Nitartha Digital Library
Tibetan
 
previousཉིན་ལྔ་བའི་ཆོས་ཁྲིད། next

ཉིན་ལྔ་བའི་ཆོས་ཁྲིད།

༼ཀ༽ སྔོན་དུ་འགྲོ་བའི་ཆོས།

དུས་ཚོད་ཟེར་བ་འདི་འགྲོ་མགྱོགས་པ་ཡིན་པར་འུ་ཅག་གིས་དུས་རྒྱུན་ཤེས་བཞིན་པ་ཡིན་ལ། ཡང་སྒོས་སུ་དུས་འདི་སྐད་ཅིག་ཀྱང་མི་འདུག་པར་འགྲོ་བཞིན་ཡོད་པ་དང་ལྷན་དུ་རང་ཉིད་ཀྱི་མི་ཚེའི་དུས་ཚོད་ཀྱང་དེ་དང་འགྲོགས་ནས་ཟད་པའི་ཕྱོགས་སུ་གཅར་གྱིན་ཡོད་པ་ཡིན་ཞིང་། དེ་ལྟར་ཆོས་ནམ་བཤད་ལ་གླེང་བཞིན་ཡོད། དེ་ལྟར་ན་དེའི་དོན་ཚིག་གཅེར་བུར་ཕུད་ན། སྐད་ཅིག་ཀྱང་མི་འདུག་པར་ཤི་སར་གཅར་གྱིན་ཡོད་ཅེས་པ་ལྟ་བུ་ཞིག་ཡིན། འོན་ཀྱང་འཆི་བའི་འཇིགས་པར་གདོང་ལེན་གྱི་ནུས་པ་ཡོད། འཆི་བ་ལམ་བྱེད་ཀྱི་ཐབས་དང་གདམས་པ་ཤེས། དེ་མིན་ཡང་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་རྣམས་ལམ་མགོ་ཐོན་བྱེད་གྲུབ་ཚར་ཡོད་མཁན་རྣམས་ལ་འཆི་བ་ནི་སྐྱིད་པའི་སྒོ་ཆེན་ཞིག་ཡིན་ཞིང་། བདེ་བ་ཅན་དུ་འགྲོ་སའི་རྒྱ་སྒོ་ཕྱི་མ་ཡིན་པས་ལུས་ཀྱི་སྙིགས་མ་མི་གཙང་བའི་རྫས་སུམ་ཅུ་སོ་དྲུག་གི་བདག་ཉིད་ཅན་བཙོག་པ་འདི་ག་ཤེད་དུ་འཕངས་ནས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལྷ་ལུས་ཡག་པ་ཞིག་བླངས་ཏེ་འཇའ་འོད་ཀྱི་གུར་ཁང་ཞིག་དང་ལྷན་དུ་འགྲོ་བ་ཡིན་མ་གཏོགས་དེ་མིན་པ་དག་ནི་འཆི་བ་ལ་མི་སྐྲག་པ་དང་། ན་རྒས་གཉིས་ཀར་མི་མཚེར་བ་ཞིག་ཡོད་པ་མ་ཡིན་ཡང་ལས་ཉོན་འཁྲུལ་བའི་དྲྭ་རྒྱ་འདིར་ཚུད་ཚར་ནས་རང་གར་གང་འདོད་ལྟར་དེ་ལས་ཐར་མི་ཐུབ། དེ་ལྟར་ན་ཤི་བ་ད་རུང་ཐོག་ཏུ་མ་ཡོང་པའི་སྔོན་རོལ་འདིར་ད་ལྟར་གསོན་པོའི་མི་ཡིན་པ་དེ་ཉིད་མ་ཤི་གསོན་པོར་བྱས་ན་བཟང་བའི་རྒྱུ་མཚན་གསོན་པོའི་རིན་ཐང་དེ་ཤེས་དགོས། དང་པོ་སྔོན་ལ་ང་འཇིག་རྟེན་ཁམས་སུ་གསོན་པོར་བྱས་ཏེ་འཚོས་ཡོད་པའི་འཚོ་དོན་དེ་འདིའོ་ཞེས་པ་ཞིག་ཡོད་དགོས་པ་ཡིན་པས་སེམས་ཅན་སྲོག་ཅིག་ཐོབ་ཚད་པོ་བདེ་ན་དགའ་ལ་སྡུག་བསྔལ་མི་འདོད་པ་འབའ་ཞིག་སྟེ་སྡུག་བསྔལ་ལ་དགའ་བ་གཅིག་ཀྱང་མེད། ཚང་མ་བདེ་བར་དགའ་བ་དང་སྡུག་བསྔལ་མི་འདོད་པ་འབའ་ཞིག་ཡིན་ཡང་ཐམས་ཅད་ཀྱིས་དོན་གཉེར་བྱེད་རྒྱུ་དེ་བྱེད་ལུགས་འདྲ་དང་མི་འདྲའི་ཁྱད་པར་མ་གཏོགས་བདེ་སྐྱིད་དོན་གཉེར་བྱེད་ཀྱིན་ཡོད་པ་གཅིག་མཚུངས་ཡིན་པས་མི་འདི་འཚོ་བ་སྐྱིད་པོ་ཞིག་མྱོང་བའི་ཆེད་དུ་གསོན་པོར་བྱས་ནས་བསྡད་ཡོད་ཅེས་བཤད་ཀྱང་ཆོག་རྒྱུ་ཞིག་ཡིན། དེས་ན་གསོན་པོའི་མི་ཡིན་ཚད་པོས་སྐྱིད་རང་གིས་རང་ལ་མ་སྤྲད་ན་སྐྱིད་པོ་གཞན་གྱིས་སྤྲད་ཐབས་ཡོད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལུས་སེམས་གཉིས་ཀྱི་ནང་ནས་སྐྱིད་པའི་མཆོག་དེ་སེམས་ཀྱི་བདེ་སྐྱིད་ཡིན་ལ། དེ་རང་གིས་རང་ལ་བསྐྲུན་དགོས། རང་གིས་རང་ལ་སྐྲུན་མ་ཐུབ་ན་སེམས་ཀྱི་བདེ་སྐྱིད་ནང་ནས་ཤར་མེད་ཚེ་འཚོ་བ་ལ་རིན་ཐང་མ་ལྡན་པ་ཡིན། སེམས་འདི་ལ་སྐྱིད་དུས་ཉིན་གཅིག་ཀྱང་མེད་དེ་ནང་སེམས་ཀྱི་བདེ་སྐྱིད་ནང་ན་མེད་ན་ཕྱིའི་རྐྱེན་སྣང་བཟང་ངན་གང་ཤར་ཡང་ཐམས་ཅད་པོ་གནོད་པ་ཅན་འབའ་ཞིག་ཡིན། སེམས་བདེ་བ་ཅན་གྱི་སེམས་ལྟ་བུ་ཞིག་ད་ལྟ་ནས་སྦྱངས་ཏེ་བྱང་མ་ཐུབ་ན་ལུས་འདི་མ་སྤངས་བཞིན་དུ་བདེ་བ་ཅན་དུ་ཐོན་པའི་དབང་དུ་བཏང་བའམ་གཞན་ཞིག་གིས་བདེ་བ་ཅན་དང་ཕྱོགས་འདྲ་བ་ཞིག་ཏུ་ཁྱེར་སོང་ཡང་བདེ་བ་ཅན་གྱི་བདེ་སྐྱིད་ལྟ་བུ་ཞིག་དེའི་ཚོར་སྣང་ལ་ཤར་ཐུབ་པ་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཁོ་རང་གི་སེམས་མུན་པས་རུབ་ནས་སྡུག་གིས་ཁོག་པ་གང་ཡོད་པ་ཡིན་ལ། དེའི་སྟབས་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དང་པོ་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་ལ་གོམས་དགོས། དེ་གོམས་པས་ནང་སེམས་ཀྱི་འགྱུར་བ་དང་ལྷན་དུ་ད་ལྟའི་སྣང་བ་ཡང་མི་བདེ་མི་སྐྱིད་མེད་དེ་བདེ་བའི་སྣང་བ་ཞིག་ཏུ་ཤར་ཐུབ་པ་ཡིན། དེ་ཤར་བ་ལ་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་གནད་ཆེ། སེམས་ཅན་ཀུན་ལ་ཡོད་པའི་རིག་ཁམས་བདེ་བར་གཤེགས་པའི་སྙིང་པོའི་གློ་བུར་སྒྲིབ་བྱེད་ཀྱི་དྲི་མ་དེ་དཔེ་བཞག་ན། ནོར་བུ་འདམ། རལ་གྲི་ཤུབས་ན་ཡོད་པ་ལྟ་བུའི་སྒྲིབ་བྱེད་དེ་བསལ་བས་མ་དག་པ་དེ་ཕྱེད་དག་ཏུ་གྱུར། ཕྱེད་དག་ཐམས་ཅད་ཤིན་ཏུ་དག་པའི་སྤངས་རྟོགས་མཐར་ཕྱིན་ཏུ་གྱུར་པ་སྟེ། གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ཁྱད་པར་དུ་འགྱུར་བ་ཡིན་ཞིང་། དེ་ཡང་སྨོན་འཇུག་གི་བསླབ་བྱ་བཅུ་དང་ཁྱད་པར་དུ་ཕ་རོལ་དུ་ཕྱིན་པ་དྲུག་གིས་སྤྱོད་པ་རྫོགས་པ་ལ་གནད་འདུས་པ་ཡིན་པས་སྦྱིན་ཚུལ་བཟོད་བརྩོན་ལ་སོགས་པ་ལ་ཕར་ཕྱིན་གྱི་མིང་དོན་ཡོད་པའི་རྒྱུ་མཚན་དེ་འཁོར་གསུམ་མི་དམིགས་པས་ཟིན་པའི་གནད་ཀྱིས་ཡིན་པར་བཤད་དེ། གང་གིས་ཟིན་པར་བྱེད་པའི་འཁོར་གསུམ་མི་དམིགས་པ་ཤེས་རབ་ཀྱི་ཕར་ཕྱིན་དེ་ཉིད་སྲིད་པ་མཐར་བྱེད་ཅེས་པའི་འུ་ཚོར་ཚིག་གཅིག་ཡོད་པའི་སྲིད་པ་མཐར་བྱེད་ཅེས་པའི་ཚིག་དེའི་ཐོག་ནས་ད་རུང་བཤད་དགོས་ཞེས་ཁ་རྩང་འུ་ཚོས་ཆོས་ཁྲིད་གཞག་རན་པའི་ཚིག་མཚམས་དེར་ཁེལ་བ་ཡིན།

༼ཁ༽ གཞུང་དོན།

༼༦༽ ཤེས་རབ་ཀྱི་ཕར་ཕྱིན།

ཤེས་རབ་ཀྱི་ངོ་བོ་དེ་ཇི་ལྟར་ཞིག་ཡིན་ཞེ་ན། འཁོར་གསུམ་མི་དམིགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པ། བྱེད་ལས་ཅི་ཞིག་ཅེ་ན། ཤེས་བྱ་རྟོགས་ཤིང་འཁོར་བ་ལས་སྒྲོལ་བ། ཤེས་བྱའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་ཤེས་རབ་ཀྱི་མཚན་ཉིད། དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་ཤེས་རབ་ཀྱི་ཕར་ཕྱིན་ཞེས་ཟེར་ལ། དེའི་རང་བཞིན་དེ་ངེས་པར་མ་ཤེས་ན་ཤེས་རབ་ཀྱི་མིང་ཙམ་གྱིས་ཡང་དག་པའི་ཤེས་རབ་ཡིན་པའི་ངེས་པ་ཅི་ལ་ཡོད། ཤེས་རབ་ཡང་དག་གི་མི་མཐུན་ཕྱོགས་བླུན་པོ་ལྟར་དུ་ཤེས་རབ་ཀྱི་ཡོན་ཏན་མི་འཚོལ་བ་འཆལ་བའི་ཤེས་རབ་ཀྱང་ཡོད། ཤེས་རབ་ཀྱི་ཡོན་ཏན་འཚོལ་ཁུལ་བྱས་ཀྱང་ཕྱིན་ཅི་ལོག་ལ་འབད་པར་བྱེད་མཁན་མུ་སྟེགས་པ་དང་དེའི་ཕྱོགས་གཏོགས་ལྟ་བུ། ཕྱིན་ཅི་ལོག་ཏུ་མ་སོང་ཡང་དམིགས་པ་རྒྱ་ཆེ་བ་དང་། དོན་ཆེ་བ། ཟང་ཟིང་མེད་པ། མི་ཟད་པ་བཞིའི་ཡོན་ཏན་བཞི་པོ་མ་ལྡན་པས་ཉན་ཐོས་ལྟ་བུ་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་མི་འགྱུར་བ་དེ་ལྟར་ཡོད་པ་ཡིན། དེ་དག་གི་ཉེས་པས་ཚེ་འདིར་མི་མཁས་པའི་སྟོབས་ཀྱིས་བྱ་བ་དང་བྱ་བ་མ་ཡིན་པ་འབྱེད་མི་ཤེས། མི་ཤེས་རྨོངས་པས་མནར་བའི་གང་ཟག་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དཔེར་བཞག་ན་སེངྒེའི་ཁྱུར་ཝ་སྐྱེས་བསྡད་པ་ལྟ་བུ་མཁས་པའི་གྲལ་དུ་ཆུད་པ་མ་ཡིན། ལྷར་བཅས་འཇིག་རྟེན་གྱིས་བརྙས་བཅོས་ཀྱི་ཡུལ་དུ་གྱུར་པ། ཚེ་ཕྱི་མར་དབང་པོ་རྟུལ་བ་ཡིན་པས་སྐྱེ་བ་གཏན་གྱི་ཉེས་པར་འབྱུང་བ་ཡིན། དེ་ནས་ཤེས་རབ་འཆལ་བའི་རྒྱུ་གང་ལ་ཐུག་པ་ནི་མ་རིག་པ་ལ་ཐུག་པ་ཡིན། རྐྱེན་གང་ལ་ཐུག་པ་ནི་བཤེས་གཉེན་ངན་པ་བསྟེན་ནོར་བྱས་པ་ལས་བྱུང་བ་ཡིན། དེ་གཉིས་ཀ་ཐོས་བསམ་ལ་བསྟེན་ན་ལྡོག་ཐུབ་པས་ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་ལས་ཀྱང་དང་པོ་ཐོས་པ་གལ་ཆེ་བ། དེ་ཡང་ཇི་ལྟར་ཞེ་ན། མདོ་ལས། ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་ཤེས་རབ་རྣམ་འཕེལ་ཞིང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས་པ་ལྟར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་མི་འགལ་བར་སྟོན་ཤེས་པའི་བཤེས་གཉེན་ལ་བསྟེན་དགོས། འདིའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། འཁྲུལ་བའི་ཤེས་པ་འགོག་པ་དང་། མ་འཁྲུལ་བའི་ཤེས་རབ་སྒྲུབ་པ་གནད་ཀྱི་སྙིང་པོ་ཡིན། དེས་ན་གཞན་སྡེ་དང་རང་སྡེའི་ལོག་རྟོག་བསལ་བའི་གཞུང་ཆེན་པོ་རྣམས་ཀྱི་ཐོག་ནས་ལུང་དོན་དངོས་སྟོབས་ཀྱི་རིག་པས་གཏན་ལ་ཕབ་སྟེ་ཚད་མ་གསུམ་གྱིས་ངེས་པར་བྱས་ནས་མ་འཁྲུལ་བའི་ཤེས་རབ་སྒྲུབ་པ་ལ། ཀུན་མཁྱེན་ཆོས་རྗེས་གསུངས་པ་ལྟར་ན། འཇལ་བྱེད་རིན་ཆེན་ལྡེ་མིག་གི་རྣམ་བཞག དྲང་ངེས་ལྡེམ་དགོངས་ཀྱི་དོན་སོགས་ཤེས་ཚར་རྗེས་གཞལ་བྱ་དམ་ཆོས་མཛོད་ཀྱི་རྣམ་བཞག་ཤིང་རྟ་ཆེན་པོའི་ནང་དུ་བདེན་གཉིས་དང་རྟེན་འབྲེལ་གྱི་སྒོ་ནས་བསྟན་ཡོད། འདི་དག་བཤད་ཡོང་སྐབས་མི་སྐྱ་ཕོ་མོ་ཐོས་བསམ་གྱི་སྦྱོང་བ་བྱས་མ་མྱོང་བ་དང་། མྱོང་ཡང་ལས་དང་པོ་པ་ཚོས་ཅི་ཞིག་འདྲ་ཞིག་བཤད་བྱུང་། རྒྱ་སྐད་སོག་སྐད་ནི་མ་ཡིན་ཞིང་བོད་སྐད་ཡིན་ལ། གོ་མ་སོང་ཟེར་རྒྱུ་མེད་པ་ལྟ་བུ་ཞིག་ཡིན་ཡང་འདི་གོ་སོང་ཟེར་དགོས་ན་ཡང་བཤད་མི་ཤེས་པ་ལྟ་བུ་འདི་ཅི་ཞིག་ཡིན་སྙམ་དུ་དྲན་སྲིད་ཀྱང་གཅིག་བྱས་ན་བཤད་མཁན་གྱིས་གདུལ་བྱའི་བློ་དང་འཚམས་པར་བཤད་མ་ཐུབ་པ་ཡིན་ཤས་ཆེ་ཡང་གཅིག་བྱས་ན་བཀའ་བར་ཐའི་ཆོས་འཁོར་གྱི་ཟབ་ཅིང་རྒྱ་ཆེའི་དོན་དེ་ཟ་སྐད་འཐུང་སྐད་ཁ་ཤས་ཀྱིས་བཤད་ཐུབ་རྒྱུ་ཞིག་ཡིན་ན་དབང་རྣོན་གྱི་སྤྱོད་ཡུལ་དུ་གྱུར་པའི་ཟབ་ཅིང་རྒྱ་ཆེ་ཅི་ལ་ཡིན། འདིའི་ནང་ན་མཁས་པ་ཆེན་པོ་སྡེ་སྣོད་རབ་འབྱམས་པ་ཇི་ལྟར་མང་པོ་མེད། མཁན་པོ་དང་། མཁན་པོ་སྤྲུལ་སྐུ་གཉིས་གོ་ཆོད་པ་རྐྱང་པ་བརྒྱ་ཚོ་ཡོད་འདུག་ལ། ཡིག་ངོ་ཙམ་ཡང་མི་ཤེས་པའི་གོ་ཁའི་རྒད་པོ་རྒད་མོ་ཡང་ཡོད་ཅིང་། གང་ལྟར་གང་བཤད་བྱའི་དོན་དེ་ཉིད་རང་གི་འཆད་སྲོལ་ལ་མ་བསྟུན་ཐབས་མེད་ཡིན་པས་ངེས་དོན་གྱི་ཆོས་སྒྲ་ཙམ་ཐོས་ན་ཡང་འདུན་པ་སྟོབས་སུ་གྱུར་པ་ཡིན་ཚེ་དོན་གྱི་ངེས་ཤེས་རྙེད་སྲིད་པ་དང། མ་མཐའ་ཡང་རྒྱུད་ལ་བག་ཆགས་བཟང་པོ་ཞིག་བསྒོས་ཏེ། མ་འོངས་པར་ཆགས་ཐོགས་མེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་རྒྱུད་ལ་འཁྲུངས་པའི་ས་བོན་དང་། ས་བོན་སྔར་ཡོད་ཡར་འཕེལ་བའི་གསོས་བྱེད་ངེས་པར་ཡིན་སྙམ། དེ་ཡིས་ལས་དང་པོ་པ་ཚོས་འདི་གོ་སོང་བསམ་རྒྱུ་མེད་ཀྱང་ཉོན་དང་ཕན་ཐོགས་ཆེ་བ་ཡིན། དེས་ན་ཤེས་རབ་ཟབ་མོས་ཤེས་བྱའི་ཆོས་རྣམས་གཏན་ལ་འབེབས་པ་ལ། བདེན་པ་གཉིས་དང་རྟེན་འབྲེལ་གྱི་རྣམ་བཞག་ཤེས་པ་གལ་ཆེ་སྟེ། ཀུན་མཁྱེན་ཆེན་པོས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་རྩ་ཤེར་གྱི་ལུང་ཞིག་དང་། ཡབ་སྲས་མཇལ་བའི་མདོ་ལུང་ཞིག་ཀྱང་དྲངས་མཛད་དེ། ཆོས་ཞེས་བྱ་བའི་རང་བཞིན་ཙམ་ཞིག་དབྱེ་གཞིར་བྱས་ཏེ། སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་དང་། གནས་ལུགས་དོན་དམ་པའི་བདེན་པ་གཉིས་སུ་དབྱེ་བར་མཛད་ལ། དེའི་དང་པོ་སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་། ཡང་ལོག་རྣམ་པ་གཉིས་སུ་ཕྱེས་ཏེ། སྣང་ལ་དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། བརྟགས་པས་དབེན་པ། མཐུན་སྣང་ལ་གྲུབ་པ། ས་ཆུ་མེ་རླུང་ནང་རང་གི་ཤེས་པ་དང་བཅས་པས་བསྡུས་པ་ཡང་དག་ཀུན་རྫོབ་དང་། སྣང་ལ་དོན་བྱེད་མི་ནུས་པ། རབ་རིབ་ཅན་ལ་སྐྲ་ཤད་དང་ཟླ་བ་གཅིག་ལ་གཉིས་སུ་སྣང་བ་ལྟ་བུ་ལ་ལོག་པའི་ཀུན་རྫོབ་ཡིན་པར་གསུངས། མ་འཁྲུལ་པ་ལ་ཡང་རྣམ་པ་གཉིས་སུ་ཕྱེས་ཏེ། འབྲས་བུ་ལས་མ་འཁྲུལ་བ་ལམ་བདེན་འདུས་བྱས་ཐམས་ཅད་དང་། འབྲས་བུ་ཐོབ་པ་ལས་མ་འཁྲུལ་བ་སངས་རྒྱས་ཀྱི་གཟུགས་སྐུའི་ཡེ་ཤེས་དང་བཅས་པ་འོག་མིན་ན་བཞུགས་པ་ལ་གསུངས་ཡོད། སྣང་བའི་ཆ་ནས་ཀུན་རྫོབ་ལ་སྦྱོར་བ་ཡིན་ཡང་ངོ་བོ་ཆོས་སྐུ་དང་དབྱེར་མེད་ཡིན་པས་འགྱུར་མེད་ནམ་མཁའ་ལྟ་བུར་བཞུགས་པ་ཡིན། འོན་ཀྱང་སྣང་བའི་ཆ་དག་མ་དག་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པས་བསྡུས་པ་དེ་ལྟར་བྱས་ནས་བཞེད་དུ་ཡོད། དོན་དམ་བདེན་པ་ནི་གཤིས་ཀྱི་གནས་ལུགས་གང་ཡིན་པ་དེ་ཉིད་ཡིན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བློའི་ངོས་ནས་བཟང་ངན་ཐ་དད་དུ་བཏགས་པ་ཡིན་ཡང་གཟོད་མ་ཉིད་ནས་བསམ་བརྗོད་སྤྲོས་པའི་ཡུལ་ལས་འདས་པའི་ངོ་བོ་ཉིད་མེད་པ། ནམ་མཁའི་རང་བཞིན་ཅན་དུ་དག་པ། ཁས་ལེན་གྱི་མཐའ་ཐམས་ཅད་དང་བྲལ་བ། མཐའ་གྲོལ་ཙམ་དུ་ཡང་ཤིན་ཏུ་དག་པ་ཡིན་ཞེས་པའི་བློའི་བཀོད་པའི་ཡུལ་ལས་ཀྱང་འདས་པ་ཞིག་ཡིན། དེའི་ཕྱིར་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་ནི་རང་བཞིན་གྱིས་དག་པའི་ངོ་བོ་དེར་མཐའ་ཐམས་ཅད་དང་བྲལ་བའི་ཁས་ལེན་དང་དམ་བཅའ་མེད་ཅིང་ངོ་བོ་ལ་དབྱེ་རྒྱུ་མེད་ཀྱང་བློས་སྒྲོ་བཏགས་བྱས་ནས་དབྱེ་སྐབས་སྟོང་ཉིད་བློས་བཀོད་ཅིང་དོན་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་བ་དེ་རྣམ་གྲངས་པའི་དོན་དམ་དང་། སྐྱེ་བ་དང་སྐྱེ་མེད་སོགས་ཀྱི་སྤྲོས་མཐའ་ཡོད་ཚད་ལས་གྲོལ་བའི་རྣམ་གྲངས་མ་ཡིན་པའི་དོན་དམ་ལ་བཞག་པ་ཡིན། གྲུབ་མཐའ་སོ་སོའི་འདོད་གཞུང་གི་བདེན་གཉིས་འཇོག་ལུགས་མི་འདྲ་བ་ཡོད་ཀྱང་རང་ལུགས་མན་ངག་གི་ལུགས་ལྟར་དུ་བྱེད་དུས་ཡུལ་ཆོས་ཀྱི་དབྱིངས་ཞེས་པ་ཙམ་ཞིག་དབྱེ་གཞིར་བཞག་ལ། སྣང་ལ་རང་བཞིན་མེད་པའི་སྣང་ཆ་འདི་དག་ཀུན་རྫོབ་བདེན་པ་ཡིན་ཞིང་། ཐ་མལ་པས་དེ་བདེན་བདེན་ལྟར་དུ་མཐོང་བ་ཡིན་ཡང་རྣལ་འབྱོར་པས་སྣང་ཡང་བརྟགས་ན་མེད་པར་ཤེས་པ་དེ་ཀུན་རྫོབ་བདེན་པ་རྟོགས་པའི་ཐ་སྙད་ཐོབ་པ་དང་། དེ་ལྟ་བུ་ལ་སྣང་བའི་རྐྱེན་གྱིས་མི་གནོད་པས་མ་ཚད་སྣང་བ་སྒྱུ་མར་འབྱོངས་ནས་སྣང་བ་འདི་དག་ཐོགས་རེག་མེད་པའི་རྫུ་འཕྲུལ་འགྲུབ་ཐུབ་པ་དང་། བདེན་གཉིས་དབྱེར་མེད་ལ་བློ་འབྱོངས་ཏེ་འཕགས་པའི་ཡེ་ཤེས་ཐོབ་པས་ཞིང་དང་གཞལ་ཡས་ཁང་ལ་སོགས་པ་སྣང་ཡང་བདེན་ཞེན་མེད་པ་ལ་ཡང་དག་ཀུན་རྫོབ་ཅེས་བཤད། ཚིག་བསྡུས་ན་བློ་བདེན་ཞེན་དང་བཅས་པའི་སྣང་ཤེས་ཐམས་ཅད་ལོག་པའི་ཀུན་རྫོབ་དང་། བདེན་ཞེན་མེད་པའི་འཆར་སྒོར་སྣང་ཚད་པོ་ཡང་དག་ཀུན་རྫོབ་ཏུ་བཞེད། དེས་ན་དོན་དམ་པ་དེ་གང་ཡིན་ཞེ་ན། འཁྲུལ་སྣང་གཞི་མེད་དུ་སྣང་བ་ཙམ་ལས་རང་བཞིན་མེད་པའི་ངོ་བོར་གནས་པ་གཤིས་དོན་དམ་པའི་གནས་ལུགས་ཡིན་ཞིང་། ཡོད་མེད་ཡིན་མིན་སོགས་ཀྱི་བློ་རྟོག་དབྱིངས་སུ་གྲོལ་བ་དོན་དམ་པའི་གནས་ལུགས་རྟོགས་པ་ཡིན་ཞེས་གསུངས། ཚིག་སྣ་བསྡུས་ནས་བཤད་ན། གཤིས་ཇི་ལྟར་ཡིན་པ་དེ་ལྟར་གནས་པ་དོན་དམ་དང་། དེ་ཉིད་ཇི་བཞིན་རྟོགས་པར་དོན་དམ་རྟོགས་པའི་བློ་སྟེ། སྒྲ་གཅན་འཛིན་གྱི་ཡུམ་བསྟོད་ལྟར་དུ་མཐར་གཏུགས་ན་སྨྲ་བསམ་བརྗོད་བྲལ་ནམ་མཁའི་ངོ་བོ། ནམ་མཁའ་ཙམ་དུ་ཡང་འདོགས་སུ་མེད་པ། སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉག་གཅིག་ཡིན་པ། དེ་ཡང་རྟོགས་བྱ་རྟོགས་བྱེད་གཉིས་མེད་སོ་སོ་རང་གིས་རིག་པས་མངོན་དུ་གྱུར་པ་ལ་དོན་དམ་བདེན་པ་རྟོགས་པ་སྒྲས་བརྗོད་རིགས་ཀྱིས་མཚོན་པར་བྱས་པ་ཙམ་ཞིག་ཡིན། དེས་ན་བདེན་པ་གཉིས་པོ་འདི་ཟླ་བ་དང་བསིལ་ཟེར་ཅན་ལྟ་བུ་མིང་གི་རྣམ་གྲངས་ཀྱི་ཐ་དད་དང་། ཐ་སྙད་དུ་བུམ་པ་སྣམ་བུ་ལྟ་བུའི་དངོས་པོ་ཐ་དད་དང་། དངོས་དངོས་མེད་ལྟ་བུའི་གཅིག་པ་བཀག་པའི་ཐ་དད་དང་། བྱས་དང་མི་རྟག་ལྟ་བུའི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་གང་ཡིན་ཞེ་ན། འཇིག་རྟེན་གྲགས་སྡེ་སྤྱོད་པ་ལྟར་ན་གཞན་སེལ་གྱི་ངོར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཞེས་བཤད་ཀྱང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དོན་དམ་པར་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལུང་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར་ཡིན། བདེན་པ་གཉིས་ལ་གྲངས་ངེས་པའི་ཐད་ནས་དགོས་པ་ལ་ལྟོས་པའི་གྲངས་ངེས། ལོག་རྟོག་ལ་ལྟོས་པའི་གྲངས་ངེས། དངོས་པོ་ལ་གནས་པའི་གྲངས་ངེས་སོགས་ཡོད་ཀྱང་འདི་མཐའ་གཞན་བཀག་པའི་དངོས་འགལ་གྱི་མཐའ་རྣམ་པར་གཅོད་པ་ལ་གཉིས་སུ་ངེས། བློ་འཁྲུལ་བ་དང་མ་འཁྲུལ་བ་གཉིས་ཀ་དངོས་འགལ་ཡིན་པས་གཉིས་ཀ་ཡིན་པའི་སྒྲུབ་ཕྱོགས་ཤིག་དང་གཉིས་ཀ་མིན་པའི་དགག་ཕྱོགས་ཀྱི་ཕུང་གསུམ་པ་མི་སྲིད་པའི་བདེན་པ་གཉིས་སུ་གྲངས་ངེས་པ་ཡིན། མདོར་ན་རང་སྡེ་འོག་མ་དག་གི་ལུགས་སུ་སོ་སོའི་བཞེད་གཞུང་ལྟར་དུ་འདོད་ཚུལ་སྣ་ཚོགས་ཡོད་ཀྱང་ཐལ་འགྱུར་པས་སྣང་བ་ཀུན་རྫོབ་དང་། སྟོང་པ་དོན་དམ་ཞེས་པའི་གོ་བརྡ་སྤྲོད་བྱེད་ཀྱི་ཚིག་ཙམ་ལས་གཅིག་དང་ཐ་དད་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་སྣང་དུས་ཉིད་ནས་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བས་ན་ཁས་ལེན་པའི་ཀུན་རྫོབ་ཙམ་ཡང་འགོག་པ་དེ་ཉིད་དབུ་མ་འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་གསུངས་པ་ལྟར་ཡིན། གྲུབ་དོན་མཐར་ཐུག་གཤིས་སྨྲ་བསམ་བརྗོད་མེད་དོན་དམ་བདེན་པ་དང་། བློས་སྨྲ་བསམ་བརྗོད་པས་བརྟགས་ཤིང་སྣང་བ་ཀུན་རྫོབ་བདེན་པ་ཡིན་ལ། དོན་དམ་བདེན་པ་བློས་རྟོགས་པ་ཡིན་དང་མིན་ཞེ་ན། དོན་དམ་བདེན་པའི་ངོ་བོ་རྟོགས་བྱ་རྟོགས་བྱེད་ལས་འདས་སོང་བ་ཞིག་ཡིན་པས་ན་རྟོགས་པར་གཞག་ཏུ་མེད་དེ། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལ་སོགས་པ་ནས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་པའི་རྡོ་རྗེ་གཅོད་པའི་ལུང་གིས་གསལ་ལ། དོན་བསྡུས་ན། མ་དག་འཁྲུལ་བའི་ཆོས་ཀུན་རྫོབ་པ་ཐམས་ཅད་མི་བདེན་སྒྱུ་མ། རྨི་ལམ། རྫུན་པ། བསླུ་བའི་ཆོས་ཅན་དང་། དག་པ་ཆོས་ཉིད་རང་བཞིན་དོན་དམ་འོད་གསལ་ཡེ་ཤེས་ཀྱི་གནས་ལུགས་དེ་ཟབ་པ། ཞི་བ། སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པ། དེ་ཉིད་ནི་འགྱུར་མེད་ལྷུན་གྲུབ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན། གཞི་བདེན་གཉིས་ཟུང་འཇུག་ཡིན་པའི་སྟབས་ཀྱིས། ལམ་ཚོགས་གཉིས་ཟུང་འཇུག་བསགས་པས། འབྲས་བུ་སྐུ་གཉིས་ཟུང་འཇུག་ཐོབ་ལ། ཀུན་རྫོབ་བདེན་པས་བསོད་ནམས་ཀྱི་ཚོགས་རྨི་ལམ་ལྟ་བུ་བསགས་ནས། དོན་དམ་བདེན་པས་ཡེ་ཤེས་ཀྱི་ཆོས་ཉིད་ནམ་མཁའ་ལྟ་བུའི་དོན་བསྒོམས་པས། འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱེད་པ་ཡོད། བདེན་གཉིས་ཀྱི་རང་བཞིན་མ་ཤེས་ན་ཟབ་མོའི་དེ་ཁོ་ན་ཉིད་ཀྱི་དོན་མི་ཤེས། དེ་ཁོ་ན་ཉིད་ཀྱི་དོན་ཤེས་ན་ཆོས་ཐམས་ཅད་མེད་ལ་སྣང་བ་སྟོང་ཉིད་ཀྱི་རོལ་བ་ཡིན་པར་ཧ་གོ་བས་སྟོང་ཉིད་ལ་ཅི་ཡང་རུང་ཞིང་གང་དུ་ཡང་སྣང་ཆོག་པས་སྣང་དུས་ཉིད་ནས་མ་དམིགས་པ་དཔེར་བཞག་ན། ནམ་མཁར་ཅི་ཡང་བྱུང་ཞིང་ནམ་མཁར་ཅི་ཡང་མ་གྲུབ་པས་ཕྱོགས་ཙམ་མཚོན་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དོན་སྤྱིའི་ཚུལ་དུ་གོ་རྒྱུ་ཞིག་ཡོད། སྟོང་ཉིད་མ་ཡིན་པའི་ཆོས་ཤིག་མེད་པས་རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི་ཆོས་མི་སྲིད་པར་དབུ་མ་རྩ་བ་ཤེས་རབ་ཀྱི་ལུང་ལས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པས། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་དང་། དེ་ལྟ་བུའི་རྟེན་འབྲེལ་གྱི་ཚུལ་དུ་ཡང་རྣམ་པར་དབྱེ་བའི་ཐོག་ནས་བཤད་ན། སྤྱིའི་རྟེན་ཅིང་འབྲེལ་འབྱུང་ཆོས་ཅན་ཐམས་ཅད་ཆོས་ཉིད་ལ་བརྟེན་ཡོད་པས་ཆོས་ཅན་སྐྱེ་འགག་སོགས་སྣང་དུས་ཉིད་ནས་སྐྱེ་འགག་སོགས་ཀྱིས་སྟོང་པས་ཡོད་མ་མྱོང་བ། མེད་བཞིན་སྣང་པས་འཁྲུལ་བར་འཁྱམས་པ། རྟོག་བཏགས་དར་གྱི་སྲིན་བུས་རང་གིས་རང་ཉིད་འཆིང་བ་ལྟ་བུ་ཞིག་ཡིན། དེ་ལས་འཁོར་བའི་རྟེན་འབྱུང་ས་བོན་ལས་མྱུ་གུ་འབྱུང་བ་ལ་སོགས་པ་ཕྱིའི་རྟེན་འབྱུང་། མ་རིག་པ་ལས་འདུ་བྱེད་ནས་རྒ་ཤིའི་བར་གྱི་ནང་གི་རྟེན་འབྱུང་གིས་བར་མེད་སྲིད་པའི་འཁོར་ལོ་མུ་མཐའ་མེད་པར་འཁོར་བ་ཡིན་ཞིང་། མྱ་ངན་ལས་འདས་པའི་རྟེན་འབྲེལ་ཇི་ལྟར་ཡིན་ཞེ་ན། ལམ་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་སྲིད་རྩ་མ་རིག་པ་རིག་པའི་ཡེ་ཤེས་ཀྱིས་ལྡོག་སྟེ། སྲིད་པར་འཇུག་པའི་རྒྱུ་ཟད་པས་འབྲས་བུའི་རྟེན་འབྲེལ་དུ་གང་གྲུབ་པ་ཡིན་པ་ནི་སངས་རྒྱས་ཏེ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་ལ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ལ་འདུས་པའི་དོན་ཤེས་ནས་ཁོང་དུ་ཆུད་དུས་མྱ་ངན་ལས་འདའ་བར་འགྱུར་བ་ཡིན། ཤེས་རབ་བསྐྱེད་པའི་ཕན་ཡོན་ལ། གནས་སྐབས་ཚེ་འདིར་ཤེས་རབ་ལེགས་པར་སྦྱངས་པའི་སྟོབས་ཀྱིས་ཤེས་བྱ་མཁྱེན་པའི་བློ་གྲོས་རྒྱས་པ། ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ལ་སོགས་པའི་ཡོན་ཏན་མང་པོ་དང་། ཚེ་ཕྱི་མར་ཡིན་ཡང་ཤེས་རབ་ཕུན་སུམ་ཚོགས་པ། རང་གིས་ཐོས་པ་འཛིན་ཐུབ་པ། གཞན་ལ་ཆོས་ཀྱི་འཁོར་ལོ་ཕྱིན་ཅི་མ་ལོག་པར་སྐོར་ནུས་པ་ལ་སོགས་པའི་ཡོན་ཏན་འབྱུང་བ་དང་། མཐར་ཐུག་སངས་རྒྱས་པའི་ཚེ་ན་མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱས། སོ་སོ་ཡང་དག་རིག་བཞིའི་སྤོབས་པ་ཐོབ། མི་འཇིགས་པ་བཞི་དང་ལྡན། ཕས་རྒོལ་ངན་པ་ཐམས་ཅད་ཚར་གཅོད་པར་འགྱུར་བ་དེ་ལྟར་ཡིན། འཁོར་གསུམ་ཡོངས་སུ་དག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བར་ཉམས་སུ་བླངས་ན། ཤེས་རབ་ཀྱིས་ལྟ་བ་དག ཐབས་ཀྱིས་སྤྱོད་པ་དག་ནས་སངས་རྒྱས་འགྲུབ་པར་ཚེགས་དཀའ་ལས་ཆེན་པོ་མེད།

ཁ བསྡུ་དངོས་བཞི།

དེ་ནས་དེ་ཡན་གྱིས་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་སྒྲུབ་ཚུལ་བཤད་པ་སོང་སྟེ། ད་ནི་བསྡུ་དངོས་བཞིའི་སྤྱོད་པ་ལ་མཚོན་ན། སེམས་ཅན་སྨིན་པར་བྱ་བའི་དོན་དུ་ཐབས་མཁས་ཀྱིས་འཁོར་ཡོངས་སུ་སྐྱོང་བ་བསྡུ་དངོས་བཞིའི་མཚན་ཉིད་ཡིན་ལ། དབྱེ་བ་ཕྱེས་ན། སྦྱིན་པ་དང་། སྙན་སྨྲ་དང་། དོན་མཐུན། དོན་སྤྱོད་བཞི་ཡིན། དེ་ལས་སྦྱིན་པ་ཁ་རྩང་ཕར་ཕྱིན་དྲུག་ལས་སྦྱིན་པའི་སྐབས་སུ་བཤད་པ་ལྟར་མ་དག་པའི་སྦྱིན་པ་སྤངས་ཏེ་དག་པའི་སྦྱིན་པས་གདུལ་བྱ་མགུ་བར་བྱ་བ་དེ་ཉིད་ཡིན། གཉིས་པ་སྙན་སྨྲ་ནི། སྙན་པར་སྨྲ་བ་ཞེས་པ་སྤྱིར་ངག་འཇམ། རྒྱུད་དུལ། གཏམ་བཤད་ན་སྐྱེ་བོའི་ཡིད་ལ་འཇུག་པའི་སྙན་པར་སྨྲ་བ། མི་སྙན་པར་སྒྲོག་པའི་བྱ་ཁྭ་ཏ་ལྟ་བུ་མ་ཡིན་པ་ཞིག་ཏུ་གོ་དགོས། འོན་ཀྱང་ཁ་ཞེ་མི་མཚུངས་པའི་ཁ་ཡག་ངོ་འཛུམ་དོན་ལ་མེད་པའི་ཞིམ་ཁ་བ་ཞིག་གྱིས་ཞེས་གསུངས་པ་མ་ཡིན་ཞིང་། འདི་གདུལ་བྱའི་རྒྱུད་སྨིན་པར་བྱ་བའི་ཆེད་དུ་ཆོས་བཤད་པ་གཙོ་བོ་ཡིན་པ་དང་། ཆོས་བཤད་པ་དེ་ཡང་ལུང་རིགས་དང་མ་འགལ་བ། དྲང་ངེས་མ་འཁྲུགས་པ། སློབ་མའི་རྒྱུད་ཚོད་དང་བསྟུན་ཤེས་པ། ཐེག་པ་གོང་འོག་གི་ཆོས་ལྟ་བུ་མཐུན་པ་དག་མི་འགལ་བ། མི་མཐུན་པ་རྣམས་མ་འདྲེས་པ། ཐེག་ཆེན་མདོ་སྔགས་གཉིས་ཀར་མཚོན་ཡང་དོན་གཅིག་ཏུ་བཤད་ཐུབ་པ། ཁྱད་པར་དུ་གསང་སྔགས་བཤད་དུས་རྒྱུད་སྡེའི་ཁུངས་དང་མཐུན་པར་བཤད་པ་དེ་ལྟ་བུ་ཞིག་ལ་གསུངས་ཡོད། སྦྱིན་དང་སྙན་སྨྲ་གཉིས་སོང་སྟེ། ད་ནི་གསུམ་པ་དོན་མཐུན་ཏེ། གཞན་དགེ་བར་གཞུག་པའི་ཆེད་དུ་རང་ཉིད་དགེ་བ་ལ་འཇུག་དགོས། རང་ཆོས་མེད་ཅིག་གིས་གཞན་ཆོས་སྒོར་འཛུད་ཐུབ་པ་མ་ཡིན། ཆོས་འདི་སྒྲུབས་ཞེས་ཟེར་དུས་གཞན་དེ་ཉིད་ཀྱིས་ཟེར་མཁན་ཁོ་རང་ཉིད་ཀྱིས་བསྒྲུབས་ཏེ་ཕན་ཐོགས་ཅི་བྱུང་འདུག་ལོས་བལྟ། རྒྱུ་མཚན་དེ་དག་ལ་བརྟེན་ནས་སློབ་དཔོན་གྱི་མཚན་ཉིད་མ་ཚང་། བླ་མས་གནང་བ་མ་ཐོབ་ཀྱི་བར་དུ་ཆོས་གདམས་ངག་འཆད་སྔ་མི་རུང་བ་ཡང་གནད་རྒྱུ་མཚན་དེ་དག་ལ་ཐུག་པ་ཡིན་འདུག དཔེར་ན་ཁྱོད་ཀྱིས་མཆོད་སྦྱིན་གྱིས་དང་ཕྱི་མར་སྒུག་མི་དགོས་པར་ཚེ་འདིར་སྦྱིན་འབྲས་འབྱུང་ནས་ཕྱུག་པོར་འགྱུར་འགྲོ་ཞེས་སྨྲས་ན་གཞན་དེ་ཉིད་ཀྱིས་ཟེར་མཁན་རང་གིས་བསོད་ནམས་ཅི་བསགས་འདུག སྦྱིན་འབྲས་ཅི་འབྱུང་འདུག་དེ་ལ་ངེས་པར་ལྟ་བ་ཡིན། བཞི་བ་དོན་སྤྱོད་ནི། ཕ་རོལ་པོས་ཆོས་ཉན་ཞིང་དེའི་དོན་ཉམས་སུ་ལེན་པར་འགལ་རྐྱེན་མི་ཡོང་བ་དང་། བརྩོན་པ་མི་ལྷོད་པའི་ཆེད་དུ་ཐབས་ལ་མཁས་པའི་སྒོ་ནས་དེའི་དོན་སྒྲུབ་རོགས་བྱེད་པ་དེ་ཡིན། དེ་ལྟ་བུའི་བསྡུ་བའི་དངོས་པོ་བཞི་འདི་ཕར་ཕྱིན་དྲུག་གི་ནང་དུ་འདུས་ཡོད་ཀྱང་གཙོ་བོ་རང་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ལ་ཕར་ཕྱིན་དྲུག་གི་སྤྱོད་པ་འཇོག་པ་དང་། སེམས་ཅན་གཞན་སྨིན་པར་བསྡུ་དངོས་འཇོག་པ་མི་འགལ་བ་ཡིན། བསྡུ་བའི་དངོས་པོ་གྲངས་བཞིར་ངེས་པ་དེ་ནི། སྣོད་དུ་རུང་བར་བྱ་བ་དང་གཅིག གདུལ་བྱ་མོས་པར་བྱ་བ་དང་གཉིས། བསྒྲུབ་པར་བྱ་བ་དང་། དེ་མཐར་ཕྱིན་པར་བྱ་བའི་དགོས་པ་རྣམ་པ་བཞིར་བརྟེན་ཏེ་གྲངས་བཞིར་ངེས་པ་དང་། འདིའི་གོ་རིམ་ཡང་། སྦྱིན་དང་། སྙན་སྨྲ། དོན་སྤྱོད། དོན་མཐུན་ཞེས་བཤད་ཀྱང་དོན་གཅིག་ཡིན། དེ་ཡིས་ཚོགས་བསགས་སྒྲིབ་སྦྱོང་གི་གནད་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སེམས་བསྐྱེད་པ་ཙམ་གྱིས་མ་ཚད་པར་སྐྱེས། སྨོན་འཇུག་གི་བསླབ་བྱར་བསླབས་ཏེ་དམན་ལམ་ལས་འཕགས་པའི་བསོད་ནམས་ཀྱི་ཚོགས་ཆེན་དུས་ཐུང་ཐུང་གིས་རྫོགས་པའི་ཐབས་དང་ཤེས་རབ་ཟུང་འབྲེལ་གྱི་སྟོབས་ཀྱིས་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་ཏེ། སྐྱེ་བ་གཅིག་གིས་ཐོགས་པའི་བདེ་བ་ཅན་གྱི་ཞིང་གི་བྱང་ཆུབ་སེམས་དཔའི་རྟེན་དེའི་སྟེང་ནས་རྫོགས་ཏེ་ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས་སྲིད་པ་མཐར་བྱེད་ཐུབ་པས་མི་ཚད་པར་ཞི་བའི་མཐའ་རུ་ཡང་མི་ལྷུང་པ་མཐའ་གཉིས་སྤངས་པའི་བྱང་ཆུབ་དམ་པ་མངོན་དུ་འགྱུར་བར་ཤོག་ཅིག་ཅེས་པའི་དོན་ཡིན། ཤོག་ཅེས་པ་ཅིའི་དོན་ཡིན་ཞེ་ན། སྨོན་པའི་དོན་དེ་རྒྱང་ཞིག་ཏུ་ལུས་མི་འགྲོ་བར་ད་ལྟར་གམ་དུ་ཤོག་ཅེས་པ་ལྟ་བུའི་སྒྲ་དོན་ཡིན།

༼ག༽ རྒྱུ་བཞི་བ་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ།

དེ་ཡན་གྱིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ནང་གི་གསུམ་པ་ཡན་ཆད་བཤད་པ་སོང་སྟེ། ད་ནི་རྩ་བའི་ཆིངས་བཞི་བ་ཡིན་པའི་དབང་དུ་བཏང་ན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལས་ཐ་མ་ལྷག་ཡོད། རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་བ་ནི།

༼ཀ༽ རྩ་བའི་གཞུང་དོན་བཤད་པ།

ཁྱེད་ལ་ཡང་ཡང་གསོལ་བ་བཏབ་པ་དང་། །

མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་མཐུས། །

ངེས་དོན་འོད་དཔག་མེད་པའི་ཞལ་མཐོང་ནས། །

བདེ་ཆེན་ཞིང་ཁམས་རྟག་ཏུ་འཛིན་པར་ཤོག།

ཅེས་སྨྲས་པ་སྟེ། གོང་དུ་རྒྱུ་དང་པོ་རྟེན་སྣོད་ཀྱི་ཞིང་ཁམས་དང་མགོན་པོ་འོད་དཔག་མེད་པའི་སྐུའི་ཆ་བྱད་ལ་སོགས་པ་ཡུལ་དུ་གཙོ་བོར་བྱས་པའི་གསལ་འདེབས་དང་། རྒྱུ་བར་བ་གཉིས་ཀས་ཞིང་དེར་སྐྱེ་བའི་རྒྱུ་ཚོགས་བསྐྲུན་པ་ཡིན་ལ། ཐ་མའི་ཤོ་ལོ་ཀ་འདིའི་ཚིག་རྐང་སྔོན་མ་གསུམ་གྱིས་ཡུལ་ཅན་སྐུ་དང་། ཡེ་ཤེས། མཛད་པ་འཕྲིན་ལས། ཞིང་དེར་ཇི་ལྟར་སྐྱེ་བ་བླངས་ཏེ་མཐར་སངས་རྒྱས་ནས་འགྲོ་དོན་ནམ་མཁའ་དང་མཉམ་པར་རྒྱུན་མི་ཆད་པའི་འབྲས་བུའི་སྐོར་བསྟན་པ་ཡིན། ཐ་མའི་ཚིག་རྐང་གཅིག་པོ་དེས་དོན་བསྡུས་ཏེ་ཡོངས་སུ་གྲུབ་པར་བྱས་ཡོད། དེས་ན་ཚིག་རྐང་དང་པོའི་མགོ་ཡི་ཁྱེད་ཅེས་པའི་ངེས་གཟུང་གི་ཚིག་དེས་ཅི་ཞིག་བསྟན་ཞེ་ན། སྒྲ་དོན་འདྲེས་འཛིན་གྱིས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་གཙོ་བོ་མགོན་པོ་འོད་དཔག་མེད་པའི་སྐུའི་སྣང་བརྙན་ཡིད་དང་མིག་གི་ལམ་དུ་འཆར་བའི་གནས་སྐབས་ན་རྒྱལ་བ་འོད་དཔག་མེད་པའི་ཐུགས་བསྐྱེད་མཛད་པ་རྨད་བྱུང་གི་རྣམ་ཐར་གྱི་སྐྱེས་རབས་ད་ལྟའི་སྐབས་སུ་ཐོས་པར་བྱས་པ་རང་ཤུགས་ཀྱིས་དྲན་ཡོང་པ་སྟེ། དེ་ཡང་སྔོན་བསྐལ་བ་དཔག་མེད་ཀྱི་གོང་རོལ་ནས་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་ནས་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ཐུགས་བསྐྱེད་སྨོན་པའི་དམ་བཅའ་བླངས་པ་ཡིན་ལ། འཁོར་སྒྱུར་རྩིབས་ཀྱི་མུ་ཁྱུད་ཀྱི་སྐྱེ་བ་བཞེས་དུས་ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེས་སངས་རྒྱས་རིན་ཆེན་སྙིང་པོའི་མདུན་ནས་ཞིང་ཁམས་བཟུང་ནས་ཞིང་སྦྱོང་བའི་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་ཡིན་པས་དེའི་སྐབས་སུ་རྒྱལ་པོ་ལྟོས་དང་ཞེས་གསུངས་ཏེ། ནུབ་ཕྱོགས་ཀྱི་འཇིག་རྟེན་བྱེ་བ་ཕྲག་འབུམ་འདས་པའི་ཕ་རོལ་ཞིག་ན་འཇིག་རྟེན་གྱི་ཁམས་དབང་པོ་ལྟར་ཤིན་ཏུ་མཛེས་པ་ཞེས་བྱ་བ་འདུག་པ་དེ་ཉིད་མ་འོངས་བསྐལ་བ་གྲངས་མེད་མང་པོ་འདས་པའི་དུས་ན་བདེ་བ་ཅན་ཞེས་བྱ་བར་གྱུར་ཏེ་དེའི་སྐབས་སུ་ཁྱོད་དེར་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱ་བར་འགྱུར་ཞེས་གསུངས་ཏེ་ལུང་བསྟན་དབུགས་དབྱུང་དེ་ལྟར་གནང་བ་ཡིན། དེའི་རྒྱུ་མཚན་གྱིས་སྨོན་ལམ་བཏབ་པ་མངོན་དུ་གྱུར་ནས་ད་ལྟའི་སྐབས་སུ་འུ་ཚོའི་བསྐལ་བ་བཅུ་ཡིན་ཞིང་། བདེ་བ་ཅན་གྱི་ཞག་མ་བཅུ་སོང་བ་ཡིན། འདི་ནས་བདེ་གཤེགས་རྒྱལ་བ་འོད་དཔག་མེད་དེ་མདུན་མཁར་མངོན་སུམ་བཞུགས་པའི་གསལ་སྣང་ཡིད་ལ་ཤར་རིམ་བཞིན་དུ་དེའི་སློབ་པ་ལམ་གྱི་གནས་སྐབས་ཀྱི་དང་པོ་ཐུགས་བསྐྱེད་པ་ནས་བྱ་དཀའི་སྤྱོད་པ་རླབས་ཆེན་གྱི་ས་ལམ་བགྲོད་ཚུལ་ཡང་ཁྱེད་ཀྱིས་མཛད་པ་ཇི་བཞིན་ཞེས་དུས་རྒྱུན་སྨོན་ལམ་འདེབས་བཞིན་ཡོད་པ་དང་། ཁྱད་པར་བྱང་སྡོམ་ལེན་པའི་སྐབས་སོགས་སུ་ཇི་ལྟར་སྔོན་གྱི་བདེ་གཤེགས་ལ་སོགས་པ་བཏོན་དང་འདོན་བཞིན་པ་ཡིན། ཐོས་བསམ་པས་ས་ལམ་གྱི་མངོན་རྟོགས་དང་སྤངས་རྟོགས་ཀྱི་ཡོན་ཏན་སྐྱེད་ཚུལ་མཁྱེན་བཞིན་པ་ཡིན་ཡང་ཁྱིམ་པ་ཕོ་མོ་ཐོས་པ་སྔོན་སོང་གི་བག་ཆགས་ཅན་ཉུང་བ་ཡིན་པས་འདི་གོ་སོང་ཟེར་རྒྱུ་མེད་ཀྱང་ལམ་ལྔ་ས་བཅུའི་བགྲོད་རིམ་དེ་ཧ་ལམ་གྱིས་རགས་བཤད་ཅིག་བྱས་ན། ས་ལམ་གྱི་ཡོན་ཏན་སྣ་རེ་དང་། གཟུངས་དང་། ཏིང་འཛིན་གྱི་སྒོ་རེ་རེའི་མཚན་ཙམ་ཐོས་ཏེ་དེའི་སྒྲ་ཡི་རྗེས་སུ་ཞུགས་པའི་དད་པ་ཙམ་བྱས་ན་འདུས་ཚོགས་འདི་ལྟ་བུའི་མང་པོས་བྱིན་རླབས་དང་བཅས་པས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་རླབས་ཆེན་སེམས་བསྐྱེད་སྐད་ཅིག་མའི་དགེ་རྒྱུན་འདིས་ཀྱང་འགྱུར་ཐུབ་པ་ཡིན་སྙམ། རྣམ་གྲོལ་ལམ་གྱི་འཇུག་ངོགས་ལ་བརྟེན་ནས་ཐར་བའི་བྱང་ཆུབ་ཏུ་བསྐྱོད་དགོས་པས་ན་ཐོག་མར་ལམ་གྱི་མཚན་ཉིད་ཞོག་ཟེར་ན། རྣམ་པར་གྲོལ་བའི་འཇུག་ངོགས་ལམ་གྱི་མཚན་ཉིད་ཅེས་ཟེར་ཆོག་ལ། དེར་དབྱེ་བ་ཕྱེས་ན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་དང་ལྔ་ཡོད།

༼ཁ༽ འཕྲོས་དོན་ལམ་ལྔའི་རྣམ་བཞག་བཤད་པ།

༼ཀ ཚོགས་ལམ་བཤད་པ།

འདིར་ཉན་ཐོས་དང་ཐེག་ཆེན་གྱི་ལུགས་གཉིས་ཡོད་པ་ལས་སྐབས་འདིར་ཐེག་ཆེན་གྱི་ལུགས་ཀྱིས་བཤད་དགོས་ཤིང་། ཚོགས་ལམ་ལ་རྣམ་གྲོལ་ལམ་གྱི་འཇུག་ངོགས་རྣམ་པར་རྟོག་པ་ལས་འདས་པའི་རྣམ་པར་མི་རྟོག་པ་དོན་སྤྱིའི་ཚུལ་གྱིས་ཐོག་མར་སྒོམ་པ་ཚོགས་ལམ་གྱི་མཚན་ཉིད་ཡིན། འདི་ལ་དབྱེ་ན། ཚོགས་ལམ་ཆུང་། འབྲིང་། ཆེ་གསུམ་ཡོད་པ་དང་། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་ནང་གི་དང་པོ་ཚོགས་ལམ་ཆུང་ངུ་ལ་བསམ་བློ་བཏང་ན། དྲན་པ་ཉེ་བར་བཞག་པ་བཞི་སྟེ། ལུས་དྲན་པ་ཉེར་བཞག ཚོར་བ་དྲན་པ་ཉེར་བཞག སེམས་དྲན་པ་ཉེ་བར་བཞག་པ། ཆོས་དྲན་པ་ཉེ་བར་བཞག་པ་བཞི་བོ་སྒོམ་པ་སྟེ། སྦྱོར་ལམ་ལ་ནམ་འཇུག་མ་ངེས་པ་ཚོགས་ལམ་ཆུང་ངུར་བཞག་པ་ཡིན། གཉིས་པ་ཚོགས་ལམ་འབྲིང་ལ་བསམ་བློ་བཏང་ན། དགེ་བ་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་གོང་ནས་གོང་དུ་སྤེལ་བ། མི་དགེ་བ་སྐྱེས་པ་ཞི་ཞིང་། མ་སྐྱེས་པ་སླར་མི་སྐྱེ་བའི་ཡང་དག་སྤོང་བ་བཞིར་སྒོམ་པ་སྟེ། སྦྱོར་ལམ་ལ་འཇུག་པའི་དུས་ངེས་པ་ཅན་ཡིན། གསུམ་པ་ཚོགས་ལམ་ཆེན་པོ་ནི། འདུན་པ། བརྩོན་འགྲུས། སེམས་པ། དཔྱོད་པ་སྟེ་རྫུ་འཕྲུལ་གྱི་རྐང་པ་བཞིར་སྒོམ་པ་སྟེ། ཚེ་དེ་ཉིད་ཀྱི་ཐོག་ནས་སྦྱོར་ལམ་དྲོད་སྐྱེ་བ་ངེས་པ་ཅན་ཡིན། འདིར་ཚོགས་ལམ་ཞེས་ཅིའི་ཕྱིར་བཏགས་ཤེ་ན། ཚོགས་ཞེས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན་ལ། དེར་གོམས་པ་བསྐྱེད་དེ་ཐར་བ་ཆ་མཐུན་གྱི་ལམ་ལ་འཇུག་པས་ཚོགས་ལམ་ཞེས་གསུངས། ཐར་བ་ཆ་མཐུན་ཞེས་པ་ཅིའི་དོན་ཡིན་ཞེ་ན། ཐར་བ་ནི་འཁོར་བའི་སྡུག་བསྔལ་ལས་ཐར་ཏེ་མྱ་ངན་ལས་འདས་པ་ཡིན་ཞིང་། དེའི་ཆ་དང་མཐུན་པར་ཡིད་ལ་བྱེད་པས་ཐར་བ་ཆ་མཐུན་ཡིན།

༼ཁ སྦྱོར་ལམ།

ལམ་ལྔའི་ནང་གི་གཉིས་པ་སྦྱོར་ལམ་སྟེ། སྦྱོར་ལམ་ནི་རྣམ་གྲོལ་ལམ་གྱི་འཇུག་ངོགས་ཚོགས་ལམ་གྱི་སྒྲུབ་པ་གང་ཡིན་པ་དེ་ཉིད་ཡིན་པས་ན་གོང་ནས་བཤད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་དོན་སྤྱིའི་ཚུལ་གྱིས་སྒོམ་པ་སྦྱོར་ལམ་གྱི་མཚན་ཉིད་ཡིན། འདིར་རྟོགས་ཚུལ་གྱི་སྒོ་ནས་དབྱེ་བར་ཕྱེས་ན་བཞིར་ཕྱེ་རྒྱུ་ཡིན་པ་སྟེ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་སྟེ། དད། བརྩོན། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་དབང་པོ་ལྔ་དང་སྟོབས་ལྔའི་རང་བཞིན་སྒོམ་པ་ཡིན། དྲོད་རྩེ་མོ་གཉིས་ལ་དབང་པོ་ལྔ་སྒོམ་པ་དང་། བཟོད་པ་ཆོས་མཆོག་གཉིས་ལ་སྟོབས་ལྔ་སྒོམ་པ་ཡིན། དང་པོ་དྲོད་ཅེས་པའི་དོན་གང་ཡིན་ཞེ་ན། གཙུབ་ཤིང་གཙུབས་པས་མེ་འབྱུང་བའི་སྔ་ལྟས་སུ་དྲོད་འབྱུང་བ་ལྟར་དུ་མཐོང་ལམ་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་སྔ་ལྟས་སུ་གྱུར་པ་དེ་དྲོད་ཅེས་གསུངས། གཉིས་པ་རྩེ་མོ་ནི། དགེ་རྩ་གཡོ་བ་ཐམས་ཅད་ཀྱི་རྩེ་མོར་གྱུར་པས་ན་རྩེ་མོ་ཡིན། གསུམ་པ་བཟོད་པ་ནི། སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་ཐོབ་པ་དེ་ཡིན་ཞེས་གསུངས། བཞི་བ་ཆོས་མཆོག་སྟེ་ཆོས་མཆོག་ཏུ་གྱུར་པ་ཇི་ལྟར་ཡིན་ཞེ་ན། འཇིག་རྟེན་པའི་ཆོས་ཀྱི་ནང་ནས་མཆོག་ཏུ་གྱུར་པས་ན་ཆོས་མཆོག་ཡིན། འདིས་མཐོང་ལམ་ཟག་མེད་ཀྱི་བདག་རྐྱེན་བྱེད་པ་སྟེ། མཐོང་ལམ་སྐྱེ་བར་དུས་ངེས་པ་ཡོད་མེད་ཀྱིས་སྦྱོར་ལམ་ཆུང་འབྲིང་ཆེན་པོའི་དབྱེ་བ་ཡང་ཡོད། ཐེག་ཆེན་ཐུན་མིན་གྱི་དགོངས་པ་བྱང་ཆུབ་སེམས་དཔའི་སྦྱོར་ལམ་དེ་ཆུ་བོ་ཚ་སྒོ་ཅན་གྱི་མདོའི་དགོངས་པ་ལྟར་དུ་དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན། རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན། བཟོད་པ་དོན་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན། ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བཞེད་པ་ཡིན་ཡང་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཐེག་པ་གསུམ་གྱི་སྦྱོར་ལམ་ལ་ཐབས་ཀྱི་ཁྱད་པར་དང་ངེས་འབྱེད་བཞིའི་རང་རང་གི་དམིགས་པ་གསལ་མི་གསལ་མ་གཏོགས་པར་བདག་མེད་རྟོགས་པ་ལ་ཁྱད་པར་མེད་པར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་བོ་ཞེས་གསུངས་པའི་ཡུམ་རྒྱས་འབྲིང་གི་དགོངས་པ་ལྟར་དུ་བཞེད་ཀྱིན་ཡོད། མཐོང་ལམ་ཆོས་ཀྱི་དབྱིངས་དོན་དམ་པ་མངོན་སུམ་དུ་མཐོང་བ་ལ་སྦྱོར་བར་བྱེད་པས་སྦྱོར་ལམ་ཞེས་གསུངས་པ་ཡིན།

༼ག མཐོང་ལམ།

ལམ་ལྔའི་ནང་ནས་གསུམ་པ་མཐོང་ལམ་ཡིན་ལ། མཐོང་ལམ་དེ་ཇི་ལྟར་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་འཇུག་ངོགས་ལ་གསལ་སྣང་དང་པོར་སྐྱེས་པ་མཐོང་ལམ་གྱི་མཚན་ཉིད་ཡིན། འདིར་ཉན་རང་བྱང་སེམས་ཀྱི་མཐོང་ལམ་གྱི་དབྱེ་བ་ཡོད། མཐོང་སྤང་སྤོང་ཚུལ། མཐོང་ལམ་སྐྱེ་བའི་རྣམ་བཞག་ལ་སོགས་པ་མང་དུ་ཡོད་ཀྱང་བྱང་ཆུབ་སེམས་དཔའི་ས་ལམ་གྱི་རྣམ་བཞག་མཚན་ཙམ་སྨོས་པས་དད་དང་ངེས་ཤེས་ཀྱི་སྨོན་པའི་ཡུལ་ཙམ་བཤད་པའི་སྐབས་ཡིན། དྲན་དང་། ཆོས་རབ་རྣམ་འབྱེད། བརྩོན་འགྲུས། དགའ་བ། ཤིན་སྦྱངས། ཏིང་ངེ་འཛིན་དང་། བཏང་སྙོམས་བདུན་ཏེ། སྡོམ་བྱས་ན། དྲན་དང་ཆོས་རབ་རྣམ་འབྱེད་དང་། །བརྩོན་འགྲུས་དགའ་དང་ཤིན་ཏུ་སྦྱངས། །ཏིང་ངེ་འཛིན་དང་བཏང་སྙོམས་ནི། །བྱང་ཆུབ་ཡན་ལག་བདུན་ཡིན་ནོ། །ཞེས་གསུངས་ལ། འདི་བདུན་པོ་ཟག་པ་མེད་པའི་མཐོང་བའི་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་ཡིན། ཆོས་བཟོད། ཆོས་ཤེས། རྗེས་བཟོད། རྗེས་ཤེས་བཞི་བདེན་བཞི་དང་སྦྱར་བའི་སྐད་ཅིག་བཅུ་དྲུག་གིས་བཤད་ཚུལ་དང་བསྟུན་ནས་ཉོན་སྒྲིབ་ཀུན་བཏགས་ཀྱི་ཆ་ཐམས་ཅད་མཐོང་སྤང་དང་། ལྷན་སྐྱེས་སྒོམ་སྤང་། ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་རགས་པ་མཐོང་སྤང་དང་། ཕྲ་བ་སྒོམ་སྤང་དུ་བཞེད་པ་ཡིན། སྔར་མ་མཐོང་པའི་ཆོས་ཀྱི་དབྱིངས་མཐོང་བས་མཐོང་བ་དང་། ཐར་བའི་འཇུག་ངོགས་ཡིན་པས་ན་ལམ་ཞེས་གསུངས། འདིའི་སྐབས་སུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་དུས་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་ནུས་པ་དང་། སངས་རྒྱས་བརྒྱ་ཡི་ཞལ་མཐོང་བ་ལ་སོགས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་ཅིང་། འཛམ་གླིང་གི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པ་ཡིན། རྟོགས་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པ་ས་ཡིན་ལ་སའི་རྟེན་དུ་ཡང་གྱུར་པ་ལམ་ཡིན་པས་ས་ལམ་འབྲེལ་ནས་བཤད་དགོས། དེས་ན་འཕགས་པའི་ས་བཅུའི་ནང་གི་ས་དང་པོས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གནས་སྐབས་ན་སྔར་དང་མི་འདྲ་བར་དགའ་བ་ཆེན་པོ་དང་ལྡན་པས་ན་རབ་ཏུ་དགའ་བ་ཐོབ་ཅེས་གསུངས་ཡོད།

༼ང སྒོམ་ལམ།

ལམ་ལྔའི་བཞི་བ་སྒོམ་ལམ་ནི། ཏིང་ངེ་འཛིན་ཁྱད་པར་ཅན་གྱི་འཇུག་ངོགས་ལ་གོམས་པར་བྱེད་པ་སྒོམ་ལམ་གྱི་མཚན་ཉིད་ཅེས་དེ་ལྟར་གསུངས་ཡོད། ཡང་དག་ལྟ་དང་རྟོག་པ་དང་། །ངག་དང་ལས་མཐའ་འཚོ་བ་དང་། །རྩོལ་བ་དྲན་པ་ཏིང་ངེ་འཛིན། །འཕགས་ལམ་ཡན་ལག་བརྒྱད་དུ་བརྗོད། །ཅེས་གསུངས་པ་ཡིན་ལ། དེས་ན་ཡང་དག་པའི་ལྟ་བ་དང་ཡང་དག་པའི་འཚོ་བ་ལ་སོགས་པ་འཕགས་ལམ་ཡན་ལག་བརྒྱད་དེ་བསྒོམས་ནས་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས། ཁོང་ཁྲོ་ལ་སོགས་པ་མི་མཐུན་ཕྱོགས་བཅུ་དེ་སེལ་བ་ལ་ལྟོས་ནས་ས་བཅུར་ངེས་པ་ཡིན། སྒོམ་ལམ་ཆུང་འབྲིང་ཆེ་གསུམ་པོ་གསུམ་ཚན་གསུམ་གྱི་དབྱེ་བས་དགུ་ཡོད་ལ། ཆུང་ངུའི་ཆུང་ངུ་ས་གཉིས་པ་དྲི་མ་མེད་པ་ལ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་མཆོག་ཏུ་གྱུར། ཆུང་ངུའི་འབྲིང་ས་གསུམ་པ་འོད་དུ་བྱེད་པ་ལ་བཟོད་པའི་ཕར་ཕྱིན། ཆུང་ངུའི་ཆེན་པོ་ས་བཞི་བ་འོད་འཕྲོ་བ་ལ་བརྩོན་འགྲུས་ཀྱི་ཕར་ཕྱིན་མཆོག་ཏུ་གྱུར་པ་སྟེ་དེ་དག་ཆུང་སྐོར་གསུམ་ཡིན། འབྲིང་གི་ཆུང་ངུ་ས་ལྔ་བ་སྦྱང་དཀའ་བ་ལ་བསམ་གཏན་གྱི་ཕར་ཕྱིན། འབྲིང་གི་འབྲིང་ས་དྲུག་པ་མངོན་དུ་གྱུར་པ་ལ་ཤེས་རབ་ཀྱི་ཕར་ཕྱིན། འབྲིང་གི་ཆེན་པོ་ས་བདུན་པ་རིང་དུ་སོང་བ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་གྱུར་པ་སྟེ་འབྲིང་སྐོར་གསུམ་ཡིན། ཆེན་པོ་སྐོར་གསུམ་གྱི་ཆེན་པོའི་ཆུང་ངུ་ས་བརྒྱད་པ་མི་གཡོ་པ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་གྱུར་བ་ཡིན་ཞིང་། འདི་དག་གི་ཡོན་ཏན་གྱི་ཁྱད་པར་ས་གཉིས་པའི་སྐབས་སུ་འཆལ་བའི་ཚུལ་ཁྲིམས་དང་། རྩོལ་བའི་དྲི་མ་དག་པ། ཡོན་ཏན་སྟོང་ཕྲག་བཅུ་གཉིས་སྐད་ཅིག་ལ་ཐོབ་པ། གླིང་བཞི་ལ་དབང་པའི་འཁོར་ལོས་སྒྱུར་བའི་སྐྱེ་བ་འཛིན་ནུས་པ་དང་། ས་གསུམ་པ་ལ་ཡོན་ཏན་འབུམ་ཕྲག་བཅུ་གཉིས་ལ་སོགས་པའི་འགྱུར་ཁྱད་ཀྱིས་གོང་ནས་གོང་དུ་འཕར་རྒྱུ་ཡིན་པས་ས་བརྒྱད་པ་འདིའི་སྐབས་ཀྱི་ཡོན་ཏན། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། །ཞེས་གསུངས་པ་ཡིན་པས་མི་གཡོ་བའམ་གཡོ་བ་མེད་པའི་རྣམ་པར་མི་རྟོག་པར་མངའ་བརྙེས་པ་ཡིན། སྒོ་གསུམ་གྱི་སྤྱོད་ཡུལ་ཐམས་ཅད་བསམ་གྱིས་མི་ཁྱབ་པར་གྱུར་ཏེ་ཉོན་ཡིད་གནས་གྱུར་ཏེ་རྣམ་པ་མི་རྟོག་པར་དབང་བ་དང་། འཛིན་པ་སྒོ་ལྔའི་རྣམ་ཤེས་གནས་གྱུར་ཏེ་ཞིང་ཁམས་དག་པར་དབང་ཐོབ་པ། དེའི་སྐབས་སུ་ཡེ་ཤེས་ལྔའི་ནང་གི་མཉམ་ཉིད་ཡེ་ཤེས་དང་སོར་རྟོག་ཡེ་ཤེས་ལ་དབང་འབྱོར་ཏེ་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་ཞིང་ཆོས་ཉན་ནས་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོར་གྱུར་པས་མི་ཚད་ཚངས་པའི་གོ་འཕང་འཛིན་ནུས་པ་ཡིན། དེ་ལྟར་ན་སྐབས་དོན་དགེ་སློང་ཆོས་ཀྱི་འབྱུང་གནས་དྲན་པ་དང་། བློ་གྲོས། ཤེས་རབ་དང་། བརྩོན་འགྲུས་རྒྱ་ཆེན་པོ་གཞན་ལས་ཁྱད་པར་དུ་འཕགས་པ་དེ་ཉིད་ཀྱིས་གོང་གི་ཐུན་མོང་དང་ཐུན་མིན་གྱི་ས་ལམ་བགྲོད་པ་ཙམ་གྱིས་མི་ཚད་པར་ལོ་བྱེ་བ་གཅིག་གི་རིང་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཡོན་ཏན་དང་། ཞིང་གི་རྒྱན་བཀོད་ལ་སོགས་པ་གཅིག་ཏུ་བསྡོམས་པའི་ཞིང་ཞིག་གཟུང་བའི་ཐུགས་བསྐྱེད་སྨོན་ལམ་གྱི་ཁྱད་པར་འཕགས་པ་དེའི་ཐོག་ཏུ་ས་བརྒྱད་པ་ཐོབ་པའི་བྱང་སེམས་འཁོར་སྒྱུར་རྩིབས་ཀྱི་མུ་ཁྱུད་ཀྱི་སྐྱེ་བ་བཞེས་སྐབས་སུ་སངས་རྒྱས་རིན་ཆེན་སྙིང་པོའི་མདུན་ནས་སླར་ཡང་ཞིང་ཁམས་གཟུང་བའི་སྨོན་ལམ་བཏབ་སྟེ། དག་པ་ས་གསུམ་བགྲོད་ནས་སྨོན་ལམ་བཏབ་པ་ཇི་བཞིན་དུ་སངས་རྒྱས་ཤིང་སངས་རྒྱས་པས་མ་ཚད་པར་ད་ལྟར་བདེ་བ་ཅན་གྱི་ཞིང་གི་མགོན་དུ་བཞུགས་པ་ཡིན། ས་བརྒྱད་པའི་བྱང་ཆུབ་སེམས་དཔས་སྟོང་ཆེན་འབུམ་ཕྲག་གཅིག་གི་སངས་རྒྱས་ཀྱི་ཞལ་ལྟ་བར་ནུས་པ། སངས་རྒྱས་དེ་སྙེད་ཀྱི་མདུན་ནས་ཞིང་ཁམས་ཁྱད་འཕགས་གཟུང་བའི་སྨོན་ལམ་བཏབ་པ་ཤུགས་བསྟན་གྱིས་གོ་བ་དང་། ས་བརྒྱད་པས་ཚངས་པའི་གོ་འཕང་འཛིན་ནུས་ཀྱང་གླིང་བཞིར་དབང་བའི་འཁོར་སྒྱུར་གྱི་སྐྱེ་བ་བཞེས་པ་འཇིག་རྟེན་འདི་ཉིད་ཀྱི་དབང་དུ་བྱས་ཏེ་གསུངས་པའི་གོ་བ་འབྱེད་ཤེས་དགོས། འཁོར་སྒྱུར་དང་ཚངས་པ་སོགས་ཀྱི་སྐྱེ་བ་བཟུང་ཚད་བྱང་སེམས་ས་བརྒྱད་པ་ལ་གནས་པ་ཡིན་པས་མ་ཁྱབ་ཀྱང་སྐབས་འགར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་དེ་དང་དེར་སྣང་བའི་གོ་བ་ཡིན། དེ་ལྟར་ན་སྒོམ་ལམ་ཆེན་པོའི་འབྲིང་ས་དགུ་བ་ལེགས་པའི་བློ་གྲོས་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། དེ་དུས་ཡིད་ཀྱི་རྣམ་ཤེས་གནས་གྱུར་ནས་ཡོན་ཏན་སོ་སོར་ཡང་དག་རིག་བཞི་ལ་མངའ་བརྙེས། ཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པ་ཡིན། སྟོང་ཆེན་གྲངས་མེད་འབུམ་ཕྲག་བཅུ་ཡི་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པའི་ཁྱད་པར་དང་། ཆེན་པོའི་ཆེན་པོ་ས་བཅུ་བ་ཆོས་ཀྱི་སྤྲིན་ལ་ཡེ་ཤེས་ཀྱི་ཕར་ཕྱིན་རྫོགས། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཟད་པ་མེད་པའི་སྤྲིན་གྱིས་གདུལ་བྱའི་ནམ་མཁར་ཁྱབ་སྟེ་ཆོས་ཀྱི་ཆར་བས་སེམས་ཅན་ཚིམ་པར་བྱེད་པས་ན་བཅུ་བ་ཆོས་ཀྱི་སྤྲིན་ཞེས་གསུངས། མདོ་སྔགས་གང་གི་ལམ་ནས་བཤད་ཀྱང་ས་ལམ་མི་བགྲོད་པར་སངས་རྒྱས་ཟེར་བ་ཞིག་སྲིད་པ་མིན། ས་ལམ་གྱི་ཡོན་ཏན་གཅིག་ཀྱང་མེད་པའི་མཐོང་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བ་ཞིག་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་བཤད་ཡོད་པ་མིན་པས་དེ་ལྟར་ཡོད་པར་བསྟན་ན་དེ་ནི་སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པ་ཞིག་ཡིན་རྟགས་རེད། ས་ལམ་གྱི་བགྲོད་པ་འདི་དག་དོན་དམ་སེམས་བསྐྱེད་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་སྒོམ་པས་ཉེར་ལེན་གྱི་རྒྱུ་བྱས། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་ལམ་ལྔ་འགྲུབ་པ་དང་། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས་ཐབས་སྙིང་རྗེ་ཆེན་པོས་ཉེར་ལེན་གྱི་རྒྱུ་བྱས། ཤེས་རབ་སྟོང་པ་ཉིད་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་ས་བཅུ་ཐོབ་པ་ཡིན། སངས་རྒྱས་པའི་སྐབས་ཡིན་ཡང་ལམ་གྱི་མཐར་ཐུག་ཆོས་སྐུ་དང་སའི་མཐར་ཐུག་གཟུགས་སྐུར་འཇོག་རྒྱུ་ཡིན། གོང་ནས་ཀྱང་བཤད་མོད་ཀྱང་ས་དགུའི་དྲི་མ་སྤོང་བའི་གཉེན་པོའི་ཁྱད་པར་ལ་ལྟོས་ནས་སྦྱོར་དང་། བར་ཆད་མེད་ལམ། རྣམ་གྲོལ་ལམ་དང་། ཁྱད་པར་གྱི་ལམ་ཞེས་གྲངས་བཞིར་ངེས་པ་དང་། སྦྱོར་དང་བར་ཆད་མེད་ལམ་གཉིས་ཀ་སྤོང་བའི་གཉེན་པོ། རྣམ་གྲོལ་ལམ་རྟེན་གྱི་གཉེན་པོ། ཁྱད་པར་གྱི་ལམ་ཐག་སྲིང་བའི་གཉེན་པོ་ཡིན།

༼ཅ མི་སློབ་ལམ།

ཐུན་མིན་ལམ་ལྔའི་ལྔ་བ་མི་སློབ་པའི་ལམ་ཡིན་ལ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི། མངོན་རྟོགས་རྒྱན་ལས། མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་དང་སྟོན་པའོ། །ཞེས་གསུངས་པ་ལྟར་ཡིན་ཞིང་། སྤངས་དང་ཡེ་ཤེས་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་མཚན་ཉིད་ཡིན། མི་གནས་གང་ལ་མི་གནས་པ་ཡིན་ཞེ་ན། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་གསུངས་པ་ལྟར་ཤེས་རབ་ཀྱིས་འཁོར་བ་དང་སྙིང་རྗེས་མྱ་ངན་ལས་འདས་པ་ལ་མི་གནས་པ་ཡིན། འདིར་བྱང་ཆུབ་མཆོག་གི་ཐ་སྙད་ཇི་ལྟར་ཐོབ་པ་ཡིན་ཞེ་ན། སངས་རྒྱས་ཀྱི་ཐུན་མོང་དང་ཐུན་མིན་གྱི་ཡོན་ཏན་འདི་དག་ལྷུན་གྱིས་གྲུབ་པ་དང་། སྟོན་པ་ཞེས་པ་ཉན་ཐོས་ཀྱི་མྱང་འདས་ལྟ་བུ་ཟད་མི་སྐྱེ་ཤེས་པ་ཙམ་མིན་པའི་མྱ་ངན་ལས་འདས་ཀྱང་སེམས་ཅན་གྱི་དོན་རྒྱུན་མི་ཆད་པ་ཡིན། སྤངས་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་མཚན་ཉིད་བཞག་པ་ཡིན་ཞིང་། སྤངས་པ་ཉོན་ཤེས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པ་དང་། ཡེ་ཤེས་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ན་དེ་ལྟར་བཞག་པ་ཡིན། འོ་ན། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པའི་དོན་ཅི་ཞིག་ཡིན་ཞེ་ན། ཕར་ཕྱིན་ཐེག་པའི་སྐབས་སུ་བསྐལ་བ་གྲངས་མེད་མང་པོའི་འཐོབ་པར་བྱ་བའི་སངས་རྒྱས་དེ་ལ་ཉེ་བར་དགོངས་ནས་བཏགས་པ་བར་བྱེད་པའི་སངས་རྒྱས་ས་བཅུ་པ་དང་། བཅུ་གཅིག་ཀུན་ཏུ་འོད་དེ་མཚན་ཉིད་པའི་ས་དང་གཉིས་ཀའི་དབྱེ་བའི་ཐོག་ནས་བཤད་པ་ཡིན། བཅུ་གཅིག་ཀུན་ཏུ་འོད་དེ་སྟོབས་བཅུ་མི་འཇིགས་བཞི་ལ་སོགས་པ་ཟག་མེད་ཀྱི་ཡོན་ཏན་སྡེ་ཚན་ཉེར་གཅིགདེ་ཡང་རྒྱས་པར་བྱས་ཏེ་བཤད་ན། ཟག་མེད་ཀྱི་ཡོན་ཏན་བརྒྱ་དང་ཞེ་བཞི་ལ་མངའ་དབང་འབྱོར་བ་དེ་ཉིད་ཡིན། ཏིང་ངེ་འཛིན་ཐོབ་པའི་ཁྱད་པར་ལ་བསམ་བློ་བཏང་ན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། ཟླ་བ་དྲི་མ་མེད་པའི་ཏིང་ངེ་འཛིན། ནམ་མཁའ་ལྟར་གོས་པ་མེད་པའི་ཏིང་ངེ་འཛིན་ལ་སོགས་པ་ཀུན་མཁྱེན་ཀློང་ཆེན་པས་མང་དུ་གསུངས་ཡོད། ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་བསམ་གྱིས་མི་ཁྱབ་པར་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་ལས་གཞན་གྱིས་བགྲང་བར་མི་ནུས་པ་ཐོབ་པའི་དུས་ཡིན། ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་དེ་གང་ཡིན་ཞེ་ན། དབང་བཅུ་སྟོབས་བཅུ་མི་འཇིགས་རྣམ་པ་བཞི། །མ་འདྲེས་བཅོ་བརྒྱད་བསྲུང་མེད་དྲན་ཉེ་གསུམ། །བསྙེལ་བ་མི་མངའ་བག་ཆགས་ཡང་དག་བཅོམ། །ཐུགས་རྗེ་ཆེ་དང་རྣམ་ཀུན་མཁྱེན་ཉིད་དེ། །ཟག་མེད་སྡེ་ཚན་ཉེར་གཅིག་ཉིད་དུ་འདོད། །ཅེས་སྡོམ་བྱང་དུ་གསུངས་ཡོད། མདོའི་སངས་རྒྱས་དང་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཡོད་མེད་ཀྱི་བཤད་པ་མང་ཡང་མ་རིག་བག་ཆགས་ཀྱི་སའམ་སྔགས་ཀྱི་སྐབས་སུ་སྣང་གསུམ་འཕོ་བའི་བག་ཆགས་ཞེས་གསུངས་པའི་ཤེས་སྒྲིབ་ཤིན་ཏུ་ཕྲ་བ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བཅོམ་པ་དེ་མཐར་ཐུག་སྔགས་ལམ་ནས་བཅོམ་པའམ་མཐར་སྔགས་ལམ་ལ་ཞུགས་ནས་སངས་རྒྱས་ཐོབ་པར་བྱེད་པས་མདོ་རྒྱུད་ཀྱི་གནད་འགལ་མེད་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་བཞེད་གཞུང་མཐར་ཐུག་དགོངས་པ་གཅིག་ཏུ་སྒྲུབ་ཐུབ། མདོ་ལམ་ནས་སངས་རྒྱས་ཐོབ་ཟེར་ཡང་དོན་གཅིག་ཡིན་པ་སྟེ། ཐེག་ཆེན་མདོ་སྔགས་གཉིས་ཀ་ལམ་མྱུར་བུལ་གྱི་ཁྱད་པར་མ་གཏོགས་འབྲས་བུ་གཅིག་ཏུ་གཞོལ་དགོས། སྔགས་ལམ་ནས་མ་གཏོགས་སངས་རྒྱས་མི་ཐོབ་ཟེར་ཡང་དོན་གཅིག་ཡིན་པ་སྟེ། ཡིད་ཤེས་བདེ་མྱུར་དུ་སྐྱོབ་པ་སྔགས་ཀྱི་སྒྲ་དོན་ཡིན་ལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྐད་ཅིག་ལ་བཅོམ་པའི་སྤངས་རྟོགས་ཕུན་ཚོགས་གཞི་ཡེ་དག་ལ་ཡང་དག་གི་རྣམ་པར་འཆར་ཚུལ་ཙམ་ཞིག་ཡིན་ཞིང་། འདི་ལམ་ལྔའི་ནང་གི་ལྔ་བ་འདིའི་གོང་ན་ལམ་གཞན་ལ་སློབ་དུ་མེད་པས་ན་མི་སློབ་པའི་ལམ་ཞེས་ཟེར། མདོར་ན་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ཡིན། འུ་ཅག་གིས་སྐད་ཆའི་གཞིའམ་འཕྲོས་གཞི་དངོས་དེ་གང་ཡིན་ཞེ་ན། ཁྱེད་ལ་ཡང་ཡང་གསོལ་བ་བཏབ་པ་དང་། །ཞེས་པའི་ཁྱེད་ཀྱི་ཐོག་ནས་བཤད་པ་རེད། ཁྱེད་ལ་ཡང་ཡང་གསོལ་བ་བཏབ་པ་དང་ཞེས་པའི་རྩ་བའི་ཚིག་གི་ཁྱེད་ཅེས་པའི་ཚིག་དེའི་ཐོག་ནས་འུ་ཅག་གིས་སྐད་ཆ་མང་པོ་ཞིག་འཕྲོས་པ་ཡིན་ཞིང་། ཁྱེད་ཅེས་པ་བདེ་ཆེན་ཞིང་གི་མགོན་པོ་སྟེ། རྒྱལ་བ་འོད་དཔག་མེད་ལ་གོ་བ་ཡིན། རྒྱལ་བ་འོད་དཔག་མེད་དེའི་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་སོགས་ཀྱི་ཐོག་ནས་བཤད་ཀྱིན་ཡོད་པ་ཡིན། གོང་ནས་བཤད་པ་དེ་ལྟར་ན་ཐབས་དང་ཤེས་རབ་མཐར་ཕྱིན་ནས་ལམ་གྱི་ཡོན་ཏན་རྫོགས་པས་ཁམས་དྲི་བཅས་དེ་བཞིན་ཉིད་ཀྱི་གློ་བུར་སྒྲིབ་བྱེད་དྲི་མ་མཐའ་དག་བྲལ་བ་དེ་ཉིད་ལ་སངས་རྒྱས་ཞེས་ཞུ་བ་ཡིན་ཞིང་། དེ་ཡང་གསལ་བོར་བྱས་ནས་བཤད་ན། སེམས་ཀྱི་ཆོས་ཉིད་འོད་གསལ་བ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ་གློ་བུར་འབྲལ་རུང་གི་དྲི་མ་སྤྲིན་ཚོགས་ལྟ་བུ་མཐའ་དག་དྭངས་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ལྷུན་གྱིས་གྲུབ་པ་མངོན་དུ་གྱུར་པ་ཙམ་ཞིག་ཡིན། ཁྱེད་ལ་ཡང་ཡང་གསོལ་བ་བཏབ་སྟེ་འུ་ཚོས་ཕྱག་འཚལ་གསོལ་འདེབས་བྱེད་སྐབས་ཆོས་སྐུ་འོད་དཔག་མེད་ཅེས་ཟེར་གྱིན་ཡོད་ལ། ཀུན་མཁྱེན་འོད་དཔག་མེད་ཅེས་ཞུ་བཞིན་ཡོད་པ་དང་། འདྲེན་པ་འོད་དཔག་མེད་ཅེས་ཞུ་བ་དང་། མགོན་པོ་འོད་དཔག་མེད་ཅེས་མཚན་རྗོད་ཀྱིན་ཡོད་པ་དང་། སངས་རྒྱས་འོད་དཔག་མེད་ཅེས་རྗོད་སྐབས་ཀྱང་ཡོད་པ་ཡིན། ད་རུང་བདེར་གཤེགས་འོད་དཔག་མེད་ལ་སོགས་པའི་མཚན་གྱི་རྣམ་གྲངས་གང་གི་སྒོ་ནས་ཐུགས་རྒྱུད་བསྐུལ་ཀྱང་འགའ་རེ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ནང་གསལ་སྤྲུལ་གཞིའི་ཆ་ནས་བཤད་པ་དང་། འགའ་རེ་ཕྱི་གསལ་མཁྱེན་པའི་ཡེ་ཤེས་ཀྱི་རྣམ་འཆར་ཤར་བ་ཐུགས་རྗེའི་རྣམ་རོལ་གདུལ་བྱ་སྣང་ཚུལ་གྱི་ཐད་ནས་བཤད་པ་དང་། འགའ་རེ་དག་དང་མ་དག་ཏུ་སྣང་བའི་ཀུན་ཁྱབ་གཟུགས་སྐུའི་རྣམ་རོལ་ཏུ་ཤར་བའི་ཆ་ལ་སོགས་པ་ནས་སོ་སོར་སྨོས་པ་ཙམ་ཞིག་མ་གཏོགས་དོན་ལ་སྐུ་གསུམ་འདུ་འབྲལ་མེད་པ་ཡིན། རང་དོན་དུ་ཆོས་སྐུ་དམ་པ་བརྙེས་དུས་དབྱིངས་གདོད་མའི་ངོ་ན་སྐུ་གསུམ་འདུ་འབྲལ་མེད་པ་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་ལས་གཞན་གྱིས་མ་ཡིན་པ་དེ་ལ་སྐུ་གསུམ་གྱི་ཚང་ཚུལ་ཚིག་གིས་ཕྱོགས་ཙམ་ཞིག་མཚོན་པར་སྦྱར་སྐབས་ཆོས་ཐམས་ཅད་མཚན་མ་མེད་པར་ཐུགས་སུ་ཆུད་པས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རང་གཞིན་རྣམ་དག་མངོན་གྱུར་གྱི་ཆ་དེ་ཆོས་སྐུ་དང་། དེ་གློ་བུར་རྣམ་དག་མཐར་ཐུག་གིས་ཁྱད་པར་དུ་བྱས་པའི་ཤིན་ཏུ་རྣམ་དག་གི་ཡེ་ཤེས་ཀྱིས་དག་པའི་སྣང་བ་རབ་འབྱམས་སུ་གཟིགས་པའི་ཆ་དེ་ལོངས་སྤྱོད་རྫོགས་སྐུ། དེའི་ཡོན་ཏན་གདུལ་བྱ་གཞན་སྣང་ལ་སྐུ་དང་མཛད་པའི་རྣམ་རོལ་དུ་སྟོན་པའི་ཐུགས་རྗེ་དང་ནུས་མཐུའི་ཡེ་ཤེས་ཀྱི་ཆ་དེ་སྤྲུལ་བའི་སྐུ། དེ་གསུམ་པོ་སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པའི་སྐུ་གསུམ་ཡིན། དེའི་ཡེ་ཤེས་རྣམ་པ་གཉིས་དེ་གདུལ་བྱའི་སེམས་དག་པ་དང་སྨོན་ལམ་གྱི་རྐྱེན་གཉིས་ཀ་འཛོམས་པས་གདུལ་བྱ་གཞན་སྣང་གི་གཟུགས་སྐུ་ལོངས་སྤྲུལ་གཉིས་ཀ་དཔེར་བཞག་ན་ཆུ་ཟླའི་གཟུགས་བརྙན་ལྟར་འཆར་བ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་གཙང་མའི་ས་གཞི་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པ་ལྟར་ཡིན། སྔགས་ཀྱི་སྐབས་སུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ཡན་ལ་ད་རུང་བཅུ་གཉིས་མ་ཆགས་པདྨ་ཅན་དང་། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་སོགས་པ་ནས་བཅུ་དྲུག་ཡེ་ཤེས་བླ་མའི་སའི་བར་དུ་བརྩི་རྒྱུ་ཡོད་པ་ཡིན་ལ། བརྩི་རྒྱུ་ཡོད་ཀྱང་དེ་ཡང་སྐུ་གསུམ་གྱི་ལྡོག་པའི་དབྱེ་བ་ཙམ་ལས་གཞན་དུ་མ་གྱུར་པ་ཞིག་ཡིན་ཞིང་། བརྟེན་པ་ཡེ་ཤེས་ཀྱི་ཐད་ནས་ཡིན་ཡང་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་ཆ་ནས་ཡེ་ཤེས་ལྔ་སྟེ། ཆོས་དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོག བྱ་གྲུབ་ཡེ་ཤེས་བཅས་ཡིན། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་དབྱིངས་ནམ་མཁའ་ལྟ་བུའི་རང་བཞིན་ཆོས་དབྱིངས་ཡེ་ཤེས། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས། ང་དང་ང་ཡིར་འཛིན་པའི་དྲི་མ་དང་བྲལ་བ་མཉམ་ཉིད་ཡེ་ཤེས། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་གཏེར་དུ་གྱུར་པ་སོར་རྟོག་ཡེ་ཤེས། རང་གཞན་གྱི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། དེས་ན་ཡེ་ཤེས་ལྔའི་ནང་ནས་སྔ་མ་གཉིས་ཀ་རང་དོན་དང་། ཕྱི་མ་གསུམ་གཞན་དོན་གཙོ་ཆེ་ཞེས་དེ་ལྟ་བུའི་འགྲེལ་ཚུལ་ཡོད། མཛད་པ་ཕྲིན་ལས་ཀྱི་ཐད་ནས་སྤྱིར་རྒྱལ་བའི་མཛད་པ་སེམས་ཅན་གྱི་དོན་ཡིན་པ་དང་། དེ་ཡང་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པ་ཡིན་ལ། འདི་དབྱེ་བ་གསུམ་གྱི་ཁོངས་སུ་བསྡུས་ན། གདུལ་བར་བྱ་བའི་སེམས་ཅན་འདི་ཐམས་ཅད་ལམ་གྱི་རྟེན་ལ་འགོད་པ་དང་གཅིག ལམ་ལ་འགོད་པ་དང་གཉིས། འབྲས་བུ་ལ་འགོད་པ་གསུམ་གྱི་ནང་དུ་བསྡུས་ཏེ་བཤད་ཐུབ་པ་ཡིན། དེས་ན་ལམ་གྱི་རྟེན་ལ་འགོད་པ་ཞེས་པའི་དོན་གང་ཡིན་ཞེ་ན། ངན་སོང་དུ་སྐྱེས་པའི་སེམས་ཅན་གྱི་རྒྱུད་སྦྱངས་ཏེ་མངོན་མཐོ་ལྷ་མིའི་ལུས་རྟེན་ཁྱད་པར་ཅན་ཡང་དག་པའི་ཆོས་ཀྱི་སྣོད་དུ་རུང་བ་ལ་འགོད་པ་ལམ་གྱི་རྟེན་ལ་འགོད་པ་དང་། གཉིས་པ་ལམ་ལ་འགོད་པ་ནི་རིགས་ཅན་གདུལ་བྱ་རང་སྐལ་དང་མཐུན་པའི་ཐེག་གསུམ་གྱི་ལམ་ལ་འགོད་པ་དང་། གསུམ་པ་འབྲས་བུ་ལ་འགོད་པ་ནི་ལམ་དེ་དག་གི་འབྲས་བུ་མི་གནས་པའི་མྱང་གནས་བྱང་ཆུབ་ཆེན་པོར་འགོད་པ་འབྲས་བུ་ལ་འགོད་པ་ཡིན། ཕྲིན་ལས་དེ་ལྟ་བུ་དག་ཀྱང་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་དང་། བྱེད་པོ་ཡུལ་ཅན་ལ་ཡོད་པའི་ཕྲིན་ལས་གཉིས་ཀྱི་དབྱེ་བ་ཕྱེ་རྒྱུ་ཡོད། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་དེ་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་དང་། བྱེད་པོ་ཡུལ་ཅན་ལ་ཡོད་པའི་ཕྲིན་ལས་དེ་ལྟར་མཛད་པའི་ཐབས་སམ་ནུས་པ་སངས་རྒྱས་ཉིད་ཀྱི་ཐུགས་རྒྱུད་ཀྱིས་བསྡུས་པ་ཞིག་ཡིན། སངས་རྒྱས་ཆོས་ཀྱི་སྐུ་དེ་ལས་གཟུགས་སྐུའི་རྣམ་རོལ་མཐའ་ཀླས་པ་ནམ་མཁའི་གར་ཁྱབ་ཏུ་ཞིང་དང་། གདུལ་བྱ། འདུལ་བྱེད་ཀྱིས་ཁྱབ་ཅིང་ངོ་བོ་གཅིག་ལས་མ་གཡོས་པ་དེ་ཉིད་ནི། རྒྱལ་བ་གཅིག་བསྒྲུབ་ཐམས་ཅད་མ་བསྒྲུབས་འགྲུབ། །ཅེས་གསུངས་པ་ཡིན་པས་རྒྱལ་བ་འོད་དཔག་མེད་གཅིག་ལ་སྐྱབས་གནས་ཐམས་ཅད་འདུས་པར་མ་ཟད་འདྲེན་པ་འོད་དཔག་མེད་པ་ནི་རྒྱལ་བ་ཀུན་ལས་ཀྱང་ཐུགས་བསྐྱེད་མཛད་པ་རྨད་དུ་བྱུང་བ་ཡིན་པས་གདུལ་བྱའི་རྒྱུད་རྣམ་པར་གྲོལ་བ་ཅན་ཞིག་མིན་ཡང་ཆོས་སྤངས་དང་མཚམས་མེད་བསགས་པ་ཅན་མིན་ན་བདེ་བ་ཅན་དུ་འདྲེན་པར་མཛད་པ་སྟེ། ཉིན་ལན་གསུམ། མཚན་ལན་གསུམ། ཉིན་མཚན་དུས་དྲུག་ཏུ་སེམས་ཅན་ཀུན་ལ་བརྩེ་བ་ཆེན་པོས་གཟིགས་ཏེ་མ་བྱམས་བུ་ལ་འཁྲི་བ་ལྟར་སེམས་ཅན་སུ་ཞིག་དར་འདུག སུ་ཞིག་རྒུད་འདུག སུ་ཇི་ལྟར་བྱས་ཏེ་བདེ་བ་ལ་འགོད་པའི་ཐབས་ཚུལ་ལ་དགོངས་ཏེ་གདུལ་བྱ་དེའི་རྒྱུད་དང་། ལས་དང་། ལས་ཀྱི་མཐའ་རྣམ་སྨིན་དང་བཅས་པ་ཇི་ལྟར་ཨ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་ཐམས་ཅད་གཟིགས་བཞིན་ཡོད། དེ་ལྟར་གཟིགས་ཏེ་ཆོས་སྐུ་རྒྱལ་བ་ཐམས་ཅད་ཀྱི་སྤྲུལ་གཞི་ལས་གཟུགས་སྐུ་སྣང་བ་མཐའ་ཡས་རིགས་རྣམས་ཀུན་གྱི་བདག་པོར་བཞེངས་ཏེ། ཕྱག་གཡས་པའི་ཐབས་ཀྱི་འོད་ཟེར་དཀར་པོ་དེ་ལས་འཕགས་པ་སྤྱན་རས་གཟིགས་སུ་སྤྲུལ་ཏེ་དེའི་ཡང་སྤྲུལ་སྤྱན་རས་གཟིགས་དབང་མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་དབང་དུ་བྱས་པའི་བྱེ་བ་ཕྲག་བརྒྱ། དེས་ཀྱང་མི་ཚད་པར་མཐའ་ཡས་འཇིག་རྟེན་གྱི་ཁམས་ཡོད་ཚད་པོར་ཁྱབ་པ་དང་། དེ་དག་རེ་རེས་ཀྱང་གང་འདུལ་དེར་སྟོན་གྱིས་སེམས་ཅན་ལ་ཕན་བདེ་སྦྱིན་པ་ཡིན། ཕྱག་གཡོན་པའི་ཤེས་རབ་ཀྱི་འོད་ཟེར་ལྗང་གུ་སྟེ་སྣ་ཚོགས་མདོག་ཅན་ལས་འོད་ཟེར་འཕྲོས་ཏེ། རྗེ་བཙུན་འཕགས་མ་སྒྲོལ་མར་སྤྲུལ། དེའི་ཡང་སྤྲུལ་དང་། ཉིང་སྤྲུལ་ལ་སོགས་པ་གང་འདུལ་གྱི་སྤྲུལ་བ་སྣ་ཚོགས་སྤྲོས་ཏེ་སེམས་ཅན་གྱི་འཇིགས་པ་ཐམས་ཅད་སྐྱོབ། འདོད་དགུ་ཐམས་ཅད་སྐོང་བ་ཡིན། ཐུགས་ལས་ཐབས་ཤེས་ཟུང་འབྲེལ་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ནུས་པ་ཐམས་ཅད་གཅིག་ཏུ་བསྡུས་པའི་འོད་ཟེར་ཁ་དོག་ལྔ་ལྡན་ཞིག་འཕྲོས་ནས། སློབ་དཔོན་པདྨ་འབྱུང་གནས་སུ་སྤྲུལ། དེས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཨུ་རྒྱན་པད་འབྱུང་བྱེ་བ་ཕྲག་བརྒྱའམ་དེ་ལས་ཀྱང་མང་བའི་སེམས་ཅན་མཐའ་ཡས་ནམ་མཁས་གར་ཁྱབ་ཐམས་ཅད་ལ་པདྨ་འབྱུང་གནས་ནམ་མཁས་གར་ཁྱབ་ཏུ་སྤྲུལ་ཞིང་སྣང་བར་མཛད་པ་དང་། དེ་དག་གིས་ཀྱང་ཡང་སྤྲུལ་སྣ་ཚོགས་སྔར་བྱོན་ཕྱིས་མི་འབྱོན་པ་མིན་པར་གུ་རུ་ཉིད་ཀྱིས་གསུངས་པ་ལྟར་ཡིན་ཞིང་། ཁྱད་པར་དུ་བོད་ཡུལ་འདི་ན་དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ་བཞུགས་པ་བསླུ་མེད་རྡོ་རྗེའི་བཀའ་ལུང་ཡིན་ལ། དེ་ལྟ་བུའི་མགོན་པོ་འོད་དཔག་མེད་རྒྱལ་ཀུན་འདུས་པའི་རང་གཟུགས་ཁྱེད་ལ་གསོལ་བ་ཐེངས་གཅིག་མིན་པར་ཡང་ཡང་བཏབ་པའི་མཐུ་དང་། མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་ཞེས་པ་སྟེ། སྤྱིར་ན་སྐུ་དང་། ཞིང་ཁམས། འཁོར་དང་། མཛད་པ། ཡེ་ཤེས། ཡོན་ཏན། འཕྲིན་ལས་དང་བཅས་པ་ཐམས་ཅད་ཡིད་ལ་བྱས་པའི་མཐུ་དང་། ཁྱད་པར་དུ་ད་རེས་འུ་ཅག་གིས་མདོ་སྔགས་ཟུང་དུ་འབྲེལ་བའི་དཀྱིལ་འཁོར་གྱི་ཆོ་ག་ཞིག་ཞལ་ཕྱེས་པ་ཡིན་ལ། དེའི་དཀྱིལ་འཁོར་གྱི་ཆོ་ག་དེ་ལ་བརྟེན་ཏེ་མཚན་མ་དང་བཅས་པའི་ལྷའི་སྐུ། སྟོང་ཉིད་ཡི་གེའི་སྒྲ་གཟུགས། ཕྱག་རྒྱ་མཚན་མ་དང་བཅས་པའི་སྟོང་པའི་གདངས་ལས་ཤར་བའི་སྔགས་ཕྱི་ནང་གི་བསྐྱེད་རིམ་གོང་མཐུན་པར་བྱས་ཏེ། མཚན་མེད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དོན་དམ་ལྷའི་ཕྱག་རྒྱར་ཤར་བའི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དེའི་ངང་ལས། གཟུགས་སྐུ་གཉིས་ཀྱི་སྒྲུབ་བྱེད་ལྷ་ཡི་རྣལ་འབྱོར་དང་། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར། ལྷ་ཡི་ཐུགས་རྒྱུད་བསྐུལ་བ་བཟླས་པའི་རྣལ་འབྱོར། རྣལ་འབྱོར་དང་པོ་གཉིས་བརྟན་པར་བྱེད་པ་རླུང་གི་རྣལ་འབྱོར་དང་། ཆོས་བརྒྱུད་འདིའི་དབང་དུ་བྱས་པའི་གསུང་པདྨའི་རིགས་ཅན་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི་ལྟ་དགོངས་ཏིང་འཛིན་དང་ཡང་འབྲེལ་བར་བྱས་ཏེ། ཏིང་འཛིན་ཁྱད་པར་ཅན་གྱི་སྒོམ་སྒྲུབ་བྱས་པའི་མཐུ་དེས་ངེས་དོན་འོད་དཔག་མེད་པའི་ཞལ་ཇི་ལྟར་མཐོང་བ་ནི། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་གྲུབ་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་ཡང་དག་གྲུབ་པའི་ལུང་ལས་གསུངས་པ་ལྟར་འོད་དཔག་མེད་ཕྱི་ན་མི་བཞུགས་ནང་ན་བཞུགས། ནང་རང་སེམས་གློ་བུར་གྱི་དྲི་མ་དབྱིངས་སུ་དྭངས་དུས་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ངེས་དོན་འོད་དཔག་མེད་པའི་རང་ཞལ་དེ་ཡིན། རང་དང་སྐད་ཅིག་དང་འབྲལ་མ་མྱོང་བའི་ཆོས་ཉིད་དེའི་ངང་ལ་རེ་དོགས་བྲལ་བའི་བློ་བཞག་ན་སངས་རྒྱས་འོད་དཔག་མེད་པའི་ཞལ་ད་ལྟ་ནས་མཇལ་བས་མི་ཚད་སྣང་བ་དག་ན་བདེ་བ་ཅན་གྱི་ཞིང་དང་གཞལ་ཡས་ཁང་རང་གྲུབ་ཏུ་ཡོད། དེ་ལྟ་བུའི་ངེས་ཤེས་ནང་ནས་མ་སྐྱེས། རང་སེམས་ཆོས་སྐུའི་རང་ཞལ་ནང་ནས་མ་མཇལ་ནས། གཅིག་ན་བདེ་བ་ཅན་ཕྱིའི་ཐག་རིང་ཞིག་ན་ཡོད་པར་བསམ་པ་དང་། གཉིས་ན་ལར་ངོ་མས་བཤད་ན་དེ་ལྟར་བདེ་སྐྱིད་ལྡན་པའི་ཞིང་ཁམས་ཤིག་ཏུ་སྐྱེ་འགྲོ་ས་ཞིག་ཨེ་ཡོད་བསམ་པའི་ཐེ་ཚོམ་གྱིས་བདེ་བ་ཅན་དུ་སྐྱེས་ཀྱང་རྫུས་ཏེ་སྐྱེས་པའི་མེ་ཏོག་པདྨ་ཁ་མི་བྱེ་བར་ཡུན་རིང་སངས་རྒྱས་ཀྱི་ཞལ་མི་མཇལ་ཞེས་གསུངས་པ་ལྟར་ངོ་མས་པདྨའི་སྦུབས་སུ་ཡུན་རིང་དུ་ལུས་པ་ལོས་ཡིན་ཡང་གཙོ་བོའི་ཆ་ནས་ལྟ་བ་དམན་པའི་གོལ་སྒྲིབ་དང་ཐེ་ཚོམ་ཤོར་བའི་ནོར་སྒྲིབ་གཉིས་ཀས་བདེན་པ་མ་མཐོང་བ་ལ་གོ་དགོས་སྙམ། དེའི་ཤེས་བྱེད་རྒྱུ་བཞི་ལས་དམིགས་ཀྱིས་བཀར་བ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསུངས་པ་དེས་ཁྱད་པར་དུ་ཕྱེས་པ་ཡིན། དེའི་ཐོག་ཏུ་སྔགས་ཀྱི་བསྐྱེད་རྫོགས་ཟབ་མོ་བཅུ་དང་། ཡང་སྒོས་རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་པོ་རྫོགས་ཆེན་ལྟ་བའི་གདེང་དང་ལྡན་ན་ངེས་དོན་འོད་དཔག་མེད་པའི་རང་ཞལ་ནང་ནས་མཇལ་བར་ཐེ་ཚོམ་མི་དགོས། རྒྱུའི་ཐེག་པས་ཚོགས་གཉིས་སྐུ་གཉིས་ཀྱི་སྐྱེད་བྱེད་ཀྱི་རྒྱུར་ཁས་ལེན་པ་སྟེ། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་གསུངས་པ་ལྟ་བུ་ཡིན་ལ། གསང་སྔགས་ཀྱི་སྐབས་ནས་སྐུ་གཉིས་ཀྱི་སྒྲིབ་བྱེད་སེལ་བ་ལ་ཚོགས་གཉིས་ཐབས་དང་ཤེས་རབ་ཟབ་མོས་ཉམས་སུ་ལེན་པ་རྐྱེན་དུ་ཁས་ལེན་པ་ཡིན། རྒྱུ་རྐྱེན་གང་གིས་བཤད་ཀྱང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་སྒྲུབ་པ་ཡིན་པའི་ཕྱིར་ན་གཉིས་ཀ་དོན་མཐུན། བཀའ་ཐ་མའི་སྐབས་སུ་ཁམས་རང་བཞིན་གྱིས་དག་པའི་ཡོན་ཏན་ཡེ་ལྡན་དུ་བཤད་པ་ཡིན་ལ། ལམ་ཉམས་སུ་ལེན་དུས་ཡོན་ཏན་སྐྱེ་བ་ལྟར་སྣང་བ་ཞིག་ཏུ་ཁས་ལེན་ཡང་སྔགས་ཀྱི་སྐབས་སུ་རང་བཞིན་གཞི་ཡི་དཀྱིལ་འཁོར་འགྲོ་བ་ཐམས་ཅད་ལ་གནས་པ་དང་གཉིས་ཀ་གཞི་རྩ་བ་གཅིག་ལ་ཁྱད་པར་མི་འདུག་སྙམ་པ་ཞིག་ཡིན། ལམ་ཐབས་ཤེས་ཚོགས་གཉིས་ཟུང་འཇུག་ལ་གཅིག་པ་དང་། འབྲས་བུ་ཆོས་གཟུགས་ཀྱི་སྐུ་རྣམ་པ་གཉིས་ལ་ཡང་གཅིག་པས་མདོ་སྔགས་ཕྱི་ནང་གི་བཤད་པ་ལྟོ་སྦྱར་ན་གོང་འོག་མི་འགྲིག་པ་མེད། ད་ནི་ཐམས་ཅད་ཀྱི་དོན་བསྡུ་བ་ནི། བདེ་ཆེན་ཞིང་ཁམས་རྟག་ཏུ་འཛིན་པར་ཤོག། ཅེས་པའི་ཐམས་ཅད་ཀྱི་རྗེས་མའི་ཤོ་ལོ་ཀའི་ནང་གི་ཚིག་རྗེས་མ་འདིས་དོན་བསྡུས་པ་ཡིན། བདེ་བ་ཅན་གྱི་ཞིང་ཁམས་ཀྱི་རྟེན་དང་བརྟེན་པའི་བཀོད་པ་དང་ཡོན་ཏན། གོང་ནས་བཤད་པ་ལྟར་བདེ་སྐྱིད་ཕུན་སུམ་ཚོགས་པ་མི་བདེ་མི་སྐྱིད་པའི་སྒྲ་ཙམ་ཡང་མ་དགོས་མིང་ཐོས་རྒྱུ་མེད་པར་བཤད་ཡོང་སྐབས་དག་པའི་ཞིང་གི་འདོད་པའི་ཡོན་ཏན་ལ་ཆགས་ཏེ་དེར་ཡིད་གདུང་བ་གཅིག་པུས་དེར་སྐྱེ་བར་ཤོག་ཅེས་སྨོན་ལམ་འདེབས་རུང་བ་མ་ཡིན་ཞིང་། རང་འདོད་ཆགས་ཞེན་དང་འབྲེལ་བའི་མ་དག་པའི་སེམས་ཀྱིས་སྨོན་ལམ་བཏབ་ཀྱང་སངས་རྒྱས་ཀྱི་ཞིང་ཁམས་མ་དག་རྙོག་པ་བྲལ་བ་དེ་ལྟ་བུ་ཞིག་ཏུ་སྐྱེ་དཀའ་བ་ཡིན་ལ། ཡང་རང་རྒྱུད་ཀྱི་སྒྲིབ་པ་གང་འཚམས་དག་དུས་བདེ་བ་ཅན་དུ་ཇི་ལྟར་བྱས་ན་ཡང་སྐྱེ་བ་དང་། བདེ་བ་ཅན་མིན་ཡང་དག་པའི་ཞིང་གཞན་དུ་ལོས་སྐྱེ་སྙམ་ཡང་འདི་ཞིང་གཞན་དང་འདྲ་བ་མ་ཡིན། སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་ཡིན་ཡང་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་པར་བྱས། བྱང་ཆུབ་ཀྱི་སེམས་བསྐྱེད། ཁྱད་པར་དུ་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་དང་མ་འབྲལ་བར་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་དུ་ཆུག་དང་ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ་བདེ་བ་ཅན་དེར་སྐྱེ་བ་ཐེ་ཚོམ་མི་དགོས་ཞེས་གསུངས་པ་ཡིན་ལ། འདི་དྲང་དོན་དགོངས་དང་ལྡེམ་དགོངས་ཀྱིས་གསུངས་པའི་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་ཅན་དེ་ལྟ་བུས་གསུངས་པ་མིན་པར་ངེས་དོན་བསླུ་བ་མེད་པ་སྒྲ་ཇི་བཞིན་དུ་འཛིན་པ་མདོ་དང་བསྟན་བཅོས་མང་པོ་ལས་ལན་གཅིག་མིན་པར་གསུངས་པ་ལ་ཡིད་ཆེས་ངེས་ཤེས་བྱེད་ཆོག དེས་ན་རྟེན་དང་བརྟེན་པའི་ཞིང་ཁམས་ཡིད་ལ་བྱེད་དུས་དང་། རང་ནུས་གང་ཡོད་ཀྱིས་ཚོགས་བསགས་སྒྲིབ་སྦྱོང་ལ་བརྩོན་སྐབས་ལ་སོགས་པ་ལ་གནད་ཀྱི་སྙིང་པོ་ངོ་མ་གང་ཡིན་ན། དད་པ་དང་དག་སྣང་གི་རྩ་བ་བརྟན་པ་གལ་ཆེ་བ་ཡིན། གནའ་རྒད་པོ་ཞིག་གིས་འོད་དཔག་མེད་ཀྱི་སྐུ་མདོག་སྔོན་པོ་ཡིན་བསམས་ནས་དེ་བསྒོམས་ཏེ་དེར་དད་པའི་མོས་ཕྱག་རྒྱང་ནས་འཚལ་བ་དང་། གསོལ་འདེབས་སྨོན་ལམ་བྱས་པའི་རྐྱེན་གྱིས་ཤི་དུས་འོད་དཔག་མེད་སྐུ་མདོག་སྔོན་པོ་ཅན་ཞིག་གིས་ལམ་སྟོན་ལམ་སྣ་དྲངས་སོང་བ་བླ་མ་མངོན་མཁྱེན་ཅན་ཞིག་གིས་གཟིགས་རབས་གསུངས་པ་ལྟ་བུ་ཡིན། བདེ་བ་ཅན་དུ་སྐྱེ་སླ་བ་དེ་སངས་རྒྱས་འོད་དཔག་མེད་ཀྱིས་སློབ་པ་ལམ་གྱི་གནས་སྐབས་ན་གཞན་དང་མ་འདྲ་བའི་ཚོགས་ཤིག་བསགས། གཅིག་དང་མ་འདྲ་བའི་ཞིང་ཞིག་བཟུང་། སྨོན་ལམ་ཁྱད་པར་ཅན་བཏབ་པའི་འབྲས་བུ་ལ་ས་མ་ཐོབ། བདེན་པ་མ་མཐོང་ཡང་དད་པ་མོས་པ་གཙོ་བོར་བྱས་པའི་འུ་ཚོ་དུས་ཐ་མའི་སྙིགས་མ་རྩོད་ལྡན་གྱི་མི་ཚེ་ཐུང་། ནད་མང་། ཅོལ་ཆུང་། བློ་སྣ་ཐུང་ཐུང་ཅན་གྱིས་ཀྱང་བསྒྲུབས་ན་འགྲུབ་ཐུབ་པའི་ཞིང་ཁམས་དེ་གྲུབ་པ་ཡིན། སངས་རྒྱས་འོད་དཔག་མེད་སངས་མ་རྒྱས་པའི་སྔ་རོལ་ན་ཁོང་གི་ཞིང་ཁམས་དེར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཡོན་ཏན་བཀོད་པ་ཐམས་ཅད་གཅིག་ཏུ་བསྡོམས་པས་མི་ཚད་ཞིང་དེར་སོ་སོ་སྐྱེ་བོ་སྐྱེ་ཐུབ་པ་ཞིག་མ་གྱུར་བར་དུ་ཁོང་འཚང་མི་རྒྱ་བར་ཤོག་ཅེས་གསུངས་ཏེ་སྨོན་ལམ་དང་དམ་བཅའ་ཤུགས་དྲག་མཛད་པའི་སྟོབས་ཀྱིས་རང་རེར་མཚོན་ན་ལས་དང་སྐལ་བ་དང་བསོད་ནམས་མ་དམན་པས་ཆོས་འདི་དང་འཕྲད་པ་ཡིན། རྐྱེན་སྨོན་ལམ་གྱིས་མཚམས་སྦྱར་ཏེ་བདེ་ཆེན་ཞིང་ཁམས་རྟག་ཏུ་འཛིན་པར་ཤོག་ཅེས་པའི་རྟག་ཏུ་ཞེས་པ་འདི་ལ་གོ་དོན་གཉིས་འདུག ད་ལྟར་ལམ་གྱི་སྐབས་སུ་རྟག་ཏུ་ཡེངས་པ་མེད་པར་རྒྱུ་བཞི་བསྒྲུབས་པ་ལ་བརྟེན་ཏེ་མཐའ་འབྲས་བྱང་ཆུབ་ཆེན་པོ་མངོན་དུ་བྱས་ནས་བདེ་བ་ཅན་གྱི་ཞིང་དེའི་འདྲེན་པར་གྱུར་ཏེ་རྟག་ཏུ་ཞིང་དེ་འཛིན་ནས་མཐའ་ཡས་སེམས་ཅན་གྱི་དོན་བྱེད་པའི་གོ་དོན་ཅན་ཞིག་ཡིན། འབྲས་བུ་གང་ཞིག་འགྲུབ་པར་བྱེད་པ་ལ་དེ་དང་འདྲ་བའམ་འབྲེལ་བའི་རྒྱུ་རྐྱེན་ཞིག་ཚོགས་དགོས། དེ་དགོས་ན་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ལོ་བྱེ་བ་མང་པོར་དང་པོ་ཞིང་ཁམས་བྱེ་བ་བརྒྱ་སྟོང་གི་ཡོན་ཏན་བདེ་བར་གཤེགས་པ་མང་པོའི་མདུན་ནས་ཐོས་པས་གསན། གསན་དོན་ཡིད་ལ་བྱས་པས་བསམས། བསམས་དོན་སྨོན་པས་འགྲུབ་པའི་ཆེད་དུ་སེམས་ཅན་རྒྱ་མཚོ་ལྟ་བུའི་དོན་དུ་སངས་རྒྱས་རྒྱ་མཚོ་ལྟ་བུར་མཆོད། ཚོགས་གཉིས་རླབས་ཆེན་གྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་བསགས་པའི་མཐར་ཞིང་ཁམས་གཅིག་དང་མི་འདྲ་བའི་ཁྱད་འཕགས་དེ་གྲུབ་པ་ཡིན་ཞིང། འུ་ཅག་གིས་བསྐལ་བ་གྲངས་མེད་ཀྱི་མཐར་ལྟ་བའི་བྱ་དཀའ་སྤྱོད་པ་གཅིག་ཀྱང་མི་དགོས་པའི་ཕ་ཁྱིམ་བུ་འགྲོ་བྱེད་པ་དེ་ཉིད་འདུན་པ་ཞིག་དེའི་ཕྱོགས་སུ་གཏད་དེ་སྨོན་ལམ་གྱིས་མཚམས་སྦྱར་ཙམ་ཞིག་ལོས་དགོས། དེས་ན་ད་ལྟའི་གནས་སྐབས་ན་སོང་ན། བསྡད་ན། ཟོས་ན། འཐུང་ན། ཉལ་ན། ལངས་ན། གཏམ་བཤད་ན། ལས་ཀ་ལས་ན་འདྲ། གཉིད་ཐུན་གཅིག་གི་ཞབས་ཚུན་ཆད་དུ་ཞིང་ཁམས་བདེ་བ་ཅན་དང་མགོན་པོ་འོད་དཔག་མེད་ཡིད་ལ་བྱེད་པ་དང་འབྲལ་མི་རུང་། ཕྱི་མར་བདེ་བ་ཅན་གྱི་ཞིང་ཁམས་རྟག་ཏུ་འཛིན་པ་ལ་ད་ལྟ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་རྟག་ཏུ་བསྒྲུབ་དགོས། ད་ལྟའི་སྐབས་འདིར་ཉོན་མོངས་ཤུགས་དྲག་གི་དབང་དུ་མངགས། དོན་ཆུང་། དོན་མེད། དོན་ལོག་གི་བྱ་བ་ཞིག་བསྒྲུབ་བྱའི་གཙོ་བོར་བཟུང་དུས་བདེ་སྨོན་རེ་འདོན་རྒྱུ་དང་། ཚོགས་བསགས་མཆོད་འབུལ་རེ་བྱེད་རྒྱུ་ཡང་གནད་ཆུང་། མཚམས་རེ་མ་གཏོགས་མི་དྲན་པར་གྱུར་དུས་ལས་བསགས་སྟོབས་གང་གིས་ཆེ་ན་དེ་སྔོན་ལ་སྨིན་པ་ཡིན། དེ་རྒྱུ་འབྲས་ཉིད་ཀྱི་འགྲོ་སྟབས་ཡིན་ལ། འུ་ཅག་གིས་དེང་སང་གི་སྐད་ཆའི་འགྲོས་དང་བསྟུན་ནས་བརྒྱ་ཆའི་བསྡུར་ཚད་ལ་འཕངས་ན། དམྱལ་བ། ཡི་དྭགས། དུད་འགྲོ་སོགས་སུ་སྐྱེ་བྱེད་ཀྱི་རྒྱུ་དེ་བརྒྱ་ཆའི་དགུ་བཅུ་ནང་ཞིག་བཟུང་ནས་ཡོད་པ་དང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིས་བརྒྱ་ཆའི་རྡོག་མོ་ཁ་ཤས་སམ་ཉུང་ཉུང་མ་གཏོགས་ཟིན་མེད་ན་རྒྱུ་དེ་དང་འདྲ་བའི་འབྲས་བུ་ཞིག་མི་མྱོང་པར་སངས་རྒྱས་འོད་དཔག་མེད་ཀྱིས་ཀྱང་རྒྱུ་མེད་རྐྱེན་མེད་དུ་བདེ་བ་ཅན་དུ་ཁྲིད་ཐབས་མ་ཡོད་ནས་འཁོར་བའི་སེམས་ཅན་གྱིས་ད་རུང་སྡུག་བསྔལ་མྱོང་བཞིན་ཡོད་པ་འདི་ཡིན། དེས་ན་ཁྱིམ་ན་གནས་པའི་སྐྱེ་བོ་ཕོ་མོས་ལས་ཀ་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་སྒོ་གསུམ་པོ་ཆོས་ཕྱོགས་ཀྱི་བྱ་བ་འབའ་ཞིག་ལ་ཞུགས་ཟེར་ན་ག་ལ་ཡིན། འོན་ཀྱང་སེམས་རྣམ་དག་དད་པ་དང་སྙིང་རྗེའི་ངང་ནས་རྟག་ཏུ་བདེ་བ་ཅན་གྱི་ཞིང་ཁམས་མི་བརྗེད་པ་ཞིག་གྱུར་ན་ཚེ་འདིར་རྟག་ཏུ་བདེ་ཆེན་ཞིང་ཁམས་འཛིན་པ་དང་མ་འབྲལ་དུས་ཚེ་འདི་འཕོས་ནས་ལུས་འདི་བརྗེས་མ་ཐག་ཏུ་རྟག་ཏུ་ཞིང་ཁམས་དེ་འཛིན་པ་དང་། ཞིང་དེར་སྐྱེས་པས་མི་ཚད་སེམས་ཅན་དཔག་མེད་འདྲེན་པའི་སྨོན་ལམ་གྱི་མཐུ་ཡང་འགྲུབ་པ་ཡིན། སྨོན་ལམ་འགྲུབ་པ་ལ་ཅི་ཞིག་དགོས་པ་ཡིན་ཞེ་ན། སྨོན་ལམ་འགྲུབ་བྱེད་ཀྱི་རྒྱུ་དགོས་པ་ཡིན་པ་དང་། ཚོགས་བསགས་སྔོན་ལ་སོང་བ་ནི་རྟ་མཆོག་ཤུགས་དང་ལྡན་པ་རང་ལག་ན་ཡོད་པ་ལྟ་བུ་ཞིག་ཡིན་ཞིང་། སྨོན་པས་ཁ་བསྒྱུར་བ་དེ་ཉིད་ལ་སྒ་སྲབ་སྤྲས་ཏེ་ཁ་གང་དུ་འཁོར་དགོས་སྲབ་ཀྱིས་ཁ་བསྒྱུར་ནས་སོང་བ་ལྟ་བུ་ཞིག་ཡིན། དེང་སང་འགྲུལ་བཞུད་མང་ཆེ་བ་འཁོར་ལོའི་རིགས་ལ་བརྟེན་གྱིན་ཡོད་པ་ཡིན་ལ། དེས་ན་མི་ལུས་དོན་ལྡན་ཞིག་བླངས་ཡོད་པ་འདི་རླངས་འཁོར་ལྷུ་ལག་ཆ་ཚང་དང་ལྡན་པ་སྐྱོན་མེད་ལྟ་བུ་ཞིག་ཡིན་ཞིང་། ཚོགས་བསགས་སྒྲིབ་སྦྱོང་བྱེད་རྒྱུ་དེ་སྣུམ་སྣུམ་སྒམ་གང་བླུགས་ཐུབ་ཡོད་པ་ལ། འདུན་པས་དེར་ཐོན་དགོས་བསམ་པའི་རྟེན་ཞིང་ཁམས་ཡིད་ལ་བྱ་བ་སྔོན་སོང་གི་ཐོག་ནས། བསམ་པ་བཟང་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་འཁོར་བ་ལས་སྒྲོལ་བའི་དོན་ཆེན་ཞེ་ལ་རྣོག་བཞིན་དུ་རྐྱེན་སྨོན་ལམ་དག་པ་ཁ་འཁོར་གྱིས་ཁ་ལོ་སྒྱུར་བ་ལྟ་བུ་རླབས་ཆེན་གྱི་སེམས་བསྐྱེད་དང་ལྡན་པའི་དམ་པ་གསུམ་ཚང་བའི་སྟོབས་ཀྱིས་མྱུར་བགྲོད་མགྱོགས་ལམ་ལས་སོང་བ་ལྟ་བུ་ཞིག་ཏུ་འགྱུར་ཐུབ། སོ་སོ་སྐྱེ་བོ་ཞེས་པ་བློ་རྒྱ་ཆུང་ཡང་འདོད་པ་ཆེ་ལ། འདོད་དོན་གྱི་སྨོན་ལམ་བརྒྱབ་ཀྱང་འགྲུབ་བྱེད་ཀྱི་རྒྱུ་སྔོན་སོང་མེད་པས་འགྲུབ་ཐབས་ཡོད་པ་མ་ཡིན་ཞིང་། བསོད་ནམས་བསགས་པ་སྟོབས་ཤུགས་ཀྱི་ནུས་རྒྱུ་ཞིག་ཡིན་པ་དང་། ཆགས་བཞག་ན་གློག་འདོན་འཕྲུལ་ཆས་ཀྱིས་གློག་ཤུགས་གསོག་པ་ལྟ་བུ་ཞིག་ཡིན། དེའི་གློག་དེའི་ཤུགས་དང་ནུས་པ་བཟང་ངན་གང་གི་ཕྱོགས་སུ་བེད་སྤྱོད་བཏང་ཡང་ཆོག་པ་ལྟར་དུ་བསོད་ནམས་སྟོབས་ཆེན་བསགས་ཚར་རྗེས་སྨོན་ལམ་ལོག་འདེབས་ལྟ་བུ་བྱས་ན་ཡང་དེ་བཞིན་དུ་འགྲུབ་ལ། རྐྱེན་སྨོན་ལམ་རྣམ་པར་དག་པ་ཞེས་གསུངས་དགོས་དོན་ཡང་དེ་ཡིས་ཡིན། རྐྱེན་སྨོན་ལམ་རྣམ་པར་དག་པའི་དག་ལུགས་ཇི་ལྟར་ཡིན་ཞེ་ན། ངས་མི་ལུས་ཚེ་ཐུང་འདིའི་ཐོག་ནས་མར་གྱུར་སེམས་ཅན་ལ་ཕན་ཐོགས་འབྱུང་བའི་ནུས་པ་ཞིག་ཐོབ་མ་སོང་ཡང་རྟེན་འདིར་འཁོར་བའི་སེམས་ཅན་གྱི་ལུས་བླངས་པ་ཡོངས་ཀྱི་རྗེས་མར་བྱས་ཏེ་ཕྱི་མ་བདེ་བ་ཅན་ནས་གོང་དུ་བཤད་པའི་མཐོང་ལམ་གྱི་བདེན་པ་མཐོང་དུ་བཅུག་སྟེ་ལས་དང་སྨོན་ལམ་ཡེ་ཤེས་རྒྱ་མཚོ་ལ་སོགས་པར་དབང་འབྱོར་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་སོགས་དང་སྐལ་མཉམ་གྱིས་མཐའ་ཡས་སེམས་ཅན་སྡུག་བསྔལ་གྱིས་ཉམ་ཐག་པ་འདི་དག་འཁོར་མཚོ་ལས་སྒྲོལ་བ་ཞིག་འགྱུར་བར་ཤོག དེ་ཡང་སྔར་སངས་རྒྱས་འོད་དཔག་མེད་སློབ་པ་ལམ་ལ་ཡོད་དུས་ཀྱི་ཐུགས་བསྐྱེད་མཛད་པ་ལས་མི་དམན་པ་ཞིག དེ་བས་བརྒྱ་འགྱུར་སྟོང་འགྱུར་གྱི་ཚད་ཅིག་ད་རུང་ཡོད་དར་ན་དེ་མ་འགྲུབ་ཀྱི་བར་དུ་དེའི་རྒྱུ་སྤྱོད་པ་རྒྱ་མཚོ་ལྟ་བུ་བསྐལ་ཆེན་གྲངས་མེད་ནས་གྲངས་མེད་ལ་གསོག་དགོས་ཀྱང་རང་དོན་དུ་འཚང་མི་རྒྱ་བར་ཤོག་ཅེས་བསྔོ་བ་དང་སྨོན་ལམ་སྟབས་ཅིག་ཏུ་བྱེད་དགོས། བདེ་བ་ཅན་དུ་སྐྱེ་བའི་ཉམས་ལེན་རྩལ་སྦྱོང་གི་མན་ངག་ལ་ཉིན་མཚན་གཉིས་ཀར་ཕྱེས་ནས་ཉམས་ལེན་བྱེད་པ་གསུངས་ཡོད་པས་ཉིན་མཚན་གཉིས་ཀ་སྦྲེལ་ནས་ཉམས་ལེན་དགོས་པ་ཡིན། ཉིན་དཀར་འགྲོ་འདུག་ཟ་ཉལ་ལ་སོགས་པའི་སྤྱོད་ལམ་རྣམ་བཞི་ལ་བསམ་པ་བཟང་པོ་ཞིག་གིས་ཀུན་ནས་བསླངས་ཏེ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་མཆོག་བསྐྱེད་པ་དང་མི་འབྲལ་བས་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པའི་ཡོན་ཏན་དང་བཀོད་པའི་གསལ་སྣང་དེ་དྲན་པའི་ཡུལ་དུ་བྱེད་པ་དང་བཅས་པས་དེར་མོས་ཤིང་འདུན་པའི་དང་བ་དང་དད་པ་དང་། དེར་སྐྱེས་ན་སྙམ་པ་འདོད་པའི་དད་པ། ཡིད་ཆེས་དེ་ཉིད་ཕྱིར་མི་ལྡོག་པའི་ཐེ་ཚོམ་མེད་པའི་དད་པ་འགྱུར་བ་མེད་པ་ཞིག་བྱས་ཏེ་ཚོགས་གསོག་སྒྲིབ་སྦྱོང་ཅི་ནུས་དང་། སངས་རྒྱས་འོད་དཔག་མེད་ཀྱི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ། གཟུངས་སྔགས་བཟླས། ཞིང་ཁམས་དེར་སྐྱེ་བའི་འདུན་པ་གཏད་ནས་བསྔོ་བ་སྨོན་ལམ་བྱེད་དགོས། མཚན་མོའི་དུས་ལ་སླེབས་དུས་ཞིང་ཁམས་བདེ་བ་ཅན་ལ་སངས་རྒྱས་འོད་དཔག་མེད་པ་མངོན་སུམ་མིག་གི་ལམ་དུ་མཇལ་བཞིན་ཡོད་སྙམ་པའི་འདུན་པ་དྲག་པོ་མ་ཉམས་པར་བྱས་ནས་ཉལ་དགོས། སྨོན་ལམ་གྱི་ངོ་བོ་འདུན་པ་ཡིན་པས་སྨོན་ལམ་འདེབས་སྐབས་ཡིད་ཀྱིས་འདུན་པ་ཤུགས་དྲག་པོ་གཏད་ནས་སྨོན་ལམ་རྒྱུན་རིང་ལ་འདེབས་དགོས། འདུན་པའི་རྩ་བ་དད་པ་ཡིན་པས་དད་པ་སླུ་མེད་འདྲེན་པའི་དེད་དཔོན་ཉག་གཅིག་ཡིན་པར་ཤེས་པའི་ཡིད་ཆེས་ལ་ཐུག་ཡོད། འོན་ཀྱང་སྨོན་ལམ་འགྲུབ་པའི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་དགོས། ཚུལ་ཁྲིམས་རྣམ་པར་དག་དང་མི་དག་ཅེས་པ་དེ་གྲྭ་པ་ཇོ་མོས་བསྲུང་བྱ་ཡིན་རྒྱུ་ཁོ་ནར་བསམ་བློ་གཏོང་རྒྱུ་མེད་པ་ད་ཞག་ནས་ཀྱང་བཤད་ཟིན་ལ། དཀོན་མཆོག་གསུམ་གྱི་སྐྱབས་འོག་ལ་བསྡད། སྐྱབས་གསུམ་འཛིན་པ་ནས་བརྩམས་པའི་དགེ་བསྙེན་གྱི་སྡོམ་པ་ཞིག་ཞུས། དེས་མི་ཚད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྔགས་ཀྱི་དབང་རྣམས་ཞུས། དམ་ཚིག་སྲུང་བར་ཁས་བླངས་པ་འབའ་ཞིག་ཡིན་ཕྱིར་ཁས་བླངས་ཀྱི་སྡོམ་དང་དམ་ཚིག་ཡིན་གཅིག་མིན་གཉིས་སྲུང་དགོས། ཁྱིམ་ན་གནས་པ་ཚོས་མི་དགེ་བཅུ་སྤོང་བ་དང་དགེ་བཅུ་ཚུལ་བཞིན་དུ་སྒྲུབ་པར་ཁས་བླངས་པ་ཡིན་པས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འགྲུབ་དང་མི་འགྲུབ་གཞན་གནོད་གཞི་དང་བཅས་པ་སྤོང་བ་དང་། གཞན་ཕན་གཞི་དང་བཅས་པ་སྒྲུབ་ཀྱིན་ཡོད་མེད་ལ་རག་ལས། སོ་སོ་སྐྱེ་བོ་ཡིན་པའི་དབང་གིས་སྡིག་ལྟུང་འབྱུང་མི་སྲིད་པ་མིན་ཡང་དུས་ལས་མི་འགྱང་བར་བཤགས་སྡོམ་དྲག་པོར་བྱས་ཏེ་སོར་ཆུད་པར་བྱ་བ་གནད་ཀྱི་གཙོ་བོ་ཡིན། དེ་ཡིས་ད་རེས་ཀྱི་ཐེངས་འདིའི་ཆོས་ཁྲིད་བདེ་ཆེན་ཞིང་ཁྲིད་ཅིག་གི་དོད་ཐུབ་ཀྱི་ཚུལ་གྱིས་ཁྲིད་སྦྱོང་གི་ཐོག་ནས་བཤད་ན་སྔ་ཕྱི་ཐུན་བཞིར་བཅད་དེ། ཆོ་གའི་སྒོ་ནས་ཞིང་སྒྲུབ་ཀྱི་ཕྱག་ལེན་ལྟར་དུ་ཆོ་གའི་ཡན་ལག་ཚང་ཞིང་བསགས་སྦྱོང་གི་གནད་ལ་སྨིན་པ་ཞིག་གི་ཐོག་ནས་ཡོངས་སུ་གྲུབ་ལ་ཉེ་བའི་དགེ་བ་རྫོགས་བྱང་དུ་བསྔོ་རན་པ་ཡིན། སང་ནངས་མ་ཎི་འཚོགས་ཏེ་གསུར་ཆེན་ཞིག་ཕུད། ཚོགས་འཁོར་དང་དབང་སོགས་ཚར་བའི་རྗེས་སུ་ཡང་སྐབས་ཤིག་ལ་མ་ཤི་ཚེ་རིང་བྱུང་ན་ཡང་ཡང་འཛོམས་པར་སྨོན་ལམ་འདེབས་ཞེས་གྱེས་ཕྱག་འབུལ་རན་པའི་དུས་ཡིན་པས་ཁྱད་པར་དུ་ཡུལ་སྡེ་བའི་ཁྱིམ་པ་ཕོ་མོ་ཚོ་དང་གནས་སྐབས་ཡུན་རིང་པོར་ཐུག་པ་མ་ཡིན་ཡང་ས་ཁ་ཐག་རིང་པོའི་ཆུ་ཁྲི་རི་སྟོང་གིས་བཅད་པའི་རྒྱང་ཐག་བྱེ་སོང་ཡང་སེམས་བར་ཐག་ཉེ་མོ་གཅིག་སེམས་གཅིག་ལ་ཡོད་པའི་དམ་པ་ལྷ་ལུགས་ཀྱི་ཆོས་དང་དམ་ཚིག འཇིག་རྟེན་མི་ལུགས་ཀྱི་སྐྱིད་སྡུག་མཉམ་ཁུར། སེམས་མཐུན་བསམ་པ་ཕྱོགས་གཅིག་གིས་འབྲེལ་ཡོད་པ་ཡིན། འདི་ལྟ་བུའི་འདུན་མ་དེ་ཆུ་དང་འོ་མའི་འབྲེལ་བ་ལྟར་དམ་རྒྱུ་དེ་དངོས་པོ་གང་དང་ནུས་པ་གང་ཞིག་གིས་ཀྱང་སྒྱུར་ཐུབ་པ་ཞིག་དང་སྐྱེད་ཐུབ་པ་ཞིག་མ་ཡིན། འདིར་དཔེར་བཞག་པ་ལ། དཔེ་དང་པོ་བཞག་ན་ནམ་མཁའི་ཆར་བ་དང་ས་གཞིའི་ཆུ་གཉིས་ཀ་ཁ་ཐག་རིང་པོ་གནམ་སས་བརྒྱངས་ཡོད་ཀྱང་གཅིག་ཏུ་གྱུར་ཏེ་གཉིས་སུ་ཕྱེ་རྒྱུ་མེད་པ་ལྟ་བུ་དང་། དཔེ་གཉིས་པ་བཞག་ན། ཉི་མ་དང་ས་གཞི་གཉིས་ཀ་ཡོད་ས་ལེ་དབར་དུང་ཕྱུར་གྱིས་ཕྱེས་ཡོད་ཀྱང་ཉིན་རེ་བཞིན་དུ་འོད་དང་དྲོད་བཅུད་ཀྱིས་སྦྲེལ་ཡོད་པ་བཞིན་གཅིག་གིས་ཀྱང་འགོག་ཐབས་མེད་པ་ལྟ་བུ་དང་། དཔེ་གསུམ་པ་བཞག་ན་དབུགས་དང་མཁའ་རླངས་ལྟ་བུ་སྟེ། སྲོག་ལྡན་དབུགས་ལ་བརྟེན་ཚད་པོ་མཁའ་རླངས་གཙང་མ་ཞིག་གིས་འཚོ་བཞིན་ཡོད་ཅིང་། རླངས་ཁམས་དྭངས་མོའི་འཚོ་བཅུད་དེ་སྐྱེ་འགྲོ་དང་འབྲེལ་ནས་ཡོད་པ་མིན་རྒྱུར་བྱེད་ཐབས་མེད་པ་ལྟ་བུ་ཞིག་ཡིན། འགའ་རེས་བླ་མ་ཡིན་པའི་དད་པ་བཞག་ནས་ཚེ་ཕྱི་མའི་ཡུལ་ནས་མཇལ་བར་ཤོག་ཟེར་གྱིན་ཡོད་ལ། ཁྱེད་འདིར་ཡོད་ཆོས་འབྲེལ་ཐོགས་ཚད་ཀྱིས་གཙོས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་སེམས་ཅན་ལ་ཕན་ཐོགས་ཡོད་ན་ང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་ངས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཁྱེད་ཚོས་གཙོས་པའི་སེམས་ཅན་དུང་ཕྱུར་མང་པོའི་ལམ་སྣ་ཁྲིད་པར་ཤོག་ཅེས་སྨོན་ལམ་རྒྱག ཁྱད་པར་དུ་བཙན་ཤུགས་འཕན་གསུམ་འཛོམས་པའི་མི་གང་ཡིན་བྱེད་ནུས་རྣམས་དང་། དེ་ཙམ་མིན་ཡང་ཁ་ཡ་ཁ་སྣུམ་དུས་ཡ་ཁར་ལྡག མ་ཁ་སྣུམ་དུས་མ་ཁར་ལྡག གཉིས་ཀ་སྣུམ་དུས་སྐོར་ལྡག་བྱེད་མི་ཤེས་པའི་ཁྱིམ་ཚང་ཉམ་ཆུང་ཕལ་བ་རྣམས་ཀྱིས་ང་པདྨ་སྐལ་བཟང་རང་གི་ཁྱིམ་གྱི་མི་ཞིག་ཡིན། ཁྱིམ་ཆུང་ཆུང་བོའི་མཆོད་ཁང་ཕུག་མའི་ནང་ན་ཡོད་སོམས་དང་། ངས་རྒྱལ་བ་གོང་མ་ཚོ་དང་བརྒྱུད་པའི་བླ་མ་གོང་མ་ཚོ་ལ་ཕག་གཡར་ནས་ཁྱི་སོའི་རིང་བསྲེལ་གྱི་དཔེ་བཞིན་དུ་ཁྱེད་ཚོའི་དད་མོས་ཀྱི་སྟོབས་ཀྱིས་དཀོན་མཆོག་གི་བྱིན་རླབས་ང་ལ་བརྒྱུད་ནས་འདྲེན་ཏེ་ཐོབ་པར་ཤོག་ཅེས་སྨོན་ལམ་རྒྱག་གིན་འདུག མཐོང་སྣང་མི་འདྲ་སྣ་ཚོགས་དང་སེམས་ཅན་མོས་པ་སྣ་ཚོགས་ཡིན་ཞིང་། འགའ་རེ་དགྲར་བརྩིས་ནས་ངན་གཤེ་བྱེད་མཁན་ཡང་ལོས་ཡོད། ང་རྫོགས་ཆེན་པདྨ་སྐལ་བཟང་མི་གྲལ་ནས་བུད་དེ་རི་ཁྲོད་ལ་བསྙེགས། གྲོགས་བྱ་དང་རི་དྭགས་བྱས་ནས་མི་ལོ་མང་པོ་ཡིན་ལ། ད་མེད་འདང་རྒྱོབ་དང་མེད་པ་དང་འདྲ་འདྲར་གྱུར་འདུག་ཟེར་རྒྱུ་དེ་ཡིན། ཡང་བར་མ་བར་གྱི་ལྟད་མོ་པ་ཡང་ལོས་མང་། ངའི་གཟུགས་མིག་གིས་རིག་མྱོང་མཁན། ངའི་མིང་དང་ལོ་རྒྱུས་རྣ་བས་ཐོས་མྱོང་མཁན་ལ་སོགས་པ་མཐོང་ཐོས་དྲན་རེག་གི་འགྲོ་བ་མཁའ་དང་ས་ལ་རྒྱུ་བའི་སྲོག་ཆགས་ཕྲ་མོ་ནས་བཟུང་སྟེ་བདེ་ཞིང་སྐྱིད་པར་ཤོག་ཅེས་ཟེར་རྒྱུ་དང་། ཐ་ན་ལམ་ཆེན་ཞིག་གི་ནང་ནས་ང་ཐེངས་གཅིག་ལ་སོང་ན་དེའི་ལམ་ཆེན་དེར་རྒྱུ་ཚད་ཚང་མ་དང་། ང་ཡུལ་གྲུ་རྒྱལ་ཁམས་གཞན་པ་ཞིག་གི་ནང་ལ་ཐོན་ན་དེའི་ཡུལ་དེའི་མངའ་ཁོངས་ཀྱིས་ཁྱབ་ཚད། ང་གནམ་གྲུར་བསྡད་དེ་མཁའ་འགྲུལ་དང་གྲུ་གཟིངས་ལ་བསྡད་དེ་མཚོ་འགྲུལ་བྱས་ན་མཐའ་མེད་ཀྱི་ནམ་མཁའ་དང་རྒྱ་མཚོས་གར་ཁྱབ་ཀྱི་སེམས་ཅན་ལ་བདེ་སྐྱིད་འབྱུང་རྒྱུ། དེ་མ་དགོས་ངའི་ལུས་ལ་ཕོག་པའི་རླུང་གིས་གར་ཁྱབ་ཀྱི་སེམས་ཅན་དང་། ང་ལ་ཟས་ཀྱི་འདུ་ཤེས་འཛིན་པའི་འབུ་སྦྲང་ཕྲ་མོ་ཚུན་ཆད་བདེ་ནས་བདེ་བར་འགྲོ་བའི་རྒྱུ་དང་། སྐྱེ་དགུའི་ཉེར་འཚོའི་གཞིར་འགྱུར་རྒྱུ་ལ་དུས་དང་རྣམ་པ་རྒྱུན་དྲུག་ལ་སྨོན་ལམ་འདེབས་ཀྱིན་ཡོད་པ་སྔར་ཡང་བཤད་མྱོང་པ་ལྟར་དུ་ཡིན། ད་དུས་ཚོད་སྐར་མ་ཁ་ཤས་ཀྱིས་རང་རང་སོ་སོའི་གནས་སུ་ཁ་ཁར་བྱས་ཏེ་འགྲོ་རན་པའི་མཐར་མཇུག་གི་སྐད་ཆ་ཚིག་གཅིག་ལ། ཐམས་ཅད་པོ་བྲེལ་ནས་མི་ཁོམ་འདུག་རྒྱུ་དེ་སྐྱིད་པོ་ཞིག་ཡོང་བའི་ཆེད་དུ་རེད། སྐྱིད་པོ་རྗེས་ནས་ཡོང་བའི་རེ་སྒུག་མ་བྱེད། ད་ལྟར་ལུས་སེམས་གཉིས་ཀའི་རང་དབང་རང་ལ་ཡོད་པ་འདི་སྐྱིད་པོ་ཡིན། ཁྱད་པར་དུ་ནད་མེད་བདེ་ཐང་ཡོང་ནས་བཟའ་ཚང་འཁོར་རུག་འཛོམས་ན་རིན་གོང་ཆེན་བྱིན་ཏེ་ཉོ་རྒྱུ་ལོན་དཀའ་བའི་སྐྱིད་པོ་རང་ལག་ལ་ཡོད་སོང་བ་ཡིན་ལ། དེ་མ་ཤེས་ཏེ་རྗེས་ནས་དེ་དུས་སྐྱིད་པོ་ཡིན་འདུག་བསམ་དུས་འཕྱིས་སོང་བ་ཡིན་ཞིང་། དེའི་ཐོག་ཏུ་ཚེ་འདི་ཕྱི་རང་གཞན་བདེ་སྐྱིད་ཀྱི་གཞི་མ་དམ་ཆོས་སེམས་ཀྱི་འཚོ་བཅུད་ཅིག་ཉམས་སུ་ལེན་སྟངས་ཤེས་ན་སྐྱིད་པོ་བརྒྱ་ཡི་ཡང་རྩེ་དེ་ཡིན། འདིའི་ཆོས་རའི་ནང་ལ་ཕྱོགས་དང་ས་ཆ་སོ་སོའི་མི་སྣ་མང་ལ། སྐད་རིགས། ཆ་ལུགས། ས་ཕྱོགས་གཅིག་དང་མི་གཅིག་གི་ཁྱད་པར་ཅུང་ཟད་རེའི་ཁྱད་པར་མ་གཏོགས་ཚང་མ་བོད་ཆོས་ལྡན་གྱི་ས་ཆའི་མི་འབའ་ཞིག་ཡིན། རང་ས་རང་ཡུལ་གྱི་ས་ཆ་རེ་ལ་དགོན་པ་རེ་དང་ཆོས་བརྒྱུད་རེ་ཡོད་རྒྱུ་རེད། ཚང་མ་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་གཅིག་གི་རྒྱུད་འཛིན་ཡིན་ཞིང་། ས་གཞན་དང་། ཆོས་གཞན། བླ་མ་གཞན་ཞིག་ལ་འགྲམ་ཆུ་ལྡང་མི་འདུག་པར་རང་སའི་དཀོན་མཆོག་གི་སྣང་བ་མཆོད་ཡོན་གཉིས་ཀ་མཉམ་རུབ་ཀྱིས་ཆོས་བསྟན་མི་ནུབ་དར་སྤེལ་བྱེད་དགོས། ས་ཆ་འགའ་རེའི་མི་ཡིས་ངེད་ཚང་གི་བླ་མའི་མཛད་པ་བཟང་མི་འདུག མ་བྱས་མ་འཕེར་ཚུལ་བཤད་རྒྱུ་ཡོད་པ་ཡིན། བསྟན་འཛིན་གྱི་སྐྱེས་བུའི་མིང་ཞིག་བཟུང་ནས་བསྟན་པའི་ཆུ་འགོ་སྦུག་ནས་རྙོག་དུས་སྡུག་པོ་ཡིན་ཞིང་། བསྟན་པའི་དག་ཐེར་བྱེད་དགོས་ལ། ཕས་བཞག་གནམ་ལྕགས་ཀྱི་རལ་གྲི། མས་བཞག་མར་དཀར་གྱི་ལྡག་རིལ། མི་ངོ་ཞིག་ལ་བལྟས་ནས་ལྟོགས་ཀྱང་ཤ་དང་བརྗེ་རྒྱུ་ཡོད་པ་མ་ཡིན། འོན་ཀྱང་སྤྱིར་བླ་མའི་ཕྲིན་ལས་བཟང་ངན་གདུལ་བྱའི་བསོད་ནམས་ཆེ་ཆུང་ལ་ཡང་ལྟོས་པ་ཞིག་ཡིན་ལ། ཁྱོད་ཅག་གི་སྡེ་བ་ལ་བསྐོས་ཐང་བསོད་ནམས་དེ་མ་གཏོགས་པ་མེད་པ་ཡིན་ཞེས་སྨྲས་ན་ཚིག་མི་སྙན་ཡང་དོན་གྱིས་དེ་དང་ཕྱོགས་འདྲ་བ་ཞིག་ཡིན། ཡང་བླ་མ་འགའ་རེ་ངེད་ཚང་གི་སྡེ་བ་སྡུག་ཅེས་ཟེར་མཁན་གྱི་ཚིག་ཟུར་ཅན་ཡང་ཡོད་པ་ཡིན་ཡང་ས་ཆ་གང་དུ་སོང་ཡང་སོ་སོ་སྐྱེ་བོ་ཞིག་ཡོད་ཚད་པོ་འཁོར་བའི་སེམས་ཅན་ཡིན་པ་དང་། འཁྲུལ་བའི་སྣང་བ་ཅན་གྱི་སྨྱོན་པ་ཁྱུ་གཅིག་ཡིན་ལ། སྦྲུལ་ཚང་ནང་ནས་བུད་པའི་སྦྲུལ་ཆེ་ཆུང་རགས་ཞིབ་ཚང་མ་དུག་མེད་པ་དང་གདུག་རྩུབ་མི་ཆེ་མཁན་ཡོད་པ་མིན་པས་དེ་དང་གཅིག་ཡིན་ཞིང་། གཅིག་ན་ཁྱེད་ཀྱི་སྔར་གྱི་ཐུགས་བསྐྱེད་སྨོན་ལམ་དང་སྐུ་བསོད་དབང་ཐང་གིས་གདུལ་བྱའི་བསྐོས་ཐང་དེ་ལས་མ་ཡོད་པ་ཡིན་ཞེས་མི་ཟེར་ཐབས་མེད་ལྟ་བུ་ལ་ཐུག་པ་ཡིན། འགའ་རེས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལས་ས་དགེ་བཀའ་རྙིང་གང་ཟབ་པ་ཡིན་ཞེས་དྲི་བ་བྱས་ན་རང་གང་ལ་ལས་འབྲེལ་ཡོད་པ་དེ་ཟབ་པ་ཡིན་ལ། སྔོན་གྱི་སྲོལ་འབྱེད་ཀྱི་སློབ་དཔོན་རྣམ་པའི་ཆོས་བརྒྱུད་ཀྱི་ཁྱད་པར་ཞིག་མ་གཏོགས་པར་དོན་ལ་སྟོན་པ་གཅིག་གི་བསྟན་པ་མདོ་སྔགས་གཉིས་ལྡན་གྱི་རང་ལུགས་འབའ་ཞིག་སྟེ། རྒྱ་ཟངས་འོ་མ་ལ་ཁ་མཐིལ། བུ་རམ་སྒོར་མོ་ལ་དཀྱིལ་ཟུར་ཡོད་པ་མ་ཡིན་ཞིང་། མི་རང་གིས་མ་འཇོན་ན་གང་ལ་གཏད་ཀྱང་ཕག་སྣ་བྲག་ལ་ཐུག་པ་ལྟ་བུ་ཡིན། དེས་ན་རང་གང་ལ་མོས་པའི་ཆོས་དེ་གཙོ་བོར་བཟུང་སྟེ་གཞན་ཐམས་ཅད་ལ་ཡང་དད་པ་དང་དག་སྣང་བྱེད་དགོས། འཁོར་བའི་གནས་ལ་སྐྱིད་ཟེར་ཡང་སྡུག་གིས་མ་བསླད་པ་ཡོང་དཀའ་ལ། ཁྱེད་རྣམ་པ་ཁྱིམ་པ་ཕོ་མོ་ཡིན་ཞིང་། དང་པོ་གང་ནས་ཡོང་རང་གིས་ཀྱང་མི་ཤེས་པའི་རྣམ་ཤེས་འཁྱམ་པོ་ཚོ་གཅིག་དེ་ཤ་ཁྲག་དྲ་བའི་གཟེབ་ཏུ་ཚུད་དེ་རྒྱུས་མེད་འབའ་ཞིག་ལས་ཀྱིས་སྦྲེལ་ནས་བཟའ་ཚོ་གཉེན་བཤེས་སུ་འབྲེལ། ལན་ཆགས་ཀྱི་བུ་ཚ་བུ་མོ་འཁོར་ནས་ས་མདོའི་མགྲོན་ཁང་གི་འགྲུལ་བ་ལྟ་བུ་ཉི་མ་ཁ་ཤས་སུ་མཉམ་དུ་སྡོད་པའི་མི་ཚེའི་ཉི་མ་ཡུན་ཐུང་ཐུང་ཡིན་ཞིང་། དེ་ཡང་རླུང་ནང་གི་མར་མེ་ལྟ་བུར་ཤེས་པར་བྱས་ཏེ། གསོན་ཚེ་བཟའ་འཛིང་མ་བྱེད། གསོན་འཇིག་རྟེན་གྱི་ཁམས་སུ་མཉམ་དུ་འདུག་པའི་དུས་ཚོད་ཅི་ཙམ་ཡོད། སུས་སུ་ནམ་སྐྱེལ་གྱིན་ཡོད་ཅི་ཤེས། དེ་ནི་རིང་ཡང་མི་ལོ་ཁ་ཤས་ཡིན་ལ། ཤི་མིག་ཁྲ་ཆུང་གིས་གསོན་པོའི་ངོར་ལྟ་བཞིན་དུ་ཤི་གསོན་ལམ་གྱི་གྱེས་མདོ་ནས་རྒྱབ་གྱེས་བྱེད་སར་ཐུག་དུས་འགྱོད་པ་རྗེས་ནས་ཤོར་ན་འཕྱིས་སོང་བ་ཡིན། བུ་རྒྱུད་ཀྱིས་ཕ་མར་བལྟ་སྐྱོང་གྱིས། བུ་ཚ་རྒྱུད་ཀྱི་གཉོམ་ལག་ཡར་ཅི་ཙམ་རྒྱས་བཞིན་ཡོད་ན་ཕ་མ་རྒན་གསུམ་གྱི་ལོ་ཚོད་ལང་ཚོ་མར་ལ་དེ་བཞིན་དུ་རྒུད་ཀྱིན་ཡོད། བུ་ཕྲུག་ལོ་རེ་བཞིན་དུ་ན་ཚོད་སྨིན་འདུག་སྙམ་ནས་ཕ་མས་དགའ་ཚོར་བྱེད་པ་བཞིན་དུ་ཁྱོད་ཀྱིས་ཕ་མའི་སྐྲ་འདབ་སེ་དུས་དྲིན་ཕ་མའི་ཚེ་ཚད་ཅི་ཙམ་ལྷག་འདུག་བསམས་ནས་སྡུག་གསོག་གིན་ཨེ་ཡོད། རང་བྱིས་པ་རློན་པ་རང་ལུས་རང་གིས་བདག་བྱེད་མི་ཐུབ་པའི་སྐབས་སུ་ཕ་མའི་བྱམས་བརྩེའི་གཉོར་སྐྱོང་གིས་འདིར་མ་ཐུག་གི་བར་དུ་ནར་སོན་པ་ཡིན་ལ། ད་ཕ་མའི་གཟུགས་གཞི་དབང་པོ་མར་ལ་རྒུད་དེ་རྒས་སེམས་སྙིང་ཁམས་འགྱུར། ལུས་སེམས་གཉིས་ཀ་རྒུད་པའི་དུས་ལ་ཐོན་དུས། གཞན་གྱི་བྱམས་བརྩེའི་དྲོད་བཅུད་ཅིག་ལ་བརྟེན་ནས་འཚོ་དགོས་ལུགས་འདྲ་འདྲ་ཡིན་པས་མི་ཚད་རྒས་ཚེ་མཇུག་གི་རྒུད་པའི་མནར་གཅོད་དེ་སུའི་ཐོག་ཏུ་ཡིན་ཡང་ཡོང་རྒྱུ་ཡོད་པ་ཞིག་ཡིན། ཡུལ་སྡེ་བ་ཁ་སེམས་མཐུན་པོར་གྱིས། མཐུན་པ་བདེ་སྐྱིད་ཀྱི་རྩ་བ་ཡིན་ཞིང་། བུ་སྐྱེས་ན་སྐྱ་སེར་སུ་ཡིན་ཡང་ཆོག སྡེ་ཡུལ་དགོན་གསུམ་མཐུན་ཐབས་ཀྱི་ལག་རྗེས་འཇོག་དགོས། འོན་ཀྱང་ཁྱིམ་བཟའ་ཚང་གི་གོ་རུག་མི་འདུས། ལྟོ་ཕོ་བས་རྒྱག་ཚོད་མི་ཟིན་པ་ཞིག་གིས་ད་རུང་དེ་ཚོ་ཐག་རིང་ཡིན། མདོར་ན་རང་མ་ངན་ཚེ་གཞན་ངན་ཡང་རང་ལ་གནོད་པ་མིན་ཡང་གཞན་སྐྱོན་བཤད་རྒྱུ་ལོན་དུས་མཚར་སྣང་ཡག་སྣང་ཤར་བ་དེ་རང་སྐྱོན་ལྷང་ལ་བུད་པའི་ནད་རྟགས་ཡིན་ལ། གཞན་གྱི་སྡུག་བསྔལ་རང་གི་བདེ་བ་ཡིན་པར་ཤར་དུས་ཇི་ལྟར་བྱས་ཀྱང་ལུས་སྲུལ་བོ་ཅན་གྱི་སྔ་མའི་རྒྱུ་མཐུན་མིན་ཀྱང་ཕྱི་མའི་སྐྱེ་རྟགས་སུ་རང་གིས་རང་ཉིད་ངོས་འཛིན་བྱས་པས་ཆོག སུ་ཡིན་ཡང་ཁ་ནང་ལ་ཚུར་འཁོར་ཏེ་ནམ་ཡང་རང་ཉིད་ཐད་ལ་བཞག་ནས་ལན་བལྟས་ཤིག་རྒྱོབ་དང་གནས་སྐབས་ཀྱི་དུས་ཐུང་ལ་མིན་པའི་བེད་མི་ཆོད་པའི་འདུག་སའི་གནས་ཁང་དང་སྤྱོད་ཆས་ལ་ཉར་ཚགས་དང་། ཐེངས་གཅིག་གིས་རྙིང་ནས་གཡུག་རྒྱུ་ཅན་གྱི་རང་གི་ལུས་པོ་ལ་གཙང་སྦྲ་དང་བྱི་དོར་ཅི་འདྲ་དགོས་པས་དུས་གཏན་དུ་ཚེ་རབས་ཚེ་བརྒྱུད་དུ་འདིའི་རྒྱུན་འབྲལ་མེད་ཀྱིས་འགྲོགས་པའི་སེམས་འདི་ལ་གཙང་སྦྲ་བྱི་དོར་མ་བྱས་ན་ལས་བྱ་བའི་འགོ་ཞིག་དེ་ནས་འཆུག་འགྲོ་བཞིན་ཡོད་པ་ཡིན། ཆགས་སེམས་ཞེས་པ་དེ་ནད་ཆེན་ཞིག་སྟེ་དེའི་མིང་ལ་འདོད་ཆགས་ཟེར་ཞིང་། དེའི་དབང་དུ་ཤོར་བར་གྱིས་དང་འདོད་ཁ་གང་དུས་མེད་ལ། མི་བདེ་སྡུག་བསྔལ་གྱི་འབྱུང་རྩ་གཅིག་དེ་ཡིན། སྡང་སེམས་ཞེས་པ་དེ་དང་དེ་བཞིན་ཡིན་པ་སྟེ། འགྲིག་པ་མི་འགྲིག་པ་ཅུང་ཟད་ཙམ་རེས་ཁོག་དོག་པས་སྤྲོ་ལངས་པ་སྟེ་དེར་ཁོང་ཁྲོ་དང་ཞེ་སྡང་ཟེར་ཞིང་། དེར་ཚོད་འཛིན་མ་ཐུབ་པར་སྔར་བསམ་ཕྱི་འདང་གི་སྐོར་རྫོགས་བྱེད་ས་མ་ཡོད་ནས་ཕོ་ཐ་མ་འདྲ་གཉིས་ཐུག་པས་ཤ་ཕུ་ནུ་ཡུལ་སྡེ་གཅིག་པ་ཡིན་ཡང་ནང་དམེ་བྱེད་འགྲོ་བ་ཡིན། ཚར་ཡག་ཚར་དུས་འགྱོད་ཀྱང་ཕན་ཐོགས་མེད། གསོན་པོ་རྣམས་ཀྱིས་གསེར་སྐུ་མགོ་ཐོག་ཏུ་མཉམ་ལེན་གྱིས་ལྷོད་ཆགས་སེ་འདུག་ཆོག་ཀྱང་ཉམ་ཐག་ཤི་ཡུལ་ལ་འགྲོ་མཁན་དེ་སྐྱིད་ལོང་དགའ་ལོང་མ་ཡོད་པར་གསོན་དབུགས་དྲོན་པོ་མར་མེ་རླུང་གིས་བཏུལ་བ་བཞིན་དུ་བྱས་ཏེ་སོང་བའི་སྡུག་བསྔལ་སུས་འཁུར་དགོས་པ་ཡིན། དེའི་སྡུག་སྡིག་པ་སྒེར་ཁུར་བྱས་པའི་རྣམ་སྨིན་ལ་བསམ་བློ་བཏང་ན་དེ་བས་ཀྱང་ཉམ་ཐག་སྙིང་རྗེའི་ཡུལ་ཅན་ཞིག་ཡིན་ལ། གཅེས་པ་རང་སྲོག་གི་དམར་ཞིག་འཇིག་རྟེན་འདི་ན་ཅི་ཡོད། གཅེས་ཤ་དམར་ཐང་ཅན་གྱི་མི་དེ་རང་གིས་རང་ཉིད་དམར་བ་བཞིན་དུ་གཞན་གྱིས་ཀྱང་ཁོ་རང་ཉིད་ལ་དེ་བཞིན་དུ་དམར་གྱིན་ཡོད་པ་ཡིན། ཁ་རང་བསྐོར་རོགས་ལ་སྐོར་དང་། དེ་ཚང་མའི་གནད་སྐྱོན་མ་རིག་པའི་ངང་ཐུང་མུན་ནག་ནང་དུ་ལག་ཉུག་བྱས་པ་ལྟ་བུ་དེར་གཏི་མུག་ཟེར་ཞིང་། དེ་ནི་དུག་གསུམ་འཁྲུལ་བའི་གཞི་མ་ཡིན་པ་དང་། མི་བདེ་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་ལ། རྩ་བ་དེ་གསུམ་ལ་ཐུག་པ་ཡིན་པ་དང་། དེ་ཡང་མཐར་གཏུགས་ནས་བཤད་ན། ང་དང་ང་ཡིར་འཛིན་པའི་བདག་འཛིན་མ་རིག་པར་ཐུག་པ་ཡིན་པས་སྲིད་རྩ་བདག་འཛིན་གྱི་རྩ་བ་གཅོད་བྱེད་ལ་སྟོན་པ་བཅོམ་ལྡན་འདས་ཀྱིས་དམ་པའི་ལྷ་ཆོས་བསྟན་པ་ཡིན་ཞིང་། ཆོས་སྒྲུབ་ཅེས་པ་ཡང་སེམས་ཀྱི་ནད་ཆེན་གསུམ་པོ་འཇོམས་བྱེད་ཀྱི་སྨན་བསྟེན་ཞེས་པའི་དོན་ཡིན་ལ། ཆོས་སྒྲུབ་ཅེས་པ་ངོར་ངོ་སྣུམ་བྱུག་པ་ལྟ་བུ་ཕྱིར་བྱུག་པས་གསེང་ལ་མ་འཛུལ་བ། ཐང་སྐུ་རི་མོ་བྲིས་པ་ཇི་བཞིན་སྔུན་དུ་ཡོད་ཅིང་རྒྱབ་ལ་མེད་པ་ཞིག་གིས་གོ་ཆོད་པ་མ་ཡིན། ཨེ་སྐྱིད་བསམས་ནས་ཆོས་བསྒྲུབས་པ་ཡིན་ཞིང་། མྱི་ཨེ་སྐྱིད་མི་སྐྱིད་སེམས་ཡིན་ལ། ལུས་བདེ་བ་ཅན་དུ་འདི་ལྟར་བྱས་ནས་མི་ཐོན་ཡང་སེམས་བདེ་བ་ཅན་གྱི་སེམས་ལྟ་བུ་ད་ནས་བྱེད་ཆོག་པ་ཡིན་ཞེས་ཞིང་ཁྲིད་ཐེངས་མ་མང་པོའི་བརྗོད་དོན་གྱི་སྙིང་པོ་དེར་བཞག་ནས་བཤད་པ་ལྟར་དུ་ཡིན། ན་གཞོན་དར་མ་ཚོས་ལུས་སེམས་གཉིས་ཀ་དར་བའི་སྐབས་སུ་ངའི་ཡན་ལ་མྱི་མེད་མ་བསམས་ཀྱང་ང་ཡང་ཆོག་ཙམ་ཞིག་ཡིན་སྙམ་ཁུལ་བྱེད་ཀྱང་རྫ་ཁྲ་ཡག་ཡན་ལ་གངས་ཡོད། གངས་དཀར་པོའི་ཡན་ལ་གནམ་ཡོད་ལ། རེ་རེའི་ཡན་ལ་རེ་རེ་ཡོད་པས་རྒྱུ་འབྱོར་བ་དང་མངའ་ཐང་ལོངས་སྤྱོད་ཀྱི་ཐད་ནས་ཡར་ལ་མ་ལྟ་མར་ལ་ལྟོས། རང་གི་མན་ན་ཡོད་པ་ལ་མར་ལྟོས་དང་ཆོག་ཤེས་ཀྱི་ནོར་རྫས་རིན་ཐང་ཅན་དེ་ལ་ལེན་རྒྱུ་ཡོད། རིག་གནས་ཡོན་ཏན་གྱི་འབྱོར་བ་དང་ཡ་རབས་བསམ་བློའི་ཀུན་སྤྱོད་ཀྱི་ཐད་ནས་མར་ལ་མ་ལྟ་ཡར་ལ་ལྟོས། ངོམ་མེད་ཀྱི་བརྩོན་འགྲུས་དེར་བསྐྱེད་ནས་ཡར་ལ་ཨེ་སླེབས་ལྟོས་དང་། འཇིག་རྟེན་ཁམས་ཀྱི་བཟང་ཆ་མཛེས་ཆ་ཚང་མ་དཀའ་ལས་བརྒྱབ་ཏེ་བརྩོན་པས་བསྐྲུན་པ་འབའ་ཞིག་ཡིན་པས་ཨེ་འགྲུབ་བལྟས་ན་བུ་འདྲ་འདྲས་ལས་པ་འདྲ་འདྲས་མི་འགྲུབ་པ་ཞིག་གང་ན་ཡོད། ཚེ་འདི་ཕྱི་གཉིས་ཀའི་རང་གཞན་གྱི་བདེ་ཐབས་ཐམས་ཅད་ཡོན་ཏན་བསླབས་པ་ལས་བྱུང་བ་ཡིན། མྱི་ལོ་ལོན་རྒན་རྒོན་རྣམས་ཀྱིས་ལུས་བདེ་སེམས་བདེ་རང་གིས་གྱིས། འཇིག་རྟེན་ཚེ་འདིའི་བྱ་བཞག་སྒྲུབ་པའི་དུས་ཚོད་ཡལ་སོང་བ་ཡིན་ལ། སྡུག་གི་མུན་ནག་དྭངས་མེད་ཀྱི་ནང་ནས་ཐར་ཏེ་ད་ནི་ཚེ་ཕྱི་མའི་འགྲོ་རྩིས་རང་གིས་སྒྲུབ་ཆོག་པའི་སྐྱིད་ཀྱི་ཉི་མ་ད་གཟོད་མགོ་ལ་ཤར་བ་ཡིན། དུས་ཚོད་སྐར་ཆ་རེ་རེར་གསེར་སྲང་འབུམ་ཕྲག་མང་པོར་རི་ཞིང་། ཆོས་སྒྲུབ་དུས་རང་རྒྱུད་ཆོས་དང་བསྲེས་ཏེ་རྐྱེན་ངན་ལམ་དུ་སློང་ཐུབ་དགོས་པས་ལུས་འབྱུང་བཞི་རྒུད་པའི་ན་ཚ་སྡུག་བསྔལ་འདི་དག་བདེ་སྡུག་གཏོང་ལེན་ལ་སོགས་པའི་ཐབས་ལ་བརྟེན་ནས་ཚོར་བ་སྡུག་བསྔལ་ཅན་འདི་གས་གོ་ཆོད་པ་ཞིག་བྱེད་དགོས། ཚེ་སྟོད་བཟའ་ངན་ཁྱིམ་ཚང་སྐྱོང་བར་བྱེད་དུས་རྡོ་རྭ་ཅོ་གཉིས་ཀ་མིན་པས་དོན་ཞིག་ཨེ་ཐོན་ལྟ་ཁུལ་བྱས་ལ། དེ་བཞིན་དུ་ཚེ་སྨད་ཆོས་སྒོར་ཞུགས་དུས་ཐམས་ཅད་ཆོས་ཀྱི་མཐུན་རྐྱེན་དུ་འགྱུར་བའི་ཐབས་ཤིག་ཚོལ། ལོ་ཉུང་དུས་ཚོང་དང་སོ་ནམ་ཞིག་བྱེད་དུས་གང་ཁེ་གང་མནོག་ལྟ་བ་ཡིན་ཞིང། མི་ཚེ་ཐུང་ཐུང་གི་ཚེ་མཇུག་གི་དུས་ཚོད་རིན་ཐང་ཅན་དེ་ཉིད་ལ་ཆོས་གང་ཟབ་རང་ཉིད་ལ་གང་འཕྲད་གདམ་ནོར་མ་ཁུར་པ་ཞིག་བྱས་ཏེ་མདོར་ཞེ་མདོ་ཏིག་ཏིག་ལ་ཚེ་ཕྱི་མའི་ཡུལ་གྱི་བྲོ་རྟེན་འདི་ཡོད་བསམ་རྒྱུ་ཞིག་གྱིས། དོན་མེད་ཁྱིམ་གྱི་འཚོ་རྩིས་དང་ཡུལ་སྡེ་སྲུང་སྐྱོབ་ཐད་ལ་ཐེ་གཏོགས་བྱེད་དུས་མ་ཡིན། དུས་རབས་ཀྱི་མིའི་ལྟ་སྟངས་ཁ་ཁ་ཡིན་ལ། གནའ་ལུས་དང་ད་སེམས་མ་འགྲིག་དུས་བཤད་ཀྱང་ཕ་ཚིག་བུ་ལ་འགྲོ་རྒྱུ་མ་རེད། རང་སེམས་བདེ་སྐྱིད་ཀྱི་ཉི་མ་ནང་ནས་ཤར་བར་གྱིས་དང་འཁོར་ཡུག་སྐྱིད་པོ་དང་ནང་དོན་ཡག་པ་དེར་ཡོད་པ་ཡིན། མདོར་ན་རྒན་གཞོན་ཐམས་ཅད་ཀྱིས་རང་ཉིད་གཞན་གྱི་བྱམས་སྐྱོང་དང་སྙིང་བརྩེ་ལ་རྟེན་ས་ཡོད་ན་སྐྱིད་པ་ལྟར་དུ་གནམ་འོག་གི་མི་མ་དགོས་དུད་འགྲོའི་རིགས་གྱུར་གྱི་སྲོག་ཆགས་ནས་བཟུང་སྟེ་སྙིང་རྗེ་དང་བྱམས་སེམས་ཀྱི་དྲོད་བཅུད་འདིར་རེ་ནས་འདིར་བསྟེན་ཏེ་འཚོ་བའི་དོན་སྙིང་འཚོལ་གྱིན་ཡོད་པ་ཡིན་པས་རང་རྒྱུད་སྙིང་རྗེའི་རླན་དང་མ་བྲལ་པ་ཞིག་གྱིས་དང་དེ་འཛམ་གླིང་ཡུལ་གྲུ་མང་པོར་ཁྱབ་པ་ཞིག་མ་ཐོན་ཡང་རང་སྐྱིད་རོགས་ཀྱང་སྐྱིད་པའི་རྒྱ་ཆེ་ཆུང་ལ་མ་ལྟོས་པའི་རང་གི་འཁོར་ཡུག་བདེ་བའི་སྐྱིད་མགོ་གང་མ་ཞིག་ཚེས་ཐབས་འགྲིགས་སོང་ན་ཚེ་འདིའི་བྱ་བའི་ལམ་འགྲོ་ཕྱི་མའིི་མཐོ་རིས་དང་ཐར་བའི་རང་གཞན་གྱི་བདེ་སྐྱིད་ཚང་མ་དེའི་ཁོངས་ནས་འབྱུང་བ་ཡིན་ཞེས་པའི་ཚིག་མཚམས་འདི་ནས་འཇོག། །།༼དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་ཞལ་ནས་མགུར་དབྱངས་འདི་གསུངས་སོ། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྒྲ་སྒྱུར་མར་པའི་བཀའ་ལུང་བཞིན། །ཕ་ཡུལ་བདུད་ཀྱི་བཙོན་ར་རུ། །མི་རྟག་སྒྱུ་མའི་སློབ་དཔོན་བྱུང་། །སློབ་དཔོན་བཟང་པོ་འདི་ཉིད་ལ། །ངེས་ཤེས་འདྲོང་བར་བྱིན་གྱིས་རློབས། །སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །མི་རྟག་མི་བརྟན་འགྱུར་ཞིང་འགྲོ། །སྒོས་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་མེད་པའི་བྱ་བྱེད་པས། །སྙིང་པོའི་ལྷ་ཆོས་བྱེད་དུ་འགྲོ། །ཕ་ཡོད་ཙ་ན་བུ་ང་མེད། །བུ་ཡོད་ཙ་ན་ཕ་ཡང་མེད། །གཉིས་ཀ་འཛོམས་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་སྟ་སོར་སྒོམ་དུ་འགྲོ། །མ་ཡོད་ཙ་ན་བུ་ང་མེད། །བུ་ང་སླེབས་ཚེ་མ་རྒན་གུམ། །གཉིས་ཀ་འཛོམས་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་སྟ་སོར་སྒོམ་དུ་འགྲོ། །སྲིང་མོ་ཡོད་ཚེ་མིང་པོ་མེད། །མིང་པོ་སླེབས་ཚེ་སྲིང་མོ་འཁྱར། །གཉིས་ཀ་འཛོམས་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་སྟ་སོར་སྒོམ་དུ་འགྲོ། །དམ་ཆོས་ཡོད་ཚེ་ཞབས་ཏོག་མེད། །ཞབས་ཏོག་སླེབས་ཚེ་ཐིགས་པས་གདུང་། །གཉིས་ཀ་འཛོམས་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་སྟ་སོར་སྒོམ་དུ་འགྲོ། །ཕ་ཡུལ་ཕ་ཁང་ཕ་ཞིང་སོགས། །འཁོར་བ་སྙིང་པོ་མེད་པའི་ཆོས། །སྙིགས་མའི་སེམས་ཅན་སུ་དགའ་ཁྱེར། །རྣལ་འབྱོར་ང་ཐར་བ་སྒྲུབ་ཏུ་འགྲོ། །ཕ་དྲིན་ཆེན་མར་བ་ལོ་ཙཱ་པ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །༽ མཇུག་མཐར་པདྨ་ཐང་གི་གཡུལ་རྒྱལ་ཁང་ཚན་དུ་བཞུགས་པའི་འབར་ཆུང་མཁན་པོ་ནུས་ལྡན་རྡོ་རྗེས་མགུར་ཞིག་གསུངས། ༼དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གྲུབ་དབང་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གང་ཉིད་མཚོ་སྙིང་དབེན་པའི་དགའ་ཚལ་དུ་བཞུགས་ཡོད་པའི་སྐབས་ཤིག་ན་དད་ལྡན་སློབ་ཚོགས་རྒྱུ་སྐར་གྱི་གྲངས་བཞིན་འཚོགས་པའི་དབུས་སུ་ལྷག་བསམ་དག་པའི་སྒོ་ནས་རང་གཞན་ཀུན་གྱིས་ཤིན་ཏུ་གོ་སླ་ཞིང་འཁྱེར་བདེ་བའི་སླད་དུ་ཚིགས་བཅད་ཀྱི་མགུར་དབྱངས་འདི་གསུངས་སོ། །དྲིན་ཆེན་བླ་མ་རྣམས་ལ་གསོལ་བ་འདེབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཚེ་འདི་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །ཕ་མ་ཉེ་འབྲེལ་ཚོང་འདུས་མགྲོན་པོ་འདྲ། །ཉམ་ཆུང་ལུས་འདི་ཆུ་ཡི་དབུ་བ་འདྲ། །ནོར་རྫས་མི་རྟག་རྩྭ་མགོའི་ཟིལ་བ་འདྲ། །འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་ཡོད་པ་དམ་པའི་ལྷ་ཆོས་ཡིན། །དམ་ཆོས་བྱེད་པའི་དུས་ནི་ད་རེས་ཙམ། །མ་བྱེད་མ་བྱེད་ཚེ་འདིའི་བྱ་བ་ཞོག། བྱེད་ན་བྱེད་ན་དམ་པའི་ལྷ་ཆོས་གྱིས། །ཕྱུག་པོ་ཕལ་ཆེར་རང་གིས་ཟ་མི་ཕོད། །གཞན་ལ་མི་སྟེར་ཆོས་ཕྱོགས་གཏོང་མི་ནུས། །ཕྱི་དུས་ཟས་ནོར་དོན་མེད་ལག་ཏུ་འགྲོ། །ཕྱི་མར་ལག་སྟོང་འགྲོ་དུས་སྙིང་རེ་རྗེ། །མ་ཡིན་མ་ཡིན་ཕྱུག་པོའི་བྱ་བ་ནོར། །ཡིན་ན་ཡིན་ན་གསོན་དུས་མཆོད་སྦྱིན་ཐོང་། །ཚེ་འདིའི་བྱ་བ་བསམས་ན་དགོས་པ་མང་། །རྟ་གཅིག་རྙེད་ན་སྒ་གཅིག་འཚོལ་དགོས་པས། །མི་དགོས་དགུ་དགོས་འཇིག་རྟེན་འཁོར་བའི་ཆོས། །བྱས་ཀྱང་མི་ཚར་ཚར་ཡང་སྙིང་པོ་མེད། །མ་བྱེད་མ་བྱེད་ཚེ་འདི་བློ་ཡིས་ཐོང་། །བྱེད་ན་བྱེད་ན་སྡིག་སྤང་དགེ་སྒྲུབ་གྱིས། །འཇིག་རྟེན་པ་རྣམས་དགྲ་འདུལ་གཉེན་སྐྱོང་དང་། །ཡོད་པ་འཚོ་སྐྱོང་མེད་པ་བཙལ་རྙེད་དང་། །ཚོང་དང་ཞིང་ལས་ཁོ་ནས་གཡེངས་གཡེངས་ནས། །ཡོད་མེད་གཉིས་ཀས་མི་ཚེ་སྡུག་ཟད་བྱེད། །མ་ཤི་བར་དུ་ཁོམ་པའི་དུས་མི་འབྱུང་། །ཤི་ནས་ཕྱིར་ལ་འོང་བའི་མི་གཅིག་མེད། །མ་བྱེད་མ་བྱེད་ཚད་མེད་བྱ་བ་ཞོག། བྱེད་ན་བྱེད་ན་ཕྱག་སྐོར་ཁ་ཏོན་གྱིས། །ཚེ་འདིའི་ལྟོ་རྒྱབ་འདང་བ་མ་གཏོགས་པར། །གསོག་འཇོག་མང་པོ་བྱས་ནས་ནམ་ཚོད་ཟ། །མི་ཚེ་ཡུན་ཐུང་ལ་མགོའི་ཉི་ཟེར་འདྲ། །ཉི་ཟེར་ཡུན་རིང་ཨེ་སྡོད་བསམ་བློ་ཐོང་། །ཚེ་འདིའི་ཟས་ནོར་ཁོ་ནར་བསགས་བསགས་ནས། ཡུན་རིང་སྡོད་རྩིས་བྱེད་རྣམས་བློ་སྙིང་རུལ། །མ་གསོག་མ་གསོག་ཟས་དང་ནོར་མ་གསོག། གསོག་ན་གསོག་ན་འཕགས་པའི་ནོར་བདུན་སོག། ལོ་བཅུ་ནས་བཟུང་རྒན་པོ་བརྒྱད་ཅུའི་བར། །འཆི་བ་ཡོང་སྙམ་མེད་པའི་བློ་རིང་ཚོ། །དོན་མེད་ཚེ་འདིའི་ལྟོ་རྒྱབ་བསྒྲུབས་བསྒྲུབས་ནས། །ད་རེས་སྟོང་ལོག་བྱས་ན་བྱ་བ་ནོར། །འཆི་དུས་དགོས་པ་དམ་པའི་ཆོས་ཡིན་པས། །མ་ཤི་གོང་དུ་ཆོས་ཤིག་མི་བྱེད་དག། མ་རིང་མ་རིང་ཧ་ཅང་བློ་མ་རིང་། །ད་ལྟ་ད་ལྟ་འཆི་བྲོད་ལྷ་ཆོས་གྱིས། །ལོ་བརྒྱ་ཐུབ་པའི་མི་ནི་ཤིན་ཏུ་དཀའ། །ད་ལྟའི་ཚེ་ཚད་དྲུག་ཅུ་བདུན་ཅུ་སྟེ། །ཚེ་སྟོད་དམ་ཆོས་མི་དྲན་ཚེ་སྨད་ལ། །དྲན་ཡང་མི་ནུས་བར་གྱི་ཚིས་ལ་གཡེང་། །ཕྱེད་ཀ་གཉིད་དང་བཟའ་བཏུང་གཡེང་བས་ཁྱེར། །དམ་ཆོས་སྒྲུབ་སྐབས་ཅུང་ཟད་ཙམ་མིན་མེད། །ཅུང་ཟད་ཙམ་ལས་མེད་པར་མི་ཤེས་པར། །དམ་ཆོས་མི་བྱེད་ཡུན་རིང་སྡོད་གཤོམ་བྱེད། །བློ་རྒྱ་ཅན་ཚོའི་སྙིང་ལ་གདོན་གང་ཞུགས། །མ་བྱེད་མ་བྱེད་རྣམ་གཡེང་ལས་མ་བྱེད། །བྱེད་ན་བྱེད་ན་དོན་ཆེན་སྒྲུབ་སྐབས་ཡིན། །གློ་བུར་འཆི་བས་ནད་ཀྱིས་བཟུང་ཙ་ན། །སྨན་དང་རིམ་གྲོ་བྱས་ཀྱང་ཟློག་པ་དཀའ། །སྨན་པ་རིམ་གྲོ་བྱེད་རྣམས་ངོ་འཛུམ་གནག། ཁོ་བོ་འཆི་སྙམ་འཇིགས་སྐྲག་འགྱོད་པ་སྐྱེ། །བུ་དང་བུ་མོ་འདྲ་མཉམ་མཆི་མ་གཏོང་། །མིག་གིས་ཧྲིག་ཧྲིག་ལྟ་ཞིང་ཁ་ཆེམས་འཇོག། མ་བྱེད་མ་བྱེད་ཁ་ཆེམས་དགོས་པ་མེད། །བྱེད་ན་བྱེད་ན་ད་ལྟ་དགེ་རྩ་གྱིས། །ཕ་མས་བུ་ཚ་གཅེས་པར་བསྐྱངས་ན་ཡང་། །ཕ་མ་ཤི་དུས་དགེ་རྩ་བྱེད་མཁན་དཀོན། །སྙིགས་དུས་བུ་ལ་བློ་གཏད་ཅི་ཡང་མེད། །རང་དབང་རང་ལ་ཡོད་དུས་དགེ་ཕྱོགས་གྱིས། །གལ་ཏེ་གསོན་དུས་དགེ་རྩ་བྱེད་སྐབས་ནི། །མ་བྱུང་གློ་བུར་འཆི་ན་ཁ་ཆེམས་ལ། །ད་ནི་མི་རྙེད་ཡུལ་དུ་འགྲོ་བ་ཡིན། །ཁྱེད་རྣམས་རྙེད་ཀྱི་ཡུལ་ནས་འདུག་པས་ན། །ང་ལ་དགེ་རྩ་ཅི་ནུས་ཐོང་ཞེས་ཤོད། །དེ་མེད་ཁོ་བོ་ཕྱིར་ལ་འོང་བ་ལྟར། །ལབ་ལབ་མང་པོས་འཆི་ཁར་དགོས་པ་མེད། །ཁ་ཅིག་འཆི་དུས་ཁོ་ལ་དགེ་རྩ་ནི། །མི་དགོས་ཁྱོད་ཚོ་རྣམས་ཀྱི་ཁ་རྒྱབ་དགའ། །ཟེར་བ་དེ་ནི་དཔེར་ན་མུན་ནག་ཏུ། །འགྲོ་ལ་མར་མེ་མི་དགོས་དཀར་ངོགས་སུ། །འདུག་པ་རྣམས་ལ་དགོས་ཞེས་བཤད་པ་འདྲ། །མི་དེ་སྨྱོས་ཟིན་དོན་སྙིང་རུལ་བ་ཡིན། །མ་བཤད་མ་བཤད་དེ་འདྲ་མ་བཤད་པར། །བཤད་ན་བཤད་ན་དགེ་རྩ་ཐོང་ཞེས་ཤོད། །མ་ཤི་གོང་ནས་རོ་དེ་གཡོར་བ་རྣམས། །སྟ་གོན་བྱེད་ཀྱང་ཕྱི་དབུགས་ཆད་མ་ཐག། ཐ་གུས་བསྡམས་ནས་ཡོལ་བས་བསྒྲིབས་ནས་འགྲོ། །མི་རྣམས་ཐམས་ཅད་འདུས་ནས་ངུ་འབོད་བྱེད། །སྔས་མགོར་བླ་མ་གདན་དྲངས་དྲིལ་བུ་དཀྲོལ། །རོ་ཡི་དྲུང་དུ་བཟའ་བཏུང་བཀར་བ་ནི། །ཅུང་ཟད་ཙམ་རེ་འཇོག་པའི་དུས་ཚོད་དེ། །དོ་ནུབ་ནངས་པར་མི་འོང་ངེས་པ་མེད། །མ་རིང་མ་རིང་བློ་སྣ་མ་རིང་བར། །ད་ལྟ་ད་ལྟ་ཆོས་ལ་འབད་ན་ལེགས། །ཐམས་ཅད་བཞག་ནས་རང་ཉིད་གཅིག་པུ་རུ། །སྔོན་ཆད་ཐོས་ཀྱང་འགྲོ་མ་མྱོང་བ་ཡི། །རྒྱུས་མེད་ཆ་མེད་བར་དོའི་འཕྲང་རིང་འགྲིམ། །གཤིན་རྗེ་ཆོས་རྒྱལ་དྲུང་དུ་སོང་ཙ་ན། །གཤིན་རྗེ་ཆོས་རྒྱལ་ཞལ་ནས་འདི་སྐད་གསུངས། །ཁྱོད་ནི་དམ་ཆོས་དར་བའི་ཡུལ་དུ་སྐྱེས། །བླ་མའི་ཞལ་ནས་ང་ཡི་དགེ་སྡིག་ཀུན། །ཤན་ཕྱེས་དགེ་བ་བྱེད་རྣམས་ཡར་ལ་གཏོང་། །སྡིག་པ་བྱེད་རྣམས་མར་ལ་གཏོང་ངོ་ཞེས། །གསུངས་པ་གོ་ནས་དགེ་བ་བྱེད་ལུགས་ཡོད། །དཀོན་མཆོག་མཆོད་པ་དབུལ་བོ་སྦྱིན་གཏོང་དང་། །དྲིན་ཆེན་བླ་མ་ཕ་མའི་ཞབས་ཏོག་སོགས། །དགེ་བ་གང་བྱས་དྲང་པོར་ཤོད་ཅེས་ཟེར། །འཇིགས་སོ་འཇིགས་སོ་སེམས་ཡོད་སྐྱེས་བུ་རྣམས། །མ་སྒྲུབ་མ་སྒྲུབ་ངན་འགྲོའི་རྒྱུ་མ་སྒྲུབ། །ད་ལྟ་ད་ལྟ་མི་འཆི་ངེས་པ་མེད། །ཀྱེ་མ་ཀྱེ་ཧུད་ཤི་ན་དེ་རུ་འགྲོ། །རང་གིས་རང་ལ་ཤ་ཚ་བྱེད་སྙམ་ན། །མ་སྡོད་མ་སྡོད་ད་ལྟ་ལྷ་ཆོས་རེམ། །མ་ཉལ་མ་ཉལ་ཕྱག་དང་སྐོར་བ་གྱིས། །ཨེ་མ་ཨེ་མ་མཐོ་རིས་ཐར་ལམ་ལ། །མི་རྣམས་མི་རྣམས་མིག་གིས་ཡར་ལ་ལྟོས། །མྱུར་བ་མྱུར་བར་དེ་ལ་འགྲོ་ཐབས་གྱིས། །གླུ་འདི་ཐོས་ཚད་འཆི་བར་རབ་འཇིགས་ནས། །ཕྱི་མར་སྐྱིད་པའི་ལྷ་ཆོས་བྱེད་པར་ཤོག། ཅེས་པ་འདི་ནི་དད་ལྡན་ལྷུན་གྲུབ་སོགས་ཨ་རིག་ཡོན་བདག་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་སྨྲས་པའོ། །༽ འདི་ནས་གསལ་བཤད་བྱེད་རྒྱུ་ཞིག་ལ་སང་ཉིན་མ་ཎི་འཚོག་རྒྱུ་དང་གསུར་ཆེན་ཕུད་རྒྱུ་རེད། གནངས་ཉིན་ཚོགས་འཁོར་འཚོག གཞེས་ཉིན་དབང་ཡིན། དབང་བསྐུར་རྒྱུ་དེ་སྔོན་མ་ལྟར་དུ་བདེ་ཆེན་ཞིང་དབང་ཡིན་ཞིང་། ཡིན་ན་ཡང་ད་རེས་ཀྱི་དབང་འདི་ཞིབ་ཆ་བྱས་ཏེ་བསྐུར་དགོས་སྙམ་གྱིན་ཡོད། སྤྱིར་འུ་ཚོ་བོད་ཁམས་ཁུལ་ལ་སོགས་པའི་ས་ཆ་མང་པོ་ཞིག་ནས་མང་ཚོགས་ཀྱིས་ཁྲོམ་དབང་ཞུ་ཟེར་དུས་འཚུབ་ཅིག་བརྒྱབ་སྟེ་ཆུ་ཐིགས་གཅིག་སུ་སྔ་གང་མགྱོགས་བྱས་ནས་འཐུང་རྒྱུ་ལོན་དུས་རྒྱུག་འགྲོ་བ་ཡིན་ལ། དབང་ཅི་ཞིག་གི་དབང་ཡིན། དབང་ཚིག་དང་སྦྲགས་ནས་དམིགས་པ་གཏད་རྒྱུ་མ་དགོས་དང་། དབང་གི་མཚན་ཙམ་ཞིག་འཛིན་མི་ཤེས་པ་དང་། དེའི་ཕྱོགས་ལ་སེམས་གཏན་ནས་འཁོར་མ་མྱོང་བ་ཡང་གང་མང་མང་ཡིན། དེ་ལྟར་ན་སྤྱིར་ན་གསང་སྔགས་ཀྱི་དབང་དེ་གནད་ཆེ་ཞིང་། རང་རྒྱུད་སྨིན་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པས་མི་ཚད་སྔགས་ཀྱི་སྡོམ་པ་ཞེས་པ་དེ་དུས་ཐོབ་པ་ཡིན། བཏགས་པ་བ་སྡོམ་གཟུང་གི་སྐབས་དང་། མཚན་ཉིད་པ་དམ་ཚིག་ཁས་ལེན་གྱི་གནས་སྐབས་སུ་ཐོབ་པ་ཡིན་ཞེས་ཐེངས་མ་མང་པོ་བཤད་ཡོད། དེའི་ནང་ནས་རང་རེས་ཞིང་དབང་བསྐུར་རྒྱུ་འདི་ཉི་མ་བདུན་དུ་ཞིང་ཁྲིད་དང་འབྲེལ་བའི་ཞིང་སྒྲུབ་འཚོགས། ཉི་མ་བདུན་སྒྲུབ་ཀྱིས་དགེ་འདུན་པ་འདི་འདྲའི་མང་པོ་ཞིག་དབུར་བཞུགས་ས་ནས་ཆོས་པ་ཁྲི་ཁ་ལངས་པ་དེ་ཉིད་ཀྱིས་ཉི་མ་རེ་རེ་བཞིན་དུ་སྔགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དང་སྦྲེལ་ཏེ་བསྒྲུབས་པའི་དངོས་གྲུབ་ལེན་པ་ཡང་ཡིན་པས་ཞིབ་ཆ་ཞིག་དེ་ཡིས་དགོས་འདུག་བསམ་པ་ཡིན། དབང་བསྐུར་བ་ལ་སྦྱོར་བ་སྔོན་འགྲོའི་ཆོ་ག་ཁྲུས་བྱེད་པ། བགེགས་བསྐྲད་པ། སྲུང་འཁོར་སྒོམ་པ་ལ་སོགས་པ་དང་། དངོས་གཞིའི་དབང་ལ་མཚོན་ན་བྱིན་འབེབས་དང་། དབང་དངོས་གཞི། རྗེས་གནང་། རིག་གཏད་ལ་སོགས་པའི་རང་འགྲོས་ལྟར་གྱི་དངོས་གཞི་དབང་དེ་བསྐུར་ཚར་རྗེས་སུ་སྦྱོར་དངོས་རྗེས་ཀྱི་རྗེས་ཞེས་པ་རྗེས་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་སྲུང་བའི་ཁས་ལེན་དང་། ཡོན་འབུལ། ཤིས་བརྗོད། བསྔོ་བ། སྨོན་ལམ་ལ་སོགས་པ་ཡོད་པ་ཡིན། སྦྱོར་དངོས་རྗེས་གསུམ་པོ་ཚང་དུས་དབང་ཆ་ཚང་ཞིག་ཐོབ་སོང་བ་ཡིན་ཞིང་། ད་སྔོན་དབང་ཆ་ཚང་ཞིག་ཐོབ་མ་སོང་ཞེས་བཤད་ན་ཡིན་རྒྱུ་མ་རེད། ཉི་མ་མང་པོ་འཚོགས་ནས་མཇུག་གྲུབ་ལ་ཉེ་དུས་རང་གཞན་གཉིས་ཀས་བྲེལ་ལ་ཚུབ་ཚུབ་ལྟ་བུ་ཞིག་བྱས་པ་དེ་འགྲིག་མི་འདུག དབང་ཆ་ཚང་ཞིག་མ་ཐོབ་དུས་མི་ཆ་ཚང་ཞིག་མིན་པ་ལྟ་བུ་རེད། ཁོག་སྟོད་ཡན་ཆད་ཁོ་ན་མི་གསོན་པོ་མ་ཡིན་ཞིང་། ཁོག་སྨད་དང་ཡན་ལག་ཉིང་ལག་དང་བཅས་པ་ཆ་ཚང་ཡོད་དགོས་ལ། མི་ཆ་ཚང་ཞིག་ལ་མཛུབ་གུ་དང་སོར་མོ་བཅས་པ་ཆད་མི་རུང་བ་ལྟ་བུ་ཡིན། ད་རེས་དབང་གི་འགོ་བཟུང་ནས་རྗེས་ཆོག་དང་བཅས་པ་ཡོངས་སུ་མ་རྫོགས་ཀྱི་བར་དུ་འཚོག་མར་གྲོལ་མི་འགྲོ་བར་འདུག་རྒྱུ་བྱེད་དགོས། དབང་འགྲེམ་རིང་འགྲེམ་ཚེ་རང་རང་གིས་ཕྲེང་བ་བཅད་དེ་ཡིག་བརྒྱ་གསོག་དགོས། ཡིག་བརྒྱ་མི་ཤེས་པའི་བྱིས་པ་ཚོས་ཡིག་དྲུག་གསོག་ན་ཆོག ཡིག་བརྒྱ་གསོག་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། རྡོ་རྗེ་སེམས་དཔའ་དེ་རིགས་རྣམས་ཀུན་འདུས་ཀྱི་བདག་ཉིད་ཡིན་ལ། དངོས་གྲུབ་ཀྱི་བསྐུལ་སྔགས་ལ་དེ་ཡིས་ཡན་ཞིག་མིི་དགོས་ཤིང་། དུས་རྒྱུན་རང་གཅིག་པུས་ཁྱིམ་ནས་བཏོན་པ་བས་དགེ་འདུན་འདུས་པ་མང་ཚོགས་ཀྱི་བྱིན་རླབས་ཀྱིས་ཁྲི་འགྱུར་འབུམ་འགྱུར་གྱིས་ཡར་འཕེལ་གྱིན་ཡོད་པས་དགེ་སྦྱོར་ཆེ་བ་དེ་ཉིད་དེའི་ཉིན་པར་བསྒྲུབ་དགོས། དབང་རྫས་འགྲེམ་དུས་སུ་ཡང་དགེ་འདུན་པ་སྔོན་མ་ཡིན་པའི་ངེས་པ་མེད། དང་པོར་ས་ཕྱོགས་གཞན་ནས་ཡོང་བ་ཐམས་ཅད་སྔོན་དུ་མངགས་ཏེ་གཞིས་འགྲུལ་གྱི་ཁྱད་པར་གྱིས་དེ་རྣམས་ལ་དམིགས་བསལ་གྱི་གུས་ཞབས་དགོས། དེ་འཕྲོས་གཞི་པ་འབྲོག་རུ་ཤོག་ཁ་རྣམས་ཀྱི་རང་ཤོག་གི་རུ་བསྟར་བསྒྲིག་རྒྱུ་ཡིན། སྡེ་བ་སྡེ་བ་ནས་ཕྲེང་བསྒྲིགས་ཏེ་ཡོང་རྒྱུ་བྱེད་དགོས། དེ་ཡང་ཞིང་སྒྲུབ་ཀྱི་ཁོ་རང་གི་ལོ་རྒྱུས་ཀྱི་བྱུང་རིམ་ལྟར་སྦྱིན་བདག་སྔོན་རྗེས་ཀྱི་ཆོས་གྲོགས་རྒན་གཞོན་གྱི་གྲྭ་པས་བསླབ་གྲལ་བསྒྲིགས་པ་བཞིན་དུ་གོ་རིམ་ལྡན་པ་རྒྱུ་མཚན་ཡོད་པ་ཞིག་བྱས་ཏེ་ཡོང་རྒྱུ་བྱེད་དགོས། ཆོས་ཞུ་དང་མཆོད་མཇལ་གྱི་རིགས་འགྲོ་དུས་ཕོ་མོ་རྒན་གཞོན་སུ་ཡིན་ཡང་གྱོན་རྒྱུ་གཙང་མ་རེ་གྱིས་དང་བཟང་ཆ་ཡོད། ཁྱད་པར་དུ་གཙུག་ལག་ཁང་གཅིག་གི་ནང་དུ་འདི་ལྟར་བྱས་ནས་དགེ་འདུན་པ་མཉམ་དུ་འཚོག་དུས་གོས་རྙིང་ཏག་ཏག་གིས་དྲི་མ་ཕ་ལེ་བཙོག་བྱས་ན་ཉེས་པ་འབྱུང་རྒྱུ་རེད། དབང་འགྲེམ་དུས་ཀྱི་སྒྲིགས་ལམ་འཆར་གཞི་ཞིག་དེ་དུས་བཤད་ན་ཆོག་མ་གཏོགས་དེ་མིན་སྐད་ཆ་བཤད་པའི་དུས་ཚོད་སང་ཉིན་ཕན་ཆད་ནས་མེད་རྒྱུ་ཡིན་པས་དེ་ཡིས་བཤད་པ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་དང་། ཐེངས་འདིའི་ཞིང་མཆོད་ཆེན་མོ་དང་འབྲེལ་ཏེ་ཞིང་ཁྲིད་ཞིང་སྒྲུབ་སྦྲགས་མ་འདིར་ཞུགས་ནས་བསྙེན་སྒྲུབ་མཛད་པའི་དགེ་རྩ་སྤྱིི་དང་། བྱེ་བྲག་ཏུ་ད་རེས་ཀྱི་སྦྱིན་པའི་བདག་པོ་སྔར་མིང་ལ་གཡང་འཁྱིལ་སྡེ་བ་དང་། ད་མིང་ལ་མདའ་བཞི་གཡང་སྡེ་ཕྱུག་མོས་མཆོད་པའི་ཞབས་འདེགས་ཕུལ་བ། དགེ་འདུན་པ་ལ་གསོལ་ཇ་དྲང་འདྲེན་ལ་སོགས་པ་བསྙེན་བཀུར་གྱ་ནོམ་པ་བྱས་པ་དང་། འདིའི་དགེ་རྩ་ཡོངས་རྫོགས་བསམ་པ་བཟང་པོས་ཀུན་སློང་གིས་མཐུན་འགྱུར་སྣ་རེ་བྱས་པ་ཚུན་ཆོད། དེ་མིན་གྱི་ཆོས་ཞུ་མཁན། ཐུན་ལ་ཞུགས་མཁན། ཇོ་བོ་ལ་གསེར་ཆབ་གསོལ་བ། གཤིན་གསོན་གྱི་དོན་དུ་གསེར་ཀོང་རྒྱོང་བ། ཇོ་བོ་ལ་ན་བཟའ་སྙན་ཤལ་འབུལ་བ། རྔོན་རྒྱ་རི་ཁྲིམས་ཀྱིས་སེམས་ཅན་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བྱས་པ། དགེ་འདུན་པ་ལ་སྐུ་འགྱེད་བཏང་བ། མར་མེའི་དཀར་བསབ། མཆོད་པ་ལ་ཞབས་ཞུ་བྱས་པ། གཙུག་ལག་ཁང་ལ་བྱི་དོར་བྱེད་མཁན། ཆོས་རའི་ཁོར་ཡུག་ལ་གཙང་སྦྲ་བྱེད་མཁན། དེ་འཕྲོས་ཕྱག་དང་། སྐོར་བ། བརྐྱངས་ཕྱག དགེ་སྒྲུབ་སྡིག་སྤང་གི་ཁས་ལེན་བྱེད་མཁན། མདོར་ན་ཆོས་རར་རྡོག་པས་བརྫིས་ཚད། ཐ་ན་མི་ངོ་མ་འདིར་མ་ཐོན་ཡང་དང་ཞིང་དགའ་བའི་སེམས་ཀྱིས་རྗེས་སུ་ཡི་རང་དང་བཅས་ཏེ་ཐལ་མོ་ཡ་གཅིག་གི་ཕྱག་རྒྱ་གཅིག་འཆའ་མཁན་ལ་སོགས་པ་ཆོས་ཚོགས་འདི་དང་འབྲེལ་བའི་དགེ་རྩ་ཅི་ཡོད་རྣམས་དང་། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་ཀུན་ཏུ་བསགས་པའི་ཟག་བཅས་ཀྱི་དགེ་རྩ་དང་། དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་ཟག་མེད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་། བཟླུམས་ཏེ། བསྡོམས་ནས་ཀུན་མཁྱེན་རྒྱལ་བ་ཤཱཀྱ་སེངྒེའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་ཐམས་ཅད་ཀྱི་སྐུ་ཚེའིི་ཞབས་པད་མི་འགྱུར་རྡོ་རྗེའི་ཁྲི་ལ་ཡུན་རིང་དུ་བརྟན་ནས་རྨད་བྱུང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བསྟན་པའི་གཞི་མ་དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ། དེས་མི་ཚད་པར་འབྱོར་ལྡན་བསྟན་པའི་སྦྱིན་བདག་ཐམས་ཅད་ཀྱི་མངའ་ཐང་ལོངས་སྤྱོད་རྒྱས། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད། ནད་མུག་མཚོན་འཁྲུག་དང་འབྱུང་བཞིའི་འཇིགས་པ་ཐམས་ཅད་ཞི། ཁྱད་པར་དུ་ཡངས་པའི་རྒྱལ་ཁམས་ཆེན་པོ་རྣམས་ལ་དབང་སྒྱུར་བའི་ཆེ་བཙན་དྲག་ཤུལ་ཅན་ཚང་མའི་སེམས་རྒྱུད་ལ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཤིག་འཁྲུངས་ནས་གནོད་འཚེ་གདུག་པའི་བསམ་སྦྱོར་མེད་པས་མ་ཚད་པར་ཀུན་ལ་སྙོམས་པའི་བྱམས་པ་ཆེན་པོས་རིས་མེད་བུ་བཞིན་དུ་སྐྱོང་བ་དང་། ཡིད་ཅན་འགྲོ་བ་ཐམས་ཅད་ཀྱང་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་རྟག་ཏུ་འཚོས་ནས་ཕན་ཚུན་ཕ་མ་དང་སྤུན་སྲིང་ལྟ་བུའི་མཐུན་སེམས་དང་གཅེས་སེམས་ཀྱི་འདུ་ཤེས་ནམ་ཡང་མི་ལྷོད་པའི་ཐོག་ཏུ་ད་རེས་ཀྱི་སྦྱིན་བདག་སྡེ་བ་འདིས་གཙོར་བྱས་པའི་ཐེངས་འདིའི་ཚོགས་བསགས་མཆོད་འབུལ་བསྙེན་སྒྲུབ་ཆོས་ཐུན་ལ་དངོས་སུ་ཞུགས་ཚད་ཡི་རང་བྱས་ཚད་གོང་ནས་བཤད་པ་ལྟ་བུའི་མཆོད་ཡོན་ཐམས་ཅད་དང་འབྲེལ་བའི་སྔར་ཤི་རྙིང་པ། ད་ཤི་གསར་བ། ཤི་བོ་ཆོས་མེད་དགེ་མེད། དགེ་བའི་བསགས་རྒྱབ་ཆུང་བ། ཆོས་ཀྱི་ར་མདའ་ཞན་པ། དགེ་རྩ་བདུན་དེད་ཀྱིས་མ་དྲངས་ནས་ཤི་ངོ་ད་རུང་མ་ཤེས་པའི་བླ་འཁྱམ་བཞིན་པ། གདོན་བགེགས་ཀྱི་སྡོངས་ཟླ་དང་འགྲོགས་ཡོད་པ། རང་སྲོག་རང་གིས་བཅད་པ། གྲིར་ཤི་འགག་ཤིར་གྱུར་པ། ཤི་བར་དོ་མགོན་མེད་སྐྱབས་མེད་ལ་ཆོས་མེད་ལག་སྟོང་དུ་ཡོད་པ་ལ་སོགས་པ་འབྲེལ་ཐོགས་ཚེ་འདས་ཕོ་མོ་རྣམས་ཀྱིས་གཙོས་བྱས་པའི་མར་གྱུར་མཐའ་ཡས་ཀྱི་སེམས་ཅན་ཐམས་ཅད་མྱུར་དུ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར་དུ་གང་བསྔོ་བྱ། སྔོ་བྱེད། བསྔོ་ཡུལ་དང་བཅས་པ་ཐམས་ཅད་གོང་ནས་བཤད་པ་ལྟར་དུ་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་སྔར་འཕགས་པ་འཇམ་པའི་དབྱངས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་དང་བཅས་ཏེ་བསྔོ་བ་སྨོན་ལམ་གྱི་ཞལ་འདོན་ལྷན་དུ་གསུངས་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཨེ་མ་ཧོ། ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་། །གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ། །སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར། །བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི། །བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག། སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག །དེ་སྐད་བདག་གིས་སྨོན་ལམ་བཏབ་པ་ལ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བོ་དྷ་ནི་སྭཱཧཱ། བསླུ་མེད་བདེ་ལྡན་ཞིང་མགོན་འོད་དཔག་མེད། །རྩེ་གཅིག་དད་པའི་ཤུགས་ཀྱིས་ཁྱེད་བསྒོམ་ན། །དང་བའི་ཡིད་ངོར་སྣང་སྟོང་སྒྱུ་མའི་སྤྲིན། །སྐུ་དང་ཞིང་ཁམས་རྟག་ཏུ་འཆར་བར་ཤོག །བརྩེ་ཆེན་སྙིང་རྗེས་དྲངས་པའི་བྱང་སེམས་ལ། །རྟག་ཏུ་གོམས་པའི་རྒྱལ་སྲས་སྤྱོད་མཆོག་གིས། །རླབས་ཆེན་ཚོགས་གཉིས་སྤྱོད་པ་མཐར་ཕྱིན་ཏེ། །དཔག་ཡས་དགེ་བའི་རྩ་བ་ཡོངས་བསྐྱེད་ཤོག །རང་དང་གཞན་གྱི་དུས་གསུམ་བསགས་པ་ཡི། །རྣམ་དཀར་བསོད་ནམས་ཕུང་པོ་ཇི་སྙེད་པ། །དམིགས་བྲལ་འཁོར་གསུམ་དག་པས་བྱང་ཆུབ་ཆེར། །ཡོངས་སུ་བསྔོ་བས་སྲིད་པ་མཐར་བྱེད་ཤོག །ཁྱེད་ལ་ཡང་ཡང་གསོལ་བ་བཏབ་པ་དང་། །མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་མཐུས། །ངེས་དོན་འོད་དཔག་མེད་པའི་ཞལ་མཐོང་ནས། །བདེ་ཆེན་ཞིང་ཁམས་རྟག་ཏུ་འཛིན་པར་ཤོག །འདི་ནས་ཉིང་མཚམས་སྦྱར་མ་ཐག། དག་པའི་ཞིང་ཁམས་བདེ་བ་ཅན། །པདྨའི་སྙིང་པོའི་ཟེའུ་འབྲུ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །ཧྲཱི། སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་གཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །གངས་རིའི་ར་བས་སོགས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །


previousཉིན་ལྔ་བའི་ཆོས་ཁྲིད། next