Nitartha Digital Library
Tibetan
 
previousཉིན་བཞི་བའི་ཆོས་ཁྲིད། next

ཉིན་བཞི་བའི་ཆོས་ཁྲིད།

༼ཀ༽ སྔོན་དུ་འགྲོ་བའི་ཆོས།

རང་རེ་འདིར་ཡོད་ཀྱི་ཆོས་གྲྭ་གཅིག་གི་ནང་དུ་ཆོས་གཅིག་གིས་བསྡུས་པའི་ཆོས་གྲོགས་ཚོ་ལ་མཚོན་ན་འདིའི་ནང་གི་རྒན་རབས་པ་ངོ་མ་ཉུང་ཤོས་ཤིག་དུས་རབས་སྔོན་མའི་དུས་སྟོད་ཀྱི་མི་ཡིན་ཞིང་། བསོད་ནམས་ཆེ་ལུགས་ལ་བསམ་བློ་ཞིག་བཏང་ན། དེང་སང་རང་རང་སོ་སོའི་ཆོས་བརྒྱུད་ཀྱི་བརྒྱུད་པའི་བླ་མ་གསོལ་འདེབས་ཀྱི་ནང་ནས་མཚན་བཟུང་སྟེ་གསོལ་བ་འདེབས་ཀྱིན་འདུག་ས་དེ་ཚོའི་ཞལ་མཇལ། གསུང་ཐོས། གདམས་ངག་གི་བདུད་རྩི་ཐོབ་མྱོང་བ་ཡང་ཡོད། ཡང་བསོད་ནམས་ཞན་ལུགས་ལ་བསམ་བློ་ཞིག་བཏང་ན། དེ་ལྟ་བུའི་མི་དེས་དུས་ཀྱི་རྒུད་པ་སྣ་ཚོགས་ཀྱི་རླབས་དྲག་རླུང་འཚུབ་བརྒྱུད་ནས་ཡོང་བ་ཡིན། མི་རེ་རེ་ལ་སྐྱིད་སྡུག་སྣ་ཚོགས་ཀྱི་ལོ་རྒྱུས་ཀྱི་རི་མོ་རེ་དང་། ལུས་སེམས་ཀྱི་འགྱུར་བའི་ཚོར་སྣང་དམིགས་བསལ་བ་མང་པོ་བྱུང་མྱོང་བ་ཡིན། མདོར་ན་སྐྱིད་སྡུག་ལ་དགུ་འཕྲང་བཅུ་བརྒྱུད་པའི་གནའ་མྱི་ཡིན། དེའི་འཕྲོས་ཡང་བར་མ་བར་གྱི་མང་པོ་ཞིག་སྐྱེ་ཚོད་སྡུག་པོ་ཆོས་ཕྱོགས་ནས་སངས་རྒྱས་ཀྱི་བསྟན་པ་མར་ཉམས་པའི་སྐབས། འཇིག་རྟེན་གྱི་ཕྱོགས་ནས་རྒུད་པའི་བསྐལ་ངན་ཚེས། ཚང་མའི་ཁ་ན་ཡོད་རྒྱུ་དུས་ངན་མ་ཟེར་རྒྱུ་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བའི་སྟོད་ཀྱི་མི། དེ་ལྟ་བུའི་མི་དེའི་ཚེ་སྟོད་ཀྱི་མི་ལོ་བཅུ་ཕྲག་གཉིས་གསུམ་ལ་གནའ་རབས་ཀྱི་རྗེས་ཡར་མ་ཆོད། དེང་རབས་ཀྱི་སྔོན་ལ་ཡང་ཐོན་མ་ཐུབ། མི་རབས་སྔོན་རྗེས་བསྡུར་ཡོང་ན་ཕམ་ཁ་ཆེ་ཤོས་ཀྱི་མིའི་གྲས་ཡིན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ཚུན་ཆད་ལ་སྐྱེས་པའི་མི་དེ་མང་ཆེ་ཤོས་ཡིན་ཞིང་། གཞོན་ནུ་མིན་ན་དར་མ་ཞིག་ཡིན་ཕྱིར་འཇིག་རྟེན་གྱི་རྒུད་པ་ཡར་སོས། དམ་པའི་ཆོས་ཀྱི་སྒྲ་རེ་གོ་ནས་དཀོན་མཆོག་གི་སྣང་བ་གསར་བ་ཞིག་ཤར་བའི་འུ་ཚོ་བོད་ཁ་བ་གངས་ཅན་གྱི་ལྗོངས་འདིའི་བསྟན་པ་ཡང་དར་ཚེས་ནས་འདི་འདྲ་ཡི་དཀོན་མཆོག་གསུམ་གྱི་སྣང་བ་ཚེས་ཡོད་པའི་སྐབས་ཀྱི་གཞོན་སྐྱེས་ཐམས་ཅད་སྤྱིར་བཏང་གིས་བཤད་ན་བསོད་ནམས་ཅན་གྱི་མི་སྐྱེས་ཚོད་ཡག་པ་ལ་སྐྱེས་པ་དེ་ཉིད་ཡིན། མདོར་ན་རྒན་དར་གཞོན་གསུམ་ཚང་མ་ད་ལྟའི་སྐབས་སུ་དུས་རབས་གསར་བ་སྟོང་ལོ་ཉེར་གཅིག་པའི་འགོ་ཟིན་པས་མི་ཚད་འདིའི་ལོ་རབས་ཉི་ཤུ་བའི་ནང་ནས་འགྲོ་བཞིན་ཡོད་པ་འདི་བཞིན་ཡིན། དེ་ལྟར་ན་རྒན་རབས་དང་གཞོན་རབས་ལ་མ་ལྟོས་པའི་རང་གཞན་ཆོས་གྲོགས་ཚང་མས་དུས་རབས་ཉེར་གཅིག་པའི་མི་བྱས་ནས་འགྲོ་བཞིན་ཡོད་ཕྱིར་དུས་རབས་ཉེར་གཅིག་པའི་རང་འགྲོས་དང་མཐུན་པའི་ཆོས་པ་ཞིག་བྱེད་དགོས་པ་ཡིན། དེང་སང་ཚན་རིག་ཡར་རྒྱས་ཀྱི་སྐབས་ཡིན་ལ། སྔར་མེད་གསར་དར་གྱི་སྤྱི་ཚོགས་ལ་འཕོ་འགྱུར་འགྲོ་བཞིན་ཡོད་ཅིང་། རིག་འཕྲུལ་ཡར་རྒྱས་སུ་འགྲོ་བ་འདིས་ཚེ་འདིར་འཇིག་རྟེན་བདེ་སྐྱིད་གསར་སྐྲུན་ལ་གནོད་པའི་ཕྱོགས་ལ་མེད་པ་མ་ཡིན་ཡང་ཕན་པའི་ཕྱོགས་དེ་རྒྱ་ཆེ། དེ་ལྟར་ན་དེང་སང་གི་མི་འདིའི་ནང་གི་ཚོ་གཅིག་གིས་གསར་བ་ཐམས་ཅད་བཟང་པོ་དང་། རྙིང་པ་ཐམས་ཅད་སྡུག་པོ་ངན་པ་ཡིན་པའི་ལྟ་བ་འཛིན་མཁན་ཡང་ཡོད། ཡང་ཚོ་གཅིག་གིས་དེ་ལས་ལྡོག་པའི་ཕྱོགས་འཛིན་མཁན་ཡང་ཡོད་པ་ཡིན། སྤྱིར་ན་རྒན་གཞོན་མི་རབས་ཀྱི་བག་ཆགས་འཇོག་ལུགས་དང་། ཤུགས་རྐྱེན་སྣ་ཚོགས་པའི་དབང་གིས་ལྟ་ཚུལ་ལ་ཁྱད་པར་རེ་ཡོད་སྲིད་ཅིང་། འོན་ཀྱང་གནའ་རབས་དང་ད་རབས། སྔ་རབས་དང་དེང་རབས་ཀྱི་མི། མི་མ་དགོས་འཁོར་ཡུག་གི་སྲོག་ཆགས་ནས་བཟུང་སྟེ་དུས་ཇི་ལྟར་འགྱུར་ཡང་རེ་འདུན་དང་དོན་གཉེར་བྱེད་ཕྱོགས་ལ་འགྱུར་བ་མེད་པ་དེ་ཁ་རྩང་བཤད་པ་ལྟར་བདེ་སྐྱིད་འདི་ཡིན། གྲོང་ནང་གི་སྐྱེས་པ་བུད་མེད་ནས་རི་ཁྲོད་ཀྱི་མཚམས་པ་མན་ཆད། མཐོ་རྒྱལ་པོ། དམའ་སྤྲང་པོ་ཞེས་བཤད་པ་ལྟ་བུ། མཆོག་དམན་བར་གསུམ་པོས་བདེ་བ་སྒྲུབ་ཐབས་མི་འདྲ་བ་དེ་ཉིད་མ་གཏོགས་བདེ་བ་འདོད་ཅིང་བདེ་བ་དོན་གཉེར་བྱེད་བཞིན་ཡོད་པ་དེ་ཉིད་གཅིག་ཡིན། གནའ་དེང་གཉིས་ཀས་གསར་རྙིང་ལ་བཟང་ངན་འཛིན་པའི་ཕྱོགས་ལ་ཞིབ་དཔྱད་ཅིག་བྱས་ན། དེ་གཉིས་ཀའི་བར་དེ་ནས་ཡོ་གཟུར་མེད་པའི་ཚད་ཤིང་ཞིག་བཞག་ནས་བལྟས་ན། མ་གཞི་གསར་བ་ཞེས་སྨྲས་པ་མ་གཏོགས་དེང་སང་གི་འཕྲུལ་ལས་ཡར་རྒྱས་འདི་ཚོ་མི་ལོ་ཉིས་སྟོང་སུམ་སྟོང་ཚུན་ཆད་ནས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཐོག་གི་འཚོ་བའི་འཕེལ་འགྱུར་གྱི་ཉམས་མྱོང་བསགས་པའི་རྨང་གཞི་ཅན་ཞིག་ཡིན། དུས་ཀྱི་འགྱུར་འགྲོས་དེ་མདུན་ཕྱོགས་སུ་འཁོར་བཞིན་ཡོད་ཅིང་། མ་འོངས་མི་ལོ་བཅུ་ཕྲག་ཆ་རེའི་རྗེས་ནས་བལྟས་ན། ད་ལྟའི་ཚན་རིག་གི་ཡར་ཐོན་ཅན་འདི་ཡང་ལོ་རྒྱུས་རྙིང་པའི་དྲན་རྟེན་ལ་འཇོག་རྒྱུ་ཙམ་ཞིག་འགྱུར་མི་འགྲོ་བའི་ཐབས་མེད། དེ་ལྟར་བྱས་ན་ལྟོས་ནས་གྲུབ་པའི་རྟེན་འབྱུང་གི་ཆོས་ཉིད་ལ་འགྱུར་བ་ཡོད་པ་མིན་ལ། སྔར་ཅི་འདྲ་ཞིག་ཡིན་ན་ད་ཡང་དེ་འདྲ་ཞིག་ཡིན་པས་མི་ཚད་མ་འོངས་འབྱུང་འགྱུར་ལ་ཡང་དེ་བཞིན་ཡིན། ལྟོས་ནས་བཞག་པའི་རྣམ་འབྱེད་ཀྱི་ཤེས་རབ་ལ་ཚད་ཡོད་ཅིང་། ཚད་མ་ཚད་མིན་ཀུན་འབྱུང་ཆོག་ལ། དེས་ན་དབང་ལྔའི་ཡུལ་དུ་གྱུར་པའི་ཕྱི་ཡུལ་རགས་པའི་དངོས་པོ་ལ་ཉམས་ཞིབ་བྱས་པའི་ཚོར་སྣང་གསར་བ་ཡིན་བསམ་རྒྱུ་འདི་ཚོ་སྔོན་ཐོན་གྱི་གྲལ་དུ་མི་ཐོན་པ་ཞིག་ཡིན་སྙམ། དེའི་འབྱུང་རྩ་དང་། འབྱུང་རྐྱེན། དེའི་ཆོས་ཉིད་ལ་ཞིབ་དཔྱོད་ཐིངས་མེད། མི་ཞིག་ལ་མཚོན་ན་ང་ཟེར་སའི་ལུས་ཤིག་དང་སེམས་ཤིག་ཡོད། དེ་གཉིས་ཀ་ཚོགས་ཏེ་དྲོད་དབུགས་ཤེས་པ་གསུམ་པོ་འཛོམས་དུས་གསོན་པོའི་མི་ཟེར་བ་ཡིན། ད་ཞག་ཅིག་ལ་འདིའི་སྐོར་བཤད་ཨེ་ཡོད་ཤེས་མ་སོང་། འདི་འབྱུང་ཁུངས་དེད་ནས་སོང་ན་རིག་རྒྱུན་དང་རྫས་རྒྱུན་གཉིས་ཀའི་ཐད་ནས་དེད་ནས་བསམ་བློ་ཞིག་གཏང་དགོས། དེ་དགོས་ན་སེམས་འདི་རིགས་འདྲ་སྔ་མའི་རིག་རྒྱུན་ད་ལྟའི་སྐབས་ཀྱི་རིག་ཟེར་རྒྱུ་འདི་གསལ་ཞིང་རིག་པའི་རིག་དེ་ཉིད་དེ་ཡིན་ལ། དེའི་རིག་རྒྱུན་དེ་དེད་སོང་ན་རང་འབྲས་རྒྱུན་སྔ་མ་ཞིག་ལས་མི་ཡོང་བའི་འབྲས་བུ་རྒྱུ་མེད་པ་ཞིག་དང་། རྒྱུ་འབྲས་བུ་མེད་པ་མི་སྲིད་པ་ཡིན། དེ་བཞིན་དུ་ལུས་འདིའི་རྫས་རྒྱུན་དེད་སོང་ན་ཐུག་མེད་ཡིན་པ་དེ་ཉིད་འདིའི་རགས་པའི་ཕུགས་དེ་ཡར་དེད་སོང་ན་ཕྲ་བ། ཕྲ་བའི་ཕུགས་དེ་དེད་སོང་ན་ཆས་ཕྲ་ལ་ཐུག་སོང་ཚེ་ནམ་མཁའི་མཐའ་རྒྱ་གཅད་ས་ནས་བྱ་རྒོད་པོའི་གཤོག་རྩལ་གྱིས་མ་སླེབས་ནས་བསྐྱུར་བཏང་བ་མིན་པར་ཐབས་མེད་པ་དེ་ཉིད་ཕྲ་རགས་དབྱེ་ཞིབ་ཀྱི་རིགས་པས་ད་རུང་ཚན་རིག་པས་འདང་གིན་མེད་པ་ཞིག་ཡིན། དེ་ཡིན་ན་རིག་འཕྲུལ་ཡོ་བྱད་ལ་སོགས་པ་འདི་ཚོ་ལ་ཕན་པའི་ཕྱོགས་མང་ས་དེ་ཚོ་བཟང་ཡང་ད་ལྟའི་གསར་བ་ཐམས་ཅད་ཡག་པ་ཡིན་ཟེར་དགོས་ན་དངོས་དོན་དང་མཐུན་གྱི་ཡོད་པ་མ་ཡིན། ད་རུང་ཉམས་ཞིབ་ཀྱི་ཕུགས་དང་རྩད་ཆོད་མེད། གནའ་ལུགས་ཐམས་ཅད་བཟང་པོ་ཡིན་པ་དང་དེ་མིན་ཐམས་ཅད་སྡུག་པོ་ལ་རྩི་དགོས་ན་དེ་ཡང་དོན་དངོས་དང་མི་མཐུན། གནའ་ནས་གནའ་ལ་དེད་སོང་ན་གདོད་མའི་མིའི་རིགས་ཀྱི་རི་དྭགས་དང་ཕྱོགས་འདྲའི་འཚོ་བ་སྐྱེལ་སྐོར་ལ་ཐུག་ཡོད། ལར་མ་གཞི་བཤད་ན་གནའ་ཟེར་རྒྱུ་ཞིག་མི་གྲུབ་ཀྱང་ཉེ་བའི་དུས་རབས་ཁ་ཤས་ཚུན་ཆད་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱས་ན་དེའི་སྟེང་དུ་འཕེལ་མེད་ལ་གནས་དགོས་ན་འཕེལ་རིམ་གསར་བའི་ཁ་ཕྱོགས་དང་མི་མཐུན། རང་རེ་ནང་བའི་ཆོས་པ་ཡིན་ཡང་དུས་རབས་འདི་དང་མཐུན་པའི་ཆོས་པ་ཞིག་གིས་དེ་མ་བྱས་ཐབས་མེད་ཡིན་ཞིང་དེ་བྱེད་དགོས། འོན་ཀྱང་དེ་ལྟར་བྱེད་དགོས་ཞེས་བཤད་ན་སྟོན་པའི་དམ་ཆོས་ལ་དེ་མིན་པའི་གསར་བ་ཞིག་བྱེད་དགོས་པ་ཡིན་ནམ་མིན་ཞེ་ན། དེ་དགོས་པ་མ་ཡིན་ལ་བྱེད་རྒྱུ་ཡོད་པ་ཡང་མ་ཡིན། དེ་སྟོན་པ་ཤཱཀྱ་ཐུབ་པས་གསར་གཏོད་མཛད་ནས་དེའི་སྔོན་དུ་མེད་རྒྱུ་ཞིག་ཡོད་རྒྱུ་མཛད་པ་མ་ཡིན་ལ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཇི་ལྟར་ཡིན་པ་དེ་ལྟར་གཏན་ལ་ཕབ་ནས་ཆོས་ཉིད་ངོ་བོ་འགྱུར་མེད་ལ་ཆོས་ཅན་རྒྱུ་འབྲས་སླུ་མེད་ཡིན་པ་ལ་ཡིན་ལུགས་འདི་ལྟར་ཡིན་ཞེས་གསུངས་པ་ཙམ་ཞིག་ཡིན། དེ་བཞིན་གཤེགས་པ་རྣམས་བྱོན་ཀྱང་རུང་མ་བྱོན་ཀྱང་རུང་། སངས་རྒྱས་ཀྱིས་ཆོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་། དངོས་པོ་གཤིས་ཀྱི་གནས་ལུགས་ལ་ཇི་ལྟར་ཡིན་པ་དེ་ཉིད་སུ་ཞིག་གིས་བཅོས་སུ་མེད་པ་ཞིིག་ཡིན། དེ་གདུལ་བྱ་ལ་བསྟན་སྐབས་བསྟན་ས་ཐམས་ཅད་གཅིག་འདྲ་རྐྱང་རྐྱང་མིན་པའི་རྒྱུ་མཚན་གྱིས་དྲང་ངེས་ལྡེམ་དགོངས་ཀྱི་ཚུལ་སྣ་ཚོགས་ཀྱིས་བསྟན་པ་དེ་ཉིད་ཤེས་པ་ཞིག་གིས་འགལ་མེད་གནད་གཅིག་ལ་བསྡུ་ཤེས་པ་ཡིན་ཞིང་། མི་ཤེས་པ་ཞིག་གམ་ཁྱད་པར་དེ་རིང་ཁ་རྩང་གི་དུས་རབས་གསར་བའི་འཕེལ་རིམ་དང་བསྟུན་པའི་ལྟ་ཚུལ་བེད་སྤྱད་ནས་དེའི་གཏིང་དེ་དཔོག་པའི་ཐོག་ཏུ་ནང་རིག་པ་སྡེ་སྣོད་གསུམ་ལ་སྦྱངས་པར་བྱས་ན་ལོ་ཉིས་སྟོང་ལྷག་གི་སྔོན་ལ་བྱོན་པའི་སྟོན་པ་བཅོམ་ལྡན་འདས་གཞི་ནས་ཚད་མའི་སྟོན་པ་ཡིན་པ་དེ་ཉིད་དཔྱད་གསུམ་དག་པས་གཏན་ལ་ཕེབས་ཡོད། དེའི་དུས་སུ་ཚན་རིག་ཅེས་པ་རིགས་པ་གསར་བའི་བརྟག་ཞིབ་འདི་ཚོ་ཆེས་ཕྲ་ཞིང་ཞིབ་པའི་གནས་ལ་ཐུག་དུས་རང་སོ་མ་ཟིན་པའི་བྱིས་པའི་ན་ཚོད་ཡིན་པ་དེ་ཉིད་ར་འཕྲོད་རྒྱུ་ཡོད། རང་གི་རྣམ་དཔྱོད་ཀྱིས་བརྟགས་ཤིང་དཔྱད་པའི་ནུས་པ་མེད་ན་གཞན་ཟེར་རྗེས་རྒྱུག་གི་ཆུ་སྣ་གར་ཁྲིད་ཅན་ལ། གཅིག་གིས་རྒྱུ་འབྲས་སླུ་མེད་མ་ཡིན་ཟེར་སྐབས་དེ་བདེན་འདུག་བསམ། གཅིག་གིས་རྒྱུ་འབྲས་སླུ་མེད་ལོས་ཡིན་ཟེར་སྐབས་དེ་བདེན་སྣང་ཤར། དེ་ལྟར་ཡིན་ཕྱིར་རྒྱུ་མཚན་མ་ཤེས་པས་ཨུ་ཚུགས་བྱས་ན་ཡང་མི་ཡོང་། རྙིང་ཞེན་མཁྲེགས་འཛིན་གྱི་ལྟ་བ་ཅན་འདི་ཡིན་ཟེར་རྒྱུའི་མཚན་གཞི་འཇོག་ས་ཞིག་ལས་ཕན་ཆད་དུ་ཅི་ཡང་མེད་པར་གྱུར་སོང་ཚེ་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་པའི་ཆ་རྐྱེན་མ་ཚང་བ་ཡིན། དེའི་ཕྱིར་ན་བཅོམ་ལྡན་འདས་ཁོང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར་དུ་ཁྱིམ་པ་ཕོ་མོ་ཡིན་ཡང་ཆོས་ཀྱི་གནད་དང་རྒྱུ་མཚན་ཤེས་པར་བྱས་ནས་ཕུགས་ཐག་ཅིག་ཆོད་ཤོག དང་པོར་རང་གིས་བརྟགས་ཤིང་དཔྱད་དེ་ངེས་ཤེས་ནང་ནས་རྙེད་དུས་ཆོས་སྒྲུབ་ན་གཅིག་ན་རྨོངས་དད་དུ་མི་འགྲོ། གཉིས་ན་ཕྱིན་ཆད་ལམ་ལོག་ཏུ་མི་འགྲོ་བའི་གནད་ཆེན་པོ་ཞིག་དེ་ན་ཡོད། ཁྱད་པར་དུ་འུ་ཚོ་སྔར་ནས་ད་ལྟའི་བར་དུ་ཆོས་ཀྱིས་འཚོ་བའི་ས་ཆ། ཆོས་དང་ཡུལ་སྲོལ་གཉིས་ཀ་གཅིག་ཏུ་འདྲེས་པའི་ས་ཆ་ནས་ཆོས་ཕྱོགས་ཀྱི་དཔྱད་ཞིབ་ལ་བསམ་བློ་མ་བཏང་ན་དུས་རབས་ཀྱི་རྗེས་མ་ཆོད་པ་ཡིན་ཞེས་བབས་འཕྲོས་ཀྱི་གཏང་གླེང་རེ་བྱས་པ་ཡིན།

༼ཁ༽ གཞུང་གི་དོན།

ཇ༽ བསྔོ་བའི་ཡན་ལག

ཀ དེ་དང་འབྲེལ་བའི་དམ་པ་གསུམ་བཤད་པ།

ད་སྐབས་འདིའི་བདེ་ཆེན་ཞིང་ཁྲིད་ལ་གང་ཞིག་འཆད་ཉན་བྱ་བ་ནི་ངས་བྲིས་པའི་བདེ་སྨོན་ཚིག་བཅད་རྡོག་མ་བཞིའམ་ཤོ་ལོ་ཀ་བཞིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྟན་པ་འདི་བཤད་པའི་སྐབས་ནས་རྒྱུ་དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ་སོང་ཟིན། རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་གི་སྐོར་ནས་ཀྱང་མང་ཞིག་ཁ་རྩང་སོང་ནས་བསགས་སྦྱང་གི་གནད་ཚུར་བསྡུས་པ་ཡན་ལག་བདུན་པའི་སྐབས་ནས་ཁ་རྩང་དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་སོང་མ་ཐག་པའི་མཚམས་ནས་ད་དེ་རིང་བསྔོ་བ་ལ་ཐུག་ཡོད། ཐེག་པ་ཆེན་པོའི་མདོ་སྔགས་ཟུང་དུ་འབྲེལ་བའི་ཆོ་ག་གཅིག་བསྡུས་ཀྱི་སྟེང་ནས་ཞིང་སྒྲུབ་འཚོག་བཞིན་ཡོད་ལ། ཐེག་ཆེན་སོར་བྱང་སྔགས་གསུམ་གྱི་སྡོམ་དམ་ཚིག་ལ་གནས་པ་ཤ་སྟག་གིས་དམ་ཆོས་འཆད་ཉན་བྱས་ནས་ཐེག་ཆེན་ཐར་བའི་ལམ་ལ་མདོ་སྔགས་ཐབས་ཤེས་ཟུང་འབྲེལ་གྱིས་འཇུག་བཞིན་ཡོད་པའི་དབང་དུ་བྱས་ཏེ་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་། རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་སྦྲེལ་ནས་འཆད་བཞིན་ཡོད་པའི་སྟབས་ཀྱིས་མཚམས་འདི་ནས་དམ་པ་གསུམ་དང་སྦྲེལ་ཏེ་བསྔོ་བ་ནི་དེ་དང་མཉམ་དུ་བཤད་རྒྱུར་བྱས་ན་སྙམ་གྱིན་ཡོད། རྒྱལ་བ་ཀློང་ཆེན་པས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་དེ། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་དེ་རང་གཞན་མང་ཆེ་བས་བློ་ཐོག་ན་ཡོད་པ་དེ་ཡིན་ཡང་བློ་ལ་མེད་མཁན་ཚོས་དེ་བློ་ལ་ངེས་པར་གྱིས། ཐེག་ཆེན་ཐར་བའི་ལམ་ལ་ཞུགས། གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་མཁན་ཞིག་ལ་མེད་དུ་མི་རུང་བའི་གཅེས་པ་རྣམ་གསུམ། གལ་ཆེན་རྣམ་གསུམ། མེད་ན་ཐབས་མེད་ཡིན་པའི་དམ་པ་རྣམ་གསུམ་དེ་ཉིད་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། རྗེས་བསྔོ་བ་དམ་པ་རྣམས་ཡིན། སྔོན་ཆད་སྔོན་ཆད་ཞིག་ལ་འདིའི་ནང་གི་ཆེ་རིམ་པ་རྣམས་ཀྱིས་ཤེས་ས་ཡོད། འདིའི་ཆོས་གྲྭ་ཕྱི་མ་འདི་མ་བཀབ་གོང་དུ་གཙུག་ལག་ཁང་ནང་མའི་ནང་ནས་ཁྱིམ་པ་ཕོ་མོ་མང་པོ་ཞིག་ལ་བྱིས་པ་ལ་ཡི་གེ་བསླབ་པ་ལྟར་བྱས་ཏེ། སྦྱོར་བ་སེམས་བསྐྱེད་དམ་པ་རྗོད་ཅེས་སྨྲས་ནས་སྦྱོར་བ་སེམས་བསྐྱེད་དམ་པ་སྨྲ་རུ་བཅུག དངོས་གཞི་དམིགས་མེད་དམ་པ་རྗོད་ཅེས་སྨྲས་ནས་ཡང་དངོས་གཞི་དམིགས་མེད་དམ་པ་སྨྲ་རུ་བཅུག དེ་ལྟར་རྗེས་ཟློས་བྱེད་བཅུག་ནས་བསླབས་པར་བྱས་པ་དེ་ཉིད་ད་དུང་ངས་དྲན་གྱིན་འདུག རྒན་དར་གཞོན་གསུམ་ཐམས་ཅད་པོས་ཕར་སོང་ནས་ཆོས་ཀྱི་ལབ་གླེང་གཙོ་བོ་དམ་པ་གསུམ་གྱིས་འགོ་བཟུང་ནས་བཤད་རེས་རེ་གྱིས་དང་། མ་ཤེས་པ་ཤེས་བྱེད། ཤེས་པ་དེ་ཉིད་ཞེ་ལ་ངེས་བྱེད། དེ་བཞིན་དུ་ཤེས་ནས་ལག་ལེན་ལ་འདེབས་དགོས་པ་ཡིན་ཕྱིར་ཆོས་ཁྲིད་ཀྱི་ནང་གི་ཡོང་སྒོ་དེ་ལྟར་བྱས་ཏེ་ཁྱིམ་ལ་ཁྱེར་སོང་ནས་ཁྱིམ་བཟའ་བའི་འཚོ་རྟེན་དེས་དྲག་མེད་པ་དེ་ཉིད་ཡོད་པ་ཞིག་བྱེད་དགོས། ཆོས་ཀྱི་འཚོ་བ་དེ་འཚོ་བའི་ཆ་ཤས་མེད་དུ་མི་རུང་བ་གལ་ཆེན་པོ་ཞིག་ཡིན། དེ་མེད་དུས་འཚོ་བ་གཞན་པ་ཅི་ཞིག་ཡོད་ཀྱང་རྟ་ཟོག་གི་འཚོ་བ་ལྟ་བུ་ཞིག་ལས་ཡན་ལ་འགྲོ་བ་མ་ཡིན། དམ་པ་གསུམ་དང་མ་འབྲེལ་བ་དེ་ཉིད་ཆོས་ཀྱི་གཟུགས་བརྙན། མི་རྒྱུ་གཉིས་ཀྱིས་ཅི་ཙམ་བསྒྲུབས་ཀྱང་གོ་ཆེན་པོ་ཞིག་ཆོད་པ་མ་ཡིན། ཅི་ཞིག་གི་ཐད་ནས་གོ་ཆོད་པ་མ་ཡིན་ཟེར་ན། ཐེག་པ་ཆེན་པོའི་ཆོས་ཀྱི་གོ་ཆོད་པ་མ་ཡིན། དེ་མ་ཆོད་དུས་གཞན་དོན་མི་འགྲུབ་པས་མ་ཚད་རང་དོན་ལེགས་པོ་ཞིག་འགྲུབ་ཐུབ་པ་མ་ཡིན། སྤངས་རྟོགས་མཐར་ཕྱིན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའི་རྒྱུ་རུ་གྱུར་ཡོད་པ་མ་ཡིན། དམ་པ་གསུམ་དང་མ་འབྲེལ་བའི་ཚོགས་བསགས་སྒྲིབ་སྦྱོང་ལ་ཅི་འདྲའི་དཀའ་ལས་ཆེན་པོ་ཞིག་བརྒྱབ། རྒྱུ་འགྲོ་ཟས་ཚེགས་ཅི་འདྲའི་ཆེན་པོ་ཞིག་བྱས་ཡོད་ཀྱང་། རྒྱུ་གཅིག་ལ་འབྲས་བུ་གཅིག་མ་གཏོགས་སྨིན་རྒྱུ་མེད་པའི་ཐོག་ཏུ། དེའི་བར་དུ་ཁོང་ཁྲོ་ལྟ་བུ་ཉོན་མོངས་དྲག་པོ་ཞིག་སྐྱེས་ན་དགེ་རྩ་འཇོམས་ནས་འཕྲོ་བརླག་ཏུ་འགྱུར་འགྲོ་བ་ཡིན། འཇིག་རྟེན་གྱི་སྐྱེ་བོ་ཁྱིམ་ན་གནས་པ་ཞིག་གིས་ཞིང་འབྲོག་གི་ལས་ཀ་ལས་ན་འདྲ། ཚོང་སོ་ནམ་གྱི་བྱ་གཞག་ཅིག་སྒྲུབ་ན་འདྲ། ལས་རིགས་གང་ཞིག་གཉེར་གྱི་ཡོད་པ་ཡིན་ན་འདྲ། ཕར་འགྲོའི་མ་རྩ་དེ་ཆུང་ཆུང་ཞིག་ཡིན་ཡང་ཡོང་སྒོ་དེ་བས་ཆེ་ཞིག་དང་། དཀའ་ལས་མང་པོ་ཞིག་རྒྱག་མི་དགོས་པར་དོན་ཆེན་པོ་ཞིག་འགྲུབ་ན་སྙམ་པའི་བསམ་པ་དེ་བཟུང་ཡོད། ཆོས་སྒྲུབ་ན་དེ་དང་གཅིག་མཚུངས་ཡིན། ཚེ་འདིའི་དོན་དག་ཆུང་ཆུང་ཚ་གི་ཚི་གིའི་བྱ་བ་སྣེ་གཅིག་ལ་དེ་ཇི་ལྟར་སྒྲུབ་པ་དང་། འགྲུབ་པའི་ཆ་རྐྱེན་ཇི་ལྟར་ཚོགས་དགོས། འགོ་ཇི་ལྟར་འཇོག སྐེད་པ་ཇི་ལྟར་བཅིང་། མཇུག་ཇི་ལྟར་ཕུད་པའི་འདང་འཆར་གཞི་དགོས་པ་ཡིན་ཞིང་། དཔེ་བཞག་ན་ཁང་ཆུང་གྲུ་བཞི་ཞིག་ལས་ཁུལ་བྱས་ན། དེའི་རྨང་དེ་ཅི་ཚད་བརྐོ་དགོས། ཀ་ར་གདུང་མ་ཅི་འདྲ་བྱས་ཏེ་འགྲེམས་དགོས། ཐོག་ཁེབས་དེ་ཅི་འདྲ་བྱས་ནས་རྒྱག ཁང་མིག་རང་གི་དགོས་མཁོ་དང་བསྟུན་ནས་ཅི་འདྲ་བྱས་ཏེ་མཚམས་བཅད། ཆུང་ས་ནས་དེ་ཚོའི་སྔོན་རྩིས་དང་འདང་རྒྱག་བྱེད་དགོས་ཡོད་པ་ཡིན་ཞིང་། ཡིན་ན་ཡང་འབྲིང་ས་ནས་མི་རང་གི་མི་ཚེ་ལ་ཚད་བཞག་ན་ཚོད་ངོ་མ་མངོན་ཤེས་མེད་ན་མི་ཐིག་ཀྱང་གལ་ཏེ་རྐྱེན་གློ་བུར་གྱི་ན་ཚ་ཤི་གསུམ་ལྟ་བུ་ཞིག་ཡོང་བཞག་ན་གདོང་ལེན་གྱི་འདང་རྒྱག་ཅི་ཡོད་བསམ་བློ་གཏོང་དགོས། དེ་གཏོང་ཤེས་མཁན་དཀོན་པོ་ཡིན་ལ། དེ་བས་ཀྱང་ཆེ་ས་དེ་གང་ཡིན་ཞེ་ན། ཆེ་ས་ངོ་མའི་དོན་དག་དེ་ཚེ་རབས་གཏན་གྱི་དོན་ཆེན་དང་། ད་ལྟའི་ཚེ་འདིའི་བྱ་བ་ཆེ་འབྲིང་ཆུང་གསུམ་དང་བཅས་པ་འགྲུབ་པའི་རྒྱུ་རྐྱེན་གཙོ་བོ་ཆོས་སྒྲུབ་པའམ་བསོད་ནམས་གསོག་པ་ལ་ཐུག་ཡོད། རང་དང་ཁྱིམ་མི་བཅས་པའི་ཚེ་འདི་ཕྱི་ཐམས་ཅད་ཀྱི་སྐྱིད་སྡུག་ཅི་ཡོང་རག་ལས་པའི་དོན་ཆེན། ཆོས་སྒྲུབ་ན་སྒྲུབ་ལུགས་མ་ཤེས་དུས་བྱ་བ་ཆེན་པོ་ཞིག་གི་འགོ་དེ་ནས་ཉེས་འགྲོ་བཞིན་ཡོད། དེས་ན་དགེ་རྩ་ཡི་གཟུགས་བརྙན་ཕར་བལྟས་ན་མ་ཆེ་ཡང་དོན་ཆེན་པོ་ཐར་བ་དམ་པའི་རྒྱུ། དགེ་བ་གཅིག་ལ་དགེ་འབྲས་ལན་མང་དུ་སྨིན་རྒྱུ་ཡོད་པ་དེ་ཉིད་ཐེག་ཆེན་དམ་པ་གསུམ་གྱི་ཉམས་ལེན་འདི་ལ་བརྟེན་ནས་འབྱུང་བཞིན་ཡོད་པས་འདི་མ་ཤེས་ཐབས་མེད་དང་། འགོ་ནས་སྦྱང་དགོས་རྒྱུ་ཞིག་ཡིན། རང་དོན་རྐྱང་པ་ལ་བསམས་ནས་མ་ཎི་ཕྲེང་སྐོར་བརྒྱ་འདོན་པ་བས་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྙིང་རྗེའི་སེམས་དང་མི་འབྲལ་བའི་མ་ཎི་གཅིག་ཁེ་རུ་མ་བཏོན་པའི་ཕན་ཡོན་གྱི་ཆོད་སྒོ་ཆེ་བ་ཡིན། དེ་བཞིན་དུ་ཀུན་སློང་མ་དག་པའམ་ལུང་མ་བསྟན་གྱི་ཀུན་སློང་དང་ལྡན་པས་རྐང་མཐིལ་གཟེར་བཞིན་དུ་གཙུག་ལག་ཁང་ལ་སྐོར་བ་བརྒྱ་ཐམ་པ་བརྒྱབ་པ་བས་དམ་པ་གསུམ་དང་འབྲེལ་བའི་སྐོར་བ་གཅིག་ཁེ་རུ་མ་ཡིས་དགའ་ཤག་ཤག་ཡིན། དེ་ལྟར་ཅིའི་ཕྱིར་ཡིན་ཟེར་ན། གཞན་ཕན་གྱི་སེམས་དང་འབྲེལ་མ་འབྲེལ་གྱི་ཁྱད་པར་རྒྱུགས་སོང་བ་ཡིན་ཞིང་། ཐུབ་པ་བཅོམ་ལྡན་འདས་ཀྱིས་གཞན་དོན་ཁོ་ན་མཛད་ནས་རང་དོན་ཞོར་འབྱུང་ལ་འགྲུབ་པ་དེ་ཉིད་དང་། སེམས་ཅན་གྱིས་རང་དོན་འབའ་ཞིག་བསྒྲུབས་ནས་རང་དོན་ཡང་མ་འགྲུབ་པར་འཁོར་བའི་གནས་སུ་སྡུག་བསྔལ་སྣ་ཚོགས་ལ་ཡིད་ཐང་ཆད་ཡོད་པ་འདི་ཉིད་མཐོང་ཆོས་སུ་གྲུབ་པ་འདིས་ཤེས་པ་ཡིན། དམ་པ་གསུམ་དེ་དགེ་རྩ་གཅིག་ཏུ་ཐེག་ཆེན་ཐར་བའི་དགེ་རྩར་འགྱུར་བའི་སྦྱོར་བ། དངོས་གཞི། རྗེས་གསུམ་མམ། འགོ། བར། མཐའ་གསུམ་ཞེས་པ་ལྟ་བུ་ཡིན། དགེ་རྩ་ཆུང་ཆུང་ཞིག་གིས་གོ་ཆེན་པོ་ཆོད་བྱེད་དུ་ཐབས་ཁྱད་པར་ཅན་ཞིག་དགོས་ཤིང་། དེ་ལ་དགེ་རྩ་ཐབས་ཀྱིས་ཟིན་པ་ཞེས་ཟེར། དེའི་དགེ་རྩ་དེ་ལ་རྐྱེན་བར་ཆད་ཡོད་མི་ཉན་ལ། དེ་གནད་ཁྱད་པར་ཅན་དང་འབྲེལ་དགོས། དེ་འབྲེལ་ན་རྐྱེན་གྱིས་མི་ཤིགས་པའམ་མི་ཐུབ་པ་ཡིན། ཡང་དགེ་རྩ་དེ་གཅིག་གིས་མི་ཚད་མང་པོ་ཟད་མེད་དུ་འཕེལ་ཐབས་བྱེད་དགོས། དེ་དང་གསུམ་པོ་ཚང་དུས་དགེ་བ་ཚད་ལྡན་བསྒྲུབས་ན་བསྒྲུབས་པ་ཇི་བཞིན་གྲུབ་སོང་བ་ཡིན། དེས་ན་དང་པོར་དགེ་རྩ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པ་ཡིན་ལ། གཉིས་པ་དེ་དགེ་རྩ་རྐྱེན་གྱིས་མི་ཤིགས་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ། གསུམ་པ་དེ་དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བ་དམ་པ་སྟེ་གསུམ་ཡིན། དེའི་ནང་གི་དང་པོར་དགེ་རྩ་ཐབས་གང་གིས་ཟིན་དགོས་པ་ཡིན་ཞེ་ན། ཐབས་བྱང་ཆུབ་ཀྱི་སེམས་ཀྱི་རྩི་ཡིས་ཟིན་དགོས་པ་སྟེ། དཔེ་བཞག་ན་གསེར་འགྱུར་གྱི་རྩི་ཞེས་པ་ཞིག་ཡོད་པ་དེ་དཔེ་བཞག་དར་བ་ཡིན་ཞིང་། དེའི་རྩི་དེ་ལྕགས་ལ་ཐེབས་སོང་ན་ལྕགས་གསེར་དུ་འགྱུར་འགྲོ་བ་ཡིན། ལྕགས་དང་གསེར་གཉིས་ཀ་ཡང་ལྗིད་ཆེ་ཆུང་འདྲ་འདྲ་ཅན་ཞིག་ལ་རིན་ཐང་གི་གོང་ཚད་ཁྲི་འགྱུར་འབུམ་འགྱུར་གྱི་ཁྱད་བརྒྱུགས་ཡོད། གོང་ནས་ངས་ད་ལྟ་བཤད་མ་ཐག་པ་མ་ཎི་ཕྲེང་སྐོར་གཅིག་འདོན་པ་དང་། མ་ཎི་རྡོག་མ་ཁེ་རུ་མ་གཅིག་འདོན་པ་གཉིས་ཀ་ཞེས་ཟེར་གྱིན་འདུག་པ་དེ་ཉིད་གོ་བརྡ་འཕྲོད་ཆེད་དུ་གཅིག་དང་བརྒྱ་མང་ཉུང་ཡོད་པས་བཤད་པ་ཡིན་མ་གཏོགས་ངོ་མས་བཤད་ན་ཐབས་སེམས་བསྐྱེད་ཀྱིས་ཟིན་དང་མ་ཟིན་དེ་སྐྱ་སེར་གཉིས་ཀའི་ཁྱད་པར་ལྟ་བུ་ཁྲི་འགྱུར་འབུམ་འགྱུར་གྱི་ཁྱད་པར་རྒྱུགས་ཡོད། དེ་བཞིན་དུ་མར་རྒྱ་མ་ཁྲི་ཕྲག་གཅིག་གི་མཆོད་མེ་བྱས་ཏེ་ང་མི་ན་བ་དང་། ང་མི་ཚ་བ། ངས་བྱ་བ་ག་གེ་མོ་ཞིག་འགྲུབ་ཆེད། དེ་མིན་ཡང་ང་ཤི་དུས་འཇིགས་སྐྲག་མི་ཆེ་བའི་ཆེད། ཤི་ནས་དམྱལ་བ་མི་ལྷུང་ཆེད་ཡིན། དེ་འགྲུབ་པར་ཤོག་ཅེས་བསམས་ནས་མར་མེ་སྦར་བ་དེ་ཉིད་དང་། ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམ་པར་དག་པ་ཡི་སྒོ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་དོན་དུ་མར་མེ་ཁེ་རུ་ཞིག་སྦར་བ་གཉིས་ཀ་ལས་ཁེ་རུ་མ་ཡིས་དགེ་རྩ་འགྱུར་སྟོབས་ཆེ་བས་མི་ཚད་དགེ་རྩ་རླབས་ཆེ། སྔར་གྱི་གཏམ་རྒྱུད་ཀྱི་ནང་ན་དབུལ་མོ་བསྙེན་དགའ་མོས་ཉི་མ་གཅིག་གི་སྤྲང་ཟས་མར་དུ་རྗེས་ནས་མཆོད་མེ་ཀོང་བུ་ཆུང་ཆུང་ཞིག་སྦར་ཏེ། དེ་སུ་ལ་ཕུལ་བ་ཡིན་ན་སངས་རྒྱས་ཀྱི་མདུན་དུ་ཕུལ་ནས་བྱང་ཆུབ་མཆོག་ཏུ་སེམས་ཤིག་བསྐྱེད་པ་དེ་ཉིད་སངས་རྒྱས་མར་མེ་མཛད་དུ་སངས་རྒྱས་པར་ལུང་བསྟན་ཐོབ་པའི་ལོ་རྒྱུས་ལྟར་དུ་འགྱུར་སྟོབས་ཆེ་ཆུང་དེ་འདྲ་ཞིག་ཡིན། སྤྱིར་ན་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་དེ་ཡང་ནས་ཡང་དུ་བསྐྱར་ཞིང་ལན་གྲངས་ཐེངས་མ་མང་པོ་ལ་བཤད་མྱོང་། ཁྱད་པར་དུ་སེམས་བསྐྱེད་ཀྱིས་ཟིན་དགོས་པ་དེ་ཉིད་ཆོས་ཁྲིད་ནམ་བཤད་ཆོས་དུང་ནམ་བུས་ལ་བཤད་བཞིན་ཡོད། འོན་ཀྱང་འདིའི་གནད་ཀྱི་དོན་འདི་གལ་ཆེ་བས་ཁྱིམ་པ་ཕོ་མོའི་རྒྱུད་ལ་འབྱོར་རྒྱུའི་ཆེད་དུ་ད་རུང་ཡང་ཟེར་བྱས་ན་བྱང་ཆུབ་སེམས་ཀྱི་རྩི་ཡིས་ཟིན་དགོས་ཞེས་པའི་བྱང་ཆུབ་སེམས་དེ་བྱང་ཆུབ་སེམས་སྡོམ་ཞིག་བླངས་མ་ཐག་ནས་སྐྱེས་ཡོད་ཟེར་དཀའ་ཞིང་། འོན་ཀྱང་དཀའ་མོ་ཡིན་སྙམ་ནས་རང་གར་བསྡད་པས་ཕན་ཐོགས་དང་བསྒུགས་ནས་སྐྱེ་ཡོང་རྒྱུ་ཞིག་མེད། སྐྱེ་ཐབས་ལ་འབད་པ་རང་གིས་བྱེད་དགོས། ཤེས་བྱ་ཐམས་ཅད་སྦྱངས་ན་ཤེས་རྒྱུ་ཅན་ཡིན་ལ། དཀའ་བ་སྤྱད་ནས་འབད་པར་བྱས་ན་ནམ་ཞིག་དཀའ་བའི་གནས་ཀྱང་བདེ་བླག་ཏུ་འགྲུབ་རྒྱུ་ཡོད་པ་དེ་ཉིད་ཆོས་ཉིད་ཡིན་ལ། ང་ཚོ་དང་པོ་བྱིས་པའི་སྐབས་སུ་ཨ་ཕ་ཨ་མ་ཟེར་མི་ཤེས་པ་ཡིན། རང་གི་ཕོར་བ་རང་གི་ཁ་ལ་གཏོད་མི་ཤེས་ཀྱང་དེ་ལོབས་རྒྱུ་ཡོད། དང་པོ་ཀ་ཁ་སུམ་ཅུའི་ཡི་གེ་མི་ཤེས་ཀྱང་དེ་སྦྱངས་ནས་ལོབས་རྒྱུ་ཡོད་པ་དཔེ་དེ་བཞིན་དུ་རིག་པའི་གནས་ལྔ་དང་། བཀའ་མདོ་རྒྱུད་ཀྱི་དགོངས་དོན་མན་ཆད། ཅི་ལ་སྦྱངས་ན་དེ་ལ་མཁས། ཞེས་པ་འཇིག་རྟེན་གཏམ་གྱི་དཔེ་ཡིན། གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་སྦྱང་རྒྱུ་ཡོད་པ་ཡིན། སྦྱོང་ལུགས་ཇི་ལྟར་དགོས་ཟེར་ན། ཁ་རྩང་ཞིག་ནས་བཤད་པ་བཞིན་ཚད་མེད་བཞི་ཡིས་འགོ་བཟུང་ནས་སྦྱོང་དགོས། ཚད་མེད་བཞི་དབྱེ་བ་རྣམ་གྲངས་ནས་བཟུང་སྟེ་བཤད་ཡོད། སྦྱོང་ལུགས་ནི་མན་ངག་གི་ལུགས་ལྟར་དུ་བཏང་སྙོམས་ཚད་མེད་ནས་འགོ་བཙུགས་ཏེ་སྦྱངས་ན་ལོབས་རྒྱུ་བྱང་རྒྱུ་ལོས་ཡོད། ཐུན་མོང་གི་ལུགས་ཡིན་ན་སེམས་ཀྱིས་འབད་ནས་སངས་རྒྱས་པ་ཡིན། ཐུན་མིན་ལྟར་ན་ངོ་བོ་ཡེ་དག་དང་གློ་བུར་བྲལ་དག་ཡིན་པ་དེ་ཉིད་ཚོགས་གཉིས་བསགས་ནས་སྒྲིབ་གཉིས་དག་སྟེ་རྟོགས་པ་མངོན་དུ་གྱུར་རྒྱུ་ཡོད། འབད་པའི་ཤུགས་ལ་བརྟེན་པ་ཞིག་ཡིན། ད་ལྟ་ང་ཚོས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཟེར་ཁུལ་བྱེད་ཀྱང་ང་དང་ཁོ་ཟེར་ས་ལ་ཐུག་དུས་བདག་གཞན་མཉམ་པ་དང་། བདག་ལས་གཞན་གཅེས་སོགས་མ་དགོས་ཚིག་གཅིག་གིས་ཟེར་ལུགས་ཡག་བཙོག་ལ་ཡ་ཡ་དྲག་དྲག་སྙམ་གྱིན་འདུག་རྒྱུ་འདི་ཉིད་ཁོག་རྒྱ་ཆུང་བའི་སྐྱོན་དང་བློ་རྒྱ་དོགས་པའི་མཚང་ཡིན། ཆོས་མ་དགོས་འཇིག་རྟེན་སྒྲུབ་ལུགས་དང་མི་བཟང་པོ་ཡིན་ལུགས་ཙམ་ཞིག་ཤེས་ཀྱིན་མེད་པ་ཡིན། གཞན་ཞེས་པ་མཐའ་ཡས་ཀྱི་སེམས་ཅན་ཡིན་ཞིང་གྲངས་ཀ་བགྲང་རྒྱུ་དང་རྩི་རྒྱུ་མི་ལོན་པའི་མང་པོ་ཞིག་ཡིན་ཞིང་། ང་ཞེས་པ་ཁེ་རུ་མ་ཐོག་མེད་ནས་ད་ཡི་བར་དུ། ང་དང་ང་། ངའི་དང་ངའི་ཞེས་ང་ལ་བདག་ཏུ་བཟུང་བ་དང་ལུས་དང་ནོར་རྫས་ངའི་ཡིན་སྙམ་ནས་བདེན་ཞེན་འཁྲུལ་སྣང་གི་དབང་དུ་ཤོར་སོང་བ་ཡིན། དེའི་རྐྱེན་གྱིས་སྡུག་བསྔལ་ཞིག་མ་གཏོགས་བདེ་བ་ཐོབ་རྒྱུ་མེད་པ་འདི་བྱུང་སོང་བ་ཡིན། རང་རྐྱང་རྐྱང་ལ་བསམས་ནས་རང་དོན་དེ་སྔོན་ཡང་མ་འགྲུབ་ལ་ད་རུང་འགྲུབ་ས་མི་འདུག སེམས་ཅན་འདི་ཐམས་ཅད་སྐྱེ་བ་ཐོག་མེད་ནས་ཕ་མར་མ་བྱས་པ་ཡོད་པ་མ་ཡིན། དེ་ལྟར་དུ་དགྲ་གཉེན་བར་མར་བྱས་པ་ཡང་ཡོད་ཅིང་མ་བྱས་པ་ཕལ་ཆེར་མེད་ལ། འོན་ཀྱང་རང་གིས་ཕར་ལ་དེ་བཞིན་དུ་མཚམས་རེར་ཕ་མར་བྱས། མཚམས་རེར་མཛའ་གྲོགས་བྱས། མཚམས་རེར་གཉེན་འདུན་བྱས། མཚམས་རེ་དགྲ་བོ་བྱས་ནས་སྲོག་གི་འཚེ་བ་བྱས་པའི་ཁ་གྲངས་ཀྱང་སུས་ཐེབས། སེམས་ཅན་ཐམས་ཅད་བདེ་བ་འདོད་མཁན་ད་ལྟའི་རང་ཉིད་དང་འདྲ་འདྲ་ཤ་སྟག་ཡིན་ལ། འདིའི་རང་གི་ཁྱིམ་མི་ཉེ་འབྲེལ་ཟུར་ན་ཡོད་པ་འདི་ཚོ་ལ་མི་འདོད་སྡུག་བསྔལ་བྱུང་ན་ཤ་ཚ་སྙིང་རྗེ་ཡོད་པ་ལྟ་བུ་ཐམས་ཅད་ལ་དེ་བཞིན་དུ་བསྒོམས་ན་ནམ་ཞིག་གོམས་ནས་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་རྒྱུ་ཡོད། དེ་འདྲ་ཡིན་ཕྱིར་དགེ་རྩ་ཆེ་ཆུང་ཅི་ཞིག་བསྒྲུབས་ཀྱང་མར་གྱུར་མཁའ་མཉམ་གྱི་སེམས་ཅན་འདི་དག་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་ངས་རྫོགས་པའི་བྱང་ཆུབ་སྒྲུབ་བོ། །དེའི་དོན་དུ་ངས་དགེ་བ་འདི་སྒྲུབ་པ་ཡིན་སྙམ་པའི་ལྷག་པའི་བསམ་པ་ཞིག་ཁ་ཞེ་གཉིས་མེད་ཀྱིས་ཡོད་པ་ཞིག་ལ་བློ་སྦྱོང་བྱེད་དགོས། གཞན་ཕན་བྱང་ཆུབ་ཀྱི་སེམས་དེའི་ཐབས་དེས་ཟིན་སོང་ན་མ་ཀའི་ཉན་ཐོས་ཐེག་པ་ནས་ཡ་ཀའི་རྫོགས་པ་ཆེན་པོའི་བར་གྱི་ཆོས་ཆེ་ཆུང་ཅི་ཞིག་བསྒྲུབས་ཀྱང་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་དང་ཐེག་ཆེན་ཐར་བ་ཆ་མཐུན་གྱི་ལས་སུ་འགྱུར་བ་ཡིན། གཞན་ཕན་བྱང་ཆུབ་ཀྱི་སེམས་དེ་དང་མ་འབྲེལ་ནས་རང་དོན་ཡིད་བྱེད་ཀྱི་ཀུན་སློང་གིས་མིང་ཆེ་ཆུང་དང་ཐེག་པ་མཐོ་དམན་གྱི་ཆོས་ཅི་ཞིག་བསྒྲུབས། ལུང་པ་འུར་གྱིས་བཀང་། མྱི་འགུག་ཁྱི་འབོད་བྱས། གནམ་ས་གཉིས་ཀ་རྔ་རོལ་གྱི་སྒྲས་བཀང་། བསྒོམས་ནས་ལོ་དགུ་ལ་འགོར། བཏོན་ནས་དུང་ཁ་ཆ་རེ་ཕུད་བཞག་ཡོད་ཀྱང་། རབ་ཡིན་ན་ཐེག་དམན་ཐར་བ་ཆ་མཐུན་ཞིག གལ་ཏེ་ངེས་འབྱུང་གི་བསམ་པས་ཟིན་མེད་པ་དང་ཆོས་བརྒྱད་ལེགས་སྨོན་རྐྱང་པས་སྦགས་པ་ཞིག་ཡིན་ན་ནི་ཕན་ཡོན་སྤྱིར་བཏང་བ་ཞིག་ལོས་ཡོད་ཀྱང་ཐར་བའི་རྒྱུར་འགྱུར་དགོས་ན་གཅིག་གི་ས་ལ་འགྲོ་དཀའ་བའི་དགེ་བའི་གཟུགས་བརྙན་རི་མོ་བྲིས་པའི་མར་མེས་མུན་པ་མི་སེལ་བ་ལྟ་བུ་ཞིག་ཡིན། དེ་ཡིན་ཕྱིར་ཆོས་བསྒྲུབས་པའི་དོན་སྙིང་ཐར་བའི་ལམ་སྣེ་ཞིག་རྙེད་དགོས་པ་ཡིན་པས་བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་སྐྱེ་རྒྱུ་ལ་མ་བསླབས་ན་ཐེག་ཆེན་ཐར་བའི་ལམ་སྣེ་ཞིག་ཀྱང་ཟིན་ཡོད་པ་མ་ཡིན་ལ། དེ་ལ་བལྟས་ན་ད་སྔོན་གང་བསྒྲུབས་དེ་ཉིད་དོན་ཆེན་ངོ་མ་མ་ཡིན་པའི་སྟོང་ལོག་ཏུ་གྱུར་སོང་ཟེར་རྒྱུ་དེ་འདྲ་ཞིག་ལ་ཐུག་ཡོད་པས་དགེ་རྩ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པ་མེད་ཐབས་མེད་པའི་གནད་དེ་ལྟ་བུའི་སྒོ་ནས་ཆེ་བ་ཡིན། དེ་ནས་དངོས་གཞི་དམིགས་མེད་དམ་པ་ཡིན་ལ། དངོས་གཞི་དམིགས་མེད་དམ་པ་དེ་དགེ་བ་རྐྱེན་གྱིས་མི་ཤིགས་པར་བྱེད་པ་ཞེས་ཟེར་ཞིང་། སྟོང་ཉིད་ཀྱི་ལྟ་བས་ཟིན་དགོས་པ་ཡིན། འོན་ཀྱང་སྟོང་ཉིད་རྟོགས་པ་ཉན་ཐོས་ལ་ཡང་ཡོད་ན་འདི་ནས་ཐེག་ཆེན་དམ་པ་གསུམ་གྱི་ཟླས་ཕྱེ་བའི་སྟོང་ཉིད་དམིགས་པ་མེད་པ་དེ་ཅི་འདྲ་ཞིག་ལ་འཇོག་ཟེར་ན། ཀུན་མཁྱེན་ཆོས་རྗེས་དངོས་གཞི་དམིགས་པ་དང་མཚན་མ་མེད་པའི་ཤེས་རབ་དམ་པས་ཟིན་པ་ཞེས་གསུངས་ཡོད། དེས་ན་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱས་ནས་དེའི་ངང་ལ་སྤྲོ་བསྡུ་མེད་པར་བཞག་ན་དེ་ལས་གཞན་པའི་ཆོས་གང་ཡང་དམིགས་སུ་མེད་པ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བློའི་འཇུག་པ་ནུབ་པའི་དབྱིངས་དོན་དམ་པ་ཞི་བ་ལྷས་གསུངས་པ་ལྟ་བུ་སྟེ། གང་ཚེ་དངོས་དང་དངོས་མེད་དག། བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པའི་དོན་དམ་པའི་དབྱིངས་ཤེས་རབ་ཀྱི་ཕར་ཕྱིན་དེའི་ངང་ལ་མཉམ་པར་གཞག་བྱ་འཇོག་བྱེད་དང་བྲལ་བ་བཟོ་མེད་དུ་གནས་པ་ལ་དངོས་གཞི་དམིགས་མེད་དམ་པའི་གོ་བ་སྟོང་ཉིད་འཇིག་འབྲལ་མེད་པའམ་རྡོ་རྗེ་ལྟ་བུའི་ཆོས་དེར་ཉོན་མོངས་དང་རྣམ་རྟོག་གང་གིས་ཀྱང་མི་ཚུགས། རྐྱེན་གྱིས་མི་ཤིགས་པའི་འཐད་པ་དེ་གྲུབ་པ་ཡིན། སྟོང་པ་ཡིན་པས་ན་སྣང་བ་གྲུབ་པ་དང་། སྣང་བའི་ཕྱིར་ན་སྟོང་པ་གྲུབ་པའི་རྒྱུ་མཚན་དེ་ཡིས་གང་ལ་སྟོང་པ་ཉིད་རུང་བ་དེ་ལ་ཐམས་ཅད་རུང་བའི་སྣང་སྟོང་འགལ་མེད་ཟུང་འཇུག་གི་རང་བཞིན་དུ་གནས་སྣང་བདེན་པ་དབྱེར་མེད་དུ་ལྟ་བས་ཐག་བཅད་པ་ལྟར་དུ་གར་ཡང་མི་སེམས་ཅིར་ཡང་མི་རྟོག་པའི་ངང་ལ་མ་ཡེངས་འཕྲོ་འདུ་དང་བྲལ་བར་བཞག་ཚེ་ཕྱི་ཡུལ་ནང་སེམས་ཀྱི་གཟུང་འཛིན་མཚན་མའི་སྤྲོས་པ་ཐམས་ཅད་ཞི་ཞིང་། དེ་ལྟར་སྒོམ་པའི་བློའི་དགག་སྒྲུབ་ཙམ་ཡང་མི་དམིགས་པའི་དུས་སུ་འོད་གསལ་སྤྲུལ་སྐུའི་གནས་སུ་ཕྱིན་ཏེ། སོ་སོ་རང་གི་ཡེ་ཤེས་ཀྱི་དོན་སྒོམ་ཐོག་ལ་འཁྱོལ་བའི་མཉམ་བཞག་ནམ་མཁའ་ལྟ་བུ་ཞེས་ཟེར་ཆོག ཤེས་རབ་ཀྱིས་ལྟ་བ་དག ཐབས་ཀྱིས་སྤྱོད་པ་དག་ན་ལམ་ལ་གོལ་འཕྱུག་འགྲོ་ས་ཡང་ཡོད་པ་མ་ཡིན། དེའི་ངང་དེ་ལས་རྗེས་ཐོབ་སྒྱུ་མ་ལྟ་བུར་སེམས་ཅན་གྱི་དོན་དུ་བསྔོ་བ་བྱས་ན་རྗེས་བསྔོ་བ་དམ་པ་ལ་དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཞེས་ཟེར་བ་ཡིན།

ཁ བསྔོ་བའི་ཡན་ལག་དངོས་བཤད་པ།

དེ་ལྟར་ན་འུ་ཚོ་ཚང་མས་འཆད་བཞིན་ཡོད་པའི་གཞི་འཛིན་སའི་རྩ་བའི་ཚིག་དེ་གང་ཡིན་ཟེར་ན། རང་དང་གཞན་གྱིས་དུས་གསུམ་བསགས་པ་ཡི། །རྣམ་དཀར་བསོད་ནམས་ཕུང་པོ་ཇི་སྙེད་པ། །དམིགས་བྲལ་འཁོར་གསུམ་དག་པས་བྱང་ཆུབ་ཆེར། །ཡོངས་སུ་བསྔོ་བས་སྲིད་པ་མཐར་བྱེད་ཤོག། ཅེས་པ་དེ་ཡིན་ལ། བསྔོ་རྒྱུ་དེ་ཉིད་རང་གཞན་གྱི་དགེ་བ་དུས་གསུམ་དང་འབྲེལ་བ་ཐམས་ཅད་ཡིན་ཞིང་། བདག་གིས་སྔར་བསགས་པ། ད་ལྟར་གསོག་བཞིན་པ། མ་འོངས་བསག་འགྱུར་གྱི་དགེ་བ་དང་། དེའི་སྟེང་དུ་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི་ཟག་མེད་ཀྱི་དགེ་བ། སེམས་ཅན་ཐམས་ཅད་ཀྱིས་བསགས་པའི་ཟག་བཅས་ཀྱི་དགེ་བ། དེ་ཐམས་ཅད་བློས་ཚུར་གཅིག་ཏུ་བསྡུས་ཏེ་བཟླུམས་ཤིང་བསྡོམས་ནས། གང་ལ་བསྔོ་དགོས་པ་ཡིན་ཟེར་ན་སངས་རྒྱས་ཀྱི་ས་ཁོ་ན་རུ་བསྔོ་དགོས། སངས་རྒྱས་ཀྱི་ས་ཁོ་ན་རུ་བསྔོ་བ་མ་གཏོགས་པར་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ས། དེ་ལས་གཞན་པའི་སར་བསྔོ་བ་བྱ་མི་ཉན་པ་ཡིན། དེ་མི་ཉན་ལུགས་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་ཀྱིས་མདོའི་ནང་དུ་དེ་ལྟར་བྱས་ནས་གསུངས་ཡོད་པ་ཡིན་པས་བྱང་ཆུབ་གསུམ་གྱི་ནང་གི་སངས་རྒྱས་ཀྱི་བྱང་ཆུབ་དམ་པ་དེ་ལ་མ་བསྔོས་ན་བསྔོ་བ་ཡང་དག་མི་འགྱུར་བ་དེ་ཉིད་མདོའི་ནང་ནས་གསུངས་པ་ལྟར་དུ་རང་དོན་ཡིད་བྱེད་ཀྱིས་གནས་མ་ཡིན་པ་ལ་བསྔོས་ན་ཤིན་ཏུ་མི་རིགས་པ་ཡིན། རྣམ་པ་ཇི་ལྟར་བྱས་ཏེ་བསྔོ་དགོས་ཤེ་ན། རྣམ་པ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མེད་བཞིན་སྣང་བ་སྒྱུ་མའི་དཔེ་བརྒྱད་ལྟ་བུ་ཡིན་ཞིང་། དགེ་བ་ཡང་དེ་བཞིན་དུ་རྨི་ལམ་དང་སྒྱུ་མ་སོགས་བཞིན་ཡིན་པར་ཤེས་པས་བསྔོ་དགོས། དགེ་བའི་རྩ་བ་ལ་བདེན་ཞེན་ཡོད་ན་བསྔོ་བ་རྣམ་དག་ཏུ་འགྱུར་བ་མ་ཡིན། དུག་དང་འདྲེས་པའི་ཁ་ཟས་དང་འདྲ་བ་ཡིན་གསུངས་ཡོད། འདི་ནས་དམིགས་མེད་གསུངས་རྒྱུ་དེ་ཞེན་མེད་ལ་གོ་དགོས། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་མངོན་རྟོགས་རྒྱན་གྱི་ནང་དུ་གསུངས་པ་ལྟར་ཡིན། བསྔོ་བ་བྱས་ཏེ་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་བས་བསྒྱུར་རྒྱུ་དེ་ལ་འདུན་པའི་བློ་ཞིག་རང་ཉིད་ལ་ཡོད་པ་དེ་ཉིད་དང་། ཚིག་ཁྱད་པར་ཅན་བདེན་པའི་མཐུ་ཅན་གྱིས་བསྔོས་པ་རྣམས་ལ་གཞི་བཟུང་སྟེ། སྔར་སངས་རྒྱས་སྲས་བཅས་དེ་དག་གིས་བསྔོས་པ་བཞིན་དུ་བསྔོ་བའི་འདུན་པ་དང་མ་བྲལ་བའི་ཚིག་དང་བཅས་ཏེ་སྦྲགས་ནས་བསྔོ་རྒྱུ་ཡིན། ཆོས་སྒར་འདི་ནས་མཚམས་རེར། འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན། །ཞེས་པའི་ཚིག་བཞི་བོའི་རྗེས་སུ་དལ་ཅིག་མཉམ་པར་བཞག་པའི་སྲོལ་ཞིག་དེང་སང་དར་ཡོད། དེ་ཅི་ཞིག་ཡིན་ཞེ་ན། གང་བསྔོ་བྱ། སྔོ་བྱེད། བསྔོ་ཡུལ་དང་བཅས་པ་སྣང་ལ་རང་བཞིན་མ་གྲུབ་པ་འཁོར་གསུམ་དུ་བདེན་ཞེན་མེད་པའི་འཁོར་གསུམ་དམིགས་མེད་ཆེན་པོའི་ངང་བསྐྱངས་ནས་མཉམ་པར་བཞག་པ་ཡིན། དེ་ལས་གཞན་དངོས་གཞིའི་སྐབས་སུ་དམིགས་མེད་ཀྱི་ལྟ་བའི་རྩི་ཡིས་མ་ཟིན། བསྔོ་བའི་སྐབས་སུ་འཁོར་གསུམ་རྣམ་དག་གི་རྩིས་གདབ་མེད་པ་ཞིག་གིས་མཇུག་རྫོགས་ས་ནས་སྟོང་ཉིད་ཀྱི་ལྟ་བས་རྒྱས་འདེབས་པ་ཡིན་ཞེས་སྨྲས་ཀྱང་གོ་ཆོད་པ་མ་ཡིན། བདེན་ཞེན་དང་བྲལ་བ་ལ་འཁོར་གསུམ་དམིགས་མེད་ཅེས་གསུངས་པ་མ་གཏོགས་མཇུག་རྫོགས་དུས་ཚང་མ་མེད་པར་བསྒོམ་རྒྱུ་ཞིག་མ་ཡིན། འོན་ཀྱང་རྗེས་སྣང་སྙིང་རྗེ་ཆེན་པོས་གང་གཤིན་པོ་ལྟ་བུའི་དམིགས་ཡུལ་ཉམ་ཐག་གི་སེམས་ཅན་དེ་ཉིད་མཉམ་བཞག་ཡེངས་མེད་འཁྲུལ་བ་དང་བྲལ་བའི་ཆོས་ཉིད་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱིས་ཀུན་བཟང་ཆོས་སྐུའི་དགོངས་པ་དང་གཉིས་སུ་མ་མཆིས་པ་དགོངས་ཀློང་དབྱེར་མེད་ཆེན་པོར་རོ་མཉམ་པའི་དགོངས་དོན་བསྐྱངས་ན་ཧིཀ་དང་ཕཊཿབརྒྱ་ཚར་ཞིག་བརྗོད་པ་བས་བཟང་ངེས་སྙམ་གྱིན་ཡོད། མདོར་ན་བསྔོ་བ་བྱེད་དུས་འཁོར་གསུམ་ཡང་དག་གི་རྩིས་མ་ཟིན་ཚེ་དེའི་དགེ་འབྲས་ཀྱིས་མངོན་མཐོ་ལྷ་མིའི་བདེ་འབྲས་ཙམ་ཞིག་ཐོབ་པ་ལས་གཞན་དུ་འཁོར་གསུམ་ལ་ཞེན་པའི་བདེན་ཞེན་དེའི་སྐྱོན་གྱིས་འཁོར་བའི་གནས་ལས་གཏན་དུ་ཐར་བའི་ཐར་བ་མཆོག་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་བྱེད་དུ་འགྲོ་བ་མ་ཡིན། བསྔོ་བ་དུག་མེད་དེ་བདེན་ཞེན་གྱི་འཛིན་སྟངས་མ་འདྲེས་པ་ཞིག་ཡིན་པས། རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད་ཅེས་གསུངས་པས་འདི་ཡང་དངོས་གཞི་དམིགས་མེད་དང་མཚུངས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ་བསྔོ་བ་དང་སྨོན་ལམ་གྱི་རྣམ་པར་ཤར་བ་ཞིག་དགོས་པ་དེ་ཉིད་གནད་ཀྱི་སྙིང་པོ་ཡིན། གལ་ཆེན་གྱི་དོན་ལ་ནན་བཤད་ཀྱིས་ཡང་ཟེར་བྱས་ན། ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཉམས་ལེན་ཐམས་ཅད་དམ་པ་གསུམ་གྱི་ཁྱོན་ལས་མི་འདའ་ལ། འདི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་། ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་ཀྱིས་བསྡུས་པ་ཞིག་ཀྱང་ཡིན། གཞི་སྒྲིབ་གཉིས་སྦྱོང་། ལམ་ཚོགས་གཉིས་རྫོགས། འབྲས་བུ་སྐུ་གཉིས་ཐོབ་པ་ལ་མེད་མི་རུང་བའི་དམ་པ་རྣམ་པ་གསུམ། འདིའི་ཡན་ལ་མང་མི་དགོས། འདིའི་མན་ལ་ཉུང་མི་རུང་། འདི་གསུམ་མཉམ་པོར་མ་ཚོགས་ཐབས་མེད། ཐེག་ཆེན་ཐར་བའི་ལམ་ཞུགས་ལ་གནད་ཀྱི་གལ་འགངས་ལྡན་པ་དེ་ཉིད་ཡིན་པས་རང་རྒྱུད་ལ་སྦྱར་ནས་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་བསྐྱེད། སྐྱེས་པ་མི་ཉམས་པ་ཡར་སྤེལ། སྟོང་ཉིད་ཀྱི་ལྟ་བ་མ་རྟོགས་པ་རྟོགས་ཐབས་ལ་འབད། རྟོགས་པ་དེ་ཉིད་ཀྱི་རྒྱུན་བསྐྱངས་ཏེ། ཉམས་རྟོགས་ཀྱི་ཡོན་ཏན་འཕེལ་ཐབས་ལ་རང་ཉིད་ཀྱིས་འབད་དགོས། དེ་ལྟར་ན་དམ་པ་གསུམ་དེ་ཐེག་ཆེན་མདོ་སྔགས་གཉིས་ཀྱི་ལམ་གྱི་གཞུང་ཤིང་ལྟ་བུ་ཡིན་པར་ཤེས་སོང་ཚེ་གང་བཤད་བྱའི་སྙིང་པོ་ངོ་མ་ལ་ཚུར་འཁོར་ན། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་དགོས་པ་ཡིན་ཞིང་། དེ་ཉིད་བྱང་ཆུབ་སེམས་བསྐྱེད་ཀྱི་གྲོགས་དང་མ་བྲལ་བར་གྱུར་ཚེ་གཞི་ནས་རླབས་ཆེན་གྱི་དགེ་རྩར་གྱུར་ཡོད་པ་དེ་ཉིད་གཏན་ལ་ཕབ་པ་དང་མཉམ་དུ་བྱང་ཆུབ་ཀྱི་སེམས་སྔར་གླེང་བ་ཡིན་ལ། རྒྱུན་དུ་རང་རང་སོ་སོས་ལེན་བཞིན་ཡོད་ཀྱང་དེའི་ངོ་བོ་དང་། ཐོབ་མཚམས། ཐོབ་ནས་བསླབ་པ་ཇི་ལྟར་བསྲུང་བ་དེ་ཉིད་མ་ཤེས་ཐབས་མེད་པ་ཡིན།

༼ཁ བྱང་ཆུབ་སེམས་རྒྱུད་ལ་སྐྱེས་ནས་དེ་མི་ཉམས་པར་བསྲུང་བའི་ཚུལ།

འུ་ཚོས་དེ་རིང་འཆད་བཞིན་ཡོད་པའི་ཤོ་ལོ་ཀ་འདིའི་ཚིག་མཇུག་ལ། སྲིད་པ་མཐར་བྱེད་ཤོག་ཅེས་པའི་ཚིག་ཅིག་ཡོད་པ་ཡིན་ཞིང་། འདིའི་སྲིད་པ་མཐའ་མར་བྱེད་ལུགས་ཀྱི་གནད་དེ་ཤེས་དགོས། དད་པ་ཡིས་སྒོ་ཕྱེས། སྐྱབས་འགྲོས་གཞི་བཟུང་། དགོངས་གསོལ་གྱིས་སྐྱབས་གནས་དཔང་དུ་བཞག་སྟེ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཞེས་པ་ལྟ་བུའི་ཚིག་དང་བཅས་ཏེ་སྨོན་འཇུག་གི་སེམས་བསྐྱེད་བླངས་པ་ཡིན་ལ། བསླབ་པ་ལ་བསླབ་རྒྱུ་དམ་བཅས་ནས་མི་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་ཡིན་ཡང་བྱང་ཆུབ་སེམས་དཔའི་བཞུགས་གྲལ་ལ་བསྡད་ཡོད་པ་ཡིན། བྱང་ཆུབ་སེམས་དཔའ་སེམས་མ་ཞིག་གི་མིང་བླངས་ཚར་བ་ཡིན། དེ་ཡིན་ན་ངས་བྱང་ཆུབ་སེམས་དཔའི་ཐོབ་བླངས་ཚར། དེས་ལས་དགོས་རྒྱུ་འགན་ཚང་མ་བྱེད་པའི་དམ་བཅའ་བཞག་ཚར། དེ་ལ་ཐམས་ཅད་ཀྱིས་དགའ་བ་སྒོམས་ཞེས་འུར་ཆེན་པོས་ཕུ་དཀྲོག་མདའ་དཀྲོག་བྱས་ཚར་བ་ཡིན། དེའི་ཁས་བླངས་དེ་དུས་ཐོག་ལ་མ་བསྒྲུབས་ཚེ་འུ་ཚོའི་དུས་རྒྱུན་ཡིན་ན་བཤད་ཐོག་ལ་མེད་པའི་རྫུན་མཁན་ཁྲེལ་མེད་ཁྲམ་པ། མིའི་ནང་གི་མཐའ་མ། མིའི་མན་ན་ཡོད་རྒྱུ། ཁྱིའི་གྲལ་ལ་འཇོག་རྒྱུ་དེ་ཉིད་དུ་འགྱུར་རྩིས་ཡིན། ད་རེས་འདིའི་ཚིག་ཐོག་ལ་མ་བསྡད་དུས་སྒོར་རྡོག་ཆ་རེའི་དོན་དུ་ལག་སྣ་རིང་ཐུང་ཞིག་གིས་རྫུན་ཞིག་ལབ་དགོས་ཐུག་བཏང་བས་ཅི་ལ་ཚད། ཕྱོགས་བཅུའི་སངས་རྒྱས་བླ་མ་དང་བཅས་པ་བསླུས་ཏེ་ཁམས་གསུམ་སེམས་ཅན་ཕ་མར་གྱུར་ཚད་པོ་མགོ་གཡོགས་བཏང་བ་ཡིན་ཞིང་། ཁེ་ཆེན་པོ་ཡང་ཐོབ་རྒྱུ་ཡོད་ལ། ཐོག་མེད་ནས་བསགས་པའི་སྡིག་ཆེན་སྐད་ཅིག་གཅིག་གིས་འདག་བྱེད་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མྱུར་དུ་རྫོགས་པ་ལ་བྱང་ཆུབ་སེམས་ཀྱི་ཡན་ལ་བསམ་དོན་ཀུན་འགྲུབ་ཀྱི་ནོར་བུ་ཞིག་ལོན་རྒྱུ་ཡོད་པ་མ་ཡིན་ཞིང་དེ་ལོན་དགོས་ལ། དེའི་ཁེ་དེ་ལོན་ནས་འདོད་དོན་སྒྲུབ་པ་ལ་དཀའ་ལས་དང་འབད་པ་ཞིག་ལོས་དགོས། དེའི་བསླབ་བྱ་བསླབ་པ་ལ་ནན་ཏན་མ་བྱས་ན་ཚོགས་བསགས་སྒྲིབ་སྦྱོང་དེ་གོ་ཆོད་པ་ཞིག་འགྱུར་བ་མ་ཡིན། བདེ་བ་ཅན་དུ་རང་འགྲོ་རོགས་ཁྲིད་ཅེས་པ་དེ་ཉིད་རྨི་ལམ་འོག་གི་རྟ་རྒྱུགས་འགྲུབ་རྒྱུ་མེད་པ་སྟོང་བསམ་དུ་འགྱུར་འགྲོ་ལ། བྱང་ཆུབ་སེམས་བསྐྱེད་ཅེས་པ་འདི་ལ་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་ཡོད་པ་དེ་ཉིད་མང་ཆེ་བས་ཤེས་བཞིན་པ་ཡིན་ཞིང་། ཀུན་རྫོབ་སེམས་བསྐྱེད་སྨོན་དང་འཇུག་པའི་བདག་ཉིད་ཅན་འདི་བརྡ་ལས་ཐོབ་པ་ཆོ་ག་ལ་བརྟེན་ནས་ལེན་གྱིན་འདུག་པ་འདི་ཡིན་ལ། དོན་དམ་སེམས་བསྐྱེད་སྒོམ་པ་ལས་སྐྱེ་དགོས་པ་ཡིན་ཞིང་། ཀུན་རྫོབ་སེམས་བསྐྱེད་དེ་གཞན་གྱིས་བསྟན་པ་ཡིན། ཁ་རྩང་ཞིག་ནས་གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས་ལ་སོགས་པས་བྱུང་བ་དེ་ཉིད་སྔར་བཤད་པ་བཞིན་ཡིན། དོན་དམ་སེམས་བསྐྱེད་དེ་རང་གིས་རྟོགས་པ་ཡིན་པ་ཞིག་སྟེ། རྫོགས་པའི་སངས་རྒྱས་རབ་མཉེས་ཤིང་། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་པའི་བསྟན་དོན་ལྟར་སངས་རྒྱས་མཉེས་པར་བྱས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོ་བསགས་པའི་སྟོབས་ཀྱིས་ཚོགས་སྦྱོར་གྱི་ལམ་བརྒྱུད་ནས་འཇིག་རྟེན་ཆོས་མཆོག་གི་རྗེས་ཐོག་དེ་ལ་ཐོན་སྐབས་ཆོས་ལ་མི་རྟོག་པའི་ཡེ་ཤེས་མཐོང་ལམ་སྐྱེས་པ་དེ་ཉིད་ལ་དོན་དམ་པའི་སེམས་བསྐྱེད་ཅེས་བྱ་བ་ཡིན།

ཀ༽ སྨོན་པ་སེམས་བསྐྱེད་ཀྱི་བསླབ་བྱ་བཤད་པ།

དེའི་རྣམ་བཞག་དེ་ཕྱོགས་ཙམ་ཞིག་ངེས་པའི་སྟེང་ནས། འདི་ནས་སྨོན་འཇུག་གི་བསླབ་བྱའི་འགོ་གླེང་གི་ཕྱོགས་ཙམ་ཞིག་བསྟན་པའི་ཚུལ་བྱས་ན། དང་པོ་སྨོན་པའི་བསླབ་བྱ་བཤད་དགོས་ལ། འདི་བཤད་པ་ལ་བསྡུས་འབྲིང་རྒྱས་གསུམ་གྱིས་བཤད་རྒྱུ་ཡོད་ཅིང་། དེ་ཡང་ཚུར་ཚིག་སྣ་བསྡུས་ནས་བཤད་ན་ཚིག་གཅིག་གི་ནང་ལ་འདུས་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་བྱ་བསམ་རྒྱུ་དང་མི་འབྲལ་བ་དེ་ཉིད་ཡིན། སྨོན་པའི་བསླབ་བྱ་བསྡུས་པ་དེ་དེ་ཡིན། འབྲིང་གི་ཚུལ་བྱས་ན་སྨོན་པ་བྱང་ཆུབ་ཀྱི་སེམས་གཏོང་བའམ་ཉམས་པའི་རྒྱུ་དང་པོ་ཤེས་དགོས། སྨོན་སེམས་གཏོང་བའི་རྒྱུ་དེ་གསུམ་ཡོད། རྒྱུ་གསུམ་དེ་གང་ཡིན་ཞེ་ན། ཞུམ་པ་དང་གཅིག སྒྱིད་ལུག་དང་གཉིས། འཁོར་བའི་ཉམ་ཉེས་ལ་སྐྲག་པ་སྟེ་དེ་གསུམ་པོ་ཡིན། དེ་གསུམ་གྱི་སྔུན་ནས་ཕམ་ཁ་ཁུར་མི་རུང། ཞུམ་པ་ཞེས་པ་ངས་ཅི་ཞིག་འགྲུབ་སྙམ་པ་དེ་ཡིན། འཁུམས་བསྡད་དུས་འགྲུབ་ཡོང་རྒྱུ་ཞིག་ཅི་ཡོད། གཞན་གྱིས་སྡོམ་པ་ལས་རང་ཉིད་འཁུམས་པས་སྡུག་པ་ཡིན། མི་འགྲུབ་རྒྱུ་ཅི་ཞིག་ཡོད་དེ་གཅིག་གིས་འགྲུབ་པ་དེ་ཉིད་ཀུན་གྱིས་མི་འགྲུབ་པ་ཅི་ཞིག་ཡོད། སྤྱོད་འཇུག་གི་ནང་དུ་གསུངས་ཡོད་པ་ལྟར་འབུ་སྦྲང་བུ་དང་ཤ་སྦྲང་བུང་བ་འདི་ཚོས་འགྲུབ་ཀྱིན་ཡོད་པས་ང་མི་ཞིག་གིས་མི་འགྲུབ་པ་ངོ་ཚའོ་བསམ་དགོས། དེ་ཇི་ལྟར་སྨྲས་པ་ཡིན་ཞེ་ན། སྔོན་གྱི་ལོ་རྒྱུས་ཀྱི་ནང་དུ་ཤིང་ལོ་ཞིག་གི་ཐོག་ལ་འབུ་བདུན་འབྱར་བསྡད་ཡོད་པ་དེ་ཉིད་ཤིང་ལོ་རྒྱ་མཚོའི་ནང་ལ་འབུ་བདུན་འབྱར་བཞིན་དུ་ལྷུང་སོང་ལ། རྒྱ་མཚོའི་ནང་དུ་རྣམ་པར་སྣང་མཛད་ཀྱི་སྐུ་ཆེན་པོ་ཞིག་ཡོད་ཅིང་། ཤིང་ལོ་རླུང་གིས་ཁྱེར་ཕྱོགས་ཀྱིས་རྣམ་སྣང་གི་སྐུ་དེ་ལ་སྐོར་བ་བདུན་ཕོག་སོང་ནས་དེའི་དགེ་བའི་སྟོབས་དེས་འབུ་བདུན་པོ་མི་ལུས་བླངས། མི་ལུས་བླངས་ན་ཡང་མི་ལུས་བཟང་པོ་ཞིག་མ་ཐོབ་པར་མི་ལུས་རིགས་ངན་གྱི་བུ་མོ་བདུན་གྱི་སྐྱེ་བ་བླངས་སོང་བ་ཡིན། མི་ལུས་བླངས་ཀྱང་སྐྱེ་ས་སྡུག་སོང་བའི་དབང་གིས་རིགས་དང་འབྱོར་བ་དམན་པ་དེ་ཉིད་ལ་སྐྱོ་བ་སྐྱེས། སྐྱོ་སྣང་ཤར། རྩྭ་བཏུས། ཤིང་བྲེགས། གཞན་གྱི་གཡོག་མོར་བྱས་ནས་དེའི་ཡོང་སྒོ་ཡིས་བསོད་ནམས་བསགས་པས་དེའི་སྐྱེ་བ་རྗེས་མ་ལ་རྒྱལ་པོ་ཀྲྀ་ཀྲྀའི་སྲས་མོ་བདུན་གྱི་སྐྱེ་བ་བླངས་སོང་བ་ཡིན། དེ་དུས་སངས་རྒྱས་འོད་སྲུང་འཇིག་རྟེན་ལ་བྱོན་དུས་ཡིན་ལ། སངས་རྒྱས་འོད་སྲུང་མཆོད་པས་མཉེས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཉིད་མ་འོངས་པ་ལ་སངས་རྒྱས་བདུན་དུ་འཚང་རྒྱ་བའི་ལུང་བསྟན་དབུགས་དབྱུང་ཐོབ་པ་ཡིན། དེ་བཞིན་དུ་ཡང་ཕག་ཅིག་ཁྱིས་བདས་ནས་ཕག་ཁྱི་ཡིས་འདེད་ཕྱོགས་ཤིག་གིས་མཆོད་རྟེན་ཞིག་ལ་སྐོར་བ་ལན་གསུམ་བསྐོར་བར་བྱས་པའི་བསོད་ནམས་ཀྱིས་རྗེས་སུ་དགྲ་བཅོམ་ཐོབ་པ་ལ་སོགས་པ་ལོ་རྒྱུས་མང་བ་ཡིན། དེས་ན་སྐྱེ་བ་དམན་པའི་སེམས་ཅན་དུད་འགྲོ་དེ་ཚོས་སྒྲུབ་ཐུབ་པ་དེ་ཉིད་ངས་ལོས་འགྲུབ་བསམས་ནས་ཞུམ་པ་སྤང་དགོས། སྨོན་སེམས་གཏོང་བའི་རྒྱུ་གཉིས་པ་དེ་གང་ཡིན་ཞེ་ན། སྒྱིད་ལུག་ཡིན་ལ། སྒྱིད་ལུག་ཅེས་པ་དེ་ཉིད་ངས་འགྲུབ་ཐུབ་པ་མི་འདུག་འགའ་ཞིག་གིས་ཅི་འདྲའི་དགེ་བ་བསྒྲུབས་ཡོད་འདུག་ཀྱང་ད་རུང་མི་འདོད་པ་འབྱུང་རྒྱུ་མང་འདུག་བསམ་རྒྱུ་དེ་ཚོ་ཡིན། དེ་ལ་བསམ་བློ་གཏང་ཤེས་དགོས། ལས་ཞེས་པ་འདི་ལ་འདྲ་མི་འདྲ་གཉིས་ཀ་ཡོད། ལས་ཀྱི་རྣམ་གྲངས་ཤིན་ཏུ་ནས་ཀྱང་རྒྱ་ཆེ་བས་དེའི་རྒྱ་ཁྱོན་ཤེས་དགོས་ན་སངས་རྒྱས་ཀྱིས་མ་གཏོགས་མཐའ་དཔོག་ཐུབ་པ་མ་ཡིན། མཐོང་ཆོས་མྱོང་འགྱུར་གྱི་ལས། སྐྱེས་ནས་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཏེ་དེ་ལྟ་བུའི་རྣམ་གྲངས་ཡོད། དགེ་སྡིག་གང་རུང་གི་འབྲས་བུ་ཚེ་འདི་ལ་མྱོང་བའི་མཐོང་ཆོས་མྱོང་འགྱུར་དང་། ཞིང་དང་བསམ་པ་དངོས་པོ་རྣམས་ཕུལ་དུ་བྱུང་བ། ཕུལ་དུ་བྱུང་བ་ཞེས་པ་ཆེན་པོ་རུ་གྱུར་པ་ཆེན་པོ་དཔེ་མེད་པ་སྟེ་གཞན་ཕལ་བ་དང་མ་འདྲ་བ་ཞིག་དགོས། ཞིང་དང་བསམ་པའི་བྱེ་བྲག་གིས་མཐོང་ཆོས་འབྲས་བུ་ཅན་གྱི་ལས་གསུངས་པ་ཡིན། ཞིང་དགེ་སྡིག་བསགས་སའི་ཡུལ་ཕུལ་བྱུང་ཞིག་ལ། བསམ་པ་བཟང་ངན་ཕུལ་བྱུང་ངམ་ཁྱད་ཐོན་པ་ཞིག་གིས། དངོས་པོ་བཟང་ངན་ཕུལ་བྱུང་ཞིག་གི་སྒོ་ནས། དགེ་སྡིག་གང་ཡིན་ཕུལ་བྱུང་ཞིག་བྱས་ན་ཚེ་འདི་ལ་འབྲས་བུ་སྨིན་ནས་འབྲས་བུ་དེ་ལས་དེའི་ཡིན་སོང་བསམ་རྒྱུ་རང་རོགས་སུས་བལྟས་ན་ཤེས་རྒྱུ་ཅན་རྣམས་ཡིན། དེ་ལྟ་བུ་ཉུང་བ་ཡིན་ལ་ཁྱད་པར་དུ་དཀར་པོའི་ཕྱོགས་ནས་ཉུང་བ་ཡིན། དེའི་འཕྲོས་སུ་ལས་དེ་ཙམ་མི་ཆེ་བ་ཞིག་བྱས་ན་ཚེ་ཕྱི་མར་སྐྱེས་ནས་མྱོང་འགྱུར་གྱི་ལས་ཡིན། ད་རུང་དེ་བས་ཀྱང་ཆུང་བ་ཞིག་བསྒྲུབས་པ་ཡིན་ན་ཚེ་འདི་ལ་མ་དགོས་སྐྱེ་བ་བརྗེས་མ་ཐག་ཏུ་སྨིན་དཀའ་བ་ཡིན། ལས་ལྕི་ཡང་གི་སྟོབས་ཀྱིས་འབྲས་བུ་སྔོན་རྗེས་ལ་སོགས་པའི་མྱོང་ཚུལ་མང་བ་ཡིན་པས་ཕྱི་མའི་ཕྱི་མ་ལ་སོགས་པ་ལན་གྲངས་གཞན་ལ་མྱོང་འགྱུར་ཡིན་ཕྱིར་ང་ལ་འདི་མ་བབ་བསམས་ནས་རྒྱུ་འབྲས་ལ་ཡིད་ཆད་སྐྱེ་རྒྱུ་ཡོད་པ་མ་ཡིན། སྐྱེ་བོ་བློ་ཆུང་གིས་དེ་ལྟར་ཡིད་ཆད་ཀྱིས་ལོག་ལྟ་སྐྱེས། རང་གིས་རང་ལམ་ལོག་ལ་སྐྱེལ་ཉེན་ཡང་ཡོད། གསུམ་པ་དེ་གང་ཡིན་ཞེ་ན། འཁོར་བའི་ཉམ་ཉེས་སམ་ཉེས་པ་ལ་སྐྲག་ནས་བྱང་ཆུབ་ཀྱི་སེམས་གཏོང་རྒྱུ་འབྱུང་བ་ཡིན། འཁོར་བའི་སེམས་ཅན་ལ་མཐའ་ཞིག་མེད་ལ། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་ལ་ཟད་རྒྱུ་མེད། འགྲོ་བ་མང་བ་ཟད་ཀྱི་མཐའ་ཞིག་དང་བསྐལ་བ་མང་པོའི་ཡུན་ལ་གཞན་དོན་སྤྱོད་པ་རྒྱ་མཚོ་ཐུབ་ས་མི་འདུག་སྙམ་ནས་རང་དོན་ཞི་བདེའི་ཕྱོགས་ལ་བློ་འཁོར་ན་སྨོན་སེམས་གཏོང་བའི་རྒྱུ་གཅིག་ཡིན། ཉེར་ལེན་གྱི་ཕུང་པོ་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་པ་འདི་ཉིད་ལ་འདང་བརྒྱབ། སེམས་ཅན་ཐམས་ཅད་ཁྱད་མེད་ཀྱི་བུ་གཅིག་ལྟ་བུའི་སྙིང་རྗེ་བསྒོམས། བསྐལ་བ་སྐད་ཅིག་ཁྱད་མེད་དང་། དུས་གསུམ་དུས་མེད་དུ་རྟོགས་པའི་ཤེས་རབ་བསྐྱེད་པ་ལ་སོགས་པས་ལྡོག་དགོས། སྨོན་པའི་བསླབ་བྱ་རྒྱས་པར་བྱས་ཏེ་བསླབ་བསམ་ན་བྱང་སེམས་སྐྱེ་བའི་རྒྱུ། དེ་ཉིད་འཕེལ་བའི་རྐྱེན། མི་ཉམས་པའི་ཐབས་གསུམ་པོའི་སྟེང་ནས་བསླབ་དགོས། སྐྱེ་བའི་རྒྱུ་དེ་གང་ཡིན་ཞེ་ན། རྒྱས་པར་ཕྱེས་ན་ཚད་མེད་བཞི། ཚུར་བསྡུས་ཡོང་ན་བྱམས་སྙིང་རྗེ་གཉིས་ཀ་ལས་སྐྱེ་བ་ཡིན། རང་གཞན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་བ་དང་འཕྲད་འདོད་བྱམས་པ་ཡིན། གཉིས་པ་འཕེལ་བའི་རྐྱེན་དེ་ཅི་ཞིག་ཅེ་ན། མདོར་བསྡུས་ཏེ་བསྟན་ན་འགལ་རྐྱེན་སྤངས་མཐུན་རྐྱེན་བསྒྲུབས་ན་རང་རྒྱུད་བྱང་ཆུབ་ཀྱི་སེམས་འཕེལ་བ་ཡིན། རྒྱས་པར་ཕྱེས་ན་མདོ་ལས་རྐྱེན་བདུན་ལ་སོགས་པ་གསུངས་ཡོད། གཙོ་བོ་བདུད་ལས་སྤོང་བ་དེ་ཡིན། བདུད་ཀྱི་ལས་དེ་ཤེས་པར་བྱས་ནས་སྤང་བ་དང་། ཕྱོགས་བཅུ་རྒྱལ་བ་སྲས་བཅས་ལ་བདུད་ལས་མི་འབྱུང་བའི་གསོལ་འདེབས་བྱེད་པ། བྱང་ཆུབ་སེམས་ཀྱི་ཕན་ཡོན། འཁོར་འདས་གཉིས་ཀྱི་ཉེས་དམིགས་སྒོམ་པ། སངས་རྒྱས་བྱང་སེམས་ཀྱི་ཡོན་ཏན་དྲན་ནས་སྤྲོ་བ་བསྐྱེད་པ་ལ་སོགས་པ་དེ་ལྟར་བྱེད་དགོས། དེ་འཕེལ་པའི་རྐྱེན་ཡིན། གསུམ་པ་དེ་མི་ཉམས་པའི་ཐབས་ཡིན་ལ། བླ་མ་དཀོན་མཆོག་ལ་དད་པ་མི་ཉམས་པར་ཡར་འཕེལ་དུ་བཅུག་པ། བྱང་ཆུབ་ཀྱི་སེམས་དེ་ཡར་འཕེལ་དུ་བཅུག་པ། གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་མི་བྱེད་པ། སེམས་ཅན་བློས་བཏང་ནས་རང་བདེ་དོན་གཉེར་མི་བྱེད་པ། ཚོགས་གསོག་གི་ཐབས་རྒྱ་ཆེན་པོ་ལ་འབད་པར་བྱེད་པ། སྤྲོ་བ་དང་བརྩོན་འགྲུས་མི་ཉམས་པར་བྱེད་པ་དེ་རྣམས་ཡིན།

ཁ༽ བྱང་ཆུབ་འཇུག་པའི་བསླབ་བྱ་བཤད་པ།

ཀ ཕར་ཕྱིན་དྲུག་བཤད་པ།

དེ་ཡིས་བྱང་ཆུབ་སྨོན་པའི་བསླབ་བྱ་བསླབ་ཐབས་བཤད་ཟིན་ལ། བྱང་ཆུབ་འཇུག་པའི་བསླབ་བྱ་ལ་བསླབ་ཐབས་དེ་ཡང་རྒྱས་འབྲིང་བསྡུས་པའི་ཚུལ་གྱིས་བཤད་པ་ཡོད་ཅིང་། འདི་ནས་རིམ་པའི་དབང་དུ་བྱས་ན་བསྡུས་འབྲིང་རྒྱས་པ་ཞེས་བཤད་དགོས། འདི་ནས་བསྡུས་པར་བྱས་ཏེ་བཤད་ན་ད་ལྟའི་སྐབས་འདིར་བཤད་ས་གཙོ་བོ་ཁྱིམ་པ་ཕོ་མོ་ཡིན་པ་དང་། གཅིག་ན་རྒྱ་ཆེན་ཆོས་ཀྱི་སྣོད་རུང་གི་ཐོས་པ་སྔོན་སོང་མེད་ལ། གཉིས་ན་འཇིག་རྟེན་གྱི་བྱ་བས་བྲེལ་ཞིང་མང་པོ་ཞིག་ཉན་ལོང་སྒྲུབ་ལོང་གཉིས་ཀ་མེད། ཁྱད་པར་དུ་སུན་མི་འགྲོ་བའི་ཆེད་དུ་འཛིན་བདེ་བའི་བསྡུས་པ་བཤད་པ་གལ་ཆེ་བ་ཡིན། རྒྱལ་པོ་ལ་གདམས་པའི་མདོའི་ནང་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ལ་གསུངས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་བྱེད་པ་མང་པོ་ཡིན་པས་ཉིན་མཚན་གཉིས་ཀ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསླབ་མི་ཐུབ་པས་དད་པ་དང་། དོན་གཉེར། སྨོན་ལམ། ཡི་རང་སོགས་བརྗེད་དུ་མ་འཇུག དགེ་བ་བསགས་ཚད་པོ་སེམས་ཅན་དང་ཐུན་མོང་གྱིས། སེམས་ཅན་ཐམས་ཅད་སངས་རྒྱས་འགྲུབ་པའི་དོན་དུ་བསྔོས། ཁྱོད་ཀྱིས་དེ་ལྟར་བྱོས་དང་རྒྱལ་པོས་རྒྱལ་སྲིད་སྐྱོང་བའི་བྱ་བ་ཡང་མི་ཉམས། བྱང་ཆུབ་ཀྱི་ཚོགས་ཀྱང་རྫོགས་པ་ཡིན་ཞེས་གསུངས་པ་དང་མཚུངས་པར་ཁྱིམ་པ་ཕོ་མོས་ཁྱིམ་གྱི་བྱ་བ་འགྲུབ་དགོས། རྒྱུ་ནོར་ལོངས་སྤྱོད་ཡོད་དགོས། འགལ་རྐྱེན་ན་ཚ་རྐྱེན་བགེགས་ཡོད་མི་རུང་། མཐུན་རྐྱེན་གྱི་བསམ་པ་ཐམས་ཅད་འགྲུབ་དགོས། དེ་ལྟར་དགོས་ན་ཁ་སྟོང་ནས་གསོལ་འདེབས་རྐྱང་པ་བྱས་ནས་འགྲུབ་ས་མི་འདུག བསོད་ནམས་ཀྱི་སྟོབས་ཤིག་མེད་ན་རང་སྟོབས་རྐྱང་པས་མི་འགྲུབ། རང་གཞན་གཏན་བདེའི་དམིགས་ཡུལ་འགྲུབ་པ་ལ་ཐར་བའི་ལམ་སྣེ་ཟིན་དགོས། ཕྱོགས་གཞན་ནས་བྱང་ཆུབ་སེམས་དཔའི་བསླབ་བྱ་བསྡུས་པ་ལ་འཇུག་བདེ། དེ་ཅི་འདྲ་ཞིག་ཡིན་ཞེ་ན། རང་རང་སོ་སོའི་ནུས་པ་དང་མཐུན་པའི་སྒྲུབ་ནུས་ཚོད་ཀྱི་སྡིག་པ་སྤང་བ་དང་དགེ་བ་སྒྲུབ་པ་ལ་བསླབ་དགོས། དབང་མེད་ཀྱིས་སྡིག་ལས་རེ་བྱས་ཤོར་སོང་ན་ཉིན་མོར་བྱས་པ་དེ་ཉིད་མཚན་མོར་བཤགས། མཚན་མོར་བྱས་པ་དེ་ཉིད་ཉིན་མོར་བཤགས། མདོར་ན་སྡིག་པ་དང་ཞག་ཏུ་མི་འགྲོགས། དགེ་རྩ་ཅུང་ཟད་བྱས་པ་ཚུན་ཆད་སེམས་ཅན་གྱི་དོན་ལ་བསྔོ་དགོས། དེ་བསྡུས་པར་བྱས་ཏེ་བཤད་པ་ཡིན། གཉིས་པ་དེ་ལས་བློ་ཆེ་བའི་རིགས་ཤིག་ཡིན་ན་འབྲིང་གི་དབང་དུ་བཤད་ཚུལ་ཡོད་ལ། ནག་པོའི་ཆོས་བཞི་སྤང་། དཀར་པོའི་ཆོས་བཞི་བསྟེན་དགོས། ནག་པོའི་ཆོས་བཞི་བོ་གང་ཡིན་ཞེ་ན། རྣམ་གྲངས་ཁ་གྲངས་རྩི་རྒྱུ་ཅན་གྱི་རིགས་འདི་ཚོ་ལ་སྡོམ་ཚིགས་བཅད་བློ་ལ་བཟུང་ན་ཞེ་ལ་འཇགས་བདེ་བས། མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་རྒྱུ་སྤྱོད། །ཅེས་པའི་བཞི་བོ་དེ་ཡིན། མཆོད་འོས་མཆོག་བླ་མ་སྟེ་མཆོད་པར་འོས་པ་ཐམས་ཅད་ཀྱི་མཆོག་བླ་མ་ཡིན། དེ་ཉིད་བསླུས་པ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེ་རུ་བཅུག་པ། དམ་པ་ལ་སྐུར་འདེབས་བྱེད་པ། སྐབས་འདིར་ཐེག་ཆེན་ལ་ཞུགས་པའི་སེམས་ཅན་ནས་བཟུང་སྟེ་མི་བསྔགས་པའི་ཚིག་བརྗོད་པ་དང་། འགྲོ་ལ་གཡོ་རྒྱུ་སྤྱོད་པ་རྣམས་ཡིན། ནག་པོའི་ཆོས་བཞི་བོ་དེ་ལས་ལྡོག་པ་དེ་ཉིད་དཀར་པོའི་ཆོས་བཞི་ཡིན། དེ་འབྲིང་གི་དབང་དུ་བྱས་ནས་བཤད་པ་ཡིན། གསུམ་པ་རྒྱས་པར་བསླབ་པའི་ཐབས་ལ་བསམ་བློ་ཞིག་བཏང་ན། དང་པོ་སྐྱེ་བའི་རྒྱུ། གཉིས་པ་འཕེལ་བའི་རྐྱེན། གསུམ་པ་མི་ཉམས་པའི་ཐབས་ཏེ་དེ་ལྟར་བྱས་ནས་བཤད་ཡོད། དང་པོ་སྐྱེ་བའི་རྒྱུ་དེ་སྨོན་སེམས་ལ་བློ་ཞུགས་པ། དེ་འཕེལ་བའི་ཐབས་འཚོལ་རྒྱུ་དང་། ཉམས་པའི་རྒྱུ་སྤང་ཤེས་པ། འཁོར་བའི་སྡུག་བསྔལ་དང་ཞི་བ་ཕྱོགས་གཅིག་པ་མྱ་ངན་ལས་འདས་པའི་ཉེས་དམིགས་བསྒོམས་ནས་སེམས་ཅན་ཐམས་ཅད་མྱུར་དུ་འཁོར་བ་ལས་བསྒྲལ་བའི་སྙིང་སྟོབས་དང་། མྱ་ངན་ལས་འདས་པ་དེ་དུག་ལྟར་དུ་ལྡོག་ཐུབ་པའི་ཆོད་སེམས་ཡོད་དགོས། སྲིད་ཞི་གཉིས་ཀྱི་མཐའ་རུ་མ་ལྷུང་པ་ཞིག་དགོས་པ་སྟེ་དེ་སྐྱེ་བའི་རྒྱུ་ཡིན། གཉིས་པ་འཕེལ་བའི་རྐྱེན་དེ་གང་ཡིན་ཞེ་ན། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མ་རྣམས་དྲན་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡན་ལག་བདུན་པའི་བསགས་སྦྱང་བྱེད་དགོས། བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པ་མི་ཆག་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་དགོས་པ་ཡིན། གསུམ་པ་མི་ཉམས་པའི་ཐབས་ནི་དུས་རྒྱུན་དུ་ནམ་མཁའི་སྙིང་པོའི་མདོ་དང་མདོ་སྡེ་དཀོན་མཆོག་བརྩེགས་པ་ལ་སོགས་པ་ལས་གསུངས་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་ཐམས་ཅད་ལ་གཉེན་པོ་བསྐྱེད། ཁྱད་པར་དུ་དེ་བཞིན་གཤེགས་པའི་ཡིག་བརྒྱ་སོགས་བསྒྲངས་ནས་སྡིག་ལྟུང་དག་པའི་ཐབས་སྣ་ཚོགས་ལ་བསླབ་རྒྱུ་དེ་ཡིན། བྱང་ཆུབ་འཇུག་པའི་བསླབ་བྱ་དེ་བསྡུས་ན། ཕྱིན་དྲུག་དང་བསྡུ་དངོས་བཞི་རུ་བསྡུས་ཏེ་གསུངས་ཡོད། རང་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། སེམས་ཅན་གཞན་ཡོངས་སུ་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞི་ལ་སྤྱོད་པ་དེ་ཡིན། ཕར་ཕྱིན་དྲུག་གི་སྤྱིའི་མཚན་ཉིད་དེ་གང་ཡིན་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཕ་རོལ་དུ་སྒྲོལ་བའི་ཐབས་དམ་པ་གང་ཡིན་པ་དེ་ཕར་ཕྱིན་གྱི་མཚན་ཉིད་ཡིན། འདི་ཚོ་འདི་ལྟར་བྱས་ཏེ་བཤད་ན་ཁྱིམ་པ་ཕོ་མོ་ཚང་མས་ཐོས་པ་བསྟེན་མྱོང་མེད་པས་ཐོས་པ་བསྟེན་མ་མྱོང་བའི་མི་ཞིག་གིས་དང་པོ་ཉིད་ནས་ཆ་ཚང་མི་གོ་ཡང་ཐོས་པའི་བག་ཆགས་རེ་འདི་ལྟར་བྱས་ཏེ་རྒྱུད་ལ་བཞག་ན་ནམ་ཞིག་མི་ཟད་གཟུངས་དང་སྤོབས་པ་རང་གིས་ཐོབ་ནས་སོ་སོ་རང་རིག་པའི་མཁྱེན་རབ་ཡེ་ཤེས་ཀྱི་ཉི་མ་ནང་ནས་རྒྱས་པའི་དགོས་པ་ཡོད། དཔེར་ན་སངས་རྒྱས་འོད་དཔག་མེད་པའི་མཚན་གྱི་སྒྲ་ཙམ་དུད་འགྲོའི་རྣ་ལམ་དུ་ཐོས་ན་ཞིང་ཁམས་བདེ་བ་ཅན་ལ་དབུགས་འབྱིན་གསུངས་པ་དེ་ངེས་དོན་གྱི་བཀའ་ལ་བསླུ་བ་མེད། དུད་འགྲོའི་རྣ་ལམ་དུ་སངས་རྒྱས་འོད་དཔག་མེད་ཀྱི་མཚན་བསྒྲགས་ན་ཡང་དུད་འགྲོས་ལྷག་ཏུ་དོན་མི་གོ་ཡང་བྱིན་རླབས་འཇུག་པ་བཞིན་དུ་དམ་ཆོས་ཐོས་ན་ཕྱི་མར་བཅོལ་བའི་ནོར་ལ་རང་ཉིད་ལེན་པ་ལྟ་བུ་ཡིན་པས་འདི་ཚོ་བག་ཆགས་རེ་བཞག་ན་བཟང་སྙམ་ནས་དེ་ལྟར་བྱས་ཏེ་འཆད་ཀྱིན་ཡོད། དེའི་ཕྱིར་ན་ཕར་ཕྱིན་དྲུག་གི་སྤྱིའི་མཚན་ཉིད་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་སྒྲོལ་བའི་ཐབས་དམ་པ་གང་ཡིན་པ་ཕར་ཕྱིན་གྱི་མཚན་ཉིད་ཡིན་ཞེས་སྨྲས་ཟིན་ལ། དེ་ཅིའི་ཕྱིར་ཞེ་ན། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་བྱ། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་པ་ལྟར་དུ་ཡིན། ཕར་ཕྱིན་གྱི་དབྱེ་བའི་ཐད་ནས་བཤད་པ་འདི་ལ་ས་བཅད་ཅིག་བཞག་ན། དབྱེ་གཞི་དང་། དབྱེ་བའི་དོན་དང་། དབྱེ་བ་ངེས་པར་སྒྲུབ་པ་དང་གསུམ་གྱིས་བཤད་དགོས། དེ་མཁས་པའི་བསྟན་བཅོས་སོགས་ནས་དེ་ལྟར་གསུངས་ཡོད་པས་དེ་ལྟར་དུ་བཤད་དགོས། རགས་རིམ་འགོ་ཟིན་རེ་མི་སྐྱ་ཕོ་མོ་ཡིན་ཡང་རྒྱ་ཆེན་ཐོས་པའི་ཕན་ཡོན་རྒྱུད་ལ་འཇོག་པའི་ཆེད་དུ་བཤད་ན། དང་པོ་ཕར་ཕྱིན་གྱི་དབྱེ་གཞི་དེ་རྫོགས་པའི་སངས་རྒྱས་སྒྲུབ་པའི་ཐབས་ཁྱད་པར་བ་ཞིག་ཡིན། དབྱེ་བའི་དོན་དེ་རྣམ་པ་དྲུག་ཡོད་པ་སྟེ་ཁྱིམ་པ་ཕོ་མོ་ཡིན་ཡང་ཁ་གྲངས་ཙམ་ཞིག་ངེས་པར་གྱིས་དང་རླབས་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མ་སྦྱངས་ན་སངས་རྒྱས་ཅི་ལྟར་ཐོབ། ཁ་ཡིས་ཟེར་མ་ཤེས་ཤིང་སེམས་ཀྱིས་བསམ་མ་ཤེས་ན་སྦྱོར་བ་ལག་ལེན་ལ་ཐེབས་ཐབས་མེད། ཁ་གྲངས་མང་པོ་ཞིག་མེད་དེ་ཕྱིན་དྲུག་བསྡུ་དངོས་བཞི་སྟེ་བཅུ་ཐམ་པ་ཡོད། ཕར་ཕྱིན་གྱི་དབྱེ་བ་རྣམ་པ་དྲུག་ནི་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་དྲུག་ཡིན། འུ་ཚོ་བོད་ཆོས་ལྡན་གྱི་ས་ཆའི་མིའི་མིང་ཚུན་ཆད་ཀྱང་ཆོས་དང་འབྲེལ་ཡོད་པ་ཤ་སྟག་ཡིན། ཕར་ཕྱིན་དྲུག་སྒྲོང་དུས་ཤི་མྱིང་རེད་འདུག་སྙམ་ནས་འཛེམ་མི་དགོས། ཕར་ཕྱིན་དྲུག་པོ་རེ་རེ་ནས་མཚན་ཉིད་དང་གཅིག དེའི་རང་བཞིན་ངེས་པར་བྱ་བ་དང་གཉིས། ཕན་ཡོན་དང་གསུམ་རེས་སྤྱི་ཆིངས་ཀྱིས་བཅིངས་ནས་གསུངས་ཡོད།

༼༡༽ སྦྱིན་པའི་ཕར་ཕྱིན།

སྦྱིན་པ་ལྟ་བུ་ཞིག་ཡིན་ན་དང་པོར་སྦྱིན་པའི་མཚན་ཉིད་ཞོག་ཟེར་ན། བདོག་པའི་དངོས་པོ་གཞན་ལ་ཕན་པས་སྟེར་བ་དེ་སྦྱིན་པའི་མཚན་ཉིད་ཡིན། དེ་ལྟ་བུའི་སྦྱིན་པ་དེ་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་གོང་ནས་བཤད་པ་དེ་ཉིད་ཀྱིས་ཟིན་ན་སྦྱིན་པའི་ཕར་ཕྱིན་ཏུ་གྱུར་སོང་བ་ཡིན། སྦྱིན་པའི་རང་བཞིན་ངེས་པར་བྱ་བ་ལ་དང་པོར་སྦྱིན་པའི་མི་མཐུན་ཕྱོགས་ངོས་གཟུང་དགོས། སྦྱིན་པའི་མི་མཐུན་ཕྱོགས་དེ་གང་ཡིན་ཞེ་ན། སེར་སྣ་ཡིས་གཞན་ལ་སྦྱིན་མི་ནུས། སྦྱིན་མི་ཕོད། སྦྱིན་རན་ཁར་ལག་པ་འདར་གྱིན་འདུག་པ། སེར་སྣ་དང་འདྲེས་མར་སྦྱིན་ནུས་ན་ཡང་མ་དག་པའི་སྦྱིན་པ་དང་འདྲེས་པ་ཡིན། དེ་མ་འདྲེས་ན་ཡང་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བ་དེ་ཚོ་སྦྱིན་པ་ཡིན་ཡང་སྦྱིན་པ་ཡང་དག་གི་མི་མཐུན་ཕྱོགས་ཡིན། དེ་ལྟར་བྱས་ཏེ་བྱིན་ན་ཚེ་འདི་ལ་འཇིག་རྟེན་ཐམས་ཅད་ཀྱི་བརྙས་བཅོས་བྱེད་སར་འགྱུར་བ། ཚེ་ཕྱི་མ་ལ་སྤྱིར་སེར་སྣ་ཅན་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་མི་གྲུབ། ཁྱད་པར་མ་དག་པའི་སྦྱིན་པས་འབྲས་བུ་གནོད་པ་ཅན་འབྱུང་བ་ཡིན་ཞིང་། སྦྱིན་པའི་གེགས་བར་ཆད་བྱེད་པ་དེ་ཉིད་སེར་སྣ་ཡིན་ལ། སེར་སྣའི་རྒྱུ་གང་ཡིན་བཙལ་ན་ནོར་རྫས་ལོངས་སྤྱོད་ལ་ཆགས་སེམས་ཡོད་པ་དེ་ཉིད་ཡིན། དེ་ལ་ཞིབ་ཀྱིས་བསམ་བློ་ཞིག་བཏང་ན། ནོར་རྫས་འདི་ནི། བསགས་དང་བསྲུང་དང་བརླགས་པའི་གདུང་བ་ཡིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེང་བར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་རྒྱལ་སྲས་ཞི་བ་ལྷས་གསུངས་པ་ཡིན། དང་པོ་ནོར་མི་ལོན་ནས་བསགས་པའི་སྡུག་བསྔལ། བར་དུ་ནོར་ཚགས་བྱས་ནས་བསྲུང་དགོས་པའི་སྡུག་བསྔལ། ཐ་མ་བརླགས་ནས་མེད་ཤོར་བའི་སྡུག་བསྔལ། དེའི་གཡོག་ཏུ་རྒྱུག་རྒྱུ་དང་། ཚེ་གཅིག་ལ་དེའི་ནོར་དེ་གཡོག་རྒྱུ་དེ་ནི་ཚེ་སྡུག་གི་བཙོན་ཁང་། ཚེ་བཙོན་ཐར་མེད་ཀྱི་ནང་ལ་འཛུལ་བ་དང་འདྲ་བ་ཡིན། དེ་ལྟར་བྱས་ཏེ་བཤད་ན། རྒྱུ་ནོར་རྫས་ལ་ཆགས་སེམས་ཀྱི་འབྲས་བུ་སེར་སྣ་སྐྱེས། དེས་ཚེ་འདི་ཕྱི་གཉིས་ཀ་ལ་སྡུག་མྱོང་བ་ཡིན། དེའི་ནད་ཀྱི་གཉེན་པོ་སྨན་དེ་སྦྱིན་པ་ཡིན་ཞིང་། སྦྱིན་པ་འདི་ལ་སྦྱིན་མཁན་གང་ཟག་མི་འདྲ་བའི་ཁྱད་པར་གྱིས་སྦྱིན་པ་ཡང་མི་འདྲ་བའི་དབྱེ་བ་ཡོད། རབ་ཏུ་བྱུང་བ་ཞིག་ཡིན་ན་གཙོ་བོ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། བྱམས་པའི་སྦྱིན་པ། ཆོས་ཀྱི་སྦྱིན་པ་གསུམ་པོ་སྦྱིན་དགོས། དེའི་ནང་ནས་ད་རུང་ཆོས་ཀྱི་སྦྱིན་པ་སྦྱིན་རྒྱུ་དེ་གནད་ཆེ། རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་རླབས་ཆེན་གྱི་འགོ་འདོན་བྱེད་ཁུལ་བྱས་ན། ཐོས་བསམ་སྒོམ་གསུམ་གྱི་གེགས་སུ་འགྱུར་བཞིན་ཡོད་ལ། དེ་ཡིན་པའི་རྒྱུ་མཚན་གྱིས་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་ཀྱིས་འགོ་འདོན་གྱིས་ཞེས་གསུངས་ཡོད། ད་དུང་རབ་བྱུང་ནི་ལྷ་དང་བཅས་པའི་མཆོད་གནས་ཡིན་པས་མཆོད་གནས་དང་ཡོན་བདག་གཉིས་ཀ་གོ་ལྡོག་སོང་ན་འཇིན་རྟེན་རྒུད་པའི་རྒྱུར་འགྱུར་ཚུལ་ཡང་གསུངས་ཡོད། ཁྱིམ་པས་ཟང་ཟིང་གི་སྦྱིན་པ་ལ་བསླབས་ནས་རང་གིས་སྟེར་ནུས་ཚོད་ཀྱིས་མ་དག་པའི་སྦྱིན་པ་མིན་པའི་དག་པའི་སྦྱིན་པ་སྟེ། དེ་ཡང་སངས་རྒྱས་ཀྱི་རྒྱུར་མི་འགྱུར་བ་མིན་པར་སངས་རྒྱས་ཀྱི་རྒྱུར་འགྱུར་བ་དེ་ཉིད་ལ་བསླབ་དགོས། དག་པའི་སྦྱིན་པ་ཡིན་ན་ཡང་དགེ་རྩ་འགའ་རེ་ལྷ་མིའི་ཕུན་ཚོགས་ཀྱི་ཕྱོགས་སུ་ལྷུང་འགྲོ་བ། འགའ་རེ་ཉན་རང་གི་ཐར་བའི་རྒྱུར་འགྱུར་འགྲོ་བ་དེ་ཚོ་ལྡོག་པའི་ཆེད་དུ་ཐབས་ཀྱིས་མྱ་ངན་ལས་འདས་པའི་མཐའ་གནོན་པ་དང་། ཤེས་རབ་ཀྱིས་འཁོར་བའི་མཐའ་མནན་ནས། བརྩོན་འགྲུས་ཀྱིས་གཉིས་ཀ་མྱུར་དུ་མཐར་ཕྱིན་པར་བྱས་ཏེ་སྦྱིན་པ་ཅུང་ཟད་ཙམ་བྱས་པ་དེ་ཉིད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུར་འགྱུར་བ་ཞིག་ལ་བསླབ་དགོས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་གང་ཟག་ཅིག་གིས་གཏོང་བ་དང་། གཏོང་བ་ཆེན་པོ། ཤིན་ཏུ་གཏོང་བ་ཆེན་པོ་དེ་རྣམས་ལ་བསླབ་དགོས། གཏོང་བ་ཞེས་པ་དེ་རྒྱལ་སྲིད་ལ་སོགས་པ། གཏོང་བ་ཆེན་པོ་དེ་བུ་དང་བུ་མོ་ཆུང་མ་ལ་སོགས་པ། ཤིན་ཏུ་གཏོང་བ་ཆེན་པོ་དེ་མགོ་དང་ཡན་ལག་ལ་སོགས་པ་རང་གི་ལུས་སྟེར་བ་ལྟ་བུ་དེ་རྣམས་ཡིན། སྦྱིན་པ་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ་ཡོན་ཏན་བཞི་སྒྲུབ། ཆགས་པ་བདུན་སྤོང་དགོས། ཡོན་ཏན་བཞི་བོ་དེ་གང་ཡིན་ཞེ་ན། མདོ་སྡེ་རྒྱན་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན་ལ་སོགས་པ་བཞི་གསུངས་ཡོད་ལ། སེམས་ཅན་རྣམས་སྨིན་བྱེད་རྣམ་གསུམ་ཞེས་སྦྱིན་པས་བསྡུས་ནས་ཉན་རང་ཐེག་ཆེན་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་འགོད་པ་དེ་རྣམས་ཡིན། ཆགས་བདུན་སྤོང་ཞེས་པ་ནི། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མ་ཆགས་ཆགས་པ་མེད་ལ་སོགས་པས་གསུངས་པ་ལྟར་ཡིན། སྦྱིན་པའི་ཕན་ཡོན་ལ་བསམ་བློ་བཏང་ན། གནས་སྐབས་སུ་ཚེ་འདི་དང་ཕྱི་མ་ལ་སེམས་ཅན་མགུ་བར་བྱས་པ་དེ་ཉིད་ཀྱིས་ལོངས་སྤྱོད་དང་སྙན་གྲགས་ལ་སོགས་པའི་དཔལ་དང་བདེ་བ་ཐོབ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུས་ཕྱི་མ་ཕྱུག་པོར་སྐྱེ། བྱེད་པ་རྒྱུ་མཐུན་གྱིས་གཏོང་ཕོད་ཅན་དུ་འགྱུར་བ་སོགས་དང་། མཐར་ཐུག་སངས་རྒྱས་པའི་གནས་སྐབས་སུ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་དང་མཆོད་པ་རྒྱ་མཚོ་ལྟ་བུ་འབྱུང་བ་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་དབང་སྒྱུར་བ་དེ་ལྟར་འབྱུང་བ་ཡིན།

༼༢༽ ཚུལ་ཁྲིམས་ཀྱི་ཕར་ཕྱིན།

ཕར་ཕྱིན་གཉིས་པ་ནི་ཚུལ་ཁྲིམས་ཡིན་ལ། ཚུལ་ཁྲིམས་ཀྱི་མཚན་ཉིད་ཞོག་ཅེ་ན། གཞན་གྱི་དོན་དུ་རང་གི་ཁ་ན་མ་ཐོ་བ་སྤོང་བ་ཚུལ་ཁྲིམས་ཀྱི་མཚན་ཉིད་ཡིན། དེ་ཡང་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཏུ་འགྱུར་བ་ཡིན། དེའི་རང་བཞིན་དེ་ངེས་པར་བྱེད་པ་ལ་དང་པོ་འཆལ་བའི་ཚུལ་ཁྲིམས་ངོས་བཟུང་དགོས། ཚུལ་ཁྲིམས་ཀྱི་ལྡོག་ཕྱོགས་འཆལ་བའི་ཚུལ་ཁྲིམས་ཡིན་ལ། སྡོམ་པ་གཏན་ནས་མི་སྲུང་བ་དང་། བསྲུངས་ཀྱང་མུ་སྟེགས་པའི་ཚུལ་ཁྲིམས་ལྟ་བུ་ཕྱིན་ཅི་ལོག་སྲུང་བ་དང་། ཕྱིན་ཅི་ལོག་མིན་ཡང་ཉན་ཐོས་ཀྱི་ཚུལ་ཁྲིམས་ལྟ་བུ་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བ་སྟེ་དེ་གསུམ་ཡིན། འཆལ་བའི་ཚུལ་ཁྲིམས་ལ་གནོད་པ་ཅི་ཡོད་ཅེ་ན། ཚེ་འདིར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བརྙས་བཅོས་བྱེད་པ། བླ་མ་དཀོན་མཆོག་གི་མདུན་ནས་ཡིན་ན་རང་ཉིད་ངོ་གནོང་དགོས་ཐུག་པ། སངས་རྒྱས་བྱང་སེམས་ཀྱི་ཐུགས་ཁྲེལ་བ། དཀར་ཕྱོགས་སྐྱོང་བའི་ལྷ་ཡིས་མི་སྲུང་བ་ལ་སོགས་པ་དང་། སྐྱེ་བ་གཏན་གྱི་ཕུན་ཚོགས་འཇོམས་པ་ལ་བསམ་བློ་བཏང་ན། མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། ཇི་སྙེད་ཆོས་ཀྱི་རྣམ་པས་བྱང་ཆུབ་ཀྱང་། ཐོས་པས་རྒྱགས་ཤིང་ཚུལ་ཁྲིམས་མི་བསྲུང་ན། །ཚུལ་ཁྲིམས་འཆལ་བ་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་གསུངས་ཡོད། སྤྱིར་ན་ཚུལ་ཁྲིམས་འཆལ་བ་ལ་བདེ་འགྲོ་འབྱུང་བ་མི་སྲིད་ཅིང་། ནམ་ཞིག་ངན་སོང་ནས་ཐར་ན་ཡང་སྲོག་གཅོད་ཀྱིས་ཚེ་ཐུང་། མ་བྱིན་པར་ལེན་པས་ནོར་དབུལ་བ་ལ་སོགས་པ་འབྱུང་། ཚུལ་ཁྲིམས་འཆལ་བའི་རྒྱུ་དེ་གང་ཡིན་ཞེ་ན། ཉོན་མོངས་མང་བ་ཤས་ཆེ་བ་ཡིན་པས་དེའི་གཉེན་པོ་ལ་ཉོན་མོངས་ཕྱོགས་རེ་བ་ལ། འདོད་ཆགས་ལ་མི་སྡུག་པ། ཞེ་སྡང་ལ་བྱམས་པ། གཏི་མུག་ལ་རྟེན་འབྲེལ། ང་རྒྱལ་ལ་ཁམས་ཀྱི་རབ་དབྱེ་དེ་རྣམས་སྒོམ་པ་དང་། མཐའ་དག་དཔྱིས་འབྱིན་གྱི་གཉེན་པོ་ལ་སྟོང་ཉིད་ཀྱི་ཏིང་འཛིན་ལ་འདྲིས་པར་བྱ་བ་གཅིག་པོ་གལ་ཆེ་བ་དེ་ཉིད་རྒྱུ་ཉོན་མོངས་ཀྱི་གཉེན་པོ་ཡིན། རྒྱུ་ཉོན་མོངས་དེ་ལ་བརྟེན་ནས་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དེ་སེམས་ལ་སྐྱེ། ཚུལ་མིན་ཡིད་བྱེད་དེ་སེམས་ལ་སྐྱེ་དུས་དེའི་དབང་གིས་ལུས་ངག་གི་ཚུལ་ཁྲིམས་འཆལ་བ་འབྱུང་བ་ཡིན་པས་དེའི་གཉེན་པོ་ཚུལ་ཁྲིམས་བསྟེན་དགོས་ཤིང་། ཚུལ་ཁྲིམས་ལ་ནང་གསེས་ཀྱི་དབྱེ་བ་གསུམ་འབྱུང་ལ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱིི་ཚུལ་ཁྲིམས་གསུམ་ཡིན། སྡོམ་པའི་ཚུལ་ཁྲིམས་ཀྱིས་བསྡོམས་པའི་སྡོམ་པ་ལ། སོ་སོར་ཐར་བའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ཡོད། སྡོམ་པ་ཞེས་པ་རབ་བྱུང་རྐྱང་པ་ཡིས་བསྲུང་དགོས་རྒྱུ་འབའ་ཞིག་མ་ཡིན་ཞེས་གོང་དུ་བཤད་ཟིན་ལ། ཁྱིམ་པས་བསྲུང་རྒྱུ་དང་རབ་བྱུང་གི་བསྲུང་རྒྱུ་གཉིས་ཀ་ཡོད། སོར་སྡོམ་ལ་མཚོན་ན། ཁྱིམ་པ་ཞིག་གིས་སྐྱབས་འགྲོའི་སྡོམ་པ་ཞིག་ཞུས། དེའི་བསླབ་བྱ་སྲུང་བ་དེ་ཉིད་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཞེས་ཟེར། འདི་སོར་ཐར་རིགས་བདུན་གྱི་ནང་ནས་འདི་ལ་བརྩི་ཞེས་ཟེར་རྒྱུ་མེད་ཀྱང་སྡོམ་པ་ཐམས་ཅད་ཀྱི་རྨང་གཞི་ཡིན་པ་དེ་ཉིད་རྒྱུན་དུ་བཤད་པ་ལྟར་ཡིན། སྐྱབས་འགྲོ་བླངས་ནས་བསྙེན་གནས་ཙམ་སྲུང་བ་ལ་སྐྱབས་གསུམ་པའི་དགེ་བསྙེན་ཞེས་གསུངས་ས་ཡོད་ལ། གང་ལྟར་སྲོག་གཅོད་སྤོང་བའི་སྡོམ་པ་བླངས་པ་ལྟ་བུ་སྣ་གཅིག་སྤྱོད་པ། དེའི་སྟེང་དུ་མ་བྱིན་ལེན་ལྟ་བུ་ཞིག་སྤོང་བ་སྣ་འགའ་སྤྱོད་པ། རྫུན་དང་གསུམ་པོ་སྤོང་ན་ཕལ་ཆེར་སྤྱོད་པ། འདོད་ལོག་དང་ཆང་གཉིས་ཀ་ནས་བཟུང་སྟེ་ལྔ་བོ་སྤོང་ན་ཡོངས་སུ་རྫོགས་པའི་དགེ་བསྙེན་ཞེས་ཟེར་བ་ཡིན། དགེ་བསྙེན་ཞེས་པ་སྟོན་པ་གཞན་ལ་མི་བསྟེན་པར་ཆོས་དགེ་བ་བཅུར་སྤྱོད་པ་ཞིག་ཡིན་ཡང་བསྲུང་བྱ་ལ་ལྔ་ཡོད། ལྔ་བསྲུངས་པས་བཅུ་དོན་གྱིས་ཐོབ་པར་འགྱུར་བ་འཇིགས་པ་སྤོང་བའི་དོན་དུ་གསུངས་པ་ཡིན། ཉན་ཐོས་བྱེ་བྲག་སྨྲ་བའི་ལུགས་ལ། དེ་རྣམས་མིན་པའི་དགེ་བསྙེན་ཞིག་ཟུར་དུ་ཕྱེས་ནས་འདོད་པ་མིན་ཡང་མདོ་སྡེ་བས་གསུངས་པ་ལྟར་ན། རྒྱན་གྱིས་བརྒྱན་པར་བྱས་ཤིང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །ཞེས་པ་དེ་ལ་གཞི་བཟུང་ནས་དེའི་སྟེང་དུ་ཚངས་སྤྱོད་ཀྱི་དགེ་བསྙེན་འདོད་པ་ཡིན། གནས་བརྟན་པའི་ལུགས་ལ་དེ་ལྟར་ཡིན་ཞིང་། ཐེག་ཆེན་པས་ཀྱང་དེ་ལྟར་དུ་བཞེད་པ་ཡིན། བསྙེན་གནས་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་དུ་བླངས་པ་དེ་ཉིད་ལ་གོ་མིའི་དགེ་བསྙེན་ཞེས་གོང་དུ་བཤད་མྱོང་ལ། གོ་མི་ཞེས་པ་དེ་ཉིད་རྒྱ་གར་གྱི་སྐད་སོར་བཞག་བྱས་པ་ཞིག་ཡིན། ཚངས་སྤྱོད་དགེ་བསྙེན་དང་གོ་མིའི་དགེ་བསྙེན་འདི་གཉིས་ཀ་ཁྱིམ་ཐབ་སྤངས་པས་རབ་བྱུང་གི་ནང་དུ་ཐེ་ས་འདུག་བསམ་རྒྱུ་ཞིག་ཡིན་ཡང་དེ་ཐེ་བ་མ་ཡིན་པ་དང་། བར་མའི་ཆོ་ག་མ་བྱས་པས་ན་རབ་བྱུང་ཡང་མ་ཡིན། བར་མ་རབ་བྱུང་གི་སྡོམ་པ་བླངས་པ་ནས་བཟུང་སྟེ་དགེ་ཚུལ་ངོ་མའི་མིང་མེད་ཀྱང་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་འཆང་ཆོག རབ་བྱུང་གི་སྡོམ་པ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གཉིས་ཀ་ཡིན་ཞིང་། དེའི་སྡོམ་པའི་ངོ་བོ་དང་བསླབ་བྱ་བཅས་མཚམས་དང་བཅས་པ་འདུལ་གཞུང་བཞིན་དུ་ཡིན་ལ། འདི་ནས་ཁྱིམ་པ་ཕོ་མོའི་ཆོས་སྐལ་གཙོར་བཟུང་གི་སྐབས་སུ་ལྷག་ཏུ་བཤད་མི་དགོས་ཤིང་། འདིར་སོ་ཐར་གྱི་སྡོམ་པ་རིགས་བདུན་ནམ་བརྒྱད་པོ་འདི་རྣམས་བྱང་ཆུབ་ཀྱི་སེམས་དང་འཁོར་གསུམ་ཡང་དག་གིས་མ་ཟིན་ན་ཉན་ཐོས་ཀྱི་སོ་ཐར་ཡིན་ཡང་ཟིན་ནས་གཞན་དོན་དུ་སྤྱོད་ན་བྱང་ཆུབ་སེམས་དཔའི་སོ་ཐར་དུ་འགྱུར་བ་ཡིན། བྱང་ཆུབ་སེམས་དཔའི་སྡོམ་པ་དེ་དབུ་མ་སེམས་ཙམ་གང་གི་ལུགས་བྱས་ནས་བླངས་ཡོད་ཀྱང་དེའི་སོ་སོའི་བསླབ་བྱ་ལ་བསླབ་པ་དང་། གཉིས་ཀའི་ཐུན་མོང་ལ་ནག་པོའི་ཆོས་བཞི་སྤངས། དཀར་པོའི་ཆོས་བཞི་སློབ་པ་དེ་ཉིད་གོང་ནས་བཤད་པ་ལྟར་དུ་ཡིན། དེ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་ལ། གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དེ་དགེ་བའི་ཆོས་སྒྲུབ་པའི་ཕྱིར་དུ་མི་དགེ་བའི་ཆོས་གཞི་དང་བཅས་པ་སྤོང་བའི་སེམས་པ་རྒྱུན་ཆགས་པ་ཞིག་ཡིན་ལ། སྐྱབས་འགྲོ་ནས་འགོ་བཟུང་སྟེ་མཐར་སངས་རྒྱས་ཀྱི་སའི་ཡོན་ཏན་གྱི་བར་གྱི་དགེ་བའི་ཆོས་སྡུད་པ་ལ་ཅི་རིགས་པར་སློབ་པ་དེ་ཉིད་ཡིན། གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། གཞན་དོན་སྒྲུབ་པའི་ཕྱིར་དེ་དང་འགལ་བ་གཞིར་བཅས་སྤོང་བའི་སེམས་པ་རྒྱུན་ཆགས་པ་ཞིག་ཡིན་པ་དང་། གཞན་དོན་དུ་འགྱུར་ན་ཞེས་པའི་ཁྱད་པར་བ་ལ་དམིགས་ཀྱིས་བསལ་བ་ཡོད་ཀྱང་དུས་འདི་ལ་དེ་ལྟ་བུའི་རིགས་ཅན་ཉིན་མོའི་སྐར་མ་ཙམ་ཡིན་ཞིང་། འདི་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ། ཡོན་ཏན་བཞི་སྒྲུབ་པ་དང་། ཆགས་བདུན་སྤོང་བ་སོགས་གོང་གིི་སྦྱིན་པས་རིགས་འགྲེ་རྒྱུ་ཡིན། ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་ནི། གནས་སྐབས་ཚེ་འདིར་འགྱོད་མེད་ཡིད་བདེ་ཡིས་སེམས་རྣལ་དུ་ཕེབས་པ། ཤེས་རབ་གསུམ་གྱི་རྒྱུར་འགྱུར་བ། སྙན་གྲགས་ཕྱོགས་བཅུར་ཁྱབ་པ། ལྷ་དང་བཅས་པའི་མཆོད་གནས་སུ་འགྱུར་བ། ཚོགས་པའི་ནང་ནས་མཛེས་ཤིང་བརྗིད་པ་ལ་སོགས་པའི་ཡོན་ཏན་མང་བ་དང་། ཚེ་ཕྱི་མ་ལ་མཐོ་རིས་ཡོན་ཏན་བདུན་ལྡན་གྱི་སྐྱེ་བ་ལེན་པ་ཡིན་ལ། མཐོ་རིས་ཀྱི་ཡོན་ཏན་བདུན་ཞེས་པ་གང་ཡིན་ཞེ་ན། རིགས་བཟང་བ། གཟུགས་མཛེས་པ། ལོངས་སྤྱོད་ཆེ་བ། ཤེས་རབ་ཕུན་སུམ་ཚོགས་པ། ནད་མེད། ཚེ་རིང་བ། སྐལ་བ་བཟང་བ་སྟེ་དེ་རྣམས་ཡིན། འོག་ནས་ཀྱང་འཆད་འགྱུར་གྱི་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བ་སྨོན་ལམ་རྣམ་དག་གིས་མཚམས་སྦྱར་བ། སྨོན་ལམ་འགྲུབ་དང་མི་འགྲུབ་ཀྱང་རྒྱུ་ཚུལ་ཁྲིམས་དག་དང་མི་དག་ལ་མང་ཆེ་བ་ཐུག་ཡོད་པ་ཡིན་ལ། ཚུལ་ཁྲིམས་བསྲུངས་པའི་མཐར་ཐུག་གི་ཕན་ཡོན་ནི། སངས་རྒྱས་པའི་གནས་སྐབས་ན་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཡོངས་སུ་དག་ནས་སྲུང་བ་མེད་པ་རྣམ་གསུམ་ཐོབ་པར་བྱེད་པ་དེ་ལྟ་བུ་ཡིན།

༼༣༽ བཟོད་པའི་ཕར་ཕྱིན།

ཕར་ཕྱིན་གསུམ་པ་བཟོད་པ་ནི། གཞན་གྱིས་གནོད་པ་བྱས་པ་ལ་སེམས་མི་འཁྲུགས་པ་དེ་བཟོད་པའི་མཚན་ཉིད་ཡིིན། དེ་ཡང་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་བཟོད་པའི་ཕར་ཕྱིན་ཏུ་འགྱུར་བ་གོང་ལྟར་ཡིན། བཟོད་པའི་མི་མཐུན་ཕྱོགས་ནི་ཁོང་ཁྲོ་ཡིན་ལ། དེས་གནོད་ཅི་ཞིག་བྱེད་ཀྱིན་ཡོད་ཅེ་ན། ཚེ་འདིར་ཞེ་སྡང་ཅན་ལ་དགའ་དུས་སྐྱིད་དུས་ཤིག་ཡོང་རྒྱུ་མེད་ཅིང་། དེའི་སྟོབས་ཀྱིས་ལུས་མི་བདེ་སྙིང་ནད་ལ་སོགས་པའི་ན་ཚ་བསྐྱེད། རང་སྡུག་རོགས་ཀྱིས་སྨད་ས། མི་བཟེ་རེ་ཅན་མིག་གིས་མ་རིག་ན་བསམ་རྒྱུར་འགྱུར་འགྲོ་བ་ཡིན། མི་གཤིས་ངན་ཚེ་འདི་ཕྱི་གཉིས་ཀར་སྡུག་ཅིང་། ཆོས་སྒྲུབ་ན་ཆོས་གྲོགས་དང་མི་འཐད། ཁྱིམ་ལ་བསྡད་ན་ཁྱིམ་བཟའ་ཚང་དང་མི་འགྲིག ཉི་མ་ཁ་ཤས་ལ་ཁ་འདྲིས་མེད་པར་འགྱུར་འགྲོ་བ། བར་ཞིག་བུ་ཚ་བོས་བར་འདུམ་བྱེད་དགོས་ཐུག་པ་དེ་ལྟར་འགྱུར་འགྲོ་བ་ཡིན། གསོན་ཚེ་འཛིང་འཛིང་། འཐབ་འཐབ། དགའ་དགའ་སྐྱིད་སྐྱིད་ཉིན་གཅིག་ལ་ཡོད་མ་མྱོང་བ་དེ་ཉིད་ཤི་དུས་ངུ་ཁུལ་བྱས་དུས་འཕྱིས་སོང་བ་ཡིན་པས་ཞེ་སྡང་འདི་རྒན་གཞོན་ཚང་མས་སྤང་དགོས། དེ་སྤོངས་དང་ཞེ་སྡང་ཁོང་ཁྲོ་མེད་པའི་ཁྱིམ་ཚང་སྐྱིད་པོ་ཡིན་ལ། ཞེ་སེམས་མཐུན་པའི་སྡེ་བ་དེ་སྐྱིད་པོ་ཡིན། དེ་བཟང་འདུག་བསམས་ནས་ཡུལ་ཁམས་མང་པོ་ལ་དེ་བཞིན་དུ་ཁྱབ་སྤེལ་སོང་ན་འཇིག་རྟེན་བདེ་བའི་གཞི་མཆོག་ཏུ་གྱུར་པ་དེ་ཡིན། ཁྱད་པར་དེང་སང་མི་རིགས་ཀྱི་ལ་རྒྱ་ཤ་ཞེན་ཡོད་ཟེར་མཁན་མང་དུས་ཡིན་ཞིང་། ལ་རྒྱའི་རྩ་བ་དེ་གང་ཡིན་ཟེར་ན། རང་རིགས་སུ་གཏོགས་ཚད་པོ་ཐམས་ཅད་ཡོན་ཏན་ལྡན་པར་བྱ་བ་དང་། གཤིས་བཟང་ཡ་རབས་ཀྱི་སྤྱོད་པ་ཅན་དུ་སྒྱུར་བ། མཐུན་སྒྲིལ་བྱེད་པ་དེ་རྣམས་རྩ་བའི་གནད་ལ་ཐུག་ཡོད་པས་ཞེ་སྡང་། ཁོང་ཁྲོ། ང་རྒྱལ། ཕྱོགས་རིས། དེ་ཚོ་དང་འབྲེལ་བའི་ཟུར་ཟ། ངན་བཤད་སོགས་སྤོང་བ་དེ་ཉིད་རང་བདེ་གཞན་བདེའི་ཐར་ལམ་ཉག་གཅིག་ལ་ཐུག་ཡོད། དེ་ལྟར་ན་ལྷག་བསམ་ཅན་གྱི་མི་ཡིས་རང་རྩ་ནས་དང་པོར་འགོ་བཟུང་སྟེ་ལག་ལེན་ལ་གཏུགས་ནས་གཞན་ལ་དེ་བཞིན་དུ་ཡང་ཕར་བཤད་ན་དོན་སྤྱོད་དོན་མཐུན་ཞེས་པ་དེ་ཉིད་ཡིན་པས་བཤད་པ་བརྒྱ་བས་བལྟས་པ་གཅིག་གིས་གསལ་ཆེ་བ་ཡིན། ཞེ་སྡང་སྤོང་བའི་གཉེན་པོ་ལ་བསམ་ན། ཞེ་སྡང་སྐྱེ་བའི་རྒྱུ་ནི་ཡིད་མི་བདེ་བ་ཡིན་ཞིང་། དེའི་གཉེན་པོ་དེ་ལ། གཞན་ལ་ཕར་ཞེ་སྡང་སྐྱེས་ན་གནོད་པ་རང་ལ་ཚུར་འཁོར་གྱིན་ཡོད་འདུག་བསམ་རྒྱུ་དེ་ཉིད་ཡིན་ལ། རང་གིས་རང་ལ་ངར་བསླངས་ནས་ཞེ་སྡང་སློང་མི་ཉན། ཞེ་སྡང་གི་གཉེན་པོར་བཟོད་པ་བསྟེན་པ་ཡིན། འདི་ལ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་དཔའི་བཟོད་པ། གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་གསུམ་གྱི་དབྱེ་བའི་སྟེང་ནས་གསུང་སྲོལ་ཡོད། སྔོན་མ་གཉིས་ཀ་གཙོ་བོ་ཆོས་སྒྲུབ་པའི་སྐབས་དང་ཆོས་ལ་སེམས་དཔའི་སྐབས་དང་འབྲེལ་ཆེ་ལ། ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པ་ནི། སྔར་སངས་རྒྱས་བྱང་སེམས་ཚོའི་རྣམ་ཐར་ལ་བལྟས་ན་དཀའ་བ་ཅི་བྱུང་བཟོད་མ་ཐུབ་དུས་གཞན་དོན་དུ་སངས་རྒྱས་འགྲུབ་པ་མ་ཡིན་གསུངས་ནས་དཀའ་ཐུབ་དང་བཟོད་བསྲན་བྱེད་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ཡིན། ཆོས་ལ་ངེས་སེམས་ཀྱི་བཟོད་པ་ནི། ང་ལ་ཕ་རོལ་པོས་དོན་དག་མེད་ས་ནས་གནོད་པ་འདི་ལྟ་བུ་བྱེད་འདུག་ཀྱང་མེའི་རང་བཞིན་ཚ་བ་ཡིན་ལ་ཆུའི་རང་བཞིན་གཤེར་བ་ཡིན་ཞིང་འཁོར་བའི་སེམས་ཅན་གྱི་རང་བཞིན་དེ་མི་སྲུན་པ་ཡིན་པས་ཁྲོ་བ་བྱེད་རྒྱུ་མེད་བསམ་པ་དང་། དེ་མིན་ཀྱང་རང་གི་ལས་ངན་ལ་བརྟགས་ཤིང་དཔྱད་པ་བྱས་ན། སྔར་ཕར་གནོད་པ་བྱས་ནས་གནོད་ལན་ཚུར་འཁོར་བ་ཡིན་བསམས་ནས་ལས་འབྲས་ཡིད་ཆེས་ཀུན་རྫོབ་ཀྱི་ཆོས་དྲན་ནས་ཁྲོ་བ་ལྡོག་ཐབས་བྱེད་པ་དང་། དོན་དམ་པར་གནོད་བྱའི་བདག་ཅེས་པ་ཞིག་ཀྱང་མེད་ལ། གནོད་བྱེད་ཀྱི་དགྲ་ཞེས་པ་ཞིག་ཀྱང་མེད། དེ་གཉིས་ཀའི་བར་ན་གནོད་པ་ཞེས་པ་ཞིག་ཀྱང་མ་གྲུབ་པ་དེ་ཉིད་ཤེས་པར་བྱས་ནས་སྤྲོས་བྲལ་གྱི་ངང་ནས་ཁྲོ་བ་ཞི་ཐབས་དེ་ལྟར་བྱེད་དགོས། ཁྱིམ་ན་གནས་པའི་སྐྱེ་བོ་ཕོ་མོས་ཁྱད་པར་དུ་བཟོད་པ་སྒོམ་ལུགས་གསུམ་པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་སྒོམ་ལུགས་འདི་ལ་ནན་ཏན་གྱིས་སྦྱོང་དགོས། འདི་ཡུལ་དང་། དུས་དང་། རང་བཞིན་གསུམ་གྱི་སྒོ་ནས་བཤད་ན། དང་པོའི་སྐབས་སུ་བཟོད་པ་བསྒོམ་སའི་ཡུལ་དེ་རང་ཉིད་ཆེས་ཤིན་ཏུ་དགའ་ས་ཞིག་གཅེས་ཤ་དམར་ཐང་ཆེ་སའི་མི་གཉེན་བཤེས་ལ་བཟོད་པ་བསྒོམ་དགོས། དེ་འཕྲོས་ངོ་ཤེས་གྲོགས་པོར་བསྒོམ། དེ་འཕྲོས་བཏང་སྙོམས་པ་རྣམས་ལ་བསྒོམ། མཐར་དགྲ་ལ་ཡང་བཟོད་པ་བསྒོམ་ཐུབ་པ་ཞིག་ལ་བསླབས་ནས་སྦྱང་དགོས། དུས་ཀྱི་ཐད་ནས་བཤད་ན། དང་པོར་ཞེ་ཆོད་བྱས། གོང་ནས་བཤད་པ་ལྟ་བུ་དེ་རིང་ཉིན་ཕྱེད་ཆུ་ཚོད་འདིའི་ཐོག་ལ་མ་ཐོན་གྱི་བར་དུ་ང་ལ་སུས་གནོད་པ་བྱས་ཀྱང་བཟོད་པ་སྒོམ་པ་ཡིན། བཟོད་པ་དེ་སྒོམ་མ་ཐུབ་ན་ང་མིན་བསམས་ནས་རང་གིས་ཕྱིར་མི་ལྡོག་པའི་ཕྱིར་དུ་མནའ་བསྐྱལ་ན་ཆོག དེ་བཞིན་དུ་དུས་ཐོག་ལ་མ་ཐོན་གྱི་བར་བཟོད་པ་བསྒོམ། འདི་ཁྱིམ་པ་ལ་གཙོ་བོར་བཤད་པ་ཡིན་ལ། རབ་ཏུ་བྱུང་བས་མནའ་བསྐྱལ་མི་ཉན་པ་སངས་རྒྱས་ཀྱིས་གསུངས་ཡོད་པས་བསྐྱལ་ཅི་ལ་བསྐྱལ། རབ་བྱུང་ཞིག་ཡིན་ན་དུས་བཀག་གིས་བཅད་ནས་བཟོད་པ་སྒོམ་དུས་དཀོན་མཆོག་གསུམ་གྱི་དྲུང་ནས་དམ་བཅའ་བྱས་ནས་བཟོད་པ་བསྒོམ། སྔ་ཕྱི་དྲོའི་ཉིན་ཕྱེད་རེ་ལ་བཟོད་པ་བསྒོམ་རྒྱུ་བྱང་སོང་དུས་རིམ་གྱིས་དེ་ནས་ཉི་མ་གཅིག ཞག་གཅིག ཞག་གཉིས། གཟའ་འཁོར་རེ་དང་། ཟླ་ཕྱེད། ཟླ་བ་གཅིག ལོ་གཅིག་ལ་སོགས་པའི་དུས་ཚོད་ཇེ་རིང་དུ་དེ་ལྟར་བྱས་ཏེ་བཟོད་པ་སྒོམ་པ་སྦྱང་དགོས། དེ་ལྟར་བྱས་ཏེ་སྦྱངས་ཤིང་བསྒོམས་ནས་གོམས་སོང་ན་ཇེ་སླར་འགྱུར་མི་འགྲོ་བ་ཞིག་མེད། ཚེ་འདིར་རང་མི་སྐྱིད། རོགས་མི་བདེ། ཕྱི་ནང་གཉིས་ཀ་ལ་འཁོན་འཁྲུགས་སྐྱེད་བྱེད། ཕྱི་མ་མི་སྐྱིད་དམྱལ་བ་སྐྱེ་བྱེད་ཕལ་ཆེ་བ་ཞེ་སྡང་འདི་ཡིན། དེ་ལྟར་ཡིན་འདུག་བསམས་ནས་རང་གར་བསྡད་ན་ཆོག་པ་མ་ཡིན་ཞིང་། གཉེན་པོ་བསྟེན་ནས་མེད་ཐབས་བྱེད་དགོས། བཟོད་པའི་རང་བཞིན་ལ་བསམ་པ་ནི། སེམས་ཅན་ཐམས་ཅད་མ་ཉིད་ཡིན་ལ། མས་གནོད་པ་བྱས་ན་གནོད་ལན་ཕར་བྱེད་མི་ཉན་ལ། དེ་བསམས་ནས་སྦྱང་དགོས། བཟོད་པ་བསྒོམས་ན་ཕན་ཡོན་ཤིན་ཏུ་ཆེ། དེ་བསྒོམ་ས་མེད་ན་ཇི་ལྟར་སྐྱེ། བཟོད་པའི་ཕར་ཕྱིན་རྫོགས་བྱེད་དགྲའི་བཀའ་དྲིན་ཡིན་ལ། ལས་ངན་འཛད་པའི་རྐྱེན་ཡང་དེ་ཡིན། དེ་ཡིན་དུས་དགྲ་དེ་ཡིས་ང་ལ་ཕན་བཏགས་སོང་། མི་ཡུལ་གྱི་སྡུག་བསྔལ་དང་མི་འདོད་པ་འདི་ཚོས་ཕྱི་མར་དམྱལ་བ་སྐྱེ་བའི་སྡུག་བསྔལ་གྱི་གོ་ཆོད་པ་ཡིན་བསམས་ནས་དགའ་བ་བསྒོམ། གནོད་ས་དེའི་སྟེང་ལ་བཟོད་པ་སྒོམ་པ་དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་གྱིས་དང་གནོད་པས་ཚུགས་པ་མེད་པའི་སྟེང་དུ་ཆོས་སྒྲུབ་པའི་མཐུན་རྐྱེན་དུ་གྱུར་ནས་ལུས་བདེ། སེམས་བདེ། མི་བདེ་མི་སྐྱིད་པའི་དུས་ཡོད་པ་མ་ཡིན། ཁྱད་པར་དུ་འུ་ཚོ་ཁམས་རིགས་ཀྱི་མི་འདི་གདུག་རྩུབ་ཆེ་འདུག དེ་ཡིན་དུས་རྨོངས་པ་མ་རིག་པའི་གཞན་དབང་དུ་གྱུར་སོང་བས་ཡིན་ལ། དེ་ཡིན་ཕྱིར་མ་རིག་པ་དུག་གསུམ་གྱི་ཁྱབ་བྱེད་དང་། ཁྱད་པར་དུ་ཞེ་སྡང་གི་དབང་གིས་ཤ་ཕུ་ནུ་རུས་མཐུན་ཡུལ་སྡེ་གཅིག་གི་མི་དོན་ཆུང་བཤད་རིན་མེད་ས་ཞིག་གིས་དོན་དག་ཆུང་ཆུང་ཞིག་ལ་བརྟེན་ནས་སྲོག་ལ་འཚེ་བ་བྱེད་པ་དེ་ཚོ་མི་ཆོས་ལས་འདས་པའི་བྱ་བ་ཐབས་སྡུག་ཡིན། བཟོད་པ་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ། ཡོན་ཏན་བཞི་སྒྲུབ། ཆགས་བདུན་སྤོང་བ་གོང་དང་རིགས་འདྲ་གཅིག་པ་ཡིན། བཟོད་པ་བསྒོམས་པའི་ཕན་ཡོན་གོང་ནས་ཀྱང་བཤད་ཀྱང་གནས་སྐབས་ཚེ་འདི་ལ་གནོད་པའི་བསམ་སྦྱོར་ཞི་བས་ན་ལུས་བདེ་སེམས་སྐྱིད། སུས་སུ་ལ་གནོད་ལན་སྤྲོད་པ་མེད་ནས་དགྲ་ཐམས་ཅད་རང་ཞིར་འགྱུར་འགྲོ་བ་ཡིན། ཚེ་ཕྱི་མར་འཇིགས་སྐྲག་མི་འབྱུང་བ་ལ་སོགས་པའི་ཕན་ཡོན་དང་། མཐར་ཐུག་ལ་མཚན་དང་དཔེ་བྱད་ཐོབ་ནས་ཐམས་ཅད་ཀྱིས་ཡིད་འཕྲོག་པའི་སྐུ་དང་། གསུང་། ཐུགས་ཐོབ་པར་དེ་ལྟར་གསུངས་ཡོད། འདི་ལ་རྒྱུ་འགྲོ་ཟས་ཚེགས་གཏོང་མི་དགོས་ཤིང་། འདི་དབང་ཆེན་རྒྱུ་ཆེན་ཚོས་བླངས་སོང་དུས་ང་ལ་དེའི་སྐལ་མི་ཐོབ་བསམ་མི་དགོས་ལ། འདི་ཚོ་ཤེས་མི་ཤེས་སྙིང་རུས་ཆེ་ཆུང་ལ་ཐུག་ཡོད་པ་ཡིན། ཕར་ཕྱིན་དྲུག་གི་ནང་ནས་གདུལ་བྱ་ཁྱིམ་པ་ལ་སྦྱིན་པ་བཟོད་པ་གཉིས་ཀ་གནད་ཆེ། དེ་ཡིས་ཞིབ་ཆ་བྱས་ནས་མང་ཆེ་བ་སྐྱབས་གསུམ་འཛིན་པའི་དགེ་བསྙེན། དེའི་སྟེང་དུ་བྱང་སྡོམ་བླངས་པ་ཡང་མང་པོ་ཡིན་ཕྱིར་ཚུལ་ཁྲིམས་ཀྱི་སྐོར་ལ་ཞིབ་ཀྱིས་བཤད་པ་ཡིན། ཕར་ཕྱིན་དྲུག་བསླབ་པ་གསུམ་གྱིས་བསྡུས་པའི་ཚུལ་དང་སྦྱར་ན། ཕར་ཕྱིན་དང་པོ་གསུམ་དེ་ཚུལ་ཁྲིམས་ཀྱིས་བསྡུས་ཤིང་། ཇི་ལྟར་བསྡུས་པ་ཡིན་ཞེ་ན། སྦྱིན་པ་རྒྱུ། ཚུལ་ཁྲིམས་ངོ་བོ། བཟོད་པ་ཁྱད་པར་ཡིན་ལ། དེའི་ཕྱིར་ན་འདི་གསུམ་པོ་འབྲེལ་ཆེ་བ་ཡིན། ཕར་ཕྱིན་ལྷག་མ་གཞན་གསུམ་པོ་གནད་ཆེ་ཞིང་། རབ་བྱུང་ལ་ཚུལ་ཁྲིམས་དང་བསམ་གཏན་གཉིས་ཀ་གནད་ཆེ་བ་དང་། བརྩོན་འགྲུས་ཤེས་རབ་གཉིས་ཀ་ཐུན་མོང་གི་གནད་ཆེན་ཡིན་ཡང་འུ་ཚོའི་དུས་སྐབས་ཀྱི་ཚོད་དང་བསྟུན་ནས་མགྱོགས་དལ་རན་པར་བྱས་ཏེ་འགྲོ་རྒྱུ་བྱེད་དགོས།

༼༤༽ བརྩོན་འགྲུས་ཀྱི་ཕར་ཕྱིན།

ཕར་ཕྱིན་བཞི་བ་དེ་བརྩོན་འགྲུས་ཡིན་ཞིང་། བརྩོན་འགྲུས་དེ་ཇི་ལྟར་ཡིན་ཞེ་ན། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་གསུངས་པ་ཡིན་པས་གཞན་གྱི་དོན་དུ་དགེ་བ་ལ་བརྩོན་པ་དེ་ཉིད་བརྩོན་འགྲུས་ཀྱི་མཚན་ཉིད་བཞག་ཆོག འདི་ལ་ཡང་དམ་པ་གསུམ་གྱིས་ཟིན་ན་བརྩོན་འགྲུས་ཀྱི་ཕར་ཕྱིན་ཏུ་འགྲོ། འདིའི་མི་མཐུན་ཕྱོགས་ལེ་ལོ་ཡིན་ལ། ལེ་ལོས་ཆོས་འཇིག་རྟེན་གཉིས་ཀྱི་དོན་མི་འགྲུབ། ཚེ་འདི་ལ་སྡུག ཕྱི་མ་ལ་སྡུག ལེ་ལོའི་ནང་གི་བྱ་བ་ངན་ཞེན་གྱི་ལེ་ལོ་ཡིས་བྱ་བ་ངན་པའམ་དམན་པ་འཇིག་རྟེན་གྱི་བྱ་བར་ཞུགས་ནས་འདི་ཕྱིའི་དོན་ཆེན་ཐམས་ཅད་ཤོར་འགྲོ་བ་དང་། སྒྱིད་ལུག་བདག་ཉིད་བརྙས་པ་ངས་ཅི་འགྲུབ་བསམས་ནས་ནུས་མེད་བྱས་ཏེ་སྡོད་པ། སྙོམ་ལས་གཉིད་དང་གཡེང་བ་སོགས་ཀྱིས་མི་ཚེ་ཆེ་ཆོད་ཆུང་ཆོད་བྱེད་པ། དེ་རྣམས་གང་ནས་ཡོང་བ་ཡིན་ཞེ་ན། འཁོར་བའི་སྡུག་བསྔལ་མ་ཤེས་པའི་སྐྱོན་གྱིས་ཡོང་བ་ཡིན། འཁོར་བའི་ཉེས་དམིགས་བསམས་པས་ལེ་ལོའི་རྒྱུ་ལྡོག་པ་ཡིན། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ཚོའི་ནང་ནས་གསུངས་པ་ལྟར་སྒྲིབ་པ་ཕུན་ཚོགས་རང་གཞན་དོན་གཉིས་མཉམ་སྒྲུབ། བྱང་ཆུབ་སེམས་དཔའི་གཞན་དོན་གཙོ་བོ་བྱེད་ཞོར་དུ་རང་དོན་ཞོར་འབྱུང་དུ་འགྲུབ་པས་ལེ་ལོའི་འབྲས་བུ་ལྡོག་པས་བརྩོན་པ་བསྐྱེད་དགོས། བརྩོན་འགྲུས་ཕྱིན་ཅི་མ་ལོག་པ་ཡོན་ཏན་བཞི་སྒྲུབ་པ་དང་། ཆགས་བདུན་སྤོང་བ་ཡང་སྔར་བཞིན་ཡིན། བརྩོན་འགྲུས་བརྩམས་པའི་ཕན་ཡོན་ལ་བསམ་བློ་བཏང་ན། གནས་སྐབས་ཚེ་འདིར་ཡོན་ཏན་མང་པོ་ཐོབ་ཅིང་། ཕྱི་མར་དགེ་རྩ་གོང་ནས་གོང་དུ་འཕེལ་བ། མཐར་ཐུག་མངོན་པར་རྫོགས་པར་སངས་རྒྱས་པ་ན་སེམས་ཅན་གྱི་དོན་དུ་ཕྲིན་ལས་ཐོགས་མེད་ཀྱི་ཡོན་ཏན་དེ་བརྩོན་འགྲུས་འདི་ཉིད་ཀྱིས་འགྲུབ་པར་བྱེད་དགོས། དེ་ཡིས་སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བཞི་སོང་ཟིན་པ་ཡིན།

༼༥༽ བསམ་གཏན་གྱི་ཕར་ཕྱིན།

ཕར་ཕྱིན་ལྔ་བ་བསམ་གཏན་ནི། རྫོགས་པའི་སངས་རྒྱས་ཀྱི་དོན་དུ་མཉམ་པར་འཇོག་པ་དེ་བསམ་གཏན་གྱི་མཚན་ཉིད་ཡིན། བསམ་གཏན་དེ་ཉིད་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་ཞིང་། བསམ་གཏན་གྱི་མི་མཐུན་ཕྱོགས་འགལ་ཟླར་གྱུར་པ་དེ་གང་ཡིན་ཞེ་ན། སེམས་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་མི་ནུས་པ་དེ་ཉིད་དང་། ནུས་ཀྱང་མུ་སྟེགས་པའི་བསམ་གཏན་ལྟར་ཕྱིན་ཅི་ལོག་ཏུ་གྱུར་སོང་བ། ཕྱིན་ཅི་མ་ལོག་ཀྱང་མྱང་འདས་ཞི་བ་ཕྱོགས་གཅིག་པ་དང་ཁམས་གོང་མའི་རྒྱུར་གྱུར་པ་དེ་དག་ཡིན། དེ་རྣམས་ཀྱི་ཉེས་པ་ཚེ་འདི་ལ་རྣམ་གཡེང་གི་དབང་དུ་ཤོར་བ། རྣམ་གཡེང་གི་དབང་དུ་སོང་ན། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་གསུངས་པས། རང་སྡུག གཞན་སྡུག་ལ་སྦྱོར་ཞིང་། ཤི་དུས་འགྱོད་པ་དང་བཅས་ཏེ་ཤི་དགོས་ཐུག་པ་ཡིན། རྣམ་གཡེང་ཅན་གྱི་མི་དེ་ཡིས་ལས་རྒྱུ་མི་དགེ་བ་ཤ་སྟག་ཡིན་པས་དེའི་དབང་གིས་ཤི་ཁར་གནད་གཅོད་མྱོང་། ཚེ་ཕྱི་མ་ལ་ངན་སོང་ལ་སྐྱེས་ནས་སྡུག་བསྔལ་མྱོང་། མ་དག་པའི་སྒོམ་བརྒྱབ་ན་དེའི་སྒོམ་དེས་ལམ་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། གནའ་སྔོན་མ་ལྷག་སྤྱོད་ཅེས་པ་དེ་ཉིད་ཀྱིས་ལོ་བཅུ་གཉིས་ལ་སྟོང་ཉིད་བསྒོམས་ནས་མཉམ་པར་བཞག་ཀྱང་མཐར་བྱི་ལ་ཞིག་གི་སྐྱེ་བ་བླངས་སོང་བ་ཡིན། དེ་མིན་ཡང་བྱམས་སྙིང་རྗེ་འབའ་ཞིག་གིས་འཁོར་བའི་རྩ་བ་ཆོད་པ་མ་ཡིན། དེར་མ་ཟད་སྟོང་ཉིད་ཕྱིན་ཅི་མ་ལོག་པ་སྒོམ་ཤེས་ཀྱང་ཐབས་མཁས་དང་མ་ལྡན་ན་ཉན་ཐོས་ཀྱི་འགོག་པར་གྱུར་ནས་སངས་རྒྱས་ཐུབ་པ་མ་ཡིན། དེས་ན་ཐབས་ཁྱད་པར་ཅན་དང་འབྲེལ་ན་བསམ་གཏན་ཡང་དག་པར་གྱུར་པ་ཡིན། དེའི་བསམ་གཏན་དེ་ཡང་དག་པར་མི་འགྱུར་བའི་དགྲ་གང་ཡིན་ཞེ་ན། རྣམ་གཡེང་ཡིན་ལ། རྣམ་གཡེང་དེའི་རྒྱུ་སེམས་ཅན་ལ་ཆགས་པ་དང་། ལོངས་སྤྱོད་ལ་ཆགས་པ་གཉིས་ཀྱི་ཁོངས་ནས་འབྱུང་བ་ཡིན། དེའི་ཆགས་པ་དེ་གཉིས་ཀ་སྤངས་ཏེ་དབེན་པའི་ཡོན་ཏན་དྲན་པར་བྱས་ནས་དབེན་པའི་གནས་ནས་བསམ་གཏན་སྒོམ་དགོས། ཁྱིམ་བཟའ་ཚང་། གྲོགས་དགའ་མཛའ། གཉེན་ཉེ་འབྲེལ། ཡུལ་འཁོར། ཁྱིམ་མཚེས་རྣམས་ལ་ཆགས་ཁུལ་བྱེད་ཀྱང་སེམས་ཅན་ཞིག་ཡིན་དུས་སྐྱོན་གྱི་རང་བཞིན་སྐྱོན་གྱི་གོང་བུ་ཞིག་ཡིན། དེ་རྣམས་ཨེ་མགུ་ལྟ་ཁུལ་བྱས་ཀྱང་མགུ་ཐུབ་པ་མ་ཡིན། ཅིའི་ཕྱིར་ཞེ་ན། རྒྱལ་སྲས་ཞི་བ་ལྷས། རྒྱལ་བས་ཀྱང་ནི་མ་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །ཞེས་གསུངས་ལ། སངས་རྒྱས་ཀྱིས་ཇི་ལྟར་མ་མགུ་བ་ཡིན་ཞེ་ན། ལྷས་བྱིན་མ་ཞུ་བའི་ནད་དུ་གྱུར་ནས་ན་སོང་བ་ཡིན་ལ། དེའི་མ་ཞུ་བའི་ནད་དེ་ཡིས་ཤི་ལ་ཉེ་དུས་བཅོམ་ལྡན་འདས་ཀྱིས་བདེན་པའི་བྱིན་རླབས་ཀྱིས་བྱིན་རླབས་མཛད་ནས་ཡར་གསོས་པ་ཡིན། ལྷས་བྱིན་ན་བ་ཡར་དྲག་ཚར་དུས་དགེ་སྦྱོང་གོ་ཏ་མས་སྨན་འདྲ་ཞིག་ཤེས་ཁུལ་བྱེད་འདུག རྒས་དུས་འཚོ་བ་ལ་དཀའ་ངལ་ཡོང་ས་མི་འདུག་ཅེས་སྨྲས་པ་ཡིན། དགེ་སློང་ལེགས་པའི་སྐར་མ་ཞེས་པ་དད་ལོག་ཅན་ཞིག་ཡོད་པ་ཡིན། དེས་བཅོམ་ལྡན་འདས་ལ་ཁོ་རང་གིས་གནོད་སེམས་བྱས་ནས་ཞུས་པར། འཇིག་རྟེན་འདིའི་ཐོག་ཏུ་མུ་སྟེགས་གཅེར་བུ་པའི་སྟོན་པ་མ་གཏོགས་མངོན་ཤེས་ཅན་ཞིག་མི་འདུག་ཅེས་སྨྲས་པ་ཡིན། བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱི་སྟོན་པ་མངོན་ཤེས་ཅན་ཞག་མ་བདུན་གྱི་མཚམས་ནས་མ་ཞུ་བའི་ནད་ཀྱིས་ཤི་འགྲོ་ས་འདུག་ཅེས་གསུངས་པ་ལ། ཁོ་རང་དེ་ཡོད་ས་ལ་སོང་ནས་ཁྱོད་ཀྱིས་ཟ་རྒྱུ་ལ་ཚོད་ཟུངས། གཟབ་གཟབ་གྱིས་མ་གཏོགས། དགེ་སྦྱོང་གོ་ཏ་མས་ཁྱོད་ཞག་མ་བདུན་གྱིས་འཆི་བར་འགྱུར་ཞེས་བཤད་འདུག་ཅེས་སྨྲས་པ་དང་། དེས་ཞག་མ་དྲུག་ལ་ཟས་བཅད་བྱས་ནས་གཅིག་ཀྱང་མ་ཟོས་ནས་བསྡད་པ་ཡིན་ཞིང་གཅིག་ཀྱང་ཟ་མ་ཕོད་ལ། ཞག་བདུན་པ་རྩི་ནོར་བྱས་ནས་ཞག་བརྒྱད་པ་ཡིན་སྙམ་ནས་བུ་རམ་གྱི་དབུ་བ་ཞིག་ཟོས་པ་དང་། དེ་ཟོས་པས་མ་ཞུ་བའི་ནད་རྐྱེན་བྱས་ནས་ཤི་སོང་བར་མ་ཟད་སྐྱུག་པ་ཟ་བའི་ཡི་དྭགས་ལ་སྐྱེ་སོང་བ་ཡིན། དེའི་ཡི་དྭགས་དེ་དགེ་སློང་ལེགས་པའི་སྐར་མའི་ཟུར་ལ་ཐོན་ཡོང་ནས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ངོ་མར་གྱུར་འདུག་པས་ཁོ་བོས་དེ་སྔོན་མ་དད་པར་བྱས་པ་དེ་ཉིད་ལ་འགྱོད་པ་སྐྱེས་སོང་། ཁྱོད་ཀྱིས་དད་པ་ཞོག་ཅེས་སྨྲས་པ་ལ། ལེགས་པའི་སྐར་མས་གོ་ཏ་མ་ཡོན་ཏན་དེ་ལྟ་བུ་གཅིག་ཀྱང་མེད། བཤད་མི་དགོས་ཞེས་སྨྲས་པ་དང་། དེ་ནས་དགེ་སློང་ལེགས་པའི་སྐར་མ་བཅོམ་ལྡན་འདས་ཀྱི་མདུན་ལ་སོང་ནས་ཁྱོད་ཀྱིས་མུ་སྟེགས་པའི་སྟོན་པ་ཞག་མ་བདུན་གྱིས་ཤི་འགྲོ་ཞེས་སྨྲས་ཀྱང་ཁོ་ཤི་མི་འདུག་ཅེས་བཤད་པ་ལ། བཅོམ་ལྡན་འདས་ཀྱིས་ཤི་ནས་ཁྱོད་དང་ཐུག་པ་དེ་ཉིད་མ་ཤེས་སམ་ཞེས་གསུངས་པ་དང་། ལེགས་སྐར་གྱིས་དེ་ནི་ཤེས་ཀྱང་ཁོ་རང་ལྷ་ཡུལ་ལ་སྐྱེས་འདུག་ཅེས་བཤད་པ་ལ། བཅོམ་ལྡན་འདས་ཀྱིས་སྐྱུག་པ་ཟ་བའི་ཡི་དྭགས་ལ་སྐྱེས་ནས་ཁྱོད་དང་ཁ་བརྡ་བྱས་པ་དེ་ཉིད་མི་དྲན་ནམ་ཞེས་གསུངས་པ་དང་། དེ་ནས་ཁོ་རང་ཅི་ཟེར་འདི་ཟེར་མེད་ནས་ཁ་འཁོར་ཏེ་བརྒྱུགས་སོང་བ་ཡིན། སེམས་ཅན་ཞེས་པ་འདི་ཉིད་སུ་ཡིན་ཡང་རང་ཕར་བརྒྱབ་ས། རོགས་ཚུར་བརྒྱབ་ས་ཚང་མ་དེ་ལྟར་ཡིན། སྙིང་རྗེའི་ཡུལ་ཡིན་ཡང་ཆགས་ཞེན་བྱེད་ཆོག་ས་ཞིག་མ་ཡིན་པར་ཤེས་དགོས། ལོངས་སྤྱོད་ཅེས་པ་འདི་ཉིད་དེ་བཞིན་དུ་དང་པོ་བསགས་དུས། བར་དུ་སྲུང་དུས། ཐ་མ་བརླག་ཤོར་དོགས་ཀྱི་དུས་ལ་སོགས་པ་འདིས་སྡུག་བསྔལ་མི་བསྐྱེད་པའི་དུས་ཤིག་དང་། འདིས་སྡུག་མི་གཏད་པའི་རིམ་པ་ཞིག་ནམ་ཡོད། ནོར་བས་ན་ནོར་ཏེ་ལམ་ནོར་ལ་ཁྲིད་བྱེད་ཡིན་པས་ནོར་ཞེས་མིང་དང་དོན་མཐུན་པ་ཡིན་ཞེས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསུངས་པ་ལྟར་ཡིན། ཁྱིམ་ན་གནས་པ་དབེན་པའི་རི་ཁྲོད་ལ་འགོས་ནས་གཅིག་པུར་བསམ་གཏན་སྒོམ་པའི་མཐུན་རྐྱེན་ཚོགས་པ་དཀོན་ཡང་ནང་སེམས་ཅན་དང་ཕྱིའི་ལོངས་སྤྱོད་ཀྱི་ཆགས་ཞེན་སྤོང་ཐུབ་པ། མིན་ཡང་ཆགས་ཞེན་མ་ཆེ་ན་ས་གང་ལ་བསྡད་ཀྱང་དབེན་པའི་ཡོན་ཏན་ཕལ་ཆེ་བ་འགྲུབ་ཡོད་པ་ཡིན། དེས་གཡེང་བའི་རྒྱུ་ཆགས་ཞེན་སྤོང་དགོས་ལུགས་ཤེས་དུས་འབྲས་བུ་གཡེང་བ་ཁོ་རང་གི་གཉེན་པོ་ལ་བསམ་གཏན་སྒོམ་དགོས། བསམ་གཏན་ཞེས་ཟེར་ཚད་བསམ་གཏན་མ་ཡིན་ཞིང་སྒོམ་ཞེས་ཟེར་ཚད་སྒོམ་མིན། འཇིག་རྟེན་པ་དང་ཐུན་མོང་གི་བསམ་གཏན། ཉན་ཐོས་དང་ཐུན་མོང་གི་སྒོམ། ཐེག་ཆེན་ཐུན་མོང་མ་ཡིན་པའི་བསམ་གཏན། དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་དང་བཅས་པ་མང་ལ། ཐུན་མོང་གི་ལམ་ལ་ཞུགས་ཏེ་ཐུན་མིན་གྱི་གནད་ཟིན་ན་བསམ་གཏན་གྱི་སྒོམ་སྐྱོན་མི་འབྱུང་། དེ་ལྟར་ན་ཡང་བསམ་གཏན་ཞེས་པའི་ངོ་བོ་དེ་ཅི་འདྲ་ཞིག་ཡིན་ཞེ་ན། དགེ་བའི་དམིགས་ཡུལ་གང་ཡང་རུང་བ་ཞིག་ལ་སེམས་རྩེ་གཅིག་ཏུ་འཛིན་པ་ཡིན། འདི་ནས་དག་པ་འཇིག་རྟེན་པའི་མཉམ་རྗེས་ངོ་བོ་གཅིག་པའི་ཞི་ལྷག་གི་ཐད་ནས་བཤད་ན། བསམ་གཏན་གྱི་ཁང་བུ་ལ་སེམས་མི་གཡོ་ནས་མཉམ་པར་བཞག་པའི་གནས་སྐབས་ལ་སྤྲོས་པའི་སྣང་བ་འདི་ཉིད་ནུབ་ནས་ཆོས་ཉིད་དུ་རོ་གཅིག་སོང་དུས་གླེན་པ་ཞིག་ལ་ཟེར་ཟེར་བྱས་ན་མིག་བཙུམ་བཏང་བ་ལྟ་བུ་ཞིག་དང་མིག་ཕྱེས་བཏང་བ་ལྟ་བུ་ཞིག་གི་ཆ་གཉིས་ལ་བཤད་ཆོག་རྒྱུ་ཞིག་དུས་མཉམ་དུ་ཡོང་བ་ཡིན། མཉམ་བཞག་མི་གཡོ་བ་དེའི་ངང་ནས་སྤྲོས་པའི་སྣང་བ་ཆོས་ཉིད་དུ་རོ་གཅིག་སོང་དུས་ཡུལ་སྣང་ལ་དེ་འཛིན་མེད་ལུགས་ལ་ལྟོས་ནས་མི་བཙུམ་བཞག་པ་ལྟ་བུ་དང་། དེའི་རང་དུས་དེ་ལ་སྣང་ཡུལ་མཐོང་བ་ཡིན་པས་ན་མིག་ཕྱེས་བཏང་བ་ལྟ་བུ་དེ་གཉིས་ཀ་བློ་གཅིག ངོ་བོ་གཅིག དུས་གཅིག་ལ་ཡོད་པར་མ་ཟད་དམིགས་པ་གཅིག་པ་ཡིན་པས་ན་སྒྲིབ་པ་སྤོང་བའི་བྱེད་ལས་སུ་ཡང་གཅིག་པ་ཡིན། དེ་ལྟར་ན་འདི་རྣམ་རྟོག་གིས་དག་ནས་གཟུང་འཛིན་གྱི་རྣམ་པ་མེད་པའི་མི་རྟོག་པའི་སེམས་དེས་མཉམ་བཞག་ཞི་གནས་དང་། དེའི་སྐབས་སུ་ས་རྡོ་རི་བྲག་ལ་སོགས་པ་ཐ་མལ་གྱི་ཡུལ་ལྔ་སྣང་བའི་ཆ་དེ་ལ་རྗེས་ཐོབ་ལྷག་མཐོང་ཞེས་གསུངས་ལ། མཉམ་བཞག་གི་སྐབས་སུ་ཡུལ་མི་འགག་པར་སྣང་ཡང་རྣམ་རྟོག་གིས་དག་པའི་དག་པ། སྣང་རྒྱུ་དེ་ཉིད་ཐ་མལ་ཡུལ་ལྔ་སྣང་བས་འཇིག་རྟེན་པ། དེ་ལ་དག་པ་འཇིག་རྟེན་པར་གསུངས། མཉམ་བཞག་གིས་གཟུང་འཛིན་སྤངས་པའི་རྗེས་མཐུན་དུ་རྗེས་ཐོབ་ཀྱིས་ཀྱང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་གཟུང་འཛིན་དུ་ཞེན་པའི་འདུ་ཤེས་སྤངས་པ་ཡིན། དེས་ན་དེ་ལྟར་བྱས་ནས་མཉམ་རྗེས་ངོ་བོ་གཅིག་བྱས་དུས་རྗེས་ཐོབ་མེད་པར་གྱུར་ཨེ་སོང་སྙམ་པ་དང་མཉམ་བཞག་ལས་ལངས་དུས་རྗེས་ཐོབ་མ་ཡིན་ནམ་སྙམ་ན། དེ་རྗེས་ཐོབ་རྒྱ་ཡན་པ་ཞེས་པ་དེ་ཉིད་ཡིན། གཟུང་འཛིན་གྱི་ཞེན་པ་དང་བཅས་པའི་སྐབས་ཡིན་ཞིང་། མ་དག་ས་བདུན་ཚུན་ཆད་དུ་ཡོད་པ་ཡིན་ལ། དེ་ཕན་ཆད་ལ་མཉམ་རྗེས་ཐ་དད་ཡོད་པ་མ་ཡིན་པར་རྟག་ཏུ་མཉམ་པར་འཇོག་པ་ཡིན། འདིིའི་ཞིབ་ཕྲའི་དབྱེ་བ་ལ། ལམ་ལ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་བསམ་གཟུགས་ཀྱིས་བསྡུས་པ་ཐམས་ཅད་ལ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན། ལམ་ཞུགས་ཚོགས་སྦྱོར་གྱི་ཏིང་འཛིན་ལ་དོན་རབ་འབྱེད་པའི་བསམ་གཏན། ས་དང་པོ་ཡན་ཆད་ལ་འཕགས་པའི་ཏིང་ངེ་འཛིན་ཐམས་ཅད་ཟག་མེད་ཀྱི་ཏིང་ངེ་འཛིན་དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་གསུངས་པ་ཡིན། འདིའི་ཐུན་མོང་གི་བསམ་གཏན་བརྒྱུད་ནས་མཐོང་ཆོས་བདེར་གནས་བསམ་གཏན་ལས་སྐྱེས་པའི་དགའ་བདེའི་ཡོན་ཏན་ཐོབ། དེའི་ཐོག་ཏུ་ཡོན་ཏན་ཐམས་ཅད་འགྲུབ་པའི་བསམ་གཏན་ཚད་མེད་བཞི་དང་ཕར་ཕྱིན་དྲུག་སོགས་སྒྲུབ་དུས་སེམས་རྩེ་གཅིག་པར་གནས་པའི་ཆ་ལ་ཡོན་ཏན་དེ་འབྱུང་ལ། སེམས་ཅན་དོན་སྒྲུབ་ཀྱི་བསམ་གཏན་གྱི་སྐབས་སུ་སེམས་ཅན་གྱི་དོན་ལ་རྩེ་གཅིག་པ་དང་། བསམ་གཏན་གྱི་དངོས་གཞི་སེམས་ལ་བརྟེན་ནས་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་ནུས་པ་ལ་སོགས་པའི་ཡོན་ཏན་ཡོད། བསམ་གཏན་ཕྱིན་ཅི་མ་ལོག་པ་སྒྲུབ་པ་ལ་ཡང་ཡོན་ཏན་བཞི་སྒྲུབ་པ་དང་། ཆགས་བདུན་སྤོང་བ་སོགས་ཕར་ཕྱིན་གོང་མ་སོགས་དང་སོ་སོའི་སྤང་གཉེན་རིགས་སྦྲེལ་ནས་ཤེས་པར་བྱ་བ་ཡིན། བསམ་གཏན་བསྒོམས་པའི་ཕན་ཡོན་ལ་བསམ་བློ་བཏང་ན། གནས་སྐབས་ཚེ་འདིར་ཉོན་མོངས་གློ་བུར་བ་ལྡོག བསམ་གཏན་གྱི་དགའ་བདེ་ཐོབ། ཡོན་ཏན་ཅི་རིགས་པ་སྐྱེ་བ་དེ་ལྟར་ཡིན། ཚེ་ཕྱི་མ་ལ་བསམ་བློ་བཏང་ན། སྒོ་གསུམ་ལས་སུ་རུང་བ་དང་། མངོན་ཤེས་དང་ཏིང་ངེ་འཛིན་འགྲུབ་པ། མཐར་ཐུག་སངས་རྒྱས་པའི་སྐབས་སུ་ཕྲིན་ལས་སྒྲུབ་པ་ཡོངས་སུ་དག་པར་འགྱུར་བ་དེ་ལྟར་ཡིན། ད་རུང་ཤེས་རབ་ཀྱི་ཕར་ཕྱིན་ལྷག་ཡོད་ཀྱང་དེ་རིང་འུ་ཚོས་དུས་ཚོད་ཀྱི་དབང་གིས་འདིའི་མཚམས་ནས་འཇོག་རྒྱུ་བྱེད། དེ་ཡན་ཆད་འུ་ཚོས་ཅི་ཞིག་བཤད་ཟིན་པ་ཡིན་ཞེ་ན། སྣང་ཆའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཤད་ནས་སང་ཉིན་ཉིན་རྗེས་མ་ལ་འུ་ཚོས་དམིགས་བྲལ་འཁོར་གསུམ་དག་པས་སྲིད་པ་མཐར་བྱེད་ལུགས་སྣང་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སླར་ཡང་བཤད་ནས་ཐེངས་འདིའི་དགེ་རྩ་བྱང་ཆུབ་མཆོག་ཏུ་བསྔོས་ཏེ་རེ་ཞིག་ཆོས་མཚམས་འཇོག་རན་རྩིས་རེད། དེ་ཡིས་དེ་རིང་གི་ཆོས་ཁྲིད་འདིའི་མཚམས་ནས་འཇོག་རྒྱུ་ཡིན། དེ་རིང་མགུར་དབྱངས་སུས་འཐེན་རྒྱུ་ཡིན་ན་ཡང་གཅིག་གིས་མགུར་ཞིག་འཐེན་མཛོད་དང་དེ་ནས་བསྔོ་བ་འདོན་རྒྱུ་བྱེད། ༼དེ་ཡང་ས་ཆེན་གྱི་སེམས་དཔའ་ཆེན་པོ་གྲུབ་བརྙེས་ཀྱི་སྐྱེས་བུ་དམ་པ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་གང་ཉིད་ཀྱི་སློབ་བུ་འབུམ་ཕྲག་གི་ཁྱུ་ཚོགས་ལ་བསླབ་བྱ་དང་འབྲེལ་བའི་མགུར་འདི་གསུངས་སོ། །ཐུགས་རྗེ་ཆུ་འཛིན་སྲིད་ཞིའི་ཁོངས་ཁྱབ་ལས། །ཕན་བདེའི་ཆར་ཆེན་རྒྱུན་ཆད་མེད་འཇོ་བས། །འགྲོ་སེམས་ཆོས་དཀར་སྙེ་མ་རྒྱས་བྱེད་པའི། །སྟོན་མཆོག་དོན་ཀུན་གྲུབ་པས་ཤིས་པ་སྩོལ། །ཆོས་དཀར་ཡོན་ཏན་ལྡན་པའི་གྲོགས་མཆོག་ནི། །ཉིན་མོའི་སྐར་མ་ལས་ཀྱང་ཆེས་དཀོན་པས། །ཁྲིམས་གཙང་བཟོད་ལྡན་མང་ཐོས་ཆོས་ཀྱི་གྲོགས། །སྲོག་དང་མིག་ལྟར་བརྟེན་དགོས་སྙིང་གི་གྲོགས། །ན་གཞོན་ལང་ཚོས་ཁེངས་པའི་འཕྱོར་འགྲོས་ཀྱིས། །ཤིན་ཏུ་སྨད་པའི་ངན་འགྲོའི་གཡང་ས་ལ། །རང་གཞན་དཀྲི་བའི་བྱེད་སྤྱོད་གཡོ་ཅན་ལ། །དུག་དང་མཚོན་བཞིན་གཟབ་དགོས་སྙིང་གི་གྲོགས། །ཁེ་གྲགས་འདུ་འཛིས་བྲེལ་བའི་སྡེ་དགོན་ན། །ཆགས་སྡང་རྙེད་ཚོལ་འདོད་པས་བསླུ་སྐྱེན་ཕྱིར། །འདོད་ཆུང་ཆོག་ཤེས་གཙང་མའི་ནགས་ཁྲོད་དུ། །མི་ཚེ་སྒྲུབ་ལ་དྲིལ་ཞིག་སྙིང་གི་གྲོགས། །ལང་ཚོ་ཐལ་བའི་འབྱུང་ཁམས་ཟས་གོས་སོགས། །མཐུན་རྐྱེན་དམན་པས་འཚོ་བ་དཀའ་མོད་ཀྱང་། །གྱི་ན་ལྷག་སྐྱོབ་མི་ཚེ་ཕྱིན་ཙམ་གྱིས། །ཆོག་ཤེས་དམ་བཅའ་མ་ལྷོད་སྙིང་གི་གྲོགས། །ལྷ་དང་བླ་མས་དབྱིངས་ནས་མ་ཁྲེལ་ན། །དུས་ངན་གྲོགས་ཀྱི་སྣང་བ་སུན་ཡང་བླ། །བློ་སྣ་དུམ་ཆོད་ཆོས་ལ་དྲིལ་ནས་ཀྱང་། །དལ་འབྱོར་དོན་ལྡན་དགོས་སོ་སྙིང་གི་གྲོགས། །རྒན་པོ་ལང་ཚོ་ཡོལ་བའི་འདུ་ཤེས་རྒྱུན། །རིང་པོར་འཚོ་བའི་དལ་ཁོམ་གྱིས་དབེན་ཡང་། །རང་བྱུང་པདྨའི་ཐུགས་རྗེ་མི་བསླུ་བས། །ཕྱི་མའི་དོན་ཀུན་འགྲུབ་བོ་སྙིང་གི་གྲོགས། །༽ འདིའི་ནང་གི་མང་ཆེ་བ་མགུར་འཐེན་རྒྱུ་ལ་དང་བ་སྐྱེ་བཞིན་ཡོད། མགུར་འཐེན་རྒྱུ་དེ་རིང་དང་སང་ཉིན་གཉིས་ཀྱི་དུས་ཚོད་མ་གཏོགས་མེད་པས་ད་རུང་གཅིག་གིས་འཐེན། པདྨའི་ཐང་གི་སྒྲོལ་མ་ཁང་ཚན་གྱི་བླ་མ་གོ་ཆ་ཡིས་མགུར་ཞིག་འཐེན་མཛོད། ༼འོ་ལགས་སོ། །རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དང་དབྱེར་མེད་པའི་ཞབས་དཀར་རྡོ་རྗེ་འཆང་ཚོགས་དྲུག་རང་གྲོལ་གྱིས་འུ་ཚོ་རྗེས་འཇུག་ཕྱི་རབས་པ་རྣམས་ལ་གདམས་པའི་ཉམས་མགུར་སྐོར་ལས་མཚོ་སྙིང་མ་ཧཱ་དེ་བ་ནས་ཁོང་གིས་མགུར་གླུ་འདི་འདྲ་ཞིག་གསུངས་སོ། །རྗེ་དམ་པ་གོང་མ་རྣམས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ལུགས་གཉིས་ཀྱིས་ཕན་བཏགས་གྲྭ་སློབ་ཀྱིས། །དུས་དེང་སང་བླ་མར་སྒྲོ་སྐུར་འདེབས། །ཆོས་མཉམ་དུ་ཉན་པའི་གྲོགས་རྣམས་ཀྱིས། །དུས་དེང་སང་ཕན་ཚུན་ངན་སྨྲ་བརྗོད། །ཕན་ཕར་བཏགས་གཉེན་དང་ཡོན་བདག་གིས། །དུས་དེང་སང་ཚུར་ལ་འཁོན་ཚོ་བྱེད། །ཁོང་དམ་པས་གཅིག་གིས་གཅིག་བསྟོད་པ། །དུས་དེང་སང་ཆོས་པ་འགྲན་ཐུབ་ལྟ། །རྒྱུད་འདུལ་ཚུལ་དམ་ཆོས་བཤད་པ་རྣམས། །དུས་དེང་སང་ཁ་བཤད་ཁ་ཟེར་འཕྱ། །ཁ་ཁ་རོག་ཏིང་འཛིན་སྒོམ་པ་རྣམས། །དུས་དེང་སང་བྱིང་བས་ནོན་ཚོ་ཟེར། །ཆོས་སྙིང་པོ་ཡིག་དྲུག་བགྲང་བ་དེ། །དུས་དེང་སང་དམན་དམན་ཞིག་ཏུ་བྱེད། །ཆོས་བར་ཆད་འདུ་ལོང་མང་བ་དེ། །དུས་དེང་སང་བསོད་ནམས་ཅན་དུ་གྲགས། །ཚེ་བློས་བཏང་འཕགས་ནོར་གསོག་པ་དེ། །དུས་དེང་སང་རང་མདོ་མེད་པར་སེམས། །ཚེ་འདི་ཡི་ཡོ་བྱད་གསོག་པ་དེ། །དུས་དེང་སང་རང་མདོ་ཅན་དུ་བྱེད། །ཁོང་མཁས་བཙུན་དམན་ས་འཛིན་པ་དེ། །དུས་དེང་སང་ཀུན་གྱིས་བརྙས་བཅོས་བྱེད། །གཡོ་སྒྱུ་བྱེད་སྡིག་ལ་མི་འཛེམ་པ། །དུས་དེང་སང་ཀུན་གྱིས་སྤྱི་བོར་འཁུར། །ཚེ་འདི་ཡི་བྱ་བཞག་བྱེད་པ་དེ། །དུས་དེང་སང་ཕན་སེམས་ཅན་དུ་བྱེད། །ཚོགས་མིང་བཏགས་ཁ་ལན་བྱེད་པ་དེ། །དུས་དེང་སང་ཆོས་ཀྱི་མཆོག་ཏུ་བྱེད། །ཆོས་ཕྱིར་དུ་དཀའ་བ་སྤྱོད་པ་དེ། །དུས་དེང་སང་སྙིང་རྗེའི་ཡུལ་དུ་བྱེད། །རྩ་བཞི་ཡི་སྡོམ་པ་ཉམས་པ་ཚོས། །དུས་དེང་སང་གཞན་ངོར་ཆབ་ཚོ་ལེན། །དགོན་དགེ་འདུན་ནང་ཁྲིམས་བསྡམས་པ་དེ། །དུས་དེང་སང་རྒན་པ་གོང་མས་བཤིག །ཆོས་ཐོས་བསམ་བྱས་ནས་མི་བསྒོམ་པར། །དུས་དེང་སང་མཁས་པ་གྲོང་ཆོག་བྱེད། །ཚེ་ཕྱི་མར་ཕན་པའི་ཆོས་མི་དགོས། །དུས་དེང་སང་བཟའ་བཏུང་ཡོད་པས་ཆོག །སྤུན་ཤི་ཚེ་ཨེ་འཆི་བལྟས་ཡོད་བཞིན། །དུས་དེང་སང་སེར་མོ་སྐྱ་སར་འབབ། །དབང་ཟབ་མོ་རྗེས་གནང་ནོར་ཕྱིར་དུ། །དུས་དེང་སང་བླ་མས་བརྒྱ་སྟོང་བྱེད། །དགོན་ནང་ཆེན་རྣམས་དང་གྲྭ་ཤག་ན། །དུས་དེང་སང་བུད་མེད་སྐུང་ས་མང་། །བསྒོམ་ཐོས་བསམ་གང་ཡང་མི་བྱེད་པར། །དུས་དེང་སང་བྱ་བཏང་གནས་སྐོར་བྱེད། །གནས་དབེན་པར་སྒྲུབ་པ་ལྷུར་ལེན་པ། །དུས་དེང་སང་ཉིན་པར་སྐར་མ་ཙམ། །བསྒོམ་བྱས་ཀྱིན་བླ་མར་རྟོགས་འབུལ་བ། །དུས་དེང་སང་མིང་ཡང་མེད་པར་འགྱུར། །དོན་དེ་ཕྱིར་མི་ང་དབེན་གནས་སུ། །རྗེ་གོང་མའི་རྣམ་ཐར་སྐྱོང་དུ་འགྲོ། །གཞན་སྐལ་ལྡན་ཡོད་ན་དབེན་གནས་ཤོག །རྗེ་གོང་མའི་རྣམ་ཐར་མཉམ་དུ་སྐྱོང་། །དུས་སྙིགས་མའི་མི་རྣམས་བྱ་སྤྱོད་ལ། །སེམས་སྐྱོ་བ་སྐྱེས་ནས་གླུ་འདི་བླངས། །གང་ཐོས་ཚད་རྣམས་ཀྱིས་སྙིགས་དུས་ཀྱི། །བྱ་སྤྱོད་པ་ངན་པ་འདོར་བར་ཤོག།༽ མགུར་འཐེན་མཁན་ད་དུང་མང་པོ་ཡོད་ཤས་ཆེ་ཡང་དེ་རིང་དེ་ལྟ་བུ་ཞིག་གིས་མཚམས་བྱེད། མང་ཆེ་བ་འཁོར་བ་པ་ཤ་སྟག་རེད། འགའ་རེས་རྟ་ཟོག་རིར་བརྒྱབ་བྱས་ནས་ཐོན་ཡོད་པ་ཡིན་པས་སང་ཉིན་ཡང་མགུར་འཐེན་ཞོར་དང་ཆོས་བཤད་ཞོར་རམ་གྲོས་ཀ་བྱེད་ཞོར་བྱས་ཏེ་ཐེངས་གཅིག་འཛོམས་ཤིང་། དུས་ཚོད་ཅེས་པ་སྐད་ཅིག་གིས་སྐར་མའི་ཆ་ཤས་ལ་མི་འདུག་པར་དུས་གསུམ་གྱི་དུས་ཀྱི་འཁོར་ལོ་དེ་བར་མེད་དུ་མདུན་ཕྱོགས་སུ་འཁོར་གྱིན་ཡོད། འུ་ཚོ་ཚང་མ་ལོ་རེའི་ནང་གི་ཐེངས་རེར་ཐུག་ལ། ཆོས་ཁྲིད་ཅེས་པ་ཁ་བརྡ་གྲོས་གླེང་རེ་བྱས་ཏེ་ཁང་བ་གཅིག་གི་ནང་ལ་འདི་བཞིན་དུ་སེར་སྐྱ་རྒན་གཞོན་ཕོ་མོ་མཉམ་དུ་འཛོམས་པའི་དུས་ཚོད་ཉི་མ་ལྔ་ཡི་ཆོས་ཁྲིད་ཐེངས་མ་ལྔ་ལྟ་བུ་ད་ལོར་ཡོད་འདུག དེའི་ནང་གི་བཞི་དེ་དེ་རིང་ནས་འདས་པའི་ཕྱོགས་སུ་སོང་དང་འགྲོ་བཞིན་པ་ཡིན་ཞིང་། སང་ཉིན་ཉིན་གཅིག་གིས་ཐེངས་འདིའི་ཉིན་རྗེས་མའི་ཆོས་ཁྲིད་ཆུ་ཚོད་གཅིག་དེ་ཉིད་ཀྱིས་ཡང་ཚེ་རིང་ལོ་བརྒྱ་ཟེར་ནས་འདུས་པ་འབྲལ་བའི་ཆོས་ཉིད་ལ་ཕྱོགས་རན་པ་ཡིན། མི་རྟག་མཐའ་བཞིས་བསྡུས་པའི་འཇིག་རྟེན་གྱི་ཆོས་ཉིད་ནི་འདུས་མཐར་འབྲལ། སྐྱེས་མཐར་འཆི། བསགས་མཐར་འཛད། མཐོ་མཐར་ལྷུང་བ་བཞི་བོ་ཟློག་ཡོང་རྒྱུ་ཞིག་སུ་གཅིག་གིས་ཐུབ་པ་མ་ཡིན། ཡིན་ན་ཡང་གང་བྱུང་འགྱོད་པ་མེད་པའི་སྐྱིད་སྡུག་ལམ་དུ་འཁྱེར་ལུགས་ཀྱི་གནད་དེ་ཤེས་ན་ཐམས་ཅད་བདེ་བའི་རང་བཞིན་མི་བདེ་གཅིག་ཀྱང་མེད་པའི་སེམས་ཤིག་ནང་རང་གི་ཤེས་རྒྱུད་ནས་རྙེད་རྒྱུ་གྲུབ་ཚེ་བདེ་བ་ཅན་ད་ལྟ་ནས་མངོན་དུ་གྱུར་ཏེ་མགོན་པོ་འོད་དཔག་མེད་སེམས་ཉིད་ཆོས་སྐུའི་ངོ་བོ་རང་ལ་གནས་པའི་ཡེ་ཤེས་ཀྱི་རང་ཞལ་མངོན་དུ་གྱུར་དུས་ཚེ་འདིའི་ལུས་འདི་མ་བོར་ནས་འོད་དཔག་མེད་པའི་ཞལ་མཇལ་སོང་བ་དང་། ལུས་འདི་བརྗེས་མ་ཐག་ཏུ་སྣང་བ་བདེ་བ་ཅན་དུ་ཤར་ཏེ་འདིའི་མིང་ལ་ཕ་ཁྱིམ་བུ་འགྲོ་མི་ཟེར་བར་ཕ་ཁྱིམ་བུ་ཐོན་ཟེར་དགོས། ཕ་ཁྱིམ་དུ་བུ་ཐོན་ཡོད་པས་མ་ཚད་པར་སྐུ་གསུམ་འདུས་པའི་རྒྱལ་ཐབས་ཆེན་པོ་ལ་མངའ་དབང་འབྱོར་བའི་གོ་འཕང་དེ་ཉིད་ཐོབ་པ་ཡིན་ལ། བྱས་པའི་ལས་ཤིག་ཡིན་དུས་འགྲུབ་པའི་མཐའ་ཞིག་ཡོད་དགོས་པས་ཆོས་བསྒྲུབས་ནས་འགྲུབ་བའི་ཕྱོགས་ལ་འདང་རྒྱག་བློ་གདེང་འཁེལ་བ་རང་གིས་བྱེད་དགོས་ཞེས་མ་འཆུག་གནད་ཀྱི་གདམས་པ་ཞེ་ལ་གཞག་རྒྱུའི་ཚིག་དང་རུམ་དུ་བསྡུ་རྒྱུའི་བྲོ་ཡིན། དེ་འཕྲོས་འདི་ན་ཐོན་པའི་སྐབས་དང་བསྟུན་ནས་ཚང་མས་པདྨའི་ཐང་གི་རྟེན་གསུམ་རྩ་ཆེན་རྣམས་རེ་རེ་མཇོལ། སྨོན་ལམ་རེ་ཐོབ་དང་ལོ་གཅིག་གི་རྐྱེན་བགེགས་བར་ཆད་སེལ་བའི་ཕན་ཐོགས་ཆེན་པོ་ཡོད་རྒྱུ་རེད། འདི་ལོ་གཅིག་ཐེངས་གཅིག་གི་མཇལ་ཁ་ཐེངས་གཅིག་ཡིན་ཞིང་། ལོ་རེའི་ནང་དུ་མཇལ་ཁ་ཐེངས་གཅིག་ཁོ་ན་ཡོད་པ་ཡིན་ལ། སྤྱིར་ན་རྟེན་གསུམ་རྩ་ཆེན་ཁྱད་པར་དུ་གདན་ས་འདིའི་ལོ་རྒྱུས་དང་འབྲེལ་ཚད་ཐམས་ཅད་རྫོགས་ཆེན་ཚང་གི་རྟེན་སྒམ་ནང་དུ་གདན་འདྲེན་ཞུས་ཚར་སོང་བས་ད་རུང་འདི་ན་མཇལ་བར་དཀོན་པའི་རྟེན་གསུམ་རྩ་ཆེན་འཛམ་གླིང་ས་འདིའི་ཐོག་ཏུ་གཅིག་པོ་འདི་མ་གཏོགས་གཉིས་པ་གཞན་ཞིག་མཇལ་རྒྱུ་མེད་པའི་རྟེན་རྩ་ཆེན་མང་ལ། རྩ་ཆེན་ངོ་མའི་གྲལ་ནས་འགའ་ཞིག་གདམ་སྟེ་འདིའི་ཡང་ཐོག་ཐུབ་པ་གྲོང་ཁྱེར་མའི་ལྷ་ཁང་ནང་དུ་བཞུགས་སུ་གསོལ་ཡོད་པས་ཕལ་ཆེ་བས་མཇལ་ཡོད་ལས་ཆེ་ཡང་ས་ཐག་རིང་གི་གནས་མཇལ་པ་ཚོས་ཡང་སྒོས་སུ་མཇོལ། ཁྱད་པར་དུ་མ་མཇལ་པ་ཚོས་མཇལ་དགོས། ཡང་མཇལ་བྱས་ན་ཡང་ཕན་ཡོན་ཆེན་པོ་ཡོད་པ་ཡིན། བྱིས་པ་ཆུང་ཆུང་དང་། ཁྱད་པར་དུ་ཡ་མ་ཆུང་སྲི་ཅན། བུད་མེད་སྦྲུམ་མ། གདོན་བགེགས་ཀྱིས་བཟུང་བའི་ནད་པ། སྨན་གྱིས་བཅོས་དཀའ་མཁན་ཚོས་རྟེན་གསུམ་མཇོལ། གཅོད་ཀྱི་དམིགས་འོག་ཏུ་སྡོད། དེ་ལྟར་གྱིས་དང་ཕན་པ་རང་ཉིད་ལ་ཆེ་བ་ཡིན། འདིའི་མདོ་ཚང་གི་རྟེན་གསུམ་འདི་ཚོ་རྟེན་རེ་རེས་དགོན་པ་རེའི་ཆགས་རྟེན་བྱེད་ཆོག་ལ། འུ་ཚོའི་ས་ཆ་ཆོས་བརྒྱགས་ཁུར་སོང་བས་ཅུང་ཟད་ཤེས་ཨེ་འདུག་སྙམ་པ་ཞིག་ཡིན་ཡང་སྐུ་འདྲ་རྟེན་གསུམ་བྱིན་རླབས་ཡོད་ལས་ཆེ་ན་ཡང་སྐུ་འདྲས་ཆོས་ནི་མི་གསུང་ཐེངས་གཅིག་མཇལ་བར་བྱས་ན་དེ་རེད་དྲན་རྒྱུ་མེད། ཆོས་མཆོག་ཏུ་གྱུར་པ་དེ་ཉིད་བརྗོད་དུ་མེད་པའི་ཆོས་ཡིན་ཞིང་། དེ་དུས་རྟག་པར་རྒྱུན་དུ་གསུང་བཞིན་ཡོད། འོན་ཀྱང་འུ་ཚོས་ཞུ་མ་ཤེས་དུས་མ་གསུང་བ་དང་འདྲ་འདྲར་གྱུར་སོང་བ་རེད། རྟེན་གསུམ་རྩ་ཆེན་གྱི་མདུན་དུ་ཐོན་སྐབས་བརྗོད་མེད་ཟང་ཐལ་གྱི་རིག་སྟོང་རྗེན་པའི་ངང་དུ་མཉམ་པར་བཞག་ནས་སྡོད་དང་བྱིན་རླབས་དེ་དུས་ཐོབ་པ་ཡིན། རྒྱུད་འགྱུར་དུས་བྱིན་རླབས་ཐོབ་ནས་ཚོས་ཀྱིས་ཟོས་ཡོད་པའི་རྟགས་ཏེ་སྣམ་བུ་ཚོས་ལ་འཕངས་པ་ལྟ་བུ་བྱིན་རླབས་འཇུག་ཡོད་པའི་རྟགས་ཡིན་ཞིང་། ཁང་ཐོག་གི་རྟེན་གསར་བའི་གྲས་ཀྱི་རྡོ་ནག་གི་འཇམ་དབྱངས་རང་བྱོན་ཡོད་པ་དེའི་མཚན་ལ་རང་བྱུང་ཛྙཱ་ན་ཤྲཱི་ཞེས་བཏགས་པ་ཡིན་ལ། འདི་སྔོན་ཆད་ས་བར་བ་ལིང་ལིང་གིས་མཇལ་རྒྱུ་མེད་པའི་སྐད་གྲགས་ཅན་ཞིག་ཡིན་པ་དང་། དེང་སང་གདན་ས་འདིའི་རྟེན་སྐལ་དུ་བྱོན་པ་ཡིན། དེ་བཞིན་དུ་ཐུགས་དམ་ཙིནྡ་མ་ཎི། འདི་ལ་སོགས་པ་འདི་དག་ཡོངས་སུ་གྲགས་པ་དང་མ་གྲགས་པའི་ཕྱི་ནང་གསང་བའི་རྣམ་ཐར་མང་ཞིང་། ལྷ་སའི་རྒད་མོས་ཇོ་བོ་མ་མཇལ་བ་ལྟ་བུར་གྱུར་མ་ཤོར། དེ་འཕྲོས་ཇོ་བོ་རྒྱ་ནག་མ་སྟེ་ལྷ་ཁང་སྦུག་མའི་རྟེན་གཙོ་འདི་ང་མི་ངོ་མས་ལག་བཟོས་འདིའི་དཔེ་དབྱིབས་མང་ཆེ་བ་ངས་བྱས་པ་ཡིན། སྐུ་རྒྱུ་ཟངས་རག་གཉིས་ཀ་རྐྱང་པས་བྱས་པ་ཞིག་མིན། རིན་པོ་ཆེ་སྣ་ཚོགས་བསྲེས་པ་ཡིན་ལ། མཚན་ལ་ཇོ་བོ་རྒྱ་ནག་མ་ཐོགས་པ་ནི་རྒྱ་བཟའ་ཀོང་ཇོས་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་དང་མཉམ་དུ་བསྣམས་ཡོང་བའི་མདོ་ཁམས་ཀྱི་ས་ཆའི་རྟེན་སྐལ་དུ་བཞག་པའི་ལོ་རྒྱུས་ཡོངས་གྲགས་ཅན་ཡིན་པ་དང་། ཇོ་བོའི་སྐུ་དེ་ཉིད་རིག་གནས་གསར་བརྗེའི་དུས་ཟིང་གི་དུས་སྐབས་བརྒྱུད་དུས། ཡང་བཞུགས་གནས་གོ་འཕོས་ཏེ་ས་འདིའི་རྟེན་སྐལ་དུ་བྱོན་པའི་རྟེན་རྩ་ཆེན་དེ་འདིའི་ནང་གཟུངས་ལ་བཞུགས་ཡོད་པ་ཡིན། བྱེ་བྲག་གི་རྟེན་བཤད་ལྷ་གཉེར་སྐུ་ཞབས་ཀྱིས་མཛད་ཡོང་རྒྱུ་རེད། ན་ནིང་ཡར་འབུལ་རྒྱུ་ལྷག་སོང་བའི་ད་དུང་འདི་ན་རྟེན་གསུམ་རྩ་ཆེན་ཞིག་མི་ལོ་བརྒྱ་ཡི་ཡར་སྔོན་རྫོགས་ཆེན་སྐུ་ཕྲེང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བོད་སྡེ་བ་གཞུང་གི་གཞུང་ས་དགའ་ལྡན་ཕོ་བྲང་ནས་བླངས་ཡོང་བའི་བཀའ་ཤེལ་སྦོམ། ཐོབ་ཐམ་ཁའི་ཡི་གེ། གོས་ཆེན་སེར་བོ་དོག་དྲིལ་གྱི་ངོས་སུ་བྲིས་ཡོད་པའི་སྲུང་མ་རྒྱལ་བཙན་གཉིས་ཀྱི་སྣང་བརྙན་དང་བཅས་པ་ཡོད་པ་དེ་ཉིད་ད་རེས་འབུལ་དྲན་གྱིན་ཡོད། རྒྱལ་ཚབ་དེ་མོ་ལོ་མི་ཧན་གྱིས་སྲིད་བཟུང་བའི་དུས་ཚོད་ནས་བླངས་ཡོང་བ་ཡིན་ལ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བསྙེན་རྫོགས་སྒྲུབ་ས་ཡང་རྒྱལ་ཚབ་དེ་མོ་ཡིན། འདི་ལོ་རྒྱུས་ཀྱི་དཔྱད་ཞིབ་ལ་རིན་ཐང་ཅན་གྱི་དངོས་རྫས་ཡིན་ཞིང་བྱིན་རླབས་ཅན་ཡང་ཡིན། དེ་འཕྲོས་མཁན་ཆེན་པདྨ་བཛྲའི་རིགས་ཀྱི་དབེན་པོ་ཀོང་ཚའི་རྡོ་རྗེ་རབ་བརྟན་དེ་མ་གཞི་མཁས་བཙུན་གཉིས་ལྡན་ཞིག་ཡིན་འདུག ཁྱད་པར་དུ་མཐོང་བརྒྱུད་ཀྱི་ཕྱག་ལེན་གྱི་ཚད་གཞི་འཇོག་ས་རེད། མདོ་ཁམས་སྨད་ཕྱོགས་ཀྱི་རྙིང་མ་པ་ཞིག་ཡིན་ཚེ་མཐོང་བ་བརྒྱུད་པའི་ཕྱག་ལེན་གྱི་ཐད་ནས་ཀར་ལུགས་ཡིན་དང་དཔལ་ལུགས་ཡིན་དང་རྫོགས་ལུགས་ཡིན་ཞེས་ཟེར་འདུག་ས་དེ་ཉིད་མཐོང་བརྒྱུད་ཀྱི་ཕྱག་ལེན་གྱི་སྟེང་འདི་ནས་ཟེར་གྱིན་ཡོད་ལ། ཀོང་ཚའི་རྡོ་རྗེ་རབ་བརྟན་གྱི་རབ་གནས་ཀྱི་ཟིན་བྲིས་རྡོ་རབ་ཟིན་རྒན་མ་ཞེས་ཡོངས་སུ་གྲགས་པ་ཞིག་ཡོད་པ་དེ་འདིར་ཡོད་པས་དེ་གཉིས་ཀ་ཡར་འབུལ་བསམས་ཀྱང་ད་རེས་བཀའ་བགྲོས་གོང་མའི་བསྟན་བདག་ལྷན་རྒྱས་བཞུགས་མེད་སྐབས་སུ་ཕལ་ཆེར་ཁེལ་འདུག ནམ་བདེ་ན་དེ་དུས་ཡར་འབུལ་རྒྱུ་ཡིན། དེ་འཕྲོས་དོན་དག་གཞན་པ་ཞིག་ལ་མཚོ་ཁྲི་ཀླུ་ཕྱུག་སྡེ་བས་རི་རྒྱ་རྔོན་ཁྲིམས་ཀྱི་ཕྱོགས་ལ་འབད་པ་བྱས་པ་དེ་ཉིད་ཀྱི་གྲུབ་འབྲས་མ་འདྲ་བ་ཞིག་ཐོབ་པ་དང་། ལྕགས་རྙི་མང་པོ་རུག་རྒྱུ་ལོན་འདུག ཐང་རྙེད་རྒད་པོས་གཙོ་བོར་བྱས་པ་ཡིན་རྒྱུ་རེད། སྡེ་ཤོག་ཁ་ཁ་རྒྱ་མ་ཆེ་ན་ཡང་སྡེ་བ་དངོས་གཙང་ལྷག་བསམ་ཅན་ཡིན་ལ། ཁྱེད་སྡེ་བའི་དཔོན་སྡེ་གཉིས་ཀ་ལ་རྗེས་སུ་ཡི་རང་དང་བཅས་ཏེ་བཟང་འདུག་ཅེས་བསྔགས་བརྗོད་བྱེད་རྒྱུ་ཡིན། བདུད་རྩི་རིལ་བུ་སྒམ་ཆུང་བརྒྱ་ཐམ་པ་དང་། སྐྱེ་བདུན་ཤོག་ཆག་བརྒྱ་ཐམ་པ། ཨཿཐམ་ཅན་བརྒྱད། ད་དུང་རྟེན་རྫས་གཞན་དག་དང་བཅས་པ་དཔའ་དར་སྦྱིན་རྒྱུ་ཡོད། རྣམ་རྒྱལ་རྩེའི་བསྟན་བདག་གཞུང་ལས་ཁང་ལ་སོང་ནས་བླངས་དང་ཆོག དེ་འཕྲོས་གནའ་དེ་ལོ་ཞིག་ལ་ང་ཤྲཱི་སེང་དུ་ཡོད་དུས་ཀྱི་ཚོགས་འཁོར་གྱི་སྤྱི་པ་དང་འབྲི་སྤྱི་དུ་མ་ཞིག་ལ་རྗེས་དྲན་གྱི་རྟགས་སྔོན་ནས་སྦྱིན་འཆར་བྱས་པ་དེ་ཉིད་དེ་ད་རུང་ཁ་མ་རུ་སྦྱིན་རྒྱུ་མ་གྲུབ་ནས་ལུས་ཡོད་པས་དེ་ཚོ་གཞུང་ལས་ཁང་ནས་མི་ངོ་མ་ཡོང་ནས་བླངས་སོང་། དེ་ནས་དེ་རིང་ཚང་མ་རིམ་པས་ཡང་བདེ་མོ་གྱིས། སང་ཉིན་ཉིན་རྗེས་མའི་ཆོས་ཁྲིད་ལ་ཐུག་རྒྱུ་བྱེད།


previousཉིན་བཞི་བའི་ཆོས་ཁྲིད། next