོ་ཆོག་རྒྱུ་དང་། རབ་ཏུ་བྱུང་བ་སྦྱངས་ཡོན་ལ་གནས་པ་ཞིག་གིས་དམ་པའི་ཆོས་འཛིན་རྒྱུ་དེ་ཉིད་མཆོད་པ་ཐམས་ཅད་ཀྱི་མཆོག་ཡིན། མཆོད་པ་འབུལ་བ་འདི་རྒྱལ་བ་དགྱེས་པའི་ཐབས་ཡིན། རྒྱལ་བ་དགྱེས་པའི་ཐབས་རྒྱལ་བ་མཉེས་པར་བྱེད་པའི་ལས་ཤིག་གི་ནང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གཅིག དམ་པའི་ཆོས་འཛིན་པ་དང་གཉིས། སེམས་ཅན་ལ་སྙིང་རྗེ་སྒོམ་པ་དང་གསུམ། ཆོས་ཉམས་ལེན་བྱས་ནས་སྒྲུབ་པ་སྙིང་པོར་འཛིན་པ་དང་བཞི་བོ་དེའི་ཡན་གྱི་མཆོད་པ་ཞིག་མེད། མཆོད་པ་མཆོག་ཏུ་གྱུར་པ་དེ་བཞི་བོ་ཡིན། དེའི་ནུས་པ་མེད་ན་བདུན་ཚར་ཀོང་བུ་ལ་མི་བརྟེན་ཀ་མེད་ཡིན། ད་ལྟའི་རྣམ་རྟོག་རང་ག་མ་འདི་ཡོད་པའི་རིང་ལ་ཆེ་འབྱོར་ཆུང་འབྱོར་གྱིས་ཟང་ཟིང་རྫས་ཀྱི་མཆོད་པ་ལ་འབད་དགོས། གོང་གི་དམ་པའི་ཆོས་འཛིན་པ་དང་ཆོས་སྒྲུབ་པའི་མཆོད་པ་གཉིས་ཀ་གཅིག་མ་ཡིན་ནམ་སྙམ་ན། དམ་པའི་ཆོས་འཛིན་ཞེས་པ་གཙོ་བོ་ལུང་གི་ཆོས་འཆད་རྩོད་རྩོམ་པས་འཛིན་པ་དང་། འོག་གི་དེ་རྟོགས་པའི་ཆོས་སྒྲུབ་པ་ཉམས་ལེན་གྱིས་འཛིན་པའི་ཁྱད་པར་དེ་ལྟར་ཕྱེ་དགོས། བཤགས་པའི་ཕན་ཡོན་གོང་ནས་ཀྱང་རྒྱས་བཤད་བྱས་པ་ལྟར་སྤྱིར་ན་བཤགས་པ་ཚུལ་བཞིན་དུ་བྱས་ན་ཉེས་སྒྲིབ་དག་ནས་སོར་ཆུད་པ། ཁྱད་པར་དུ་བྱང་ཆུབ་སེམས་དང་འབྲེལ་ན་སྡིག་པ་ཆེན་པོ་དེ་ཉི་མས་ཁ་བ་བཞུས་པ་ལྟར་ཇེ་སྲབ་ནས་ཇེ་སྲབ་ཏུ་འགྲོ། སྡིག་པ་ཆུང་ཆུང་དེ་ཉི་མས་བ་མོ་བཞུས་པ་ལྟར་རྩ་མེད་དུ་འགྲོ། དེའི་སྟེང་དུ་སྟོང་ཉིད་ཀྱི་ལྟ་བ་བསྒོམས་ན་མཚམས་མེད་བྱས་པ་ཡང་སྐད་ཅིག་གིས་བྱང་བར་མདོ་ལས་གསུངས། རྗེས་སུ་ཡི་རང་གི་དགེ་བ་ལ་མངོན་རློམ་དང་ཞེན་པ་ཆུང་ངུས་ཀྱང་དགེ་རྩ་ལྷད་མེད་ཁྱད་འཕགས་སུ་འགྱུར་ཐུབ་དཀའ་བས་དགེ་རྩ་ལྷད་མེད་ཁྱད་འཕགས་སུ་འགྱུར་རྒྱུ་ལ་མངོན་རློམ་དང་ཞེན་པ་མ་ཞུགས་པ་ཞིག་དགོས། ཆོས་འཁོར་བསྐོར་བར་བསྐུལ་བས་ཞོར་དུ་ཆོས་སྤངས་པའི་ཉེས་པ་འདག་པ་དང་། ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་འཛིན་པར་འགྱུར་བའི་ཕན་ཡོན་དང་ལྡན་པ་ཡིན། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པའི་རྒྱུ་མཐུན་གྱི་འབྲས་བུ་ལ་གསོལ་བ་འདེབས་པོ་བདག་རང་ཉིད་ཀྱང་དུས་མ་ཡིན་པའི་འཆི་བའི་མཚན་མ་མཐོང་བ་ཡང་ལྡོག་པར་འགྱུར་བ་ཡིན་ཞེས་གསུངས། འདིའི་མཚམས་ཀྱི་རྣམ་པ་སུ་ཡིན་ན་གཅིག་གིས་མགུར་ཞིག་འཐེན་དང་དེ་ནས་འུ་ཚོས་བསྔོ་བ་བྱེད། ༈ ༼ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་གསུངས་པའི་གསུང་མགུར་ལེགས་པ་དྲུག་གིི་གླུ་ཆུང་འདི་ལྟར་ཏེ། དཔལ་རྡོ་རྗེ་འཆང་ཆེན་བླ་མ་དང་། །མགོན་རིག་འཛིན་འདུས་པ་རྒྱ་མཚོ་ལ། །བདག་སྙིང་ནས་གུས་པས་གསོལ་བ་འདེབས། །བློ་ཆོས་སུ་འགྱུར་བར་བྱིན་གྱིས་རློབས། །དེང་གསོན་དང་ཆོས་འདོད་གྲོགས་པོ་རྣམས། །དགྲ་འདུ་འཛིའི་ཐག་པ་མ་བཅད་ན། །ཆོས་རྣམ་དག་འགྲུབ་པ་དཀའ་མོ་གདའ། །དོན་དེ་ཕྱིར་ཚུལ་འཆོས་སྤངས་ན་ལེགས། །ལར་དམ་པའི་རྗེས་སུ་སྙེགས་པ་ལ། །ངེས་འབྱུང་དང་སྐྱོ་ཤས་དྲག་པོ་ཡིས། །འཁོར་བ་ལ་གཏིང་ནས་ཞེན་ལོག་དགོས། །དོན་དེ་ཕྱིར་དབེན་པ་བརྟེན་ན་ལེགས། །དུས་ད་ལྟ་ཉིད་ནས་ལྷ་ཆོས་ལ། །སེམས་ཐེ་ཚོམ་མེད་པར་མ་འབད་ན། །ཕྱི་བཤོལ་གྱིས་སྒྲུབ་ལ་འགྲུབ་དུས་མེད། །དོན་དེ་ཕྱིར་བློ་སྣ་བསྟུང་ན་ལེགས། །གཉེར་སྒྱུ་མའི་བསླུ་བྲིད་ཡིན་པ་དེ། །ཤེས་བཞིན་དུ་རང་ཐག་མ་བཅད་ན། །མི་གཞན་ཟེར་ཉན་ན་རང་སྐལ་ཆད། །དོན་དེ་ཕྱིར་ངོ་བསྲུང་བཞག་ན་ལེགས། །དུས་རྟག་ཏུ་རང་གིས་རང་རྒྱུད་ལ། །དཔྱད་ནས་སུ་བླང་དོར་མ་བྱས་ན། །རྒྱུད་གྱོང་པོ་འདི་ལ་ཐུལ་དུས་མེད། །དོན་དེ་ཕྱིར་མཛུབ་མོ་ནང་བཀུག་ལེགས། ལར་དུས་དང་རྣམ་པ་ཐམས་ཅད་དུ། །རང་ཆེ་རློམ་མཐོ་རློམ་མ་བྱེད་པར། །ལུས་དམན་ས་ཅི་ཟིན་བྱེད་བཞིན་དུ། །ཁ་ཞེ་གཉིས་ཨེ་མཐུན་བརྟགས་ན་ལེགས། །དེའི་ཕྱིར་ན་རང་རྒྱུད་རང་ཉིད་ཀྱིས། །མ་བཏུལ་ན་གཞན་གྱིས་འདུལ་བར་དཀའ། །ཚུལ་དེ་ལ་བསམ་ན་སྔོན་བྱོན་གྱི། །གྲུབ་ཐོབ་བཞིན་དབེན་པར་དཀའ་སྤྱད་མཛོད། །དོན་ལེགས་པ་དྲུག་གི་གླུ་ཆུང་འདི། །ལས་དགེ་ལ་བརྩོན་པའི་རྣལ་འབྱོར་པར། །སྤྲང་གྱི་ནར་གནས་པའི་སྙོམ་ལས་མཁན། །མིང་གཞན་ཕན་མཐའ་ཡས་དེ་ཡིས་གདམས། །༽ མགུར་ཞིག་ཡིན་ཚད་པོ་དེ་ནང་དོན་གཅིག་འདྲ་ཁོ་ན་མ་རེད། རང་རང་གི་རྒྱུད་ཚོད་དང་མཐུན་པའི་མགུར་འཐེན་ཆོག་ཅིང་། མི་སྐྱ་ཕོ་མོ་རྣམས་ཀྱིས་གཙོ་བོ་བླ་མ་རྒྱང་འབོད་ཀྱི་རིགས་དང་། མི་རྟག་འཆི་བའི་དྲན་སྐུལ། དབེན་པའི་གནས་ཀྱི་ཡོན་ཏན། ཁྱད་པར་དུ་འདས་ལོག་རྣམས་ཀྱི་ནང་གི་ཤི་བོའི་ཆ་བསྐུར། བར་སྲིད་སེམས་ཅན་གྱི་སྐྱོ་གླུ། ཕ་མ་སློབ་དཔོན་དྲན་མགུར། དེ་ཚོ་ལོངས་དང་རང་གི་བློ་དང་འཚམས་པ་ཡིན་ཤས་ཆེ་ཞིང་། རང་གིས་མི་ཚད་གཞན་ལའང་ཕན་ཐོགས་འབྱུང་བ་ཡིན་པས་ཡིག་ངོ་ཤེས་ཚད་པོས་མགུར་རེ་འཐེན་ཐུབ་ན་བཟང་། ཡིག་ངོ་མ་ཤེས་ཀྱང་གཞན་གྱིས་ཁ་བསླབ་ཀྱིས་བློར་ལེན་ཆོག་ལ། དེ་མིན་ཡང་དགེ་བ་སྒྲུབ་ཐབས་སྣ་ཚོགས་ཡོད་ཅིང་། ལོ་ཉུང་རྣམས་ཟོག་ལུག་གི་རྫི་བོ་དང་སྨན་རིགས་རེ་རྐོ་སར་འགྲོ་དུས་རི་མགོ་མཐོན་པོའི་རྩེ་ནས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་མ་ཎིའི་མགུར་དབྱངས་རེ་འཐེན་དང་སེམས་ཅན་མང་པོའི་རྣ་ལམ་དུ་ཐོས་སོང་ན་ཆོས་སྦྱིན་དུ་འགྱུར་འགྲོ། མཐར་རང་ཉིད་སངས་རྒྱས་ཐོབ་པའི་དུས་ན་སེམས་ཅན་དེ་དག་འཁོར་གྱི་ཐོག་མར་གྱུར་ཏེ་ཆོས་འཁོར་སྐོར་བའི་རྟེན་འབྲེལ་གྱི་རྒྱུ་ཚོགས་དེ་འདྲ་ཡན་ཆད་ཀྱིས་གསོག་ཐབས་ལོས་ཡོད། དྲན་དང་ཤེས་བཞིན་བག་ཡོད་གསུམ་པོ་དང་དུས་རྒྱུན་དུ་མི་འབྲལ་བར་བྱེད་རྒྱུ་དེ་གལ་ཆེ། ཆོས་སྒྲུབ་པའི་ཐབས་དང་འགྲུབ་པའི་ཐབས་ཡིན། དྲན་ཞེས་པ་བླང་དོར་མི་བརྗེད་པའི་དྲན་པ་དང་། སྒོ་གསུམ་ཡེངས་མ་ལམ་དུ་མི་འགྲོ་བའི་ཤེས་བཞིན། དེ་འཕྲོས་ལེགས་སྒྲུབ་ཉེས་སྤོང་གི་བག་ཡོད་པ་གསུམ་དང་མ་བྲལ་བའི་སྒོ་ནས། གཞན་གནོད་གཞི་དང་བཅས་པ་སྤོང་ཆེ་ཐུབ་ཆུང་ཐུབ་ཀྱི་སྟེང་དུ། གཞན་ཕན་གཞི་དང་བཅས་པ་སྒྲུབ་གང་ཐུབ་ཅི་ཐུབ་བྱས་ན་སོར་སྐྱེ་ཡིན་པའི་དབང་གིས་ཐོག་མ་ཉིད་ནས་ཉེས་འགལ་མི་ཤོར་བ་ཞིག་ཅི་ལ་ཐོན་ཡང་རིམ་གྱིས་རིམ་གྱིས་གོམས་སོང་ན་སྐྱེས་བུ་ཆེན་པོའི་ལམ་ལ་སློབ་ཐུབ་པ་ཡིན། ངན་པའི་ལས་ལམ་དེ་སྤང་ཅི་ཐུབ་དང་། བཟང་པོའི་ལས་ལམ་ལ་འབད་པ་ཆེར་བསྐྱེད་ཀྱི་གོམས་པ་སྐྱེ་ཐབས་དེ་རང་གིས་བྱེད་དགོས། དེ་རང་གིས་མ་བྱས་ན་རང་གར་ཤི་དུས་བདེ་བ་ཅན་དུ་རང་འབྱར་འགྱུར་དཀའ་བ་ཡིན། དེ་ལྟར་ཡིན་པའི་ཕྱིར་ན་དགེ་སྒྲུབ་སྡིག་སྤང་དེ་རང་གིས་གཟབ་རྒྱུ་དེ་གལ་ཆེ། དགེ་སྒྲུབ་སྡིག་སྤང་བྱེད་པའི་ཐབས་དང་ལྡན་པ་དེ་ཤེས་དགོས། དེ་འཕྲོས་ད་ལོའི་འུ་ཅག་གི་ཚོགས་འཁོར་དེ་རིག་འཛིན་ཡུམ་ཀའི་སྒྲུབ་ཁོག་གིས་གཞུང་བསྲངས་ཏེ་གཏེར་བུམ་སྒྲུབ་པའི་ལྷན་ཐབས་ཤིག་དང་སྦྲེལ་ནས་གཡང་སྒྲུབ་འདོགས་འཆར་ཡིན་ལ། ན་ནིང་ཚེ་སྒྲུབ་བྱས་པ་ཡིན་ལ། ད་ལོ་གཡང་སྒྲུབ་ཀྱི་རེས་ལ་བབ་པ་ཡིན། དེས་ན་སྡེ་བ་སོ་སོའི་དཔོན་རིགས་རྣམས་ཀྱིས་འགན་ཁུར་ཏེ་དེའི་ཉིན་པར་རང་སྡེའི་གཡང་རྟེན་གྱི་རིགས་དཀྱིལ་འཁོར་གྱི་ནང་ལ་ཞོག གཡང་གཏད་ཀྱི་ཕྱག་ལེན་ལ་ད་ལོའི་སྦྱིན་བདག་མདའ་བཞི་སྡེ་བའི་དཔོན་རིགས་རྣམས་ཀྱིས་ད་ལོ་ཚང་མའི་ཚབ་བྱེད་རྒྱུ་ཡིན། མདའ་བཞི་གཡང་སྡེ་ཕྱུག་མོ་མིང་དང་དོན་མཚུངས་པའི་རྟེན་འབྲེལ་འགོ་ནས་འགྲིགས་ཏེ་དགེ་འདུན་པའི་གསོལ་རྒྱུ་དྲང་འདྲེན་དང་མཆོད་པ་མཆོད་འབུལ་གྱི་ཐད་ནས་དེ་ཡན་མི་དགོས་པར་གྱུར་འདུག ངོ་མས་བཤད་ན་སྡེ་བ་ཆུང་ཆུང་ཞིག་ཡིན་ཞིང་། སྡེ་ཤོག་ཆེ་བ་ཞིག་གི་ཁ་ཡ་ཡོང་དཀའ་ལས་ཆེ་བསམ་རྒྱུ་ཞིག་ཡིན་ཡང་ན་ནིང་གི་མཚོ་ཁྲི་ཀླུ་ཕྱུག་དང་འདྲ་འདྲར་གྱུར་འདུག བྱ་བ་འགྲུབ་དང་མི་འགྲུབ་ཟེར་རྒྱུ་དེ་ཡང་སེམས་ཤུགས་ཆེ་ཆུང་དང་ལྷག་བསམ་དག་དང་མི་དག་གིས་ཡིན་འདུག འདིའི་རྗེས་སུ་འབམ་ཁོག་སྡེ་བའམ་འབམ་ཐ་སྡེ་བས་ཡིན་གཅིག་མིན་གཉིས་ཁོང་སྡེ་བས་འཚོག་དགོས། གྲ་སྒྲིག་ཆ་ཚང་བྱས་ཚར་སོང་ཟེར། ལྷ་སའི་སྐད་ལྟར་ན་ཨང་སར་བྱས་ཚར་ལྟ་བུ་ཡིན། ན་ནིང་ཡང་དེ་ལྟར་ཟེར་མྱོང་ལ། ཨུ་ཚུགས་ཆེན་པོས་ནན་ཟེར་བྱེད་བཞིན་འདུག ཡང་རྫ་ཕྱུག་དང་འབྲུག་ཆུ་ལ་སོགས་པའི་སྡེ་ཤོག་ཆེན་པོ་རྣམས་ཀྱིས་ཐེངས་གཉིས་པའི་སྦྱིན་བདག་བྱེད་རྒྱུ་ལ་ན་ནིང་ནས་ང་ཡིན་ཁོ་ཡིན་གྱིས་ལག་བརྡར་བཞིན་ཡོད། དེ་མིན་གྱི་སྒེར་བ་འགའ་རེས་ཁོ་ཚོ་ལ་འཚོག་ཏུ་བཅུག་པ་ཨེ་ཡིན་ཞེས་བཤད་མཁན་ཡང་མང་འདུག སྔར་ཞིག་རྫ་ཕྱུག་གི་སྟོབས་ལྡན་དང་རྒྱ་མོའི་རྟ་མགྲིན་འདི་ཚོས་རེ་བ་བྱས་ལ། ན་ནིང་མདའ་བཞིའི་ཨ་ཆུང་གིས་ཀྱང་ཟེར་མྱོང་། རྫ་ཕྱུག་སྟོབས་ལྡན་གྱི་ད་ལོ་ཡང་བསྐྱར་འཚོག་ཐུབ་པའི་གྲ་སྒྲིག་བྱས་ཚར་ཟེར་ནས་དེ་ལྟར་བཤད་འདུག ད་རུང་དེ་འདྲའི་རིགས་འདྲ་མང་ཡང་སྒེར་པ་སུ་གཅིག་ལ་མི་སྤྲོད་པ་དེ་ཉིད་སྔར་བཤད་གཅིག་པོ་དེའི་ཐོག་ཡིན། ཡིན་ན་ཡང་ཁྱེད་ཚོའི་སེམས་ཤུགས་དང་ལྷག་བསམ་ལ་རྗེས་སུ་ཡི་རང་ཡོད། རྗེས་མར་སྡེ་བ་འདི་ཚང་སྦྱིན་བདག་ཡིན་ཞེས་ད་ལྟའི་སྐབས་འདིར་ཟེར་ཐག་ཆོད་པ་མི་འདུག རྒྱུ་མཚན་ཅིའི་ཕྱིར་མི་ཆོད་པ་ཡིན་ཟེར་ན། གཅིག་རྟག་འཛིན་གྱི་ཚོད་ཐིགས་པ་མི་འདུག གཉིས་མི་ཁྲི་ཚོ་ཆ་རེ་འདུས་ས་དེ་རི་ཁྲོད་ནས་ངོ་མས་དགའ་རྒྱུ་ཨེ་ཡིན་དེ་སྙམ་གྱིན་ཡོད། གསུམ་སྡེ་ཤོག་ཁ་གང་ལ་བལྟས་ཀྱས་ཁ་ངོ་གཅིག་བས་གཅིག་གཉན་ཤ་སྟག་རེད། ལྷག་བསམ་གཅིག་བས་གཅིག་ཆེ་འབའ་ཞིག་རེད། མདོར་ན་རིམ་པས་བལྟ་ཟེར་རྒྱུའི་ཚིག་ལན་དེ་མིན་པའི་དེ་རིང་སྤྲད་ཐག་ཆོད་པ་མི་འདུག མདོར་ན་ས་འདིའི་དགོན་ལྷ་སྡེ། ཡུལ་མི་སྡེ་ཚང་མ་འདྲ་འདྲའི་ནང་གི་མི་འདྲ་བའི་ཆོས་སེམས་དང་སྤྱོད་བཟང་ལོ་རེ་བས་ལོ་རེར་ཁྱད་དུ་འཕགས་ཀྱིན་ཡོད་པ་དེ་ཉིད་མིག་གིས་རིག་འདུག་རྒྱུ་འདི་བཞིན་ཡིན་ལ། ང་རི་ཁྲོད་པ་ཞིག་གིས་མཐོང་བའི་འདིའི་ཁོར་ཡུག་གི་དཔེ་མཚོན་ཞིག་བགྲང་ན་འུ་ཚོའི་སེམས་བསྐྱེད་འབུམ་མཆོད་འཚོག་སྐབས་མང་དུས་དགེ་འདུན་པ་ཁྲི་གྲྭ་ཡན་ཆད། ཉུང་ན་སྟོང་ཚོ་ལྔ་དྲུག་ཡིན་ཞིང་། དེའི་གྲ་སྒྲིག་ཞབས་ཞུ་ཚང་མ་དགོན་ཡུལ་བསམ་པ་གཅིག་སྒྲིལ། མི་གཅིག་གི་ཐོག་ཏུ་བབ་པའི་རང་གི་ལས་ཀ་ཡིན་པ་ལྟ་བུས་མི་ཚད་པར་དེའི་ལྷག་ཅིག་གི་འདུ་ཤེས་འཇོག་བཞིན་ཡོད། དགེ་འདུན་པ་ལ་གསོལ་ཇ་དྲང་རྒྱུ་ལ་དཔེ་མཚོན་ན་འདྲེན་པ་ཉིས་བརྒྱ་སུམ་བརྒྱ་ཞིག་དགོས་ལ། དེའི་འདྲེན་པ་ཉིས་བརྒྱ་སུམ་བརྒྱ་དེ་ཉིད་ཤྲཱི་སེང་གི་ཀློག་པ་ཐོས་བསམ་པ་གཞུང་བཀའ་པོད་ལྔ་ཡི་འཆད་ཉན་ཐོས་བསམ་མཛད་བཞིན་པའི་སྡེ་སྣོད་འཛིན་པ་ཏག་ཏག་གིས་དང་ལེན་མཛད་ཀྱིན་ཡོད། རྫོགས་ཆེན་དགོན་གཞུང་གི་དབུ་མཆོད་བརྒྱད་ཅུའི་གྲལ་ན་བཞུགས་པའི་གྲྭ་སར་ཡོན་ཏན་ཅན་མང་པོ་ཞིག་གིས་རང་མོས་དང་བླང་གི་སྒོ་ནས་འགའ་རེས་གད་སྙིགས་འཕོ་རྒྱུ། འགའ་རེས་རྒྱ་སྒོ་སྲུང་རྒྱུ་ལ་སོགས་པ་ལས་ཀ་གང་སྡུག་གང་བཙོག་ཐམས་ཅད་བདམས་ནས་དེ་ལ་འཐམ་འགྲོ་བཞིན་ཡོད། དེ་ཚོ་ཡོན་ཏན་གྱིས་རང་རྒྱུད་ཕྱུག་ཅིང་ཕྱུག་ལ་ང་རྒྱལ་དང་ཁེངས་སེམས་མེད་པའི་ཡ་རབས་ཀྱི་སྤྱོད་བཟང་རྒྱུད་ལ་ཡོད་པའི་རྟགས་མཚན་ཡིན། དགོན་པའི་དགེ་བསྐོས་འདི་ཚོ་ལ་བལྟས་ན་མང་ཆེ་བ་མཁན་ཐོབ་ཅན་ཏག་ཏག་ཡིན། དང་བླང་པ་ཡིན་ཤས་ཆེ་ངས་བསམ་གྱིན་ཡོད། རྒྱལ་སྲས་ཞི་བ་ལྷས། མ་རབས་རྣམས་ཀྱང་མཐོ་ཐོབ་ཤོག། ཅེས་མ་རབས་ཡིན་ཡང་སེམས་ཅན་ཡིན་པས་དེ་རྣམས་ཀྱིས་དམན་འོག་ཏུ་ཆུད་པའི་སྡུག་བསྔལ་མྱོང་མི་དགོས་པར་ཤོག་གསུངས་ལ། ཡང་མཐོ་རྒྱུ་སྡུག་པའི་རྒྱུ་མཚན་གྱིས་ངན་པ་མཐོ་སར་ཐོན་དུས་ལེགས་པོ་ཞིག་མི་བྱེད་པར་དགོངས་ནས་དེ་མ་ཐག་ཏུ། ང་རྒྱལ་དག་ཀྱང་བཅོམ་པར་ཤོག །ཅེས་གསུངས་ཤིང་། ཡ་རབས་རིགས་ཀྱི་གདོང་ན་པདྨ་མེད། །མ་རབས་རིགས་ཀྱི་ཀླད་ནས་རྭ་མ་སྐྱེས། །ཇི་ལྟར་ཇི་ལྟར་སྤྱོད་པའི་ཁྱད་པར་གྱིས། །འཕྱོན་མའི་བུ་ཡི་རང་བཞིན་གསལ་བར་བྱས། །ཞེས་གསུངས་པ་ལྟ་བུ་ཡིན། དེ་བཞིན་དུ་སྡེ་ཡུལ་པའི་མི་ཡིས་གུར་སྒར་ཆས། ཁོར་ཡུག་གི་གཙང་སྦྲ། འོ་ཞོ་བསྐྱལ་རྒྱུ། དེ་ལ་སོགས་པ་ཐམས་ཅད་ལ་འགན་གཅིག་ཐོག་ཏུ་བབ་པ་ལྟ་བུ་ཡིན་པས་མི་ཚད་ལོ་རེ་བས་ལོ་རེ་མར་མེ་གསེར་ཆབ་ལ་སོགས་པ་མཆོད་འབུལ་ཞལ་འདེབས་རྒྱ་ཇེ་ཆེ་བས་ཇེ་ཆེ་ཡིན་འདུག སྔོན་མར་ངས་ཡི་རང་དགེ་སྐུལ་གྱི་ཆེད་དུ་ཆོས་ཁྲིད་ཀྱི་ཞོར་དུ་དགེ་བསྒྲུབས་དེ་དག་བཏོན་པ་ཡིན། ད་ནི་འདོན་ཚོད་མེད་པའི་མང་པོ་དང་སྟོབས་ཆེན་ཏག་ཏག་རེད། བསོད་ནམས་བསགས་འབྲས་མངོན་སུམ་མཐོང་ཆོས་སུ་དེ་ལྟར་སྨིན་གྱིན་ཡོད། དེ་ཚོ་ངའི་ཁོར་ཡུག་གི་གནས་ཚུལ་རེད། འདིའི་པདྨའི་ཐང་ཆུ་ཉིན་སྲིབ་གཉིས་ཀའི་གྲྭ་ཇོ་སེར་བརྒྱད་སྡེ་དང་བཅས་པས་ཆོས་ར་དབེན་གནས་འདིའི་ཕྱི་ནང་གི་ཚུགས་ཀ་དང་གྲུབ་ཆ་ཐམས་ཅད་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་པོ་ལ་བཟུང་ནས་བསྡད་ཡོད། འཇིག་རྟེན་གྱི་ཐོག་གི་ལེགས་ཆ་མཛེས་ཆ་ཡོད་ན་ཡོད་ཚད་པོ་མི་ཡིས་བསྐུལ་གྲུབ་བྱས་པ་ཁོ་ན་ཡིན། དེ་ལ་ཡང་བཤད་མི་དགོས་པར་ཚང་མས་ཤེས་བཞིན་པ་ཡིན་ལ། ད་ཞག་ལམ་ཞོར་དུ་བ་སྲས་སྡེ་བའི་ས་ཐོག་ནས་མར་ཡོང་བ་ཡིན། ས་ཆ་སྟོད་སྨད་བར་གསུམ་གྱི་འབྲོག་སྡེ་ཐམས་ཅད་གུར་ལུ་དཀར་རིལ་ཅན་དང་མི་ཐམས་ཅད་རྒྱ་ཆས་ཅན་དུ་གྱུར་འདུག་ཅིང་མ་འགྱུར་ས་ཞིག་ཕལ་ཆེར་མི་འདུག གནའ་ཡི་སྲོལ་མ་ཉམས་ས་དེང་སང་དཀོན་དུས་རེད། འབྲོག་རུ་བསོད་ནམས་ལྷ་སྡེའི་ཕ་མེས་ཡང་མེས་རིང་གོང་ནས་བཞག་པའི་སྦྲ་ནག་མགོ་ལ་ཕུབ། ཇོ་གུར་གྱིས་སྒོ་ཕུགས་གཉིས་ཀར་བརྒྱན། རྟ་ནོར་གཉིས་ཀས་ལྷས་མཐར་བཀང་སྟེ་བསྡད་འདུག དེ་ཡང་ཐག་རིང་རྒྱང་གི་ལམ་འགྲུལ་རྒྱུས་མེད་གཅིག་གིས་བལྟས་ན་འདྲ། དེ་མིན་ཡང་རང་རིགས་ས་མཐའ་ན་ཡོད་པ་ཚོས་དེའི་འདྲ་པར་ཙམ་ཞིག་རིག་ཀྱང་གནའ་སྔ་མོའི་ཕ་ཡུལ་གྱི་དག་ཞིང་ཞེ་ལ་འཁོར་བྱེད། གཡང་བསོད་ནམས་ཤིག་ལོས་འཁྲི་སྙམ་པ་སྨོན་པའི་ཡུལ་ཡིན་ཞིང་། དེ་ཚོ་ཡུལ་འདིའི་གཞན་ལ་མེད་པའི་ཁྱད་ཆོས། བལྟས་བཞག་ན་བཤད་མི་དགོས་པར་མིག་གིས་རིག་རྒྱུ་ཅན་འདི་ཡིན། སྡེ་མོ་དུད་སྟོང་རུ་ཕྱེད་གཉིས་ཀྱི་ནང་ན་ནས་ནང་དུ་ཡུག་པོ་འདྲེས་པ་ལྟ་བུ་ངན་སྤྱོད་ཅན་ཆ་རེ་མེད་ཟེར་ཅི་ཤེས་ཀྱང་ཐམས་ཅད་ཀྱི་མང་ཆེ་བས་མུ་མཐུད་ནས་ད་རུང་ཡ་རབས་དམ་པའི་ལུགས་སྲོལ་ལ་ཡར་ལྟོས་བྱས་ན། ནང་དམེ་བྱེད་རྒྱུ། རྐུ་རྫུན་ཇག་གསུམ། སྡིག་ཉོ་སྡིག་ཚོང་། ཤོ་སྦག་གི་ཐབས་ངན་ལ་སོགས་པ་ལ་བརྟེན་ནས་མིས་མི་གཞན་ཟ་རྒྱུ། དེ་དག་གི་སྲོལ་ངན་མེད་པ་ལ་ཚང་མས་འབད་པ་ཞིག་བྱས་ན་ཕོ་ཐམས་ཅན་འཕགས་པའི་དགེ་འདུན། མོ་ཐམས་ཅད་ཆོས་ཀྱི་ལྷ་མོ་ཞེས་གསུངས་པ་དེ་ཉིད་དུ་གྱུར་པར་གྲུབ་དུས་མི་ལྷ་མི། ལུང་པ་ལྷ་ལུང་དུ་གྱུར་ནས་འདི་ཕྱི་གཉིས་ཀར་བདེ་ནས་བདེ་བའི་ལམ་ཆེན་དུ་བགྲོད་ཐུབ་པ་ཡིན། ས་འདིའི་དཔེ་ཡིས་འདིར་ཡོད་སྟོད་སྨད་བར་གསུམ་གྱི་མི་སྣས་མཚོན་པའི་ཡུལ་ལུང་ཐམས་ཅད་ལ་གཏམ་གཅིག་གིས་དེ་བཞིན་དུ་ཁྱབ་པ་ཡིན། དོན་བསྡུས་ན་རང་ལེགས་སུ་འདོད་མཁན་ཐམས་ཅད་ཀྱིས་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་ཀྱིས་ལས་འབྲས་ཕྲ་ཞིབ་བསྲུངས་ཏེ་བསམ་པ་བཟང་པོ་རེ་གྱིས་དང་མི་དགོས་ཟེར་ཡང་སྐྱིད་རང་འཁོར་ཡིན་ཞེས་དེ་རིང་ཆོས་མཚམས་འདི་ནས་འཇོག


previousཉིན་གསུམ་པའི་ཆོས་ཁྲིད། next