Nitartha Digital Library
Tibetan
 
previousཉིན་དང་པོའི་ཆོས་ཁྲིད།next

ཉིན་དང་པོའི་ཆོས་ཁྲིད།

འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཅར་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ།།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གང་གི་ཞལ་བཟང་བལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས། །བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས། །འཛམ་བུའི་གླིང་འདིར་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་། །སྐུ་གསུམ་མཛད་པའི་ངོ་བོར་གཅིག་སྟེ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །གངས་ལྗོངས་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་བརྩེའི་འོད་ཟེར་ཅན་ལ་འདུད། །ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །མཁྱེན་པས་ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། །ཐུགས་བརྩེའི་འོད་ཟེར་གདུལ་བྱའི་དཔལ་དུ་ཤར། །ཟབ་ལམ་ཐེག་རྩེའི་བསྟན་པ་གསལ་མཛད་པ། །རིག་འཛིན་འཇིགས་མེད་གླིང་པ་ལ་ཕྱག་འཚལ། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱིས། །ཟབ་གཏེར་བདག་པོར་མངའ་གསོལ་འཁོར་ལོས་བསྒྱུར། །སངས་རྒྱས་གླིང་པའི་ཡང་སྤྲུལ་སྦས་ཚུལ་འཆང་། །ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས། །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བགྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། །འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བི་མ་ལ། །དབྱེར་མེད་ཐུགས་རྗེ་གཅིག་བསྡུས་སྤྲུལ་པའི་སྐུ། །མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས། །ཨོ་རྒྱན་རིག་འཛིན་ཆེན་པོའི་རིང་ལུགས་ཀྱི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་མཛད་ཅིང་། ཡོན་ཏན་ནོར་བུའི་མཛོད་མངའ་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཕགས་ཡུལ་མཁས་པའི་དབང་ཕྱུག་ཟླ་བ་གྲགས། །གངས་ལྗོངས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་རྗེ། །དབྱེར་མེད་ཐུགས་རྗེ་ཡས་སྤྲུལ་དགེ་བའི་བཤེས། །གཞན་ཕན་ཆོས་ཀྱི་སྣང་བར་གསོལ་བ་འདེབས། །བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡཱ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ན་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མི་འམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག །བསྐལ་པ་སྟོང་དུ་ཐོས་པ་རབ་དཀའ་ཞིང་། །གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ། །བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ། །བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན། །གང་ཞིག་གཏན་གྱི་སྐྱབས་གནས་མཆོག་གྱུར་པ། །དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །དེ་ལ་དད་བྱས་རྣམ་སྨིན་ཡང་དེ་བཞིན་ཏེ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བགྲང་ན་ཡང་། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ཞིང་། །རྣམ་པར་གྲོལ་བ་རིན་ཆེན་སྣ་ཚོགས་དང་། །ཟབ་མོ་རྒྱལ་བའི་བཀའ་འདི་གུས་པས་ཉོན། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག། ༈ དེ་ཡང་ཀུན་མཁྱེན་ཆོས་རྗེས་མན་ངག་མཛོད་ཀྱི་གདམས་ངག་དྲུག་གིས་གནད་དུ་བརྡེག་པ་ཞེས་པའི་ནང་དུ། བཟའ་མི་ཚོང་འདུས་མགྲོན་པོ་འཚོགས་པ་འདྲ། །ནམ་འབྲལ་མི་ཤེས་མཐར་ཐུག་དོན་ལ་སྦྱོངས། །གཉེན་འདུན་ལྕང་ཁའི་བྱེའུ་ཆུང་འདུས་པ་འདྲ། །ནམ་གྱེས་མི་ཤེས་གདུང་སེམས་འཁྲི་བ་ཆོད། །ཚེ་སྲོག་མི་རྟག་རྩྭ་ཁའི་ཟིལ་བ་འདྲ། །སྒོམ་སྒྲུབ་ཆོས་ལ་བརྩོན་པ་དྲག་དུ་སྐྱེད། །ལ་སོགས་པ་གསུངས་པ་དང་ནི། ད་དུང་ཆོས་བྱེད་རྣམས་ཀྱི་དུས་ཚོད་རྣམ་དྲུག་གི་ནང་ན། གནས་ལུགས་དོན་ལ་ལྟ་བའི་རྩལ་སྦྱོང་ཚེ། །གོལ་སྒྲིབ་འོང་བའི་དུས་ཡིན་བླ་མ་བསྟེན། །ཞེས་གསུངས་ཡོད་པས། ཁྱིམ་བཟའ་ཚང་གྲྭ་རོགས་གྲོགས་མཆེད། འཁོར་སློབ་མ། གཉེན་བཤེས་དགའ་འདུན་གཅིག་ཀྱང་རྟག་པ་མེད་ཅིང་བརྟན་པ་མིན་པ་དེ། ཚོང་འདུས་ཀྱི་མགྲོན་པོ། ལྕང་སྡོང་མགོའི་བྱེའུ་ཁྱུ། རྩྭ་རྩེའི་སྟེང་གི་ཟིལ་བ་སོགས་ཀྱི་དཔེ་དང་དོན་མཚུངས་པ་རེད། སེམས་ཅན་ཐམས་ཅད་འཚང་རྒྱ་རུང་གཞི་རྒྱུད་བདེ་གཤེགས་སྙིང་པོས་ཁྱབ་ལུགས་འདྲ་ན་ཡང་། དམ་པའི་བླ་མ་མ་བསྟེན། དགེ་བའི་བཤེས་གཉེན་གྱིས་མ་ཟིན། གདམས་ངག་བདུད་རྩིའི་ཟེགས་མ་སྐལ་བཟང་སྙིང་གི་རོ་བཅུད་ལ་མྱང་རྒྱུའི་སྐལ་བ་མ་ཐོབ་པས། འདི་བཞིན་དུ་འཁོར་བ་མུ་མཐའ་མེད་པའི་གནས་ལ། སྔར་འཁྱམས་འཁྲུལ་བའི་ཐོག་མ་འདི་དུས་རེད་ཟེར་ནས་སྟོན་རྒྱུ་མེད་པ་ཞིག་དང་། ད་འཁྱམས་འཁྲུལ་བའི་ཐ་མ་འདི་དུས་རེད་ཟེར་ནས་ཡང་འདི་འཛུབ་མོས་འཛུགས་ས་ཞིག འདིའི་རྔ་མ་འདི་ནས་བུད་འདུག་བསམ་རྒྱུ་ཞིག་རིག་རྒྱུ་མེད་པའི་སྐབས་འདིར། ཆོས་ཉམས་ལེན་གྱི་གནད་རེར་འདིའི་ཅིག་ཨེ་མི་བཟང་བསམ་ནས་འཇུག་ཁུལ་བྱས་ཀྱང་། ཡང་དེ་ལ་ཐོས་བསམ་གྱི་ཞུན་མཐར་ཆོད་མེད། ཉམས་ལེན་གྱི་བོགས་འདི་ལྟར་བྱས་ནས་འདོན་ཏེ། ཐེ་ཚོམ་གྱི་སྒྲོགས་འདི་ལྟར་བྱས་ནས་འཁྲོལ་དགོས་བསམ་པའི་བློ་གཏད་སའི་མན་ངག་འདི་ཡིན་བསམ་པ་ཞིག་མེད་ན། གོལ་སྒྲིབ་ནོར་འཕྱུགས་ལ་འགྲོ་བའི་དུས་ཚོད་ཡིན་པས། དེའི་ཕྱིར་ནའང་བླ་མ་བསྟེན་དགོས་ཀྱི་ཡོད་གསུངས་པ་རེད། དང་པོ་བླ་མ་བསྟེན་དགོས་ཏེ། ཐར་བའི་ལམ་སྣེ་དེ་དང་པོ་བླ་མས་སྟོན་པའི་ཕྱིར་དང་། བར་དུ་ཡང་བླ་མ་བསྟེན་དགོས་ཏེ། བླ་མའི་དགོངས་སྤྱོད་ཚུལ་བཞིན་དུ་བསླབས་དགོས་པའི་ཕྱིར། ཐ་མར་བླ་མ་དང་འབྲལ་བ་ཡོད་མི་རུང་སྟེ་དགོངས་ཀློང་དབྱེར་མེད་རོ་གཅིག་ཏུ་འདྲེས་དགོས་པ་ཡིན་ན། དེའི་ཐད་ཚོད་བླ་མ་འབྲལ་མེད་སྙིང་དབུས་སུ་རིག་སྟོང་གཉུག་མའི་ཡེ་ཤེས་གང་ཡིན་པ་དེ་ཉིད་མཚོན་བྱེད་རྟགས་ཀྱི་བླ་མས་མཚན་པའི་མཚོན་བྱ་དོན་གྱི་བླ་མའི་རང་ཞལ་མཇལ་བ་རེད། དེས་ན་བླ་མ་བསྟེན་ཟེར་རྒྱུ་དེ། གང་བྱུང་དེས་ཆོག་གིས་གྲགས་རྗེས་སུ་འབྲངས་ནས་སླ་ཆོས་བྱེད་བཞག་ཉན་རྒྱུ་ཞིག་མིན་པར། ཁེ་ཉེན་ཡག་ཉེས་ཆེན་པོའི་བྱ་བ་འཆུགས་དང་མི་འཆུག་གི་གནད་དེ་ན་ཡོད་པ་ཡིན། འཇིག་རྟེན་ཚེ་འདིའི་བྱ་བ་ཆེན་པོ་ཡིན་བསམ་རྒྱུ་ཅི་འདྲ་ཞིག་འཆུགས་སོང་རུང་། དེས་ཚེ་འདིའི་བྱ་བ་ཞིག་འཆུགས་པ་ཙམ་ཞིག་རེད། ཐར་བའི་ལམ་སྟོན་གྱི་བླ་མ་བསྟེན་རྒྱུ་འཆུགས་སོང་བ་ཡིན་ན་ཚེ་རབས་གཏན་གྱི་འདུན་མ་འཆུགས་པས་མི་ཚད། རང་གཞན་སེམས་ཅན་མང་པོ་མཐའ་ཡས་པ་ཞིག་གི་ཕན་དང་བདེ་བའི་སྒོ་འཕར་བརླགས་འགྲོ་བ་རེད། དེས་ན་ཁྱི་དང་གློ་བ་འཕྲད་པ་བཞིན་དུ་བླ་མ་བསྟེན་སྔ་བྱེད་མི་རུང་། དང་པོར་བླ་མ་བརྟག་ལ་མཁས་པ་གསུངས་པ་རེད། ཁྱད་པར་སྙིགས་མའི་དུས་འདི་ལ་བརྟག་ཞིབ་ནན་པོ་ཞིག་མ་བྱས་ན། རྟགས་ཙམ་འཛིན་པའི་བསྟན་པའི་དུས་མགོར་ཉེ་ཤིང་ཉེ་ད། རྟགས་ཆ་ལུགས་མ་དགོས་མིང་དང་ཐོབ་ཐང་གི་ཆེ་བ་ལའང་བལྟ་རྒྱུ་མེད་པའི་དུས་ཡིན་པ་རེད། གཞན་གྱི་ཁ་ལའང་ཉན་རྒྱུ་ཡོད་པ་མ་རེད། སྙིགས་མའི་སྐྱེ་བོ་འདི་བླུན་པོ་ཅོལ་ཆུང་ཡིན་པས་ནོར་དང་གཏམ་གྱི་རྗེས་སུ་འབྲངས་ནས་མགོ་བོ་གདུགས་བཞིན་འཁོར་མཁན་མང་དུས་རེད། དེས་ན་མིང་གི་བླ་མ་རེད་དང་དོན་གྱི་བླ་མ་རེད་རང་གིས་བརྟག་དགོས། བརྟག་ཐབས་ཅི་འདྲས་བརྟག་སྙམ་ན། ཆོས་ཀྱིས་བརྟག་དགོས་ཏེ། ཕྱི་སོ་ཐར་གྱི་ཆ་ནས་བརྟན་མཁས་བཙུན་པའི་ཡོན་ཏན་དང་ལྡན་མི་ལྡན། ནང་བྱང་སེམས་ཀྱི་ཐད་ནས། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཡོན་ཏན་བཅུ་ལྡན་རེད་ཡོད་དང་མེད། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །ལ་སོགས་པ་གསང་སྔགས་སྟོན་པའི་སློབ་དཔོན་གྱི་ཡོན་ཏན་བརྒྱད་པོ་ཚང་དང་མི་ཚང་། དེའི་སྟེང་ནས་རང་བཞིན་རྫོགས་པ་ཆེན་པོའི་མན་ངག་སྟོན་པའི་བླ་མ་དེ། རང་ལམ་གྱི་དབང་ཐོབ། རྒྱུད་སྨིན། དམ་ཚིག་ལ་སྐྱོན་མ་ཞུགས་པ་ཞིག་ཡིན་དགོས་པ་རེད། ཁྱད་པར་གྲོལ་བྱེད་གདམས་པའི་ཐད་ནས། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱི་སྒོ་ནས། ཆོས་ཉིད་དོན་གྱི་གནས་ལུགས་ཀྱི་རང་ཞལ་མཐོང་ཞིང་། ལམ་སྣང་བཞི་ལུགས་འབྱུང་དང་ལུགས་ལྡོག་གི་གོ་རྟོགས་མྱོང་བ་ཅི་ཙམ་ལྡན་པ་ཞིག་རེད་འདུག བླ་མ་དེ་བསྟེན་བཞག་ན། བརྒྱུད་པ་གོང་མའི་བྱིན་རླབས་བུམ་པ་གང་བྱོའི་ཚུལ་དུ་གནང་རྒྱུ་ཡོད་པའི་སྙན་བརྒྱུད་ཀྱི་བྱིན་རླབས་དང་ལྡན་པ་ཞིག་རེད་དང་མ་རེད། དེ་ཚོ་གཙོ་བོ་བརྟགས་ཤིང་རྟོགས་དགོས་པ་རེད། རེད་དེ་གང་ཟག་སྐྱེས་ཆེན་ཁྱད་འཕགས་ཀྱི་དགོངས་སྤྱོད་དེ་སོ་སྐྱེའི་བློས་དཔོག་ས་མ་རེད། འགའ་རེ་སྦས་པའི་ཚུལ་དུ་བཞུགས་པའང་མང་བ་ཡིན་ན། དམ་པའི་བཤེས་གཉེན་བརྟགས་ནས་རྙེད་དུས་ཤིག་ཡོང་རྒྱུ་མི་འདུག་ཨང་བསམ་དགོས་པ་མ་རེད། བླ་མ་བརྟག་ཐབས་ལག་ལེན་ལ་ཁེལ་བའི་སྟབས་ལ་དེས་བདེ་མེད་པ་དེ་གང་རེད་ཟེར་ན། མེ་རྟགས་ཀྱི་དུ་བ། ཆུ་རྟགས་ཀྱི་རླངས་པ། དེའི་ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་གཏམས་ཤིང་བཀང་ཡོད་མེད་ཀྱིས་ཤེས་ནི་རེད། བྱང་ཆུབ་ཀྱི་སེམས་དང་ལྡན་ན་འབྲེལ་ཚད་དོན་ལྡན་ཡིན་ནི་རེད། བཟང་འབྲེལ་རེད་ན་ཅི་བཤད། ཚེ་གཅིག་སངས་རྒྱས་ཀྱི་ལམ་སྟོན་པ་རེད། ངན་འབྲེལ་ཡང་དེའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་འཁོར་བ་མཐའ་ཅན་ལ་འགྱུར་བ་ཡིན་ན། དེ་ལྟ་བུའི་དམ་པ་བསྟེན་ཚུལ་དེ། ཕར་ཕྱིན་ཐེག་པ་དང་ཐུན་མོང་གྱུར་བའི་ལུགས་ལྟར་དུ་བྱས་ནའང་། འཇིག་རྟེན་འདྲེན་ཕྱིར་ཀུན་དང་ཆ་མཐུན་ལ། །འཇིག་རྟེན་འདས་ཕྱིར་ཀུན་དང་ཆ་མི་མཐུན། །སྒོ་གསུམ་སྤྱོད་པ་ཀུན་ལས་ཁྱད་པར་འཕགས། །ཞེས་གསུངས་ན། དེ་ཅི་གསུངས་པ་རེད་ཟེར་ན། མཐུན་པས་མཐུན་པ་འདུལ་དགོས་པའི་ཕྱིར་ན། རྣམ་པ་མི་དང་འདྲ་མོའམ་མི་ཡིན་པ། སྐད་ཀྱིས་གོ་བརྡ་འཕྲོད་ཅིང་ཁ་ལག་སྤྱོད་གསུམ་རང་ཅག་དང་འདྲ་བ་ཞིག སྐྱེ་དགུ་འདྲེན་ཐུབ་པས་མཐོང་ན་མི་མཐུན་པ་མེད་པ། ཀུན་དང་ཆ་མཐུན་གསུང་བ་དེ་འདྲ་ཞིག་རེད། ཡང་འཇིག་རྟེན་ལས་འདས་པའི་ཟབ་མོའི་དགོངས་བཅུད་མངའ་བའི་སྟོབས་ཀྱིས་ཀུན་དང་ཐུན་མོང་དུ་མ་གྱུར་པ་ཆ་མི་མཐུན་པ་གསུངས་པ་རེད། མདོར་ན་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་བརྩོན་པ་དོན་དང་ལྡན་ཞིང་ཕན་བདེ་འགྲོ་ལ་སྦྱིན་པའི་མཛད་པ་ཅན། ཕལ་བ་ཞིག་དང་བསྡུར་ན་བསྡུར་ཐབས་མེད་པ། ཀུན་ལས་ཁྱད་པར་དུ་འཕགས་པ་དེ་ལ་གསུངས་པ་རེད། དེ་ལྟ་བུའི་ཡོན་ཏན་མཆོག་ལྡན་གྱི་བླ་མ་དམ་པ་དེ་ལ་དཔེ་དང་དོན་གྱི་སྒོ་ནས་བསྔགས་བརྗོད་མཛད་ཡོད། དཔེའི་སྒོ་ནས་བསྔགས་བརྗོད་མཛད་པ། གྲུ་བོ་ཆེ་དང་། དེད་དཔོན་དམ་པ། ཡིད་བཞིན་ནོར་བུའི་རྒྱལ་པོ་སོགས་དཔེར་བཞག་ནས། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བས་གྲུ་བོ་ཆེ། ཐར་བའི་ལམ་ཞུགས་དག་གི་ལམ་འཁྲིད་ཡིན་པས་དེད་དཔོན་དམ་པ། སྲིད་པའི་རྒུད་པ་ཐམས་ཅད་སེལ་བས་ཡིད་བཞིན་ནོར་བུའི་རྒྱལ་པོ་གསོལ་བ་གང་བཏབ་ན་བསམ་དོན་འགྲུབ་པ་དང་། ད་དུང་ཆུ་དང་སྤྲིན་ལྟ་བུ་གསུངས་ཡོད། ལས་ཉོན་གྱི་མེ་ཆེན་གཞིལ་བས་ཆུ་ལྟ་བུ། ཆོས་ཀྱི་ཆར་ཆེན་འབེབས་པས་སྤྲིན་ལྟ་བུ་སོགས་དཔེ་མང་པོས་བསྟན་ཡོད་པ་རེད། དོན་དང་མཐུན་པའི་བསྔགས་བརྗོད་ཀྱི་ཐད་ནས་ཀྱང་། དྲི་མེད་ཀྱི་ནམ་མཁའ་ལྟ་བུ། མཁའ་ལ་གཟའ་སྐར་ཤར་བ་ལྟ་བུ་སོགས་གསུངས་དུས། དགོངས་ཀློང་ཡངས་པ་དྲི་མེད་ཀྱི་ནམ་མཁའ་ལྟ་བུ། ཏིང་འཛིན་འོད་གསལ་ལྷུན་གྲུབ་ཀྱི་ཡོན་ཏན་ལྡན་པ་མཁའ་ལ་གཟའ་སྐར་ཤར་བ་ལྟ་བུ། སྙིང་རྗེ་དཔག་མེད་གཞལ་མེད་མངའ་བ་གངས་ཅན་གྱི་མཚོ་ལྟ་བུ། ཐུགས་རྗེ་ཚད་མེད་པ་ཆུ་ཀླུང་ཆེན་པོའི་རྒྱུན་ལྟ་བུ། རྣམ་གཡེང་གི་རླུང་གིས་མི་གཡོ་བ་གངས་རི་ཆེན་པོའི་འགྱིང་ལྟ་བུ་ལ་སོགས་ཀྱིས་གསུངས་ཡོད་པ་རེད། དེས་ན་ཀུན་མཁྱེན་ཆོས་རྗེས། དཀོན་མཆོག་བཞི་བ་བླ་མ་སངས་རྒྱས་ཏེ། །དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ་དཔལ་ཉིད། །སྙིགས་དུས་འགྲོ་བ་གདུལ་དཀའི་དོན་མཛད་པས། །གདུལ་བྱའི་ངོར་ནི་སངས་རྒྱས་ཀུན་ལས་ལྷག །ཅེས་གསུངས་ཡོད། དེ་ལྟར་ཡིན་པ་དེའི་ཕྱིར་ན། དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་ལ། །སྒོ་གསུམ་ཟོལ་མེད་གཙང་མའི་སྤྱི་བོས་བསྟེན། །ཞེས་གདམས་པ་གནང་ཡོད་པས། བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཡིན་པས་ན། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་རུ་གཟུང་བར་བྱས་པས། དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱང་འབྱུང་བ་ཡིན་ལ། དེས་མི་ཚད་དཀོན་མཆོག་བཞི་བ་ཞེས་ཀྱང་གསུངས་ཡོད། གཞན་བླ་མ་མི་རུ་བཟུང་ན། དངོས་གྲུབ་ཆུ་ལས་མི་འབྱུང་གསུངས་རྒྱུ་ཞིག་ཡོད་པ་རེད། དེས་ན་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དེ་བླ་མ་ཡིན་པས། བླ་མ་དེ་ཉིད་རྩ་གསུམ་ཀུན་འདུས་དང་། སྐུ་གསུམ་ཀུན་འདུས་ཡིན། སྐྱབས་ཡུལ་ཐམས་ཅད་ཀྱི་ངོ་བོ་བླ་མ་གཅིག་ལ་མ་འདུས་པ་མེད་པ་ཡིན། དེ་ལྟ་བུའི་བླ་མ་དམ་པ་དེ་ཉིད་བརྟགས་ནས་བསྟེན་པའི་གནས་སྐབས་ནའང་། ནད་པས་སྨན་པ་བསྟེན་པ་ལྟར་དུ། སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཕ་མཐའ་བལྟར་མི་མངོན་པ་འདི་ལས་རང་སྟོབས་ཀྱིས་མི་ཐར་དུས། བླ་མ་དམ་པ་ཡོན་ཏན་གྱི་མཐུས་ཕྱུག་པ་དེ་ཉིད་གྲུར་ཞུགས་པས་མཉན་པ་བསྟེན་པ་ལྟར་བློ་གཏད་ཡིད་ཆེས་དེ་ལ་བྱས་ནས་བསྟེན་དགོས་ཏེ། མདོ་སྡོང་པོ་བཀོད་པར། ནད་པས་ནད་ཞི་བའི་དོན་དུ་སྨན་པ་བསྟེན་ཚུལ་དང་། འབངས་ཀྱིས་འཇིགས་པ་མེད་པའི་ཆེད་དུ་རྒྱལ་པོ་བསྟེན་ལུགས། མགྲོན་པོས་དགྲ་ཇག་གི་ཉེན་ལས་སྐྱོབ་པའི་ཆེད་དུ་སྐྱེལ་མ་དཔའ་བོ་བསྟེན་དགོས་པ་ལྟ་བུ། ཚོང་པས་ཚོང་འོང་ཕྱིར་ཚོང་ཟོང་འདུ་བྱས་ཏེ་ཁེ་སྤོགས་བསྒྲུབས་པ་ལྟ་བུ་སོགས་དཔེར་བཞག་ནས་གསུངས་པ་དག་དང་། རྒྱལ་སྲས་ཞི་བ་ལྷས་ཀྱང་། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་དང་། དགེ་བའི་བཤེས་གཉེན་མ་ཟད་དགེ་བའི་གྲོགས་པོའང་ཡུན་རིང་འགྲོགས་བསྡད་ན། ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་བ་ཡང་།།ཡལ་འདབ་བརླན་པས་ཙནྡན་དྲི་བསུང་ལྟར། །གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། ཞེས་གསུངས་པས། ཁྱད་པར་གང་ཟག་ལས་དང་པོ་བ། རང་ཉིད་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་སོ་མ་ཟིན་པའི་ཚེ་ན། གྲོགས་དང་འཁོར་ཡུག་གི་བཟང་ངན་གྱིས་ཕན་གནོད་ཆེན་པོ་གཏུགས་བཞིན་ཡོད་པ་རེད། དེ་ལྟ་བུའི་དམ་པའི་རྗེས་སུ་འགྲོ་ཞིང་སྔོན་བྱོན་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ཞབས་རྗེས་ཟིན་པ་ཞིག་ངེས་པར་བྱེད་དགོས་བསམ་པ་ཐམས་ཅད་ཀྱིས་བཤེས་གཉེན་བསྟེན་པའི་ཚུལ་འདི་ཉིད་གལ་ཆེའི་གནད་ཀྱི་དོན་ཆེན་ལ་མཐོང་བའི་ཆེད་དུ། ས་ཁོངས་འཛིན་བྱེད་ཙམ་ཞིག་ཞུས་ནས། ད་གང་ཞིག་གསན་པར་བྱ་བའི་ཆོས། རྫོགས་པ་ཆེན་པོའི་གདམས་ཁྲིད་འདི་ཉིད་ཇི་ལྟར་ཡིན་ན། གཞི་ཀ་དག་གིས་བཟུང་ན་ལམ་ཁྲེགས་ཆོད་ཀྱིས་བསྐྱངས་ཏེ། འབྲས་བུ་རྡུལ་ཕྲན་དུ་དེངས་རྒྱུ་དང་། གཞི་ལྷུན་གྲུབ་ཀྱིས་བཟུང་ན་ལམ་ཐོད་རྒལ་གྱིས་བསྐྱངས་ཏེ། འབྲས་བུ་འཕོ་ཆེན་གྱི་སྐུར་བཞེངས་པ་ཡིན་ན། ཀ་དག་དང་ལྷུན་གྲུབ་གཉིས་ཀ་དབྱེར་མེད་ཡིན་པ་ལ་ལྡོག་ཆའི་དབང་གིས་གདུལ་བྱ་ལམ་ལ་དཀྲི་ཚུལ་གྱི་དགོས་པས་དེ་ལྟར་རིམ་ཅན་དུའང་བསྟན་པ་ཡིན། ཀ་དག་སྟོང་པའི་འོད་གསལ་དང་ཐོད་རྒལ་སྣང་བའི་འོད་གསལ་གཉིས་ཟུང་འཇུག་དབྱིངས་རིག་དབྱེར་མེད་ཀྱི་ཉམས་ལེན་ལ། ཁོག་གཞི་གཅིག་ལས་གཉིས་སུ་ཕྱེ་རུ་མེད་པས། དེ་ཡང་སྨིན་བྱེད་རང་ལམ་གྱི་དབང་གིས་རྒྱུད་སྨིན་པར་བྱས་ཏེ། གྲོལ་བྱེད་ཁྲིད་ཀྱི་གདམས་པ་འདེབས་དགོས་རྒྱུ་དང་ནི། ཁྱད་པར་ཐོད་རྒལ་གྱི་ཁྲིད་ལ་སྔོན་དུ་མ་སོང་ཐབས་མེད་དེ་གང་ཡིན་ན། ཐུན་མིན་ཁྱད་པར་ཅན་གྱི་སྔོན་འགྲོ་ཕྱི་ནང་གི་རུ་ཤན་ལ་སོགས་པ་སྒོ་གསུམ་གྱི་སྦྱངས་པ་སྔོན་དུ་མ་སོང་ཐབས་མེད་ཡིན། དེ་ལྟར་ན། སྙིང་ཐིག་གི་ཁྲིད་ཆེན་ཡེ་ཤེས་བླ་མའི་ཁྲིད་ཀ་ན་ནིང་མཁར་མདའ་དགོན་དུ་བཤད་པ་ཡིན་ཞིང་། ད་ལོའི་འདི་རྒྱབ་ཆོས་ཀྱི་ཚུལ་དུ་བྱས་ཏེ་འདོན་བཞིན་ཡོད་ན་ཡང་ཕྱག་ལེན་རྒྱས་པ་ཞིག་རེད་ཀྱིན་ཡོད་པ་མ་རེད། སློབ་མའང་མང་པོ་ཞིག་ཆོས་གྲོགས་རྙིང་པ་ཡིན་ཡང་གསར་བའང་མང་པོ་ཡོད་པའི་རྐྱེན་དང་། ཆོས་རྒྱུན་འདིའི་ཕྱག་ལེན་ཧ་ཅང་དོ་དམ་པོ་ཡིན་པའི་སྟབས་ཀྱིས། རང་ལམ་གྱི་དབང་དོ་ཞག་སྔོན་དུ་སོང་མ་ཐག་པ་ཡིན་པས། དགོས་དོན་རབ་ཅིག་དེའི་ནང་ནས་ཚང་རྒྱུ་བྱས་ནས། ཁ་རྩང་ཁྲེགས་ཆོད་ཀྱི་ཁྲིད་སྐོར་ལྟ་བའི་གླུ་དབྱངས་མཁའ་ལྡིང་གཤོག་རླབས་བཤད་གྲུབ་པའི་རྗེས་ཐོག་དེ་མ་ཐག་པ་དེ་རིང་ཐོད་རྒལ་གྱི་གླུ་དབྱངས་བཤད་པའི་སྐབས་སུ་བབས་པ་ཡིན། འདིའི་བཤད་བྱའི་ཡན་ལག་བཤད་པ་མན་ངག་སྡུད་པོའི་མཚན་དང་ཆེ་བའི་ལོ་རྒྱུས་སྔར་བཤད་པ་ལྟར་ལས།

༼ཀ༽ ཐོག་མར་དགེ་བ་ཀླད་དོན།

བཤད་བྱ་དངོས་བཤད་པ་ལ་ཐོག་བར་ཐ་གསུམ་གྱི་ཐོག་མར་དགེ་བ་ཀླད་དོན་ལ། མཚན་སྨྲོས་པ། མཚན་དོན་འགྲེལ་བ། ཕྱག་འཚལ་བ། མཆོད་བརྗོད། བརྩམ་པར་དམ་བཅའ་བ། ཟབ་ཁྲིད་འཆད་པར་བཀའི་གནང་བ་ཞུ་བ་སོགས་འདི་ལའང་དམིགས་བསལ་གྱིས་འབྱུང་བས་དེ་དག་བཤད་པ་ལ་ཐོག་མར་མཚན་བསྟན་པ་ནི།

༼ཀ དང་པོ་མཚན་བསྟན་པ།

འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཅར་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ།།

ཞེས་གསུངས་ན། འདིའི་དབུའི་ཞལ་བྱང་དུ་བཀོད་པ་འདི་ཉིད་ཀྱིས་མཚན་བསྟན་པ་ཡིན་ན།

༼ཁ གཉིས་པ་མཚན་དོན་འགྲེལ་བ།

གཉིས་པ་མཚན་དོན་འགྲེལ་བ་ལ་འོད་གསལ་རྫོགས་པ་ཆེན་པོ་གསུང་རྒྱུའི་མཚན་དོན་འདི་ལ། ཕྱི་སེམས་སྡེ་ལྟར་དུ་འགྲེལ་ལུགས། ནང་ཀློང་སྡེ་ལྟར་དུ་འགྲེལ་ཚུལ། གསང་བ་མན་ངག་སྡེ་དང་བསྟུན་ནས་བཀྲལ་ཚུལ་བཅས་ཀྱི་རྣམ་གྲངས་ཡོད་ན། སྐབས་འདིར་འཆད་བྱ་གཞུང་དོན་དང་སྒོ་བསྟུན་ན། གསང་བ་མན་ངག་སྡེའི་ཡང་གསང་བླ་ན་མེད་པའི་དགོངས་པ་དང་འབྲེལ་ནས་བཤད་དགོས་པ་ཞིག་ཡིན། སྤྱིར་འོད་གསལ་ཞེས་པ་དེ། སེམས་ཀྱི་རང་བཞིན་དྲི་མ་དང་བྲལ་བའི་ཁྱད་པར་དུ་བྱས་པ་ཞིག་ལ་གོ་དགོས་པ་ཡིན་དུས། འོད་གསལ་ཞེས་པའི་ཐ་སྙད་དེ། སྣང་བའི་ཆ་ལ་འཇུག་དུས་ཤིག་དང་། སྟོང་བའི་ཆ་ལ་འཇུག་དུས་ཤིག་སྟེ་གཉིས་ཡོད། སྒྱུ་ལུས་དང་འོད་གསལ་ཞེས་པའི་སྐབས་སུ་སྟོང་ཉིད་ལ་གོ་རྒྱུ་དང་། དབྱིངས་དང་འོད་གསལ་གསུངས་པའི་སྐབས་སུ་སྣང་བའི་ཆ་ལ་གོ་དགོས་པ་ཞིག་ཡིན། སྐབས་འདིའི་བསྟན་དོན་ལ་གཙོ་བོའི་ཆ་ནས་སྣང་བའི་འོད་གསལ་ལ་གོ་དགོས་པ་ཡིན། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་འཁོར་ལོ་ངེས་དོན་བར་ཐ་གཉིས་ཀྱི་དགོངས་དོན་དེ་ཆོས་ཉིད་ཟབ་མོར་ལ་ཟློ་བའི་སྐབས་སུ་འཁོར་ལོ་བར་བ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་དང་། རྗེས་ཐོབ་ཤན་འབྱེད་པའི་སྐབས། ཆོས་ཐམས་ཅད་ལ་ཡང་དག་པར་སོ་སོར་རྟོག་ཡོང་དུས། འཁོར་ལོ་ཐ་མ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་ན་ཟབ་དོན་གྱི་གནད་ཚང་ངོ་ཞེས་རིས་མེད་ཀྱི་མཁས་པ་དག་གིས་གསུངས་པ་ལྟར་དུ། དེ་བཞིན་གཤེགས་པའི་བཀའ་ཐ་མ་དོན་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོའི་བསྟན་བྱ། སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་པའི་བདེ་གཤེགས་སྙིང་པོ་ཉིད། སྔགས་ཀྱི་རྒྱུད་སྡེའི་སྐབས་ན། གབ་དོན་སྦས་པ་གསལ་འབྱེད་ཀྱིས་བསྟན་པ་དེ། དབང་རྣོན་ཤིན་ཏུ་ཡང་རབ་ཀྱི་གདུལ་བྱའི་ངོ་སྐལ། རྗོགས་ཆེན་མན་ངག་སྡེས། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་རྡོ་རྗེའི་གནས་བཅུ་གཅིག་གིས་བསྟན་བྱའི་སྙིང་པོ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་ནང་དུ། རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལ་ནི་མར་བཞིན་ནོ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་གསུངས་པ་དང་། ཡང་རྒྱུད་རང་ཤར་ལས། ཡང་དག་སངས་རྒྱས་དགོངས་པ་ནི། སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །ཞེས་གསུངས་ན་དེ་ལྟ་བུའི་ཡེ་ཤེས་དེའི་ངོ་བོ་སྟོང་གསལ་མཐའ་བྲལ་ཞིག་ཡིན་པ་དེ་ལ་སྐབས་འདིར་འོད་གསལ་རིག་པའི་ཡེ་ཤེས་ཞེས་གསུངས་པ་རེད། དེ་ནི་སྐུ་ལྔ། ཡེ་ཤེས་ལྔ། འོད་ལྔ། རིགས་ཀྱི་ཆོས་ལྔ། ཡེ་ཤེས་ཀྱི་རླུང་ལྔ་ལ་སོགས་པར་ཡེ་ནས་གནས་པ་ཞིག་ཡིན་དུས། དེའི་གཞི་ལམ་འབྲས་བུ་དོན་རྒྱུད་རྫོགས་པར་བསྟན་པའི་དགོས་དོན་མང་པོ་ཞིག་བརྗོད་བྱར་གྱུར་ཡོད་པའི་སྒྲ་དང་ཚིག་དེ་རྗོད་བྱེད་ཚིག་གི་རྫོགས་ཆེན་ཡིན་ལ། ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཆོས་ཟད་ཆོས་སྐུའི་དགོངས་པའི་ནང་དབྱིངས་ཆེན་པོར། དབྱིངས་རིག་དབྱེར་མེད་སྐུ་གསུམ་འདུས་པའི་ངོ་བོར་བཟླུམས་པ་དེ་བརྗོད་བྱ་དོན་གྱི་རྫོགས་ཆེན་མཐར་ཐུག་ཡིན། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་དབྱིངས་རིག་དབྱེར་མེད་དེ་ཁོ་ན་ཉིད། དེའི་ཡན་ན་རྟོགས་བྱ་དང་བསྟན་བྱ་གཞན་ཞིག་མེད་པས་མི་ཚད་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་ཀྱང་འདི་ལས་ལྷག་པའི་དོན་ཆེན་ཞིག་གཟིགས་སུ་མེད་ཅིང་། བསྟན་དུའང་མེད་པས་ན་ཆེན་པོ་ཞེས་གསུངས་པའོ། །ཀ་དག་དང་ལྷུན་གྲུབ་ཟེར་རྒྱུ་འདི་རྫོགས་པ་ཆེན་པོའི་ཆོས་སྐད། གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་ན། འདི་གཉིས་ཐ་དད་མ་ཡིན་པར་ཟུང་འབྲེལ། ངོ་བོ་ཀ་དག་ཡིན་པས་ན་རང་བཞིན་ལྷུན་གྲུབ་ཡིན། ཀ་དག་ཀ་ནས་མ་དག་ན། ལྷུན་གྲུབ་ལྷུན་གྱིས་གྲུབ་ལུགས་ཡོད་པ་མ་རེད། དཔེར་ན་དབུ་མའི་ཆོས་སྐད་དུ་སྟོང་རྟེན་འབྱུང་དབྱེར་མེད་ཅེས་པ་ལྟར་དུ་རེད། རེད་དེ་གཞི་དབུ་མ་ཆེན་པོའི་ལྟ་བ་ལ། ལམ་ཕྱག་རྒྱ་ཆེན་པོའི་སྒོམ་པ་བརྒྱུད་ན། མཐར་ཐུག་འབྲས་བུ་རྫོགས་པ་ཆེན་པོའི་ས་ལ་ཐོན་རྒྱུའི་རྒྱལ་བའི་དགོངས་པར་ཐད་ཀར་འཇུག་པའི་ཡང་གསང་གི་མན་ངག་འདིའི་སྐབས་སུ། ཐུན་མིན་ཡང་འབྱེད་ཀྱི་སྐབས་དོན་ཀ་དག་གསུམ་དང་ལྷུན་གྲུབ་གསུམ་གྱི་དབྱེ་བ་ཕྱེ་རུ་ཡོད། དེ་གང་ཞེ་ན། ཐོག་མ་གཞིའི་ཀ་དག གནས་སྐབས་ལམ་གྱི་ཀ་དག མཐར་ཐུག་འབྲས་བུའི་ཀ་དག་དང་གསུམ་གྱི་དབྱེ་བ་བཞག་ནས་དེ་ལྟར་ཕྱེ་བའང་། བརྟེན་ཆོས་ལྷུན་གྲུབ་ཀྱི་ངོས་ནས་བཞག་པ་མ་གཏོགས་ཀ་དག་རང་ངོ་ན་ཁྱད་ཕྱེ་རྒྱུ་ཞིག་མེད་ལ། ལྷུན་གྲུབ་གསུམ་ཡང་གཞི་ལམ་འབྲས་བུའི་ལྷུན་གྲུབ་གསུམ་ཏུ་འཇོག་སྟེ། འཁོར་བར་འཁྲུལ་རུང་མ་སྤང་བའི་གནས་སྐབས་ལ་གཞིའི་ལྷུན་གྲུབ། འཁྲུལ་རུང་ཅི་རིགས་སྤོང་བའི་གནས་སྐབས་ན་ལམ་གྱི་ལྷུན་གྲུབ། འཁྲུལ་རུང་ཡོངས་སུ་སྤངས་པའི་གནས་སྐབས་འབྲས་བུའི་ལྷུན་གྲུབ་ཏུ་གསུངས་ཡོད། དེ་ལྟར་ན་གནས་སྐབས་དེ་དང་དེའི་ལྷུན་གྲུབ་དང་ངོ་བོ་དབྱེར་མེད་དུ་གྱུར་བའི་ཀ་དག་དེ་ལ། བརྟེན་ཆོས་ལ་ལྟོས་པའི་མིང་གི་དབྱེ་བ་ཙམ་མ་གཏོགས་ཀ་དག་རང་ངོས་ནས་འགྱུར་བའི་གནས་སྐབས་ཡོད་པར་བཤད་པ་མིན་ནོ། །དེ་ལྟ་བུའི་འོད་གསལ་རིག་པའི་ལྷུན་གྲུབ་སྐུ་དང་ཡེ་ཤེས་འོད་དང་ཐིག་ལེའི་ཚུལ་དུ་རྡོ་རྗེའི་ལུས་ལ་བཞུགས་པ་དེ། འཇམ་དཔལ་སྒྱུ་དྲྭའི་ནང་ན། འོད་བཟང་འབར་བ་དཔལ་གྱི་བེའུ། །ཞེས་གསུངས་པ་ལྟར། གང་ན་བཞུགས་ན་སྙིང་རིན་པོ་ཆེ་དཔལ་གྱི་བེའུའི་གནས་སུ་བཞུགས་ཡོད། དེའི་གདངས་དེ་འགྱུ་བྱེད་རྩ་ཡི་གཞལ་ཡས། དུང་ཁང་བྷནྡྷའི་གཞལ་ཡས། ལྟ་བྱེད་མིག་གི་གཞལ་ཡས་སོགས་ན་བཞུགས་ཡོད་པ་དེ་ལ། ལམ་འོག་མས་བསྐལ་པ་གྲངས་མེད་དང་། ཚེ་སྐྱེ་བ་མང་པོར་ས་ལམ་སྦྱངས་བསྒྲོད་ཀྱི་འབྲས་བུར་བསྙེགས་དགོས་པ་དེ། འདིར་ལམ་གཞན་བར་ནས་བོར་ཏེ་ཐོད་ཀྱིས་སམ་ཐད་ཀར་བརྒལ་བ་ལ་ཐོད་རྒལ་ཞེས་གསུངས་སོ། །འུ་བུས་ལྡེབ་གྲངས་ཀྱང་འགྲོ་དགོས་པས་དེ་ཙམ་བསྣར་ལོང་ཡོད་པ་མ་རེད། དེ་ལྟ་བུའི་ལྷུན་གྲུབ་ཐོད་རྒལ་གྱི་གསང་བའི་མན་ངག གསང་བ་མན་ངག་སྡེའི་ཕྱི་སྐོར་ནང་སྐོར་གསང་སྐོར་གསུམ་ལས་ཀྱང་ཆ་ཚང་བར་མ་གསུངས་པའི་ཡང་གསང་མན་ངག་སྡེའི་འོག་ནས་འབྱུང་མ་རག་པའི་ཁྱད་ཆོས་ཀྱིས་ཁྱད་པར་འཕགས་ཡོད་པའི་རྣལ་འབྱོར་ཉམས་རྟོགས་དང་སྦྱར་བའི་གླུ་དབྱངས། དོན་གྱི་ཆ་ནས་སམ་བྱེད་ལས་ཀྱི་སྒོ་ནས་བཏགས་པའི་མཚན། ཏིང་ངེ་འཛིན་གྱི་སྒོ་འཕར་བརྒྱ་ཕྲག་ཅིག་ཆར་དུ་འབྱེད་པར་བྱེད་པ་ཞེས་གསུངས་ན། འདིའི་བརྒྱ་ཕྲག་མང་ཚིག་རེད། བྱེ་བ་ཕྲག་བརྒྱའི་ཏིང་འཛིན་སྒོ་འབྱེད་པ། །ཞེས་གསུངས་པ་ལྟར། རྒྱལ་བའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་མཉམ་བཞག་ཏིང་ངེ་འཛིན་ལས་རྟག་ཏུ་འདའ་བ་མེད་པའི་ཚད་གཞལ་མཐའ་ཡས་པ་ཞིག་རེད། དེའི་ཕྱིར་འོད་བཟང་འབར་བ་དཔལ་བེའུའི་མིང་གིས་གསུངས་པ་དེ་དཔལ་བེའུའི་རི་མོར་ཟད་མཐའ་མེད་པ་བཞིན་དུ། རྒྱལ་བའི་ཐུགས་གསང་ཟད་མེད་ཀྱི་བརྡ་དོན་བསྟན་པའོ། །དེ་ལྟ་བུའི་སྟོང་གསལ་མཐའ་དབུས་བྲལ་བའི་ཡེ་ཤེས་ཟད་མེད་ཀྱི་ཏིང་འཛིན་འཆར་བའི་སྒོ་འབྱེད་ལྡེའུ་མིག་གིས་ཕྱེ་བ་ལྟ་བུ། དབང་པོ་རྟུལ་འབྲིང་རྣོ་གསུམ་ཀུན་ལ་ཕན་པའི་གོ་བདེའི་གསུང་གི་ཁྱད་ཆོས་དང་སྦྱར་ནས་གསུངས་པའོ།།

༼ག གསུམ་པ་ཕྱག་འཚལ་བའི་སྒོ་ནས་མཆོད་པར་བརྗོད་པ།

གསུམ་པ་ཕྱག་འཚལ་བའི་སྒོ་ནས་མཆོད་པར་བརྗོད་པ་དེ་ལ། དངོས་དང་བརྒྱུད་པའི་བླ་མར་སྙིང་ནས་འདུད་པ་དང་། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གུས་པས་འདུད་པ་དང་། རྩོམ་པ་ལ་བཀའ་ཡི་གནང་བ་དང་བྱིན་རླབས་ཞུ་བ་སྟེ་གསུམ་ལས་དང་པོ་ནི།

༡༽ དང་པོ་དངོས་དང་བརྒྱུད་པའི་བླ་མ་ལ་སྙིང་ནས་འདུད་པ།

དུས་གསུམ་རྒྱལ་བའི་མེས་པོ་ཀུན་ཏུ་བཟང་།།

རྡོར་སེམས་དགའ་རབ་འཇམ་དཔལ་བཤེས་གཉེན་དང་།།

ཤྲཱི་སིང་ཧ་སློབ་དཔོན་པད་འབྱུང་སོགས།།

དངོས་དང་བརྒྱུད་པའི་བླ་མར་སྙིང་ནས་འདུད།།

ཅེས་གསུངས་ཏེ། དུས་གསུམ་བྱོན་དང་འབྱོན་འགྱུར་གྱི་མེས་པོའམ་ཡང་མེས། སངས་རྒྱས་ཀུན་ལ་ལམ་སྟོན་པ་པོ་དེ་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཡིན། གདོད་མའི་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་པས་རྒྱལ་བ་དགོངས་བརྒྱུད་བསྟན་ལ། རྡོ་རྗེ་སེམས་དཔའ་ནས་པདྨ་འབྱུང་གནས་ཀྱིས་རིག་འཛིན་བརྡ་བརྒྱུད་བསྟན། སོགས་ཁོངས་ལས་གང་ཟག་སྙན་བརྒྱུད་དང་བཅས་ཏེ། དངོས་དང་བརྒྱུད་པའི་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་ལ་སྙིང་ནས་གུས་པ་ཆེན་པོས་འདུད་པའི་ཕྱག་དང་བཅས་ཏེ་མཆོག་གསུམ་འདུས་པའི་ངོ་བོ། རྩ་གསུམ་འདུས་པའི་བདག་ཉིད། བྱིན་རླབས་ཀྱི་རྩ་བ་བླ་མ་ལ་མཆོད་པར་བརྗོད་པའོ།།

༢༽ གཉིས་པ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གུས་པས་འདུད་པ།

གཉིས་པ་ནི།

མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ།།

སྩོལ་མཛད་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་།།

ཕྲིན་ལས་ཐོགས་མེད་སྒྲུབ་པའི་མཐུ་ལྡན་པ།།

མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གུས་པས་འདུད།།

ཅེས་དངོས་གྲུབ་ཀྱི་རྩ་བ་ཡི་དམ། དེ་ཡང་ཞི་དང་ཁྲོ་བོའི་སྐུར་བཞེངས་ཀྱི་ནང་དུ་མ་འདུས་པ་མེད་ལ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ། དེ་ཡང་གནས་གསུམ་ན་བཞུགས་པའི་དཔའ་བོ་དང་དཔའ་མོ་ཐོགས་མེད་ཀྱི་མཐུ་རྩལ་དང་ལྡན་ཞིང་། དམ་ལྡན་ཆོས་ཀྱིས་འཚོ་བའི་རྣལ་འབྱོར་བ་བུ་བཞིན་སྐྱོང་བར་དམ་མནོས་པའི་བཀའ་སྡོད་ཆོས་སྐྱོང་བའི་སྲུང་མ། མདོར་ན་རིག་འཛིན་ནང་གི་དགེ་འདུན་རིག་པ་ཁྱད་པར་ཅན་གྱི་འཁོར་ཚོགས་ཀྱིས་བསྡུས་པ་ཐམས་ཅད་ཀུན་ལ་གུས་འདུད་དང་བཅས་ཏེ་མཆོད་བརྗོད་མཛད་པའོ།།

༣༽ གསུམ་པ་རྩོམ་པ་ལ་བཀའ་ཡི་གནང་བ་དང་བྱིན་རླབས་ཞུ་བ།

གསུམ་པ་ནི།

འོད་གསལ་རྫོགས་ཆེན་ལྷུན་གྲུབ་ཐོད་རྒལ་གྱི།།

ཟབ་ལམ་འཆད་པའི་གནང་བ་སྩོལ་བ་དང་།།

སྐལ་ལྡན་སློབ་མ་རྣམས་ཀྱི་ཤེས་རྒྱུད་ལ།།

སྣང་བཞི་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས།།

གསུངས་ནས་བརྒྱུད་གསུམ་རིག་འཛིན་བླ་མ། ཡི་དམ་ཞི་ཁྲོའི་དཀྱིལ་འཁོར། གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་ཀྱིས། དུས་འདིར་འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་ཟབ་ཁྲིད་གདམས་པའི་ཉེ་ལམ་འཆད་ཅིང་རྩོམ་པ་ལ་བཀའ་ཡི་གནང་བ་སྩོལ་བར་མཛད་པ་དང་ཆབས་གཅིག་སྐལ་ལྡན་སློབ་མའི་ཚོགས་འདི་རྣམས་ཀྱི་ཤེས་རྒྱུད་ཀྱང་བྱིན་གྱིས་བརླབས་ནས། སྐུ་གསུམ་ལམ་སྣང་དུ་སྒྲུབ་པའི་ལམ་སྣང་བ་བཞིའི་ཡེ་ཤེས་རིམ་གྱིས་སམ་ཅིག་ཅར་གྱིས་སྐྱེ་བར་ཡང་བྱིན་གྱིས་རློབས་ཤིག་གསུངས་པ་དང་བཅས་ཏེ་ཡུལ་གོང་མར་དད་ཅིང་འདུན་པ། དེ་ཡང་གནས་ལུགས་རང་ངོ་ཤེས་པའི་དོན་ཕྱག་དང་བཅས་བཀའ་ཡི་གནང་བ་ཞུས་པའོ།།

༼ག བཞི་བ་བརྩམ་པར་དམ་བཅའ་བ་དང་བཅས་པས་ཉན་པར་བསྐུལ་བ།

དེ་ནས་བརྩམ་པར་དམ་བཅའ་བ་དང་བཅས་པས་སློབ་མ་ལ་སྣོད་ཀྱི་སྐྱོན་སྤངས་ཤིང་ཡོན་ཏན་ཚོགས་པའི་སྒོ་ནས་ཉན་པར་བསྐུལ་བ་ནི།

འོད་གསལ་ལྷུན་གྲུབ་སྣང་བཞིའི་ཏིང་འཛིན་གྱི།།

སྒོ་འཕར་བརྒྱ་ཕྲག་ཅིག་ཆར་འབྱེད་མཛད་པའི།།

གནད་ཀྱི་ཞལ་གདམས་རྡོ་རྗེའི་གླུ་དབྱངས་ལེན།།

སྐལ་ལྡན་ལས་འཕྲོ་ཅན་རྣམས་གུས་པས་ཉོན།།

ཅེས་གསུངས་ཏེ། འདིར་དབང་རྣོན་གྱིས་དབུ་མཚན་ཙམ་མཐོང་བའམ་ཐོས་པས་ཀྱང་། དབུ་ཞབས་ཀྱི་དོན་མཐའ་དག་ཁོང་དུ་ཆུད་པའི་དགོས་གནད་དང་མཐུན་པར་གདམས་པ་འདིས་ལུས་རྣམ་བཞག་ལྷུན་གྲུབ་སྣང་བཞིའི་ལམ་ནས་འཕོ་ཆེན་གྱི་སྐུར་བཞེངས་བའི་གདམས་པའི་ཆེ་བ་བསྟན་པ་དང་བཅས་ཏེ། སྤྱིར་དམ་པའི་ཆོས་དང་མཇལ་བ་དཀོན། དེའི་ནང་ནས་གསང་བ་སྔགས་ཀྱི་མྱུར་ལམ་ལ་ཞུགས། ཁྱད་པར་དུ་འོད་གསལ་རྫོགས་ཆེན་གྱི་གདམས་པ་རང་ལ་སྙིང་རུས་ཡོད་ན་ལོ་དང་ཟླ་བའི་ཁ་གྲངས་ཀྱིས་ཀྱང་འཚང་རྒྱ་བར་ནུས་པ་དང་། འོད་ལུས་འཕོ་ཆེན་གྱི་སྐུར་བཞེངས་ནས་ལུས་འདི་མ་སྤངས་བཞིན་དུ་མངོན་གྱུར་གདོད་མའི་ས་ལ་གཤེགས་ནས་པད་འབྱུང་དང་བི་མ་སོགས་ཀྱི་རྣམ་ཐར་འཆང་བའི་ལམ་མཆོག་འདི་ལ་ཞུགས་རྒྱུར་སྤྲོ་བ་བསྐྱེད་དེ་གུས་པས་ཉོན་གསུངས་པའོ།།

༼ཁ༽ གཉིས་པ་བར་དུ་དགེ་བ་གཞུང་གི་དོན།

གཉིས་པ་བར་དུ་དགེ་བ་གཞུང་གཞུང་གི་དོན་ལ་ཡེ་རྫོགས་ལམ་གྱི་སྤྱི་ཆིངས་བསྟན་པ་དང་། ཇི་ལྟར་འཕགས་པའི་འཕགས་ཆོས་བསྟན་པ་དང་། ཁྱད་དུ་འཕགས་པའི་ཐོད་རྒལ་གྱི་གདམས་པ་དེ་ཉིད་ཇི་ལྟར་ཉམས་སུ་ལེན་པའི་སྤྱི་ཆིངས་བསྟན་པ་དང་། ཐོད་རྒལ་དངོས་ཀྱི་སྤྱི་ཆིངས་བསྟན་པ་སྟེ་བཞི་ལས།

ཀ༽ དང་པོ་ཡེ་རྫོགས་ལམ་གྱི་སྤྱི་ཆིངས་བསྟན་པ།

དང་པོ་ཡེ་རྫོགས་ལམ་གྱི་སྤྱི་ཆིངས་ནི།

ཨེ་མ་ཧོ།

ཤིན་ཏུ་སྤྲོས་མེད་གསང་བ་ཆེན་པོ་ཡི།།

ལྷུན་གྲུབ་ཐོད་རྒལ་གནད་ལ་བརྩོན་འགྲུས་ཅན།།

ཚེ་འདི་ཉིད་ལ་གདོས་བཅས་འོད་ལུས་སུ།།

དག་ནས་འཚང་རྒྱ་བྱེད་པའི་གདམས་པ་འདི།།

ཐེག་པ་གཞན་ལ་མིང་ཙམ་མ་གྲགས་པའི།།

ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན།།

ཞེས་གཙོ་བོ་ལྷུན་གྲུབ་ཐོད་རྒལ་གྱི་ཆེ་བ་བརྗོད་པར་མཛད་པ་རེད། རྫོགས་ཆེན་ཉམས་ལེན་གྱི་གནད་ཐམས་ཅད་དབང་བཞིའི་སྒྲོམ་ལས་མི་འདའ་བ་ཡིན་པས། དབང་བཞི་པའི་ཡེ་ཤེས་དེ་ལ་ཡང་བཞིར་ཕྱེ་བའི་ཤིན་ཏུ་སྤྲོས་མེད་ཀྱི་དབང་དོན། ཚེ་འདིར་གདོས་བཅས་དག་ནས་འོད་ལུས་འཕོ་བ་ཆེན་པོར་བཞེངས་པ་འདི་ནི། འོག་མའི་ཐེག་པ་སྔགས་ལམ་གཞན་དང་བཅས་པ་ནས་དངོས་སུ་མ་དགོས། མིང་ཙམ་ཡང་མ་གྲགས་པའི་འབྲས་བུའི་བསྟན་པ་ཆོས་སྐུའི་དགོངས་པར་ཐད་ཀར་འཇུག་པའི་གསང་མཛོད་ཡིན། འདིའི་མན་ངག་གི་ལྡེའུ་མིག་གིས་གང་འབྱེད་པར་བྱེད་པའི་ཆོས་ཀྱི་སྒོའི་ཕྱོགས་ཙམ་བསྟན་ནས།

ཁ༽ གཉིས་པ་ཇི་ལྟར་འཕགས་པའི་འཕགས་ཆོས་བསྟན་པ།

དེ་ལ་རྫོགས་ཆེན་ཁྲེགས་ཆོད་དང་ཐོད་རྒལ་གཉིས་པོ་ཐུན་མོང་གི་ཆོས་གཞན་ལས་ཁྱད་པར་འཕགས་ཚུལ་བསྟན་པ་དང་། ཐོད་རྒལ་དེ་ཁྲེགས་ཆོད་ལས་ཀྱང་ཁྱད་པར་བདུན་གྱིས་འཕགས་ཚུལ་བསྟན་པ་དང་གཉིས་ལས།

༼༡ དང་པོ་རྫོགས་ཆེན་ཁྲེགས་ཆོད་དང་ཐོད་རྒལ་གཉིས་པོ་ཐུན་མོང་གི་ཆོས་གཞན་ལས་ཁྱད་པར་འཕགས་ཚུལ་བསྟན་པ།

དེ་ནས་ཁྱད་པར་ཇི་ལྟར་འཕགས་པའི་འཕགས་ཆོས་ཐུན་མོང་དང་ཐུན་མིན་གཉིས་ཀྱིས་བསྟན་པ་ཡོད་པ་ལས། དེ་ལས་དང་པོ་རྫོགས་ཆེན་ཁྲེགས་ཆོད་དང་ཐོད་རྒལ་གཉིས་ཐུན་མོང་གི་ཆོས་གཞན་ལས་ཁྱད་པར་འཕགས་ཚུལ་བསྟན་པ་ནི།

གནད་རྣམ་བདུན་གྱིས་གཞན་ལས་ཁྱད་པར་འཕགས།།

ཞེས་མདོར་བསྟན་ནས་རེ་རེ་བཞིན་དུ་རྒྱས་པར་བཤད་པ་ནི།

རིག་པ་གཅེར་མཐོང་ཉིད་དུ་རྟོགས་པའི་ཕྱིར།།

དབང་པོ་རྣམས་ལ་རྣོལ་རྟུལ་མེད་པའི་གནད།།

ཅེས་གནད་གཅིག་དང་།

ཆོས་ཉིད་དབང་པོས་བལྟ་རུ་ཡོད་པས་ན།།

བློ་ཡི་ཡིད་དཔྱོད་ཙམ་ལ་མི་ལྟོས་གནད།།

ཅེས་གནད་གཉིས་པ་དང་།

བླང་དོར་འབད་པའི་རྩོལ་སྒྲུབ་ལས་འདས་པའི།།

ན་སོ་ལ་ཡང་རྒན་གཞོན་མེད་པའི་གནད།།

ཅེས་གནད་གསུམ་པ་བསྟན།

རང་རིག་ཡེ་ཤེས་དྲི་མ་དང་བྲལ་བའི།།

དཀར་ནག་ལས་ལ་བཟང་ངན་མེད་པའི་གནད།།

ཅེས་དེས་བཞི་པ་བསྟན།

ཆོས་ཉིད་འོད་གསལ་མངོན་སུམ་མཐོང་བས་ན།།

ཐ་སྙད་ཚིག་ལ་ཅུང་ཟད་མི་ལྟོས་གནད།།

ཅེས་པས་གནད་ལྔ་བ་བསྟན།

ཆོས་ཉིད་བསམ་བརྗོད་ཡུལ་ལས་འདས་པས་ན།།

ལྟ་སྒོམ་གཞི་ལམ་འབྲས་བུར་མི་ལྟོས་གནད།།

ཅེས་དྲུག་པ་དང་།

སྐུ་གསུམ་ལམ་སྣང་ཉིད་དུ་ཤེས་ནས་ཀྱང་།།

ཁམས་གསུམ་འཁོར་བར་ཕྱིར་མི་ལྡོག་པའི་གནད།།

ཅེས་གསུངས་པ་འདི་གནད་བདུན་པ་རེད།

མདོར་ན་ཐུན་མོང་ཐེག་པ་གཞན་དག་ལས།།

གནད་ནི་བསམ་གྱིས་མི་ཁྱབ་འཕགས་ན་ཡང་།།

བརྗོད་ཀྱིས་མི་ལངས་པས་ན་འདིར་མ་སྤྲོས།།

དེ་ལྟ་བུའི་གནད་བདུན་པོ་རེ་རེ་བཞིན་དུ་བསྟན་པ་དེ་དག་བསྐྱར་ཟློས་མི་དགོས་པ་སླ་མོ་ཞིག་རེད་ལ། འོག་ནས་མན་ངག་གཞུང་གི་སྐབས་ནས་ཀྱང་འབྱུང་རྒྱུ་དང་། སྔོན་མར་ཁྲེགས་ཆོད་སྐབས་ཀྱི་བསྟན་དོན་གཙོ་བོར་བྱས་ཏེ་གསུངས་པ་དང་། འདིར་གཞན་ལས་ཁྱད་པར་དུ་འཕགས་ཚུལ་བསྟན་པ་དེ་སྤྲོ་བར་བྱ་བའི་སྐབས་མ་ཡིན་པས་མ་སྤྲོས་སོ་ཞེས་མདོར་ན་ཐུན་མོང་གི་མདོ་དང་སྔགས་ཀྱི་ཐེག་པ་འོག་མ་གཞན་དག་ལས་ཁྱད་པར་འཕགས་པའི་གནད་བསམ་གྱིས་མི་ཁྱབ་ཀྱང་། འདིར་ཆེ་ལོང་མདོ་ཙམ་ཞིག་ལུང་བཞིན་དུ་བརྗོད་པ་འདི་ཙམ་ལས་མན་ངག་གི་ཡིག་ཆར་ཚིག་ཚོགས་མང་པོ་ཞིག་བྲིས་ན་མང་ཆེ་བར་དོགས་ནས་དགོས་པའི་དབང་གིས་མ་སྤྲོས་པར་གསུངས་པའོ།།

༼༢ གཉིས་པ་ཁྲེགས་ཆོད་ལས་ཀྱང་ཁྱད་པར་བདུན་གྱིས་འཕགས་ཚུལ་བསྟན་པ།

དེ་ནས་སྐབས་ཀྱི་བསྟན་བྱ་ཡང་གསང་བླ་ན་མེད་པའི་མན་ངག་གི་བསྟན་དོན་དམིགས་ཀྱིས་བཀར་བ་ཐུན་མོང་མ་ཡིན་པ་ཐོད་རྒལ་གྱི་ལམ་གནད་ཁྱད་ཆོས་ཁྱད་དུ་འཕགས་ལུགས་བསྟན་པ་ནི།

ཁྲེགས་ཆོད་ལས་ཀྱང་ཁྱད་པར་བདུན་གྱིས་འཕགས།།

ཞེས་ཡང་སྡོམ་གྱིས་མདོར་བསྟན་ནས། དེ་ནས་རྒྱས་པར་བཤད་ན་ཇི་ལྟར་འཕགས་ཚུལ་ནི།

ཉམས་ལེན་ལག་ལེན་འདྲིལ་བའི་ཁྱད་པར་དང་།།

ལུས་གནད་རྩ་ཡི་ཁྱད་པར་སྣང་བྱེད་སྒོའི།།

ཁྱད་པར་མཐོང་བ་དབང་པོའི་ཁྱད་པར་དང་།།

རང་སྣང་མངོན་སུམ་གཟིགས་པའི་ཁྱད་པར་དང་།།

སྣང་བ་འོད་ཀྱི་ཁྱད་པར་ཉམས་སྣང་ཉིད།།

གོང་འཕེལ་ཁྱད་པར་དང་བཅས་བདུན་གྱིས་འཕགས།།

ཞེས་གསུངས་ན། ཉམས་ལེན་ལག་ལེན་དུ་དྲིལ་བའི་ཁྱད་པར་དང་གཅིག ལུས་གནད་རྩ་ཡི་ཁྱད་པར་དང་གཉིས། སྣང་བྱེད་སྒོའི་ཁྱད་པར་དང་གསུམ། མཐོང་བ་དབང་པོའི་ཁྱད་པར་དང་བཞི། རང་སྣང་མངོན་སུམ་གཟིགས་པའི་ཁྱད་པར་དང་ལྔ། སྣང་བ་འོད་ཀྱི་ཁྱད་པར་དང་དྲུག ཉམས་སྣང་ཉིད་གོང་འཕེལ་གྱི་ཁྱད་པར་དང་བདུན་རེད།

འགྲེལ་བཤད་ཀུན་མཁྱེན་དགོངས་པའི་ཐེག་མཆོག་མཛོད།།

ཚིག་དོན་མཛོད་ལས་རྒྱས་པར་བཤད་པའོ།།

ཞེས་གསུངས་ཏེ། གོང་དུ་དྲངས་པའི་ཐེག་མཆོག་མཛོད་དང་ཚིག་དོན་མཛོད་དེ་མཛོད་ཆེན་རྣམ་པ་གཉིས་ལས་གསུངས་པ་དག་ཚིག་གི་ཁྱད་པར་ཅུང་ཙམ་རེ་མ་གཏོགས་དོན་གྱི་འབབ་ས་གཅིག་པའོ།།

ག༽ གསུམ་པ་ཁྱད་དུ་འཕགས་པའི་ཐོད་རྒལ་གྱི་གདམས་པ་དེ་ཉིད་ཇི་ལྟར་ཉམས་སུ་ལེན་པའི་སྤྱི་ཆིངས་བསྟན་པ།

དེ་ནས་ཁྱད་དུ་འཕགས་པའི་ཐོད་རྒལ་གྱི་གདམས་པ་དེ་ཉིད་ཇི་ལྟར་ཉམས་སུ་ལེན་པའི་སྤྱི་ཆིངས་ནི།

དེ་འདྲའི་གདམས་པ་ཉམས་སུ་ལེན་འདོད་ན།།

དང་པོ་ཚེ་འདི་ཉིད་ལ་མ་ཆགས་པར།།

འཇིག་རྟེན་བྱ་བ་ཐམས་ཅད་བློས་བཏང་ནས།།

ཐེག་པ་འདི་ལ་ཉམས་ལེན་མི་ཞན་པའི།།

མཚན་ལྡན་བླ་མ་བསམ་དང་སྦྱོར་བ་ཡིས།།

ལོ་དང་ཟླ་བའི་བར་དུ་བསྟེན་པ་གནད།།

སྨིན་བྱེད་དབང་ཞུས་གྲོལ་བྱེད་ཁྲིད་རིམ་རྣམས།།

ཡང་ཡང་ཁྲིད་ནས་ཡིད་ལ་འབྱོར་པ་དགོས།།

ཞེས་གསུངས་ཏེ། ཁྱད་པར་བདུན་གྱིས་ཁྱད་དུ་འཕགས་པའི་གདམས་པ་གཞན་མཚུངས་བྲལ་བ་དེ་ཉིད་ཐོས་ཤིང་ཉམས་སུ་ལེན་རྒྱུའི་སྐལ་བ་བཟང་པོ་ཐོབ་པ་འདིའི་སྟེང་ནས་ད་རུང་ཡང་ཁ་ཧང་ཏེ་བལྟས་མི་འདུག་པར་ཉམས་སུ་ལེན་པར་འདོད་པ་ཡིན་ན། ཡང་ན་ཚེ་འདིའི་བྱ་བ་གདམ་དགོས་རེད། ཡང་ན་ཕྱི་མའི་དོན་ཆེན་ལ་འཐམས་དགོས་རེད། དེས་ན་ཐོག་མ་ཉིད་ནས་འཇིག་རྟེན་གྱི་བྱ་བ། ཁྱད་པར་ཆོས་བརྒྱད་བདུད་ཀྱི་མགོ་སྐོར་འདིའི་དབང་དུ་ཤོར་མི་བཅུག ཚེ་འདིའི་འདོད་ཡོན་སྤུ་གྲིའི་ཁ་ཡི་སྦྲང་རྩི་འདྲ་བོ་ལ་མི་ཆགས་པར་བློས་བཏང་རྒྱབ་ཏུ་བོར་ཏེ། མཚན་ལྡན་གྱི་བླ་མ་དམ་པ་ཐར་བའི་ལམ་དུ་བགྲོད་པའི་ལམ་སྟོན། འཁོར་བའི་མཚོ་ལས་སྒྲོལ་བའི་དེད་དཔོན། དུག་ལྔའི་ནད་ཆེན་འཇོམས་པའི་སྨན་པ་ཆེན་པོ། ད་ནངས་གོང་ནས་བཤད་པ་ལྟ་བུ་དེ་མ་བསྟེན་པར། རང་སྟོབས་ཀྱིས་ཐར་ལམ་རྣམ་དག་བགྲོད་མི་ཐུབ་ལ། བླ་མ་ལའང་རྩ་བ་དང་ཡན་ལག་གི་བླ་མའི་ཁྱད་པར་ཡོད་དེ། དབང་བསྐུར། རྒྱུད་བཤད། མན་ངག་འབོགས་པ་དང་གསུམ་པོ་ཚང་བ་ལ་རྩ་བའི་བླ་མ་ཞུ་བ་ཡིན་ལ། དེའི་ནང་ནས་གཅིག་ལྡན་ནམ་གཉིས་ལྡན་ལྟ་བུ། ཡན་ལག་གང་ཡང་རུང་བ་མ་ཚང་ན་ཡན་ལག་གི་བླ་མ་ཡིན། སྒྲ་ཐལ་འགྱུར་ལས། མཚན་ཉིད་ཚོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཡིན། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་ན། དེ་ཡང་མཚན་ཉིད་ལྡན་དང་མི་ལྡན་ལྟ་སྒོམ་སྤྱོད་འབྲས་བཞིའི་སྟེང་ནས་ཕྱེ་དགོས། ཇི་ལྟར་ཕྱེ་ན། རྟོགས་ལྡན་ལྟ་བ་ལ་མཁས་པས་ཆོས་ཉིད་མངོན་སུམ་གྱི་དྲོད་ཚད་ཐོབ་པ། གོམས་དོན་སྒོམ་པ་ལ་མཁས་པས་རྟག་ཏུ་ཆོས་ཉིད་ལས་མི་འདའ་བ། གཉིས་མེད་སྤྱོད་པ་ལ་མཁས་པས་གཟུང་འཛིན་གྱི་རྣམ་རྟོག་ཆུང་ཞིང་བླང་དོར་འཛིན་ཞེན་ཆུང་བ། མཐར་ཕྱིན་འབྲས་བུ་ལ་མཁས་པས་གྲོལ་ཚད་ཀྱི་རྟགས་དང་ལྡན་ཞིང་རེ་དོགས་ནང་ནས་ཞིག་པས་ཁོང་ཡང་བློ་བདེ་ཡིན་པ་བཅས་དགོས་གསུངས་ཡོད། ཡིན་ནའང་དེ་རིང་ཁ་རྩང་གི་དུས་འདི་ལ་གདུལ་བྱ་རང་དང་མཐུན་པའི་ངོ་སྐལ་དུ་འདུལ་བྱེད་ཀྱང་བསོད་ནམས་ཀྱིས་ཁྱོག་ཚོད་ཅིག་མ་གཏོགས་དཀའ་བ་ཡིན་ཡང་། སངས་རྒྱས་ཀྱི་སའི་ཐུགས་རྗེའི་ཆོས་ལྔ་དང་སྦྱར་ཡོང་ན། རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་བའི་ཐུགས་རྗེ་དང་ལྔ་བོ་ལས་ནམ་ཡང་འདའ་མི་སྲིད་པ་ཡིན། འོན་ཀྱང་ཁ་བྱང་བསྟན་གྱི་བྲག་ཕུག རང་ཉིད་ལ་གསལ་ཉི་ཟླའི་འཆར་ནུབ་ཀྱི་ལན་ཁ་མེད་པ་ལྟ་བུ་ནི་རེ་ཞིག་རིགས་ཆད་ལ་འཇོག་རྒྱུའང་མི་སྲིད་པ་མིན་པས་ན། རང་རང་གི་དད་པ་དང་མོས་པའི་ཆུ་སྣོད་ལ་རྒྱལ་བའི་ཐུགས་རྗེའི་ཟླ་གཟུགས་བླ་མ་དགེ་བའི་བཤེས་གཉེན་ཡང་དེའི་ཚོད་ཅིག་སྣང་བ་རེད། སྔར་བསྐལ་བ་དུས་ཚོད་བཟང་དུས་ཀྱི་བླ་མ་དག་གི་རྣམ་ཐར་གྱི་ནང་ན་ཡོད་པ་དེ་ལྟ་བུ། དེང་འཇིག་རྟེན་གྱི་ཁམས་ན་ཡོད་དར་ས་མ་རེད་བསམ་ནས་བསྡད་འདུག་རྒྱུ་ཡོད་པ་མ་རེད། བླ་མ་མེད་པས་མེད་པ་དང་། དད་པ་མེད་པས་མེད་པ་གཉིས་མཐར་སྐལ་མེད་ལག་སྟོང་དུ་ལུས་པར་འདྲ་འདྲ་རེད་བསམ་ནས་མ་མཐར་ཡང་ཐེག་པ་འདི་ལ་ཉམས་ལེན་མི་ཞན་ཅིང་། རང་ལས་ལྷག་པའི་བརྒྱུད་ལྡན་གྱི་བྱིན་རླབས་ཤིག་ཡོད་ངེས་སྙམ་པའི་བློ་གཏད་ཆོག་ས་ཞིག་བསྟེན་དགོས་ལ། དེ་ལྟ་བུའི་མཚན་ཉིད་ཀུན་ལྡན་པའམ་ཡང་དུས་ཀྱི་དབང་དང་གདུལ་བྱའི་བསོད་ནམས་ཀྱིས་ཆ་ཤས་རེ་ལྡན་ནའང་། བསམ་པས་དད་ཅིང་འདུན་པ་དང་། སྦྱོར་བས་གུས་ཤིང་བརྩི་བཀུར་གྱི་ཐོག་ནས་ཅི་གསུང་བཀའ་བཞིན་སྒྲུབ་པའི་བསྟེན་ཚུལ་གྱིས་ལོ་ཟླ་ཅི་ཙམ་ཞིག་ལ་དྲུང་དུ་བསྙེན་ཞིང་སྡོད་དགོས་ན། དེའི་ཚེ་ལ་བཀའ་ལས་འདའ་ཞིང་དམ་ཚིག་ཆགས་ཉམས་འགྲོ་བའི་རྒྱུ་ཞིག་མཐོང་ཐོས་དོགས་གསུམ་གྱིས་རེད་མི་ཤོར་བ་ཞིག་རང་བློ་དག་ས་ནས་བྱེད་དགོས། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་། མན་ངག་གནད་ཀྱི་ཞལ་ཤེས་དང་བཅས་པ་ཡང་ནས་ཡང་དུ་ཞུས་ཏེ། ཁྲིད་ཅིང་བསྐྱང་བར་མཛད་པའི་གནད་ཐམས་ཅད་ཡིད་ལ་སྦྱོར་བ་ཞིག་དགོས་ཞེས་གསུངས་པ་ཡིན་པས། དེ་ནི་དང་པོ་ཐོས་བསམ་ལ་ཞུགས་པ་ཆོས་རྣམས་ཀུན་གྱི་རོ་མྱོང་བ་བུང་བ་ཚང་ལ་ཞུགས་པ་ལྟ་བུའི་སྤྱོད་པ་དེ་དང་ནི། གསང་བ་སྔགས་ཀྱི་ཐེ་ཚོམ་གཅོད་པ་ཐི་བྱ་ལྟ་བུའི་སྤྱོད་པ་ཞེས་གསུངས་པ་དེ་ལྟ་བུའི་སྤྱོད་པའི་སྐབས་ཡིན། དེ་ནས་སྒྲུབ་པ་ལ་རེམ་པའི་དུས་ལ་སླེབས་དུས་དབེན་པ་བསྟེན་དགོས་པས།

དེ་ནས་རྣམ་གཡེང་འདུ་འཛི་མེད་ས་རུ།།

ཐུན་མོང་སྔོན་འགྲོ་ཚད་ལྡན་ཁྲིད་གཞུང་ལྟར།།

སྔོན་དུ་བཏང་ནས་ཐོད་རྒལ་གཞི་མ་ལ།།

ཁྲེགས་ཆོད་ལྟ་བ་གདེངས་སུ་གྱུར་པ་དགོས།།

དེའི་ཕྱིར་ཁྲེགས་ཆོད་ལྟ་བ་གནད་བསྣུན་ཏེ།།

བརྟན་པ་ཐོབ་ནས་ཐོད་རྒལ་བསྒོམ་པ་གནད།།

ཅེས་གསུངས་ཏེ། འདིའི་སྐབས་སུ་འཁྲུལ་བའི་རྐྱེན་འགྱུར་གྱི་ཡུལ་ཐམས་ཅད་སྤངས་ཏེ་རི་དྭགས་ལྟ་བུའི་སྤྱོད་པས་རྣམ་གཡེང་འདུ་འཛི་སྤངས་། གནས་དབེན་པས་མི་ཚད་ལུས་དབེན་ངག་དབེན་སེམས་དབེན་ཏེ། དབེན་གསུམ་ཞི་བའི་རྒྱལ་ས་ནས་ཐུན་མོང་ཕྱིའི་སྔོན་འགྲོ། ཐུན་མིན་ནང་གི་སྔོན་འགྲོ། ཁྱད་པར་གསང་བའི་སྔོན་འགྲོ་སོགས་ཚད་ལྡན་དུ། རྫོགས་ཆེན་སྙིང་ཏིག་གི་རྩ་བའི་ཁྲིད་གཞུང་ལྟར་དུ་སྔོན་དུ་འགྲོར་བཅུག དེས་མི་ཚད་བསྐྱེད་རྫོགས་ཐུན་མོང་སྔགས་བླ་མེད་ཀྱི་རྫོགས་རིམ་གཞན་དང་བཅས་པ་སྔོན་དུ་བཏང་ནས། འཇུག་སྒོའི་དབང་ནས་ཞུགས་ཏེ་ཁྲེགས་ཆོད་ཀྱི་ལྟ་བས་རིག་པའི་རང་ངོ་འཕྲོད་པའི་སྟེང་། ལྟ་བའི་ངང་སྒོམ་པས་བསྐྱངས་ཏེ་ལྟ་བ་གདེང་དང་ལྡན་པར་གྱུར་པས། བློས་བྱས་ཡིད་དཔྱོད་ལ་རག་མ་ལས་པར། ཁྲེགས་ཆོད་ལྟ་སྒོམ་ཀྱི་བརྟན་པ་གང་འཚམ་ཞིག་ཐོབ་པར་བྱས་ཏེ། དེ་ནས་ཐོད་རྒལ་བསྒོམ་པ་གནད་ཡིན་གསུངས་པའོ། །འདི་ཀུན་མཁྱེན་ཆེན་པོ་མན་ཆད་ཀྱི་ཕྱག་ལེན་ཡིན། དུས་སྙིགས་མའི་གཞན་དབང་དུ་གྱུར་ཅིང་གྱུར་ལ། སློབ་མའི་རྒྱུད་ཚོད་དང་བསྟུན་ནས་གཏན་ལ་ཕབ་པར་མཛད་པའི་ཕྱག་བཞེས་སོ། །ཐེག་པའི་རྒྱལ་པོ་འདིའི་ལུགས་ལ་སེམས་དང་ཡེ་ཤེས་ཀྱི་གནད་ཕྱེ་བ་ཐོག་མ་ཉིད་ནས་ངེས་དགོས་སོ། །དེ་ངེས་ཚུལ་ཡང་གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་སོགས་གོང་དུ་ཞུས་པའི་རྡོ་རྗེའི་ཚིག་དོན་བཅུ་གཅིག་གི་ནང་དུ་གཞི་ལམ་འབྲས་བུའི་གནད་ཐམས་ཅད་བསྡུས་པ་བཞིན་དུ། ཡེ་ཐོག་གཞིའི་ཀ་དག་དེ་ངོ་བོ་ཀ་ནས་དག་པས་ཡོད་པ་རྟག་པའི་མཐའ་དང་བྲལ། དངོས་པོ་དང་མཚན་མའི་ཆོས་སུ་མ་གྲུབ། རང་བཞིན་ལྷུན་གྱིས་གྲུབ་པས་མེད་པ་ཆད་པའི་མཐའ་ལས་འདས། འོད་གསལ་སྟོང་པའི་ཆོས་ཉིད་རྣམ་པར་དག་པ་ངོ་བོ་རང་བཞིན་ཐུགས་རྗེ་ཡེ་ཤེས་གསུམ་ལྡན། དེ་ཡང་ཀ་དག་ཡིན་པས་དྲི་མ་རང་དག ལྷུན་གྲུབ་ཡིན་པས་སྣ་ཚོགས་འབྱུང་བའི་འཁོར་འདས་ཀུན་གྱི་སྤྱི་གཞི་རུ་གྲུབ། གཞི་དེ་ལ་མ་རིག་པ་མི་ལྡན་པའི་ཆ་ནས་ཀ་དག་དང་། གཞི་དེ་ཡིས་མ་རིག་པ་མ་སྤངས་པའི་ཆ་ནས་ལྷུན་གྲུབ་ཅེས་བརྗོད་ན་མི་ཆོག་པ་མེད། གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ན། ཀུན་ཏུ་བཟང་པོས་རང་ངོ་ཤེས་པས་གྲོལ། ཁམས་གསུམ་སེམས་ཅན་གྱིས་རང་ངོ་མ་ཤེས་པས་འཁྲུལ་བ་ཡིན་ན། གཞི་སྣང་དེ་ཇི་ལྟར་ཤར་བ་ཡིན་སྙམ་ན། གཞི་དབྱིངས་ལས་གཡོ་བྱེད་ཡེ་ཤེས་ཀྱི་རླུང་གཡོས་པས་ཡིན་ལ། ཐུགས་རྗེ་ཉིད་ཤེས་པ་གསལ་རིག་ཡུལ་སྐྱོན་མེད་ཅིག་ལ་ཤར་ཡོང་དུས། སེམས་ཅན་ཇི་ལྟར་འཁྲུལ་ན། སེམས་ཉིད་རླུང་དང་ཐིག་ལེའི་དྭངས་མ་དང་འགྲོགས་པའི་སྣང་བ་གསུམ་པོ་འདི་བྱུང་བ་ཡིན། དེ་ཁོ་རང་རང་བཞིན་གྱིས་དབང་པོ་རྟུལ་བས་མེ་ལོང་ལ་རང་བྱད་ཤར་བ་རང་གི་ངོ་ཡིན་པར་མ་ཤེས་པར་གཞན་དུ་བཟུང་བ་ལྟར་དུ། སྐུ་དང་གཅིག དབྱིངས་དང་གཉིས། རིག་པ་གསུམ་དེ་གཞན་སྣང་དུ་མཐོང་ནས་སྐུ་ལས་ལུས་སུ་འཁྲུལ། དབྱིངས་ལས་ཡུལ་དུ་འཁྲུལ། རིག་པ་སེམས་སུ་འཁྲུལ་ཏེ། གཞི་ལས་གཞི་སྣང་ཤར་དུས་རྐྱེན་བཞིས་ཡར་གྲོལ་བ་བཞིན་དུ་རྐྱེན་བཞིས་མར་འཁྲུལ་རྐྱེན་ཡང་བྱས་ཏེ་འཁྲུལ་ནས་ཁམས་གསུམ་འཁོར་བའི་གནས་དོན་ལུས་གསུམ་འདི་བཞིན་གྲུབ་པ་ཡིན་མོད། འོན་ཀྱང་འཁྲུལ་བཞིན་པའི་གནས་སྐབས་ན་གཞི་ལ་ཇི་ལྟར་གནས་པ་བཞིན་དུ་གནས་ཡོད་པ་ཡིན་ནོ། །སྐུ་འོད་རིག་པ་གསུམ་ཡར་གྲོལ་བས་རྒྱལ་བའི་སྐུ་གསུང་ཐུགས་དང་། མར་འཁྲུལ་བས་སེམས་ཅན་གྱི་ལུས་ངག་ཡིད་གསུམ་བྱུང་བ་ཡིན་པས་དེའི་སྟོབས་ཀྱིས་སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཡོད། ཁྱབ་ཚུལ་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་གསུངས་པ་ལྟར་དང་། ཁྱབ་ཆོས་བྱེ་བྲག་གི་ཐད་ནས། སྙིང་པོའི་ཡེ་ཤེས་ལ་སྐུ་ལྔ་ཡེ་ཤེས་ལྔ་འོད་ལྔ་ལ་སོགས་པར་ཡེ་ནས་གནས་པ་ཡིན། གནས་པའི་རྟགས་ནི་མ་དག་པའི་སྐབས་འདིར་ཉོན་མོངས་ལྔ་དང་ཕུང་པོ་ལྔ། འབྱུང་བ་ལྔ་སོགས་སུ་གནས་ནས་ཡོད་པས། སྐུ་ལྔ་ཡེ་ཤེས་ལྔ་སོགས་ཀྱིས་ཁྱབ་ཡོད་པར་མཚོན་ཅིང་། འདི་ད་ལྟ་ལུས་ཅན་རྣམས་ཀྱི་གནས་གང་ན་བཞུགས་སྙམ་ན་ལུས་ལ་བཞུགས་ཚུལ་གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། གནས་དང་ལམ་དང་སོགས་གསུངས་པའི་ཡེ་ཤེས་དངོས་དེ་གང་ན་བཞུགས་ན་སྙིང་ཙིཏྟ་ཤའི་སྒྲོན་མ་ན་ཉི་མའི་དཀྱིལ་འཁོར་དང་བུམ་ནང་གི་མར་མེ་བཞིན་དུ་བཞུགས་ཡོད་པའི་ཟེར་ཕྱིར་འཕྲོ་སའི་ལམ་དེ་ལུས་ཀྱི་རྩ་ཆེན་བཞི་དང་རྩ་ཕྲན་དག་གི་ནང་ན་ཡོད་པ་རེད། སྙིང་ཁའི་འོད་གསལ་གྱི་འོད་རྩའི་སྒོ་བཞི་ནི། ཀ་ཏི་གསེར་གྱི་རྩ་ཆེན་དང་གཅིག ཤེལ་སྦུབ་ཅན་དང་གཉིས། དར་དཀར་སྣལ་མ་དང་གསུམ། སྟོང་པ་རང་གྲོལ་དང་བཞི་པོ་ཡིན། མུ་ཏིག་ཕྲེང་རྒྱུད་ལས། ལམ་ནི་རྩ་བཞི་འགྱུ་བྱེད་རླུང་། །འཆར་བྱེད་སྒོ་ནི་མིག་སོགས་སོ། །ཞེས་གསུངས་པ་རེད། སྒོ་གང་ནས་འཆར་ན། གཉིས་ཀྱིས་ཆ་འཛིན་འཁོར་འདས་སྟོན། །གསུངས་པ་ལྟར་དུ། རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་དབང་པོ་ལ་བརྟེན་པའི་འོད་རྩ་དྭངས་བ། སྐྱོན་ཡོན་དབང་པོ་དྭངས་བྱེད། ལས་དག་མ་དག་གི་སྟོབས་ཀྱིས་མཐོང་སྣང་ཆ་གཉིས་སུ་འབྱུང་བ་འདི་ཡིན་ན་འདི་གཙོ་ཆེ་བའི་ཆ་ནས་གསུངས་པ་རེད་མ་གཏོགས། ངོ་མ་ཞིབ་ཏུ་བརྟགས་ན་ཡེ་ཤེས་འཆར་བའི་སྒོ་དེ་མིག་གཉིས་མིན་པར་མ་ཟད་རྒྱང་ཞགས་ཆུའི་སྒྲོན་མ་རེད་ཟེར་ནའང་ཅུང་རྩིང་བཤད་ཙམ་ཡིན་པ་རེད། རྒྱང་ཞགས་དག་པ་ཆུའི་སྒྲོན་མ་དེ་ཡེ་ཤེས་འཆར་བའི་སྒོ་རེད་ཅེས་བརྗོད་ན་འགྲིགས་པོ་ཡོད་རེད། དེ་གང་ལ་འཆར་ན། ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་གསུངས་པས་ཕྱི་ཡུལ་ནམ་མཁའ་སྟོང་པས་གོ་ཕྱེས་ནས། ནང་ཡུལ་རྣམ་དག་དབྱིངས་ཀྱི་སྒྲོན་མ་འཆར་བ་དང་། ཕྱི་ཡུལ་ནམ་མཁའ་སྟོང་པར་རིག་པ་གཏད་པས། དེས་མཚོན་པའི་སྟོང་གསལ་མཐའ་དབུས་བྲལ་བ་ཞིག་འཆར་བས་ན་ཕྱི་ཡུལ་ནམ་མཁའ་ཞེས་པའི་ཚིག་དེ་བྱུང་བ་རེད། དོན་དངོས་ཐོག་ནས་བཤད་ན་དབྱིངས་ཀྱི་ར་བར་ལུག་རྒྱུད་འགུལ་འཕྲིག་མེད་པར་བཞག་ནས་དབྱིངས་རིག་གཉིས་སུ་མེད་པའི་རང་ངོ་ལ་ལྟ་བ་དེ་གནད་ངོ་མ་བོ་ཡིན། དེ་ཐབས་གང་གིས་མཐོང་ན། ལྟ་སྟངས་དང་གཟིགས་སྟངས་བྱས་པས་མཐོང་དགོས་པ་དེའི་ཕྱིར་ན། ཡུལ་གནད་རྩོལ་མེད་དང་རྩོལ་བཅས་གཉིས་སུ་ཕྱེ་ནས་བཤད་དུ་ཡོད་དེ། རྩོལ་མེད་དེ་ཇི་ལྟར་བཤད་ན། རང་གདངས་ནམ་མཁའི་རྣལ་འབྱོར་དང་། རང་གནད་རྒྱ་མཚོའི་རྣལ་འབྱོར་གཉིས་བྱས་ཏེ་བཤད་དགོས། རྩོལ་བཅས་ལ་རྒྱང་ཞགས་བལྟེམས་པ་དང་འོད་རྩ་བལྟེམས་རྒྱུ་དོ་ཞག་དབང་གི་སྐབས་ནས་བྱུང་བ་ལྟ་བུ་དང་དེ་ལྟར་གཉིས་ཡོད། གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཞེས་གསུངས་ན། ལམ་ཉམས་ལེན་དེ་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཡིན་པས་རང་ལམ་གྱི་དབང་ཐོབ། དབང་སྲོག་དམ་ཚིག་གིས་རྒྱུད་དག་པར་བྱས་ཏེ། དམིགས་པ་ཡུལ་གྱི་བློ་ཅན་དང་རིག་པ་རང་སྣང་གི་བློ་ཅན་གཉིས་ཀྱི་རང་རང་གི་བློ་དང་དབང་པོ་ལྟར་དུ་རིམ་ཅན་ནམ་ཅིག་ཆར་གྱིས། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་མན་ངག་ལྟར་དུ་བྱ་དགོས་ལ། དེ་ལས་ཁྲེགས་ཆོད་ནི་སྣང་བ་ལ་མ་ལྟོས་པར་རིག་པ་རྗེན་པ་ཉམས་ལེན་གྱིས་འབད་མེད་རང་གྲོལ་ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བའི་ཆོས་ཡིན་པ་དང་། ཐོད་རྒལ་ནི་འོད་གསལ་གྱི་སྣང་བ་ལ་ལྟོས་ནས་འབད་བཅས་ཀྱིས་གྲོལ་བ་བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་གདོས་བཅས་འོད་ལུས་སུ་དེངས་སྟེ་འཚང་རྒྱ་བ། དེ་གཉིས་ཀའང་དབང་པོ་རྣོན་པོའི་དབང་དུ་བྱས་པ་གཉིས་མེད་ཟུང་འཇུག་གི་ཡེ་ཤེས་ལམ་བྱེད་ཡིན་པའི་དགོངས་གནད་གཅིག་པ་རེད། སྣང་སྟོང་ཟེར་བ་ལུགས་འབྱུང་ལྡོག་གི་བཤད་སྟངས་ཙམ་མ་གཏོགས་སྐུ་གསུམ་ལམ་སྣང་དུ་བྱས་ཏེ་སྣང་བཞི་མཐར་ཕྱིན་དགོས་པའི་གནད་གཅིག་ལས་གཉིས་སུ་ཡོད་པ་མ་ཡིན་ནོ། །མདོར་ན་གོང་དུ་ཁྱབ་ཚུལ་བཤད་པ་བཞིན། གཞི་སྐུ་གསུམ་འདུ་འབྲལ་མེད་པས་ཁྱབ་ཡོད་ཀྱང་། ཚོགས་བརྒྱད་སེམས་བྱུང་དང་བཅས་པའི་རྣམ་ཤེས་དང་། བདེ་གསལ་མི་རྟོག་གསུམ་གྱི་ཉམས་ཞེན། མ་རིག་ལུང་མ་བསྟན་གྱི་ཀུན་གཞི་སོགས་ཀྱིས་བསྒྲིབས་ནས། དོ་ཞག་ཞུས་པ་ལྟར། རལ་གྲི་ཤུབས་དང་མེ་ལོང་འདམ་ནོར་བུ་སྒྲོམ་གྱིས་སྒྲིབ་པ་ལྟར་བསྒྲིབས་ཡོད་པ་དེ་སྨིན་བྱེད་དབང་གིས་སྨིན་པར་བྱས། གྲོལ་བྱེད་ཁྲིད་ཀྱིས་གྲོལ་བར་བྱས་ནས། ཚེ་འདིའི་སྟེང་གི་མ་འཁྲུལ་དོན་གྱི་གནས་ལུགས་གཞི་འབྲས་དབྱེར་མེད་པའི་སར་ཕྱིན་པའི་ཉམས་ལེན་མཐའ་རུ་ཕྱིན་དགོས་སོ། །དེའི་ཚད་ནི་སྣང་བཞིའི་ཉམས་ལེན་མཐར་ཕྱིན་ནས་གདིང་བཞིའི་དགོངས་པ་ཚད་དུ་ཕྱིན་དགོས་སོ། །གདེང་བཞི་ནི། མར་གྱི་གདེང་གཉིས་དང་ཡར་གྱི་གདིང་གཉིས་ཏེ། མར་གྱི་གདེང་གཉིས་ནི། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ད་མྱོང་ངོ་བརྗོད་ཀྱང་ཡ་ང་བག་མི་ཚ། འཁོར་བའི་བདེ་སྡུག་ལ་ད་དུང་འཁོར་རོ་ཟེར་ཡང་རེ་དོགས་མེད་པའི་གདེང་དང་ནི། ཡར་གྱི་གདེང་གཉིས་ནི། མྱང་འདས་ཀྱི་ས་ལ་རེ་བ་མེད་པ་དང་སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་སྟེ། དེ་ལྟར་གདེང་བཞི་ཐོབ་པས་ཉམས་ལེན་དྲོད་རྟགས་ཀྱི་ཚད་འཛིན་ཆོག་པ་ཡིན་ནོ།། ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་གསུངས་པས། འདིའི་སྐབས་སུ་བར་དོ་རྣམ་པ་བཞི་སྟེ་རང་བཞིན་འཆི་བ་ཆོས་ཉིད་སྲིད་པ་བར་དོ་དང་བཞི་ཡིན་ན། ཉམས་ལེན་བྱས་པའི་དོན་སྒོ་དེ་བར་དོ་གཅད་དུས་ཡོད་དགོས་པ་ཡིན་ན་རབ་ཚེ་འདིའི་འཆི་སྲིད་ཆོས་སྐུའི་འོད་གསལ་ཤར་ཚུན་ཆོད་དང་། འབྲིང་ཆོས་ཉིད་བར་དོའི་ནམ་མཁའ་འོད་གསལ་ལ་ཐིམ་པ་ནས་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར་ཚུན་ཆོད་ལ་གྲོལ་བ་དང་། ཐ་མ་ཡིན་ཡང་སྲིད་པ་བར་དོའི་གནས་སྐབས་སུ་རང་བཞིན་སྤྲུལ་བར་དབུགས་འབྱིན་ཐུབ་པ། ཡང་ཐ་ངོ་མ་ཞིག་ཡིན་ཡང་སྐྱེ་བ་ཚེ་རབས་མང་པོ་ཞིག་བརྒྱུད་མི་དགོས་པར་ཆོས་འདི་དང་འཕྲད་ནས་གྲོལ་བ་ཐོབ་པ་དེ་ལྟ་བུའོ། །དེ་ནས་གང་དུ་གྲོལ་བའི་གྲོལ་ས་དེ། ལམ་སྦྱང་ཚུལ་གྱིས་དབང་པོ་ཐ་དད་འགྲོ་བའི་ལམ་མ་གཅིག་ནའང་། ཐོན་ས་དེ་གཅིག་ལ་ཐོན་པ་བཞིན་འབྲས་བུ་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཀ་དག་རིན་པོ་ཆེའི་སྦུབས་སུ་གྲོལ་བ་ལ་ངོ་བོ་གཅིག་པ་ཡིན། འདི་ལ་སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་དབྱེ་བ་མང་ཡང་། དོན་ལ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ལོངས་སྤྲུལ་གཉིས་ཕྲིན་ལས་དང་བཅས་པས་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ། ནམ་མཁའ་མ་ཞིག་འཁོར་བ་མ་སྟོང་གི་བར་དུ་མཛད་པ་དེ་མཐར་འབྲས་ཡིན་ནོ། །འདིའི་སྐབས་སུ་མཐར་ཐུག་གི་གྲོལ་ས་དེ། ཐོག་མའི་ངེས་མེད་གཞིའི་ཀ་དག་དེ་མ་ཡིན་པར་ལྷུན་གྲུབ་ཀྱི་རྩལ་རིག་པར་རྟོགས་པ་ལས་མ་རིག་པའི་ཆ་སྤངས་ཏེ་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པ་དེ་ཉིད་ཡིན་ནོ། །དེ་གཉིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པའི་རིག་པའི་ཡོན་ཏན་འདྲ་ཡང་སླད་ཀྱིས་འཁྲུལ་གཞི་བྱེད་མི་བྱེད་ཀྱི་ཁྱད་པར་ཆེན་པོ་ཡོད་པས་ན། གཞི་སྣང་ལས་གྲོལ་ཏེ་གཞི་འབྲས་དབྱེར་མེད་ཀྱི་སར་ཕྱིན་པ་ཡིན་པས་གཞི་ཐོག་ཏུ་གྲོལ་ཞེས་ཟེར་ན་ཅུང་ཟད་གནད་མ་གོ་བའི་ཉམས་ཡིན་ནོ།།

ག༽ བཞི་བ་ཐོད་རྒལ་དངོས་ཀྱི་སྤྱི་ཆིངས་བསྟན་པ།

དེ་ལ་ས་བཅད་ཀྱིས་བཅད་མཚམས་བྱས་ནས་ཁྲིད་རྐང་གི་རིམ་པ་སྡོམ་དུ་བཀོད་པས་མདོར་བསྟན་པ་དང་། དེ་དག་རིམ་པ་བཞིན་དུ་རྒྱས་པར་བཤད་པ་སྟེ་གཉིས་ལས།

༼༡༽ དང་པོ་ཁྲིད་རྐང་གི་རིམ་པ་སྡོམ་དུ་བཀོད་པས་མདོར་བསྟན་པ།

དེ་ལྟ་བུའི་སྤྱིར་རྫོགས་པ་ཆེན་པོ། བྱེ་བྲག་འོད་གསལ་ཐོད་རྒལ་གྱི་ལམ་གནད་དེ་ངེས་པར་བྱས་པའི་ཐོག་ནས། ད་ནི་ཐོད་རྒལ་དངོས་ཀྱི་སྤྱི་ཆིངས་དེ་ས་བཅད་ཀྱིས་བཅད་མཚམས་བྱས་ནས་ཁྲིད་རྐང་གི་རིམ་པ་སྡོམ་དུ་བཀོད་པས་མདོར་བསྟན་པ་ནི།

ཨེ་མ་ཧོ།

སུས་ཐོབ་འཚེངས་པས་ནོར་བུ་ལྟ་བུ་ཡི།།

ཐོད་རྒལ་ཉམས་ལེན་ཁྲིད་རིམ་འདི་ལྟ་སྟེ།

ཞེས་མཚམས་སྦྱར་ཏེ་དེ་ནས།

སྒོ་གསུམ་བྱ་བ་དགུ་ཕྲུགས་གཏོང་ཚུལ་དང་།།

སྒོ་གསུམ་གནད་རྣམས་གཟིར་ཚུལ་གནད་གསུམ་གྱིས།།

ཡེ་ཤེས་མངོན་སུམ་གཏན་ལ་འབེབས་ཚུལ་དང་།།

གཏན་ལ་ཕབ་ནས་དངོས་གཞིའི་ངོ་སྤྲོད་དང་།།

རྗེས་སུ་རྣལ་འབྱོར་བཞི་ཡིས་ཉམས་བླང་ཚུལ།།

ཉམས་སུ་བླངས་ནས་སྣང་བཞི་འཆར་ཚུལ་དང་།།

མཐའ་རྟེན་མན་ངག་དང་བཅས་བདུན་ཡིན་ནོ།།

ཞེས་རིམ་པ་བཞིན་དང་པོ་སྒོ་གསུམ་བྱ་བ་དགུ་ཕྲུག་གཏོང་ཚུལ་དང་། གཉིས་པ་སྒོ་གསུམ་གནད་རྣམས་གཟིར་ཚུལ་གྱི་གནད་གསུམ་དང་། གསུམ་པ་ཡེ་ཤེས་མངོན་སུམ་གཏན་ལ་འབེབས་ཚུལ་དང་། བཞི་པ་གཏན་ལ་ཕབ་ནས་དངོས་བཞིའི་ངོ་སྤྲད་པ་དང་། ལྔ་བ་རྗེས་ཀྱི་རྣལ་འབྱོར་བཞི་ཡིས་ཉམས་སུ་ལེན་ཚུལ་དང་། དྲུག་པ་ཉམས་སུ་བླངས་ནས་སྣང་བཞི་འཆར་ཚུལ་དང་། བདུན་པ་མཐའ་རྟེན་མན་ངག་དང་བཅས་པས་བདུན་ཏེ་ཆིངས་སམ་ས་བཅད་ཀྱིས་བཅིངས་ཏེ་རེ་རེ་བཞིན་དུ་འཆད་པའོ།།

༼༢༽ གཉིས་པ་དེ་དག་རིམ་བཞིན་རྒྱས་པར་བཤད་པ།

དེ་ལ་མདོར་བསྟན་པ་ལྟར་དུ་བདུན་དུ་ཡོད་པ་ལས་དང་པོ་ནི།

༡༽ དང་པོ་སྒོ་གསུམ་བྱ་བ་དགུ་ཕྲུགས་གཏོང་ཚུལ།

ཨེ་མ་ཧོ།

དང་པོ་སྒོ་གསུམ་བྱ་བ་གཏོང་ཚུལ་ནི།།

ཆོས་ཉིད་ཡིད་བྱེད་ཙམ་དུ་མ་ལུས་པར།།

མངོན་སུམ་རང་ཐོག་ཕབ་ནས་ཉམས་ལེན་ཚེ།།

སྒོ་གསུམ་བྱ་བ་དགུ་ཕྲུགས་གཏོང་དགོས་པས།།

ལུས་ཀྱི་ཕྱི་ཡི་བྱ་བ་ཚེ་འདི་ཡི།།

དགྲ་འདུལ་གཉེན་སྐྱོང་སོ་ནམ་ཐམས་ཅད་དང་།།

ནང་གི་བྱ་བ་ཕྱག་དང་བསྐོར་བ་དང་།།

གསང་བ་ལྷ་ཡི་གར་དང་ཕྱག་རྒྱ་སོགས།།

སྤངས་ནས་གྲོགས་མེད་གཅིག་པུར་གནས་པར་བྱ།།

ཞེས་གསུངས་ཏེ། ལུས་ངག་ཡིད་ཀྱི་སྒོ་གསུམ་འདི་མ་དག་འཁོར་བའི་སྒོ་ཡིན་པས་ན། འདིའི་སྒོ་གསུམ་གྱི་བྱ་བ་རྣམ་པ་དཀར་ནག་བཟང་ངན་དུ་སྣང་བ་ཐམས་ཅད་བཏང་བཞག་ན། གཞི་ནས་རྒྱལ་བའི་གསང་གསུམ་གྱི་ངོ་བོ་འགྲུབ་པ་ཡིན་པ་དང་། ཁྱད་པར་འོད་གསལ་རྫོགས་ཆེན་གྱི་ཉམས་ལེན་ལ་ཆོས་ཉིད་ཅེས་པ་དེ། གོ་བའི་དབྱིངས་ཙམ་ཞིག་གི་སྤྱི་དོན་ཡིད་བྱེད་ཙམ་དུ་མ་ལུས་པར་མངོན་གསུམ་གནད་ལ་འཇལ་བའི་རང་ཐོག་ཏུ་ཕབ་དགོས་པ་ཡིན་པས། ཉམས་ལེན་དེ་ཉིད་རྒྱུད་ལ་འབྱོར་དགོས་ཤིང་། དེ་རྒྱུད་ལ་འབྱོར་བའི་ཐབས་སུ་ངེས་པར་དུ་སྒོ་གསུམ་གྱི་བྱ་བ་གསུམ་གསུམ་དགུ་རུ་ཕྱེ་བ། དགུ་ཕྲུགས་སམ་དགུ་བོ་དེ་ཕྲུགས་ཀྱིས་སམ་རྦད་ཀྱིས་གཅོད་པར་བྱེད་དགོས་གསུངས་སོ། །རྒྱུ་མཚན་དེས་ན་འདི་ནས་ཉམས་སུ་ལེན་པའི་མན་ངག་བསྟན་ན། ཉམས་ལེན་བྱེད་སྐབས་སུ་མཉམ་དུ་དགུ་ཕྲུགས་སུ་གཏང་དགོས་ཀྱང་འཆད་པའི་སྐབས་སུ་རིམ་ཅན་དུ་བཤད་དགོས་པས་ཐོག་མར་ལུས་ཀྱི་བྱ་བ་གཏང་ཚུལ་གསུངས་པའོ། །ལུས་ཀྱི་ཕྱིའི་བྱ་བ་མི་དགེ་སྡིག་པའི་ལས་སམ། དེ་དང་འབྲེལ་བའི་ལུང་མ་བསྟན་ལ་སོགས་ཆགས་སྡང་རྨོངས་གསུམ་གྱིས་བསླངས་བའི་དགྲ་འདུལ་གཉེན་སྐྱོང་ཚོང་སོ་ནམ་ཁྱིམ་ལས་ལ་སོགས་ཚེ་འདིའི་གཡེང་བ་སྣ་ཚོགས་དང་། ནང་གི་བྱ་བ་དཀར་པོ་དགེ་བའི་ལས་སུ་གཏོགས་པ་ཕྱག་དང་སྐོར་བ་འཁོར་ལོ་བསྐོར་རྒྱུ་ལ་སོགས་པ་ལུས་ཀྱི་ལས་སུ་གཏོགས་པའི་དགེ་སྦྱོར་གྱི་རིགས་དང་། གསང་བ་གསང་སྔགས་ཀྱི་ཆོ་ག་དཀྱིལ་འཁོར་སོགས་དང་འབྲེལ་བའི་ལྷ་ཡི་གར་འཆམ་དང་ཕྱག་རྒྱ་སྣ་ཚོགས་ཀྱི་སྒྱུར་སྟབས་ལ་སོགས་པ་སྤངས་ཏེ་གྲོགས་མེད་གཅིག་པུར་དབེན་པའི་གནས་སུ་གནས་པར་བྱ་ཞེས་གསུངས་པ་རེད།

ངག་གི་ཕྱི་ཡི་འཇིག་རྟེན་འཁྲུལ་གཏམ་དང་།།

ནང་གི་བྱ་བ་ཁ་ཏོན་བཟླས་བརྗོད་དང་།།

གསང་བའི་བྱ་བ་རྩ་རླུང་བཟླས་པ་སོགས།།

སྤངས་ཏེ་སྨྲ་མེད་ཉིད་དུ་གནས་པར་བྱ།།

ཞེས་གསུངས་ན། ངག་འདི་ངག་གི་ཉེས་པ་བསྐྱེད་པའི་སྒོ་ཡིན་པས་མི་ཚད་སེམས་དང་ལུས་ཀྱི་ཉེས་པ་དུ་མ་ཞིག་ཀྱང་འདིས་འདྲེན་བཞིན་ཡོད་པས་འདི་ཁྱད་པར་གནད་ཆེ་བ་རེད། ངག་གི་ཕྱིའི་འཇིག་རྟེན་འཁྲུལ་བའི་གཏམ་འུ་ཚོས་རྒྱུན་དུ་བཤད་འདུག་རྒྱུ་འདི་མང་ཆེ་བ་ངག་གི་མི་དགེ་བ་བཞི་བོའི་ཁོངས་གཏོགས་ཡིན་པས་དེ་འདྲའི་འཇིག་རྟེན་གྱི་འཁྲུལ་གཏམ་དང་ནི། ངག་གི་ནང་གི་བྱ་བ་དགེ་ཕྱོགས་སུ་གཏོགས་པའི་ཚུགས་འདྲ་བོའི་ཁ་ཏོན་བཟླས་བརྗོད་དང་ནི། གསང་བའི་བྱ་བ་ཐུན་མོང་གི་རྫོགས་རིམ་དང་འབྲེལ་བའི་རྩ་རླུང་བཟླས་པ། གོང་གི་བཟླས་པ་ངག་བཟླས་དང་འདི་རླུང་བཟླས་སོགས་ལ་གོ་ཆོག་གོ། དེ་ལྟ་བུའི་གསང་བའི་བྱ་བ་དུས་རྒྱུན་རྩ་ཆེན་ཡིན་ནོ་སྙམ་པའི་མངོན་ཞེན་ཅན་དེ་དག་ཀྱང་སྤངས་ཏེ། ངག་སྨྲ་མེད་པི་ཝང་གི་རྒྱུན་ཐག་ཆད་པ་ལྟ་བུར་སྡོད་གསུངས་སོ།།

སེམས་ཀྱི་ཕྱི་ཡི་ཐ་མལ་འཁྲུལ་རྟོག་དང་།།

ནང་གི་བྱ་བ་དད་དང་སྙིང་རྗེ་དང་།།

གསང་བའི་བྱ་བ་བསྐྱེད་རྫོགས་སེམས་འཛིན་སོགས།།

སྤངས་ཏེ་རྟོག་མེད་ལྷན་ནེར་གནས་པར་བྱ།།

ཞེས་གསུངས་ཏེ། དེ་བཞིན་སེམས་ཀྱིས་ཀྱང་ཕྱི་ཡི་བྱ་བ་ཐ་མལ་འཇིག་རྟེན་གྱི་འཁྲུལ་རྟོགས་སྣ་ཚོགས། ནང་གི་བྱ་བ་དད་དང་སྙིང་རྗེ་དམིགས་གཏད་འཛིན་པ་ཅན་བྱེད་པ། གསང་བའི་བྱ་བ་བསྐྱེད་རྫོགས་སེམས་འཛིན་གྱི་སྐོར་སོགས་ཀྱང་བློས་བཏང་ནས་བསྐྱུར་ཏེ་བཞག་ལ་སྤངས་ནས་ཅི་ཡང་དྲན་མེད་རྟོག་མེད་ཀྱི་ངང་ལ་ལྷམ་མེར་གནས་པར་བྱའོ་གསུངས་པའོ། །ད་དེ་ལྟར་བྱ་བ་དགུ་ཕྲུགས་སུ་བཏང་བ་ལ་དགོས་པ་ཅི་ཡོད་སྙམ་ན།

དེ་ལྟར་བྱ་བ་བཏང་བའི་དགོས་པ་ནི།།

ལུས་ཀྱི་བྱ་བ་བཏང་བས་རང་ལུས་དལ།།

རང་ལུས་དལ་བས་རྩ་རྣམས་ཤིན་ཏུ་དལ།།

རྩ་རྣམས་དལ་བས་རླུང་སེམས་ཤིན་ཏུ་དལ།།

རླུང་སེམས་དལ་བས་རྣམ་རྟོག་རང་ཤུགས་ཀྱིས།།

འགགས་ནས་འོད་གསལ་ཡེ་ཤེས་མྱུར་དུ་འཆར།།

ཞེས་གསུངས་ཏེ། སྒོ་གསུམ་གྱི་བྱ་བ་ཐམས་ཅད་བཏང་བས་ཅི་ཞིག་ཕན་ཐོགས་ཡོད་ན། དེ་ཡང་ལུས་ཀྱི་བྱ་བ་མ་བཏང་ན་ཁོམ་པ་སྐད་ཅིག་ཀྱང་མེད་པར་བྲེལ་བ་ཆེ་བས་འཇིག་རྟེན་གྱི་བྱ་བ་ལ་ཟད་དུས་མེད་ཅིང་། ཆོས་ཕྱོགས་ཀྱི་བྱ་བ་ཡིན་བསམ་པ་དོན་ལ་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གང་ལ་གཏོགས་མི་ཤེས་པ་འདི་དག་ལའང་ལས་རྔ་བུད་ནས་ཟད་འགྲོ་རྒྱུ་ཞིག་མེད་ལ། བྱས་ན་མི་ཟིན་བཞག་ན་ཟིན་གསུངས་པ་འདྲ་བོ་ཡིན་པས་མདོར་ན་ལུས་ཀྱི་བྱ་བ་བཟང་ངན་ཐམས་ཅད་བཏང་བས་རང་ལུས་དལ། ལུས་ཟེར་བ་ནི་རྩ་དང་རླུང་གི་བྱེད་པ་ཅན་ཞིག་ཡིན་པས། རང་ལུས་དལ་བས་རྩ་རླུང་ཡང་དལ་མི་འགྲོ་བའི་ཐབས་མེད་ཡིན། ལུས་ལ་རྩ་བརྟེན་ཅིང་རྩ་ལ་རླུང་བརྟེན་ཡོད། རིག་གདངས་རླུང་དང་འགྲོགས་པའི་སེམས་དེ་ཡང་རླུང་སེམས་དང་བྱེད་པ་གཅིག་པ་ཡིན་པས་མཉམ་དུ་དལ་འགྲོ། རླུང་སེམས་རྒྱུ་བ་དལ་བས་རྟ་རྒོད་ལོང་བ་ལྟ་བུའི་རླུང་འགག་སྟོབས་ཀྱིས་དེ་ལ་ཞོན་པའི་རིག་གདངས་མི་ཞ་བོ་ལྟ་བུ་དེ་ཉིད། རིག་གདངས་རིག་པའི་མ་ལ་ཐིམ་ནས་རྣམ་རྟོག་འགགས། རྣམ་རྟོག་འགགས་པའི་ཕ་རོལ་ན་འོད་གསལ་གྱི་ཡེ་ཤེས་ཟེར་བ་ཞིག་ཀྱང་གཞན་ན་མེད་པ་ཡིན་པས་ལུས་དལ་བས་འོད་གསལ་གྱི་ཡེ་ཤེས་མྱུར་དུ་འཆར་བའི་དགོས་པ་དེ་ལྟར་དུ་ཡོད་གསུངས་པའོ།། གཞན་ཡང་

ལུས་ཀྱི་འབྱུང་བ་རྣམས་ནི་མ་འཁྲུགས་པས།།

རྣལ་འབྱོར་ལུས་ལ་ན་ཚ་མི་འབྱུང་ངོ་།།

ངག་གི་བྱ་བ་བཏང་བས་བརྗོད་མེད་ཀྱི།།

ཏིང་འཛིན་སྐྱེ་ཞིང་ཀ་ཏི་ཤེལ་སྦུགས་ཀྱི།།

རྩ་ཡི་ནང་དུ་རླུང་གི་རྒྱུ་བ་ནི།།

རན་པར་རྒྱུ་བས་འོད་གསལ་འཕེལ་ཆེ་ཞིང་།།

རླུང་ཡང་དལ་བར་རྒྱུ་བའི་སྟོབས་ཀྱིས་ནི།།

རྣལ་འབྱོར་པ་དེ་ཚེ་ཡང་རིང་བ་ཡིན།།

སེམས་ཀྱི་བྱ་བ་བཏང་བས་རྣམ་རྟོག་གི།

འཕྲོ་འདུ་དུས་གཅིག་ཉིད་ལ་འགག་པ་དང་།།

ཁྲེགས་ཆོད་རང་བབ་རྒྱུད་ལ་སྐྱེ་བ་ཡིན།།

ཞེས་གསུངས་ཏེ། ལུས་དལ་བས་འབྱུང་བ་མི་འཁྲུགས་ཤིང་འབྱུང་ཁམས་ཀྱི་འདུ་བ་མ་འཁྲུགས་པས་རྣལ་འབྱོར་པ་ལ་ན་ཚ་མི་འབྱུང་ལུས་བདེ། ངག་གི་བྱ་བ་བཏང་བས་འཁྲུལ་བའི་སྨྲ་བརྗོད་ཟད་ནས་བརྗོད་མེད་ཀྱི་ཏིང་འཛིན་སྐྱེ་སླ་བ་ཡིན། ཁྱད་པར་དུ་ཡེ་ཤེས་རྒྱུ་བའི་འོད་རྩ། ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གྱི་ནང་དུ་རླུང་གི་རྒྱུ་བ་ལས་རླུང་གིས་མ་དཀྲུགས་པར་རན་པོར་རྒྱུ་བས་དེའི་ནང་ནས་འཆར་བའི་འོད་གསལ་ཀྱི་གདངས། ཡར་འཕེལ་སྟོབས་ཇེ་ཆེ་རུ་སོང་ནས། སྤྱིར་རླུང་དལ་ཞིང་སྙོམས་པའི་སྟོབས་ཀྱིས་རླུང་སེམས་བྱེད་པ་གཅིག་པ་དང་། ལུས་སེམས་གཉིས་གཅིག་ལ་གཅིག་བརྟེན་ཡིན་པས་རྣལ་འབྱོར་པ་རྒས་དཀའ་ཞིང་ཚེ་རིང་བའི་ཡོན་ཏན་འབྱུང་བའོ། །དེ་བཞིན་སེམས་ཀྱི་བྱ་བ་བཏང་བས་རྣམ་རྟོག་སྤྲོས་པའི་འཕྲོ་འདུ་རང་ཤུགས་ཀྱིས་དུས་གཅིག་ལ་འགགས་ནས་ཁྲེགས་ཆོད་ཀྱི་ཀ་དག་དགོངས་པའི་གནས་ལུགས་རང་བབས་སུ་རྒྱུད་ལ་སྐྱེས། དེ་སྐྱེས་པས་ཐོད་རྒལ་སྒོམ་པའི་རྩ་བ་ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཡང་དེ་ལས་མ་འདས་པས་ན། ཟུང་འཇུག་འོད་གསལ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེས་སླ་བའི་དགོས་པ་དེ་ལྟར་ཡོད་གསུངས་སོ།།

༢༽ གཉིས་པ་སྒོ་གསུམ་གྱི་གནད་རྣམས་གཟིར་ཚུལ་རྣམ་པ་གསུམ་གྱིས་སྒོ་གསུམ་འབྱོངས་བའི་གནད་བསྟན་པ།

དེ་ལ་སྒོ་གསུམ་གྱི་གནད་རྣམས་གཟིར་ཚུལ་རྣམ་པ་གསུམ་གྱིས་སྒོ་གསུམ་འབྱོངས་བའི་གནད་བསྟན་པ་ལས་དང་པོ།

ཀ༽ དང་པོ་ལུས་གནད་སྐུ་གསུམ་བཞུགས་སྟངས་བསྟན་པ།

ཨེ་མ་ཧོ།

གཉིས་པ་སྒོ་གསུམ་གནད་རྣམས་གཟིར་ཚུལ་ལ།།

ཞེས་མཚམས་སྦྱར་ཏེ།།

དང་པོ་ལུས་གནད་སྐུ་གསུམ་བཞུགས་སྟངས་ཀྱི།།

ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི།།

འབོལ་སྟན་སྟེང་དུ་རྐང་མཐིལ་གཉིས་སྤྲད་པས།།

ལུས་ཀྱི་འབྱུང་བ་ཐམས་ཅད་ཆ་སྙོམས་ཤིང་།།

ལུས་ཉམས་འགྱིང་ཚུལ་ལྟ་བུར་བསྡད་པ་ཡིས།།

ལས་རླུང་གནོན་ཅིང་ཡེ་ཤེས་རླུང་རྣམས་འཕེལ།།

ལག་སོར་ཚིགས་བསྐུམས་བརླ་ཡི་ཕྱིའམ་ནང་།།

ས་ལ་བཙུགས་པས་འཕྲོ་བ་ལས་ཀྱི་རླུང་།།

ལྡོག་ཅིང་རོ་སྟོད་དྲང་པོར་བསྲང་པ་ཡིས།།

ཉམས་སྣང་མྱུར་དུ་འཆར་བའི་དགོས་པ་ཡོད།།

མཇིང་པ་ཡིད་ཙམ་གྱེན་ལ་བོར་བ་ཡིས།།

དབྱིངས་རིག་གཉིས་དང་འདུ་འབྲལ་མེད་པའོ།།

ཞེས་གསུངས་ཏེ། ཚིག་གི་སྟེང་ནས་གོ་སླ་མོ་རེད། སྒོ་གསུམ་གྱི་གནད་གཟིར་རྒྱུའི་ནང་གི་དང་པོ་དེ་སྐུ་གསུམ་གྱི་བཞུགས་སྟངས་ཡིན་ན། ལུས་གཅིག་གིས་སྐུ་གསུམ་གྱི་བཞུགས་སྟངས་བཅའ་རྒྱུ་འདི། སྐུ་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པས་རེད། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་དེ་དགོས་པ་དང་བཅས་པ་འདི་ནས་གསུངས་པ་ཇི་བཞིན་ལ་དེའི་ནང་གི་ལག་སོར་གྱི་ཚིགས་བསྐུམས་ནས་བརླ་ཡི་ནང་ཕྱོགས་སུ་འཇོག་རྒྱུ་འདི་རང་ལུགས་བརྒྱུད་པའི་ཕྱག་བཞེས་ཡིན། ཆོས་སྐུའི་བཞུགས་སྟངས་སེང་གེ་འགྱིང་བ་ལྟ་བུ་འདི་མ་འོངས་པ་ན་ཡ་ང་བག་ཚ་མེད་པར་གྲོལ་བའི་བརྡ་ཡིན་གསུངས་པའོ།། དེ་ནས།

ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི།།

འབོལ་སྟན་སྟེང་དུ་ཁ་སྦུབས་ཉལ་བ་ཡིས།།

ལུས་ཀྱི་འཚོགས་པའི་ཆོས་རྣམས་བཅར་ལ་གནོན།།

པུས་མོ་གཉིས་ཀ་བྲང་ལ་སྦྱར་བ་ཡིས།།

བདེ་དྲོད་སྐྱེ་ཞིང་ཁམས་རྣམས་རྒྱས་པ་དང་།།

རྐང་བའི་སོར་མོ་འཕོངས་ཀྱི་ཕྱི་རོལ་ཏུ།།

ཕུལ་ཏེ་བསྐུམས་པས་བྱིང་རྒོད་ཆ་སྙོམ་མོ།།

ལག་གཉིས་གྲུ་མོ་སར་བཙུགས་ལག་མཐིལ་གཉིས།།

ཨོལ་ཀོ་བརྟེན་ཅིང་སོར་མོ་འགྲམ་སྦྱར་བས།།

དབྱིངས་ལ་རིག་པ་འདྲེན་ཅིང་མཇིང་པ་ཉིད།།

གྱེན་ལ་བཏེགས་པས་དབྱིངས་རིག་འདུ་འབྲལ་མེད།།

ཅེས་གསུངས་ཏེ། འདི་དག་ཐེག་མཆོག་མཛོད་ཀྱི་དགོངས་པ་སྒྲ་ཇི་བཞིན་པ་རེད། འདིའི་ནང་དུ་གབ་པ་ཅང་མི་འདུག ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུར་མཛད་རྒྱུ་འདི་ཕྱལ་གྲོལ་ལྷུན་གྱིས་གྲུབ་པའི་ངང་ནས་གྲོལ་བའི་བརྡ་ཡིན་ནོ།།

སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི།།

འབོལ་སྟན་སྟེང་དུ་ཙོག་པུར་བསྡད་ནས་ཀྱང་།།

རྐང་བའི་ལོང་བུ་གཉིས་ནི་གཤིབ་པ་ཡིས།།

ཐབས་དང་ཤེས་རབ་འབྲེལ་བ་འབྱུང་བར་བྱེད།།

རྐང་བའི་མཐིལ་གཉིས་ས་ལ་ཕབ་པ་ཡིས།།

གཟུང་འཛིན་ལས་ཀྱི་རླུང་གཉིས་གནོན་པར་བྱེད།།

པུས་བྲང་སྦྱར་བས་ལུས་ཀྱི་འབྱུང་བ་རྣམས།།

ཆ་སྙོམས་ལུས་སྤྱི་དྲང་བོར་བསྲང་བ་ཡིས།།

རྩ་མི་འཆུས་ཤིང་རླུང་ཡང་ངང་གིས་དལ།།

ལག་གཉིས་བསྣོལ་བས་པུས་མོར་བསྐོར་བ་ཡིས།།

དབྱིངས་དང་རིག་པ་འདྲེས་པར་བྱེད་པའོ།།

ཞེས་གསུངས་ན། དུས་རྒྱུན་ལས་དང་པོ་པས་ཐོད་རྒལ་ཉམས་ལེན་ལ་བཞུགས་སྟངས་གཙོ་བོ་འདི་མཛད་རྒྱུའི་ཕྱག་སྲོལ་ཡོད་པ་ཡིན། །འདིའི་བཞུགས་སྟངས་དགོས་པ་དང་བཅས་པ་ཐེག་མཆོག་མཛོད་ཀྱི་དགོངས་པ་ཇི་བཞིན་དུ་ཚིག་མ་བསྒྱུར་བར་འདི་ན་བཀོད་ཡོད་པ་འདི་ལྟར་དུ་རེད་ལ། དེའི་ཐོག་ད་རུང་རྒྱུ་ཞབས་ཅུང་ཙམ་འཐེན་ནས་སྒལ་བར་བཅར་ན་རྟོགས་པ་རྒྱུན་འཆོས་པ་ལ་ཕན་ཐོགས་ཡོད་ཅེས་གསུངས་པ་དང་། ལག་པ་རེའུ་མིག་ལྟར་དུ་བསྣོལ་བ་དེས་པུས་མོ་གཉིས་ཀ་བཀབ་ན་ཚད་པའི་ནད་སེལ་བ་དང་། ཡང་ན་མཆན་ཁུང་ལ་རེག་ན་གྲང་བའི་ནད་སེལ་བ། གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་སྟེ་ལག་སོར་སྒོང་སྟེ་ལྐོག་མ་ནས་ཡར་བཏེགས་ན། ཚ་གྲང་སྙོམ་པར་བྱེད་ཅེས་གསུངས་སྲོལ་ཡོད། དེ་ཀུན་མཁྱེན་འཇིགས་གླིང་གི་ཞལ་ཤེས་ཤིག་རེད། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུར་མཛད་དགོས་པ་ནི། མ་འོངས་པའི་དུས་ན་དཀའ་ཐུབ་ལ་བརྟེན་ནས་གྲོལ་བའི་བརྡ་ཡིན་པར་གསུངས་སོ། །སླར་ཡང་བཞུགས་སྟངས་དེ་དག་གི་གནས་སྐབས་དང་མཐར་ཐུག་གི་དགོས་གནད་རེ་རེ་བཞིན་དུ་བསྟན་པ་ནི།

དེ་ལྟར་བཞུགས་སྟངས་བྱས་པའི་དགོས་པ་ནི།།

ཆོས་སྐུའི་བཞུགས་སྟངས་བྱས་པས་གནས་སྐབས་སུ།།

ནང་གི་ལུས་ཀྱི་འབྱུང་བ་ཆ་སྙོམས་ཤིང་།།

མཐར་ཐུག་གནས་ལུགས་རིག་པའི་དོན་རྟོགས་སོ།།

ལོངས་སྐུའི་བཞུགས་སྟངས་བྱས་པས་གནས་སྐབས་སུ།།

གཡོ་བྱེད་རླུང་ཟིན་མཐར་ཐུག་ལྷུན་གྲུབ་ཀྱི།།

འོད་ལྔའི་ཡེ་ཤེས་མྱུར་དུ་འཆར་བར་བྱེད།།

སྤྲུལ་སྐུའི་བཞུགས་སྟངས་བྱས་པས་གནས་སྐབས་སུ།།

ལུས་ལ་དྲོད་སྐྱེ་མཐར་ཐུག་མ་དག་པའི།།

འཁྲུལ་སྣང་ཞིང་ཁམས་ཉིད་དུ་འཆར་བར་བྱེད།།

ཅེས་གསུངས་ན། འདི་དག་གིས་རིམ་པ་བཞིན་དུ་ཆོས་སྐུའི་བཞུགས་སྟངས་ཀྱིས་གཡོ་བ་ལས་ཀྱི་རླུང་གནོན་པས་གནས་སྐབས་ལུས་ཀྱི་འབྱུང་བ་ཆ་སྙོམས་པར་བྱེད། རྣམ་རྟོག་འགག་སྟོབས་ཆེ། རྣམ་རྟོག་འགག་སྟོབས་ཆེ་བས་མཐར་ཐུག་གནས་ལུགས་རིག་པའི་དོན་རྟོགས་པའི་དགོས་པ་དང་ནི། ལོངས་སྐུའི་བཞུགས་སྟངས་ཀྱིས་ཁམས་ལ་བདེ་དྲོད་རྒྱས། ཕོ་མོའི་རླུང་མ་ནིང་དུ་ཆ་སྙོམས་པས་གནས་སྐབས་གཡོ་བྱེད་ཀྱི་རླུང་ཟིན། རགས་རླུང་འགག་ཅིང་བྱིང་རྒོད་ཆ་སྙོམས་པས་མཐར་ཐུག་ལྷུན་གྲུབ་འོད་གསལ་གྱི་འོད་ལྔའི་ཡེ་ཤེས་མྱུར་དུ་འཆར་བའོ། །སྤྲུལ་སྐུའི་བཞུགས་སྟངས་ཀྱིས་རྩ་རླུང་ཆ་སྙོམས་པས་མི་ཚད་ཆུའི་རྩ་མནན་པས་གནས་སྐབས་ལུས་ལ་བདེ་དྲོད་རྒྱས་ཏེ་མེ་ལོང་ཡེ་ཤེས་སུ་འབར། རླུང་སེམས་ཆོས་ཉིད་དུ་རྒྱུ་བས་མཐར་ཐུག་འཁྲུལ་སྣང་དག་ནས་ཞིང་ཁམས་ཉིད་དུ་འཆར་བར་བྱེད་པའི་དགོས་པ་ཡོད་དོ། །ཕན་ཡོན་གཞན་བསྟན་པ་ནི།

གཞན་ཡང་ཆོས་སྐུའི་བཞུགས་སྟངས་བྱས་པ་ཡིས།།

སངས་རྒྱས་མཁྱེན་པ་ཚེ་འདིར་རྫོགས་པར་བྱེད།།

ལོངས་སྐུའི་བཞུགས་སྟངས་བྱས་པས་འདི་ཉིད་ལ།།

སངས་རྒྱས་ཞིང་ཁམས་མངོན་སུམ་མཐོང་བར་འགྱུར།།

སྤྲུལ་སྐུའི་བཞུགས་སྟངས་བྱས་པས་ཚེ་འདི་རུ།།

འགྲོ་དོན་ཐོགས་པ་མེད་པར་འགྲུབ་པར་གསུངས།།

བཞུགས་སྟངས་གསུམ་ལས་གཡོ་བར་མ་བྱས་ན།།

སངས་རྒྱས་སུམ་སྟོང་ཉིད་དང་སྐལ་མཉམ་ཞེས།།

གསང་བ་སྤྱོད་པའི་རྒྱུད་ལས་གསུངས་པའོ།།

ཞེས་གསུངས་ནས། དེ་ཡང་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ཀྱི་ལུང་དྲངས་པའི་བསྟན་དོན་དེ་ཇི་ལྟར་ཡིན་ན་བཞུགས་སྟངས་ཙམ་ཞིག་བྱས་པས་ཀྱང་ཕན་ཡོན་དཔག་ཏུ་མེད་པ་ཡོད་པ་དེ་སྒྲ་ཇི་བཞིན་པར་བཟུང་ཆོག་སྟེ། གཙོ་ཆེར་ཡན་ལག་གི་ཕྱག་རྒྱ་དང་ལུས་ཀྱི་སྟངས་སྟབས། ངག་གི་སྔགས་བཟླ་བ་སོགས་ཕར་བལྟས་ན་ལུས་ངག་གི་ལས་ཡིན་ཡང་། འདི་ལ་རྒྱལ་བའི་བྱིན་རླབས་དང་། ཆོས་ཉིད་བདེན་པའི་ནུས་པ་བསམ་གྱིས་མི་ཁྱབ་པའི་སྟོབས་དེ་ནི། ཆོས་ཉིད་ལ་ཆོས་ཉིད་རོལ་བ་དང་། གྲུབ་པ་བཞི་ལྡན་སོགས་གསུངས་པ་ལྟར་ཡིན་པས་མི་ཚད་འདི་ནི་སྒོ་གསུམ་གྱི་གནད་གཟིར་ནས་ཆོས་ཉིད་མངོན་སུམ་རང་ཐོག་ཏུ་བབས་ཏེ། ཀ་དག་གི་རིག་པ་སྟོང་གསལ་ལྷག་མཐོང་གི་རང་གདངས་རྡོ་རྗེའི་ལུ་གུ་རྒྱུད་དུ་མངོན་སུམ་དུ་སྣང་ནས་ཀུན་ཏུ་བཟང་པོའི་རང་ཞལ་ཐོག་མེད་ནས་མ་མཇལ་བ་དེ་མཇལ་བའི་གནད་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་ལ་ཐུག་པས་ཕན་ཡོན་ཆེ་ཡང་ལོས་ཆེ་སྟེ། ཕན་ཡོན་ཆེ་བར་བསྟན་པའོ། །ཕན་ཡོན་ཆེ་བར་བསྟན་པའི་རྒྱུད་ཀྱི་ལུང་གཞན་ཡང་། ནོར་བུ་ཕྲ་བཀོད་ལས། སྐྱེ་ཤི་མེད་པའི་སྲོག་འཛིན་པར་འདོད་ན་རྡོ་རྗེའི་ལུ་གུ་རྒྱུད་ཀྱི་ལྟ་སྟངས་ལ་ཐུག་གོ །ཅེས་པ་ལ་སོགས་པ་གསུངས་པ་འདི་དག་གིས་ཀྱང་ཤེས་ཐུབ་བོ། །འདི་ཡན་གྱིས་ལུས་ཀྱི་གནད་གཟིར་ཚུལ་བསྟན་ནས།

ཁ༽ གཉིས་པ་ངག་གི་གནད་གཟིར་ཚུལ་བསྟན་པ།

གཉིས་པ་ངག་གི་གནད་གཟིར་ཚུལ་བསྟན་པ་ནི།

གཉིས་པ་ངག་གི་གནད་ནི་སྨྲ་བ་རྣམས།།

ཇེ་ཉུང་ཇེ་ཉུང་བཏང་ནས་ཐ་མལ་གྱི།།

གཏམ་རྣམས་བཅད་ལ་ཐུན་ནི་ཆུང་ངུར་བསླབ།།

དེ་ནས་རིམ་བཞིན་ཐུན་ནི་ཇེ་རིང་གཏོང་།།

སྔགས་དང་བཟླས་བརྗོད་ལ་སོགས་མི་དགག་ཅིང་།།

གཞན་ལ་ཚིག་འབྲུ་གཅིག་ཀྱང་མི་བཤད་དོ།།

འདི་ཡི་དུས་སུ་དཔེ་དང་བརྡ་ཙམ་གྱིས།།

སྟོན་པར་བྱེད་པ་དག་ལ་གནས་པའོ།།

དེ་ནས་རིམ་བཞིན་བཟླས་བརྗོད་ཇེ་ཉུང་གཏོང་།།

ཐ་མ་བཟླས་བརྗོད་ཐམས་ཅད་ཕྱམ་གྱིས་བསྐྱུར།།

བརྗོད་དུ་མེད་པའི་ངང་ལས་མི་འདའ་ཞིང་།།

ལུས་ཀྱི་དཔེ་བརྡ་ཙམ་ཡང་མི་བྱའོ།།

ཞེས་གསུངས་ཏེ། འདིའི་ཐད་ན་ཐལ་འགྱུར་རྩ་བའི་རྒྱུད་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བརྟན་པར་བྱ། །ཞེས་པའི་ལུང་ཡེ་ཤེས་བླ་མའི་ནང་དུའང་དྲངས་ཡོད་པ་ལྟར་དུ་དང་པོ་ངག་གི་གནད་ལ་བསླབ་པ་རེད། དེ་ནི་དང་པོ་སྨྲ་བ་བཅད་ནས་རིམ་པར་བསླབ་ཚུལ་ནི། མི་ལ་ལ་བཤད་དགའ་ཅན་ཅི་ཡང་མི་ཆོག་པ་ལས་ཁ་གྲག་མ་ཆོག་ན་སྡུག་མཁན་གྱི་མི་ཡོད་པས། དེ་འདྲའི་མིས་ཡང་སྒོས་དང་པོར་བསླབ་དགོས། ཇི་ལྟར་བསླབ་ན་དང་པོར་ལུང་སྟོང་ངམ་ཁང་སྟོང་ལྟ་བུའི་ནང་དུ་སོང་ནས་བཤད་བསམ་པའི་གཏམ་དེ་དག་བརྒྱ་སྟོང་མང་པོར་འོར་ནས། དམུས་མ་སོང་། ཡི་མ་ཆད་ཀྱི་བར་སྨྲ་དགོས། དམུས་ཏེ་བཤད་མི་འདོད་པར་གྱུར་དུས་རིམ་བཞིན་སྨྲ་བ་ཇེ་ཉུང་དུ་བཏང་སྟེ། མཐར་ཁ་ཏོན་ཆོས་སྤྱོད་ཀྱི་བགྱི་བ་ཙམ་ཡང་སྤོངས་གསུངས་པའི་དོན་དེ་རེད། དང་པོ་བསླབ་པའི་རིམ་པ་དང་། དེ་ནས་གནས་པའི་དུས་དང་། དེ་ནས་ལ་བཟླ་བ་དང་། ཐམས་ཅད་ཀྱི་རྗེས་སུ་ལ་བཟླ་བའང་བརྟན་པར་བྱ། །ཞེས་འདི་ནས་གསུངས་པའི་དགོངས་པ་དང་སྦྱར་ན་གཅིག་པའོ།།

དེ་ལྟར་བྱས་པའི་དགོས་པ་ཕ་རོལ་གྱི།།

གཞན་ལ་ངག་མ་འདྲེས་པས་ལུས་འབྱོངས་ཏེ།།

ལུས་འབྱོངས་རྟགས་སུ་སངས་རྒྱས་བྱང་སེམས་དང་།།

མཁའ་སྤྱོད་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་རློབས།།

ལུས་ནི་སྒྱུ་མའི་སྐུ་རུ་གྲོལ་བའོ།།

དེ་ནས་བཟླས་བརྗོད་བཀག་པས་ངག་འབྱོངས་ཏེ།།

དེ་ཡི་རྟགས་སུ་མི་མ་ཡིན་རྣམས་ཀྱིས།།

བརྡ་དང་གཏམ་རྣམས་ཟེར་བ་དག་ཀྱང་འོང་།།

བརྗོད་པ་ཐམས་ཅད་བཀག་པས་ཡིད་འབྱོངས་ཏེ།།

དེ་ཡི་རྟགས་སུ་སྔོན་དུ་མི་མ་ཡིན།།

གཟུགས་མཐོང་དེ་ནས་མངོན་ཤེས་དམ་དུམ་འཆར།།

ཁྱད་པར་གནས་སྐབས་འཁྲུལ་གཏམ་ཉོན་མོངས་རྣམས།།

མི་འཕེལ་མཐར་ཐུག་སངས་རྒྱས་ཐམས་ཅད་ཀྱི།།

གསུང་གི་ཀློང་དུ་མྱ་ངན་འདའ་བའོ།།

ཞེས་གསུངས་སྟེ། ངག་གི་སྨྲ་བ་བཅད་པས་ངག་གི་སྒྲིབ་པ་མི་འབྱུང་བར་མ་ཟད། ངག་གི་སྒྲ་སྐད་དེ་ལུས་ཀྱི་བྱེད་རྩོལ་ལས་འབྱུང་བ་ཡིན་པས་ལུས་ངག་འབྲེལ་ཆེ་བའི་སྟབས་ཀྱིས། ངག་སྨྲ་མེད་དུ་འབྱོངས་ཤིང་བྱང་བ་དང་མཉམ་དུ་ལུས་ཀྱང་དེ་བཞིན་དུ་འབྱོངས་བ་ཡིན་ལ། ལུས་འབྱོངས་བའི་རྟགས་སུ་སངས་རྒྱས་བྱང་སེམས་དང་མཁའ་སྤྱོད་ཀྱི་དཔའ་བོ་མཁའ་འགྲོ་དྲང་སྲོང་རིག་འཛིན་གྲུབ་པའི་ཚོགས་དང་བཅས་པས་དངོས་སུ་བྱིན་གྱིས་བརླབས་པ་དང་། ངག་འབྱོངས་རྟགས་སུ་མི་མ་ཡིན་པ་ཚོར་བརྡ་དང་གཏམ་བཤད་རྒྱུ། ངག་གི་སྨྲ་བ་བཅད་པའི་སྟོབས་ཀྱིས་ལུས་ངག་གཉིས་ཀ་འབྱོངས་བ་དང་མཉམ་དུ་ཡིད་ཀྱང་འབྱོངས་ཏེ་མངོན་ཤེས་འཆར་བ་སོགས་མདོར་ན་རྒྱུད་ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདའ། །ཞེས་གསུངས་པ་ལྟ་བུའི་དགོས་པ་ཆེན་པོ་དེ་ལྟ་བུ་དང་ལྡན་པའི་ཕྱིར་ན་ཉམས་ལེན་པ་ཚོས་ངག་གི་སྨྲ་བ་བསྡམས་པ་དང་། སྤྱིར་བསྐྱེད་རྫོགས་བཟླས་དམིགས་གང་གི་སྐབས་སུ་ཡིན་ཡང་སྨྲ་བ་བསྡམ་རྒྱུ་འདི་གནད་ཆེན་པོ་ཡིན། འདུས་པ་མང་པོ་མཉམ་དུ་འཚོགས་དུས་ཀྱང་ངག་སྨྲ་བཅད་གྱིས་དང་སྒོ་གསུམ་གྱི་ཉེས་འགལ་མང་པོ་ཞིག་ཁོག་ཐུབ་པ་ཡིན། དེས་ངག་གི་གནད་གཟིར་ཚུལ་བསྟན་པ་སོང་བའོ།།

ག༽ གསུམ་པ་སེམས་ཀྱི་གནད་གཟིར་ཚུལ་བསྟན་པ།

གསུམ་པ་སེམས་ཀྱི་གནད་གཟིར་ཚུལ་བསྟན་པ་ནི།

གསུམ་པ་སེམས་གནད་ནམ་མཁའ་སྟོང་སང་ལ།།

མིག་ཤེས་འགྱུར་བ་མེད་པར་གཏད་ནས་ཀྱང་།།

ནམ་མཁའ་རང་སེམས་འདྲེས་པ་ལྟ་བུ་ཡི།།

ཤེས་པ་དྲག་ཏུ་གཅུན་པས་རང་རིག་ཉིད།།

གསལ་སྟོང་ལྷག་གེར་འཆར་བར་འགྱུར་བའོ།།

དེ་ཡི་གནས་སྐབས་རང་རིག་མངོན་སུམ་དུ།།

གསལ་བར་མཐོང་བས་མཐར་ཐུག་ལྷག་མེད་དུ།།

འཚང་རྒྱའི་དགོས་པ་ཡོད་དོ་སྐལ་ལྡན་ཀུན།།

ཞེས་གསུངས་སྟེ། དེ་ཡང་རྒྱུད་ཀློང་གསལ་ལས། སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་སུམ་སྣང་། །ཞེས་གསུངས་ཡོད་པས། འདིའི་སྐབས་སུ་སེམས་ནམ་མཁར་གཏད་གསུངས་པའི་སེམས་དེ། ལས་རླུང་གི་གཡོ་བས་བསྐྱོད་པའི་སེམས་རིག་པའི་སྙིང་པོ་ཅན་དེ་ཕྱིའི་རྒྱན་གྱི་ནམ་མཁའ་སྟོང་གསལ་ལ་སེམས་དང་ནམ་མཁའ་འདྲེས་པ་ལྟར་དུ་མདུང་ཚུགས་སུ་གཏད་ནས། ཤེས་པ་དྲག་ཏུ་དེའི་སྟེང་དུ་གཅུན་པས་གཡོ་བྱེད་ཀྱི་རླུང་དེ་ཇེ་དལ་ལ་སོང་བས། ནང་གི་སྒྲོན་མའི་གདངས་སྟོང་གསལ་འདུས་མ་བྱས་པ་དེ། འདི་དུས་གསལ་སྟོང་ལྷག་གེར་ཤར་ནས་དབྱིངས་རིག་ཟུང་དུ་ཆུབ་པར་འབྱོངས་བར་གསུངས་སོ། །འདི་ནས་རང་རིག་གསུང་རྒྱུའི་ཚིག་ཅིག་ཡོད་རྒྱུ་འདི། སེམས་ཙམ་སྐབས་ཀྱི་ཤེས་པ་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པའི་རང་རིག་དང་སྒྲ་གཅིག་ཀྱང་དོན་ཁ་ཁ་ཡིན། འདིའི་ཚིག་འདི་ཁྲེགས་ཐོད་གཉིས་ཀའི་སྐབས་སུ་འབྱུང་། ནང་ཤེས་རབ་རང་བྱུང་གི་སྒྲོན་མའམ་ཀ་དག་གི་རིག་པ་དབྱིངས་རིག་ཟུང་འཇུག་གི་ཡེ་ཤེས་སམ་རིག་པའི་རང་ངོ་ཤེས་མཁན་སེམས་དང་རིག་པ་གཉིས་གང་རུང་ཡིན་དགོས་ཚེ། སེམས་དང་རིག་པ་རྫས་འགལ་བ་གཅིག་ཏུ་བསྲེས་ན་འདྲེ་ཐབས་མེད་པ་ཡིན་ལ། འཁྲུལ་མ་འཁྲུལ་གཉིས་ཡིན་པའི་ཕུང་གསུམ་པ་ཞིག་མི་སྲིད་པས་རིག་ངོ་མཐོང་བྱེད་དེ་རིག་པ་ཡིན། གཞི་ལས་གཞི་སྣང་འཆར་བའི་ད་ལྟའི་གནས་སྐབས་རིག་པ་འོད་ཀྱི་གོང་བུ་ན་ཡོད་དུས་གདངས་རྩལ་འགག་མེད་དུ་འཆར་བ་རེད། རྩལ་གྱི་རིག་པས་རང་གི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་ལ་རང་རིག་བྱང་ཆུབ་ཀྱི་སེམས་ཞེས་གསུངས་ཤིང་། དེའི་གོ་དོན་གྱི་གནད་མི་འཆུག་རྒྱུ་འདི་མ་ངེས་ན། སེམས་ཀྱིས་རྫོགས་ཆེན་ལོ་བརྒྱར་བསྒོམས་ཀྱང་སྐྱེད་རྒྱག་རྒྱུ་མེད་པའི་ཐོག ད་དུང་བསོད་ནམས་ཆ་མཐུན་གྱི་ལས་ཤིག་དང་འབྲེལ་ན་གཟུགས་མེད་ཁམས་སུ་སྐྱེས་ཐུབ་མོད། དེ་དང་ཡང་མ་འབྲེལ་ན་ནི། ཕྱི་བ་དང་གྲུམ་པའི་ལུས་ལེན་བྱེད་མ་གཏོགས་མེད་པས་སོ། །སྐབས་དོན་སྒོ་གསུམ་གྱི་གནད་འདི་ལུས་གནད་བཞུགས་སྟངས་ལས་མི་གཡོ། ངག་གནད་བརྗོད་མེད་ལས་མི་གཡོ། སེམས་གནད་མ་ཡེངས་རྟོག་མེད་ཀྱི་ངང་ལས་མི་གཡོ་བ་གསུམ་པོ་ལ་མཆོག་ཏུ་བསླབ་པའི་གནད་འདི་ལ་ཐུག་གི་ཡོད། འདིའི་སྐོར་ཡང་བསྐྱར་བསམ་བློ་ཞིག་བཏང་ན། རང་བྱུང་གི་རིག་པ་ཟེར་བ་འདི་རང་རང་ལས་ཇི་ལྟར་བྱུང་། རང་རིག་ཟེར་སའི་རང་རིག་དེ་ཇི་ལྟར་ཡིན། རང་རིག་ཟེར་བའི་སྒྲ་དེ་ཐེག་པ་གོང་འོག་གང་ནས་ཡིན་ཡང་འབྱུང་རྒྱུ་ཞིག་ཡིན་ན། འདི་དག་གཅིག་རེད་དང་མ་རེད། སེམས་ཙམ་པའི་བསླད་ཅིག་ཀྱང་འདི་ལ་ཨེ་འདུག་སྙམ་པའི་ལྟ་བའི་ཐོག་ནས་གོ་ནོར་རེད་རྒྱུ་ལྟ་བུ་ཡོད་སྲིད་པས་དེའི་འཕྲོས་དོན་ཡང་གཅིག་ཞུས་ན། རང་རིག་ཟེར་བའི་སྒྲ་གཅིག་ཀྱང་དོན་ཁ་ཁ་རེད། ཚིག་འདི་ཁྲེགས་ཐོད་གཉིས་ཀའི་སྐབས་སུ་འབྱུང་མོད་ཀྱང་། ནང་ཤེས་རབ་རང་བྱུང་གི་སྒྲོན་མའམ་ཀ་དག་གི་རིག་པ་དབྱིངས་རིག་ཟུང་འཇུག་གི་ཡེ་ཤེས་དེ། རང་ངོ་ཤེས་མཁན་ངོ་མ་སུས་ཤེས་པ་ཡིན། སེམས་སམ་ཡང་ན་རིག་པས་ཤེས་ཟེར་ན་གོང་བཤད་བཞིན། སེམས་དང་ཡེ་ཤེས་གཉིས་རྫས་འགལ་ཡིན་པས་གཅིག་ཏུ་བསྲེས་ཀྱང་འདྲེས་ཐབས་ཡོད་མ་རེད། གཅིག་འཁྲུལ་བ་དང་གཅིག་ཤོས་མ་འཁྲུལ་ཡིན་པས་སོ། །འཁྲུལ་མ་འཁྲུལ་གཉིས་ཀ་ཡིན་པའི་ཕུང་གསུམ་པ་ཞིག་མི་སྲིད་པ་དེས་ན་རིག་པའི་རང་ངོ་མཐོང་བྱེད་ཀྱི་རིག་པ་དེ། གཞི་ལས་གཞི་སྣང་ཤར་བའི་ད་ལྟའི་གནས་སྐབས་རིག་པ་འོད་ཀྱི་གོང་བུ་ན་ཡོད་དུས། དེ་ཡིན་པ་ཚིག་དོན་མཛོད་ཀྱི་དགོངས་པ་རེད། གདངས་རྩལ་འགགས་མེད་དུ་འཆར་བཞིན་ཡོད་ན། དེའི་རྩལ་གྱི་རིག་པ་དེ་ཉིད་ཀྱིས་རང་གི་རང་བཞིན་ཇི་ལྟ་བ་བཞིན་དུ་རང་ངོ་ཤེས་པ་དེ་ལ་རང་རིག་བྱང་ཆུབ་ཀྱི་སེམས་ཞེས་གསུངས་པ་ཡིན། དེའི་གོ་དོན་གྱི་གནད་མི་འཕྱུགས་པར་ངེས་རྒྱུ་དེ་གལ་ཆེའོ།།

༣༽ གསུམ་པ་སྒོ་ཡུལ་རླུང་རིག་གནད་གསུམ་གྱིས་ཡེ་ཤེས་མངོན་སུམ་གཏན་ལ་འབེབས་ཚུལ་བསྟན་པ།

དེ་ལ་སྒོ་ཡུལ་རླུང་རིག་གི་གནད་གསུམ་མདོར་བསྟན་པ་དང་། སྒོ་ཡུལ་རླུང་རིག་གི་གནད་གསུམ་སོ་སོར་བཤད་པ་དང་། ཇི་ལྟར་ཉམས་སུ་ལེན་ཚུལ་རྒྱས་པར་བསྟན་པ་དང་གསུམ་ལས།

༼ཀ དང་པོ་སྒོ་ཡུལ་རླུང་རིག་གི་གནད་གསུམ་མདོར་བསྟན་པ།

དེ་དག་གིས་སྒོ་གསུམ་གྱི་གནད་གཟིར་ཚུལ་བསྟན་པ་སོང་ནས། ད་ཁྲིད་རིམ་གསུམ་པ་ཡེ་ཤེས་མངོན་སུམ་གཏན་ལ་འབེབས་ཚུལ་བསྟན་པ་ནི།

ཨེ་མ་ཧོ།

གསུམ་པ་སྒོ་ཡུལ་རླུང་རིག་གནད་གསུམ་གྱིས།།

ཡེ་ཤེས་མངོན་སུམ་གནད་ལ་འབེབས་ཚུལ་ནི།།

ཞེས་མཚམས་སྦྱར་ཏེ།

དེ་ཡང་དཔེར་ན་དོན་སྙིང་ལ་སོགས་ལ།།

མཚོན་གྱིས་འཕོག་ན་ཅིས་ཀྱང་མི་འཚོ་ལྟར།།

སྒོ་ཡུལ་རླུང་རིག་གནད་གསུམ་མན་ངག་གིས།།

ཆོས་ཉིད་འོད་གསལ་འགྱུར་བའི་ས་མེད་དེ།།

སྒོ་ཡི་གནད་ཀྱིས་མངོན་སུམ་མཐོང་བར་བྱེད།།

ཡུལ་གྱི་གནད་ཀྱིས་འགྱུར་བ་མེད་པར་བྱེད།།

རླུང་རིག་གནད་ཀྱིས་ཚད་ལ་ཕེབས་པར་བྱེད།།

དེ་ཡང་སྒོའི་གནད་དཔེར་ན་སོ་བ་འདྲ།།

ཡུལ་གྱི་གནད་ནི་མགྲོན་ཁང་མགྲོན་པོ་འདྲ།།

རླུང་གི་གནད་ནི་ཇག་པ་འདྲ་བ་ཡིན།།

སོ་པས་ཐེབས་ཚེ་ཇག་པ་མི་འཁྱུ་ལྟར།།

དབང་པོའི་སྒོ་རྣམས་མ་འགུལ་རླུང་དལ་ཏེ།།

མགྲོན་པོ་མགྲོན་ཁང་ཕྱིན་ནས་སྡོད་པ་ལྟར།།

ཡེ་ཤེས་ཡུལ་དུ་མངོན་སུམ་མཐོང་བའོ།།

ཞེས་གསུངས་ཏེ། འདིས་ནི་གནད་གསུམ་ལ་བསྟེན་ནས་ཆོས་ཉིད་མངོན་སུམ་རང་ཐོག་ཏུ་འབེབས་པའི་སྤྱི་དོན་བསྟན་པ་སྟེ། དཔེ་བཞག་ན་མཚོན་ཆ་ཞིག་གིས་མི་ཞིག་གི་གནད་གཉན་ས་དོན་སྣོད་སྙིང་ལྟ་བུ་ཞིག་ལ་ཕོག་སོང་ན། མི་དེ་གསོན་པོར་འཚོ་མི་ཐུབ་པ་བཞིན་དུ། སྒོ་ཡུལ་རླུང་རིག་གི་གནད་གསུམ་པོ་ཟིན་ན་འཁྲུལ་བའི་སྲོག་རྩ་ཆད། དེ་ཆད་པས་ཆོས་ཉིད་འོད་གསལ་མི་ཟིན་པར་འགྱུར་འགྲོ་ས་ཞིག་མེད་དོ་ཞེས་གསུངས་སོ། །ཡང་དཔེ་གཞན་ཞིག སོ་བ་མགྲོན་པོ་ཇག་པ་གསུམ་ལ་བཞག་ན། སྒོ་གནད་སོ་བ་དང་འདྲ། ཡུལ་གནད་དེ་མགྲོན་པོ་དང་འདྲ་ལ། རླུང་རིག་གི་གནད་དེ་ཇག་པ་ལ་འདྲ་བར་གསུངས་པས། སྒོ་གནད་ཀྱིས་མཐོང་བར་བྱེད། ཡུལ་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པར་བྱེད་གསུངས། རླུང་རིག་གཉིས་ཁ་ཁ་བྱས་ནས་བཞི་རུ་གསུངས་སྐབས་ཤིག་དང་། གསུམ་དུ་བསྡུ་དུས་དང་གཉིས་ཡོད་པ་ལས་འདི་ནས་རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་པའི་རྒྱུད་ཀྱི་ལུང་དང་བསྟུན་པ་སྟེ་གང་ལྟར་གཅིག་པ་ཡིན།

༼ཁ གཉིས་པ་སྒོ་ཡུལ་རླུང་རིག་གི་གནད་གསུམ་སོ་སོར་བཤད་པ།

དེ་ལ་གནད་གསུམ་རིམ་པར་བསྟན་པ་ལས།

༼༡ དང་པོ་འཆར་བྱེད་སྒོ་ཡི་གནད་བསྟན་པ།

དང་པོ་འཆར་བྱེད་སྒོ་ཡི་གནད་ཉིད་ནི།།

ཐ་མལ་པ་ལྟར་བལྟས་པས་འོད་གསལ་གྱི།།

ཡེ་ཤེས་མི་འཆར་ཅུང་ཟད་འཆར་ན་ཡང་།།

གོང་ནས་གོང་དུ་འཕེལ་བར་མི་འགྱུར་བས།།

སྒོ་གནད་གཟིགས་སྟངས་གསུམ་ལ་བསླབ་པ་གནད།།

ཅེས་གསུངས་ཏེ། འཆར་བྱེད་སྒོའི་གནད་ཀྱི་སྤྱི་དོན་བསྡུས་ཏེ་བསྟན་པའོ། །དེ་ནས་སྐུ་གསུམ་གྱི་གཟིགས་སྟངས་རེ་རེ་བཞིན་ཏུ་གསུངས་ཏེ་བསྟན་པ་ནི།

དེ་ཡང་རིག་པའི་ཡེ་ཤེས་ཙིཏྟ་ཡི།།

སྦུབས་ན་བུམ་ནང་མར་མེ་ལྟར་གསལ་བའི།།

རང་གདངས་ཀ་ཏི་ཤེལ་སྦུག་འོད་ཀྱི་རྩ།།

དར་སྐུད་བརྐྱངས་པ་ལྟ་བུའི་ལམ་བརྒྱུད་ནས།།

མིག་གི་སྒོ་རུ་འཆར་བས་ཆོས་སྐུ་ཡི།།

གཟིགས་སྟངས་གྱེན་དུ་ལྡོག་ནས་གཙུག་ཏོར་གྱི།།

རྣམ་པར་བལྟ་ཞིང་ལོངས་སྐུའི་གཟིགས་སྟངས་ཀྱིས།།

གཡས་གཡོན་ཟུར་འཁྲིད་མདའ་སྨྱུག་སྲོང་ལྟར་བལྟ།།

སྤྲུལ་སྐུའི་གཟིགས་སྟངས་མིག་གཉིས་ཕྱེད་བཙུམས་ཏེ།།

ཅུང་ཟད་ཐུར་ལ་ཕབ་ནས་དྲང་སྲོང་གི།

བསམ་གཏན་བསྒོམས་པ་བཞིན་དུ་བལྟ་བར་བྱ།།

ཆོས་སྐུ་གྱེན་ལ་ལྡོག་ནས་བལྟས་པ་ཡིས།།

བག་ཆགས་ཐུར་ལ་སེལ་བའི་དགོས་པ་ཡོད།།

ལོངས་སྐུའི་ཟུར་ལ་མཉམ་པོར་བལྟས་པ་ཡིས།།

འཁོར་འདས་རོ་མཉམ་ཉིད་དུ་བསྲེ་བར་བྱེད།།

སྤྲུལ་སྐུའི་ཐུར་ལ་ཕབ་ནས་བལྟས་པ་ཡིས།།

ཡེཤེས་སྣང་བ་དངོས་སུ་འཕེལ་བའོ།།

ཞེས་གསུངས་ཏེ། གཟིགས་སྟངས་ལ་བསླབ་པའི་གནད་དང་། ཇི་ལྟར་བསླབ་པ། བསླབ་པའི་དགོས་པ་དང་བཅས་པ་བསྟན་པ་སྟེ། སྒོ་གནད་ཆོས་ལོངས་སྤྲུལ་སྐུའི་སྐུ་གསུམ་གྱི་གཟིགས་སྟངས་མ་བྱས་པར། དུས་རྒྱུན་ལྟར་ཐ་མལ་བའི་ལྟ་སྟངས་ཀྱིས་བལྟས་པས་འཁྲུལ་བར་སྣང་བ་འདི་ལས་མཐོང་མི་ཐུབ། སྒྲོན་མའི་རྟགས་ཙམ་མཐོང་བ་ཡིན་ཡང་ཇི་བཞིན་དུ་མཐོང་མི་ཐུབ། དེས་ན་སྐུ་གསུམ་གྱི་སྤྱན་དེ། ཆོས་ཉིད་ཀྱི་སྤྱན་དང་། ཡེཤེས་ཀྱི་སྤྱན། ཤེས་རབ་ཀྱི་སྤྱན་དང་གསུམ་པོ་ཡིན་པས་འདི་གསུམ་གྱིས་གཟིགས་ན་རིག་པ་མངོན་སུམ་དུ་མཐོང་ཐུབ། མཐོང་བ་གོང་དུ་འཕེལ་ཏེ་འཁྲུལ་བ་སྐད་ཅིག་ལ་ལྡོག་ཐུབ་པ་ཡིན། དེ་ཡང་མཐོང་བར་བྱ་བ་རང་ཉིད་ཀྱི་རྡོ་རྗེའི་ལུས་འདིའི་སྙིང་དབུས་ཙིཏྟ་རིན་ཆེན་དཔལ་བེའུ་ན་བཞུགས་པའི་ཉི་མའི་དཀྱིལ་འཁོར་ལྟར་དུ་གསལ་བ། བུམ་ནང་གི་མར་མེ་བཞིན་དུ་བཞུགས་པའི་རང་གདངས་དེ་ཉིད། འོད་གསལ་གྱི་རྩ་ཆེན་བཞི་ལས་བརྒྱུད་དེ་འཆར་གྱིན་ཡོད། དེའི་ནང་ནས་རྒྱ་མཚོ་གསེར་གྱི་ཉི་མའམ་ཀ་ཏི་གསེར་གྱི་རྩ་ཆེན་ཞེས་པའི་ཤེལ་གྱི་སྦུ་གུ་ཅན་དེ་བརྒྱུད་དེ། དར་དཀར་སྣར་མ་དང་། ཕྲ་ལ་ཁྲིལ་པའི་འོད་རྩའི་ལམ་ནས་རྒྱང་ཞགས་ཆུའི་སྒྲོན་མའི་མིག་སྒོ་རུ་རྟེན་བརྟེན་པའི་ཚུལ་གྱིས། བརྟེན་པ་ཡེ་ཤེས་འདུས་པའི་རྒྱང་ཞགས་ཀྱིས་གཟིགས་ཏེ་འཆར་གྱིན་ཡོད། དེ་འཆར་བའི་སྐབས་ན་རྩ་རྒྱུད་ལས། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པས། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གཟིགས་སྟངས་གྱེན་དུ་ལྡོག་ནས་གཙུག་ཏོར་གྱི་རྣམ་པར་བལྟས་པས་གཞི་ཀ་དག་གི་ངོ་བོར་སྒྲིབ་པ་གཤིས་ལ་མེད་པས་འཁྲུལ་བའི་བག་ཆགས་ཐུར་ལ་སེལ་བའི་གནད་ཡོད་དེ། ཆོས་ཉིད་ཀྱི་སྤྱན་གྱིས་ཆོས་ཉིད་ཇི་བཞིན་གཟིགས་པ་ཡིན། དེ་གཟིགས་པའི་མཐུས་དེའི་སྟེང་ནས་འཁྲུལ་བ་རྩད་ནས་གཅོད་པར་བྱེད་དོ། །ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས། གཟིགས་སྟངས་ཟུར་ལ་གཏད་དེ་དབྱིངས་སྣང་ཁྲིད་པས་འཁོར་འདས་རོ་མཉམ་དུ་བསྲེ་ཐུབ་པ་དང་། ཡེ་ཤེས་ཀྱི་སྤྱན་གྱིས་རང་རྩལ་དུ་མཐོང་ནས་མཁྱེན་པ་ནང་ནས་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་མིག་གཉིས་ཕྱེད་བཙུམ་བྱེད་དགོས་པ་འདིའི་སྐབས་ཀྱི་ཞལ་ཤེས་ཡིན་ནོ། །དྲང་སྲོང་གིས་བསམ་གཏན་སྒོམ་པ་བཞིན་དུ་གཟིགས་སྟངས་ཐུར་ལ་ཕབ་པའི་དགོས་པ་ཇི་ཡོད་ན། ཡེ་ཤེས་ཀྱི་སྣང་བ་དངོས་སུ་ཕེབས་པ་ཡིན་ནོ། །ཤེས་རབ་ཀྱི་སྤྱན་གྱིས་སྒྲ་ཚིག་དང་བྲལ་བར་དངོས་སུ་རྟོགས་ཏེ། ཐོས་བསམ་སྒོམ་པར་རག་མ་ལུས་པ་སོགས་དེ་ལྟ་བུའི་བྱིན་རླབས་འདི་ཉིད་འབྱུང་བར་གསུངས་སོ། །འདི་དག་གི་དུས་སུ་མིག་གཉིས་མ་འགུལ་ན་འོད་རྩ་མི་འགུལ། འོད་རྩ་མ་འགུལ་དུས་བརྟན་ཆགས་ནས་རྟོགས་པ་རྒྱུན་ཆགས་པར་འབྱུང་བ་ཡིན་ནོ། །དེ་ལྟར་དགོས་པ་དང་བཅས་པས་འཆར་བྱེད་སྒོའི་གནད་བསྟན་ནས།

༼༢ གཉིས་པ་འཆར་གཞི་ཡུལ་གྱི་གནད་བསྟན་པ།

གཉིས་པ་ཡུལ་གྱི་གནད་ནི་རང་རིག་གི།

རང་གདངས་ནང་ནས་ཕྱི་རོལ་འཆར་བ་ལ།།

ཕྱི་ཡི་དངོས་པོ་རགས་པ་ས་དང་ཆུ།།

མེ་དང་རླུང་ལ་གཏད་པས་མི་འོང་བས།།

གནས་ནི་རྐྱེན་བྲལ་དྭངས་ཤིང་མཐོ་བའི་སར།།

ཡུལ་རྐྱེན་བྲལ་བ་ནམ་མཁའ་གཡའ་དག་དུས།།

དབང་པོ་རྐྱེན་དང་བྲལ་བ་མིག་གཉིས་ཀྱིས།།

སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུའམ།།

འོད་གསལ་འཆར་སྣང་བདེ་ཕྱིར་ཟེར་གཉིས་སྦྱར།།

སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ།།

དེ་ཡང་ཉི་མ་ལས་ནི་ཁྲུ་གང་གི།

འོག་གི་ནམ་མཁའ་སྟོང་སང་དེ་ལ་བལྟ།།

དེ་ལྟར་ཕྱི་ཡི་ནམ་མཁའ་སྟོང་པ་ལ།།

རིག་པ་སྟོང་པས་གཏད་པས་སྟོང་གསལ་ཉམས།།

འཕྲོ་འདུ་དང་བཅས་ཕྱལ་ཡས་པ་ཞིག་འཆར།།

དངོས་པོ་མཚན་མ་བྲལ་བའི་དགོས་པ་ཡོད།།

ཅེས་གསུངས་ན། འདི་ལ་དབྱིངས་དང་རིག་པའི་ལྟ་སྟངས་གསུངས་པ་རེད། ནང་གི་རིག་པའི་གདངས་གསང་བའི་འོད་རྩ་ནས་བརྒྱུད་དེ། ཕྱི་རོལ་གྱི་དབྱིངས་ལ་འཆར་དགོས་དུས། ཡུལ་ས་ཆུ་མེ་རླུང་སོགས་ཕྱི་རོལ་རག་པའི་དངོས་པོ་གཟུགས་ཅན་ལ་བལྟས་པས་ཇི་བཞིན་དུ་མི་འཆར་བས། རང་གི་སྨིན་མཚམས་ཀྱི་ནམ་མཁར་མིག་ཡར་གཏད་དེ་ཤེས་པ་མ་ཡེངས་པར་བལྟ་རྒྱུ་དེ་ལ་དབྱིངས་དང་རིག་པའི་ལྟ་སྟངས་གསུངས་པ་ཡིན། ནམ་མཁའ་ནི་དབྱིངས་རྣམ་དག་གི་སྒྲོན་མ་འཆར་བའི་གཞི་ཡིན་པས་དེ་ལ་བལྟ་བ་དབྱིངས་ཀྱི་ལྟ་སྟངས་དང་། མ་ཡེངས་པའི་ཤེས་པ་ནི་རིག་པའི་རྩལ་ཡིན་པས་མ་ཡེངས་པར་བཞག་ནས་རིག་གདངས་ལུག་རྒྱུད་ཀྱི་སྣང་བ་འཆར་བ་ཡིན་པས་རིག་པའི་ལྟ་སྟངས་ཞེས་གསུངས་པ་ཡིན། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་གསུངས་པས་རྐྱེན་བྲལ་གསུམ་ཚོགས་པ་ཞིག་གིས་བལྟ་དགོས་དུས་གནས་རྐྱེན་བྲལ་བསམ་གཏན་སྒོམ་པའི་རྒྱུ་ཚོགས་ཚང་ཞིང་ཁྱད་པར་ས་ཁད་ཅུང་མཐོ་ས་ཞིག་ནས་བལྟས་ན་བཟང་ནི་རེད། ཤར་ལྷོའི་ཕྱོགས་སམ་ནུབ་དང་བྱང་ཡང་ཁོད་ཡངས་ས་དེ་འདྲ་ཞིག་ནས་བལྟ་དགོས། ཡུལ་རྐྱེན་བྲལ་དེ་ཇི་ལྟར་ཡིན་ན། སྤྲིན་དང་དུ་བ་རྡུལ་དང་ཁུག་སྣ་སོགས་ནམ་མཁའ་སློང་བྱེད་ཀྱི་རྐྱེན་དང་བྲལ་བ་དང་། དབང་པོ་རྐྱེན་བྲལ་ཟེར་བ་དེ། ཡེ་ཤེས་འཆར་བའི་འོད་རྩའི་མིག མིག་སྐྱོན་མེད་པ་སྟེ་དེ་ལྟར་རྐྱེན་བྲལ་གསུམ་པོ་ཚང་བས་འོད་གསལ་ཐོད་རྒལ་གྱི་འཆར་སྣང་དེ་འཆར་བ་ཡིན། འཆར་བ་དེ་ཡང་ཡུན་གྱིས་རིང་སྒྲུབ་བྱེད་བསམ་པ་ཚོས། སྔ་དྲོ་ཉི་མ་རྒྱབ་ཏུ་བཞག་སྟེ་ཁ་ནུབ་ཏུ་འཁོར་ནས་དང་། ཕྱི་དྲོ་དེ་བཞིན་ཁ་ཤར་དུ་འཁོར་ནས་ཕྱི་དབྱིངས་ནམ་མཁའ་སྟོང་གསལ་ལ་གཏད་ནས། མདོར་ན་ནངས་དགོང་གི་ཉི་མ་རྒྱབ་ཏུ་བཞག་ནས་བལྟས་ན་ཆོག་གོ །ཡང་ན་ལས་དང་པོ་པ་ཚོས་མྱུར་སྒྲུབ་ཀྱིས་མགྱོགས་པོར་འཆར་སྣང་ཞིག་མཐོང་ན་འདོད་པ་དག་གིས་ནངས་དགོང་གི་ཉི་མ་འཆར་ནུབ་ཀྱི་ཟེར་གཉིས་དང་བསྟུན་ནས། ཉི་མའི་འོག་གི་ཁྲུ་གང་གི་ནམ་མཁའ་སྟོང་སང་ལ་ལྟ་བའམ། ཡང་ན་ཉི་མའི་འོག་གི་མར་རི་ལ་སོགས་པའི་ནག་གྲིབ་ལ་འཁྲིད་ནས་བལྟས་ནའང་ཆོག་གོ། །དེས་མིག་ལ་མི་གནོད་པའི་དགོས་པ་དང་ཡང་ལྡན་པའོ། །གསར་བ་ཚོས་དགོས་སྣང་ཤར་ཏེ་བལྟ་མི་ཤེས་པར་མིག་གིས་ཉི་མ་རྐྱང་རྐྱང་ལ་བལྟས་ན། ལྟ་མ་ཤེས་པར་མིག་ལོང་ལ་ཁད་གྱུར་པ་ཡང་ཡོད་པས་གཟབ་དགོས་སོ། །བལྟ་མ་ཤེས་ནས་ཉི་མར་ཅེར་བ་རྐྱང་པས་བྱིན་རླབས་འཇུག་རྒྱུ་ཡོད་པ་མ་རེད། མུ་སྟེགས་པའི་ལུགས་ལའང་ཉི་མ་ལྷར་བཟུང་ནས་བལྟ་བ་ཡོད་ཀྱང་ཐར་ལམ་དང་མི་ཉེ་བ་བཞིན་ནོ། །མདོར་ན་ཕྱི་ཡུལ་ནམ་མཁའ་སྤྲིན་དེངས་ལ་གཏད་ནས་རིག་པའི་དྭངས་སང་ཕྱེ་དགོས། ནང་ཡུལ་དབྱིངས་ཀྱི་སྒྲོན་མེ་ལ་གཏད་དེ་འོད་གསལ་མ་བུ་འདྲེས། གསང་ཡུལ་རིག་པ་སྟོང་སང་ལ་གཏད་པས། ཀ་དག་ཆོས་ཟད་ཀྱི་དགོངས་པ་རང་ས་ན་གསལ་བའི་གནད་ཟིན་དགོས་སོ། །གོང་ནས་ཀྱང་ཐེངས་མ་གཅིག་གཉིས་ལ་བཤད་མོད། ཡེ་ཤེས་ཀྱི་འོད་རྩ་གཙོ་བོ་དེ། རྒྱ་མཚོ་གསེར་གྱི་ཉི་མ་དང་། ཀ་ཏི་ཤེལ་གྱི་སྦུ་གུ་ཅན། ཕྲ་ལ་ཁྲིལ་དང་། དར་དཀར་སྣར་མ་བཞི་པོ་དེ་ལ་གསུངས་པ་ཡིན། རྒྱ་མཚོ་གསེར་གྱི་ཉི་མ་སྙིང་དབུས་སུ་བཞུགས་པའི་འོད་རྩ་ཞིག་ཡིན། ཀ་ཏི་ཤེལ་གྱི་སྦུ་གུ་ཅན་སྙིང་དབུས་ནས་མིག་ཏུ་འབྲེལ་བའི་འོད་ཀྱི་རྩ་དང་ནི། ཕྲ་ལ་ཁྲིལ་བ་དང་། དར་དཀར་སྣར་མ་གཉིས་འོད་གསལ་ཕྱི་རུ་མཆེད་པའི་རྩ་ཡིན། ཁྱད་པར་དར་དཀར་སྣར་མ་མིག་ཏུ་ཞུགས་པའི་རྩ་ཡིན་གསུངས་སོ། །སྤྱིར་ན་ཐོད་རྒལ་གྱི་འཆར་སྣང་འདི་འདུས་བྱས་དང་འདུས་མ་བྱས་གང་ཡིན་ཟེར་ན། སྣང་ཉམས་འཕེལ་འགྱུར་གྱི་ཆ་ནས་འདུས་བྱས་དང་། རིག་གདངས་ཡིན་པའི་ཆ་ནས་འདུས་མ་བྱས་ཡིན་གསུངས། ལས་རླུང་རྣམ་རྟོག་གི་ཁ་ལོ་བ་ཇི་ལྟ་ཇི་ལྟར་དབང་བཙན་པ་དེ་སྲིད་དུ། ཡེ་ཤེས་ཀྱི་གཞོན་པ་ཤིན་ཏུ་ཕྲ་བའི་རླུང་དེ་མངོན་དུ་འགྱུར་མི་ཐུབ་པ་ཡིན། དེ་མངོན་དུ་མ་གྱུར་པ་དེ་སྲིད་དུ། དེ་ལྟ་དེ་ལྟར་རང་བཞིན་ཡེ་གནས་ཀྱི་རིག་པ་ཐེར་ལ་འབུད་དཀའ་བ་ཡིན་ནོ། །འདི་ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་ཐུན་མོང་གི་ལམ་གནད་ཡིན། གོང་ནས་སྐུ་གསུམ་གྱི་བཞུགས་སྟངས་གསུངས་རྒྱུའི་སྐོར། གླེན་པ་ངོ་མ་ཞིག་ཡིན་ན། སྐུ་གསུམ་དེ་དུས་རྒྱུན་དེ་ལྟར་དུ་བཞུགས་ཡོད་ནི་ཨེ་རེད་སྙམ་ན། དེ་ལྟར་གསུངས་པ་མིན། ཆོས་སྐུས་མཚན་མའི་རྟོག་པ་ཟིལ་གྱིས་གནོན་པའི་བཞུགས་སྟངས་འཇིགས་པ་མེད་པ་སེང་གེས་རི་དྭགས་ཟིལ་གྱིས་གནོན་ཚུལ་དང་འདྲ་བ། ལོངས་སྐུའི་སྐབས་སུ་ཞིང་ཁམས་རྫོགས་པ་དེ། གླང་ཆེན་སྟོབས་ཤུགས་རྫོགས་པའི་ཚུལ་འདྲ་བ་དང་། སྤྲུལ་སྐུ་གཞན་དོན་ལས་གཡོ་བ་མེད་པ་དྲང་སྲོང་དཀའ་ཐུབ་ཀྱིས་ལུས་མི་གཡོ་བར་བསྟན་པ་དེ་དག་གིས་མཚོན་པ་ཡིན་ནོ། །རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་བའི་དགོས་གནད་ཁྱད་པར་བ་དང་ཡང་ལྡན་ནོ། །དེ་རིང་དངོས་པོ་མཚན་མ་བྲལ་བའི་དགོས་པ་ཡོད། །གསུངས་པའི་མཚམས་འདིར་བཞག་རྒྱུ་བྱེད། ཆོས་ཁྲིད་རྗེས་མར་རླུང་རིག་གི་གནད་བཤད་པའི་དེ་མ་ཐག་ཏུ། རིག་པའི་རྩལ་དབང་བསྐུར་རན་ནས་བསྡད་ཡོད་པས། རིག་པའི་རྩལ་དབང་དེ་བླ་གབ་མེད་པའི་གནས་ཤིག་ནས་བཤད་རྒྱུ་བྱེད་དགོས་ཀྱང་། མང་ཆེ་བ་བླ་གབ་མེད་པའི་གནས་སུ་བཞུགས་ཀྱང་ཡོད་མོད། ཚང་མ་མཉམ་དུ་ཤོང་སའི་ས་ཁོངས་གཞན་གྱིས་མཐོང་ཡུལ་དུ་མ་གྱུར་བ་ཞིག་སྟབས་མ་བདེ་བས་ངས་འདི་ནས་འདོན་རྒྱུ་མ་བྱེད་ཐབས་མེད་རེད། སྤྱིར་ད་རེས་ཀྱི་ཆོས་ཁྲིད་ལ་རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་གཉིས་ཀ་སྒོམ་པ་དོན་ལ་སྦྱོར་དུས་ཟུང་དུ་འབྲེལ་བའམ། བཤད་པའི་གནས་སྐབས་ཀྱི་ཚུལ་ཡིན་ན་རིམ་ཅན་དུ་འཕྲོའི་འཕྲོར་འཆད་ཉན་འདི་ལྟར་བྱེད་བཞིན་པ་ཡིན། ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱིས་སེམས་ཀློང་མན་ངག་གི་སྡེ་གསུམ་པོའི་དགོངས་དོན་དང་ནི་ཁྱད་པར་དུ་སེམས་ཀློང་གཉིས་ཀ་གཙོ་བོར་མཛད་པའི་ཆ་ནས་སྣང་སེམས་ཐམས་ཅད་ཡེ་གྲོལ་སོར་བཞག་ཆེན་པོར་ཁྲེགས་ཀྱིས་ཉམས་སུ་ལེན་པ། ཁྲེགས་ཀྱིས་སམ་ཐད་ཀར་འཁྲུལ་བའི་རྟོག་པ་ཐམས་ཅད་རྩ་དྲས་མའི་ཐག་པ་བཞིན་དུ་ཆོད་པར་བྱས་པས་ན་ཁྲེགས་ཆོད་ཀྱི་ཉམས་སུ་ལེན་པ་བསྟན། ཐོད་རྒལ་འདི་སྤྱིར་མན་ངག་སྡེ། དེ་ལའང་སྐོར་ཚོ་བཞི་ཡོད་པའི་ནང་གི་ཡང་གསང་བླ་ན་མེད་པའི་དགོངས་པ་རྩལ་འདོན་གྱི་ཐོག་ནས་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་གསང་མཛོད་སྒོ་ཕྱེས་ཏེ་ཇི་བཞིན་བསྟན་པར་མཛད་པ་ཞིག་ཡིན། དེ་ཡིན་ན་རྫོགས་ཆེན་སེམས་སྡེ་དེ་ཇི་ལྟར་ཡིན་སྙམ་ན། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་བསལ་བཞག་མེད་པར་སྐྱོང་བ་འདིའི་དགོངས་དོན་རེད། ཀློང་སྡེ་ནི། རང་བྱུང་གི་ཡེ་ཤེས་དང་ནི་དེ་ལས་ཤར་བའི་ཆོས་ཐམས་ཅད་རང་གྲོལ་ཡེ་དག་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་གཏན་ལ་ཕབ་ནས། ཆོས་ཉིད་དམིགས་པ་མེད་པ་བྱ་རྩོལ་དང་བྲལ་བའི་ངང་སྐྱོང་བའོ། །མན་ངག་སྡེའི་ཡང་གསང་བླ་ན་མེད་པའི་སྐོར་ཚོའི་བསྟན་དོན། ཡང་སྒོས་སྐབས་འདི་དང་ཁྱད་པར་དུ་སྦྱར་ནས་བཤད་ན། རང་གནས་ཀྱི་ཡེ་ཤེས་འོད་གསལ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ཤར་བ་དེ་ཉིད། བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ལམ་བརྒྱུད་དེ། ཐོད་རྒལ་སྣང་བཞིའི་མཐར་ཐུག་ལ་ཟད་སར་སྐྱོལ་བ་ཡིན། དེ་ལྟར་ཟད་སར་སྐྱོལ་བས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རང་དག སྡོད་པ་གསུམ་གྱིས་ཚད་བཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ། གདེང་བཞིས་གྲོལ་ཚད་བསྟན་ནས། ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ། ཀ་དག་ཁྲེགས་ཆོད་ཀྱི་བསྟན་པའི་དོན་དེ་དང་གཉིས་སུ་མ་ཡིན་པའི་རིག་པའི་འོད་གསལ་དེ་ཉིད་མངོན་དུ་གྱུར་ཏེ། ནང་རིག་པའི་དབྱིངས་ཀྱི་ངོ་བོའི་རྩལ་རྫོགས་རིམ་བཞིན་དུ། ཕྱིའི་རིག་གདངས་དེ་ཉིད་ལུ་གུ་རྒྱུད་ཀྱི་སྐུ་རུ་སྨིན་ནས་རིག་གདངས་རིག་པའི་མ་ལ་ཐིམ་པ་ཟད་པ་མཐར་ཐུག་གི་གནས་སྐབས་ན། འབྱུང་བ་མ་ལ་ཞ། རླུང་ལྔ་རང་སར་དག ཡེ་ཤེས་དབྱིངས་སུ་འཆར། ལྷུན་གྲུབ་གདོད་མའི་དབྱིངས་སུ་བཙན་ས་ཟིན་པས། དེ་དུས་སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་པའི་འཕོ་ཆེན་དྭངས་མའི་སྐུར་བཞེངས་པ་ཡིན། ཐོད་རྒལ་གྱི་སྤྱི་ཁོག་ནི་དེ་ལྟ་བུ་ཞིག་རེད། ཐོད་རྒལ་ཁྱད་འཕགས་ཀྱི་ཁྱད་ཆོས་ནི་ལྷུན་གྲུབ་རྒྱ་ཆེ་བ་རྩལ་འདོན་གྱིས་གསུངས་པ་ཡིན། ཀ་དག་ལྷུན་གྲུབ་ཅེས་པ་འདིའང་གོང་ནས་ཀྱང་བཤད་པ་ལྟར་དུ་ངོ་བོ་གཅིག་གི་ལྡོག་ཆ་ནས་གསུངས་པ་ཡིན་པས། ཁྲེགས་ཆོད་ཐོད་རྒལ་གཉིས་ཟུང་དུ་འཇུག་པ་ཡིན། ཁྲེགས་ཆོད་ཁྲེགས་མ་ཆོད་ན་ཐོད་རྒལ་ཐོད་མི་རྒལ་ཟེར་བའི་ཁ་སྲོལ་ཞིག་ཡོད་པ་ནང་བཞིན་རེད། ཀ་དག་ལྷུན་གྲུབ་གཉིས་ཀྱི་རྩ་བ་རིག་པ་ཟང་ཐལ་རྗེན་ལ་ཕུད་དགོས་པ་དེ་ལ་ཐུག དེ་ཕུད་མ་ཤེས་ན་ཐོད་རྒལ་གྱི་སྟོང་གཟུགས་དངོས་པོ་རུ་གོལ་ནས་གཟུགས་ཁམས་སུ་འཕེན་པ་མ་གཏོགས་གཞན་ཕན་པ་ཅི་ཡང་མེད་པར་འགྱུར་རྒྱུ་ཡོད། གང་ལྟར་གཞི་ཀ་དག་དང་ལྷུན་གྲུབ། ལམ་ཁྲེགས་ཆོད་དང་ཐོད་རྒལ། འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་ཡིན་དུས། གཞི་ལམ་འབྲས་གསུམ་ཟུང་འཇུག་ཡ་མ་བྲལ་བའི་གོ་བས་དེད་རྒྱུ་འདི་གནད་ཆེའོ། །དེ་ཡང་ཟུང་འཇུག་གཉིས་མེད་ཀྱི་ཡེ་ཤེས་གསུངས་ཡོང་དུས་གང་དང་གང་གཉིས་སུ་མེད་པ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་དང་རང་བྱུང་གི་ཡེ་ཤེས་གཉིས་ཀ་གཅིག་ཏུ་འདྲེས་ཤིང་རོ་མཉམ་པ་ལ་གསུངས་པའོ། །དེ་ལྟར་རོ་མཉམ་པ་དེ་ནི་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་དང་། ཐབས་དང་ཤེས་རབ་ཟུང་འཇུག བདེ་དང་སྟོང་པ་ཟུང་འཇུག་ཀྱང་ཡིན། དེ་ལྟར་ཡིན་པས་གནས་ལུགས་མཐར་ཐུག་གི་དབང་དུ་བྱས་ན། ཤེས་དང་ཤེས་བྱ་རོ་གཅིག་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་དེ་ཉིད་ཡིན་པས་དེ་ལྟ་བུའི་དག་པ་གཉིས་ལྡན་གྱི་ཁྱད་པར་ཕྱེ་བའི་དབྱིངས་ཡེ་དབྱེར་མེད་མངོན་དུ་འགྱུར་བའི་ཆེད་དུ། རྒྱལ་བའི་ཆོས་སྒོ་ཐམས་ཅད་མི་མཐུན་པ་ཡོད་པ་མིན་པས་གནད་མཐུན་པའི་ཚུལ་ཡང་ཇི་ལྟར་ཡིན་ན། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོས་པའི་རྩ་བ་དེད་དེ་སོང་ན། བདག་འཛིན་འདུལ་བའི་ནང་དུ་འདུས་ལ། བདག་འཛིན་གྱི་གཉེན་པོར་མ་སོང་ན། ཆོས་བྱས་ཚད་དོན་མེད་རེད་སོང་བ་རེད། ཆོས་བྱས་ཚད་བདག་འཛིན་གྱི་གཉེན་པོར་སོང་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན་པས་མི་ཚད། ཆོས་ཆོས་སུ་སོང་དང་མ་སོང་གི་ཚད་གཞི་འཇོག་ས་ངོ་མ་བོ་ཡང་དེ་ན་ཡོད་པས། འདི་ཆོས་པ་སྲང་ལ་བཀྱག་བྱེད་ཀྱི་རྒྱ་མ་ཡིན་པར་ཡང་གསུངས་སོ། །ཆོས་པ་བཟང་པོ་ཟེར་རྒྱུ་བོ་གཞན་གྱིས་མ་ཁྲེལ་ནའང་དཔང་པོ་ཡིན་ཡང་། འཇིག་རྟེན་ཕལ་བ་ཚོས་གཞན་སེམས་ཤེས་པ་མིན་པས་ཕྱིའི་སྤྱོད་ལམ་ལ་མ་སྐྱོན་པ་རེ་རེ་སྣེ་གཉིས་ཙམ་རེ་རིག་རྒྱུ་ཡོད་སོང་དུས་མགུ་སླ་བས་དེ་གཙོ་བོ་བཟུང་རྒྱུ་མེད། རང་གི་བསམ་སྤྱོད་ཐམས་ཅད་རང་ཉིད་ལ་ཆ་རྒྱུས་ཆེ་བས། རང་གི་སེམས་རང་ལ་མ་ཁྲེལ་བ་དེ་དཔང་པོ་གཙོ་བོ་ཡིན་པས་ན། བློ་གཟུ་བོས་ལེགས་པར་བརྟགས་ཏེ་རང་ལ་རང་གིས་མ་ཁྲེལ་བའི་བློ་ཞིག་རང་ལ་ཡོད་ན། བློ་འབྱོངས་བའི་རྟགས་ཆ་ཚང་ཡིན་པས་ན། གཉེན་པོ་བསྐྱེད་དེ་རང་ལ་རང་གིས་མ་ཁྲེལ་བ་ཞིག་ལ་འབད་པ་དེ་གལ་ཆེའོ། །རྣལ་འབྱོར་ལམ་ལ་སྦྱང་བའི་གནས་སྐབས་འདིར་ཁྱད་པར་དུ་སྤྱོད་པ་རྒྱུ་འབྲས་ཞིབ་རྒྱུ་དེ་གནད་ཆེན་ཡིན། ད་ལྟའི་ཚོར་བ་དང་འདུ་ཤེས་མ་ཞིག་པའི་ཚེ་ན། ཟག་བཅས་ཀྱི་དགེ་བའམ་ཀུན་རྫོབ་དམིགས་བཅས་བསོད་ནམས་ཀྱི་ཚོགས་བསགས། དེ་ནས་སྣང་བ་འདི་འགྱུར་ནས་བདེ་སྡུག་གི་ཚོར་བས་ཕན་གནོད་མེད་ས་རུ་ཐོན་སོང་དུས། ཟག་མེད་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། དེ་དུས་དམིགས་བཅས་ཀྱི་ཚོགས་བསགས་རྒྱུ་བསྐྱུར་ནའང་ཆོག་གོ །དེ་ལྟ་བུའི་ཚོགས་གཉིས་སྟབས་གཅིག་ཏུ་རྫོགས་པའི་མྱུར་ལམ་ཟབ་མོ་ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་དུ་སྒོམ་པའི་གནས་སྐབས་འདིར། འོད་གསལ་རིག་པའི་ཡེ་ཤེས་སྙིང་དབུས་ནས་སད་ཡོང་དུས། ཉི་མ་འབུམ་གྱི་གཟི་བྱིན་གྱིས་འགྲན་དུ་མེད་པ། དེའི་གསལ་དྭངས་ངར་དང་བཅས་པའི་ཟིལ་ཤུགས་དེས། ཁང་སྟོང་ནང་གི་ལོ་སྟོང་དག་གི་མུན་པ་དེ། སྒྲོན་མེ་གཅིག་གིས་སྐད་ཅིག་ལ་སེལ་བ་བཞིན་དུ། ཤེས་རབ་ཀྱི་རྩལ་ཁ་རང་ཤུགས་ཀྱིས་འབར་ཏེ། དེ་དང་མཉམ་དུ་ཕྱོགས་རིས་མེད་པའི་དད་པ། ཉེ་རིང་མེད་པའི་སྙིང་རྗེ་ཤུགས་འབྱུང་དུ་ཤར་ཡོང་བ་ཡིན་ནོ། །དེ་དུས་ལྟ་སྒོམ་སྤྱོད་པའི་གོལ་འཕྱུགས་མེད་པར་འབྲས་བུ་རེ་དོགས་བྲལ་བའི་རང་སར་ཕྱིན་པ། མ་འབད་ཀྱང་ངང་གིས་འབྱུང་བར་འགྱུར་རོ། །འུ་ཅག་གིས་དེ་རིང་ཕྱི་དྲོའི་ཁྲིད་སྦྱང་དང་། སང་ཉིན་གྱི་སྔ་ཕྱི་དྲོ་གཉིས་ཀྱི་ཁྲིད་སྦྱང་རྣམས་མུ་མཐུད་དེ་ཁྲེགས་ཆོད་ཀྱི་རིག་ངོ་སྐྱོང་བའི་ཁྲིད་སྦྱང་བྱེད་དགོས། ཁྲིད་སྦྱང་མཛད་ལུགས་ཁ་རྩང་ཞུས་པ་ལྟར་དུ་སྤྱོད་པས་བོགས་འདོན་གྱི་ཚུལ་དུ་རྣམ་པ་ཚོ་རང་རང་གིས་གར་བདེའི་ས་ཆ་རེར་ཕེབས་ཏེ། སྒེར་གྱིས་ཁྲིད་སྦྱང་མཛད་དགོས། འདི་ཕན་ཆོད་ཀྱི་ཁྲིད་སྦྱང་ཐམས་ཅད་ཐོད་རྒལ་གྱི་ཁྲིད་སྦྱང་མཛད་རྒྱུ་ཡིན། ཇི་ལྟར་དགོས་ཚུལ་རིམ་པས་ཞུས་ན་ཆོག་གི ཐེངས་འདིའི་ཁྲིད་སྦྱང་ཚང་མ། རྗེས་མར་རང་གི་ཁྲིད་སྦྱང་ཐུན་དུ་ཇི་ལྟར་བཅད་ཚུལ་གྱི་ཕྱོགས་སྟོན་ཞིག་ཀྱང་རེད་འགྲོ་བ་རེད། ཁྱད་པར་དུ་ནངས་དགོང་གི་སྲོད་དང་ཐོ་རངས་ཀྱི་ཐུན་དེ་ཚོ་རྣལ་འབྱོར་རིག་པ་དྭངས་བའི་དུས་རེད། དེས་ན་ཐུན་གྱི་ཁྱད་པར་དང་བསྟུན་ཏེ། རིགས་མཐུན་གྱི་ཁྲིད་སྦྱང་ངོ་མའི་ཕྱག་བཞེས་ལྟར་དུ་ཉམས་ལེན་གྱི་གནད་ལ་འཛིན་པར་མཛད་དགོས་པ་རེད། དེ་ལྟར་ཆོས་འཆད་ཉན་བགྱིས་པའི་སོགས་ནས་བསྔོ་སྨོན་གསུངས་སོ།།


previousཉིན་དང་པོའི་ཆོས་ཁྲིད།next