Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

ཐར་བ་འདོད་པའི་གང་ཟག་ཅིག་གིས། ཐོག་མར་བློ་ལྡོག་རྣམ་བཞིས་བློ་སྦྱོང་སྟེ་འཁོར་བའི་གནས་ནས་ངེས་པར་འབྱུང་བའི་ཀུན་སློང་སྐྱེས། ཐར་བའི་ཕན་ཡོན་ཤེས་པའི་སྟེང་ནས། ལམ་སྟོན་གྱི་བཤེས་གཉེན་དམ་པ་ཞིག་བཙལ་བའི་འཕྲོར། ཀུན་མཁྱེན་ཆེན་པོས། དེ་ལྟར་དགེ་བའི་བཤེས་གཉེན་ལེགས་བསྟེན་ནས། །ཐར་བའི་ལམ་ལ་རིམ་གྱིས་འཇུག་པར་བྱ། །ཞེས་གསུངས་ན། དེ་ཡང་དཔེ་ཞིག་བླང་ན། མཁར་ཕོ་བྲང་ཞིག་གི་ཡང་ཐོག་ཏུ་འཛེག་དགོས་ན། དང་པོ་སྒོ་ནས་ཡར་ཞུགས། དེ་ནས་སྐས་ནས་བརྒྱུད། དེ་ཡང་སྐས་ཐེམ་འོག་མ་ནས་ཡར་རིམ་བགྲོད་ཀྱིས་བརྒྱུད་དགོས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མདོའི་ནང་དུའང་། ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །ང་ཡི་བསྟན་པ་ཟབ་མོར་ཡང་། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་རྒལ་མ་ཡིན་མཐར་ཆགས་སོ། །གསུངས་པ་དང་། ད་དུང་དེའི་འཕྲོར། བྱིས་པ་ཆུང་ཆུང་ནས་རིམ་གྱིས་ན་གཞོན་དང་དར་མའི་ལུས་ཚད་རྫོགས་དགོས་པ་ལྟར་བརྒྱུད་དགོས་གསུངས། དེ་བཞིན་ཁོང་གི་ཆོས་ཀྱང་དང་པོའི་འཇུག་རིམ་ནས་ཡོངས་སུ་རྫོགས་པའི་བར་དུ་གཏུག་དགོས་གསུང་རྒྱུའི་རིམ་པ་མང་པོ་ཞིག་གསུངས་ཡོད་པས་ན་བརྩེགས་མཆོངས་བརྒྱབ་ནས་འགྲོ་ས་ཞིག་མེད་ལ། མཁར་ཕོ་བྲང་གི་ཡང་ཐོག་ལ་འགྲོ་དགོས་ན་རིམ་པ་བཞིན་བརྒྱུད་དགོས་པ་དང་འདྲ་བར་གསུངས་ན། རིམ་གྱིས་བསླབ་དགོས་པས་མི་ཚད་སྡོམ་པ་འོག་མ་དག་གལ་མི་ཆེ་སྙམ་པའི་ཁྲལ་སོད་ཙམ་གྱིས་ཀྱང་མི་ཆོག་པར་ནན་ཏན་གྱིས་ཤིག་གསུངས་པ་ཡིན། དེ་ཅིའི་ཕྱིར་མི་ཆོག་སྙམ་ན། འོག་མ་མེད་ན་གོང་མའང་མི་འགྲུབ་ཅིང་མེད་པ། མི་ཞིག་གི་ལུས་པོ་ཆ་ཚང་ཞིག་ལ་ཡན་ལག་དང་ཉིང་ལག་གཅིག་ཀྱང་ཆད་མི་ཉན་པ་བཞིན་དང་། གྱང་མེད་ན་རི་མོ་འབྲི་ཐབས་མེད་པ་ལྟ་བུ་ཡིན། དེས་ན་ལམ་ལོག་པ་ལས་ལྡོག་པའི་ལམ་ཐམས་ཅད་ཀྱི་རྨང་གཞི་སྐྱབས་འགྲོ། མཁར་སྐྱ་རིང་ཞིག་བརྩིགས་དགོས་ན་དེའི་རྨིང་རྡོ་བཞག་པ་འདྲ་བོ་ཡིན་ན། སྡོམ་པ་རྣམ་དག་གིས་རྒྱུད་མ་བསྡམས་པ་ཞིག་ལ་ཐར་ལམ་ཡང་དག་ཡོད་པ་མ་རེད། སྡོམ་པས་རྒྱུད་སྡོམ་པ་ལ་སྐྱབས་འགྲོ་རྩོམ་བྱེད་དུ་ངེས་པར་དགོས་ཏེ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པས་སོ། །ད་འདི་ལྟར་གསུངས་དུས། ང་རང་ཚོའི་ཁ་སྐད་ལྟར་བཤད་ན། རབ་བྱུང་ལ་སྡོམ་པ་ཟེར་བ་ཞིག་དགོས་པ་རེད་མ་གཏོགས། སྔགས་པ་ཕོ་མོ་ལ་སྡོམ་པ་ཟེར་རྒྱུ་ཞིག་ཅང་དགོས་རྒྱུ་ཨེ་རེད་གོ་བསམ་མཁན་ཕལ་ཆེར་ཡོད་རྒྱུ་མ་རེད་དེ། ལམ་ཐམས་ཅད་གསུངས་པ་དེ། མདོ་སྔགས་ཐམས་ཅད་གསུངས་པ་ཡིན་དུས། སོ་བྱང་སྔགས་གསུམ་གྱི་སྡོམ་པའི་ནང་ནས་མཐོ་ཤོས་དེ་སྔགས་སྡོམ་རེད། སྔགས་སྡོམ་ལ་སྡོམ་གསུམ་ཡར་ལྡན་དུ་རྫོགས་དགོས་པས་མི་ཚད། དམ་ཚིག་དང་སྡོམ་པ་སྔགས་ཀྱི་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་ཡང་སྐྱབས་འགྲོ་ཡིན། སྐྱབས་འགྲོ་རྩོམ་བྱེད་དུ་མ་སོང་བའི་དགེ་བའི་སྡོམ་པ་རྣམ་དག་ཅིག་མེད་པ་དེ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་པ་འདིས་ཀྱང་ཤེས་སོ། །གཞི་ཚུལ་ཁྲིམས་ནི་ཡོན་ཏན་ཀུན་གྱི་རྟེན་གཞི་ས་ལྟ་བུ་ཞིག་ཡིན་པས་ན། བཅོམ་ལྡན་འདས་ཀྱིས་ཐོག་མར་དམ་ཆོས་འདུལ་བ་གསུངས་དུས་སོ་ཐར་རིགས་བདུན་རབ་བྱུང་དང་ཁྱིམ་པ་གཉིས་ཀར་གསུངས་པ་རེད། དེའི་ནང་ན་ཁྱིམ་པའི་དགེ་བསྙེན་ལ་སྡོམ་པ་གཏན་ཁྲིམས་དང་དུས་ཁྲིམས་གཉིས་ཀར་གསུངས་ཡོད། སྤྱིར་སྔགས་པ་ཟེར་ན་ཁྱིམ་ཐབ་པ་ཞིག་ལ་གོ་དགོས་པས་ཁྱབ་པ་ཡོད་པ་མ་རེད། སྔགས་པ་དྲ་མའམ་བཟང་ཤོས་དེ་ནི་ད་རུང་དགེ་སློང་རེད། གསུམ་གྱི་མཆོག་ནི་དགེ་སློང་ཡིན། །ཞེས་དཔལ་ལྡན་དུས་ཀྱི་འཁོར་ལོར་དངོས་སུ་གསུངས་ཡོད་པ་འདི་བས་ལྷག་གི་ལུང་ཞིག་མི་དགོས། རྒྱུ་མཚན་དེ་དག་ལ་བརྟེན་ནས། རང་རེས་ཀྱང་ཆོས་ར་ནམ་བཟུང་། ཆོས་འགོ་ཞིག་ནམ་བསྡུས་ཐམས་ཅད་ལ། སོ་བྱང་སྔགས་གསུམ་གྱི་རིམ་པ་མ་ནོར་ཞིང་ཆ་ཚང་བར་བྱས་པའི་ཆོས་བརྒྱུད་འདིའི་ཕྱག་སྲོལ་བཞིན་དུ། ཐེངས་འདིར་མཚོན་ན་ཡང་། དོ་ཞག་ཐོག་མ་ཉིད་ནས་སྐྱབས་སྡོམ་གྱིས་གཞི་བྱས་པའི་སོ་ཐར་དགེ་བསྙེན་གྱི་སྡོམ་པ་སྦྱིན་རྒྱུས་དབུ་བཟུང་། དེའི་མཚམས་ནས་བྱང་ཆུབ་སེམས་སྡོམ་འབོགས་པར་བྱས། སྔགས་ཀྱི་འཇུག་སྒོ་སྨིན་བྱེད་ཀྱི་དབང་ནས་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལ་འཇུག་བཞིན་པ་ཡིན་ན། ཕྱི་བ་ནང་བ་སྐྱབས་འགྲོའི་ཁྱད་གསུངས་པས་ན། སྐྱབས་སུ་མ་སོང་བ་ཞིག་ཡིན་ན་ནི། ནང་བ་སངས་རྒྱས་པའི་སྐྱབས་འོག་ཏུ་མཆིས་པའི་སློབ་མའི་གྲལ་ཙམ་དུའང་ཚུད་མེད་པས་ན་སྐྱབས་ཡུལ་དགེ་འདུན་པའི་གྲལ་དུ་ཇི་ལྟར་ཚུད། དེས་ན་སྐྱབས་སུ་འགྲོ་བ་འདིའང་ཆོ་ག་དངོས་ཀྱིས་སྐྱབས་སུ་འགྲོ་དགོས། འདི་ལ་ཡོངས་གྲགས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཞེས་པའི་ཐ་སྙད་ཅིག་ཡོད་ཀྱང་གཙོ་བོ་སྐྱབས་འགྲོའི་རྨང་གཞིའམ་རྩོམ་གཞི་བྱས་པའི་དགེ་བསྙེན་གྱི་སྡོམ་པ་ངོ་མ་དེ་ལེན་དགོས་པ་ཐམས་ཅད་ཀྱིས་མཁྱེན་བཞིན་པ་ལྟར་དུ་ཡིན་པས། འདིར་ཡོད་ཚང་མ་རྟེན་དགེ་ཚུལ་སློང་དང་དགེ་བསྙེན་གང་ཡིན་ལ་མ་ལྟོས་པའི་སྔགས་པ་རྐྱང་རྐྱང་རེད། བོད་ཀྱི་རབ་བྱུང་སྔགས་ལ་མ་ཞུགས་པ་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད། ཆོས་བརྒྱུད་གསར་རྙིང་ཚང་མ་མདོ་སྔགས་གཉིས་ལྡན་གྱི་རང་ལུགས་འཛིན་མཁན་ཤ་སྟག་ཡིན་པས་ན་སྔགས་པ་རེད། དེ་ལྟར་ལམ་ཐམས་ཅད་ཀྱི་སྒོ་སྐྱབས་འགྲོས་ཕྱེས་པ་རེད་ལ། སྐྱབས་འགྲོའི་སྒོ་གང་གིས་ཕྱེ་ན་དད་པས་ཕྱེ། སྤྱིར་སྐྱབས་འགྲོ་དེ་རང་གཞན་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འཛིན་པར་ཁས་བླངས་པ་ཞིག་ཡིན་ན། ཐུན་མོང་གི་ལུགས་ལ་འཇིགས་དད་གཉིས་ཀ་ཟེར་བ་ལ་ཐུན་མིན་གྱི་ལུགས་ལ་སྲིད་ཞི་གཉིས་ཀའི་མཐའ་ལ་འཇིགས་ནས་སྐྱབས་སུ་འགྲོ་བ་ཡིན། དང་འདོད་ཡིད་ཆེས་ཀྱི་དད་པ་ཡོད་པས་མི་ཚད་ཕྱིར་མི་ལྡོག་པའི་དད་པ་བརྟན་པོ་ཞིག་དང་པོ་ནས་ཡོད་དགོས། དད་པ་ཡོད་ན་རྒན་མོ་ཁྱི་སོ་ཡིས་སངས་རྒྱས་པ་དང་ནི། དད་པ་མེད་ན་སངས་རྒྱས་སྐུ་དངོས་ཀྱི་མདུན་ནས་དགེ་སློང་ལེགས་སྐར་དང་ལྷས་སྦྱིན་རྣམས་ངན་སོང་དུ་ལྟུང་བར་ལྡོག་རྒྱུ་མེད་པ་དེ་ཚོས་ཤེས་ཐུབ་པ་ཡིན། དད་པ་དེ་ཡང་སྐྱབས་ཡུལ་གྱི་ཡོན་ཏན་དྲན་པ་ལས་འབྱུང་བ་ཡིན་པས། དང་པོ་སྐྱབས་ཡུལ་ངོས་ཟིན་དགོས། དེ་ཟེར་ན་ཅི་ཟེར་དཀོན་མཆོག་གསུམ་ངོས་ལོས་ཟིན། སྐྱབས་འགྲོའི་ངག་འདོན་བཞི་སྐོར་མ་བློ་ལ་མི་འགྲོ་མཁན་སུ་ཡོད་བསམ་རྒྱུ་ཞིག་ཡིན་ན་ཡང་། དེ་ཡང་སླ་མོ་ཞིག་མིན། སྐྱབས་འགྲོ་མཐར་ཕྱིན་པ་ཞིག་ཤེས་དུས་ཐུབ་པའི་བསྟན་པ་མཐའ་དག་ལ་ཆགས་ཐོགས་མེད་སོང་བ་རེད། གང་ལ་གང་འཚམ་གྱི་སྐྱབས་ཡུལ་ངོས་ཟིན། སྐྱབས་སུ་འགྲོ་ལུགས་དང་། སྐྱབས་འགྲོའི་བསླབ་བྱ་རགས་རིམ་ཞིག་མ་ཤེས་དུས། དགོན་པའི་དགོན་དཔོན་གྱིས་མི་ཚད་བླ་ཆེན་གདུགས་སུམ་བརྩེགས་ཕུབ་པ་ཞིག་ཡིན་ཡང་དོན་དུ་ནང་བ་སངས་རྒྱས་པའི་ཁྱུ་རུ་ཚུད་ཡོད་མེད་ཐེ་ཚོམ་གྱི་གཞི་ཡིན། སྐྱེས་བུ་གསུམ་གྱི་རིམ་པས་ཞིབ་པར་ཕྱེ་ཡོང་དུས། སྐྱབས་སུ་འགྲོ་བའི་བསམ་པའི་ཁྱད་པར། དུས་ཀྱི་ཁྱད་པར། ཡུལ་གྱི་ཁྱད་པར་ལ་སོགས་པ་ཡོད། དེའི་ནང་གི་སྐྱེས་བུ་ཆེན་པོ་ཐེག་ཆེན་གྱི་ལམ་ལ་ཞུགས་པའི་གང་ཟག་ཞིག་གི་དབང་དུ་བཏང་། ཁྱད་པར་སྐབས་དོན་ཐུན་མིན་ནང་གི་སྔོན་འགྲོས་ཁྱད་པར་དུ་བྱས་པའི་སྐྱབས་འགྲོ་ལ་བསམ་ན། སྦྱོར་བ་སེམས་བསྐྱེད་ཀྱི་བསམ་པ་ཁྱད་པར་ཅན་གྱིས་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པའི་ཆེད་དུ། དུས་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ། ཡུལ་གྱི་ཁྱད་པར་གྱི་དབང་དུ་བྱས་ན་ཕྱི་ནང་གསང་བ་གསུམ་ལས། ཕྱིའི་སྐྱབས་ཡུལ་སྤྱིར་བཏང་གིས་ཁས་ལེན་རྒྱུའི་སྤངས་རྟོགས་མཐར་ཕྱིན་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་དང་ཐེག་པ་ཆེན་པོའི་ལུང་རྟོགས་ཀྱི་ཆོས། སར་གནས་ཀྱི་བྱང་སེམས་འཕགས་པའི་དགེ་འདུན་ཏེ་ཐུན་མོང་གི་དཀོན་མཆོག་གསུམ་ཡིན་ལ། ཐུན་མིན་ནང་གི་སྐྱབས་ཡུལ་དེ་གང་ཞེ་ན། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ་རྩ་བ་གསུམ་དང་ནི། དེ་ནས་ཐབས་མཆོག་རྡོ་རྗེ་སྙིང་པོའི་སྐྱབས་ཡུལ་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་དང་གསུམ། མཐར་ཐུག་བསླུ་མེད་གནས་ལུགས་རྡོ་རྗེའི་སྐྱབས་ཡུལ་སྙིང་ཐིག་སྔོན་འགྲོའི་ངག་འདོན་ང་ཚོས་ནངས་རེ་བཞིན་འདོན་གྱིན་ཡོད་པའི་ནང་བཞིན་དུ། རྩ་རླུང་ཐིག་ལེ་གསུངས་སའི་མཚམས་ནས་རང་བཞིན་བྱང་ཆུབ་སེམས། ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ཟེར་གྱིན་ཡོད་ཡིན་ན། ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་གྱི་བདག་ཉིད་དེ། རྫོགས་པ་ཆེན་པོའི་སྐབས་ཀྱི་སྐྱབས་ཡུལ་ཉག་ཅིག སྐྱབས་ཡུལ་ཐམས་ཅད་གཅིག་ལ་འདུས་པ་དེ་ཡིན། རང་བྱུང་བྱང་ཆུབ་ཀྱི་སེམས་འོད་གསལ་བའི་ཡེ་ཤེས། མདོ་ལྟར་དུ་བཤད་ན་བདེ་གཤེགས་སྙིང་པོ། སྔགས་ལྟར་ན་རང་བྱུང་གི་ཡེ་ཤེས། ཡང་གཅིག་ཏུ་བྱས་ན་ཡེ་ཤེས་ཐིག་ལེ་ཉག་གཅིག གཉིས་སུ་ཕྱེ་ན་ཀ་དག་སྟོང་པའི་ཡེ་ཤེས་དང་ལྷུན་གྲུབ་སྣང་བའི་འོད་གསལ། གསུམ་དུ་དབྱེ་ན། ངོ་བོ་རང་བཞིན་ཐུགས་རྗེ་སྟོང་གསལ་འགགས་མེད་ཀྱི་ཡེ་ཤེས་དང་གསུམ་ཡིན་ནོ། །དུས་ཀྱི་ཁྱད་པར་གྱི་ཐོག་ནས་བཤད་ན། ངོ་བོ་ཡེ་དག་ལ་རང་བཞིན་ཡོངས་དག་གིས་གཞིའི་གནས་ལུགས་མངོན་དུ་གྱུར་ཏེ། གཞི་འབྲས་དབྱེར་མེད་དུ་སངས་མ་རྒྱས་ཀྱི་བར་དུ་སྐྱབས་སུ་འགྲོ་བ། སྐྱབས་ཡུལ་ཕྱི་ན་མི་བཞུགས་ནང་ན་བཞུགས། ནང་རང་གི་སེམས་ཉིད་འོད་གསལ་བའི་ཡེ་ཤེས་རིག་པ་བདེ་བར་གཤེགས་པའི་སྙིང་པོ་འོད་གསལ་ཐིག་ལེ་ཉག་ཅིག་འདི་ལ། མཆོག་གསུམ་རྩ་གསུམ་ལ་སོགས་པའི་སྐྱབས་ཡུལ་ཐམས་ཅད་ཚང་བ་དེ། ཁྲེགས་ཆོད་རིག་པ་ངོ་སྤྲོད་ཀྱི་སྐབས་སུ་བཤད་པ་ལྟར་དང་། ད་དུང་ཐོད་རྒལ་དུ་ཡང་འཆད་འགྱུར་ཡིན་པ་ལྟར་དུ་ཡིན། སྐྱབས་འགྲོ་འདི་ལ་རྒྱུའི་སྐྱབས་འགྲོ་དང་། འབྲས་བུའི་སྐྱབས་འགྲོ། དེའི་ནང་གསེས་ཀྱི་དབྱེ་བ་དང་འདོད་ཚུལ་ཡང་མང་པོ་ཡོད་མོད། སྤྲོས་མེད་ཉམས་ལེན་སྒོམ་པ་ལ་བརྩོན་པའི་རྣལ་འབྱོར་པས་བླ་མ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་ཤེས་རྒྱུ་དེར་གནད་འདུས་པ་ཡིན་པས། དེ་ཡང་བླ་མའི་ཐུགས་ཡེ་ཤེས་ཆེན་པོ། དེའི་རྣམ་འགྱུར་སྐུ་ལྟར་དུ་ཤར། གསུང་ལྟར་དུ་གྲགས། ཐུགས་ལྟར་དུ་འཕྲོ་བ་ཡིན། ཆོས་སྐུའི་རྣམ་འགྱུར་གཟུགས་སྐུ་དང་ནི། གཟུགས་སྐུའི་ངོ་བོ་ཆོས་སྐུ་ལས་མ་འདས་པ་སྟེ། དེ་ཡང་དབྱེར་མི་ཕྱེད་པ་རྣམ་གསུམ་དབྱེར་མེད་ཟུང་འཇུག་ཆེན་པོ་ལ་རྡོ་རྗེ་འཆང་ཞུ་བ་ཡིན། ཡེ་ནས་འཁྲུལ་མ་མྱོང་བའི་རང་རིག་ཆོས་སྐུའི་རང་ཞལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་གོ་འཕང་ཡང་དེ་ལས་གཞན་དུ་མ་གྱུར་བ་ཞིག་ཡིན་ནོ། །སྐྱབས་སུ་འགྲོ་ཚུལ་ལ་བསམ་ན། དོན་གྱི་ཐོག་ནས་སྐྱབས་སུ་འགྲོ་བྱ་དང་འགྲོ་ཡུལ་འགྲོ་བའི་བྱེད་པ་དང་བཅས་པ་མི་དམིགས་པ། མི་དམིགས་ནམ་མཁའ་ལྟ་བུའི་ཆོས་ཉིད་སྤྲོས་བྲལ་རང་ངོ་ཤེས་པས་དོན་དམ་དམིགས་མེད་འབྲས་བུའི་སྒོ་ནས་སྐྱབས་སུ་འགྲོ་རྒྱུ་རེད། ལས་དང་པོ་བས། རྟོགས་པས་དེའི་སྟེང་མ་ཕྱིན་བར་དུ་ཀུན་རྫོབ་དམིགས་བཅས་རྒྱུའི་སྐྱབས་འགྲོ་ནས་ཆོ་ག་མཐོང་བརྒྱུད་ལྟར་དུ་ཚུལ་བཞིན་སྐྱབས་སུ་འགྲོ་བ་གནད་ཡིན་ནོ། །སྐྱབས་འགྲོའི་བསླབ་བྱའང་ཐུན་མོང་དང་ཐུན་མིན་གྱི་ལུགས་ལྟར་བསྲུང་དགོས་ལ་འདིའི་གཏོང་ཚུལ་དང་། སླར་ཇི་ལྟར་ལེན་ཚུལ་ལ་སོགས་པ་ཞིབ་པར་གཞུང་ལས་མཁྱེན་གནང་རྒྱུ་དང་ནི། སྐྱབས་སུ་སོང་བའི་ཕན་ཡོན་ལ་བསམ་ན། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་། །ཞེས་གསུངས་ཡོད་པ་རེད། འཇིག་རྟེན་སྲིད་པ་གསུམ་ན་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་མགོན་དང་སྐྱབས་མགོན་མཆོག་ཏུ་གྱུར་པ་དེ་དཀོན་མཆོག་གསུམ་ཡིན་ལ། དཀོན་མཆོག་གསུམ་གྱིས་ཉེས་པ་ཐམས་ཅད་ལས་སྐྱོབ་པ་དང་ཞི་བར་འདྲེན་པར་བྱེད་པའི་དེད་དཔོན་མཛད་ཀྱིན་ཡོད་པ་དེས་ན་ཡིད་ཁྱེད་ཤེས་ཀྱི་དད་པས་ཉིན་མཚན་དུས་དྲུག་ཏུ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ་ལ་སོགས་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་སོགས་ཀྱི་སྒོ་ནས། དགེ་བའི་རྩ་བ་དངོས་གཞི་དམིགས་མེད་དང་འབྲེལ་བས་བསགས་ཏེ། རྗེས་དཀོན་མཆོག་མཆོད་པའི་དགེ་རྩ་ཇི་སྙེད་འཁོར་གསུམ་དམིགས་མཐའ་དང་བྲལ་བས་མ་གྱུར་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོ་ཐོབ་པའི་དོན་དུ། བསྔོ་བ་དུག་མེད་ཀྱིས་རྩིས་ཟིན་པར་བྱས་ནས། དུས་རྒྱུན་དུ་དཀོན་མཆོག་རྗེས་དྲན་སོགས་བཏོན་ན། སྡིག་ཟད་དགེ་བ་འཕེལ་ཏེ་མྱུར་དུ་བྱང་ཆུབ་འགྲུབ་པའི་རྒྱུ་བྱེད་དོ། །དེ་ལྟ་བུའི་ཐུན་མོང་དང་ཐུན་མིན་གྱི་སྐྱབས་འགྲོའི་འགྲོ་ཕྱོགས་ཙམ་བསྟན་ནས། སྐབས་བབས་གང་ཞིག་འཆད་པར་བྱ་བ་འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཆར་འབྱེད་པའི་ལྡེའུ་མིག་ཅེས་བྱ་བའི་མན་ངག་གི་ཡི་གེ རྟོགས་པའི་འདྲ་འབག ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱིས་ཕྱི་རབས་རྗེས་འཇུག་གི་གང་ཟག་ལ་དད་པའི་རྟེན། བསོད་ནམས་ཀྱི་ཞིང་། ཐར་བའི་ལམ་སྟོན་དུ་གསུང་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོར་བཞག་པ་འདི་ཉིད་ཀྱི་བཤད་བྱའི་ཡན་ལག་བཤད་པ་སོང་ནས། བཤད་བྱ་དངོས་བཤད་པའི་སྐབས་ཀྱིའང་ཐོག་མར་དགེ་བ་ཀླད་དོན་སོང་། བར་དུ་དགེ་བ་གཞུང་དོན་ལས་ཀྱང་། ཐེག་དགུའི་ཡང་རྩེ་རྫོགས་པ་ཆེན་པོའི་ཆོས་འདི་ཐེག་པ་འོག་མ་བརྒྱད་ལས་གནད་རྣམ་པ་བདུན་གྱིས་འཕགས་ཚུལ། དེ་ལ་ཡང་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་ཏེ་གཉིས་སུ་ཡོད་པ་ལས་སྐབས་ཀྱི་བསྟན་བྱ་ཐོད་རྒལ་དེ་ཉིད་ཁྲེགས་ཆོད་ལས་ཀྱང་ཁྱད་པར་བདུན་གྱིས་འཕགས་ཚུལ་སོགས་བསྟན་ནས། དེ་ནས་ཐོད་རྒལ་ལམ་གྱི་ཉམས་ལེན་གྱི་ཁྲིད་རིམ་ཉིད་རྣམ་པ་བདུན་གྱི་སྤྱི་ཆིངས་ཀྱིས་རྣམ་པར་བསྟན་ན། སྤྱི་ཆིངས་དང་པོ་སྒོ་གསུམ་བྱ་བ་དགུ་ཕྲུགས་སུ་གཏོང་ཚུལ་དང་། ཁྲིད་རིམ་གཉིས་པ་སྒོ་གསུམ་གྱི་གནད་གཟིར་ཚུལ་དང་གཉིས་གོང་དུ་སོང་ནས། ད་ཁྲིད་རིམ་གསུམ་པ་སྒོ་ཡུལ་རླུང་རིག་གི་གནད་གསུམ་གྱིས་ཡེ་ཤེས་མངོན་དུ་གཏན་ལ་འབེབས་ཚུལ་བསྟན་པ་ལས་དང་པོ་གཉིས་སོང་སྟེ། དེ་རིང་གནད་གསུམ་གྱིས་ཡེ་ཤེས་གཏན་ལ་འབེབས་པའི་སྐབས་ནས།

༼༣ གསུམ་པ་རླུང་རིག་གི་གནད་བསྟན་པ།

དེ་ལ་རླུང་རིག་གི་གནད་ཐུན་མོང་དུ་མདོར་བསྟན་པ་དང་། རླུང་རིག་གི་གནད་སོ་སོར་རྒྱས་པར་བཤད་པ་གཉིས་ལས།

དང་པོ་རླུང་རིག་གི་གནད་ཐུན་མོང་དུ་མདོར་བསྟན་པ།

གསུམ་པ་རླུང་རིག་གནད་ནི་དལ་བ་ལ།།

བརྟེན་ནས་རིག་པ་བཙོན་དུ་བཟུང་བར་བྱ།།

ཞེས་མདོར་བསྟན། རླུང་རིག་གི་གནད་སོ་སོར་རྒྱས་པར་བཤད་པ་ལ་རླུང་གནད་དང་རིག་གནད་གཉིས་ལས།

དང་པོ་རླུང་གནད་བཤད་པ།

རླུང་གནད་སྣ་ནས་མི་གཏོང་ཁ་ནས་གཏོང་།།

སོ་དང་མཆུ་གཉིས་བག་ཙམ་མ་རེག་པར།།

ཤིན་ཏུ་དལ་བུས་འབྱུང་འཇུག་བྱེད་པ་ནི།།

ཐེག་པ་འདི་ཡི་རང་ལུགས་ཡིན་པའི་ཕྱིར།།

འདི་ཉིད་རླུང་གནད་གལ་པོ་ཆེ་ཞིག་ཡིན།།

ཞེས་གསུངས་ཏེ། རླུང་དལ་བ་ལ་བརྟེན་སྟེ་གདངས་གཞི་ཐིམ་གྱི་འགྲོས་དང་བསླབ་ན། ནང་ཀ་དག་གི་རིག་པ། ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོར་ཇེ་བརྟན་དུ་འགྲོ་བའི་རིམ་པ་བཞིན། ཕྱིའི་རིག་པའམ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་ཀྱི་ཐིག་ལེར་བཙོན་དུ་ཚུད་པ་དེ་ཉིད་འགུལ་འཕྲིག་མེད་པར་བརྟན་པར་བཟུང་བར་བྱ་ཞེས་གསུངས་པས། ཐོད་རྒལ་གྱི་སྐབས་འདིར་རིག་པ་ཞེས་གསུངས་པའི་ཚིག་འདི། སྐབས་ཐོབ་ཀྱི་གོ་བས་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དང་། གདངས་དང་རྩལ་ཏེ་གསུམ་གྱི་ནང་ནས་གང་ལ་གསུངས་པའི་དབྱེ་བ་འབྱེད་ཐུབ་པ་དེ་གནད་ཀྱི་མིག་ཐུར་ཞིག་ཡིན། རྫོགས་ཆེན་གྱི་སྐབས་སྤྱི་དང་ཁྱད་པར་ཐོད་རྒལ་ལ་རླུང་གནད་སྣ་ནས་མི་གཏོང་ཁ་ནས་གཏོང་། ཁ་ནས་གཏོང་ཚུལ་ཡང་སོ་མཆུ་བག་ཙམ་མམ་ཅུང་ཟད་མ་རེག་པའི་བར་ནས་རླུང་འབྱིན་འཇུག་དལ་མོ་བྱེད་དགོས་གསུངས་པ་ཡིན། འདི་ཐེག་པ་འདིའི་གཞན་ལ་མེད་པའི་རང་ལུགས། འདིའི་རླུང་གནད་འདི་གལ་ཆེན་ཡང་ཡིན། སྔགས་བླ་མེད་ཐུན་མོང་གི་ཐེག་པ་འོག་མའི་རྫོགས་རིམ་དག་གི་ནང་ནས་རླུང་ཆེད་དུ་སྣ་ནས་འབྱིན་འཇུག་བྱེད་པ་ཡིན། རླུང་སྣ་ནས་འབྱིན་འཇུག་བྱེད་པ་ལ་དགོས་པ་ཅི་ཡོད་ཟེར་ན། སྣ་བུག་གཉིས་རྩ་རོ་རྐྱང་གཉིས་དང་འབྲེལ། དེ་གཉིས་ལྟེ་འོག་ནས་དབུ་མར་འབྲེལ་ཡོད་པའི་སྟོབས་ཀྱིས་རླུང་ཐད་ཀར་རོ་རྐྱང་བརྒྱུད་དེ་དབུ་མར་ཞུགས་ཏེ་རྩ་འཁོར་བཞི་ལ་སོགས་པ་བཀང་ནས་ཞུ་བདེའི་ཡེ་ཤེས་འདྲེན་གྱིན་ཡོད་པ་རེད། དེ་ལམ་འདི་དང་བསྡུར་ན་ཅུང་ཟད་གསལ་བ་རིས་ཆད་ཡིན། མི་རྟོག་པའི་ངང་དུ་ཀུན་རྟོག་གནས་སྐབས་ཀྱི་ཚེ། དུས་ཐུང་ངུར་འགགས་ཀྱང་གཏན་འགགས་རེད་ཐུབ་དཀའ་ལ། དེའི་སྟེང་ནས་སྟོང་པས་རྒྱས་འདེབས་བྱས་པའི་བདེ་སྟོང་བཅོས་མ་འོང་ཤས་ཆེ་བ་ཡིན་པས་འདོད་ཁམས་པའི་སེམས་དང་འབྲེལ་བ་ཞིག་གིས་འཁོར་རྩ་རྒྱུན་མི་ཆོད། དེ་མིན་རླུང་ལོག་འབྱམས་སུ་འགྲོ་བ་སོགས་ཀྱི་སྐྱོན་ཡང་འབྱུང་ཉེན་ཡོད་པས་ན། སྙིང་ཐིག་པས་རླུང་ཁ་ནས་འབྱིན་པར་བྱེད་པ་འདི་གནད་ཆེན་པོར་བརྩིའོ། །དེ་ལྟར་བྱས་པའི་དགོས་པ་ནི།

དེ་ལྟར་བྱས་པས་རླུང་ཡང་རབ་ཏུ་དལ།།

ཕྱི་ལྟར་རྣལ་འབྱོར་ཚེ་རྒྱས་གྲོགས་སུ་འགྲོ།།

ནང་དུ་རྣམ་རྟོག་ནུབ་པའི་རྐྱེན་བྱེད་ཅིང་།།

གསང་བ་ཉམས་སྣང་འཕེལ་བའི་གཞི་བྱས་ནས།།

ཟག་བཅས་མི་སྣང་འཚང་རྒྱ་ནུས་པར་བྱེད།།

ཅེས་གསུངས་ན། དེ་ལྟ་བུའི་རླུང་ཁ་ནས་འབྱིན་འཇུག་བྱས་དུས། རླུང་ཐད་ཀར་གློ་བའི་རྩ་སྦུག་བརྒྱུད་དེ་སྙིང་དབུས་རིན་ཆེན་ཟུར་བརྒྱད་ཀྱི་གུར་ཁང་ནང་དུ་བཞུགས་པའི་རིག་པའི་མ་ལ་རླུང་རང་འགག་གིས་ཐོག་ནས་རིག་གདངས་རང་ཐིམ་དུ་འགྲོར་བཅུག་དུས། རྟ་རྒོད་ལོང་བ་འདྲ་བའི་རླུང་དེ་ཕྱིར་གྱེས། མི་ཞ་བོ་ལྟ་བུའི་རིག་གདངས་དྲན་རྟོག་ཏུ་ཤར་བ་ཉིད་རིག་པ་ལ་ཐིམ་དུས། རང་བབས་ཀྱི་བསམ་གཏན་ལ་རང་ཤུགས་ཀྱིས་གནས་སོ། །དེ་དང་བསྟུན་དབྱིངས་སྣང་ལུག་རྒྱུད་ཀྱི་འགྲོས་ཀྱང་དེ་བཞིན་དལ་བས་མི་ཚད། བརྟན་པར་འགྱུར་བ་བརྒྱུད་དེ་རིམ་གྱིས་འཕེལ་སྣང་གི་ཆ་རྫོགས་པ་ཡིན། མདོར་ན་སྙིང་ཐིག་པས་རླུང་ཁ་ནས་གཏོང་རྒྱུ་དེ། རླུང་འཕེལ་བ་ལམ་དུ་མི་བྱེད་པར་དག་པ་ལམ་དུ་བྱེད་པ་ཡིན་ནོ།། འདི་ནས་ཕྱི་ནང་གསང་གསུམ་གྱི་དགོས་པ། ཕྱི་ལྟར་རྣལ་འབྱོར་བའི་ཚེ་རིང་ཞིང་ཚེ་དང་བསོད་ནམས་རྒྱས་པའི་གྲོགས་སུ་འགྲོ། ཇི་ལྟར་འགྲོ་ན། རིགས་དྲུག་སེམས་ཅན་ཀྱི་ཚེ་ནི་ཉམས་ཤིང་འཕོ་བ་ཅན་གྱི་ཚེ་ཡིན་པས་སྲོག་མི་བརྟན། ཚེ་ཚད་ལ་ངེས་པ་མེད་པ་ཞིག་ཡིན་ལ། དག་པའི་སངས་རྒྱས་ཀྱི་གཉུག་མའི་སྲོག་ལ་དབང་ཐོབ་པ་དེས་འཕོ་མེད་རྡོ་རྗེའི་སྐུ་བརྙེས་པའོ། །དེའི་རྒྱུ་མཚན། ཆོས་ཉིད་ཀྱི་དོན་རྟོགས་པ་མཐར་ཕྱིན་པས། འགྱུར་བ་མེད་པ་རྡོ་རྗེའི་ཚེ། འཕོ་བ་མེད་པ་གཡུང་དྲུང་གི་ཆོས་སུ་རྟག་ཏུ་བརྟན་པས་ཡེ་ཤེས་ཀྱི་རླུང་དང་ཡེ་ཤེས་ཀྱི་སྣང་ཆ་དེ་ཉིད་ཐུགས་སྲོག་གི་རྣམ་པར་གནས་ཡོད་པ་དེའི་ཕྱིར་ན་ལམ་དང་འབྲས་བུའི་བྱེད་པ་མཐུན་པས་རླུང་གནད་དལ་བས་ཕྱི་ལྟར་ན་རྣལ་འབྱོར་པ་ཚེ་རིང་། ཚེ་བཅུད་བརྟན་གཡོའི་དྭངས་མ་འཕེལ་བས་ན། འདུ་བ་གསུམ་དང་འབར་བ་རྣམ་གསུམ་རང་ཤུགས་ཀྱིས་རྒྱས། ནང་དུ་རྣམ་རྟོག་དབྱིངས་སུ་ནུབ་པས་རྣམ་མེད་སྟོང་ཉིད་ཀྱི་ཕྱག་རྒྱར་རོལ་བའི་ལྷན་སྐྱེས་བདེ་ཆེན་གྱི་ཡེ་ཤེས་འགྱུར་བ་མེད་པ་ནང་ནས་རྒྱས། གསང་བ་འོད་གསལ་གྱི་རིག་པར་རང་དབང་ཐོབ་པས་ཉམས་སྣང་འཕེལ་བ་ནས་ཚད་རྫོགས་ཏེ་སྣང་བཞི་མཐར་ཕྱིན་འཕོ་མེད་ཆོས་སྐུའི་རྒྱལ་སར་བསྙེགས་ཏེ། ཟག་བཅས་གདོས་བཅས་ཀྱི་ཕུང་པོ་མི་སྣང་བར་ཟག་མེད་འཕོ་བ་ཆེན་པོའི་འོད་ལུས་བརྙེས་པའི་དགོས་པ་དང་ལྡན་པའོ། །དེ་ཡན་གྱིས་རླུང་གནད་དགོས་པ་དང་བཅས་པ་བསྟན་པའོ།།

གཉིས་པ་རིག་པའི་གནད་བསྟན་པ།

རིག་པའི་གནད་ནི་རྡོ་རྗེ་ལུ་གུ་རྒྱུད།།

དབྱིངས་ཀྱི་རྭ་བར་བཞག་ནས་འབྲལ་མི་བྱ།།

དེ་ལྟར་ལུག་རྒྱུད་ཨར་ལ་གཏད་པ་ཡིས།།

རྣམ་རྟོག་ཟད་ནས་འཁྲུལ་བ་གཞི་ལ་སངས།།

ཡེ་ཤེས་མ་བུ་འཕྲད་ཅིང་རིག་པ་ཉིད།།

རླུང་དང་བྲལ་ནས་འགྲོ་འོང་མེད་པ་ཡི།།

རིག་པ་རང་བྱན་ཚུད་པའི་དགོས་པ་ཡོད།།

ཅེས་གསུངས་ན། རིག་པའི་གནད་དང་དགོས་པ་གཉིས་ཀ་ཚིག་ཉུང་དོན་འདུས་ཀྱིས་མདོར་བསྟན་གྱི་ཚུལ་དུ་བསྟན་ནས། རྒྱས་པར་ཇི་ལྟར་ཉམས་ལེན་ལ་སྦྱོར་བའི་ཚུལ་འོག་ནས་རྒྱས་བཤད་ཀྱིས་བསྟན་པ་ཡིན། གོང་གི་མདོར་བསྡུས་སུ་བསྟན་པ་འདིས་འོད་གསལ་ཐོད་རྒལ་གྱི་ལམ་གནད་སྙིང་པོར་དྲིལ་ཏེ་བསྟན་ཡོད། འདིའི་སྐབས་ཀྱི་རིག་པ་གསུང་རྒྱུ་དེ་རྡོ་རྗེ་ལུ་གུ་རྒྱུད་ལ་གོ་དགོས། དེ་འབྲལ་མེད་དབྱིངས་ཀྱི་ར་བར་བཙུད་དེ་ལུག་རྒྱུད་འཆོར་མེད་ཨར་ལ་གཏད་གསུངས་པ་ནི། ཅི་བྱས་རང་ལག་ལ་རང་དབང་ཐོབ་སོང་དུས། འཁྲུལ་བའི་རྣམ་རྟོག་ཟད་དེ་འཁྲུལ་མེད་ཀྱི་ཡེ་ཤེས་བརྙེས་པ་ཡིན། རྣམ་རྟོག་སྤངས་པའི་ཕ་རོལ་ན། ཡེ་ཤེས་ཟེར་བའི་གསལ་རིག་ཅིག་ཁ་ཁ་ན་མེད། དེ་དུས་འཁྲུལ་བ་གཞི་ལ་སངས། མ་འཁྲུལ་མངོན་དུ་གྱུར། གཞི་གནས་མ་ཡི་འོད་གསལ་མ་ལྟ་བུ་དེ། ཉམས་ལེན་ལམ་གྱི་འོད་གསལ་བུ་ལྟ་བུ་དེས་མ་ངོ་ཤེས་སོང་དུས་ནོར་ས་གཞན་ཞིག་མེད་ཅེས་གསུངས་པའོ། །ཡེ་ཤེས་མ་བུ་འཕྲད་ནས་རིག་པའི་རང་བྱན་ཚུད་པ་ཡིན་ནོ།།

༼ག གསུམ་པ་ཇི་ལྟར་ཉམས་སུ་ལེན་ཚུལ་རྒྱས་པར་བསྟན་པ།

དེ་ལྟར་བཞུགས་སྟངས་སྒོ་ཡུལ་རླུང་རིག་གནད།།

བཅིངས་ནས་ཉི་འོག་ཁྲུ་གང་མཚམས་བལྟས་པས།།

ཕྱི་ཡི་དབྱིངས་ནི་ནམ་མཁའ་སྟོང་པ་ལ།།

ནང་དབྱིངས་རྣམ་དག་སྒྲོན་མ་ཞེས་བྱ་བ།།

སྨིན་མཚམས་ལས་ཀྱང་མཆེད་དེ་ལྔ་ལྡན་གྱི།།

འཇའ་ཚོན་ལྟ་བུར་ཤིན་ཏུ་གསལ་བར་འཆར།།

ཞེས་གསུངས་ནས། དབྱིངས་རྣམ་དག་གི་སྒྲོན་མ་ཇི་ལྟར་འཆར་ཚུལ་བསྟན་པ་རེད། སྤྱིར་རྫོགས་ཆེན་གྱི་ཁྲིད་སོ་སོའི་སྐབས་ན་སྒྲོན་མ་བཞི་དང་། སྒྲོན་མ་དྲུག སྒྲོན་མ་དགུའི་བཤད་ཚུལ་ཀྱང་ཡོད་མོད། ཕྱི་དུས་བཞིའི་འགྱུར་བ། ནང་སྣང་བཞིའི་འཕེལ་ཟད་དང་། གསང་བ་དབང་བཞིའི་ངེས་པ་སོགས་ལ་བརྟེན་ཡོང་དུས། གནད་ཐམས་ཅད་སྒྲོན་མ་བཞིའི་ནང་དུ་འདུས་སོ། །དེ་ལྟར་ན་སྒྲོན་མ་རྣམ་བཞི་དེ་གང་ཡིན་ན། རྒྱང་ཞགས་ཆུའི་སྒྲོན་མ་དང་གཅིག དབྱིངས་རྣམ་དག་གི་སྒྲོན་མ་དང་གཉིས། ཐིག་ལེ་སྟོང་པའི་སྒྲོན་མ་དང་གསུམ། ཤེས་རབ་རང་བྱུང་གི་སྒྲོན་མ་དང་བཞིའོ། །སྒྲོན་མ་རྣམ་བཞིའི་བཞུགས་ཚུལ་ཇི་བཞིན་དུ་ངེས་རྒྱུ་དེ་སྤྱིར་སྙིང་ཐིག་གི་ཆོས་ཉམས་ལེན་པ། ཁྱད་པར་ཐོད་རྒལ་ཉམས་ལེན་བྱེད་མཁན་ཞིག་ལ་མེད་དུ་མི་རུང་བ་ཡིན། དེ་ཡང་རྒྱལ་བ་ཀློང་ཆེན་པའི་དགོངས་པའི་རང་གནད་ལས་མི་འདའ་བ་གལ་ཆེ་བ་ཡིན་པས། འདི་རེ་རེ་བཞིན་ཞིབ་ཏུ་ངེས་དགོས། རྫོགས་ཆེན་ཀློང་ཆེན་སྙིང་ཏིག་གི་ཆོས་སྒོར་ཞུགས་པ་ཞིག་གིས་རྫོགས་ཆེན་གནད་ཀྱི་གོ་དོན་གལ་ཆེ་ས་ནས། ཐེག་མཆོག་མཛོད་དང་ཚིག་དོན་མཛོད་ཚོའི་ཡི་གེའི་ཕྲེང་ཤར་ཆ་རེ་མིག་སྔར་བབས་འདུག་པ་ཞིག་མ་རེད་བར་དུ་ཚར་བརྒྱ་ཚོ་སྟོང་ཚོ་བལྟ་དགོས། དེས་ན་རྒྱང་ཞགས་ཆུའི་སྒྲོན་མ་དེ། ངོ་བོ་དང་ངེས་ཚིག་དབྱེ་བའི་ཐོག་ནས་བཤད་ན། རྒྱང་ཞགས་ཆུའི་སྒྲོན་མའི་ངོ་བོ། སྣང་བ་གཉིས་ཀྱི་ཆ་འཛིན་པའི་འཁོར་འདས་མཐུན་པར་བལྟ་བ་གསུངས། འདིའི་ངེས་ཚིག་ནི། རྒྱང་རིང་གི་ཡུལ་རྟ་ཞགས་པས་གཟུང་བ་ལྟར་འཛིན་པ་ལ་དཔེས་གསུངས་ཡོད། དྭངས་སྙིགས་འབྱེད་པ་ཆུའི་བྱེད་ལས་ཅན་ཡིན་པས་ཆུའི་སྒྲོན་མ། སྒྲོན་མ་ཟེར་བའང་སྣང་བཞི་གསལ་བར་བྱེད་པའི་ཆ་ནས་འདིའི་མཚན་དེ་ལྟར་དུ་བཏགས་པ་ཡིན། མཚན་ཉིད་ནི། གཟུགས་སྣང་འཛིན་རུང་དུ་སྐྱེས་པའི་སྒྲོན་མ་གང་ཞིག་ཡེ་ཤེས་ཀྱི་སྣང་བ་མཐོང་བས་འཁྲུལ་སྣང་འགག་བྱེད་དུ་གནས་པ་རྒྱང་ཞགས་ཆུའི་སྒྲོན་མའི་མཚན་ཉིད་ཡིན། འདིའི་དབྱེ་བ་གོང་ཞུས་བཞིན་འབྱུང་བ་འདུས་པའི་རྒྱང་ཞགས་དང་། དབང་པོ་འདུས་པའི་རྒྱང་ཞགས། ཡེ་ཤེས་འདུས་པའི་རྒྱང་ཞགས་དང་གསུམ་ཡོད་ལ། འདིས་དག་དང་མ་དག་གི་ཆ་གཉིས་འཛིན་པ་ཡིན་ན། འདི་ནས་ཕྱི་མ་འོད་རྩ་དྭངས་བའི་རྩ་སྣ་འོད་གསལ་གྱི་སྣང་བ་མཐོང་བྱེད་དུ་གནས་པ་དེ་ལམ་དུ་བྱེད་དགོས་པ་ཡིན། དེ་བཞིན་གཉིས་པ་དབྱིངས་རྣམ་དག་གི་སྒྲོན་མ་ལའང་ངོ་བོ་ངེས་ཚིག་སོགས་ཀྱིས་བཤད་ན། དེའི་ངོ་བོ་ནི་ངེས་པའི་ཡུལ་དུ་བྱེད་པ་ཞིག་ལ་གསུངས། ངེས་ཚིག་ནི་རྣམ་དག་རིག་པའི་ངོ་བོ་དབྱིངས་སུ་སྡུད་པར་བྱེད་པའི་སྒྲོན་མ་དང་། མཚན་ཉིད། རིག་པའི་ཡུལ་གྱི་ཆར་གནས་པ་གང་ཞིག་མཐིང་ག་ཁྱབ་པ་ཆེན་པོ་དང་ནི་ལྔ་ལྡན་འོད་དུ་སྣང་བའི་རང་བཞིན་ཅན་དེ་དབྱིངས་རྣམ་དག་གི་སྒྲོན་མའི་མཚན་ཉིད། དབྱེ་བ་ནི། གཞིའི་དབྱིངས། ལམ་གྱི་དབྱིངས། ཡུལ་ལ་སྣང་བའི་དབྱིངས་དང་གསུམ་ལས། གཞིའི་དབྱིངས་ནི་རང་གི་སྙིང་ག་ན་འོད་ལྔ་ལྷུན་གྲུབ་ཏུ་རང་ཆས་སུ་ཡོད་པ། ལམ་དབྱིངས་ནི། མིག་གི་འོད་རྩའི་རང་འོད་སྣང་བ་དང་། ཡུལ་ལ་སྣང་བའི་དབྱིངས་ནི། མཐིང་ག་དང་ལྔ་ལྡན་དུ་སྣང་བ། དེ་ཡང་གོང་དུ་འཕེལ་བ་ལ་སོགས་པའི་སྣང་ཚུལ་ཅན་དེའོ། །གསུམ་པ་ཐིག་ལེ་སྟོང་པའི་སྒྲོན་མའི་ངོ་བོ་ནི་རང་གསལ་ཀ་དག་སྟོང་པའི་རང་གདངས་སུ་གནས་པ། ངེས་ཚིག་ཐིག་འགྱུར་མེད་དང། ལེ་ཁྱབ་བརྡལ་སྟོང་པ་དངོས་མཚན་དང་བྲལ་བ་ཞེས་གསུངས་པ་ཡིན། སྤྱིར་རྒྱུད་ཀྱི་ཚིག་འདི་འབྲུ་གཤགས་བྱེད་ནས་འགྲེལ་དར་བ་དང་། དེ་བོད་སྐད་དུ་བསྒྱུར་དུས་ནའང་འབྲུ་གཤགས་སོར་བཞག་ཡོད་པ་མང་ངོ། །སྒྲོན་མ་གསུང་རྒྱུ་འདི་མུན་པ་སེལ་བའི་ངེས་འབྱེད་ལ་ཚང་མ་འདྲ་བའོ། །འདིའི་མཚན་ཉིད་ནི། ཚོན་གང་འོད་ཀྱི་ཐིག་ལེར་གསལ་བ་གང་ཞིག རང་གསལ་ཟླུམ་ཞིང་ཟུག་རྔུ་དང་བྲལ་བ་ཐིག་ལེ་སྟོང་སྒྲོན་གྱི་མཚན་ཉིད་ཅེས་སོ། །དབྱེ་བའང་། གཞི་གནས་རིག་པའི་ཐིག་ལེ། ལུས་གནས་རྩའི་ཐིག་ལེ། ཀུན་རྫོབ་རྒྱུའི་ཐིག་ལེ། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ། རང་བྱུང་འབྲས་བུ་ཐིག་ལེ་དང་རྣམ་པ་ལྔར་དབྱེར་ཡོད་པ་ལས། འདིར་ཐམས་ཅད་ཀྱི་གནད་འདུས་པ་རང་བྱུང་འབྲས་བུ་ཐིག་ལེ་སྟོང་པ་མིག་ལ་གནས་པ་དེ་ཉིད་ལམ་དུ་བྱས་ནས་གཞི་གནས་རིག་པའི་ཐིག་ལེར་རོ་གཅིག་ཏུ་བཟླུམས་པ་དེ་གནད་ཀྱི་སྙིང་པོའོ། །བཞི་བ་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ནི། སྒྲོན་མ་གཞན་ལ་ཁྱབ་བྱེད་དུ་འགྲོ་བའི་ཤེས་རབ་ཀྱི་རྣམ་པ་ཅན་དེ་ཉིད་ཡེ་ཐོག་གདོད་མའི་གནས་ལུགས་ཀ་དག་སྟོང་གསལ་གྱི་རང་བཞིན་ཅན་ཡིན་པ་དེའོ། །ངེས་ཚིག་ནི། ཤེས་པ་རབ་ཀྱི་རྩེ་མོར་ཕྱིན་པ་ལ་ཤེས་རབ་གསུངས་པས། གཞན་གྱི་ཡུལ་མིན་རང་བྱུང་རང་ཤེས་ཆོས་ཉིད་གཉིས་མེད་དུ་སྣང་བས་སྒྲོན་མ། མཚན་ཉིད་ནི། སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གང་ཞིག་ཆོས་ཅན་དང་ཆོས་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་དེ་ཤེས་རབ་རང་བྱུང་སྒྲོན་མའི་མཚན་ཉིད། དབྱེ་ན་ལྔ། གཞི་གནས་རང་བྱུང་གི་ཤེས་རབ། སྣང་བ་ཅེར་འཛིན་གྱི་ཤེས་རབ། དྲན་པ་འགགས་མེད་ཀྱི་ཤེས་རབ། སོ་སོར་རྟོག་པའི་ཤེས་རབ། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་དང་ལྔའོ། །དེ་ལས་གཞི་གནས་རང་བྱུང་གི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་རྟེན་བྱེད། སྣང་བ་གཅེར་འཛིན་གྱི་ཤེས་རབ་ཀྱིས་དབྱིངས་རིག་ཐད་ཀར་རྟོགས། དྲན་པ་འགགས་མེད་ཀྱི་ཤེས་རབ་ཀྱིས་མཉམ་གཞག་ཏུ་དྭངས་གསལ་ཕྱེད། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་ཤེས། འདི་ནས་འཇུག་བྱེད་རྣམ་གསུམ་ཞེས་པ། ཐོས་བསམ་སྒོམ་གསུམ་ལ་གོ་དགོས། ཐོས་བསམ་སྒོམ་པའི་མཚམས་ཕྱེད་པ་ལ་འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་གསུངས་པའོ། །བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་གཅུན། སྒོ་ཡུལ་རླུང་རིག་གི་གནད་ཐམས་ཅད་ཀྱིས་བཅིངས་ཏེ། ལས་དང་པོ་བར་མཚོན་ན་ཐོད་རྒལ་གྱི་འཆར་སྣང་ལ་བལྟ་དུས་ཉི་མའི་ཁ་འོག་ཏུ་ཉི་ཟེར་མར་ཁྲུ་གང་མཚམས་སུ་ཁྲིད་ནས་ཞེས་གསུངས་པས། གླེན་པ་ཞིག་ལ་བཤད་ན། འདི་ལྟར་ཉི་མའི་འོག་ཁྲུ་གང་གི་ཞབས་ཞེས་བརྡ་སྤྲད་དར་བ་བཞིན། མར་རང་གི་འཆར་ཆ་དང་བསྟུན་ནས་ཁྲིད་དུས་གོང་དུ་བཤད་མ་ཐག་པའི་སྒྲོན་བཞིའི་ནང་གི་དབྱིངས་རྣམ་དག་གི་སྒྲོན་མ་དེ་ཇི་ལྟར་ཤར་ན། ཕྱི་དབྱིངས་ནམ་མཁའ་སྟོང་པས་གོ་ཕྱེ་པའི་ཆ་ལ་ནང་དབྱིངས་རྣམ་དག་སྒྲོན་མའི་གདངས་དེ། རྒྱན་གྱི་ནམ་མཁའ་འདི་མ་ཡིན་པ་ཞིག་འཆར་རྒྱུ་ཡོད་པ་རེད། ཐོད་རྒལ་བལྟ་དུས་རང་ཉིད་ཀྱི་སྨིན་མཚམས་སངས་རྒྱས་ཀྱི་མཛོད་སྤུ་ཡོད་སའི་ཐད་ཀྱི་ནམ་མཁའི་མཐོངས་སུ་ཡར་བལྟ་དགོས། བྱང་སོང་དུས་དབྱིངས་རིག་སྨིན་མཚམས་ནས་ཕར་མཆེད་དེ། ལྔ་ལྡན་འོད་ཀྱི་ཐིག་ལེ་འཇའ་ཚོན་གྱི་མདོག་འདྲ་བ་ཤིན་ཏུ་གསལ་བོ་འཆར་རྒྱུ་ཡོད་གསུངས་པ་ཡིན། དེ་ཡང་གང་ཟག་སོ་སོའི་རྩ་ཁམས་ཀྱི་ཁྱད་པར་གྱིས་ཐམས་ཅད་ཀྱི་མཐོང་སྣང་གཅིག་པ་མིན་མོད། གང་ལྟར་མི་འཆར་བ་ནས་འཆར་བ་དང་། མི་གསལ་བ་ནས་གསལ་བ། ཐག་ཉེ་བ་ནས་རྒྱང་རིང་དུ་འགྲོ་བ། རྒྱ་ཆུང་ངུ་ནས་ཇེ་ཆེར་འཕེལ་བ་དེ་ལྟ་བུ་ཡིན། འོན་ཀྱང་འོད་གསལ་གཟུགས་ཅན་མ་ཡིན་ལ་ལྟ་བྱེད་མིག་ཅན་མ་ཡིན་ཞེས་གསུངས་པས། ནང་དབྱིངས་རིག་པའི་ཀ་དག་གི་ངོ་བོ་ལས་མི་གཡོ་བ་གནད་ཡིན་ནོ། །ཁྲེགས་ཆོད་ཀྱིས་ཁྲེགས་མ་ཆོད་ན། ཐོད་རྒལ་གྱིས་ཐོད་རྒལ་ཐུབ་པ་མིན་ཞེས་གོང་བཤད་བཞིན། ལུག་རྒྱུད་དངོས་པོར་འཛིན་པ་ཤིན་ཏུ་ཐ་ཆད་ཀྱི་ལམ་ཡིན། དཔེ་འཇོག་དུས་བུམ་ནང་གི་མར་མེ་ལ་བཞག་ནས། འཆར་བ་ཕྱི་རུ་འཆར་ཡང་གནས་པ་ནང་ན་གནས་པ། ཇི་ལྟར་གནས་ན། ནང་དབྱིངས་རིག་པའི་གོམས་སྟོབས་དང་བསྟུན་ནས་དེའི་གདངས་ཕྱིར་འཆར་བ་དེ་ལ་འཕེལ་འགྲིབ་འགྲོ་བ། བུམ་པའི་ནང་ན་མར་མེ་ཡོད་ན། མར་མེ་ཡོད་ས་བུམ་པའི་ནང་ཡིན་ཡང་འོད་བུམ་པའི་ཁ་ནས་འོང་ཆོག་པ་ལྟ་བུ་ཡིན་པར་གསུངས། གདངས་དེ་ཕྱིར་འཆར་བ་ལ་འཕེལ་འགྲིབ་འགྲོ་གིན་ཡོད་པ་འདི་འདིའི་ཁྱབ་བྱེད་གནད་ཀྱི་གོ་དོན་ཞིག་ཡིན། དེ་ནས་གང་ལས་འཆར་བ་རྒྱང་ཞགས་ཆུའི་སྒྲོན་མ་དང་། ཅི་ཞིག་འཆར་བ་རྣམ་དག་དབྱིངས་ཀྱི་སྒྲོན་མ་གཉིས་དངོས་དང་ཤུགས་ཀྱིས་དེ་ལྟར་བསྟན་ཏེ། གསུམ་པ་ཐིག་ལེ་སྟོང་སྒྲོན་ནི།

དེའི་ནང་ཐིག་ལེ་སྟོང་པའི་སྒྲོན་མ་ནི།།

དཔེར་ན་རྫིང་ནང་རྡོ་འཕངས་རི་མོ་བཞིན།།

ཐོག་མར་འལ་འོལ་དག་ཏུ་སྣང་བ་ལས།།

ཐ་མར་ཐིག་ལེ་གསལ་མདངས་ཅན་དུ་འཆར།།

ཞེས་གསུངས་ན། རྒྱང་ཞགས་ཆུའི་སྒྲོན་མས་རིག་གདངས་ཀྱི་སྒོ་ཕྱེ། དག་པ་དབྱིངས་ཀྱི་སྒྲོན་མའི་གཞི་ལ་ཐིག་ལེ་སྟོང་སྒྲོན་འཆར་དགོས་ན། དེ་ལ་རྒྱང་ཞགས་ཀྱི་གཟིགས་སྟངས་གཅུན་པས། ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དང་རྩལ་གདངས་འཆར་བ་ཡིན། དེ་ཡང་གོང་ནས་བཤད་མ་ཐག་པ་ལྟར་དག་པ་དབྱིངས་ཀྱི་སྒྲོན་མ་དེ་ནམ་མཁའ་སྟོང་པ་ལ་གསུངས་པ་མིན། ནམ་མཁའ་སྐྱེས་བུ་དང་འབྲེལ་བ་མ་གྲུབ། སྒྲོན་མ་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱས་པས་ཀྱང་ཤེས་ཞེས་ཀུན་མཁྱེན་ཆེན་པོས་གསུངས་ཡོད། ནང་གདངས་ཕྱི་རུ་འཆར་བའི་གདངས་སྔོ་རེ་བ་ཞིག་འོང་རྒྱུ་ཡོད། དེ་མི་གསལ་བ་གསལ་བར་གོ་འཕོས་པ་དེ་འཇའ་འོད་ཀྱི་གུར་ཁྱིམ་དུ་སོང་ནས། དེའི་ནང་དུ་ལས་རླུང་དག་པའི་ཆ་ལས་ཐིག་ལེ་སྟོང་སྒྲོན་དུ་ཤར་བ་ཡིན། ཇི་ལྟར་ཤར་ན་རྫིང་བུའི་ནང་ངམ། ཀོ་མོའི་ཆུ་ནང་དུ་རྡོ་འཕང་བ་ལྟ་བུ་གསུངས་ནས། རི་མོ་ཕྱི་རིམ་ནང་རིམ་མང་པོ་ཡོད་པ་ཐིག་ལེ་ཟླུམ་པོ་འོད་ལྔའི་མུ་ཁྱུད་ཅན་དུ་སྣང་ཞིང་། དང་པོ་མི་གསལ་བ་ནས་མཐར་གསལ་མདངས་ཅན་དུ་འགྱུར་བ་དེ་ལྟ་བུའོ། །དེ་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་ནི། སྒྲོན་མའི་འཆར་ཆ་ཐམས་ཅད་གདངས་ཡིན་པས་འདིར་ཡང་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རིག་གདངས་ལ་རིག་པའི་སྒྲ་སྦྱར་བ་མ་གཏོགས་དོན་དུ་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་སྙིང་ལ་གནས་པ་དེ་ཉིད་ཀྱི་གདངས་ཕྱི་རུ་འཆར་བ་ཡིན་ནོ། །

རིག་པ་རྡོ་རྗེ་ལུག་རྒྱུད་ཅེས་བྱ་བ།།

རྟ་རྔ་མདུད་པ་བཏབ་འདྲ་གསེར་སྐུད་དང་།།

མུ་ཏིག་ཕྲེང་བ་མེ་ཏོག་ཆུན་པོ་དང་།།

ལྕགས་ཐག་ལྟ་བུ་ཐོག་མར་སྨིག་རྒྱུ་ལྟར།།

འལ་འོལ་འགུལ་འཁྲིགས་བྱེད་ཅིང་འཆར་བའོ།།

ལྟ་སྟངས་ཀྱིས་ཁྲིད་དབྱིངས་ཀྱི་ར་བ་རུ།།

བཅུག་ནས་གཡོ་མེད་བལྟ་བ་གནད་ཡིན་ནོ།།

ཤེས་རབ་རང་བྱུང་སྒྲོན་མ་ཞེས་བྱ་བ།།

ཀ་དག་ལྷུན་གྲུབ་གཉིས་མེད་ཡེ་ཤེས་ཀྱི།།

ཤེས་པ་གསལ་སྟོང་འཛིན་མེད་དེ་ལ་ཟེར།།

ཞེས་གསུངས་སྟེ། རིག་པའི་ངོ་བོ་དངོས་དེ་གོང་ནས་བཤད་པ་ལྟར་ནང་ན་ཡོད་པ་ཡིན་ཡང་། གདངས་ཕྱིར་གསལ་བའི་ལུག་རྒྱུད་དམ། གཅིག་ལ་གཅིག་འབྲེལ། རྩའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འཁྱོགས་མཚམས་ཅན། རླུང་གི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་གཡོ་འགུལ་ཅན། ཐིག་ལེའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འཁྱོགས་མཚམས་རྣམས་སུ་ཐིག་ལེ་ཕྲ་མོ་ཡོད་པ། དཔེར་ན་རྟ་རྔར་མདུད་པ་བརྒྱབ་ནས་ནམ་མཁར་བོར་བ་ལྟ་བུ་དང་། ད་དུང་མུ་ཏིག་ཕྲེང་བ་བསྟར་ལ་བརྒྱུས་པ་དང་། མེ་ཏོག་གི་ཆུན་པོ་མཁའ་ནས་ལྡིང་པ་ལྟ་བུ། ལྕགས་ཐག་གམ་གསེར་ཐག་མཐུད་པའམ་ལྷུ་བསྒྲིགས་པ་ལྟ་བུ་ལ་སོགས་དཔེས་མཚོན་པར་བཤད་ཡོད། མདོར་ན་གཅིག་ལ་གཅིག་འབྲེལ་ལ་བརྟེན་ཏེ་ལུག་རྒྱུད་ཅེས་གསུངས་སོ། །དེ་ཡང་ཐོག་མར་གཡོ་འགུལ་ཅན་རི་དྭགས་ཐད་ལ་རྒྱུག་པ་དང་། བུང་བ་བཅུད་ལ་ལྡིང་བ། ཤ་ར་ཎ་དལ་གྱིས་འགྲོ་བ་སོགས་ཀྱི་དཔེས་ཁྲིད་ཀ་རྣམས་སུ་གསུངས་ཡོད། དེ་རིམ་གྱིས་ཇེ་དལ་དུ་སོང་བ་ལྟ་སྟངས་གཅུན་ཏེ་མར་ཁྲིད་ནས་དབྱིངས་ཀྱི་ར་བ་རུ་བཅུག་ནས་སམ་བཙུད་དེ་དེ་ལ་གཡོ་མེད་དུ་བལྟ་བའོ། །དབྱིངས་ཀྱི་ར་བར་རྡོ་རྗེ་ལུ་གུ་རྒྱུད་བཙུད་རྒྱུ་དེ་གནད་ཡིན་གསུངས་སོ། །དེ་ལྟར་བཙུད་པས་བར་སྐབས་དབྱིངས་རྣམ་དག་གི་སྒྲོན་མ་ཞིང་ཁམས་སུ་ཤར། ཐིག་ལེ་སྟོང་པའི་སྒྲོན་མ་དེ་གཞལ་ཡས་ཁང་དུ་ལོག རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་རིམ་གྱིས་སྐུ་རུ་སྨིན་ཏེ། མཐར་ཟད་པའི་སྒོ་ནས་ནང་དབྱིངས་ཀ་དག་ཏུ་འཆར་ནས་སྣང་བཞིའི་བགྲོད་པ་རིམ་ཅན་དུ་འབྱུང་བ་ཡིན་ནོ། །སྒྲོན་མ་བཞི་ལ་བརྟེན་ནས་འཆར་བའི་གདངས་བཞི་འདི། ནང་ཀ་དག་གི་རིག་པ་རྗེན་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོའི་གདངས་ཡིན། དཔེ་བཞག་ན་གོང་ཞུས་བཞིན་མར་མེའི་འོད་མར་མེ་ལ་བརྟེན་པ་བཞིན་ནོ། །དེའི་ཕྱིར་ན་ཀ་དག་གཙང་མའི་ཡེ་ཤེས་ཁྲེགས་ཆོད་ཀྱི་རིག་པ་རྗེན་ལ་བུད་པ་དེ་ཉིད་ཀྱི་ངང་སྐྱོང་མ་ནུས་པར། ཕྱིའི་འོད་ལ་ཞེན་པ་ཨ་འཐས་ཅན་རེད་སོང་ན་ས་རྡོ་ལ་ཞེན་པ་དང་གཅིག་པ་ཡིན་གསུངས། ལྟ་སྒོམ་དེ་ཡིད་དཔྱོད་ཅན་རེད་སོང་དུས། སེམས་ལམ་དུ་བྱེད་པ་རེད་ལ། སེམས་ལམ་དུ་བྱེད་པས་ཡེ་ཤེས་མཐོང་མི་ཐུབ། དུག་སྨན་འཐུང་བ་དེ་སྨན་དུ་མ་གྱུར་ནས་ཁོག་པའི་ནང་དུ་ལུས་ཏེ་སྨན་དུག་དུ་གྱུར་པ་བཞིན་ནོ། །དེ་ལྟར་ཡིན་དུས་ཐོད་རྒལ་གྱི་སྐབས་སུ་སྐུ་གསུམ་ལམ་སྣང་དུ་འཆར་བ་ཡིན་མོད། དེ་ལ་ཞེན་འཛིན་བྱེད་ན་དགའ་བྲོད་ཀྱི་བདུད་དུ་གྱུར་ཏེ་ལྟུང་བར་ཡང་བྱེད་དོ། །

དེ་ལྟར་སྒྲོན་མ་བཞི་ཡི་ཉམས་བླངས་པས།།

དབྱིངས་རིག་སྨིན་མཚམས་དག་ལས་བྲལ་ནས་ཀྱང་།།

གསལ་འགྲིབ་མེད་པར་འཆར་བའི་ཉམས་སྣང་ནི།།

རིམ་གྱིས་སྐྱེ་བར་འགྱུར་རོ་སྐལ་ལྡན་ཀུན།།

དེ་ཡིས་གནས་སྐབས་རིག་པའི་ཡེ་ཤེས་ཉིད།།

མངོན་སུམ་མཐོང་བས་མ་རིག་པ་དང་བྲལ།།

ཚེ་དུས་བྱས་ཀྱང་བདེན་པ་མཐོང་བ་ཡིས།།

རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བ་ལེན།།

ཉམས་སུ་བླངས་ན་སྣང་བཞི་མཐར་ཕྱིན་ནས།།

ལྷག་མ་མེད་པར་འཚང་རྒྱའི་དགོས་པ་ཡོད།།

ཅེས་གསུངས་ཏེ། སྤྱིར་ན་རིག་པའི་ངོ་བོ་དེ་ཆོས་སྐུ་ཀ་དག་དྲི་མེད་ཡིན་ལ། དེ་ནི་ལྟ་སྒོམ་ཉམས་ལེན་ལས་འདས་པ་ཞིག་ཡིན་ཡང་། དེ་ནི་ལྟ་སྒོམ་ལས་འདས་པའོ་ཞེས་བསྐྱུར་བཞག་ན། དེ་སྔ་ཡང་དེ་བཞིན་དུ་བསྡད་པས་བཟང་སྐྱེད་ཅིག་གང་ནས་རྒྱག་འོང་། དེ་ཐག་རིང་རྒྱང་གི་ལྟད་མོ་བྱང་ན་འབྲོང་ཡོད་དོ་ཞེས་པ་ལྟ་བུ་རེད་སོང་དུས་དོན་ལ་ཉམས་ཕན་མ་ཡོད་པ་རེད། དེ་བས་གདོས་བཅས་ཀྱི་ལུས་དག འཁྲུལ་རྟོག་གི་སེམས་དག་པའི་ཐབས་སུ། དབྱིངས་རིག་གི་མན་ངག་འདི་དག་ལ་བརྟེན་པར་བྱས་ན་གྲོལ་བ་རང་ལག་ཏུ་ཐོབ་ཐུབ་པོ། །རིག་པའི་རང་བཞིན་གྱིས་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་ཡོད་ཅེས་ཀུན་ཏུ་བཟང་པོས་རང་གི་རྒྱུད་ཀྱི་ནང་དུ་གསུངས་ཡོད་ན། སྒྲོན་མ་བཞིའི་རིམ་པས་ཉམས་སུ་བླངས་པས། བར་སྐབས་གོམས་པ་སྐྱོན་མེད་ཀྱི་སྐབས་སུ། དབྱིངས་རིག་སྨིན་མཚམས་ནས་ཕར་རྒྱང་དུ་བཀྱེད་ནས་མཐོང་སྣང་རྒྱ་ཇེ་ཆེར་སོང་སྟེ། ཆོས་ཉིད་མངོན་སུམ་ནས་ཉམས་སྣང་གོང་འཕེལ་སོགས་བརྒྱུད་དེ་འཇའ་འོད་ཐིག་ལེའི་ལུག་རྒྱུད་གྱི་གསལ་སྣང་འཆར་བ་དེ་འགྲིབ་པ་མེད་པར་ཇེ་འཕེལ་ལ་སོང་བ་དེ་སྣང་ཉམས་ཡིན་པས་རིམ་གྱིས་ཉམས་ཀྱི་སྣང་བ་རྣམས་འཆར་རོ།།

དགའ་བ་སྒོམས་ཤིག་སྐལ་ལྡན་ལས་ཅན་ཀུན།།

ཞེས་གསུངས། དེ་ལྟར་གོམས་པས་གནས་སྐབས་རིག་རྩལ་ཤེས་རབ་ཀྱི་གཏེར་བརྡོལ་འོད་འབར་ཏེ་མ་རིག་གཏི་མུག་གི་རྨོངས་པའི་དྲི་མ་ཐམས་ཅད་བསལ། ཚེ་འདིར་འོད་ལུས་སུ་འགྲུབ་སྟེ་འཚངས་རྒྱ། གལ་ཏེ་ཉམས་ལེན་གྱི་གོམས་པ་ཀློང་དུ་དེ་ཙམ་མ་གྱུར་ཏེ་ཚེ་འདིར་གྲོལ་མ་ཐུབ་ནའང་། ཕྱི་མར་བདེན་པ་མཐོང་བའམ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་སྐྱེ་བ་ལེན་པར་འགྱུར། དེ་ལྟ་བུའི་ཕན་ཡོན་ཆེན་པོ་དང་ལྡན་པའི་གནད་གང་ལ་ཐུག་ན། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོའམ་དང་པོའི་སངས་རྒྱས་ཡེ་ནས་རང་རྒྱུད་ལ་བཞུགས་ཡོད་པའི་རང་ཞལ། དེ་སྔ་མཇལ་མ་མྱོང་བ། དེ་རིང་དེའི་རང་གདངས་མངོན་སུམ་དུ་མཐོང་བ་ཡིན། ཐོག་མའི་ཀུན་བཟང་གིས་ཀྱང་རང་ལ་ཡོད་པའི་རང་ཞལ་མངོན་སུམ་མཇལ་བས་མི་ཚད། དེ་ངོ་ཤེས་པའི་གནད་ཀྱིས་གྲོལ་སོང་བ་ཡིན་པས། ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པའི་ཡོན་ཏན་ཐོབ་པའི་མགོ་ཚུགས་པ་ཡིན་པས་རྫོགས་པ་ཆེན་པོ་མན་ངག་སྡེའི་ཡང་གསང་བླ་ན་མེད་པའི་ཆོས་སྐུའི་བསྟན་པ་ལ་ཞུགས་ནས་ཆོས་སྐུའི་སྟོན་པ་རང་ལ་གནས་པའི་རང་ཞལ་མཇལ་བ་ནི་རང་བྱུང་བསྟན་པའི་རྒྱུད་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ཡན་ཆད་ཀྱིས་སྒོ་ཡུལ་རླུང་རིག་གི་གནད་གསུམ་གྱིས་ཡེ་ཤེས་མངོན་སུམ་གནད་ལ་འབེབས་ཚུལ་བསྟན་པ་སོང་ནས།

༤༽ བཞི་བ་དངོས་གཞིའི་ངོ་སྤྲོད་ཚུལ།

དེ་ལ་རིག་པའི་རྩལ་དབང་བསྐུར་བ་དང་། དངོས་གཞིའི་ངོ་སྤྲོད་བསྟན་པ་དང་གཉིས་ལས།

ཀ༽ དང་པོ་རིག་པའི་རྩལ་དབང་བསྐུར་བ།

དེ་ལ་ཡང་ཆོས་སྐུའི་ངང་དུ་ཡེ་ཤེས་ཕབ་པ་དང་། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པ་དངོས་བཤད་པ། རིག་པའི་རྩལ་དབང་ཐོབ་པའི་དགོས་པ་བསྟན་པ་དང་གསུམ་ལས།

དང་པོ་ཆོས་སྐུའི་ངང་དུ་ཡེ་ཤེས་ཕབ་པ།

ཨེ་མ་ཧོ།

བཞི་པ་དངོས་གཞིའི་ངོ་སྤྲོད་ཚུལ་ལ་གཉིས།།

དང་པོ་རིག་པའི་རྩལ་དབང་བསྐུར་བ་ནི།།

དེ་ཡང་ཡར་ངོའི་ཚེས་བཅུ་དགེ་བ་ལ།།

རི་རྩེ་དབེན་ཞིང་ནམ་མཁའ་མཐོང་རྒྱ་ཆེ།།

སྤྲིན་དང་ན་བུན་མེད་ཅིང་ཤིན་ཏུ་དྭངས།།

མངོན་སུམ་འོད་གསལ་འཆར་སྣང་བདེ་གནས་སུ།།

སྔ་དྲོ་ཉི་མ་རྩེ་ཤར་ཟེར་གྱི་དུས།།

ཕུན་སུམ་ཚོགས་པའི་ཚོགས་ཀྱི་འཁོར་ལོ་བསྐོར།།

བླ་མ་མཐོ་བའི་ཁྲི་ལ་ལེགས་པར་འཁོད།།

གསེར་གྱི་མཎྜལ་ལ་སོགས་ཕུལ་ནས་ཀྱང་།།

སློབ་མས་བླ་མར་གསོལ་བ་འདི་ལྟར་གདབ།།

ཅེས་གསུངས་ན། རིག་པའི་རྩལ་དབང་ཟེར་རྒྱུ་དེ། རང་ལ་ཡེ་ནས་ཡོད་པའི་རིག་པ་ཡེ་ཤེས་དེ་ཉིད། མངོན་གྱུར་རྩལ་གྱིས་ཐོབ་པར་བྱེད་པའི་བྱིན་རླབས་ཀྱི་བརྡ་དབང་ཡིན་པས་ན། རིག་པའི་རྩལ་དབང་གསུངས། འདི་ཉིད་ཕྱི་དུས་དང་གནས་ཀྱི་རྟེན་འབྲེལ་ཚོགས། ནང་རྣལ་འབྱོར་ལུས་ཀྱི་རྩ་རླུང་དག གསང་བ་སྒྲིབ་མེད་རིག་པའི་རྩལ་མདངས་རྒྱས་པའི་ཕྱི་ནང་གསང་བའི་མཐུན་རྐྱེན་ཚོགས་དགོས། དེ་ཡང་ཡར་ངོ་ཚེས་བཅུ་དཔའ་བོ་མཁའ་འགྲོ་འདུ་བའི་དུས་ཆེན་ཡིན་པས་ཚེས་བཅུ་ལ་སོགས་པའི་དུས་ཚེས་དགེ་བ་ཞིག་ལ་གོ་ན་ཆོག་པས། དེ་རིང་སྟོན་ཟླ་ར་བའི་ཚེས་བདུན་ལ་འཁེལ་ན། སྟོན་ཐ་ཆུང་། དབྱར་མ་སྟོན་དང་སྟོན་ཆུང་གསུངས་ཡོད་པའི་དབྱར་མ་སྟོན་ཀྱི་དུས་ཚོད་ཡིན། ཕྱི་རྐྱེན་ནམ་མཁའ་དྭངས་པའི་དུས་ལ་ཏག་ཏག་འཁེལ་ཡོད་ལ། གཟའ་པ་སངས་ཡིན། ངའི་བླ་གཟས་དབང་བྱེད་པའི་ཉི་མ་ཞིག་རེད། གཟའ་ཚེས་འཕྲོད་སྦྱོར་གྱི་ཐད་སྤྱིར་ན་འདི་སྤྲོས་མེད་རྣལ་འབྱོར་བ་ཞིག་གིས་བརྟག་བྱ་བྱེད་མི་དགོས་མོད། ཀུན་རྫོབ་རྟེན་འབྱུང་གི་ཆོས་ཀྱང་། དེ་དང་དེའི་སྣང་བ་མ་ཞིག་གི་བར་དུའམ་དེ་དང་དེར་སྣང་ཚུན་ཆོད་ལ་གཏན་ནས་ལྟོས་མི་དགོས་པ་མ་ཡིན་པས། གང་ཟག་གི་ལས་དབང་དར་དུས་སུ་གཟའ་སྐར་ངན་ཡང་མི་ཐུབ་ལ། ལས་དབང་ཐུར་ལ་རྒུད་ནས་བསོད་ནམས་མར་ཟད་ཀྱི་དུས་སུ་ནི་གཟའ་སྐར་བཟང་ཡང་ཕན་ཐོགས་མེད་ཅིང་། བར་བ་ཞིག་ལ་ཕན་གནོད་ཡོད་ཅེས་རྩིས་གཞུང་རང་གིས་བཤད་པ་ལྟར་དུ་རེད། ཉི་མ་ཐམས་ཅད་དགེ་བ་དང་། རྒྱུ་སྐར་ཐམས་ཅད་བཟང་པོ་རུ། མཆོག་གསུམ་བདེན་པའི་མཐུ་མ་དགོས། རྣལ་འབྱོར་སྔགས་ཀྱི་བདེན་པས་ཀྱང་བསྒྱུར་ཐུབ་པ་ཞིག་ཡིན་ནོ། །དེ་ནས་གནས་ཡིན་ན། གནས་འདི་ཚོ་དམ་པ་གོང་མས་ཞབས་ཀྱིས་བཅགས། བྱིན་གྱིས་བརླབས་མྱོང་ས་ཡིན། ཁྱད་པར་རི་རྩེ་གསུངས་པ་ནི་ཉི་ཟླ་འཆར་སྔ་ས་ཡིན་དགོས་པས་རེད། དེ་ལྟ་བུའི་དབེན་གནས། ནམ་མཁའི་མཐོངས་རྒྱ་ཆེ་ས། ཐོད་རྒལ་ནམ་མཁའ་སུམ་སྤྲུགས་སོགས་སྒོམ་བདེ་བའི་གནས་ཤིག་ནས། གཙོ་ཆེར་ནམ་མཁའ་སློང་བྱེད་ཀྱི་རྐྱེན་སྤྲིན་དང་ན་བུན་སོགས་མེད་པའི་ཤིན་ཏུ་དྭངས་སྐབས་ཀྱི་ཟེར་གཉིས་ལས་སྔ་དྲོ་ཉི་མ་རྩེ་ཤར་གྱི་སྐོར་ལ། མངོན་སུམ་འོད་གསལ་གྱི་འཆར་སྣང་བལྟ་བདེ་དུས་ཡིན། ཚོགས་ཀྱི་འཁོར་ལོ་བསྐོར་གསུངས་ན། ཚོགས་ཀྱི་འཁོར་ལོ་བསྐོར་མ་རག་པ་རེད། སྐལ་ལྡན་འདུས་པའི་ཚོགས་ཀྱིས་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་འདུ་བྱས་ནས། དངོས་གྲུབ་ལྷའི་ཚོགས། རྣལ་འབྱོར་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་བདག་ཉིད་དུ་གནས་པའི་གནས་ཡུལ་ཉེར་བཞི་རྩ་གསུམ་དཔའ་བོ་མཁའ་འགྲོ་ལ་མཆོད་པའོ། །དེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟག་མེད་རང་ངོ་ཤེས་པས་རྫོགས་ཏེ། འདིར་དགོས་པའི་མཐུན་རྐྱེན་ཚང་མ་ཕུན་སུམ་ཚོགས་པར་གྲུབ་ནས་ཡོད་ན། དེ་ནས་ཆོས་ཀྱི་ཆེ་བ་འདོན་ཆེད་དུ། ཆོས་འཆད་པ་པོ་བླ་མའི་མིང་སྟེང་ནས་ཁྲི་ཐོག་དུ་བསྡད་ཡོད་པས། དེ་ལ་རྫོགས་ཆེན་རིག་པ་རྩལ་དབང་གི་ཁྲིད་ཡིག་ཐམས་ཅད་ཀྱི་ནང་ན་གསེར་གྱི་མཎྜལ་ལ་སོགས་འབུལ་དགོས་ཚུལ་གསུངས་ཡོད། འདི་ལྟར་སྔོན་ཆད་རྒྱ་གར་ནས་མདོ་རྒྱུད་ཀྱི་ཆོས་ལེན་དུས། མི་ཕངས་གསེར་ལ་བྱས་ཏེ་གསེར་གྱི་ཡོན་ཕུལ་རབས་དང་། ཕྱིས་སུ་བོད་ནས་ཀྱང་བེ་རོ་ཙ་ནས་ཤམ་ཐབས་བར་ནས་གསེར་སྲང་གང་བླངས་ཏེ། ཡང་ན་རིག་དང་རིག་པ་བརྗེ་བར་བྱ། །ཡང་ན་རིག་པ་མི་ཕངས་ནོར་གྱིས་བླུ། །གསུངས་ནས་གསེར་གྱི་རིན་ཐང་གཞལ་སྟེ་ཆོས་རིག་གཞུང་སྤེལ་ཚུལ་མང་པོ་ཡོད། དེ་མིན་ནའང་ཆོས་ཟབ་མོ་ཞུ་བའི་ཡོན་དུ་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་འབུལ་རྒྱུ་དབང་ཚོའི་ནང་ན་ཡོད། ཁྱད་པར་དབང་དུས་སུ་དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་བླ་མའི་སྐུ་ལ་གཉིས་མེད་དུ་ཞུགས་ཡོད་དུས་ཡིན་པས་མཆོད་ན་ལྷག་པར་བསོད་ནམས་ཆེ་ཚུལ་ཡང་གསུངས་ཡོད་མོད། ད་ང་ལ་མཚོན་ན་སོ་སྐྱེའི་བླ་མ་ཡིན་དུས་འདིར་ཆོས་རྒྱུན་སྤེལ་བའི་བགོ་སྐལ་ཞིག་འཐོབ་པའི་དགའ་བས་ཡིད་ཚིམས་ནས་བསྡད་ཡོད་པའི་མི་ལ། གསེར་བརྒྱ་འབུལ་བས་ཆོས་པ་ཉམས་ལེན་པ་བཟང་པོ་རེ་ཡོད་རྒྱུའི་དགའ་འོ་སྙམ་པ་པོ་ཡིན། དེས་ན་མཎྜལ་གྱི་མཆོག་སྒྲུབ་པའི་མཎྜལ་རྗེས་ནས་ཕུལ་ཤོག་དང་དེ་མཆོག་ཡིན། གསེར་དང་དངུལ་གྱི་མཎྜལ། འབྲུ་ལྔ་སྨན་ལྔ་སྤོས་ལྔ་ལ་སོགས་པས་བསྡུར་རྒྱུ་མེད་པ་དེ་ཡིན་ནོ། །གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པའི་ཐད་ནས་གསུངས་ཡོད་ན། གནས་རྣལ་འབྱོར་གྱི་ལུས་ལ་བཞག་ན་ཙིཏྟ་རིན་ཆེན་གྱི་ཕོ་བྲང་། དྭངས་མ་ལྔ་འདུས་ཀྱི་གཞལ་ཡས་ཁང་ན། དུས་གཞི་རྫོགས་འཕོ་འགྱུར་བྲལ་བའི་ཀ་དག་གི་དུས། སྟོན་པ་རང་ཤེས་རིག་པའི་རྒྱལ་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ། འཁོར་ཡེ་ཤེས་ལྔ་རྫོགས་སྐུ་འོད་འཇའ་ཟེར་ཐིག་ལེ་དང་བཅས་ཏེ། ཆོས་ཟུང་འཇུག་དབྱིངས་རིག་དབྱེར་མེད་ཆོས་སྐུའི་བསྟན་པ། ལོངས་སྐུའི་སྤྱོད་ཡུལ། སྤྲུལ་སྐུའི་ཤེས་རབ་ཀྱི་སྤྱན་གྱིས་མངོན་སུམ་དུ་གྱུར་ནས་སྐུ་གསུམ་ལམ་སྣང་དུ་བྱས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་འདུ་ཤེས་བཟུང་ན་དོན་དང་མཐུན་པ་ཡིན། ད་འདིའི་མཚམས་ནས་ཚོགས་ཤིག་གསུང་དགོས། ཚོགས་གསུང་རྒྱུ་དེ་རང་གཞུང་དང་འབྲེལ་བའི་ཚོགས་ཞིག་དགོས་པས་ཚོགས་ཀྱི་ཞལ་འདོན་འགའ་རེ། ཚང་མ་ལ་ཕྱག་དཔེ་མེད་ཀྱང་། ངས་ཡིག་ངོར་བལྟས་ཏེ་མར་འདོན་ཡོང་དུས། ཡང་མང་ཆེ་བ་མཉམ་དུ་ཡང་གསུངས་ཆོག་པ་རེད། དང་པོ་ཚོགས་འདོན་རྒྱུ་བྱེད། ཧཱུྃ་ཨོ་རྒྱན་ཡུལ་གྱི་སོགས་ཚིག་བདུན་གསོལ་འདེབས་དང་། ཧཱུྃ་བཞེངས་ཤིག་པདྨ་འབྱུང་གནས་སོགས་ལྷུབ་འདོན། བསྩལ་དུ་གསོལ། །དཔལ་ལྡན་རྩ་བའི་བླ་མ་སོགས། སྐྱེ་བ་ཀུན་ཏུ་སོགས། མྱུར་ཐོབ་ཤོག །སྭ་བྷ་ཝས་སྦྱངས་། ཧཱུྃ་རྡོ་རྗེ་ཟླ་བའི་ཡེ་ཤེས་ཀྱིས་སོགས་ནས་ཚོགས་བྱིན་རླབས་སྤྱན་འདྲེན་མཆོད་བཤགས་སོགས་ཀྱི་མཐར། ཡེ་ཤེས་ལྷ་ལ་སོགས་བཤགས་པ། ཚོགས་རྫས་འདོད་ཡོན་ཡེ་ཤེས་རོལ་བའི་སོགས་ཚར་ཁ་ཤས་ནས་ཀ་དག་ཕྱོགས་ཡན་ཆེན་པོའི་སོགས་བསྐང་པའི་མཐར། ཧོ་བདག་ལུས་ཕུང་ཁམས་སོགས་ཀྱིས་ཚོགས་དྲངས་། ཨོ་རྒྱན་རིན་པོ་ཆེ་སོགས་ཁ་ཤས་མཐར། སངས་ཀུན་འདུས་པདྨ་ཐོད་ཕྲེང་སོགས། ད་འདིའི་མཚམས་ནས་རིག་པའི་རྩལ་དབང་བསྐུར་བར་གསོལ་གདབ་ཞིག་ཡོད་པ་འདི་ཉིད་ཁྱེད་རྣམས་ཀྱིས་རྗེས་ཟློས་མཛད་དགོས།

ཨེ་མ་བླ་མ་རྡོ་རྗེ་འཛིན་པ་ཆེ།།

བདག་ནི་འཁོར་བའི་མཚོ་ལས་བསྒྲལ་བའི་ཕྱིར།།

བླ་མེད་རྡོ་རྗེ་ཐེག་པའི་གསང་ལམ་ཆེ།།

དོན་དམ་རིག་པའི་རྩལ་དབང་བསྐུར་དུ་གསོལ།།

སློབ་མ་རྣམས་ཀྱིས་རྗེས་ཟློས་བཅས་ལན་གསུམ་གྱི་འཕྲོར།

ཅེས་པ་ལན་གསུམ་གསོལ་བ་འདེབས་སུ་གཞུག།།

གསུངས་པ་ཇི་བཞིན་དུ་གྲུབ་སྟེ།

དེ་ནས་སློབ་དཔོན་ཐུགས་ཀར་ཡི་གེ་ཨ།།

མཐིང་ཀ་ཤིན་ཏུ་གསལ་བ་གཅིག་བཀོད་ལ།།

སློབ་མ་རྣམས་ལ་སེམས་ནི་མ་ཡེངས་པར།།

མིག་གིས་འདི་ལ་ལྟོས་ཞེས་བརྡ་སྤྲད་ལ།།

བླ་མས་ཌཱ་མ་རུ་ཡི་སྒྲ་དང་བཅས།།

བརྒྱུད་པའི་གསོལ་འདེབས་སྙན་པའི་གསུང་དབྱངས་ཀྱིས།།

སློབ་མའི་སྣང་བ་མ་འགྱུར་བར་དུ་བརྗོད།།

བརྒྱུད་པའི་གསོལ་འདེབས་བྱིན་ནི་ཕབ་པའི་མཐར།།

དཔོན་སློབ་ཀུན་གྱི་ཤེས་པ་གློད་ལ་བཞག།

ཅེས་གསུངས་ན། འདིའི་སྐབས་སུ་འོད་གསལ་རིག་པའི་ཡེ་ཤེས་ཀྱི་སྣང་བ་དེ་ཉིད་སྒྲིབ་གཡོག་དང་བྲལ་བར་མཐོང་བའི་བརྡ་མཚོན་དུ། རྟེན་འབྲེལ་གྱི་ཁྱད་པར་གྱིས་དཔོན་སློབ་ཚང་མས་སྟོད་གཡོག་བསལ་དགོས། ད་དུང་ག་ལེ་བྱས་ན་ཆོག གནས་སྐབས་ཕྱག་དཔེ་ལ་མི་གཟིགས་རྒྱུ་བྱེད། དཔེ་ཆ་མནབ་གཟན་སོགས་ཕུད་བཞགས་པ་ལ་སོགས་པའི་སྟེང་ངམ་གཙང་སའི་ཟུར་ཞིག་ལ་ཕར་བཞག་སྟེ་བཞུགས་སྟངས་ཇི་ལྟར་བྱེད་ན། རྐང་མཐིལ་གཉིས་མདུན་དུ་སྤྲད། ལག་གཉིས་སྤྱི་བོར་ཐལ་སྦྱར་བྱས་ཏེ་མི་འགྱུར་རྡོ་རྗེའི་བཞུགས་སྟངས་དོ་ཞག་སྔོན་མ་བཞིན་མཛད་དགོས་པ་རེད། ད་དུང་ཡུད་ཙམ་བྲེལ་བ་མི་དགོས། ངས་བྱིན་འབེབས་འདོན་ཡོང་དུས་བཞུགས་སྟངས་དེ་མཛད་ན་ཆོག་གི། བླ་མའི་ཐུགས་ཀར་ཨ་ཡིག་བཀོད་པ་དེ་རྒྱུ་མཚན་ཅི་ཡིན་སྙམ་ན། སྐྱེ་བ་མེད་པའི་དབྱིངས་མཚོན་བྱེད་ཡིན། ཨ་མཐིང་ག་ཡིན་པ་དེ་ཆོས་ཉིད་འགྱུར་བ་མེད་པའི་བརྡ་དོན་མཚོན་བྱེད་ཡིན། ཨ་ནི་ཆོས་རྣམས་ཀུན་གྱི་འབྱུང་གནས་ཐམས་ཅད་སྤྲོས་པ་ཀུན་བྲལ་སྐྱེ་འགག་གནས་དམིགས་འགྲོ་སོགས་དང་བྲལ་བའི་ཆོས་ཀུན་འུབ་ཀྱིས་འདུ་བའི་སྟོང་ཆེན་དབྱིངས་ཀྱི་ཕྱག་རྒྱ། བརྗོད་མེད་བརྗོད་པ་ཀུན་དང་བྲལ་བ། ཆོས་སྐུ་ཐིག་ལེ་ཉག་གཅིག་གི་མཚོན་བྱེད་དང་ནི། འདིའི་ཁ་དོག་མཐིང་ཀ་ཡིན་པ་ད་ལྟ་སྔོན་དུ་ཞུས་པ་ལྟར། ཆོས་ཉིད་ཡེ་ནས་འགྱུར་བ་མེད་པ་རྣམ་ཀུན་མཆོག་ལྡན་གྱི་ངོ་བོར་བཞུགས་པའི་མཚོན་རྟགས་ཀྱང་ཡིན་ནོ། །སློབ་མས་རིག་གདངས་མོས་གུས་སུ་ཤར་བའི་ཡིད་ཀྱིས། མིག་གིས་བླ་མའི་ཐུགས་ཀའི་ཨ་ཡིག་ལ་གཟིགས་བཞིན་དུ་ཞེས་གསུངས་ཡོད་པས། འགའ་རེས་མངོན་སུམ་དུ་གཟིགས་ཀྱང་ཕྱོགས་བཞིའི་མཐའ་སྐོར་གྱི་ལྷ་ཁང་གི་ཕྱི་ལོག་ན་ཡོད་པ་དག་གིས་མངོན་སུམ་དུ་གཟིགས་མི་ཐུབ་ཀྱང་གཟིགས་ཀྱིན་ཡོད་པའི་ཐུགས་སྣང་ཞོགས། དེ་ལས་ཐབས་མེད་སོང་བ་རེད། འདིའི་སྐབས་སུ་ཚང་མས་སྟོད་གཡོག་བསལ། མི་འགྱུར་རྡོ་རྗེའི་བཞུགས་སྟངས་མཛད་དགོས་པས་རྐང་མཐིལ་གཉིས་མདུན་དུ་ཁ་སྤྲད། ཐལ་མོ་སྤྱི་བོར་མ་རེག་པར་སྦྱར་ནས་བཞུགས་དགོས། ངས་འདིའི་སྐབས་སུ་ཐབས་ཤེས་མཚོན་པའི་གསང་སྔགས་ཀྱི་དམ་ཚིག་ཁྱད་པར་ཅན་གྱི་རྫས་ཌཱ་དྲིལ་གྱི་སྒྲ་དང་བསྟུན་ནས་བརྒྱུད་པའི་གསོལ་འདེབས་དང་སྦྲགས་ཏེ་བྱིན་འབེབས་འདོན་ཡོང་དུས། ཁྱེད་རྣམས་ཀྱིས་བརྗོད་མེད་དོན་གྱི་ཡེ་ཤེས། རིག་པ་རྩལ་གྱི་དབང་ཆེན་ཐོབ་སྟེ། དོན་བརྒྱུད་ཀྱི་བྱིན་རླབས་བཙན་ཐབས་སུ་འཕོས་པར་བསམ་དགོས་སོ། །ད་ཚང་མས་སྟོད་གཡོགས་ཕུད་དེ་བཞུགས་སྟངས་མཛོད་། བླ་མ་རིན་པོ་ཆེས་ཌཱ་དྲིལ་དང་བཅས་གདངས་སྙན་མོས། ཨེ་མ་ཧོ། ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲཱི་སེང་ཧ་དང་། །ཛྙཱ་ན་སུ་ཏྲ་འཆི་མེད་པདྨ་འབྱུང་། །འོད་གསལ་སྙིང་པོའི་ཤིང་རྟ་བི་མ་ལ། །དབྱེར་མེད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། །འཇིགས་བྲལ་གླིང་པ་འཇིགས་མེད་འཕྲིན་ལས་ཞབས། །རྒྱལ་བའི་མྱུ་གུ་མི་འགྱུར་ནམ་མཁའི་མཚན། །ཨོ་རྒྱན་བསྟན་འཛིན་གཞན་ཕན་སྣང་བ་དང་། །མཚུངས་བྲལ་འཇིགས་མེད་གུ་ཎ་ན་ཐ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །དེང་འདིར་སྐལ་ལྡན་རྣམས་ལ་བྱིན་བརླབས་པས། །འགྱུར་མེད་སྐུ་ཡི་བྱིན་རླབས་ལུས་ལ་སྩོལ། །འགག་མེད་གསུང་གི་བྱིན་རླབས་ངག་ལ་སྩོལ། །འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ། །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ཤར། །སྒྲ་གྲགས་མི་ཤིགས་རྡོ་རྗེའི་དབྱངས་སུ་སྨིན། །ཀ་དག་རིག་པ་གདོད་མའི་ལྷུམས་སུ་ཞུགས། །ལྷུན་གྲུབ་སྣང་བ་རྣམ་བཞིའི་རྩལ་རྫོགས་ནས། །ཚེ་གཅིག་འཇའ་ལུས་རྡོ་རྗེའི་སྲོག་འགྲུབ་ཤོག །བཛྲ་ཀཱ་ཡཱ་ཝཀྐ་ཙིཏྟ་གུ་ན་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཱ། དེ་ནས་བཞུགས་སྟངས་དཀྲོལ་ཏེ་ཕྱག་གཉིས་པུས་མོའི་སྟེང་དུ་ཞོགས། ལུས་ཚུགས་དྲང་པོར་བསྲང་ཏེ་རྣམ་སྣང་ཆོས་བདུན་མཛད་དེ་བཞུགས་དགོས།

ཡིད་ལ་མེད་པ་ཞིག་ཏུ་ཕཊ་ཀྱི་སྒྲ།།

དྲག་པོ་བརྗོད་དེ་སེམས་ཉིད་གང་ཡིན་ཞེས།།

ལན་གསུམ་བར་དུ་བླ་མས་བརྗོད་པ་ཡིས།།

སློབ་མ་རྣམས་ཀྱང་ཅི་ཟེར་གཏད་པ་དང་།།

བྲལ་ནས་ཧད་དེ་ཕྱད་དེ་ལུས་པའི་ཚེ།།

རིག་པ་མ་བཅོས་ལྷག་གེར་ཤར་བ་ནི།།

མ་མཐོང་བ་ཡི་མཐོང་བ་ཆེན་པོ་སྟེ།།

ཆོས་སྐུའི་ངང་དུ་ཡེ་ཤེས་ཕབ་པ་ཡིན།།

ཞེས་གསུངས་པས། ཡིད་ལ་མེད་པ་ཞིག་ཏུ་ཕཊ་ཀྱི་སྒྲ་དྲག་པོ་བརྗོད་དེ་སེམས་ཉིད་གང་ཡིན་ཞེས་ལན་གསུམ་བར་དུ་བླ་མས་བརྗོད་ཡོང་དུས། སློབ་མ་རྣམས་ཀྱང་ཅི་ཟེར་གཏད་པ་དང་བྲལ་ནས་ཧད་དེ་ལུས་པའི་ཚེར་རིག་པ་མ་བཅོས་ལྷག་གེར་ཤར་བ་ནི། མ་མཐོང་བ་ཡི་མཐོང་བ་ཆེན་པོ་སྟེ། ཆོས་སྐུའི་ངང་དུ་ཡེ་ཤེས་ཕེབས་པ་ཡིན་ཞེས་གསུངས་པའི་དོན་ལ་སྦྱོར་རྒྱུ་རེད། ཕཊ། ཕཊ། ཕཊ། སེམས་གང་ཡིན། སེམས་གང་ཡིན། སེམས་གང་ཡིན། དེ་ལྟར་ཡིད་ལ་མེད་པའི་གློ་རྒྱག་ཏུ་ཐབས་ཤེས་ཟུང་འབྲེལ། གཟུང་འཛིན་རྩད་ནས་གཅོད་བྱེད་ཀྱི་ཕཊ་སྒྲ་དྲག་པོ་གསུམ་མུ་མཐུད་དེ་བརྒྱབ་ཡོང་དུས། སེམས་གང་ཡིན་ལན་གསུམ་བརྗོད་ཡོང་ན། དེའི་སྐབས་སུ་འདི་ཡིན་ཟེར་རྒྱུའི་ཅི་ཟེར་འདི་ཟེར་མེད་པའི་གཟའ་གཏད་མཚན་མ་དང་བྲལ་བའི་སྟོང་པ་བར་མཚམས་མེད་པའི་ཧད་དེ་ཕྱད་དེ་ཞེས་པ་སྟེ། སྟོང་པ་བར་མཚམས་མེད་པས་ཧད་དེ་བ། གསལ་བ་ངོས་བཟུང་དང་བྲལ་བས་ཕྱད་དེ་བ། ཟང་ཐལ་བརྗོད་མེད་ཀྱི་རིག་ཆ་མ་བཅོས་ལྷག་གེར་ཤར་ཞིང་མཐོང་བ་དེ་ལྷག་མཐོང་གི་ཡེ་ཤེས། མ་མཐོང་བའི་མཐོང་བ་ཆེན་པོ། མཐོང་བ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། ཡེ་ནས་སྐད་ཅིག་ཀྱང་འབྲལ་མ་མྱོང་བའི་རང་རིག་ཆོས་སྐུའི་རང་ཞལ་དེ་རིང་མཐོང་བ་ཡིན་ནོ། །དེ་ནི་ཆོས་སྐུའི་ངང་དུ་རང་གནས་ཀྱི་ཡེ་ཤེས་རང་ལ་ཕབ་པ་ཡིན་པར་གསུངས་སོ།།

གཉིས་པ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པ་དངོས།

རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པ་དེ་ཉིད་ནི།

དེ་ནས་འཇུག་པ་དངོས་ནི་སློབ་མ་རྣམས།།

སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུར་འདུག།

མིག་གིས་རིམ་པ་བཞིན་དུ་ཕྱོགས་བཞིར་བལྟ།།

སངས་རྒྱས་ཞིང་ཁམས་ཡིད་ལ་བྱར་གཞུག་ཅིང་།།

ཞེས་གསུངས་པ་རེད། ད་རེས་ཞལ་ཤར་ཕྱོགས་སུ་འཁོར་ཏེ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་མཛད་དགོས། དྲང་སྲོང་ཙོག་པུ་ནི་འཕོངས་ཚོས་སར་བཞག་རྐང་གཉིས་ཀྱི་མཐིལ་མདུན་དུ་གཏད་དེ་ཕྱག་གི་གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག ཕྱག་རེའུ་མིག་ཏུ་བསྣོལ་བཞིན་སྤྱན་གཉིས་བར་སྣང་དུ་བལྟས་ནས་གཏད་མེད་དུ་འཇོག་དགོས་སོ། །བླ་མས་སློབ་མ་རྣམས་ལ་འདི་སྐད་བརྗོད་གསུངས་པ་ལྟར་དུ། ངས་གོང་དུ་ཞུས་པའི་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་དེ། ཚིག་བརྒྱུད་མིང་དང་ཡི་གེའི་སྟེང་ནས་འདོན་ཡོང་དུས། ཁྱེད་རྣམས་ཀྱིས་དེའི་དོན་དེ་རིག་རྩལ་ཤེས་རབ་ཀྱིས་རྣམ་འབྱེད་མཛད་པ་དང་ཆབས་གཅིག་ཏུ་དོན་བརྒྱུད་དགོངས་པའི་རྩལ་ཆེན་རྫོགས་ཏེ་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་མངོན་དུ་གྱུར་བའི་ཐུགས་འདུན་མཛད་དགོས། འདིའི་འོག་གི་ཚིག་དང་སྦྲགས་ནས་གླང་པོ་ཆེའི་ལྟ་སྟངས་གསུངས་ཡོང་དུས། གླང་པོ་ཆེའི་ལྟ་སྟངས་ཐད་ཀར་ལྟ་བཞིན། སེང་གེའི་མཆོངས་སྟངས་ཟེར་དུས་ཕྱག་གཉིས་ཀས་སྙིང་ཁའི་ཐད་ནས་ལྡིང་སྟབས་དང་བཅས་པས་མཆོངས་སྟངས་ཀྱི་ཚུལ་མཛད་དགོས།

བླ་མས་སློབ་མ་རྣམས་ལ་འདི་སྐད་བརྗོད།།

གསུངས་པ་རེད།

ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན།།

འདི་ནས་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་ཁམས།།

གྲངས་མེད་མང་པོ་འདས་པའི་ཕ་རོལ་གྱི།།

ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན།།

མངོན་པར་དགའ་པའི་ཞིང་ཁམས་ཞེས་བྱ་བ།།

བདེ་འཇམ་ཡངས་ཤིང་ཡོན་ཏན་དུ་མས་བརྒྱན།།

མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས།།

ཤིན་ཏུ་ཉམས་དགའ་སངས་རྒྱས་ཞིང་ཁམས་ཡོད།།

སྤྲུལ་པ་སྐུ་ཡི་ཞིང་ཁམས་དེ་ཉིད་ན།།

བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ།།

སྐུ་མདོག་དཀར་པོ་དར་དང་རིན་པོ་ཆེ།།

ལོངས་སྐུའི་རྒྱན་གྱིས་བརྒྱན་པ་ཅིག་བཞུགས་སོ།།

འཁོར་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་བཞུགས།།

དེ་རྣམས་སྟོན་པ་ཉིད་ལ་ཆོས་གསན་ཅིང་།།

རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་ཏེ།།

ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ན།།

ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད།།

རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་ཁམས་ཡོད།།

སྐལ་ལྡན་བུ་ཁྱོད་ཤར་ཕྱོགས་ཞིང་ཁམས་དེར།།

འོག་ནས་ཨ་ཨ་བརྗོད་ཡོང་དུས་ཨ་ཨ་རྗེས་ཟློས་དང་བཅས་ཏེ་སྟང་སྟབས་མཛད་དགོས།

གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས་ལྟོས་ལ།།

སེང་གེ་མཆོངས་སྟངས་བཟང་པོས་མཆོངས་ཤིག་བུ།།

མངོན་པར་དགའ་པའི་ཞིང་ཁམས་བསྟན་པ་ཡིན།།

སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས།།

སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག།

ཕཊ་དང་པྲ་ཝེ་ཤ་ཡ་ཨ་ཨ་ཞེས།།

འདི་ནས་ཕཊ་དང་པྲ་ཝེ་ཤ་ཡ་གསུངས་རྒྱུ་ཞིག་ཡོད། དེ་དཀྱིལ་འཁོར་གྱི་སྒོ་དབྱེ་བའི་སྔགས་ཡིན། ཨ་ཨ་གསུངས་དུས་དེའི་སྐབས་དང་བསྟུན་ནས་ངག་གི་བརྗོད་པ་དང་སྟངས་སྟབས་བྱེད་དགོས། པྲ་ཝེ་ཤ་ཡ། ཨ། ཨ། ཨ། འདི་ནས་ཨ་གཉིས་རེ་ལས་གསུངས་མེད་ཀྱང་། སྐུ་རེ་རེ་ལའང་སྐུ་གསུམ་ཚང་བས་ཨ་སྒྲ་གསུམ་སྒྲོག་མཛད་རྒྱུ་དེ་ཕྱག་སྲོལ་ཡིན་ནོ། །

མཇུག་ཏུ་སྟོང་པ་ཉིད་ཀྱིས་རྒྱས་གདབ་བོ།།

གསུངས་ཡོད་ན། སྔོན་མེད་པའི་སྟོང་ཉིད་གསར་བ་ཞིག་ཁུར་འོང་ནས་ད་རེས་ཀྱི་དེའི་སྟེང་དུ་ཁང་བའི་གྱང་ངོར་ཞལ་བ་བྱུག་པ་ལྟ་བུར་གྱིས་གསུངས་པ་མ་ཡིན་པར་འདི་ཡང་མཚན་འཛིན་དང་བྲལ་བར་སེམས་ཉིད་ཡེ་ཤེས་ཀྱི་རང་སྣང་དེ་ལས་སླར་མི་ལྡོག་པའི་དོན་ཡིན་ནོ། །དེ་ནས་ཡང་བཞུགས་སྟངས་དེའི་སྟེང་ནས་ཞལ་ལྷོ་ཕྱོགས་སུ་འཁོར་དགོས།

ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན།།

འདི་ནས་ལྷོ་ཡི་ཕྱོགས་ཀྱི་འཇིག་རྟེན་ཁམས།།

གྲངས་མེད་མང་པོ་འདས་པའི་ཕ་རོལ་གྱི།།

ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན།།

དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་བ།།

བདེ་འཇམ་ཡངས་ཤིང་ཡོན་ཏན་དུ་མ་ལྡན།།

མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས།།

ཤིན་ཏུ་ཉམས་དགའ་སངས་རྒྱས་ཞིང་ཁམས་ཡོད།།

སྤྲུལ་པ་སྐུ་ཡི་ཞིང་ཁམས་དེ་ཉིད་ན།།

བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཞེས་བྱ་བ།།

སྐུ་མདོག་སེར་པོ་དར་དང་རིན་པོ་ཆེ།།

ལོངས་སྐུའི་རྒྱན་གྱིས་བརྒྱན་པ་ཅིག་བཞུགས་སོ།།

འཁོར་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་བཞུགས།།

དེ་རྣམས་སྟོན་པ་ཉིད་ལ་ཆོས་ཉན་ཅིང་།།

རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་ཏེ།།

ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ན།།

ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད།།

རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་ཁམས་ཡོད།།

སྐལ་ལྡན་བུ་ཁྱོད་ལྷོ་ཕྱོགས་ཞིང་ཁམས་དེར།།

སེང་གེའི་ལྟ་སྟངས་ཉིད་ཀྱིས་བལྟས་ནས་ཀྱང་།།

སྟག་མོའི་མཆོངས་སྟངས་བཟང་པོས་མཆོངས་ཤིག་བུ།།

སེང་གེའི་ལྟ་སྟངས་སྤྱན་གྱི་ཨ་འབྲས་གྱེན་ལ་ཡར་ལྡོག་པ་དང་། སྟག་མོའི་མཆོངས་སྟངས་མིག་གིས་འཕྲེད་ལ་ལྟ་བཞིན་སྐེད་པས་ཉག་ཉག་བྱེད་པ་ཡིན།

དཔལ་དང་ལྡན་པའི་ཞིང་ཁམས་བསྟན་པ་ཡིན།།

སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས།།

སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག།

ཕཊ་པྲ་ཝེ་ཤ་ཡ། ཨ། ཨ། ཨ།

ཕཊ་དང་པྲ་བེ་ཤ་ཨ་ཨ་ཞེས།།

མཇུག་ཏུ་སྟོང་པ་ཉིད་ཀྱིས་རྒྱས་གདབ་བོ།།

གསུངས་པ་དེ་གོང་དང་གཅིག་རེད། ད་ཞལ་ནུབ་ཕྱོགས་སུ་འཁོར་ཏེ་བཞུགས་སྟངས་དེ་ཉིད་མཛད་དགོས།

ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན།།

འདི་ནས་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་ཁམས།།

གྲངས་མེད་མང་པོ་འདས་པའི་ཕ་རོལ་ན།།

ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན།།

བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ།།

བདེ་འཇམ་ཡངས་ཤིང་ཡོན་ཏན་དུ་མ་ལྡན།།

མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས།།

ཤིན་ཏུ་ཉམས་དགའ་སངས་རྒྱས་ཞིང་ཁམས་ཡོད།།

སྤྲུལ་པ་སྐུ་ཡི་ཞིང་ཁམས་དེ་ཉིད་ན།།

བཅོམ་ལྡན་སྣང་བ་མཐའ་ཡས་ཞེས་བྱ་བ།།

སྐུ་མདོག་དམར་པོ་དར་དང་རིན་པོ་ཆེ།།

ལོངས་སྐུའི་རྒྱན་གྱིས་བརྒྱན་པ་ཅིག་བཞུགས་སོ།།

འཁོར་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་བཞུགས།།

དེ་རྣམས་སྟོན་པ་ཉིད་ལ་ཆོས་ཉན་ཅིང་།།

རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་ཏེ།།

ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ན།།

ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད།།

རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་ཁམས་ཡོད།།

སྐལ་ལྡན་བུ་ཁྱོད་ནུབ་ཕྱོགས་ཞིང་ཁམས་དེར།།

དཔལ་གྱི་རྔམས་སྟབས་ཉིད་ཀྱིས་བལྟས་ནས་ཀྱང་།།

ཁྱུང་གི་འཕུར་ལྡིང་བཟང་པོས་འཕུར་ཅིག་བུ།།

དཔལ་གྱི་རྔམས་སྟབས་གསུངས་དུས་སྤྱན་གྱིས་གཡོན་ཕྱོགས་སུ་རྔམས་སྟབས་ཀྱིས་གཟིགས་པ་དང་། ཁྱུང་གི་ལྡིང་སྟངས་གསུངས་དུས་སྤྱན་གཉིས་གྱེན་ལ་ལྡོག་སྟེ། ཕྱག་གཉིས་ཀྱིས་གཤོག་པའི་ཚུལ་བྱས་ནས་ལྡིང་སྟབས་མཛད་དགོས་པ་དེ་ལྟར་དུ་ཡིན།

བདེ་བ་ཅན་གྱི་ཞིང་ཁམས་བསྟན་པ་ཡིན།།

སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས།།

སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག།

ཕཊ་པྲ་ཝེ་ཤ་ཡ། ཨ། ཨ། ཨ།

ཕཊ་དང་པྲ་ཝེ་ཤ་ཡ་ཨ་ཨ་ཞེས།།

མཇུག་ཏུ་སྟོང་པ་ཉིད་ཀྱིས་རྒྱས་གདབ་པོ།།

ད་འདི་ནས་ཞལ་བྱང་ཕྱོགས་ཀྱི་སར་འཁོར་ཏེ། བཞུགས་སྟངས་སྔར་བཞིན་བཞུགས་དགོས།

ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན།།

འདི་ནས་བྱང་གི་ཕྱོགས་ཀྱི་འཇིག་རྟེན་ཁམས།།

གྲངས་མེད་མང་པོ་འདས་པའི་ཕ་རོལ་གྱི།།

ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན།།

ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བ།།

བདེ་འཇམ་ཡངས་ཤིང་ཡོན་ཏན་དུ་མ་ལྡན།།

མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས།།

ཤིན་ཏུ་ཉམས་དགའ་སངས་རྒྱས་ཞིང་ཁམས་ཡོད།།

སྤྲུལ་པ་སྐུ་ཡི་ཞིང་ཁམས་དེ་ཉིད་ན།།

བཅོམ་ལྡན་དོན་ཡོད་གྲུབ་པ་ཞེས་བྱ་བ།།

སྐུ་མདོག་ལྗང་གུ་དར་དང་རིན་པོ་ཆེ།།

ལོངས་སྐུའི་རྒྱན་གྱིས་བརྒྱན་པ་ཅིག་བཞུགས་སོ།།

འཁོར་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་བཞུགས།།

དེ་རྣམས་སྟོན་པ་ཉིད་ལ་ཆོས་ཉན་ཅིང་།།

རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་ཏེ།།

ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ན།།

ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད།།

རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་ཁམས་ཡོད།།

སྐལ་ལྡན་བུ་ཁྱོད་བྱང་ཕྱོགས་ཞིང་ཁམས་དེར།།

རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ།།

གློག་དམར་འཁྱུག་སྟངས་བཟང་པོས་སོང་ཞིག་བུ།།

རྡོ་རྗེ་འཆང་གི་ལྟ་སྟངས་སྤྱན་གཉིས་མཉམ་པའི་གཟིགས་སྟངས་ཀྱིས། ཕྱག་གཉིས་ཀྱི་ཁུ་ཚུར་མར་ཁ་སྦུབས་པ་སྙིང་ཁ་ནས་བསྣོལ་ཏེ་ཕྱིར་དཀྲོལ་བ་དང་ལྷན་དུ་གློག་དམར་གྱི་འཁྱུགས་སྟངས་ཕྱག་གཉིས་སྙིང་ཁར་བསྣོལ་བའི་དེ་མ་ཐག་ཏུ་མྱུར་སྟབས་བཅས་ཕྱིར་ཤུགས་དྲག་གིས་འཕེན་པ་དེ་ཡིན་ནོ། །

ལས་རབ་གྲུབ་པའི་ཞིང་ཁམས་བསྟན་པ་ཡིན།།

སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས།།

སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག།

ཕཊ་པྲ་ཝེ་ཤ་ཡ། ཨ། ཨ། ཨ།

ཕཊ་དང་པྲ་བེ་ཤ་ཡ་ཨ་ཨ་ཞེས།།

མཇུག་ཏུ་སྟོང་པ་ཉིད་ཀྱིས་རྒྱས་གདབ་པོ།།

ད་ཞལ་དྲང་ཐད་དུ་འཁོར་ནས་སྐྱིལ་མོ་ཀྲུང་གིས་བཞུགས་ན་ཆོག

དེ་ནས་སློབ་མ་སྐྱིལ་མོ་ཀྲུང་གིས་འདུག།

མིག་གཉིས་གྱེན་དུ་ལྡོག་ནས་མཁའ་ལ་བལྟ།།

དབུས་ཕྱོགས་དུར་ཁྲོད་མེ་རི་འབར་བའི་ཞིང་།།

ཡིད་ལ་བྱར་གཞུག་བླ་མས་འདི་སྐད་བརྗོད།།

ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན།།

འདི་ནས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་ན།།

དུར་ཁྲོད་མེ་རི་འབར་བའི་ཞིང་ཁམས་ཞེས།།

ཉིན་པར་རླུང་འཚུབ་མཚན་མོ་མེ་འབར་ཞིང་།།

མི་མགོ་སྐམ་རློན་རྙིང་པའི་གཞལ་ཡས་བརྩེགས།།

ཞིང་ལྤགས་སྒོ་ཁེབ་ཉི་ཟླའི་སྐར་ཁུང་གསལ།།

ཞིང་ཆེན་ཞིང་ཆུང་འཕན་གདུགས་རྒྱལ་མཚན་འཕྱར།།

ཤིན་ཏུ་འཇིགས་རུང་སྐྱི་གཡའི་ཞིང་ཁམས་ཡོད།།

རབ་འཇིགས་ཞིང་ཁམས་དེ་ན་རིགས་ཀྱི་བདག།

བཅོམ་ལྡན་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས།།

ཐུགས་ནི་ཞི་བའི་ངང་ལས་མ་གཡོས་ཀྱང།།

ཁྲོ་བོའི་ཆ་བྱད་བསྟན་པ་ཅིག་བཞུགས་སོ།།

འཁོར་ཡང་རིག་འཛིན་དཔའ་བོ་མཁའ་འགྲོ་མ།།

བསམ་གྱིས་མི་ཁྱབ་བཞུགས་ཤིང་ཐམས་ཅད་ནི།།

ཁྲོ་བོའི་གཉེར་མ་ལྡན་པ་ཤ་སྟག་གོ།

དེ་རྣམས་རིགས་ཀྱི་བདག་པོར་ཆོས་ཉན་ཅིང་།།

རང་གི་ཉེ་འཁོར་རྣམས་ལ་གསང་སྔགས་ཀྱི།།

ཆོས་ཉིད་རྣམ་པར་དག་པའི་ཆོས་སྟོན་ཏེ།།

འཇིགས་རུང་བཟོད་པར་དཀའ་བའི་གཞལ་ཡས་ན།།

ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད།།

རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་ཁམས་ཡོད།།

བུ་ཁྱོད་འཇིགས་སྣང་རྣམ་རྟོག་མ་སྐྱེ་བར།།

དབུས་ཕྱོགས་མེ་རི་འབར་བའི་ཞིང་ཁམས་དེར།།

གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས་ལྟོས་ལ།།

སེང་གེ་མཆོངས་སྟངས་བཟང་པོས་མཆོངས་ཤིག་བུ།།

གླང་པོའི་ལྟ་སྟངས་གོང་བཞིན་དུ་ཐད་ཀར་ལྟ་བཞིན་སེང་གེས་མཆོངས་སྟངས་ཕྱག་གིས་ལྡིང་སྟབས་ཀྱིས་མཆོངས་པའི་ཉམས་མཛད་དགོས།

མེ་རི་འབར་བའི་ཞིང་ཁམས་བསྟན་པ་ཡིན།།

སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས།།

སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག།

ཕཊ་པྲ་ཝེ་ཤ་ཡ། ཨ། ཨ། ཨ།

ཕཊ་དང་པྲ་བེ་ཤ་ཡ་ཨ་ཨ་ཞེས།

མཇུག་ཏུ་སྟོང་པ་ཉིད་ཀྱིས་རྒྱས་གདབ་པོ།།

དེ་ལྟར་ཕྱོགས་བཞི་དབུས་དང་བཅས་པའི་ཞིང་ཁམས་ལྔའི་ཡེ་ཤེས་ཀྱི་སྒོར་བཅུག་པའི་དགོས་པ་འདི་ནས་མར་སྟོན་གྱིན་ཡོད་པ་རེད། ད་དུང་བཞུགས་སྟངས་ཀྱིས་བཞུགས་བཞིན་གསུངས་ཡོད་ཀྱང་འདིའི་མཚམས་ནས་དེ་ཙམ་གྱིས་ཆོག་རྒྱུ་མཛད་དེ། ན་བཟའ་མནབས་ནས་ཕྱག་དཔེ་ལ་གཟིགས་ཞོར་མཛད་པའམ་ཅི་དགར་གྱིས།

དེ་ལྟར་རང་སྣང་རིག་པའི་དཀྱིལ་འཁོར་དུ།།

སྒོ་ལྔ་སོ་སོར་བཅུག་པའི་དགོས་པ་ནི།།

སློབ་དཔོན་ལྟ་དགོངས་ཅན་དང་སློབ་མ་ཉིད།།

དད་པ་དམ་ཚིག་ཅན་གཉིས་འཛོམས་པ་ན།།

ཚེ་འདི་ཉིད་ལ་ཉམས་སུ་མ་ལོན་ཀྱང་།།

རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པ་།།

འོད་གསལ་རྫོགས་པ་ཆེན་པོའི་ཁྱད་ཆོས་སོ།།

ཞེས་གསུངས་ཏེ། འདི་ཡན་ཆད་ཀྱིས་རང་སྣང་རིག་པའི་དཀྱིལ་འཁོར་དུ་གཞུག་པའི་ཞིང་ཁམས་དེ་གང་ཡིན་ན། གཟུགས་སྐུ་གཉིས་ཀྱི་ཞིང་ཁམས་ཡིན་པར་གོ་དགོས་པ་སྟེ། དེ་ཡང་ཆོས་སྐུའི་དབྱིངས་ལས་ལོངས་སྐུར་ཤར་བའི་གདངས། ཕྱེད་སྤྲུལ་ལོངས་སྐུའི་ཞིང་ཁམས། འདི་གནས་པའི་རང་བཞིན་སྤྲུལ་པ་རུ་རང་ལུགས་སྙིང་ཐིག་པས་བཞེད་པ་དེ་ཉིད་ལ་གོ་དགོས། དེའི་སྟབས་ཀྱིས་སློབ་དཔོན་ལྟ་དགོངས་མཐོན་པོ་ཅན་དང་། སློབ་མ་དད་དམ་གཙང་མ་ཅན་ཐམས་ཅད་ཐོད་གཏུགས་ན། ཚེ་འདི་ལ་ཉམས་སུ་འདི་ལོན་སོང་བསམ་རྒྱུ་ཞིག་མེད་ཀྱང་། ཕྱི་མར་རང་བཞིན་སྤྲུལ་བའི་ཞིང་ཁམས་སུ་དབུགས་འབྱིན་ཏེ། འོད་གསལ་རྫོགས་པ་ཆེན་པོའི་ཆོས་ཐོབ་པ་འདིའི་ཕན་ཡོན་གྱིས་དབུགས་འབྱིན་མི་འབྱིན་ལ་ཐེ་ཚོམ་མེད་པ་ཡིན་གསུངས་པ་འདི། འདིའི་ཁྱད་ཆོས་ཡིན་པར་གསུངས་པ་རེད། དེ་ཡང་རྒྱལ་བ་ཀློང་ཆེན་པས་ཇི་ལྟར་གསུངས་ན། གསང་མཆོག་འདིར་ངེས་པ་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་དེ་ཙམ་ཞིག་མ་རྙེད་ཀྱང་། དེ་ལྟར་ཐོབ་པའི་སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོབ་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་འཕྲད་པའི་ཕྱིར་ཞེས་གསུངས་ཡོད། ཐུས་ཀ་ཞེས་པའི་ཚིག་འདི་རྫོགས་ཆེན་གྱི་ཆོས་སྐད་ཅིག་རེད། འདི་དེང་སང་གི་སྨྱུག་འཛིན་པ་འགའ་རེས། ཐུགས་ཀ་ཞེས་བསམ་བཞིན་བཅོས་འདུག་པ་ཡོད་ཀྱང་དེ་མ་རེད། འདིའི་ཐུས་ཀ་ཟེར་རྒྱུ་འདི། ནུས་པ་གཅིག་ཏུ་བསྡུས་པའི་མཐུ་ཅན་སྨན་གྱི་སྨན་ཐུས་ལྟ་བུ་རེད། སྨན་ཐུས་གཅིག་དེ་མང་པོ་ཞིག་མིན་ཀྱང་སྨན་དང་རིགས་སྔགས་ནོར་བུ་དག་ནུས་པ་བསམ་གྱིས་མི་ཁྱབ་པ་ལྟར་དུ་ཚོགས་བསགས་སྒྲིབ་སྦྱང་དང་འདིའི་སྦྱོང་པ་ཉམས་ལེན་ཡང་དེ་ཙམ་ཞིག་བརྒྱུད་མི་དགོས་པར་ཅིའི་ཕྱིར་རང་བཞིན་སྤྲུལ་བའི་ཞིང་དུ་དབུགས་འབྱིན་པ་ཡིན་ཞེ་ན། ཡང་ཀློང་ཆེན་པས། སྔོན་བསྐལ་བ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གཟོད་འཕྲད་ནས་རིང་པོར་མི་ཐོགས་པར་འཚང་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་འཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུ་ཐུས་ཀ་དང་འཕྲད་པའི་ཕྱིར་གསུངས་སོ། །ད་དུང་ཀློང་ཆེན་པས། སྒྲུབ་ངག་བཀོད་མཛད་དེ་འོ་སྐོལ་དཔོན་སློབ་རྣམས་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་དག་པ་གང་རུང་ཞིག་ཏུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་ལྡན་པའི་དག་པ་འབྲས་བུའི་ཐུས་ཀ་དང་འཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར། གསུངས་པ་སོགས་མང་ངོ། །གོང་ནས་གཟུགས་སྐུ་གཉིས་ཀྱི་ཞིང་ཁམས་སུ་ཞུགས་པ་ཡིན། འདི་ནས་ཞིང་ཁམས་དེ་དག་གི་འཆར་གཞི་ཆོས་སྐུའི་ཞིང་ཁམས་ཡིན་པས་ཆོས་སྐུའི་ཞིང་ཁམས་སུ་ཞུགས་པ་དེ་ཉིད་བསྟན་པ་ནི། དེ་ནས་སློབ་མ་སེངྒེའི་འདུག་སྟངས་བྱ། །ཞེས་སེང་གེའི་བཞུགས་སྟངས་མཛད་དགོས་གསུངས་ཡོད་མོད། དམིགས་པ་མཛད་ནས་ཚིག་རྗེས་དོན་དྲན་གྱིས་དང་མི་ཆོག་རྒྱུ་མི་འདུག་སྙམ། ཆོས་སྐུའི་བཞུགས་སྟངས་སེང་གེ་གངས་ལ་འགྱིངས་པ་ལྟ་བུ་ཡིན། དེའི་རྒྱུ་མཚན་སངས་རྒྱས་ཀྱི་ས་ན་ཡོད་པའི་སྤྱན་ལྔ་ཁྱད་པར་ཅན་ཐོབ་པའི་རྟེན་འབྲེལ་དུ། སྤྱན་གྱིས་གྱེན་ཐུར་གཡས་གཡོན་ཐད་དྲང་ཐམས་ཅད་དུ་ལྟ་བཞིན་དུ། རིག་སྟོང་རྗེན་པའི་ཡེ་ཤེས་ཐིམ་ལ་མ་རྨུགས་པ་ཡིན་པས་རང་རིག་བསམ་ངོ་བྲལ་བའི་ངང་དུ་འཇོག་དགོས་པ་དེའི་དོན་འདི་ནས་རིམ་བཞིན།

སངས་རྒྱས་ས་ན་ཡོད་པའི་ཡེ་ཤེས་ཀྱི།།

སྤྱན་ལྔ་ཚེ་འདིར་འཐོབ་པའི་རྟེན་འབྲེལ་དུ།།

མིག་གིས་གྱེན་ཐུར་གཡས་གཡོན་ཐད་དྲང་བལྟ།།

རིག་སྟོང་རྗེན་པའི་ཡེ་ཤེས་གསལ་གདབ་ལ།།

ཞེས་གསུངས་ཏེ། འདིའི་སྐབས་ཐོབ་ཀྱི་སྤྱན་ལྔ་གསུངས་པ་དེ། ཤའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། ཐམས་ཅད་མཁྱེན་པའི་སྤྱན་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་སྤྱན་རྣམ་པར་དག་པ་དང་ལྔ་ཡིས་རྫོགས་པ་ཆེན་པོའི་སྐབས་ནས་གསུངས་ཤིང་། སྤྱན་ལྔ་ཙམ་ཚད་ཕེབས་དང་ཆོས་ཟད་ཀྱི་སྐབས་ནས་ཐོབ་ཀྱང་། སྤྱན་ལྔ་ཁྱད་པར་ཅན་ནི་སངས་རྒྱས་ཀྱི་ས་གཅིག་པུ་ན་ཡོད་པའི་གོ་དོན་ཅན་ཡིན། རྣམ་པར་དག་པའི་སྤྱན་ཆོས་སྐུ་དང་། ཤའི་སྤྱན་ལོངས་སྐུའི་ཞིང་སྣང་གཟིགས་པའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན། ཐམས་ཅད་མཁྱེན་པའི་སྤྱན་གསུམ་སྤྲུལ་སྐུ་ལ་འཇོག་པ་ཡིན། འབྲས་བུ་ལམ་དུ་བྱས་པའི་གནས་སྐབས་ན། ད་ལྟ་ནས་དེ་བཞིན་ལམ་ལ་བསླབ་ན། རང་གནས་ཀྱི་ཡེ་ཤེས་རང་གི་མངོན་དུ་བྱེད་སླ་བའི་འབྲེལ་བ་གྲུབ་པ་དེ་གླེན་པས་བལྟས་ཀྱང་ཤེས་རྒྱུ་ཅན་ཞིག་ཡིན། དེ་ནས།

ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་ཉོན།།

ཞིང་ཁམས་དེ་རྣམས་འཆར་གཞིར་གྱུར་པ་ཡི།།

རང་གི་རིག་པ་བསམ་ངོ་དང་བྲལ་བའི།།

ངོ་བོ་ཡེ་ཤེས་ཐིམ་ལ་མ་རྨུགས་པ།།

གང་དུའང་མ་ཕྱེ་ཆོས་ཉིད་ཚད་མེད་ཅིང་།།

དཔག་མེད་དམིགས་མེད་རང་རིག་ཁྱབ་གདལ་ཞིང་།།

ཡིད་ལ་བྱར་གཞུག

ཞེས་གསུངས་ཏེ། དེ་ཡང་རང་རིག་ཆོས་སྐུའི་ཡེ་ཤེས་ངོ་བོ་སྟོང་གསལ་གང་དུའང་མ་གྲུབ་པ་དེ་ཉིད་སྨྲ་བསམ་བརྗོད་འདས་དང་། འཁོར་འདས་ཀྱི་མཐའ་ལས་གྲོལ་བ་ཡིན་པས་ན་ནམ་མཁའ་ལྟར་གང་དུའང་མ་གྲུབ་པ་ཞིག་ཡིན། འོན་ཀྱང་ཡོན་ཏན་ཚད་མེད་ཀུན་འབྱུང་གི་ཡེ་ཤེས་ཉི་ཟླ་གཟའ་སྐར་འཕྲོ་བ་བཞིན་དུ་ནང་གསལ་ཐིམ་ལ་མ་རྨུགས་པ། གང་དུའང་མ་ཕྱེ་མི་འབྱེད་འབྱེད་པ་མེད་པའི་ཆོས་ཉིད་ཚད་མེད་མཐའ་ཡས་པ་དེ། དཔག་མེད་དམིགས་མེད་བསམ་གྱིས་མི་ཁྱབ་པའི་ཀུན་ཁྱབ་བརྡལ་བ་ཆེན་པོའི་ཆོས་སྐུའི་ཞིང་ཁམས་ཡིད་ལ་བྱེད་ཅིང་དེའི་ངང་ལས་འདའ་བ་མེད་པར་བཞུགས་དགོས་པ་ཡིན་ནོ། །འདི་དག་གི་སྐབས་སུ་སེང་གེའི་བཞུགས་སྟངས་བྱས་ཏེ་བཞུགས་ཡོད་སྙམ་པའི་མཉམ་གཞག་དང་བཅས།

བླ་མས་འདི་སྐད་བརྗོད།

ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན།།

འདི་ནས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་ན།།

དུར་ཁྲོད་མེ་རི་འབར་བའི་ཞིང་ཁམས་ཞེས།།

ཉིན་པར་རླུང་འཚུབ་མཚན་མོ་མེ་འབར་ཞིང་།།

སྐྱེ་མེད་ཀློང་ཡངས་ཀ་དག་ཆོས་ཀྱི་སྐུ།།

ནམ་མཁའ་ལྟ་བུའི་འགྲོ་འོང་མེད་ཤེས་ལ།།

དོ་ཞག་དབང་གི་སྐབས་སུ་བཅོམ་ལྡན་འདས་ནམ་མཁའ་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱི་གསུངས་པ་དེ་འདིའི་དོན་རེད།

འགྲོ་མཁན་སེམས་ཉིད་རྩད་བརྡར་ཆོད་ལ་ཞོག།

ཞིང་ཁམས་དེ་རྣམས་རང་གི་རིག་རྩལ་ལས།།

ལོགས་ནས་གྲུབ་པ་རྡུལ་ཙམ་མེད་པའོ།།

དེ་བཞིན་སངས་རྒྱས་ཞིང་ཁམས་གྲངས་མེད་ཀྱང་།།

རང་གི་རིག་པའི་རྩལ་ལས་ལོགས་ན་མེད།།

རིག་སྟོང་ཉིད་དུ་ཤེས་པས་གནས་ཚུགས་ཤིག།

ཡེ་ཤེས་གསལ་བ་ཉིད་ལ་ལམ་སྦྱོངས་ཤིག།

སྣ་ཚོགས་འཆར་བ་ཉིད་ལ་མ་ཞེན་ཅིག།

ཆོས་ཉིད་བསམ་གྱིས་མི་ཁྱབ་ཀློང་དུ་ཨ།།

ཞེས་པས་སྟོང་པ་ཉིད་ཀྱི་ངང་ལ་བཞག།

ཞེས་གསུངས་ཏེ། དབང་གི་སྐབས་སུ་ཨ་སུམ་བརྩེགས་ཤིག་བརྗོད་དེ་སྟོང་པ་ཉིད་ཀྱི་ངང་ལ་བློ་བཞག་པ་དེ་ཉིད་རེད། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཆོས་སྐུའི་དགོངས་པའི་ཀློང་དུ་ཞོག་ཅེས་གསུངས་ཀྱང་། སངས་རྒྱས་ཀྱི་ཐུགས་ཀློང་ལ་སེམས་ཅན་གྱི་ཇི་ལྟར་འཇོག་སྙམ་པ་ཞིག་དང་། སྟོང་ཉིད་ཀྱི་ངང་ལ་ཞོག་ཟེར་ཚེ། སྟོང་ཉིད་ཁ་བཤད་ཀྱི་ཕྱོགས་སུ་སེམས་འཁོར་འགྲོ་བ་མ་གཏོགས་ཅི་འཇོག་འདི་འཇོག་མེད་ཀི་བསམ་མི་དགོས། འདི་ལྟ་དོན་སྒོམ་པའི་གནད་ལ་ཐུག་པ་ཡིན་པས་གོ་མྱོང་རྟོགས་གསུམ་དང་སྦྱར་ན། གོ་ལྟ་ཟེར་བ་དེ། སྤྱི་མཚན་མ་ནོར་བ་བློའི་ཡུལ་དུ་གོ་བ་ཚོགས་ལམ་པ་དང་། མྱོང་ལྟ་ཟེར་བ། རང་མཚན་མངོན་སུམ་དང་འདྲ་བར་མྱོང་བ་སྦྱོར་ལམ་པ་དང་། རྟོགས་པའི་ལྟ་བ་ནི། ངེས་ཤེས་ཡིད་འཛིན་གྱི་དྲི་མ་དག་པ་མཐོང་ལམ་པ་ཡིན། དེ་འདྲའི་ཐག་རིང་གི་སྐད་ཆ་ཏག་ཏག་བཤད་ན་ཉེ་ས་ཞིག་ལ་མི་བཅར་ན་ཡང་། གཞུང་བརྒྱ་སྤུ་རིས་འབྱེད་པའི་བརྗོད་སྒྲོས་མེད་ཀྱང་། །རང་བཞག་ཡངས་པ་ཆེན་པོའི་ལྟ་སྟངས་གཅིག་གིས། །སྤྲོས་པའི་གྲྭ་ཟུར་འབུམ་ཕྲག་ཅིག་ཆར་ཆོད་ན། །ཐ་སྙད་ཚིག་སྐམ་མོལ་བ་འགྲམ་པའི་གཅོག་རྡོ། །ཞེས་གསུངས་པས་ན། སྒོམ་པ་རང་གནས་ཀྱི་ཡེ་ཤེས་དང་སྦྱར་ཡོང་ན། རིག་སྟོང་ཡིད་དཔྱོད་དང་བྲལ་བ། སེམས་དང་ཡིད་དང་རྣམ་ཤེས་གསུམ་པོ་དང་བྲལ་བ། དོ་ཞག་སྔོན་ནས་ཁྲེགས་ཆོད་ཀྱི་སྐབས་སུ་གསུངས་པ་ལྟ་བུ་འོད་གསལ་གྱི་ཡེ་ཤེས། ངོ་བོ་འཕོ་འགྱུར་བྲི་གང་མེད་པར་རང་ལ་བཞུགས་པ་དེར་ཐད་ཀར་བལྟས་ཡོང་ན། བལྟ་བྱ་ལྟ་བྱེད་དང་བྲལ་བར་གནས་པ། སེམས་འགག་ཡེ་ཤེས་མི་གཡོ་བའི་རང་བཞིན་འཛིན་མེད་ཆེན་པོར་ཐག་ཆོད་པ་དེ། གསང་བ་སྙིང་ཐིག་གི་དགོངས་པ་མ་ནོར་བ་ཡིན། དེ་ལྟ་བུའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་བསལ་བཞག་དང་བྲལ་བའི་ངང་ལ་རང་བབས་སུ་འཇོག་དགོས། དེ་ཡང་གྲོལ་སའི་དབྱིངས་ཀྱི་ཀ་དག་ཆོས་སྐུའི་དགོངས་པ་དང་། ལམ་དུས་ཀྱི་རིག་པ་ཀ་དག་གཉིས་རྫས་ཐ་དད་མ་ཡིན་པས། བསལ་བཞག་བྲལ་བའི་ངང་ལ་རང་བབས་སུ་དེ་ལྟར་འཇོག་དགོས་སོ། །བཞག་བྱ་འཇོག་བྱེད་དང་བྲལ་བ་ཡིན་པས་ན། ཚིག་གིས་མཚོན་པ་མིན་པའི་རིག་སྟོང་འགག་མེད་ཀྱི་དོན་དེ་སྐྱེ་མེད་ཨ་ཡིག་གིས་མཚོན་པ་ཡིན། འདི་ཐོས་པ་ཧ་ཅང་ཆེ་བས་ཀློང་དུ་གྱུར་བ་ཞིག་དང་། དད་ལྡན་གླེན་པའི་ཤུགས་འཆང་བློ་རྩེ་གཅིག་ཏུ་གཏད་མཁན་ཚོར་མི་ཐོབ་རྒྱུ་དེ་འདྲ་ཞིག་མིན། ཁྱད་པར་འདིའི་སྐབས་ཀྱི་དབང་རྣོན་སྣོད་ལྡན་དེ། ཅི་འདྲ་ཞིག་ཡིན་ན། ངང་རིང་ཤུགས་དལ་གླེན་པའི་ལྷོད་ཡོད་པའི་བྱ་བྲལ་ཤེས་རབ་དང་ལྡན་པ་ཕྱི་མ་ཅན་པོ་ལ་ངོས་འཛིན་པ་ཡིན། དེ་ནས་རིག་པའི་རྩལ་དབང་ཐོབ་པའི་དགོས་པ་ནི།

གསུམ་པ་རིག་པའི་རྩལ་དབང་ཐོབ་པའི་དགོས་པ་བསྟན་པ།

འདི་ལྟར་རིག་པའི་རྩལ་དབང་ཐོབ་པ་ཡིས།།

མ་རིག་ཉོན་མོངས་ཐམས་ཅད་གཞི་ལ་སངས།།

རིག་པའི་ཡེ་ཤེས་རྒྱས་ཤིང་མངོན་སུམ་གྱི།།

ཆོས་ཉིད་འོད་གསལ་བསྒོམ་ལ་དབང་བ་དང་།།

གང་ཟག་མཆོག་རྣམས་ཚེ་འདིར་གྲོལ་བ་ཐོབ།།

གོམས་ཤུགས་ཆུང་རྣམས་བར་དོར་གྲོལ་བའོ།།

ཞེས་གསུངས་ཏེ། རིག་པ་བདུན་པའི་ཏནྟྲའི་ནང་དུ། བརྡ་དང་བརྡ་མཚོན་གོ་བ་ནི། །དབང་གི་ནང་ནས་དབང་དཀའ་འོ། །ཞེས་གསུངས་པ་ལྟར། རིག་པའི་རྩལ་དབང་ཐོབ་པ་དེས་མ་རིག་པ་གཞི་ལ་སངས་བ་ཡིན། ཁྱབ་བྱེད་མ་རིག་པ་དག་པས་ཉོན་མོངས་རང་དག་ཏུ་སོང་ནས། དེ་དང་ཆབས་ཅིག་རིག་པ་ཡེ་ཤེས་རྒྱས་ཡོང་དུས་དབང་དུས་སུ་རང་གནས་ཀྱི་ཡེ་ཤེས་སད་ཅིང་སྨིན་པ་ཡིན། དེ་ཉིད་མཐར་ཕྱིན་གོམས་པ་ཀློང་གྱུར་གྱིས་མངོན་སུམ་ཆོས་ཉིད་འོད་གསལ་གྱི་རྣལ་འབྱོར་སྒོམ་པ་ལ་དབང་བའི་སྟོབས་ཀྱིས། རྫོགས་ཆེན་འོད་གསལ་ཀྱི་ཆོས་ཉིད་ལ་སྒོམ་དུ་མེད་ཀྱང་གོམས་པ་ཀློང་དུ་གྱུར་བ་ཡོད་པས་ན་མཆོག་རྣམས་ཚེ་འདིར་གྲོལ་བ་དང་། གོམས་ཤུགས་ཆུང་བ་ཉམས་ལེན་ལ་བརྩོན་པ་དེ་ཙམ་མ་ཐུབ་པ་དག་ཀྱང་བར་དོར་གྲོལ་བ་ཡིན་པས་ན། ཉི་མ་དེ་རིང་ནས། མར་འདུག་དུས་སེམས་ཅན་ཡིན་ཡང་། ཡར་ལངས་དུས་སངས་རྒྱས་ཀྱི་ས་ལ་ཐོགས་པ་མེད་པར་བགྲོད་པའི་ལམ་སྣེ་ཟིན་སོང་སྙམ་པའི་དགའ་བ་བསྐྱེད་ཆོག ཀུན་མཁྱེན་འཇིགས་མེད་གླིང་པས། བསམ་བཞིན་བློ་བདེ་བུ་ལས་སྐྱིད་པ་མེད། །འུ་ཅག་ཉམས་རྩལ་རྫོགས་པའི་ཁྱུང་ཕྲུག་ཡིན། །སྒྱུ་མའི་འདུ་བྱེད་བཏང་བའི་དེ་མ་ཐག །གདོད་མ་གཞི་ཡི་ཀློང་དུ་འཕུར་ནས་འགྲོ། །ཞེས་གསུངས་པ་ལྟར་རེད། དེ་ཡན་ཆད་ཀྱིས་རིག་པའི་རྩལ་དབང་བསྐུར་ཏེ། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏུ་ཞུགས་པའི་ཚུལ་སོང་ནས།

ཁ༽ གཉིས་པ་དངོས་གཞིའི་ངོ་སྤྲོད་བསྟན་པ།

དེ་ལ་སྒྲོན་མ་བཞི་ཡི་ངོ་སྤྲོད་བསྟན་པ་དང་། དངོས་གཞིའི་ངོ་སྤྲོད་ཚུལ་བརྒྱད་བསྟན་པ་དང་། དཀྱིལ་འཁོར་དབང་དང་བསྐྱེད་རྫོགས་བཟླས་བརྗོད་སྡོམ་དང་དམ་ཚིག་ལ་སོགས་པ་དང་རྩ་བ་གསུམ་ཡང་དེ་ལ་ཚང་བར་བསྟན་པ་དང་། སླར་ཡང་འདི་ཉིད་ཉམས་ལེན་ལ་བརྩོན་པར་གདམས་པ་དང་། མཇུག་ཏུ་སྤྲོ་བ་བསྐྱེད་པ་དང་། སླར་ཡང་ནན་གྱིས་བསྐྱར་ཏེ་ལམ་ལ་བརྩོན་པར་གདམས་པ་སྟེ་དྲུག་ལས།

ཀ༽ དང་པོ་སྒྲོན་མ་བཞི་ཡི་ངོ་སྤྲོད་བསྟན་པ།

ཨེ་མ་ཧོ།

གཉིས་པ་དངོས་གཞིའི་ངོ་སྤྲོད་ཚུལ་ལ་བརྒྱད།།

ཅེས་ས་བཅད་བཞག་ནས།

དང་པོ་སློབ་མའི་བཞུགས་སྟངས་གཟིགས་སྟངས་ཀྱིས།།

འོད་གསལ་ཐོད་རྒལ་སྣང་བར་བལྟ་བར་བྱ།།

འདི་ནས་ཐོད་རྒལ་ལག་ཁྲིད་ཀྱིས་ཕྱག་ལེན་འདེབས་རན་སོང་བ་རེད། དེ་ཡིན་ན་སྔར་བཤད་པའི་སྒོ་ཡུལ་རླུང་རིག་གི་གནད་གསུམ་གྱིས་རང་ཐོག་ཏུ་དབབ་པའི་དོན་དེ། རིག་པའི་རྩལ་དབང་གིས་མངོན་སུམ་རང་ངོ་སྤྲད་དེ། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཙུད་ཅིང་གཞུག་པའི་དོན་དེ། ཉམས་ལེན་ལག་ལེན་གྱིས་གནད་དུ་བསྣུན་ཏེ། ཡེ་ཤེས་མངོན་དུ་འགྱུར་བར་བྱེད་དགོས་པ་ཡིན། ཉམས་ལེན་གྱི་གནད་ཀྱིས་མ་ཟིན་ན་གནད་ཤེས་པ་ཙམ་རྐྱང་བས་གོང་བཤད་བཞིན་བྱང་ན་འབྲོང་ཡོད་ཅེས་པ་ལྟར་རེད་འགྲོ་བ་ཡིན། དེས་ན་རིག་པ་ལུས་ལ་གནས་པས་ན་ལུས་ཀྱི་བཞུགས་སྟངས་གལ་ཆེ། སྤྱིར་ན་བཞུགས་སྟངས་རྣམ་གསུམ་སྐབས་དང་བསྟུན་པ་མན་ངག་གི་གཞུང་སོ་སོ་ནས་འབྱུང་བ་ལྟར་ཡིན་པ་ལས། འདི་ནས་གཙོ་བོའི་ཆ་ནས་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་མཛད་པ་དེ་ཆོས་བརྒྱུད་འདིའི་ཕྱག་ལེན་ཡིན། ཡང་རྣམ་པ་ཚོ་ཤར་ཕྱོགས་སུ་ཁ་འཁོར་ནས་དྲང་སྲོང་ཙོག་པུ་མཛད་དགོས། དཔེ་ཆ་ཅུང་ཟད་འཇོག་རྒྱུ་རེད། དྲང་སྲོང་ཙོག་པུ་མཛད་དེ་ཤར་ཕྱོགས་ཀྱི་ཉི་མའི་འོད་ཟེར་མར་ཁྲུ་གང་གི་མཚམས་ལ་ཁྲིད་གསུངས་པས། ཉི་མའི་འོག་གི་རིའི་ནག་གྲིབ་ཡོད་སར་མར་ཁྲིད་ན་ཆོག ཕྱི་སོའི་ཉི་མའི་ནང་ན་ཡོད་པ་ཚོས། སྤྱན་གྱིས་ཟུམ་ཟུམ་བྱས་ནས་ཡར་རང་གི་སྨིན་མཚམས་ཀྱི་ཐད་དུ་གཟིགས་ན་ཆོག དེ་རིང་གི་དུས་ཚོད་དེ། ཟེར་གཉིས་ཀྱི་དུས་ཚོད་མ་རེད། ཉི་མའི་གུང་དང་ཅུང་ཟད་འཁེལ་བསྡད་ཡོད་ནི་རེད། ཟེར་གཉིས་ཀྱི་དུས་ཚོད་མ་ཡིན་ན་ཡང་ཉི་འོད་ཀླད་ནས་ཤར་བའི་འོད་མདངས་དེ་ནམ་མཁའི་མཐོངས་སུ་མར་ཁྲིད་པའམ། ཡང་ན་རི་དང་ཁང་བ་སོགས་ཀྱི་ནག་གྲིབ་ཡོད་སར་མར་ཁྲིད། ཁང་བའི་ནང་ན་ཡོད་པ་ཚོས། རྒྱ་མཐོངས་ཀྱི་གསལ་མདའ། མར་འོག་ཏུ་ཁྲིད་ན་རྟེན་ཙམ་ཞིག་ཨེ་ཉན་ཁི། སྤྱིར་རྟེན་བཅས་ཀྱིས་སྒོམ་དུས་ཉི་ཟླ་མར་མེ་གསུམ་ཆོས་ལོངས་སྤྲུལ་སྐུའི་རྟེན་ཡིན་གསུངས་ནས་རྟེན་བྱེད་རྒྱུ་ཡིན་ནི་རེད། འདིའི་དུས་སུ་ལུས་ངག་ཡིད་གསུམ་གྱི་གནད། མི་གཡོ་བ་གསུམ་གྱིས་གཟིར་རྒྱུ་དེ་གལ་ཆེ་བ་ཡིན། ལུས་གནད་བཞུགས་སྟངས་ལས་མི་གཡོ་བ། ངག་གནད་བརྗོད་མེད་ལས་མི་གཡོ། སེམས་ཀྱི་གནད་ཕྱི་དབྱིངས་འཆར་བའི་གཞི་ནམ་མཁའ་སྟོང་པའི་དཀྱིལ་དུ་ལྟ་བ་ལས་མི་ཡེངས་ཤིང་སེམས་རྟོག་མེད་ལས་མི་གཡོ་བ་དེ། གནད་རྣམ་པ་གསུམ་དང་ལྡན་པས་ཆོས་ཉིད་རང་ཐོག་ཏུ་དབབ་པར་བྱེད་པ་ལ། སྒོའི་གནད་ནི། སྒོ་རྒྱང་ཞགས་ཆུའི་སྒྲོན་མ་གོང་དུ་བཤད་པ་བཞིན། རྒྱང་ཞགས་འགུལ་བ་མེད་པ་གནད། །ཞེས་གསུངས་པས་། མིག་གཉིས་མི་འགུལ་བའི་སྟོབས་ཀྱིས་རྟེན་དེ་ལ་བརྟེན་པའི་འོད་རྩ་མི་འགུལ་བ་ཡིན། འོད་རྩ་འགུལ་འཕྲིག་ཅན་དུ་ཡོད་པ་དང་། རྟོག་པ་འཕྲོ་འདུ་ཅན་དུ་ཤར་བ་གནད་གཅིག་པས་འོད་རྩ་མ་འགུལ་ན་རྣམ་རྟོག་དེ་དང་མཉམ་དུ་རྒྱུན་ཆད་འགྲོ་བ་ཡིན། ཡུལ་གྱི་གནད་ཀྱང་། གོང་དུ་བཤད་མ་ཐག་པའི་སྨིན་མཚམས་ཀྱི་ནམ་མཁའ་འམ་བར་སྣང་ལ་བལྟས་དུས། དབྱིངས་དང་རིག་པའི་ལྟ་སྟངས་གཉིས་ཀ་རེད་ཀྱིན་ཡོད། ཇི་ལྟར་ཡོད་ན་ནམ་མཁའ་ལ་མིག་གཏད་དུས། དབྱིངས་ཀྱི་སྒྲོན་མ་འཆར་བའི་གཞི་ལ་ལྟ་བ་དེ་དབྱིངས་ཀྱི་ལྟ་སྟངས་དང་ནི། རྣམ་རྟོག་གི་སྤྲོས་པ་མེད་པའི་མི་ཡེངས་པའི་ཤེས་པ་དེ་རིག་པའི་རྩལ་ཡིན་པས། དེར་མ་ཡེངས་པར་བལྟས་དུས། ལུ་གུ་རྒྱུད་ཀྱི་སྣང་བ་ཤར་བ་ཡིན་པས་ན་རིག་པའི་ལྟ་སྟངས་གསུངས་སོ། །རླུང་རིག་གི་གནད་ནི། རླུང་དལ་མོ་བྱེད་དགོས་པ་གོང་དུ་བཤད་པ་ནང་བཞིན་རེད། སོ་མཆུ་མ་རེག་པའི་བར་ནས་རླུང་དལ་མོ་རྒྱུ་བ་རང་གིས་ཀྱང་མི་ཚོར་བ་ཙམ་ཞིག་བྱེད་དགོས། ཁྱད་པར་དུ་རླུང་རྒྱང་རིང་ལ་ཕར་འཕེན་དགོས། དེས་ཅི་ཞིག་ལ་ཕན་ཐོགས་ཡོད་སྙམ་ན། རླུང་དེ་སེམས་ཀྱི་རྟ་ཡིན་པས་རླུང་ཕྱིར་འཕངས་པས་རྟ་ཕར་ཆད། མི་ཚུར་ཆད་དེ། རིག་གདངས་མི་ཞ་བོ་ལྟ་བུ་དེ་རིག་པའི་མ་ལ་ཐིམ། ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཀ་དག་ཆོས་སྐུའི་དགོངས་པའི་རང་བབས་ལ་གནས་པའི་ཕན་ཐོགས་ཡོད་པ་ཡིན། རིག་པའི་གནད་ནི། མིག་མི་འགུལ། སེམས་མ་ཡེངས་པས་དང་པོར་དབྱིངས་སྣང་ཤར། དེ་ནས་ཐིག་ལེ་སྟོང་སྒྲོན་ཤར། དེའི་འཕྲོར་རྡོ་རྗེ་ལུ་གུ་རྒྱུད་བཅས་ཤར་དུས་དབྱིངས་ཀྱི་ར་བ་རུ་རྡོ་རྗེ་ལུ་གུ་རྒྱུད་གཡོ་འགུལ་ཅན་པོ་དེ་འགུལ་འཕྲིག་མེད་པར་མཐར་འཛིན་ཐུབ་དགོས། མཐོང་སྣང་ཕྱི་རུ་འཆར་འཆར་འདྲ་བོ་དེ་རྩ་བ་ནང་ལ་ཐུག་ཡོད། འོ་ན་ཕྱིའི་ནམ་མཁའ་ལམ་དུ་བྱ་དགོས་པ་ཅི་ཡིན་སྙམ་ན། ལས་དང་པོ་བ་རིམ་གྱིས་ལམ་ལ་བཀྲི་བའི་སྦྱང་བ་བྱེད་བདེ་བའི་ཆེད་རེད་མ་གཏོགས། གལ་ཏེ་དངོས་སུ་འོད་ཕྱི་རུ་ཡོད་ན་གཞན་གྱིས་ཀྱང་འདྲ་བར་མཐོང་ཆོག་པ་ལས། མི་གཞན་གྱིས་མི་མཐོང་བ་དེ་རང་གི་ལུས་ཀྱིས་བསྒྲིབས་ཡོད་པས་རེད། རང་གིས་མཐོང་བ་ཅིའི་ཕྱིར་ཡིན་ན་འོད་རྩ་དག་པའི་གསང་ལམ་ནས་ཤར་བས་སྟེ། དཔེ་བཞག་ན་རྒྱ་མཐོངས་ནང་དུ་ཉི་འོད་ཕོག་པ་ལྟར། ཉི་མ་ནམ་མཁར་ཡོད་ཀྱང་ཉི་འོད་རྒྱ་མཐོངས་ནང་དུ་ཕོག་པ་བཞིན་ནོ། །བྱང་ནས་གོམས་ཆ་བརྒྱུད་ན་མིག་བཙུམས་ཀྱང་སྟོང་གཟུགས་འཆར་ཐུབ་པ་ཡིན། འདི་མེ་ལོང་ངོར་རང་གི་གཟུགས་བརྙན་ཤར་བའི་དཔེས་མཚོན་པ་ཡིན། སྙིང་གི་རིག་པ་རང་ཉིད་ཀྱི་བྱད་བཞིན་ལྟ་བུ་དེ། ཕྱིའི་ཡུལ་ན་མེད་ཀྱང་ནང་ན་ཡོད་པ་མཐོང་རྒྱུ་འདི། དམིགས་པ་དག་པའི་འོད་རྩའི་ཡོན་ཏན་གྱི་ཆ་ལས་ཤར་བ་ཡིན། གསར་བ་ཚོས་མིག་གིས་ཟུམ་པའི་ཚུལ་གྱིས་རྫི་མ་གཉིས་ཀྱི་བར་ཕྱོགས་སུ་ཡར་གཏད་དེ་བལྟས་དུས་དང་པོར་དབྱིངས་རྣམ་དག་གི་སྒྲོན་མ་འཆར་དགོས་པ་རེད། དེ་ཅི་འདྲ་བ་ཞིག་ཡིན་ན། མཐིང་ག་ཁྱབ་པ་ཆེན་པོ་དང་ནི། དེ་མཆེད་པའི་སྟོབས་ཀྱིས་ལྔ་ལྡན་འོད་ཀྱི་མུ་ཁྱུད་གཉིས་རིམ་པས་འཆར་བ་ཡིན། སྤྱིར་ན་གང་ཟག་སོ་སོའི་རྩ་ཁམས་ཀྱི་དབང་གིས་འཆར་ལུགས་གཅིག་ཏུ་མ་ངེས་ཀྱང་། ཕྱིའི་ནམ་མཁའ་སྔོན་པོ་འདི་མ་ཡིན་པའི་ནང་རྣམ་དག་དབྱིངས་ཀྱི་སྒྲོན་མའི་གདངས་སྔོ་རེ་བ་ཞིག་གིས་ནམ་མཁའ་ཁེབས་སོང་བ་ལྟ་བུའི་སྣང་བ་ཞིག་ཡོད་ཆོག དེ་དང་པོ་ནས་ཤར་ཐུབ་པ་མིན་ཡང་རིམ་གྱིས་གོམས་དགོས་པ་ཡིན། དེ་རིང་ལག་ཁྲིད་བྱེད་དུས་འདིའི་གོ་རིམ་ཚང་མ་བཤད་དགོས་པས་ཡིན། སྒོ་ཡུལ་རླུང་རིག་གི་གནད་གསུམ་པོས་གཅུན་ཏེ་ནང་རིག་པ་གཞི་ལས་མ་གཡོས་དུས། དེའི་གདངས་འོད་སྣང་ཆར་ཤར་ཐུབ་པ་ཡིན་པ་ལས་གཞན་ཕྱིའི་ནམ་མཁའི་མཐོངས་ལ་ཅེར་བས་ཅི་ཡང་རིག་རྒྱུ་མེད། དེ་མ་དགོས་སྔོན་ཐོན་གྱི་ལག་ཆ་རྒྱང་ཤེལ་སྤུས་ལེགས་ཤིག་ཚད་ནས་བལྟས་ཀྱང་རིག་འོང་རྒྱུ་ཞིག་མེད་པ་ཡིན། དེའི་ཕྱིར་ན་ཐོད་རྒལ་མིག་གི་རྗེས་སུ་སེམས་སོང་ནས་ཉི་ཟླ་མར་མེའི་རྟེན་ཙམ་བྱས་པར་བལྟ་མ་ཤེས་དུས་མིག་ལོང་བའི་རྒྱུ་ཙམ་ལས་ཕན་པ་མེད་པས་དང་པོའི་དུས་སུ་རྐྱེན་རེར་བརྟེན་དགོས་ན་རང་གི་སྒོམ་ཁང་གི་སྐར་ཁུང་གི་དྲ་མའི་འོད་མར་ཁྲིད་དེ་བལྟས་ནའང་ཆོག་ལ། མིན་ན་མཐེབ་མཛུབ་གཉིས་ཀའི་སྦྱོར་བ་བརྒྱུད་དེ་མུན་པའི་རྣལ་འབྱོར་གྱི་ཁྲིད་རིམ་བཞིན་དུ་བསྒོམ་ནའང་གཅིག་གོ །མདོར་ན་འཆར་སྣང་ལ་ཆེད་གཏད་ཀྱིས་མ་བལྟས་ཀྱང་མཐོང་ཐུབ་ལ། རིམ་བཞིན་ཚད་ཕེབས་བརྒྱུད་དེ་ཟད་པའི་མཐར་སྐྱེལ་དགོས། དང་པོ་སྐྱ་ཙིག་ཙིག་འདྲ་བོ་མ་གཏོགས་མི་མཐོང་ཡང་རིམ་གྱིས་མཆེད་པའམ་གནས་འགྱུར་བའི་ཚུལ་གྱིས་བར་སྐབས་ན་འཆར་སྣང་ལ་འདི་མི་འོང་བསམ་རྒྱུ་མེད་པ་དེ་ལྟ་བུའི་ཚད་ལ་ཐོན་རྒྱུ་ཡོད་དོ། །སྤྱིར་རྒྱང་ཞགས་ཆུའི་སྒྲོན་མར་དབྱེ་བ་ཡོད་པའི་ནང་ནས་འོད་གསལ་གྱི་འཆར་སྣང་སྟོང་གཟུགས་མཐོང་བ་དེ། ཡེ་ཤེས་འདུས་པའི་རྒྱང་ཞགས་ཀྱི་ཡུལ་ལས་མཐོང་བའོ། །རྣམ་དག་དབྱིངས་ཀྱི་སྒྲོན་མ་བརྒྱུད་དེ་ཐིག་ལེ་སྟོང་པའི་སྒྲོན་མ་འཆར་ལ། དེའི་མཚན་ཉིད་གོང་བཤད་བཞིན་ཚོན་གང་འོད་ཀྱི་ཐིག་ལེ་གང་ཞིག་རང་གསལ་ཟླུམ་ཞིང་ཟུག་རྔུ་དང་བྲལ་བ་ཞིག་ཡིན། དང་པོར་ཁ་དོག་དམར་སེར་གྱི་མདངས་ཅན་དེ་རིམ་པས་འོད་ལྔའི་ཐིག་ལེ་ཟླུམ་གོར་དུ་འཆར་བ། དེ་ཡང་དཀྱིལ་མཐིང་ག ཀོ་མོག་གི་ཆུ་ནང་དུ་རྡོ་འཕངས་པ་ལྟ་བུ་རི་མོ་ཕྱི་རིམ་ནང་རིམ་གོར་གོར་ཡོད་པ། ཕུབ་ཀྱི་སྦ་སྐོར་ལྟ་བུ་གསུངས་ས་ཡང་ཡོད། གང་ལྟར་གཞི་སྙིང་ན་གནས་དུས། དབྱིངས་འོད་ལྔའི་ནང་ན་ཡོད་པ་རྨ་བྱའི་སྒོ་ང་ལྟ་བུ། འདིའི་གཞི་འདི་གནས་སྐབས་ཀྱི་གཞི། གཞི་ལས་གཞི་སྣང་ཤར་བའི་ད་ལྟ་རིག་པ་སྙིང་ལ་འོད་ཀྱི་གོང་བུར་བཞུགས་དུས་ཀྱི་གཞི་དེ་ཉིད་ལ་གསུངས་པ་ཡིན། ལམ་དབྱིངས་ལ་ཤར་དུས། ནམ་མཁའི་འཇའ་འོད་དང་འདྲ་བ། མཐར་ཕྱིན་དུས། ཁྱུང་ཕྲུག་སྒོང་རྒྱ་ལས་གྲོལ་བ་དང་འདྲ་བར་གསུངས་པས། ཡེ་ཤེས་མ་སྨིན་པའི་དུས་སུ་ཀུན་གྱི་གོ་འབྱེད་སྤྱད་བྱེད་ལ། སྣང་བའི་དུས་སུ་འོད་དུ་ཤར། གོམས་པ་མངོན་དུ་གྱུར་ན་སྐུ་རུ་སྣང་བ་ཡིན་ནོ། །མདོར་ན་རྣམ་དག་དབྱིངས་ཀྱི་སྒྲོན་མ། ནང་ཐིག་ལེ་སྟོང་སྒྲོན་གྱི་སྣང་ཆ་མཐིང་ག་ཁྱབ་པ་ཆེན་པོའི་འོད་དང་དེ་ལས་མཆེད་པ་ལྔ་ལྡན་ཡེ་ཤེས་ཆེན་པོ་ཟ་འོག་གི་བེར་ཆེན་བཀྲམ་པ་ལྟ་བུ་དང་། རྨ་བྱའི་མདོངས་དང་། ཉའི་མིག་དང་། ད་རུང་སྲོག་ཆགས་རྐུན་མོའི་མིག་སོགས་མདོར་ན་འོད་མདངས་ཅན་གྱི་དཔེ་རུ་བཞག་པ་ཡིན་ནོ། །དེ་ལྟ་བུའི་འོད་མདངས་ཀྱི་དབྱིངས་སྣང་དང་རིག་གདངས་རྡོ་རྗེ་ལུག་རྒྱུད་ཤར་བ་རིག་པའི་སྣང་བ་ཡིན། སྟོང་སྒྲོན་ལ་ཐིག་ལེ་ཞེས་བཏགས་པའང་འོད་ལྔའི་ཟླུམ་གོར་གྱི་གྲྭ་ཟུར་མེད་པའི་ཐིག་ལེའམ། གཞི་གནས་རིག་པའི་ཐིག་ལེ་ནས་རང་བྱུང་འབྲས་བུའི་ཐིག་ལེ་སྟེ། གོང་བཤད་བཞིན་ལྔ་ཡོད་པ་ལས་འདི་ཕྱི་མ། མིག་གི་འོད་རྩ་དང་འབྲེལ་ནས་ཤར་བའི་རང་བྱུང་འབྲས་བུའི་ཐིག་ལེ་ཡིན། ཐིག་ལེ་སྟོང་པའི་གནད་ཐམས་ཅད་འདིའི་ནང་དུ་འདུས་པས་ན། སྒྲོན་མ་འབར་བ་ལས། རང་བྱུང་འབྲས་བུ་ཐིག་ལེ་ཡིས། །སངས་རྒྱས་ཀུན་གྱི་དགོངས་པ་རྣམས། །རྩོལ་སྒྲུབ་མེད་པར་དབྱིངས་སུ་ཟླུམ། །ཞེས་གསུངས་སོ། །སྒྲོན་མ་བཞིའི་སྣང་བ་ཐམས་ཅད་ལ་རྡོ་རྗེ་ལུ་གུ་རྒྱུད་འཁོར་དང་བཅས་པ་གསུངས་ནས་ལུག་རྒྱུད་ཀྱི་མིང་གཅིག་གིས་ཐམས་ཅད་མཚོན་དུས་ཀྱང་ཡོད་ལ། གང་ལྟར་དབྱིངས་རིག་ཟུང་འཇུག་གི་སྣང་ཆ་ཡིན་ནོ། །ཤེས་རབ་རང་བྱུང་གི་སྒྲོན་མ་རྟེན་གང་ལ་བརྟེན་ནས་གནས་ཤེ་ན། རང་བྱུང་གི་ཡེ་ཤེས་ལ་ལྡན་པ་དང་ལྡན་ཆོས་ཀྱི་ཚུལ་དུ་གནས་སོ། །སྒོ་གང་དུ་འཆར་ན་འདི་དཀའ་གནད་ཅིག་ཡིན། དེ་ཡང་ཤེས་རབ་ངོ་མ་དེ། ཤེས་པས་ཡུལ་རིག་ཅིང་རྟོག་པར་མ་སྐྱེས་པའི་གསལ་བ་དེ་ལ་ངོས་མི་འཛིན་ཐབས་མེད་ཡིན། དེ་ལྟ་ན་སྒོ་དབང་པོ་ལྔ་རེད། དབང་པོ་སྒོ་ལྔའི་རྟོག་མེད་ཀྱི་ཤེས་པ་དེ་སེམས་མིན་ནམ་ཞེ་ན། དབང་ཤེས་རྟོག་བྲལ་སེམས་ཡིན་ན་ཡང་། རང་བྱུང་ཡེ་ཤེས་ཀྱི་ཆ་གསལ་རིག་རྟོག་མེད་གང་ལའང་མི་འཛིན་པ་ཞིག་ཡོད་པ་དེ་ཤེས་རབ་ལ་ངོས་བཟུང་བ་ཡིན། ཤེས་རབ་ཀྱི་དབྱེ་བའི་སྐབས་སུ་འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཅེས་ཐོས་བསམ་སྒོམ་གསུམ་གྱི་ཤེས་པའི་རང་དུས་དེ་ལ། རྟོག་བྱེད་སེམས་ཀྱི་ཆ་མ་ཡིན་པའི་ཡེ་ཤེས་རང་བཞིན་གྱིས་གསལ་བའི་ཆ་ཞིག་ཡོད་པ་དེ་ལ་ངོས་འཛིན་ཤེས་པ་འདི་ཚོ་གནད་ཆེ་སའི་དཀའ་གནད་ཀྱི་སྒྲོག་འགྲོལ་ཡིན་ནོ། །མདོར་ན་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དེ་སྙིང་ན་གནས། རྩལ་གྱིས་ལུས་ལ་ཁྱབ་ཅིང་ཡུལ་ལ་འཕྲོ། གདངས་རྡོ་རྗེ་ལུ་གུ་རྒྱུད་དུ་ཤར་བ་ཡིན་པ་དེ་ལྟར་ཤེས་དགོས་སོ། །དེ་ལྟ་བུ་དབྱིངས་རིག་གི་སྣང་བ་དེ། དང་པོ་འདབ་ཆགས་འཕུར་སྐྱེན་ལྟ་བུ་ཞེས། བྱ་ནམ་མཁའ་ནས་འཕུར་བ་ལྟ་བུའི་མགྱོགས་ཚད་ཅན། དེ་རིམ་པས་ནང་གི་རླུང་རིག་དལ་རིམ་བཞིན་རི་དྭགས་རྩིབས་ནས་རྒྱུག་པ་ལྟར་ཅུང་ཟད་དལ་བ། དེ་འཕྲོར་བུང་བ་བཅུད་ལ་འཁོར་བ་ལྟ་བུ་དང་། དེ་འཕྲོར་སྨིག་རྒྱུ་དང་། དེ་ནས་འགུལ་འཁྲིགས་ཡོད་ཙམ། དེ་ནས་མཐར་དོན་ལ་མ་ཡེངས་པའི་ཚོད་ཀྱིས་ལྡེམ་བཞིན་པ་དང་མེར་བའི་རྣམ་པ་ཅན། དེ་ལྟར་དོན་ལ་ཇེ་བརྟན་དུ་གྱུར་ནས་ཐིག་ལེ་སྐུ་དང་ཚོམ་བུའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་རྣམ་པ་ཅན་དུ་འཆར་ཐུབ་པོ། །སྣང་བ་འཆར་ཚུལ་ལའང་། དང་པོ་དམར་སེར་ཟླུམ་པོ་ནས་ཕྱི་ནས་འོད་ལྔའི་མུ་ཁྱུད་དང་། སྒྲོན་མ་མེ་ལོང་ཙམ། འོད་རེ་ལྡེ་ཙམ། ཐིག་ལེ་མཁར་ཕོར་ཙམ་སྣང་རྒྱུ། དེ་ནས་རིམ་པར་སྐུ་དང་བཅས་པའི་མཆེད་ལུགས་དེ་ལྟར་ཡོད་ཚུལ་ཡང་གསུངས་ཡོད། དོན་བསྡུ་ན་ཡེ་ཤེས་རྫོགས་པའི་སྣང་བ་དབྱིངས་དང་། ཆོས་ཉིད་དག་པའི་སྣང་བ་རིག་པ། ཐིག་ལེ་སྨིན་པའི་སྣང་བ་སྐུ་རུ་ཤར་བ་ནས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཚད་ལ་ཕེབས་པ་ཚེས་བཅོ་ལྔའི་ཟླ་བ་ལྟ་བུ་ནས། སླར་ཆོས་ཉིད་ཟད་པའི་སྣང་བ་ཀ་དག་ཆེན་པོ་ནང་དབྱིངས་སུ་གཞི་ཐིམ་རེད་རྒྱུའི་གོ་དོན་དེ་ལྟར་རེད། དེ་དང་ཆབས་ཅིག་འདིའི་ངོ་སྤྲོད་ཚང་མ་དེ་རིང་གི་རིག་པའི་རྩལ་དབང་དང་བསྟུན་ཏེ་ཚར་གཅིག་དལ་འདོན་བྱས་ནས་འགྲོ། ཆོས་ཁྲིད་རྗེས་མར། ཡང་བསྐྱར་ངོ་སྤྲོད་ཀྱི་ཚིག་དེད་དེ་ཁྲིད་ཀྱི་ལུགས་བྱས་ཏེ་བཤད་རྒྱུ་ཡིན། ད་འདིའི་མཚམས་ནས་བདེ་བར་ཞལ་རང་ལུགས་སུ་འཁོར་ཏེ་ཕྱག་དཔེ་མི་གཟིགས་པར་མཉམ་བཞག་མཛད་དགོས། དེ་ནས་བླ་མས་ངོ་སྤྲོད་འདི་ལྟར་གདབ་གསུངས་པའི་མཚམས་ནས་མར་ངས་འདོན་འགྲོ་དུས་ཁྱེད་རྣམས་ཀྱིས་གསན་བཞིན་དོན་ལ་གཞོལ་གནང་མཛོད། ཀྱེ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཚུར་ཉོན་དང་། །དེ་ཡང་འོ་སྐོལ་རྣམས་ཀྱི་ཙིཏྟ་ཡི། །གསང་བའི་སྦུབས་ན་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་དང་དབྱེར་མེད་རིག་པའི་ཡེ་ཤེས་ཉིད། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ཡི། །གདོད་མའི་མགོན་པོ་འོད་མི་འགྱུར་བ་ཞེས། །ངོ་བོའི་ཆ་ནས་སྟོང་ཞིང་བདག་མེད་པ། །རང་བཞིན་ཆ་ནས་འགག་པ་མེད་པར་གསལ། །ཐུགས་རྗེའི་རྩལ་ལས་སྐུ་དང་ཡེ་ཤེས་སུ། །དབྱེར་མེད་ནང་གསལ་བུམ་ནང་མར་མེ་ལྟར། །གསལ་བའི་འོད་གདངས་ཀ་ཏི་ཤེལ་སྦུགས་ཀྱི། །འོད་རྩའི་ནང་བརྒྱུད་རྒྱང་ཞགས་ཆུའི་སྒྲོན་མ། །མིག་གཉིས་སྒོ་རུ་འཐོན་ནས་ནམ་མཁའ་ལ། །འཇའ་ཚོན་ལྟ་བུར་ཤར་བ་དེ་ཉིད་ནི། །དབྱིངས་ནི་རྣམ་པར་དག་པའི་སྒྲོན་མ་ཡིན། །དེ་ཡི་ནང་དུ་དཔེར་ན་ཀོ་མོག་གི། །ཆུ་ལ་རྡོ་བསྐྱུར་རི་མོ་ལྟ་བུའམ། །རྨ་བྱའི་མདོངས་ལྟར་ཁ་དོག་ལྔ་ལྡན་གྱི། །ཐིག་ལེ་ཟླུམ་པོ་ཐིག་ཕྲན་བཅས་པ་འཆར། །དེ་ཉིད་ཐིག་ལེ་སྟོང་པའི་སྒྲོན་མ་ཡིན། །དབྱིངས་དང་ཐིག་ལེའི་ནང་དུ་རྟ་རྔ་ལ། །མདུད་པ་བཏབ་འདྲ་མེ་ཏོག་ཆུན་པོ་དང་། །མུ་ཏིག་དྲྭ་བ་ལྕགས་ཐག་འདྲ་བ་སོགས། །ཁ་དོག་སྔོན་པོ་སྦྲང་ཆར་འབབ་བཞིན་འཆར། །དེ་ཉིད་རྡོ་རྗེ་ལུག་རྒྱུད་ཅེས་བྱ་ཡིན། །ཀློང་ཆེན་མཛོད་བདུན་ངོ་སྤྲོད་སྐབས་ཤིག་ཏུ། །འོད་གསལ་སྤྱི་ལ་རྡོ་རྗེ་ལུག་རྒྱུད་ཅེས། །སྤྱི་སྡོམ་ཚིག་ཏུ་བཤད་པའང་ཡོད་པ་ཡིན། །དེ་དག་རྣམས་ལ་མ་ཡེངས་བལྟས་པའི་ཚེ། །ཀ་དག་ལྷུན་གྲུབ་གཉིས་སུ་མེད་པ་ཡི། །ཤེས་པ་གསལ་སྟོང་མི་རྟོག་ཡེ་ཤེས་དེ། །ཤེས་རབ་རང་བྱུང་སྒྲོན་མ་ཞེས་བྱ་ཡིན། །ཨེ་མ་ཧོ། དང་པོ་སྐུ་ལྔའི་ངོ་སྤྲོད་རིམ་པ་ནི། །འོད་གསལ་སྣང་བ་འདི་རྣམས་ཐམས་ཅད་ནི། །སྐུ་ལྔར་མཚོན་ཏེ་རིག་པའི་ཡེ་ཤེས་ཉིད། །འོད་གསལ་ཆེན་པོར་གསལ་བས་རྣམ་སྣང་སྐུ། །འཕོ་འགྱུར་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། །དེ་ཉིད་འཕེལ་དང་བཅས་པ་རིན་འབྱུང་སྐུ། །འོད་གསལ་མཐའ་དབུས་མེད་པས་སྣང་མཐའི་སྐུ། །འོད་ལྔ་ལྷུན་གྲུབ་ཤར་བ་དོན་གྲུབ་སྐུ། །རིགས་ལྔའི་སངས་རྒྱས་ལྷ་ཞལ་མཐོང་བའོ། །དེ་ཉིད་གཟུང་འཛིན་ཞེན་པས་མི་བཅིངས་པར། །གསལ་སྟོང་འཛིན་མེད་ཉིད་དུ་བསྒོམ་པ་ལམ། །རིགས་ལྔའི་སྐུ་རྣམས་མཐོང་དུས་འབྲས་བུའོ། །གཉིས་པ་ཡེ་ཤེས་ལྔ་ཡི་ངོ་སྤྲོད་ནི། །འོད་གསལ་དེ་ཉིད་དྲི་མ་དང་བྲལ་ཞིང་། །སྐུ་རྣམས་ཀུན་གྱི་འཆར་གཞི་བྱེད་པས་ན། །མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །གང་དུའང་དབྱེར་མེད་མཉམ་ཉིད་ཡེ་ཤེས་སོ། །སོ་སོར་འཆར་བས་སོར་རྟོག་ཡེ་ཤེས་སོ། །ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས་སོ། །དེ་རྣམས་གཞི་མེད་ཡེ་སྟོང་རྩ་བ་དང་། །བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རིག་པ་ཡེ་ཤེས་ལྔ་ཡི་རང་བཞིན་དུ། །ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའོ། །དེ་ཡི་ངང་ལ་ས་ལེར་བསྒོམ་པ་ལམ། །སྟོང་ཉིད་འོད་དུ་གསལ་བ་འབྲས་བུའོ། །གསུམ་པ་རིགས་ལྔའི་ངོ་སྤྲོད་རིམ་པ་ནི། །འོད་གསལ་དེ་ཉིད་དེ་བཞིན་གཤེགས་པ་རྣམས། །གཤེགས་ལམ་ཡིན་པས་དེ་བཞིན་གཤེགས་པའི་རིགས། །འོད་གསལ་འཕོ་འགྱུར་མེད་པ་རྡོ་རྗེའི་རིགས། །ཡོན་ཏན་དུ་མ་འབྱུང་བས་རིན་ཆེན་རིགས། །སྣང་བ་སྐྱོན་གྱིས་མ་གོས་པདྨའི་རིགས། །དེ་ལ་གོམས་ན་ལྷག་མེད་འགྲུབ་པས་ན། །ལས་ཀྱི་རིགས་ཏེ་ཝ་ལེར་བསྒོམ་པ་ལམ། །མཐར་ཕྱིན་ཕྱིར་མི་ལྡོག་པའི་འབྲས་བུའོ། །བཞི་པ་འོད་ལྔའི་ངོ་སྤྲོད་རིམ་པ་ནི། །འོད་གསལ་དེ་རྣམས་དྲི་མ་མེད་པས་དཀར། །རྩལ་མ་འགགས་པས་སེར་པོ་རང་བཞིན་དུ། །རང་གསལ་སྣང་བས་དམར་པོ་བྱ་བ་དང་། །བྲལ་བས་ལྗང་གུ་འགྱུར་བ་མེད་པས་མཐིང་། །ཁ་དོག་སྣང་འཛིན་བྲལ་བ་བསྒོམ་པ་ལམ། །འབྱུང་ཁམས་དབྱིངས་སུ་དག་པ་འབྲས་བུའོ། །ལྔ་པ་རླུང་ལྔའི་ངོ་སྤྲོད་རིམ་པ་ནི། །འོད་གསལ་སྣང་བ་འདི་རྣམས་ཐམས་ཅད་ནི། །ཡེ་ཤེས་དྲོད་དང་མ་བྲལ་མེ་མཉམ་རླུང་། །འཁོར་འདས་སྣང་ཆ་འཛིན་པ་སྲོག་འཛིན་རླུང་། །དེ་ལ་གོམས་པས་འཁོར་བ་མྱང་འདས་གཉིས། །སོ་སོར་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། །དག་དང་མ་དག་ཀུན་ལ་ཡེ་ཤེས་ཀྱི། །འོད་ལྔ་དེ་ཡིས་ཁྱབ་པའི་ཁྱབ་བྱེད་རླུང་། །དེ་ཉིད་ཉམས་བླངས་འཁོར་བའི་སྲོག་བཅད་ནས། །མྱ་ངན་འདས་པའི་ས་རུ་སྐྱེལ་བས་ན། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་། །དེ་ཡི་ངང་ལ་མ་བཅོས་བསྒོམ་པ་ལམ། །མཐའ་རུ་ཕྱིན་དུས་མཐར་ཐུག་འབྲས་བུའོ། །དྲུག་པ་ཤེས་རབ་ལྔ་ཡི་ངོ་སྤྲོད་ནི། །འོད་གསལ་རྟོགས་དང་མ་རྟོགས་ཁྱད་པར་ལས། །འཁོར་བ་མྱང་འདས་གཉིས་སུ་འབྱེད་པས་ན། །འབྱེད་པའི་ཤེས་རབ་འོད་གསལ་ཡེ་ཤེས་ཀྱི། །རྩལ་སྣང་སྡུད་པས་སྡུད་པའི་ཤེས་རབ་དང་། །འོད་སྣང་འགྲོ་འོང་དང་བཅས་བསྐྱོད་པས་ན། །བསྐྱོད་པའི་ཤེས་རབ་དེ་ཉིད་དོན་རྟོགས་ན། །འཁོར་བ་ལས་སྒྲོལ་སྒྲོལ་བའི་ཤེས་རབ་སྟེ། །དེ་ཡིས་ངང་ལ་རྒྱུན་དུ་བསྒོམ་པ་ལམ། །མཐའ་རུ་ཕྱིན་དུས་མཐར་ཐུག་འབྲས་བུའོ། །བདུན་པ་མཁའ་འགྲོ་ལྔ་ཡི་ངོ་སྤྲོད་ནི། །འོད་གསལ་མཐིང་ཀ་སངས་རྒྱས་མཁའ་འགྲོ་དང་། །དཀར་པོ་རྡོ་རྗེ་མཁའ་འགྲོ་སེར་པོ་ནི། །རིན་ཆེན་མཁའ་འགྲོ་དམར་པོ་པདྨ་ཡི། །མཁའ་འགྲོ་ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ། །མཁའ་འགྲོ་ལྔ་ཡི་ལྷ་ཞལ་མཐོང་བ་ཡིན། །དེ་ཡི་ངང་ལ་མ་ཡེངས་བསྒོམ་པ་ལམ། །སྣང་བ་མཐའ་རུ་ཕྱིན་དུས་འབྲས་བུའོ། །བརྒྱད་པ་མཆོག་གསུམ་སྐུ་གསུམ་ངོ་སྤྲོད་ནི། །འོད་གསལ་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །འོད་དང་ཐིག་ལེ་འཆར་བ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཆར་ཞིང་འཕྲོ་བ་སྤྲུལ་པའི་སྐུ། །ཡེ་ནས་སྐུ་གསུམ་འབྲལ་མེད་རང་ཉིད་ལ། །གནས་པ་ད་ལྟར་རང་ངོ་ཤེས་པ་ཡིན། །དེ་ལ་གོམས་ནས་སྐུ་གསུམ་ལམ་སྣང་དུ། །ཤར་ནས་མཐར་ཐུག་གཞོན་ནུ་བུམ་པའི་སྐུ། །བརྙེས་དུས་དོན་གྱི་འབྲས་བུ་ཐོབ་པའོ། །དཀོན་མཆོག་གསུམ་ཡང་རང་ལ་ཡེ་ནས་གནས། །ཆོས་ཉིད་མ་འཁྲུལ་གཞི་ཡི་སངས་རྒྱས་དང་། །སྒྲ་ཚིག་ལས་འདས་དོན་གྱི་དམ་པའི་ཆོས། །འགྱུར་མེད་གནས་པ་སྙིང་པོའི་དགེ་འདུན་ཏེ། །གནས་ལུགས་དོན་དམ་རྡོ་རྗེའི་སྐྱབས་འགྲོ་དང་། །འབྲལ་མེད་ངང་ནས་སྣང་བ་བཞི་པོ་ལ། །སྤྱོད་པ་ཡིན་ནོ་སྐལ་ལྡན་རིགས་ཀྱི་བུ། །འོད་གསལ་ཡེ་ཤེས་སྣང་ཆ་འདི་ཉིད་ནི། །བློ་ཡིས་བཏགས་ཤིང་རྩ་རླུང་འཛིན་རྩོལ་གྱི། །རྐྱེན་ལས་བྱུང་བའི་ཤེས་ཉམས་སྟོང་གཟུགས་ཀྱི། །འཁྲུལ་སྣང་རབ་རིབ་མ་དེ་མ་ཡིན་པར། །གདོད་ནས་གྲུབ་པའི་ཆོས་ཉིད་མངོན་སུམ་གྱི། །ཉམས་སྣང་མི་བསླུ་བ་དེ་མཐོང་བ་ཡིན། །དཀྱིལ་འཁོར་འདི་ཡིན་བསྐྱེད་བཟླས་རྫོགས་རིམ་འདི། །བླ་མ་ཡི་དམ་མཁའ་འགྲོ་འདི་ཡིན་ནོ། །དབང་དང་སྡོམ་པ་དམ་ཚིག་འདི་ཉིད་ཡིན། །འདི་ཉིད་ཉམས་སུ་ལེན་པ་སྐལ་བ་བཟང་། །དེ་ལྟར་སྣང་བ་དེ་རྣམས་ཀུན་རྫོབ་ཀྱི། །སྣང་ཚུལ་འཇིག་པའི་ཆོས་སུ་ཡེ་མེད་དེ། །དོན་དམ་འདུས་མ་བྱས་ཀྱི་ཆོས་ཉིད་དོ། །འདི་ཉིད་བྱས་ཤིང་གོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་རང་ལ་གནས་པ་ཡིན། །རིག་གདངས་སྒྲོན་མའི་སྣང་བ་འདི་ཉིད་ལ། །ས་ཆུ་མེ་རླུང་འབྱུང་བཞིའི་དགྲ་ཡིས་ཀྱང་། །འདི་ཉིད་གཞིག་ཅིང་གཞོམ་དུ་ནུས་མ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་ཉིད་ཀྱིས་ཀྱང་། །འདི་ཉིད་ཡེ་ནས་སྒྲིབ་པ་མ་ཡིན་ནོ། །ཡེ་ནས་མ་བྱས་རང་བྱུང་རང་ཤར་བའི། །སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་གྱི། །དཀྱིལ་འཁོར་མཐོང་བ་ཡིན་པས་བསྒོམ་པ་ལ། །བརྩོན་པར་གྱིས་ཤིག་སྐལ་ལྡན་སྙིང་གི་བུ། །དེ་ནས་སློབ་མ་སྤྲོ་བ་བསྐྱེད་པ་ནི། །སྐལ་ལྡན་བུ་རྣམས་འདི་ལྟར་མཐོང་བ་འདི། །རང་བྱུང་རིག་པ་ཐིག་ལེ་ཉག་གཅིག་གི །ཆོས་ཉིད་མངོན་སུམ་སྣང་བ་ཞེས་བྱ་ཡིན། །བླ་མ་སངས་རྒྱས་བྱང་སེམས་ཡི་དམ་དང་། །མཁའ་འགྲོ་སོགས་ཀྱི་ལྷ་ཞལ་མངོན་སུམ་དུ། །མཐོང་བ་ཞེས་ཀྱང་བྱ་སྟེ་བསོད་ནམས་དང་། །ཡེ་ཤེས་ཚོགས་གཉིས་རྫོགས་པ་ཞེས་བྱའོ། །དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི། །དབང་རྣམས་དུས་གཅིག་ཐོབ་པ་ཞེས་བྱའོ། །རིག་པའི་རྩལ་དབང་ཐོབ་པ་ཞེས་བྱའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡེ་ཤེས་ལྔ། །མངོན་དུ་གྱུར་པ་ཞེས་ཀྱང་བྱ་བའོ། །ལས་དང་བག་ཆགས་སྡིག་སྒྲིབ་མ་རིག་པ། །ཐམས་ཅད་དག་པ་ཞེས་ཀྱང་བྱ་བའོ། །ལས་དང་སྐལ་བར་ལྡན་པ་ཞེས་བྱའོ། །དེ་རིང་ཉིད་ནས་ཀུན་བཟང་རིགས་ལྔ་དང་། །སྐལ་བ་མཉམ་པ་ཞེས་ཀྱང་བྱ་བའོ། །བུ་ཁྱོད་དེ་རིང་རྙེད་པ་ཆེན་པོ་རྙེད། །རིག་པའི་རྩལ་གྱི་དབང་ཆེན་འདི་ཐོབ་པས། །སངས་རྒྱས་སུམ་སྟོང་མང་པོའི་ཞལ་མཐོང་ངོ་། །ད་ནས་མངལ་གྱི་གྲོང་ཁྱེར་རྒྱུན་ཆད་ནས། །ཐར་བའི་ལམ་སྣ་ཟིན་པ་ཡིན་ནོ་བུ། །དེ་ལྟ་ནའང་བྱང་ཆུབ་སེམས་དཔའ་ཉིད། །ས་བཅུ་རིམ་གྱིས་བགྲོད་པ་རྣམས་ཀྱིས་ཀྱང་། །དེ་བཞིན་གཤེགས་པའི་ཁམས་ཀྱི་ཡོན་ཏན་ཀུན། །མཐའ་དག་མངོན་སུམ་མཐོང་བ་མ་ཡིན་ཕྱིར། །ཁྱོད་ཀྱིས་ད་ལྟ་མངོན་སུམ་མཐོང་བ་ཡིན། །ཉམས་སུ་བླངས་ན་སྔར་གྱི་བཤད་པ་ཡི། །ཞིང་ཁམས་ལྔ་བོ་ཚེ་འདིར་མངོན་སུམ་དུ། །མཐོང་ནས་སངས་རྒྱས་ཞིང་ལ་སྤྱོད་ནུས་པའི། །དེ་རིང་ནས་བཟུང་སྣང་བཞིའི་ཡོན་ཏན་ཀུན། །མཐར་ཐུག་བར་དུ་ཉམས་ལེན་བྱས་ནས་ཀྱང་། །ཆོས་ཟད་བྱང་ཆུབ་ས་ལ་རེག་པར་མཛོད། །ཅེས་པ་ལ་སོགས་སྤྲོ་བ་བསྐྱེད་པ་དང་། །བཀྲ་ཤིས་རིན་ཆེན་ཕྲེང་བའི་ཤིས་པ་བརྗོད། །ཅེས་གསུངས་ནས་ངོ་སྤྲོ་སྤྲོ་བ་བསྐྱེད་པ་དང་བཅས་པ་སོང་སྟེ། ཚིག་གི་སྟེང་ནས་ཆོས་ཁྲིད་རྗེས་མར་ཁྲིད་རྒྱུ་བྱེད་ན་ཆོག་གི འདིའི་མཚམས་ནས་མཆོག་གསུམ་གྱི་བཀྲ་ཤིས་ཤིག་བརྗོད་ནས། རིན་ཆེན་འཕྲེང་བའི་ཤེས་པ་བརྗོད་པ་དེས་འགྲུབ་རྒྱུ་བྱེད། ཨོཾ་ཡེ་དྷརྨ་སོགས། སྟོན་པ་སངས་རྒྱས་རྣམས་ཀྱིས་སོགས་ནས་བཀྲ་ཤིས་ཤོག ཌཱ་དྲིལ་བཅས། ཧོ་གདོད་མོའི་མགོན་པོ་ཀུན་བཟང་འོད་མཐའ་ཡས། སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་རྡོ་རྗེ་སེམས། །དབྱེར་མེད་རིག་འཛིན་བླ་མའི་བྱིན་རླབས་ཀྱིས། །དགོངས་བརྒྱུད་འཕོ་བ་ཐོབ་པའི་བཀྲ་ཤིས་ཤོག །སྒྲིབ་གཉིས་དབང་འཛིན་འཆིང་བ་དབྱིངས་སུ་ཞི། །ཀ་དག་ལྷུན་གྲུབ་དབྱེར་མེད་རྟོགས་པ་ཡིས། །རང་སྣང་དབང་བསྡུས་རླུང་སེམས་དབུ་མར་བསྒྲལ། མཆོག་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །ཌཱར་དྲིལ་འུར་བཅད། དེ་ཡན་ཆོད་ཀྱིས་རིག་པའི་རྩལ་དབང་བསྐུར་བ་དམ་པ་གོང་མའི་ཕྱག་བཞེས་ཀྱི་ལུགས་ལྟར་དུ། རྒྱུད་ཀྱི་དགོངས་དོན་མན་ངག་གིས་བཀྲལ་བ་ཐམས་ཅད་ཀྱི་བཞེད་པ་དང་མཐུན་པ་ཞིག་བྱས་ནས་ཡོངས་སུ་ཆ་ཚང་བར་གྲུབ་པ་རེད། མོས་གུས་ཅན་ལ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ་དང་ནི། བརྩོན་འགྲུས་ཅན་ལ་ཉམས་ལེན་སྒོམ་པའི་ལུགས་ཀྱིས་ངོ་སྤྲད་པའི་ཚུལ་ཅན་གཉིས་ཀ་དེས་སོང་ནས། ཤེས་རབ་ཅན་ལ་ལྟ་ཐོག་ནས་ངོ་སྤྲད་པ། ད་ལྟ་གོང་ནས་བཤད་པའི་འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཐོས་བསམ་སྒོམ་པས་དབྱེ་མཚམས་འབྱེད་རྒྱུ་རེད། དེའི་ཚུལ་གོང་གི་ངོ་སྤྲོད་ཀྱི་ཚིག་རྣམས་ཆོས་ཁྲིད་རྗེས་མར་སླར་ཡང་ཚིག་རེ་བཞིན་དོན་དང་སྦྲེལ་ནས་འགྲེལ་བ་འབྲུ་ནོན་གྱི་ཚུལ་དུ། སྨིན་གྲོལ་གཉིས་ཀའི་བབས་རིམ་དང་ཡང་མཐུན་པ་ཞིག་གིས་གྲོལ་བྱེད་ཁྲིད་ཀྱི་ཚུལ་དུ་རྗེས་ནས་བཤད། དེ་ལྟར་ན་རིག་པའི་རྩལ་དབང་བསྐུར་བའི་དགོས་དོན་དང་། དེའི་ནང་དོན་གྱི་གནད་ངོ་མ་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། དེའི་དོན་སྐོར་གྱི་གསལ་འདེབས་རགས་བསྡུས་ཤིག་སླར་ཡང་ཞུས་ན། ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོའམ། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་རིག་པ་སྟོང་གསལ་འགག་མེད་ཀྱི་རིག་ཆ་རྗེན་ལ་ཕུད་པའི་ཉམས་ལེན་དེ་ཉིད་ཡར་ན་སྨིན་པ་དང་མཉམ་དུ་བསྐྱེད་རིམ་སྔོན་སོང་གི་སྒྱུ་ལུས་ལྷ་སྐུར་ལྡང་བ་སོགས་ལ་མི་ལྟོས་པར། ཐོད་རྒལ་ཉམས་ལེན་ལ་གོམས་པའི་སྟོབས་ཀྱིས་ལུག་རྒྱུད་ལྷ་སྐུར་སྨིན་པའི་ཕྱིར་ན། འདི་ལ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་བྱེད་ལས་ཚང་ཞིང་མཚན་ཉིད་རྫོགས་པ་ཡིན་པས་ན། ལྷ་སྐུའི་སྣང་ཆ་ཐམས་ཅད་དངོས་སུ་གྲུབ་པའི་ཡེ་ཤེས་ཀྱི་སྐུར་སྨིན་རྒྱུ་ལ་སོགས་པ། འདིའི་ཡོན་ཏན་ཐམས་ཅད་རིག་པའི་རྩལ་དབང་ཐོབ་པ་ལ་རག་ལས་ཡོད། དེ་ཡིན་ན་རིག་པའི་རྩལ་དབང་གི་ནང་དོན་དངོས་དེ་ཇི་ལྟར་ཡིན་སྙམ་ནས་འདང་ཞིག་བརྒྱབ་ན། མ་འོང་རང་ཉིད་སངས་རྒྱས་དུས་ཀྱི་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་ཀྱི་རྩལ་དང་། ཤིན་ཏུ་རྣམ་པར་དག་པའི་ལོངས་སྤྱོད་ཟད་མི་ཤེས་པ། དེ་དང་མཐུན་པའི་འཁོར་དང་གཟི་བརྗིད་ལ་སོགས་པ། གཟུགས་སྐུའི་ཕུན་ཚོགས་ཐམས་ཅད་པོ། གློ་བུར་སྒྲིབ་བྱེད་ཀྱིས་ད་ལྟའི་གནས་སྐབས་སུ་མངོན་དུ་གྱུར་མ་ཐུབ་པ་མ་གཏོགས། ཡིན་རྒྱུ་རང་ལ་ཡོད་པའི་ད་ལྟའི་རིག་པ་འདི་ཉིད་ཀྱི་རྩལ་ལམ་ནུས་པ་ལས་འབྱུང་བ་ཞིག་ཡིན་པ་དེ་བསྟན་པ་རེད། དེ་ལྟ་ན་ནང་གསལ་གནས་ཚུལ་གྱི་དབང་དུ་བྱས་ནས་བཤད་ན། དེའི་འབྲས་ཆོས་དེ་དག་ཐམས་ཅད་ད་ལྟ་ནས་རང་ལ་རང་ཆས་སུ་བཞུགས་ཡོད་པ། རིག་པའི་རྩལ་དབང་གིས་དེ་ཉིད་གཏན་ལ་འབེབས་གྱིན་ཡོད་པ་རེད། གཏན་ལ་འབེབས་པ་ཙམ་གྱིས་མ་ཚད་པར་རིག་པ་སྐུ་གསུམ་གྱི་དཀྱིལ་འཁོར་དུ་དངོས་སུ་ཞུགས་ནས་སྨིན་པར་བྱེད་པའི་བྱིན་བརྒྱུད་ཀྱི་རྩལ་དབང་གིས་སྨིན་ཅིང་སད་པར་བྱས་པ་རེད། སྤྱིར་ན་ཀུན་རྟོག་དང་ལས་རླུང་གཡོ་བའི་གདངས་དེ་མར་ཞི་སོང་དུས། དེ་དང་མཉམ་དུ་འོད་གསལ་གྱི་རླུང་སེམས་སམ། རླུང་རིག་དེ་ནུས་པ་ཡར་ཇེ་ཆེར་ཡོང་བ་ཆོས་ཉིད་ཡིན། ཁྱད་པར་དུ་རིག་པའི་རྩལ་དབང་གི་ཟབ་གནད་ངོ་ཤེས་བཞིན་པས་ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་གྱི་མཉམ་བཞག་བསྐྱངས་ན། སྙིང་གའི་གཞོན་ནུའི་བུམ་སྐུའི་སྟེང་ན། དབྱིངས་ཐིག་རིག་གསུམ་གྱིས་བསྡུས་པའི་རྡོ་རྗེ་གསུམ་སྐྱེད་བྱེད་ཀྱི་ནུས་པ་གཞི་ལ་ཡོད་པ་དེ། རིམ་གྱིས་ཇེ་ཆེ་ཇེ་འཕེལ་དུ་བཏང་སྟེ་ཅི་ཙམ་འཕེལ་བ་དང་ལྷན་དུ་མི་ཤིགས་འོད་ལྔའི་ལང་ཚོའང་དེ་བཞིན་བཀྲག་མདངས་ལྷག་པར་འབར་གྱིན་ཡོད། དེ་འབར་བའི་མཐུས་ལུས་ཀྱི་རྩ་གནས་གཞན་གྱི་ཡེ་ཤེས་ཀྱི་རླུང་ཐམས་ཅད་ཀྱང་ནུས་པ་ཇེ་ཆེར་སོང་བར་བསྟུན་ཏེ། རིག་གདངས་ཀྱི་ཐིག་ལེ་ཇེ་གསལ་དང་། ལུག་རྒྱུད་ཀྱི་འགུལ་འཕྲིག་ཇེ་བརྟན། ལྷ་སྐུའི་རྣམ་པ་ཇེ་མངོན། རིག་རྩལ་གྱི་ཤེས་རབ་ཇེ་རྣོ། དེ་བཞིན་དུ་འོད་གསལ་གྱི་གཏིང་ཇེ་མཐུག་ལ་འགྲོ་བའོ། །རིག་པའི་རྩལ་དབང་དང་སྦྲགས་པའི་སྣང་བ་དེས་སྒྲོན་མ་ལྷག་པར་སྡུད་སྟོབས་ཆེ། ཅིའི་ཕྱིར་ཞེ་ན། དབྱིངས་སྣང་ལ་གོམས་པ་མྱུར་བའི་སྟོབས་ཀྱིས་འོད་གསལ་ནང་ནས་སད་དེ་ཉི་མ་དང་ཟླ་བའི་ཟེར་གྱི་འཆར་སྡུད་དང་། མར་མེའི་འོད་སོགས་ཀྱི་རྟེན་དང་། མིག་ཕྱེ་བཙུམ་གྱི་བྱེད་པ་ལའང་མི་ལྟོས་པར། གནམ་མ་དྭངས་ཉི་མའང་མ་དྲོ་ན་སྒོམ་ཐབས་མེད་པ་མིན་པར། སྟོང་གཟུགས་ཐམས་ཅད་ནང་རྒྱང་ཞགས་ཀྱི་སྒྲོན་མའི་སྦུབས་སུ་འཆར་ཡོང་བ་ཡིན། གནད་དེ་མ་ཤེས་ནས་ཁ་གནམ་ལ་གདང་སྟེ་འོད་ལ་ཅེ་རེ་བལྟས་པས་ལྷག་པར་ཐོད་རྒལ་གྱི་སྣང་བ་ལ་བརྟེན་ཏེ་སྣང་རིག་དབྱེར་མེད་ཀྱི་རིག་པ་སྟོད་ལ་མནན་ཚུལ་དེ་རྒྱུད་ཀྱི་དགོངས་པ་དང་མཐུན་པ་ཞིག་མ་ཤེས་དུས། སྟོང་གཟུགས་དང་། རིག་པ་གཉིས་རྒྱང་ཆད་དུ་སྣང་བའི་འཆར་ཚུལ་དེ་ལོག་མི་ཐུབ། དེ་མ་ལོག་པས་དེ་གཉིས་ཟུང་དུ་སྦྱོར་བའི་སྐུ་ཐུགས་ཟུང་འཇུག་དུ་འགྱུར་བའི་མཐར་ཐུག་འབྲས་བུའི་དུས་ཀྱི་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་གོ་འཕང་དམ་པ་དེ་འགྲུབ་ལུགས་མེད་པ་རེད། ཁྲིད་ཡིག་དག་གི་ནང་དུ། རྒྱང་ཞགས་ཀྱི་སྒོར་འཆར་རྒྱུའི་འོད་སྣང་སོགས་ཀྱི་ཕྱིའི་འཆར་ཆ་རྐྱང་བར་བལྟ་བ་གནད་མི་ཆེ་ཞེས་བཤད་པ་དེ་ཙམ་མེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། རིག་པའི་རྩལ་དབང་གི་ཁོང་འདི་ནས་ཚང་ཞིང་རྒྱས་པར་བསྟན་པའི་རྒྱུ་མཚན་གྱིས་རེད་འདུག་བསམ་གྱིན་ཡོད། དེའི་སྟབས་ཀྱིས་འདིར་གནད་ཀྱི་སྙིང་པོ་ངོ་མ་རུ་བཟུང་ནས་ཞུས་ན། རྩལ་དབང་ངོ་སྤྲོད་ཀྱི་སྐབས་སུ། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཐམས་ཅད་པོ། རིག་པ་ཉིད་ལས་མི་གཞན་པའི་གདངས་སམ་སྣང་ཆ་ཙམ་དུ་ངོ་སྤྲད་པའི་དོན་དེ་ལ་རྩེ་གཅིག་མཉམ་བཞག་གིས་གོམས་པ་བརྟན་སོང་དུས། དེའི་སྣང་བར་གྱུར་བ་དེ་དག་ཀ་དག་གི་སྣང་བ་དང་རོ་གཅིག་ཏུ་འདྲེས་ཏེ། རྣལ་འབྱོར་བའི་ཡིད་ངོར། འོད་ཀྱི་ལུས་ལ་ཡེ་ཤེས་ཀྱི་སྲོག་དང་ལྡན་པ་ཞིག་ལ་གོ་འཕོ་འགྲོ། གོ་འཕོ་འགྲོ་བ་དེ་ལ་ཤིན་ཏུ་གོམས་དུས། ནམ་ཞིག་དངོས་ལ་གྲུབ་པའི་འཕོ་ཆེན་གྱི་ལུས་ཉིད་དུ་འགྱུར་ཐུབ་པའི་གོ་བ་དེ་འདྲ་བ་ཞིག་རེད། ད་དུང་བསྐྱར་ཟློས་བྱས་ན། རིག་པའི་རྩལ་དབང་བསྐུར་ཏེ་རིག་པ་དང་དེའི་རྩལ་ངོ་སྤྲད་པའི་དོན་དེ། ཇི་བཞིན་ངོ་འཕྲོད་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་རང་སྣང་དུ་ཡོད་པ་ཐམས་ཅད་རིག་པ་ཉིད་ལས་གཞན་མ་ཡིན་པ་དེའི་གདངས་སམ་དེའི་སྣང་ཆ་ཙམ་དུ་ངོ་སྤྲད་པའི་དོན་དེ་ལ་ཉམས་ཞེན་དང་ཆེད་འཛིན་མེད་པར་རྩེ་གཅིག་ཏུ་མཉམ་བཞག་གི་གོམས་པ་བརྟན་སོང་དུས། དེས་གང་ཤར་གྱི་འོད་ཐིག་སྐུ་དང་བཅས་པའི་སྣང་ཆ་དེ་དག་ནང་ཤེས་རབ་རང་བྱུང་གི་སྒྲོན་མའམ་ཀ་དག་གི་རིག་པ་དང་རོ་གཅིག་ཏུ་འདྲེས་ཏེ། རྣལ་འབྱོར་སྒོམ་པ་པོ་རང་གི་ཡིད་ཀྱི་ངོ་ཁ་ལ་ལུས་དྭངས་མ་འོད་ཀྱི་ཕུང་པོ་འཕོ་མེད་ཡེ་ཤེས་ཀྱི་སྲོག་དང་ལྡན་པ་ཞིག་ལ་གོ་འཕོ་འགྲོ་རྒྱུ་ཡོད། དེའི་སྐབས་ད་དུང་དེ་ལ་ཤིན་ཏུ་གོམས་པར་བྱས་ཡོང་ན། ནམ་ཞིག་ཉམས་ཙམ་སྣང་བ་ཙམ་མ་ཡིན་པའི་དངོས་ལ་གྲུབ་པའི་གྲུབ་བརྙེས་ཀྱི་དགའ་སྟོན་འཕོ་ཆེན་རྡོ་རྗེ་ལྟ་བུའི་སྐུ། ཆུ་ཟླ་ལྟ་བུའི་ལུས་ཉིད་དུ་འགྱུར་ཐུབ་པ་ཡིན། ད་དུང་ཡང་བཤད་ན། ཁྲེགས་ཆོད་སྟོང་པའི་འོད་གསལ་གྱིས་ལུས་རྡུལ་ཕྲན་དུ་དེངས་པར་བྱེད་པའི་གནད་དེའི་སྟེང་དུ། ཐོད་རྒལ་སྣང་བའི་འོད་གསལ་གྱིས་འོད་ལུས་འཕོ་ཆེན་གྱི་སྐུར་བཞེངས་རྒྱུ་དེ། མ་དག་ལས་རླུང་གིས་བསྐྱེད་པའི་སྣང་བ་ཐམས་ཅད། གཞོམ་མེད་ཡེ་ཤེས་ཀྱི་དགོངས་ཀློང་དུ་སྦྱངས་ཏེ། སྦྱངས་པ་སྟོབས་སུ་གྱུར་དུས་འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་ཉིད་དུ་འགྲུབ་པ་ཡིན། དེའི་གནད་མཐར་ཐུག་གང་ལ་ཐུག་ན། སྣང་རིག་དབྱེར་མེད་ཀྱི་ཐོག་ནས་རིག་པ་སྟོད་ལ་མནན་ན། རྩ་བ་མི་ཤིགས་འོད་ལྔའི་ཐིག་ལེ་སྙིང་དབུས་ནས་ཡར་སྟོབས་རྒྱས་ཏེ། ཐུན་མོང་གི་ཆོས་སྐད་བྱས་ན་སྐུ་ཐུགས་ཟུང་དུ་འཇུག་པའམ། ཡང་ན་རིག་སྟོང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེས་གདོས་བཅས་རགས་པ་འོད་ལུས་སུ་བསྒྱུར་ཐུབ་པ་ཡིན། སྐུ་གསུམ་ལམ་སྣང་དུ་བྱེད་གསུངས་རྒྱུ་འདི་ལ་ལུགས་ལྡོག་དང་ལུགས་འབྱུང་གཉིས་ཡོད་པ་ཡིན་ན། སྟོང་ཆ་ཆོས་ཉིད་ཀྱི་ཆ་ནས་ཁྲེགས་ཆོད་ཀྱི་སྐབས་སུ་ལུགས་ལྡོག་དང་ནི། སྣང་ཆ་འོད་གསལ་གྱི་ཆ་ནས་ཐོད་རྒལ་ལ་ལུགས་འབྱུང་དུ་གསུངས་པའི་གནད་ཀྱི་རྩ་བའང་འདི་ལ་ཐུག་འདུག་སྙམ་པ་ཡིན། འདི་ཚོ་ངས་དམིགས་བསལ་གྱི་བཤད་ལུགས་རེད། རིག་རྩལ་རྣམ་འབྱེད་ཀྱི་ཤེས་རབ་སྟོབས་མ་རྒྱས་པའི་སོ་སྐྱེ་བྱིས་པའི་འཁྲུལ་གཏམ་ལ་གནད་མ་ཕིགས་པའི་ཆ་ཅི་འདྲའི་མེད། དེ་ལ་མཁས་པས་ཁྲེལ་རྒྱུ་དང་། གྲུབ་པས་སྨོད་རྒྱུ་མི་འདུག སྟོང་ཉིད་ལ་དོན་འགྱུར་གྱིས་དཔྱོད་པའི་བློའི་རྣམ་རིག་ཙམ་ཞིག་ཡིན་པ་རེད། གནད་ངོ་མ་ལ་གོ་བའི་གདིང་གིས་དེ་ལྟར་དུ་འཛིན་མ་ཐུབ་དུས། ཡར་ལ་བརྒྱུག་ནས་ཤ་ར་ར། མར་ལ་བརྒྱུག་ནས་འདུ་རུ་རུ། ལྷབ་སྒྲ་གྲགས་ནས་སོང་གི་བསྡད་ན་ཡང་། རང་གར་རྐང་སྣེ་རྡོ་ལ་བདར་བ་ཞིག་དང་ཅུང་མི་འདྲ་བར་ཆོས་སྒྲ་ཐོས་པའི་ཕན་ཡོན་ལོས་ཡོད་ཀྱང་། བུང་བ་ཚང་འཚོལ་ལས་ཐི་བྱ་ཚང་འཇུག་རེད་འགྲོ་རྒྱུ་ཞིག་རྩ་བ་ནས་མེད་དུས། ཡོང་སྒོ་ལག་འབབས་རྒྱུད་ལ་འབྱར་བའི་ཚོད་དེ་ཙམ་མེད་པར་འགྱུར་བ་ཡིན། རིག་པའི་རྩལ་དབང་ཐོབ་ཀྱང་ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཀ་དག་གི་རིག་པ་དང་ནི་དེའི་རིག་གདངས་ཐོད་རྒལ་གྱི་སྣང་ཆ་དེ་གཉིས་རོ་གཅིག་ཏུ་འདྲེས་པའི་རྟོགས་པ་ལ་ཅི་འདོད་ཀྱིས་དབང་བསྒྱུར་མ་ཐུབ་པ་ཡིན་ན། ལོ་བརྒྱ་ལ་བལྟས་ཀྱང་སྟོང་གཟུགས་གཟུགས་སྐུ་ངོ་མ་རུ་སྨིན་ཐུབ་པ་མ་རེད། དེས་དབང་བསྒྱུར་བར་སྟོབས་སུ་བྱས་པ་ལ་མཉམ་བཞག་གཡོ་བྱེད་ཀྱི་རླུང་དེ་གདིང་ནས་ཞི་དགོས། དེ་ཞི་བ་ལ། ལས་རླུང་ཟད་དགོས་པ་ཡིན། ལས་རླུང་ཅི་ཙམ་དབང་བཙན་པར་གྱུར་ན། འོད་གསལ་རིག་པའི་ཡེ་ཤེས་དེ་ལྟར་བག་ལ་ཞ་འགྲོ་བ་ཡིན། ལས་རླུང་འདུལ་ཐབས་ལ་སླར་ཡང་ཁྲེགས་ཆོད་ཀྱི་དགོངས་པའི་རང་གནད་ཟིན་དགོས་པས། དེས་ན་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལ་རང་རྒྱུད་འདྲིས་པར་བྱས་ཏེ་དད་དང་མོས་གུས་གཉིས་དང་། ཡེངས་མེད་ཀྱི་སྒོམ་པ་དང་གསུམ་པོ་མ་བྲལ་བའི་ཐོག་ནས་མཛོད་བདུན་གྱི་དཔེ་ཆ་གླེགས་བམ་རྣམས་སྔས་མགོ་དང་འབྲལ་མེད་བྱས་ཏེ། སྐྱིད་ན་སྐྱིད་ཀྱི་མགོ་ནོན་དང་། སྡུག་ན་སྡུག་གི་སྐྱོ་གྲོགས་ལ་འཛིན་རྒྱུ་དེ་མི་ལྷོད་པའི་སྟེང་ནས་གོང་ནས་ཞུས་པ་བཞིན་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་། གནད་ཆེ་སའི་ཡིག་འབྲུ་ཁ་ཤས་མིག་ལ་བབས་འདུག་པ་ཞིག་མ་རེད་ཀྱི་བར་དུ་གཟིགས་མཛོད་དང་སྐྱིད་པའི་ཉི་མ་རྣལ་འབྱོར་བའི་ནང་ནས་འཆར་རྒྱུ་ཡོད་དོ། །དེ་ལྟར་ཆོས་འཆད་ཉན་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ནས་སོགས་བསྔོ་སྨོན་བཅས་ཉིན་གཉིས་པའི་ཆོས་ཁྲིད་མཇུག་གྲོལ་སོང་ངོ་།།


previousཉིན་གཉིས་པའི་ཆོས་ཁྲིད། next