Nitartha Digital Library
Tibetan
 
previousཉིན་གསུམ་པའི་ཆོས་ཁྲིད། next

ཉིན་གསུམ་པའི་ཆོས་ཁྲིད།

ཐེག་ཆེན་མདོ་དང་སྔགས་ཀྱི་ཆོས་སྒོར་ཞུགས་པའི་གང་ཟག་དེས་སྒོ་གསུམ་དགེ་བའི་རྩ་བ་ཆེ་ཕྲ་གང་བྱས་ཐམས་ཅད་དམ་པ་རྣམ་གསུམ་གྱིས་རྩིས་ཟིན་དགོས་པ་དེ། གཅིག་བྱས་ན། ལྷག་ཏུ་ཞུ་མི་དགོས་པ་ཞིག་རེད། ཆོས་ཐེག་ཆེན་དར་བའི་ས་ཆ་ལ་སྐྱེས་པའི་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱི་ངག་འདོན་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་ནས་སྐྱབས་འགྲོ་ཚིག་བཞི་རེ་དང་། སེམས་བསྐྱེད་ཚིག་བཞི་རེས་འགོ་ལེན་བྱེད་འཇོག་པ་རེད། འོན་ཀྱང་། ད་ཞག་སྐྱབས་འགྲོའི་སྐབས། སྐྱབས་འགྲོ་མ་ཤེས་ན་ནང་པའི་གྲལ་དུ་ཚུད་ཡོད་པ་ཙམ་ཡང་དཀའ་ཞེས་བཤད་པ་བཞིན་དུ། སེམས་ཇི་ལྟར་བསྐྱེད་དགོས་པ་དང་། སེམས་བསྐྱེད་ཀྱི་ངོ་བོ་དང་། དབྱེ་བ། དེའི་བསླབ་བྱ་མཐའ་དག་ཚུལ་བཞིན་དུ་མ་ཤེས་པ་ཡིན་ན། མིང་ཐེག་ཆེན་པ་ཡིན་པར་ཁས་འཆེས་ཀྱང་དོན་ཐེག་ཆེན་པའི་གྲལ་དུ་ཚུད་དང་མི་ཚུད་ཀྱི་ཐད་ནས། ཕྱི་ཚུལ་གཞན་ངོས་ཀྱི་བལྟ་ས་ཙམ་གྱིས་མི་ཚད་ནང་ཚུལ་རང་ཉིད་ཀྱི་ཉམས་ལེན་རྒྱུད་ལ་སྦྱོར་རྒྱུའི་ཐད་ནས་ཐེག་པ་གང་ལ་གཏོགས་པའི་ཆོས་རེད་འགྲོ་བཞིན་ཡོད། རང་ཉིད་ལར་ཐར་ལམ་ཡང་དག་ཞིག་གི་ནང་དུ་ཚུད་ཡོད་མེད། རང་གིས་རང་ལ་ཉམས་ཞིབ་ཚད་རྒྱུ་ཤིན་ཏུ་གལ་ཆེན་ཞིག་ལ་ཁེལ་གྱིན་ཡོད། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། །གསུངས་པས་ཐེག་ཆེན་ལམ་གྱི་རྩ་བ་སེམས་བསྐྱེད་ལ་ཐུག་ཡོད་དུས། བསམ་པ་བྱང་ཆུབ་སེམས་ཀྱིས་ཟིན་ན། ཆོས་ཐེག་དམན་གྱི་ཆོས་ཤིག་བྱས་ཀྱང་ཐེག་ཆེན་གྱི་ཆོས་སུ་འགྲོ་བ་དང་། བསམ་པ་བྱང་ཆུབ་སེམས་ཀྱིས་ཟིན་མེད་ན། ཆོས་ཐེག་ཆེན་མདོ་ཆོས་ཀྱིས་མི་ཚད་སྔགས་ཆོས། སྔགས་ཕྱག་རྫོགས་རྫོགས་ཆེན་གྱི་ཉམས་ལེན་མིང་མཐོན་པོ་ཇི་འདྲ་བ་ཡིན་ཡང་ཐེག་ཆེན་གྱི་ཆོས་གྲལ་ཙམ་དུའང་འགྲོ་དཀའ་བ་ཡིན་པས། ལས་དང་པོ་བ་ཞིག་ལ། ལྟ་བ་ལ་རག་མི་ལས། སྒོམ་པ་ལ་རག་མི་ལས། བསམ་པ་བྱང་ཆུབ་སེམས་ཀྱིས་ཟིན་མི་ཟིན་ལ་རག་ལས་པ་ཡིན། སྟོང་ཉིད་ཙམ་ཉན་ཐོས་ཀྱིས་ཀྱང་རྟོགས་ཡོད་ཀྱང་འབྲས་བུ་འགོག་པ་ཙམ་ཞིག་ཡིན་པ་དེས་ན་སྨོན་དང་འཇུག་པའི་བདག་ཉིད་ཅན་གྱི་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཚོགས་བསགས་པ་གཉིས་ལ་བརྟེན་ནས་སངས་རྒྱས་ཐོབ་དགོས་པ་ཡིན། དེས་ན་དང་པོ་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད། བར་དུ་བདེན་གཉིས་ཟུང་འཇུག་གི་བྱང་ཆུབ་སེམས་ཀྱི་ཉམས་ལེན་ལ་སྦྱངས། མཐར་དོན་དམ་བྱང་ཆུབ་ཀྱི་སེམས་ངེས་དོན་མཐར་ཐུག་གི་གནད་ལ་སྐྱེལ་ནས། མཐར་ཐུག་ཐེག་པ་གཅིག་ཏུ་དོན་དམ་སེམས་བསྐྱེད་ཀྱིས་བསྒྲུབ་དགོས་པ་ཡིན། དེས་ན་བསམ་པ་བཟང་པོ་ཚད་མེད་རྣམ་བཞི་ནས་མགོ་བཟུང་སྟེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། དེ་དགོས་ན་སེམས་བསྐྱེད་ཀྱི་ངོ་བོ་ཟུར་གཉིས་ལྡན་པའི་སེམས་བསྐྱེད། ཟུར་དང་པོ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་ཀྱི་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཟུར་གཉིས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མཆོག་ལ་འགོད་པར་བྱ་བསམ་པའི་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའོ། །དེ་ལྟར་གཉིས་ལས་ཟུར་དང་པོའི་སྟེང་ནས་དབྱེ་བ་མེད་ཀྱང་། ཟུར་གཉིས་པ་ཤེས་རབ་ཀྱིས་རྫོགས་བྱང་ལ་འགོད་རྒྱུ་འདིའི་ཐད་ནས་བློ་སྟོབས་ཀྱི་དབྱེ་བ། རྒྱལ་པོ་ལྟ་བུའི་སེམས་བསྐྱེད། མཉན་པའམ་གྲུ་བ་ལྟ་བུའི་སེམས་བསྐྱེད། དཔེ་མེད་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་དང་གསུམ། ས་མཚམས་ཀྱི་ཐད་ནས། མོས་པས་སྤྱོད་པའི་སེམས་བསྐྱེད་དང་། ལྷག་བསམ་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞིའི་དབྱེ་བ་ཡོད། འདི་དག་གི་སྐབས་སུ་དོན་དམ་སེམས་བསྐྱེད་ཀྱི་ཐད། ཚོགས་སྦྱོར་མཐོང་གསུམ་ལ་གོ་མྱོང་རྟོགས་གསུམ་སྦྱོར་རྒྱུ་ལ་སོགས་པ་ཞིབ་པར་ཕྱེས་ན་མང་ངོ་། །སེམས་བསྐྱེད་ཀྱི་ངོ་བོའི་ཐད་ནས་ཀྱང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་དབྱེ་བ་ཡོད་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་བློ་རྣམ་པར་རྟོག་པ་འདིའི་སྟེང་ནས་འཇོག་རྒྱུ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་དེ་རྣམ་རྟོག་གི་རྒྱུ་བ་དབྱིངས་སུ་ནུབ་སོང་བའི་ཡེ་ཤེས་ལ་ངོས་འཛིན་དགོས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལ་སྨོན་འཇུག་རྣམ་པ་གཉིས་ཏེ། འབྲས་བུ་ལ་དམ་བཅའ་བ་སྨོན་པ་སེམས་བསྐྱེད་དང་། རྒྱུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་གཉིས་ཀ་ཡིན་ནོ། །རྒྱུ་ཟེར་ན་ཐབས་ཤིག་རེད། ཐབས་ཕྱིན་དྲུག་སྒྲུབ་འདོད་ཀྱི་བསམ་པ་ཡོད་དགོས་པ་རེད། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཆོ་ག་ལ་བརྟེན་ནས་སྐྱེས་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་དེ་སྒོམ་སྟོབས་ལ་བརྟེན་ནས་སྐྱེས་པ་ཡིན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཆོ་ག་ལ་བརྟེན་པ་དེ་ལའང་དབུ་མའི་ལུགས་ཀྱི་ཟབ་མོ་ལྟ་སྲོལ་མགོན་པོ་འཇམ་དབྱངས་ནས་ཀླུ་སྒྲུབ་ཡབ་སྲས་ལ་བརྒྱུད་པ་དང་། སེམས་ཙམ་ལུགས་ཀྱི་རྒྱ་ཆེན་སྤྱོད་སྲོལ་འཕགས་པ་བྱམས་པ་ནས་ཐོགས་མེད་སྐུ་མཆེད་ལ་བརྒྱུད་པ་དེ་ལྟར་རེད། རང་རེ་ལ་མཚོན་ན་ཆུ་བོ་གཅིག་འདྲེས་ཀྱིས་ཀུན་མཁྱེན་ཆེན་པོས་ཟབ་ཅིང་རྒྱ་ཆེའི་བརྒྱུད་པ་དང་བཅས་པ་སེམས་བསྐྱེད་ཀྱི་སྡོམ་པ་རྒྱུན་དུ་འབོགས་ཀྱིན་ཡོད་པ་འདི་བཞིན་རེད། བྱང་ཆུབ་ཀྱི་སེམས་སྨོན་པ་སེམས་བསྐྱེད་ཙམ་ལེན་པའམ་སྨོན་འཇུག་གཉིས་ཀའི་སྡོམ་པ་ཆོ་གས་ལེན་རྒྱུ་འདི་དཀའ་མོ་ཞིག་མ་རེད། སེམས་བསྐྱེད་པ་སླ་ཡང་སེམས་སྐྱེས་པ་དཀའ་བས་ན་ཐོག་མ་ཉིད་ནས་ཚད་མེད་བཞི་ལ་བློ་འབྱོངས་བར་བྱས་ཏེ། དེ་ནས་རིམ་གྱིས་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ཏེ་བསླབ་པར་བསླབ་ན་གོ་རིམ་མ་ནོར་བ་ཡིན། སོ་ཐར་གྱི་སྡོམ་པ་ཉམས་སོང་ན་མཁན་པོ་དང་སློབ་དཔོན་རྣམ་པ་ཁ་ཤས་ཤིག་དབུ་གཡོགས་པ་རེད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁས་བླངས་ཏེ་དེ་ཉམས་སོང་དུས། དེ་ལེན་པའི་སྐབས་སུ་དགོངས་སུ་གསོལ་བ་གསུམ་གྱིས་སད་པར་བྱས་ཏེ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཚོགས་ཞིང་ལ་སྤྱན་དྲངས་ཏེ་དཔང་པོར་བཞུགས་པས་མི་ཚད། མ་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ནས། ངས་ཉི་མ་དེ་རིང་ནས་བཟུང་ཇི་ལྟར་སྔོན་གྱི་བདེ་གཤེགས་རྣམས་ཀྱིས་ཐུགས་ཇི་ལྟར་བསྐྱེད་པ་ལྟར་བསྐྱེད། དེ་རྣམས་ཀྱིས་བསླབ་ལ་ཇི་ལྟར་གནས་ཡོད་ན་ངས་ཀྱང་དེ་ལྟར་བསླབ་པ་ཡིན་ཞེས་དཔའ་ཁས་བླངས། དུག་སོས་འགམ་པས་མི་ཚད། ལྷ་དང་ལྷ་མིན་སོགས་ཀྱིས་དགའ་བ་སྒོམས་ཟེར་ནས་རང་གཞན་གཉིས་ཀས་དགའ་བ་བསྒོམས་པ་ཡིན་ན། ཚིག་བཤད་ནས་ཁ་ནང་གི་རླངས་པ་མ་ཡལ་སྔོན་ནས། བསླབ་པ་བསྲུང་སེམས་མ་དགོས་བསྲུང་བྱའི་རྣམ་གྲངས་ཨེ་ཤེས་བལྟ་དགོས་སྙམ་པ་ཙམ་ཞིག་ཀྱང་མེད་ན། དེ་འདྲའི་རིགས་ཀྱིས་ཐོག་མ་ནས་མ་བླངས་ན་ཐོབ་པའི་ཕན་ཡོན་མེད་ཀྱང་ཉམས་པའི་ཉེས་པའང་མི་འབྱུང་བ་དེ་འདྲ་རེད། ད་དུང་མདོ་སྔགས་གང་ཐད་ནས་དེ་འདྲ་རྐྱང་རྐྱང་རེད་བསྡད་ན་ཆོས་ལ་དབང་ཟ་བའི་ཉེས་པའི་རྣམ་སྨིན་རང་གིས་ཉོ་བཞིན་ཡོད་པ་དང་འདྲ་འདྲ་རེད། དེ་དག་ཐམས་ཅད་ཀྱི་ལེ་ལན་གང་ལ་ཐུག་ན། རང་དོན་སྒྲུབ་པའི་བློ་ངན་འདིའི་ཁོང་ནས་ཡོང་གིན་ཡོད། རང་དོན་བསྒྲུབས་ནས་རང་དོན་འགྲུབ་ཡོད་ན་ཡང་ལུགས་གཅིག་རེད་མོད། རང་དོན་སྒྲུབ་ས་ནས་རང་གཞན་གཉིས་ཀའི་དོན་མ་འགྲུབ་པ་དེ་ཁམས་གསུམ་སེམས་ཅན་དང་ནི། གཞན་དོན་བསྒྲུབས་ནས་རང་དོན་ཞོར་འབྱུང་དུ་འགྲུབ་སོང་བ་དེ་རྫོགས་པའི་སངས་རྒྱས་ཡིན། དེ་གཉིས་ཀྱི་ཁྱད་པར་ཡང་རང་གཞན་གྱི་དོན་གཉིས་སྒྲུབ་ས་ནས་ཁྱད་པར་རྒྱུག་འགྲོ་བ་རེད། བདག་འཛིན་གྱི་འགོང་པོ། ངར་འཛིན་གྱི་འདྲེ་བགེགས། རང་དོན་ཡིད་བྱེད་ཀྱི་ཕུང་སྲི་འདིས་དེ་སྔོན་ཀྱང་ཕུང་བ་རེད། ད་དུང་ཡང་འདི་ལྟར་དུ་བསྐྱུར་བཞག་ན། འདིས་ཡག་པོ་ཞིག་མི་བྱེད། རང་གཅེས་པར་འཛིན་པ་འདི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་སོགས་པའི་རྒུད་པ་ཐམས་ཅད་ཀྱི་འབྱུང་གནས་རེད། གཞན་གཅེས་འཛིན་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་རེད་འདུག་པས་ན་རང་དོན་ཡིད་བྱེད་ཀྱི་བློ་མི་སྐྱེ་བར་ཤོག སྐྱེས་པ་ཉམས་འགྲོ་བར་ཤོག གཞན་གཅེས་འཛིན་གྱི་བློ་མ་སྐྱེས་པ་སྐྱེས་པར་ཤོག སྐྱེས་པ་མི་ཉམས་པར་ཤོག དེ་ལྟར་འགྱུར་བར་ལྷ་དང་བླ་མས་བྱིན་གྱིས་བརླབ་ཏུ་གསོལ། བསམ་པའི་བློའི་འཕེན་པ་དེ་ལྟར་ཤུགས་ཆེན་སྔོན་དུ་འགྲོ་བ་དང་བཅས། བགྲང་བའི་རིམ་པ་ལྟར་དུ་བྱས་ན་བྱམས་དང་སྙིང་རྗེ་དགའ་བ་དང་བཏང་སྙོམས་བཞི་དེ། སྒོམ་པའི་སྐབས་སུ་རྒྱུད་ལ་སྐྱེས་སླ་བའི་དགོས་པས་མན་ངག་གི་ལུགས་ལ་བཏང་སྙོམས་ནས་མགོ་འཛིན་པ་ཕྱག་ལེན་ཡིན། དེ་ཡང་དབུ་མ་རྒྱན་ལས། བཏང་སྙོམས་ས་གཞི་ལེགས་བརྡལ་བར། །བྱམས་པ་ཡི་ནི་མེ་ཏོག་བཀྲམ། །སྙིང་རྗེའི་དྲི་མས་རབ་བརྒྱན་ཅིང་། །དགའ་བའི་ཆར་བཟང་རྙོག་པ་མེད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རྣམ་པ་བཞི་པོ་འདི་ངེས་འབྱུང་གི་བསམ་པས་མ་ཟིན། སྟོང་ཉིད་ཀྱི་ལྟ་བ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་ན་ཚད་མེད་རྣམ་བཞི་མི་ཟེར་བར་ཚངས་པའི་གནས་པ་བཞི་ཞེས་བརྗོད་དོ། །ཚངས་གནས་བཞི་འདི་ལྷ་ཡུལ་དུ་སྐྱེས་བྱེད་ཀྱི་རྒྱུ་སྲིད་པ་འགྲུབ་པའི་ལས་ཙམ་ཞིག་རེད། ཨུ་འུ་ཚོ་ལས་དང་པོ་བའི་གང་ཟག་ཅིག་གིས་སྟོང་ཉིད་ཀྱི་ལྟ་བ་དང་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཟེར་ན་དཀའ་བ་ཡིན་ཡང་། བྱམས་སོགས་བཞི་འདི་སྒོམ་དུས་དམིགས་པའི་ཡུལ་ཚད་མེད་པ་ཞིག་ལ་རྣམ་པའི་བློ་ཚད་མེད་པར་བསྒོམས་ན། དེའི་འབྲས་བུའང་ཚད་མེད་པ་ཞིག་ཡིན་པས་ན། ཚད་མེད་བཞི་ལ་བློ་སྦྱོང་བའི་དོན་ཞིག་ཚང་འགྲོ་བ་རེད། སེམས་ཅན་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་འདོད་བྱམས་པ། སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་སྙིང་རྗེ། ཆགས་སྡང་གཉིས་དང་བྲལ་འདོད་བཏང་སྙོམས། བདེ་བ་དང་མི་འབྲལ་བར་འདོད་པ་དགའ་བ་ཡིན་ནོ། །དང་པོ་དམིགས་བཅས་ཀྱིས་སྒོམ་དུས་དམིགས་རྣམ་སྤྲད་དེ་གོང་ནས་བཤད་པ་བཞིན་བསྒོམ་དགོས། དམིགས་མེད་རྟོགས་པ་མཆོག་ལྡན་ཞིག་ཡིན་ན། སྡུད་པ་ལས། རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་གསུངས་པ་ལྟར་ཡིན་པས་དེ་ལས་གཞན་དུ་དམིགས་མེད་ཅིག་ཟུར་ནས་བཏགས་འདུག་མི་དགོས། མཉམ་བཞག་དེའི་རྩལ་རྗེས་ཐོབ་བྱམས་དང་སྙིང་རྗེར་ཤར་བའང་དེ་རེད། གཞན་ལས་དང་པོ་བས་ཐུན་མཐར་སྒྱུ་མ་རྨི་ལམ་སོགས་ཀྱིས་བློ་སྦྱོང་དགོས་པ་ཡིན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེས་པའི་ཐབས་ཚད་མེད་རྣམ་བཞིས་བློ་སྦྱོང་བ་དང་ནི། སྐྱེས་པ་མི་ཉམས་པར་འཕེལ་བའི་ཐབས་ལ་སེམས་བསྐྱེད་པ་དང་དེའི་བསླབ་བྱར་བསླབ་པ་ཡིན་པས་ན། མ་སྐྱེས་པ་སྐྱེས་པ་དང་སྐྱེས་པ་མི་ཉམས་པར་འཕེལ་བ་གཉིས་ཀ་ལ་རྒྱས་པར་བྱས་ན་ཚད་མེད་བཞི་པོ། འབྲིང་ན་བྱམས་པ་དང་སྙིང་རྗེ་གཉིས་ཀ། གཅིག་ཏུ་བསྡུས་ན་སྙིང་རྗེ་ཚད་མེད་འདི་ལ་ཐུག་ཡོད་པས། ཚིག་གི་རྩ་བ་ཚུར་བསྡུས་ན་སྙིང་རྗེ་ཉག་མ་རེ་རེ་ཡིན་ཡང་བསྒོམ་རྒྱུ་འདི་བས་ལྷག་གི་ཆོས་ཤིག་ལོ་བརྒྱར་བཙལ་ཀྱང་རྙེད་རྒྱུ་མེད་པས་འདི་ལ་གཟབ་ནན་བྱེད་པ་ཐེག་ཆེན་མདོ་དང་སྔགས་ཀྱི་ཆོས་ཚུལ་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་ཡིན་ནོ། །བྱང་ཆུབ་སེམས་བསྐྱེད་ཀྱི་ཕན་ཡོན་ལ་བསམ་ན་ཡང་མིང་གནས་འགྱུར་ཏེ་ད་ལྟ་སོ་སྐྱེའི་སྐབས་ནའང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རུ་འགྱུར། དོན་གནས་འགྱུར་འགྲོ་བ་ལྷ་དང་བཅས་པའི་མཆོད་གནས་སུ་གྱུར། ད་དུང་ཁྱད་པར་དུ་འཕགས་པའི་ཕན་ཡོན་དགེ་རྩ་གང་བྱས་ཐམས་ཅད་རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུར་འགྱུར། ངེས་པའི་སྡིག་པ་ཟིལ་གྱིས་མནན། མ་ངེས་པའི་སྡིག་པ་སྐད་ཅིག་གིས་འཇོམས། ལས་ཉོན་གྱི་སྒྲིབ་པ་དྲུངས་ནས་འབྱིན། ཤེས་བྱའི་སྒྲིབ་པ་མཐར་འབྱིན་པ་སོགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པོ། དེ་ལྟ་བུའི་ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་རང་རྒྱུད་ནས་སྐད་ཅིག་ཀྱང་མི་འབྲལ་བར་སྲུང་བའི་ཆེད་དུ་སྨོན་འཇུག་གི་བསླབ་བྱར་བསླབ་དགོས་པ་ཡིན་ན། དཔའ་ཆེན་བྱང་ཆུབ་སེམས་དཔའི་བསླབ་སྤྱོད་མཐའ་དག་གཞུང་དང་མན་ངག་གི་རིམ་པ་ལས་ངེས་པར་བྱས་ཏེ་རང་རྒྱུད་བྱང་ཆུབ་ཀྱི་སེམས་དང་ནམ་ཡང་མི་འབྲལ་བར་བྱེད་པ་ཉག་གཅིག་རྒྱལ་བ་དགྱེས་པའི་ལམ་བཟང་ཡིན་པའི་ཚུལ་ཕྱོགས་ཙམ་ཞིག་ཞུས་ཏེ། ད་སྐབས་བབས་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང། ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཆར་འབྱེད་པའི་ལྡེའུ་མིག་འདི་ཉིད་ལ་འཆད་ཉན་ཁྲིད་སྦྱང་དང་བཅས་པར་འཇུག་བཞིན་པའི་སྐབས་ཡིན་ན། འདིའི་གཞུང་དོན་ཁྲིད་རིམ་བདུན་དུ་བྱས་པའི་ནང་ནས་སྒོ་གསུམ་གྱི་བྱ་བ་དགུ་སྤྲུགས་སུ་གཏོང་ཚུལ། སྒོ་ཡུལ་རླུང་རིག་གི་གནད་གསུམ་གཟིར་ཚུལ། གནད་གསུམ་གྱིས་མངོན་སུམ་འོད་གསལ་གྱི་ཡེ་ཤེས་གཏན་ལ་ཕབ་ནས་རིག་པའི་རྩལ་དབང་བསྐུར་ཏེ་དངོས་གཞིའི་ངོ་སྤྲད་པ་དང་བཅས་པ་སོང་བའི་རྗེས་ཐོག་ནས་དེ་རིང་ཡང་བསྐྱར་ངོ་སྤྲོད་ཀྱི་སྐོར་རྣམས་བཤད་ཁྲིད་ཀྱི་ཚུལ་དུ་བསྐྱར་འདོན་ཞིག་བྱེད་ཆགས་བྱེད་པ་རེད། དེ་ཡིན་ན། དེ་ནས་བླ་མས་ངོ་སྤྲོད་འདི་ལྟར་གདབ། །གསུངས་སའི་མཚམས་ནས་རེད། ཀྱེ། སྐལ་ལྡན་རིགས་ཀྱི་བུ་རྣམས་གསུངས་ས་ནས་མར་ཕྱག་དཔེ་ལ་གཟིགས་དང་།

ཀྱེ།

སྐལ་ལྡན་རིགས་ཀྱི་བུ་རྣམས་ཚུར་ཉོན་དང་།།

དེ་ཡང་འོ་སྐོལ་རྣམས་ཀྱི་ཙིཏྟ་ཡི།།

གསང་བའི་སྦུབས་ན་སངས་རྒྱས་ཐམས་ཅད་ཀྱི།།

ཐུགས་དང་དབྱེར་མེད་རིག་པའི་ཡེ་ཤེས་ཉིད།།

འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ཡི།།

གདོད་མའི་མགོན་པོ་འོད་མི་འགྱུར་བ་ཞེས།།

ངོ་བོའི་ཆ་ནས་སྟོང་ཞིང་བདག་མེད་པ།།

རང་བཞིན་ཆ་ནས་འགག་པ་མེད་པར་གསལ།།

ཐུགས་རྗེའི་རྩལ་ལས་སྐུ་དང་ཡེ་ཤེས་སུ།།

དབྱེར་མེད་ནང་གསལ་བུམ་ནང་མར་མེ་ལྟར།།

གསལ་བའི་འོད་གདངས་ཀ་ཏི་ཤེལ་སྦུགས་ཀྱི།།

འོད་རྩའི་ནང་བརྒྱུད་རྒྱང་ཞགས་ཆུའི་སྒྲོན་མ།།

མིག་གཉིས་སྒོ་རུ་འཐོན་ནས་ནམ་མཁའ་ལ།།

འཇའ་ཚོན་ལྟ་བུར་ཤར་བ་དེ་ཉིད་ནི།།

དབྱིངས་ནི་རྣམ་པར་དག་པའི་སྒྲོན་མ་ཡིན།།

ཞེས་གསུངས་ཏེ། དེ་ཡང་འོ་སྐོལ་ལམ་རང་རེ་ཚོ་གསུངས་ས་དེ། སུ་ལ་གསུངས་ན་ལམ་ཞུགས་སོ་སོའི་སྐྱེ་བོ་རྫོགས་ཆེན་བསྟན་པའི་ཆོས་སྒོར་ཞུགས་པ་ཞིག་ལ་སྤྱིར་བཏང་གིས་གསུངས་པ་རེད། དེ་ཡིན་ན་རང་རེ་གསུངས་རྒྱུ་དེ་རང་དང་རོགས་ལ་གོ་ན། གཅིག་ངོ་གཅིག་གིས་མི་ཤེས་པའི་རྣམ་ཤེས་འཁྱམ་པོ་ཁ་ཤས་ལུས་རྟེན་འདིར་ཞུགས་ནས་མིང་གིས་འཛིན་སའི་ང་ཟེར་བ་ཞིག་དང་། ཐད་ན་ཡོད་པའི་ཁྱོད་ཟེར་བ་ཞིག་དང་། ཁོང་ཚོ་ཟེར་བ་ཞིག་གྲུབ་པ་ཡིན་ན། རང་རེ་འདི་ལར་གང་ནས་ཇི་ལྟར་འོང་བ་ཡིན་པའི་སྐོར་ལ་མ་གཞི་བསམ་བློ་ཞིག་འཁོར་མ་མྱོང་བ་ཡིན་ན། དེའི་བསམ་བློ་ཞིག་མ་འཁོར་ཐབས་མེད་ཡིན་པ་རེད། གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ན་རང་ངོ་མ་ཤེས་པས་དེ་དུས་འཁྲུལ་བ་རེད། ད་འཁྲུལ་བ་གཞི་ལ་ལྡོག་ནས་སླར་མི་འཁྲུལ་བའི་བཙན་ས་འཛིན་དགོས་པ་རེད་བསམ་པ་ཙམ་དང་། དེའི་གོ་བ་འདྲ་ཞིག་སྤྱི་ཁོག་གི་ཡོད་བཞིན་པ་དེའི་སྟེང་དུ། ཇི་ལྟར་འཁྲུལ་ནས་ལུས་འདི་གྲུབ་པ་ཡིན། འཁྲུལ་ལུགས་ངན་པ་ཁམས་གསུམ་རིགས་དྲུག་གི་གནས་ལ་ཐོག་མ་མེད་པ་ནས་འཁྱམས་སོང་བ་རེད་དེ། འཁྲུལ་ནའང་གཞི་ངོ་བོའི་ཆ་ནས་སྐུ་གསུམ་འདུ་འབྲལ་མེད་པ་སྐུ་གསུམ་འབྲལ་མེད་ཀྱི་སངས་རྒྱས་སྙིང་དབུས་ན་བཞུགས་རྒྱུ་འདི་ངོ་མཚར་ཆེ། དེའི་གནས་ལུགས་རྒྱུ་མཚན་ངེས་རྒྱུ་དེ་གནད་ཀྱང་ཆེའོ་སྙམ་པ་ཞིག་འོང་བ་ཡིན། དེ་ཡིན་ན་གཞི་ཀ་དག་རྒྱར་མ་ཆད། ཕྱོགས་སུ་མ་ལྷུང་བ་འཁོར་འདས་གང་དུའང་མ་གྲུབ་ཀྱང་འཁོར་འདས་གང་དུའང་སྣང་དུ་རུང་བ། གཞི་དེ་ལ་སྐུ་འོད་རིག་པ་གསུམ་ཡེ་ནས་གྲུབ་པ་དེ་ཇི་ལྟར་ཡིན་ན་ཏིལ་ལ་མར་གྱིས་གཞི་གྲུབ་པ་ལྟ་བུ་ཞིག་ཡིན། གཞི་དེ་ལས་ཡེ་ཤེས་ཀྱི་རང་སྣང་དཔེར་ན་ཉི་ཚན་གྱིས་སྤུ་ཉག་སྒུལ་བ་བཞིན་དུ་རིག་པ་གཡོས་ཏེ་གདངས་ཕྱི་རུ་འཆར་བའི་སྐབས་དེར། རང་བཞིན་གྱི་དབང་རྣོན་གྱིས་མེ་ལོང་ནང་གི་གཟུགས་བརྙན་རང་བྱད་དུ་ངོ་ཤེས་པ་བཞིན་རྐྱེན་གྱིས་གྲོལ་བ་སྐད་ཅིག་ལ་ཐོབ་པ་རེད། ཀུན་ཏུ་བཟང་པོས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་ཅིང་སྐད་ཅིག་གཅིག་གིས་གྲོལ་སོང་ནི་རེད། དེ་ཇི་ལྟར་གྲོལ་བ་ཡིན་ན། རྒྱུའི་རྐྱེན་དངོས་པོའི་གནས་ལུགས། བདག་པོའི་རྐྱེན་རང་རིག་པའི་ཡེ་ཤེས། དམིགས་རྐྱེན་རང་གི་ཤེས་པ་དང་། དེ་དག་དུས་མཚུངས་པ་དེ་མ་ཐག་རྐྱེན་ཏེ། དེ་དག་གིས་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པ་དང་། རང་བཞིན་གྱི་དབང་པོ་རྟུལ་བོས་རང་ངོ་རང་གིས་མ་ཤེས་ནས་སྐུ་དང་དབྱིངས་རིག་གཞན་དུ་མཐོང་སྟེ། སྐུ་ལས་ལུས་སུ་འཁྲུལ། དབྱིངས་ལས་ཡུལ་དུ་འཁྲུལ། རིག་པ་སེམས་སུ་འཁྲུལ། དེ་ཡང་རྒྱུའི་རྐྱེན་མ་རིག་པ་གསུམ་འདུས་པ་དང་། གཞན་དུ་ཤེས་པ་བདག་པོའི་རྐྱེན། འཁྲུལ་སྣང་དུ་མར་ཤར་བ་དམིགས་པའི་རྐྱེན། དེ་དག་དུས་མཚུངས་པ་དེ་མ་ཐག་རྐྱེན་ཏེ་རྐྱེན་བཞིས་དེ་ལྟར་དུ་འཁྲུལ། དེ་ལྟར་འཁྲུལ་བ་ཙམ་མ་ཚད། དེ་དང་མཉམ་དུ་བདུད་བཞིའང་བྱུང་བ་རེད། ལྷའི་བུའི་བདུད་དང་། ཕུང་པོའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད་དང་བཞིའོ། །རང་སྣང་དུ་མ་ཤེས་པ་ལྷའི་བུའི་བདུད། ཟག་བཅས་ཀྱི་ཕུང་པོར་གྲུབ་སྟེ་ལུས་བླངས་པ་དེ་ཕུང་པོའི་བདུད། ཟག་བཅས་ཀྱི་ཕུང་པོར་ཉོན་མོངས་ཡོད་པ་ཉོན་མོངས་ཀྱི་བདུད། ཟག་བཅས་ཀྱི་ཕུང་པོར་སྐྱེ་ཤི་ཡོད་པས་འཆི་བདག་གི་བདུད་དང་བཅས་དེ་ལྟར་བྱུང་བ་རེད། དེའི་ཕྱིར་ན་གཞི་ལས་གཞི་སྣང་ཤར་ཡང་། གཞི་ལས་སྐད་ཅིག་ཀྱང་མ་གཡོས་པའི་གནས་སྐབས་ཀྱི་གཞི་འདི་ལའང་སྐུ་འོད་རིག་པ་གསུམ་ཚང་ཞིང་གནས་པ་ཡིན། དེའི་སྟབས་ཀྱིས་སྐུ་འོད་རིག་པ་གསུམ་རང་ངོ་ཤེས་པས་སྐུ་གསུང་ཐུགས་སུ་ཡར་གྲོལ། མ་ཤེས་པས་ལུས་ངག་ཡིད་དུ་འཁྲུལ་དང་འཁྲུལ་བཞིན་པ་ཡིན། འབྱུང་འགྱུར་ཡང་དེ་བཞིན་ཡིན་པས། རྒྱུ་མ་རིག་པ་གསུམ་དང་རྐྱེན་བཞིའི་དམིགས་པ་མ་དག་པའི་ཆ་ལས་སྣང་བ་ལ་ཤེས་པ་གཟུང་འཛིན་དུ་འཁྲུལ་ནས་འོད་ལྔ་འབྱུང་བ་ལྔ་རུ་འཁྲུལ། འཁྲུལ་སྣང་ཇེ་རགས་སུ་སོང་སྟེ་ལུས་འདི་གྲུབ་པ་ཡིན། ཀུན་རྫོབ་རང་སའི་འབྱུང་བ་བཞིའི་ལུས་འདི་གྲུབ་པ་ཡིན། དེ་ཡང་ས་ལས་ཤ་གྲུབ། ཆུ་ལས་ཁྲག་གྲུབ། མེ་ལས་དྲོད་གྲུབ། དེ་བཞིན་དུ་རླུང་ལས་དབུགས་ཉིད་དངོས་སུ་གྲུབ་སྟེ་ཉོན་མོངས་དང་རྣམ་རྟོག་ཀྱང་དེ་ལ་དེར་བརྟེན་དུ་བྱུང་བ་ཡིན། དེ་དང་མཉམ་དུ་དོན་དམ་པའི་འབྱུང་བ་བཞིས་སྒྲོན་མ་རྣམ་བཞི་བསྐྱེད་པ་ཡིན་ན། སྒྲོན་མ་རྣམ་བཞི་དེས་འོད་སྐུ་ཐིག་ལེ་རིག་པ་རྣམས་བསྐྱེད་དེ་རྒྱང་ཞགས་ཆུ་སྒྲོན་གྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་། ཐིག་ལེ་སྟོང་སྒྲོན་གྱིས་ཉམས་གོང་འཕེལ། དབྱིངས་རྣམ་དག་གི་སྒྲོན་མས་རིག་པ་ཚད་ཕེབས། ཤེས་རབ་རང་བྱུང་གི་སྒྲོན་མས་ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་རྟེན་བྱེད་པ་ཡིན། དེ་ལྟ་བུའི་རྟེན་ལུས་དེ་ལ་བརྟེན་པ་རྩ་རླུང་ཐིག་ལེ་སྟེ། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་བཅས་གནས་པ་ཡིན། རྩ་འཁོར་ལོ་བཞིའི་དྲྭ་བ་དེ་མང་དུ་རྩ་གནས་སོ་སོར་འབྲེལ་བ་ནས་རྩའི་གཙོ་བོ་དབུ་རྐྱང་རོ་གསུམ་དེ་ལུས་ཀྱི་དབུས་ན་ཀ་བའི་ཚུལ་དུ་ཆགས། ལས་དང་ཡེ་ཤེས་ཀྱི་རླུང་དེ་ལ་བརྟེན་ནས་རྒྱུ། དེ་བཞིན་དུ་ཐིག་ལེའི་དབྱེ་བ་མང་ཡང་། ཀུན་རྫོབ་རྒྱུའི་ཐིག་ལེ། དོན་དམ་འོད་ཀྱི་ཐིག་ལེ། གཞི་གནས་ཡེ་ཤེས་ཀྱི་ཐིག་ལེ། དེ་དག་གི་བྱེད་ལས་ཐོག་ནས། ཙིཏྟར་སྐུ་རུ་སྨིན། རྩ་རྣམས་སུ་ཐིག་ལེར་སྨིན། མིག་ཏུ་སྒྲོན་མ་བཞིར་སྨིན། འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་བྱེད་པ་དེ་ལྟར་ཏུ་ཡིན་ནོ། །སྙིང་ཙིཏྟ་རིན་པོ་ཆེ་གསང་བའི་སྦུབས་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་དབྱེར་མེད་པའི་རིག་པ་ཡེ་ཤེས་དེ་ཉིད་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པར་ཇི་ལྟར་བཞུགས་ན། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་གསུངས་པ་ལྟར་དུ། ངོ་བོ་སྐུར་གནས་པ་བུམ་པའི་སྐུ་ལྟ་བུ། རང་བཞིན་འོད་དུ་གནས་པ་བུམ་ནང་གི་མར་མེ་ལྟ་བུ། ཐུགས་རྗེ་འོད་ཟེར་དུ་གནས་པ་ཉི་མའི་འོད་ཟེར་དེ་ཚོར་དཔེར་བཞག་ནས་གསུངས་ཡོད་པ་རེད། དེ་ལྟར་གནས་པའི་སྟོང་གསལ་འགགས་མེད་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ལ་བཞུགས་པ་དེ་ཉིད་གདོད་ནས་ཡེ་སངས་རྒྱས་པའི་གདོད་མའི་མགོན་པོའམ་ཐོག་མའི་མགོན་པོ་འོད་མི་འགྱུར་བ། ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་འགགས་མེད་དུ་གསལ་བ་ནང་གསལ་བུམ་པའི་སྐུར་བཞུགས་པ་དེ་ཉིད་ཡིན་གསུངས་པ་རེད། རྫོགས་པ་ཆེན་པོའི་ཐུན་མིན་གྱི་ཆོས་སྐད་ལ་གཞོན་ནུ་བུམ་སྐུ་གསུངས་རྒྱུ་ཞིག་ཡོད་ན། གཞོན་ནུ་བུམ་སྐུ་གསུངས་རྒྱུ་དེ་ནི་སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་ཆ་ནས་གཞོན་ནུ་དང་། ཕྱི་གསལ་གྱི་ཚུལ་དུ་མི་མངོན་ཡང་གཏིང་གསལ་གྱི་ཚུལ་དུ་གནས་པ་ནང་གསལ་ཕྲ་བའི་ཡེ་ཤེས། འདིའི་ཕྲ་བ་ཟེར་བ་དེ་ཟབ་ཅིང་གཏིང་དཔོག་དཀའ་བའི་དོན་ཡིན། དེ་ལྟ་བུའི་ནང་གསལ་གྱི་ཡེ་ཤེས་དེ་ལ་དོན་དམ་ཆོས་ཀྱི་སྐུའི་ཐ་སྙད་སྦྱར་ཏེ་བུམ་སྐུ་ཞེས་གསུངས་པའོ། །ཙིཏྟ་སྙིང་གི་དབུས་ན་སྐུ་རུ་གནས་ན། དེའི་གདངས་དེ་འགྱུ་བྱེད་རྩའི་གཞལ་ཡས་དང་། དུང་ཁང་བྷནྡྷའི་གཞལ་ཡས། ལྟ་བྱེད་མིག་གི་གཞལ་ཡས་སོགས་སུ་བཞུགས་པའོ། །སྟོང་པ་རང་གྲོལ་དང་འོད་རྩ་ལྔ་གསུངས་རྒྱུ་དེ་ཡེ་ཤེས་ལྔ་དང་སྦྱར་ནས་གསུངས་པ་རེད། སྒྲོན་མ་བཞི་དང་སྦྱར་ཡོང་དུས་སྙིང་ཁ་ནས་ཨ་ཝ་དྷུ་ཏཱིར་བརྒྱུད་དེ་སྒལ་ཚིགས་ནས་མགྲིན་པའི་རྩེའུ་ཆུང་གཡས་དང་། དུང་ཁང་ནས་རྒྱང་ཞགས་ལ་བརྒྱུད་པའི་འོད་རྩ་དྭངས་བ་ལས་སྒྲོན་མ་བཞིའི་རང་གདངས་ནམ་མཁར་འཆར་བ་ཡིན། རྩ་ཀ་ཏི་ཤེལ་བུག་བརྒྱུད་ནས་འོད་རྩ་དྭངས་པ་མིག་གི་དབང་རྟེན་དུ་ཟུག་པ་དེས། རྒྱང་རིང་གི་སྣང་ཆ་འཛིན་པ་ལ་རྒྱང་ཞགས་དང་། འདི་ནས་ཡེ་ཤེས་སྣང་བའི་སྒོར་གྱུར་བ་སྒོ་རྒྱང་ཞགས་ཆུ་ཡི་སྒྲོན་མ། གོང་ནས་དབྱེ་བ་ཕྱེ་མྱོང་བ་ཡིན། ཡེ་ཤེས་འདུས་པའི་རྒྱང་ཞགས་ལ་གོ་དགོས་པ་སྔར་ཡང་བཤད་པ་ལྟར་རེད། རྒྱང་ཞགས་ཆུ་ཡི་སྒྲོན་མས་སྒོ་ཕྱེ་སྟེ་གཞིའི་དབྱིངས་རང་གི་སྙིང་ག་ན་འོད་ལྔ་ལྷུན་གྲུབ་ཏུ་གནས་པ་དེ། ལམ་གྱི་དབྱིངས་མིག་གི་འོད་རྩའི་རང་འོད་ལ་སྣང་བ་དེ་ཉིད་ཡུལ་ལ་སྣང་བའི་དབྱིངས་མཐིང་ག་ཁྱབ་ཆེན་ལྔ་ལྡན་འོད་ཀྱི་དྲྭ་བར་གནས་པ་དེ་རྣམ་དག་དབྱིངས་ཀྱི་སྒྲོན་མ་རེད། ཅེས་གསུངས་ནི་རེད། དེ་ཡི་ནང་དུ་དཔེར་ན་ཀོ་མོག་གིའམ་ངས་འདི་ལ་ཀོ་མོ་ཡི་ཞེས་ཆུ་འཁྱིལ་ལ་གོ་བ་ཡིན་པས་དེ་ལྟར་འདོན།

ཆུ་ལ་རྡོ་བསྐྱུར་རི་མོ་ལྟ་བུའམ།།

རྨ་བྱའི་མདོངས་ལྟར་ཁ་དོག་ལྔ་ལྡན་གྱི།།

ཐིག་ལེ་ཟླུམ་པོ་ཐིག་ཕྲན་བཅས་པ་འཆར།།

དེ་ཉིད་ཐིག་ལེ་སྟོང་པའི་སྒྲོན་མ་ཡིན།།

དབྱིངས་དང་ཐིག་ལེའི་ནང་དུ་རྟ་རྔ་ལ།།

མདུད་པ་བཏབ་འདྲ་མེ་ཏོག་ཆུན་པོ་དང་།།

མུ་ཏིག་དྲྭ་བ་ལྕགས་ཐག་འདྲ་བ་སོགས།།

ཁ་དོག་སྔོན་པོ་སྦྲང་ཆར་འབབ་བཞིན་འཆར།།

དེ་ཉིད་རྡོ་རྗེ་ལུག་རྒྱུད་ཅེས་བྱ་ཡིན།།

ཀློང་ཆེན་མཛོད་བདུན་ངོ་སྤྲོད་སྐབས་ཤིག་ཏུ།།

འོད་གསལ་སྤྱི་ལ་རྡོ་རྗེ་ལུག་རྒྱུད་ཅེས།།

སྤྱི་སྡོམ་ཚིག་ཏུ་བཤད་པའང་ཡོད་པ་ཡིན།།

དེ་དག་རྣམས་ལ་མ་ཡེངས་བལྟས་པའི་ཚེ།།

ཀ་དག་ལྷུན་གྲུབ་གཉིས་སུ་མེད་པ་ཡི།།

ཤེས་པ་གསལ་སྟོང་མི་རྟོག་ཡེ་ཤེས་དེ།།

ཤེས་རབ་རང་བྱུང་སྒྲོན་མ་ཞེས་བྱ་ཡིན།།

ཞེས་གསུངས་ན། རྣམ་དག་དབྱིངས་ཀྱི་སྒྲོན་མའི་ནང་དབྱིངས་ཀྱི་གདངས་ཕྱི་རུ་ཤར་བའི་སྣང་བ་དེའི་རྗེས་ལ་དེ་ཉིད་མཆེད་པའམ་དེའི་གཞི་དེ་ལ་ཀ་དག་གི་རང་སྣང་སུས་ཀྱང་མ་བྱས་རང་གིས་གསལ་བ་ཐིག་ལེ་ཟླུམ་པོ་ཐིག་ཕྲན་དང་བཅས་པ་ཆུ་འཁྱིལ་གྱི་ནང་དུ་རྡོ་འཕངས་བའི་རི་མོ་ལྟ་བུའམ་། ཡང་ན་རྨ་བྱའི་སྒྲོ་མདོངས་ལྟ་བུའི་ཁ་དོག་ལྔ་ལྡན་དུ་སྣང་བ་ལ་སོགས་པ་གོང་ནས་ཀྱང་བཤད་པ་ལྟར་སྣང་བ་དེ་ཐིག་ལེ་སྟོང་པའི་སྒྲོན་མ་ཡིན། དབྱིངས་ཀྱི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་སོགས་ཀྱི་གཞི་དེ་རུའམ་དེའི་ནང་ན་རྩ་རླུང་ཐིག་ལེར་བརྟེན་པའི་གྲོལ་རྟགས་དང་ལྡན་པའི་རྟ་རྔར་མདུད་པ་བརྒྱབ་འདྲའི་འཁྱོགས་མཚམས་སུ་ཐིག་ལེ་ཡོད་པ། རླུང་གི་འགྲོས་ཀྱིས་གཡོ་འགུལ་ཅན། མེ་ཏོག་གི་ཆུན་པོ་ལ་སོགས་པའི་དཔེ་གཞན་དང་ཡང་འདྲ་ཆོག་པ་དེ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཡིན། ཁ་དོག་སྔོན་པོའམ་ནག་སྒྲིབ་ཅན་དེ་འདྲ་མང་པོ་སྦྲང་ཆར་བབས་པ་བཞིན་དུའང་འཆར་གསུངས་སོ། །དེ་ཡང་གང་ཟག་ཉམས་ལེན་པ་མང་པོ་ཞིག་ལ་དང་པོའི་འཆར་སྣང་ལ་ཕར་ཆེར་འདྲ་བ་ཡིན། ཡང་བོད་ཡིག་དབུ་ཅན་གྱི་ཡི་གེའི་ན་རོ་ལྟ་བུ་ནས་འཆར་ས་ཡང་ཡོད། ཡང་མིག་དང་ཤའི་མདངས་འཕྲད་པའི་རྐྱེན་ལ་བརྟེན་ཏེ་འཆར་རྒྱུའང་ཡོད་ཚུལ་གསུངས། ལུག་རྒྱུད་འཁོར་དང་བཅས་པའི་དབྱིངས་སྣང་ཐམས་ཅད་ལ་ལུག་རྒྱུད་ཀྱི་སྒྲས་བསྟན་པའང་། རྒྱུད་དོན་ཀློང་ཆེན་པས་བཀྲལ་བའི་གསུང་གི་ནང་དུ་ཡོད། གང་ལྟར་ཡང་སྐུ་འོད་ཐིག་ལེའི་ཡེ་ཤེས་ཀྱི་སྣང་བ་ལས་མ་འདས་པ་ཞིག་ཡིན་ནོ། །རྡོ་རྗེ་ལུ་གུ་རྒྱུད་དེ་ཤེས་རབ་རང་བྱུང་གི་སྒྲོན་མའི་གདངས་ཡིན། དེ་མིན་ཡང་འདིའི་ཕྱི་རུ་ཤར་བའི་འཆར་སྣང་ཐམས་ཅད་པོ་ནང་དབྱིངས་དང་རིག་པའི་གདངས་ཡིན་དགོས། ལུ་གུ་རྒྱུད་ནི་གྲངས་མང་བས། །ཞེས་རྒྱུད་ཀྱི་ལུང་ཞིག་དྲངས་ནས། དངོས་འོད་རྩའི་གདངས་དང་ཆ་ཤས་ཐིག་ལེ་དང་བཅས་པ། འོད་ལྔ་ཐམས་ཅད་པོ་ལུ་གུ་རྒྱུད་དུ་བཤད་ཡོད་ཅེས་གོང་དུ་གསུངས་ས་དེ། ཚིག་དོན་མཛོད་ཀྱི་ནང་དུ་གསུངས་ཡོད། ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དེ་ཇི་ལྟ་བུ་ཞིག་ཡིན་ན། ཀ་དག་ལྷུན་གྲུབ་གཉིས་མེད་ཀྱི་དགོངས་པ། སྟོང་གསལ་འགག་པ་མེད་པའི་ཡེ་ཤེས་རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་སོང་བས་རིག་པ་ཀ་དག་ལྷུན་གྲུབ་གཉིས་མེད་ཀྱི་འབྲས་བུ་གཞི་ལ་རྫོགས་པ། རིག་པའི་དབྱིངས་གདོད་ནས་རང་རྩལ་སྐུ་གསུམ་དུ་ཤར་བས་དོན་བྱེད་པ། གཉུག་མའི་ཡེ་ཤེས་ངོ་བོ་བཅོས་བསླད་དང་བྲལ་བ་དེ་ལ་གསུངས་ཀྱི་ཡོད། སྤྱིར་ཤེས་རབ་ལ་དབྱེ་ན་འབྱེད་སྡུད་སྒྲོལ་བསྐྱོད་ལ་སོགས་པ་རེད། དེ་ཡང་འབྱེད་པའི་ཤེས་རབ། རིག་དང་མ་རིག་ཉོན་མོངས་དང་ཡེ་ཤེས་སུ་འབྱེད་པ་སོགས་དང་། སྡུད་ཅེས་པས་རྣམ་པར་སྡུད་བྱེད་ཀྱི་ཤེས་རབ་འབྱུང་ལྔ་འོད་ལྔའི་ནང་དུ་སྡུད་པ་དང་། སྐུ་ལྔ་རིག་པའི་ངང་དུ་སྡུད་པ་ལ་སོགས་པ་དང་ནི། བསྐྱོད་པའི་ཤེས་རབ་ཅེས་པས་སྐུ་ལྔ་ཀ་དག་གི་དབྱིངས་སུ་བསྐྱོད། འོད་ལྔ་འཛིན་མེད་ཀྱི་དབྱིངས་སུ་བསྐྱོད་རྒྱུ་སོགས་དང་། སྒྲོལ་བྱེད་ཀྱི་ཤེས་ནི། མ་རིག་རིག་པའི་ཀློང་དུ་སྒྲོལ། །ཤེས་རབ་རྟོག་མེད་ངང་དུ་སྒྲོལ། །ཞེས་སོགས་གསུངས་པ་ལྟར་རོ། །འདིའི་སྒྲོན་མ་བཞིའི་སྐབས་ཀྱི་ཤེས་རབ་རང་བྱུང་གི་སྒྲོན་མ་བཤད་དུས། འབྱེད་པའི་ཤེས་རབ་རྩལ་འདོན་གྱིས་སྐུ་གསུམ་གྱི་སྤྱན་གསུམ་དང་སྦྲེལ་ཏེ་གཞི་གནས་རང་བྱུང་གི་ཤེས་རབ་དང་སྣང་བ་གཅེར་འཛིན་གྱི་ཤེས་རབ་སོགས་ཀྱི་དབྱེ་བའང་ཡོད་ཚུལ་ཆོས་ཁྲིད་སྔོན་མའི་སྐབས་ཤིག་ཏུ་བཤད་པ་ལྟར་ཡིན། དེ་འདི་ནས་བཤད་པའི་འབྱེད་པའི་ཤེས་རབ་རྩལ་འདོན་གྱིས་སྐུ་གསུམ་གྱི་སྤྱན་གསུམ་དང་སྦྲེལ་ཏེ་གསུངས་པ་ཞིག་རེད། རིག་པའི་ཡེ་ཤེས་གཅིག་ལ། སྐུ་ལྔ། ཡེ་ཤེས་ལྔ། རིགས་ལྔ་ལ་སོགས་པ་ལྔ་ཚན་བདུན་གྱི་ངོ་བོར་བཞུགས་པའི་ངོ་སྤྲོད་ཀྱི་ནང་ནས།

ཁ༽ གཉིས་པ་དངོས་གཞིའི་ངོ་སྤྲོད་ཚུལ་བརྒྱད་བསྟན་པ།

དེ་ལ་བརྒྱད་ལས།

༡༽ དང་པོ་སྐུ་ལྔའི་ངོ་སྤྲོད་བསྟན་པ།

ཨེ་མ་ཧོ།

དང་པོ་སྐུ་ལྔའི་ངོ་སྤྲོད་རིམ་པ་ནི།།

ཞེས་མཚམས་སྦྱར་ཏེ།

འོད་གསལ་སྣང་བ་འདི་རྣམས་ཐམས་ཅད་ནི།།

ཞེས་མདོར་བསྟན་ཏེ་དེ་ནས་རྒྱས་པར་བཤད་པ་ནི།

སྐུ་ལྔར་མཚོན་ཏེ་རིག་པའི་ཡེ་ཤེས་ཉིད།།

འོད་གསལ་ཆེན་པོར་གསལ་བས་རྣམ་སྣང་སྐུ།།

འཕོ་འགྱུར་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ།།

དེ་ཉིད་འཕེལ་དང་བཅས་པ་རིན་འབྱུང་སྐུ།།

འོད་གསལ་མཐའ་དབུས་མེད་པས་སྣང་མཐའི་སྐུ།།

འོད་ལྔ་ལྷུན་གྲུབ་ཤར་བས་དོན་གྲུབ་སྐུ།།

རིགས་ལྔའི་སངས་རྒྱས་ལྷ་ཞལ་མཐོང་བའོ།།

དེ་ཉིད་གཟུང་འཛིན་ཞེན་པས་མི་བཅིངས་པར།།

གསལ་སྟོང་འཛིན་མེད་ཉིད་དུ་བསྒོམ་པ་ལམ།།

རིགས་ལྔའི་སྐུ་རྣམས་མཐོང་དུས་འབྲས་བུའོ།།

ཞེས་གསུངས་ཏེ། རྣམ་པར་སྣང་མཛད་དེ་རྒྱལ་བ་རིགས་ལྔའི་ནང་གི་སྐུའི་རིགས་རེད། རིག་པའི་ཡེ་ཤེས་དེས་རང་ཡུལ་ཆོས་ཉིད་ཀྱི་རྣམ་པ་ལས་ཡེ་གདངས་ལྷུན་གྲུབ་ཏུ་རྣམ་པར་སྣང་བར་མཛད་པ། སྐུ་མཚན་དཔེ་འོད་དུ་འབར་ཞིང་གསལ་བའི་རྣམ་པ་ཅན་ཡིན་པས་ན་རྣམ་པར་སྣང་མཛད་ཀྱི་སྐུ་ཡིན། མི་བསྐྱོད་པ་དེ་ཐུགས་ཀྱི་རིགས་ཡིན། རིག་པའི་ཡེ་ཤེས་དེ་རྡོ་རྗེ་ལྟར་གཞན་གྱིས་མི་བསྐྱོད་ཅིང་འཕོ་འགྱུར་མེད་པ་ཞིག་ཡིན། རིག་པའི་ངོ་བོའི་ལྡོག་ཆ་ནས་འཕོ་འགྱུར་དང་བྲལ་བ་གཟུང་འཛིན་གྱི་རྣམ་རྟོག་དང་ལས་རླུང་གིས་བསྐྱོད་དུ་མེད་པ་ཡིན་པས་ན་མི་བསྐྱོད་རྡོ་རྗེའི་སྐུ། རིན་ཆེན་འབྱུང་ལྡན་ནི་ཡོན་ཏན་གྱི་རིགས་ཡིན། རིག་པའི་ཡེ་ཤེས་ལ་འོད་གསལ་གྱི་ཡོན་ཏན་ཡེ་ནས་ཡོད་པ་དང་། རིག་པའི་ཡེ་ཤེས་ཀྱི་གདངས་འོད་གསལ་སྣ་ཚོགས་ཀྱི་སྣང་བ་འཕེལ་ཆ་དང་བཅས་པ་ཞིག་ཡིན་པ་རིན་པོ་ཆེའི་གཏེར་ལྟ་བུ་ཡིན་པས་རིན་ཆེན་འབྱུང་ལྡན་གྱི་སྐུ། སྣང་བ་མཐའ་ཡས་གསུང་གི་རིགས་ཡིན་ན། རིག་པའི་ཡེ་ཤེས་ཀྱི་གདངས་ཀྱི་སྣང་ཆའི་འོད་སྣང་དེ་མཐའ་ཡས་ཚད་མེད་པ་ཞིག་ཡིན་པ་དང་ནི། དེ་ཉིད་ཡོན་ཏན་མཐའ་ཡས་ཚད་མེད་པའི་སྒྲུབ་གཞིར་ཡང་གྱུར་པས་ན་སྣང་བ་མཐའ་ཡས་ཀྱི་སྐུར་བཞེངས་པ་ཡིན། དོན་ཡོད་གྲུབ་པ་ཕྲིན་ལས་ཀྱི་རིགས་ཡིན། རིག་པའི་ཡེ་ཤེས་ཉིད་འབད་ཅིང་རྩོལ་བ་མེད་པར་དོན་གཉིས་ལྷུན་གྲུབ་ཀྱི་སངས་རྒྱས་སམ་དཔེའི་ཡེ་ཤེས་རང་ལ་རྫོགས་ཤིང་གྲུབ་པ་ཡིན་པས་ན། འོད་ལྔ་ལྷུན་གྲུབ་ཏུ་འབར་བས་དེས་དོན་མཚོན་པ་དང་དོན་ཡོད་གྲུབ་པའང་འདི་ལ་ཚང་། དེས་ན་རིག་པ་གཅིག་གི་རང་ཞལ་མཐོང་བ་འདིས་རིགས་ལྔའི་སངས་རྒྱས་ཀྱི་ལྷ་ཞལ་རང་ལ་ཡེ་ནས་ཡོད་པ་དེ་རིང་རང་ངོ་ཤེས་ཏེ་དུས་གཅིག་ལ་མཇལ་བ་ཡིན། གཞི་སྐུ་གསུམ་ཡེ་ནས་རང་ལ་གནས་པ་དེ་ཉིད། ལམ་གཟུང་འཛིན་ཞེན་མེད་གསལ་སྟོང་འཛིན་མེད་དུ་བསྒོམས་པས། འབྲས་བུ་རིགས་ལྔ་རང་ལ་ཡོད་པ་མངོན་དུ་གྱུར་བར་བསྟན་པ་རེད། དེས་དང་པོ་སྐུ་ལྔའི་ངོ་སྤྲོད་སོང་ནས།

༢༽ གཉིས་པ་ཡེ་ཤེས་ལྔ་ཡི་ངོ་སྤྲོད་བསྟན་པ།

དེ་ནས་གཉིས་པ།

གཉིས་པ་ཡེ་ཤེས་ལྔ་ཡི་ངོ་སྤྲོད་ནི།།

ཞེས་མཚམས་སྦྱར་ནས།

འོད་གསལ་དེ་ཉིད་དྲི་མ་དང་བྲལ་ཞིང་།།

སྐུ་རྣམས་ཀུན་གྱི་འཆར་གཞི་བྱེད་པས་ན།།

མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ།།

གང་དུའང་དབྱེར་མེད་མཉམ་ཉིད་ཡེ་ཤེས་སོ།།

སོ་སོར་འཆར་བས་སོར་རྟོག་ཡེ་ཤེས་སོ།།

ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས་སོ།།

དེ་རྣམས་གཞི་མེད་ཡེ་སྟོང་རྩ་བ་དང་།།

བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།།

རིག་པ་ཡེ་ཤེས་ལྔ་ཡི་རང་བཞིན་དུ།།

ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའོ།།

དེ་ཡི་ངང་ལ་ས་ལེར་བསྒོམ་པ་ལམ།།

སྟོང་ཉིད་འོད་དུ་གསལ་བ་འབྲས་བུའོ།།

ཞེས་གསུངས་ཏེ། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་ལ་དངོས་སུ་མཐོང་རྒྱུ་འདིའི་ངོ་བོའི་ཆོས་ཉིད་ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ་པ་དང་། འོད་གསལ་དེ་ཉིད་ཡེ་ནས་དྲི་མ་ཀུན་བྲལ། སྐུ་རྣམས་ཀྱི་སྤྱི་དང་རང་གི་གཟུགས་བརྙན་གསལ་ཞིང་འཆར་གཞི་བྱེད་པ་ཡིན་པས་ན་མེ་ལོང་ལྟ་བུའི་ཡེ་ཤེས། རིག་པའི་ཡེ་ཤེས་ལ་བཟང་ངན་དུ་འགྲོར་མེད་ཅིང་ཆེ་ཆུང་ཡངས་དོག་མེད་པ་ནམ་མཁའ་ལྟ་བུའི་གཉིས་མེད་མཉམ་པ་ཆེན་པོར་བརྡལ་བ་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས། རིག་པའི་རང་ངོར་སྣ་ཚོགས་སྣང་བའི་ཆོས་རྣམས་ཐམས་ཅད་བྱེ་བྲག་མ་འདྲེས་ཤིང་སོ་སོའི་མཚན་ཉིད་དུ་སོ་སོར་གསལ་བ་དང་ནི་གཏིང་གསལ་གཟུགས་ཅན་དུ་མ་གྲུབ་པའི་འོད་ལྔའི་ཁ་དོག་སོ་སོར་གསལ་བ་སོ་སོར་རྟོག་པའི་ཡེ་ཤེས། རིག་པ་རང་གྲོལ་མ་བཙལ་བར་བྱ་བ་རྫོགས་པས་ན་བྱ་གྲུབ་ཡེ་ཤེས། རིག་པའི་རང་བཞིན་ཡེ་སྟོང་རྩ་བྲལ་སྤྲོས་པའི་མཐའ་ཐམས་ཅད་བྲལ་བས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་ཡིན། གཞི་རིག་པ་ལྔ་ཡི་རང་བཞིན་དུ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པ་ཉིད། ལམ་དེ་ཡི་ངང་ལ་མ་འདྲེས་ཟག་མེད་དུ་ས་ལེར་བསྒོམས་པས་འབྲས་བུ་སྟོང་གཞི་འོད་གསལ་ཆོས་ཉིད་དུ་དག་པའི་གཞི་འབྲས་ངོ་བོ་དབྱེར་མེད་དུ་བསྟན་པ་རེད། དེས་གཉིས་པ་ཡེ་ཤེས་ལྔ་ཡི་ངོ་སྤྲོད་སོང་ནས།

༣༽ གསུམ་པ་རིགས་ལྔའི་ངོ་སྤྲོད་རིམ་པ་བསྟན་པ།

གསུམ་པ་རིགས་ལྔའི་ངོ་སྤྲོད་རིམ་པ་ནི།།

ཞེས་མཚམས་སྦྱར་ཏེ།

འོད་གསལ་དེ་ཉིད་དེ་བཞིན་གཤེགས་པ་རྣམས།།

གཤེགས་ལམ་ཡིན་པས་དེ་བཞིན་གཤེགས་པའི་རིགས།།

འོད་གསལ་འཕོ་འགྱུར་མེད་པ་རྡོ་རྗེའི་རིགས།།

ཡོན་ཏན་དུ་མ་འབྱུང་བས་རིན་ཆེན་རིགས།།

སྣང་བ་སྐྱོན་གྱིས་མ་གོས་པདྨའི་རིགས།།

དེ་ལ་གོམས་ན་ལྷག་མེད་འགྲུབ་པས་ན།།

ལས་ཀྱི་རིགས་ཏེ་ཝ་ལེར་བསྒོམ་པ་ལམ།།

མཐར་ཕྱིན་ཕྱིར་མི་ལྡོག་པའི་འབྲས་བུའོ།།

ཞེས་གསུངས་ཏེ། འདས་དང་མ་བྱོན་ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་རིག་པའི་ཡེ་ཤེས་དེ་བཞིན་ཉིད། ཇི་བཞིན་དེ་བཞིན་དུ་གཟིགས་པས་ན་སངས་རྒྱས་ཀྱི་སར་གཤེགས་སམ་གཤེགས་འགྱུར་ཡིན་པས་ན་དེ་བཞིན་གཤེགས་པའི་རིགས། རྡོ་རྗེ་མི་འགྱུར་མི་ཤིགས་འགྱུར་བ་མེད་པའི་མཚོན་རྟགས་ཡིན་པ་ཇི་བཞིན་དུ་འོད་གསལ་འཕོ་འགྱུར་བྲལ་བ་གཉུག་མའི་གཤིས་ལུགས་དེ་ཉིད་བརྟན་པ་རྡོ་རྗེའི་རིགས། ཡང་རིག་པ་ཡོན་ཏན་ཀུན་འབྱུང་ཡིན། མི་ཟད་གསང་བའི་མཛོད་ཆེན་ཡོན་ཏན་མང་པོའི་དགོས་འདོད་འབྱུང་བའི་གཏེར་དུ་ལྷུན་གྱིས་གྲུབ་པ་ཡིན་པས་ན་རིན་ཆེན་གྱི་རིགས། འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་ཤིང་སྣ་ཚོགས་སྣང་བར་ཤར་ཡང་དྲི་བྲལ་སྐྱོན་གྱིས་གོས་པ་མེད་པ་མ་ཆགས་པདྨའི་རིགས། རིག་པ་ཕྲིན་ལས་ལྷུན་གྲུབ་ཡིན་པས་དོན་གཉིས་ངང་གིས་རྫོགས་པ་བྱ་བྲལ་ལས་ཀྱི་རིགས་ཏེ་རིགས་ལྔ་རིག་པའི་ཡེ་ཤེས་འོད་གསལ་ལྷན་ཅིག་སྐྱེས་པའང་འདི་ལ་ཚང་ཞིང་། གཞི་དེ་ལྟར་ཡིན་པ་ལམ་གྱིས་མ་འདྲེས་དབྱེར་མེད་དུ་ཝ་ལེར་བསྒོམས་ན་འབྲས་བུ་མཐར་ཕྱིན་ཕྱིར་མི་ལྡོག་པའི་རང་འབྲས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་བསྟན་པ་ཡིན་ནོ། །སྤྱིར་ན་འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་རིག་པ་གཅིག་གི་ངོ་བོར་ཚང་བ་ཡིན། གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་སེམས་ལ་ཚང་བ་མི་འཐད་ཅིང་། དེའི་ཉེར་ལེན་དེ་ལུས་སེམས་ལ་མི་ཚང་ན། སེམས་ལ་སྣང་བའི་ཕྱི་ཡུལ་ལ་ཚང་དོན་མེད་དོ། །དེ་མེད་པའི་དཔེ། མོ་གཤམ་ལ་བུ་ཞིག་དང་པོ་ཉིད་ནས་ཡོད་མ་མྱོང་ན། དེའི་བཞིན་རས་འདི་རེད་ཅེས་ཡོང་དོན་མེད་པ་དང་། མོ་གཤམ་བུའི་བཞིན་རས་འདི་རེད་ཅེས་ཟེར་རྒྱུ་མེད་པ་དེ་མེ་ལོང་ལ་འདི་ལྟར་འཆར་འདུག་ཅེས་དེ་བས་ཀྱང་བརྗོད་རྒྱུ་མེད་པ་བཞིན་ནོ། །དེས་ན་སྣང་བ་ལ་སྣང་རྒྱུ་འདི་ལུས་སེམས་ལ་ཚང་བ་ལས་བྱུང་བ་ཡིན་པ་དང་། ལུས་སེམས་ལ་ཚང་བའང་རིག་པ་ལ་ཚང་བ་ལས་བྱུང་བ་ཡིན་པས་སོ། ཡང་དཔེ་བཞག་སྟེ། ལྷས་སྦྱིན་ལ་མགོ་ཡོད་པའི་སྟབས་ཀྱིས་ངོ་ཡོད། དེ་ཡོད་པས་ངོའི་གཟུགས་བརྙན་མེ་ལོང་ལ་འཆར་རྒྱུ་ཡོད་པ་བཞིན་དུ། རིག་པ་ལ་སྐུ་གསུམ་ཡེ་ནས་རྫོགས། སྐུ་གསུམ་རིག་པའི་ངང་ལ་འཁོར་འདས་སྣང་སྲིད་ཀྱི་ཆོས་མ་རྫོགས་པ་ཞིག་མེད། དེའི་ཕྱིར་ན་ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས་པ་ཅིར་སྣང་འབྱུང་བའི་དབྱིངས་ཡོན་ཏན་ཀུན་གྱི་གཞི་སྟོང་གསལ་འགགས་མེད་ལྷུན་གྲུབ་ཡེ་ནས་ཡིན། ད་ལྟ་ཡིན། མ་འོངས་འབྱུང་འགྱུར་ལ་འགྱུར་བ་མེད། བླ་མས་རིག་ངོ་སྤྲད་པས་གསར་ཏུ་ཤེས་ཤེས་འདྲ་བོ་དེ་གསར་ཏུ་ཤེས་པ་དང་རྙེད་པ་ཞིག་ཅི་ཡང་མིན། རིག་པ་འགྱུར་མེད་ཡིན་པའི་གནད་ཀྱིས་དང་པོ་གཞི་ལས་གཞི་སྣང་དུ་ཤར་དུས་ནས་འཁོར་བར་འཁྲུལ་བ་ཡིན་ཡང་རིག་པ་ཇེ་ངན་དུ་སོང་མེད། ཐབས་དང་ལྡན་པས་ངོ་སྤྲད་དེ། དེ་ལ་གོམས་པས་ལམ་མཐར་ཕྱིན་པ་ཡིན་ཡང་རིག་པ་ཇེ་བཟང་དུ་སོང་མེད། སྒོམ་དུས་ཀྱི་རིག་པ་དང་མ་བསྒོམ་པའི་དུས་ཀྱི་རིག་པ་གཉིས་ཀའང་ཁྱད་མེད། དེ་བཞིན་དུ། དུས་ནམ་དང་ནམ། སྐབས་གང་དང་གང་གི་ཚེ་ཡང་རིག་པ་ལ་བཟང་ངན་དང་འཕོ་འགྱུར་འགྲོ་རྒྱུ་མེད། འོན་ཀྱང་སྣང་ཚུལ་ལ་བདེ་སྡུག་ཡོད་པ་གཉིས་སྣང་འཁྲུལ་བའི་ངོ་ཁར་སྣང་བ་ཡིན། རྨི་ལམ་མ་གཉིད་པའི་སྔོན་དུ་མེད་ལ་གཉིད་སད་དུས་ན་ཡང་མེད་ཀྱང་གཉིད་ཀྱི་ཚེ་ཁོ་རང་གི་ངོ་སྐལ་ཡོད་པར་བདེན་པ་འདྲ་བོར་སྣང་བའི་སྟབས་ཀྱིས། ལམ་བསྒོམ་པའི་ཐབས་ལ་བརྟེན་དགོས་པས་ན་གདུལ་བྱའི་ཁམས་དབང་མོས་པ་དང་སྒོ་བསྟུན་ནས་རྒྱུ་དང་འབྲས་བུའི་ཐེག་པའི་ཚུལ་མང་པོ་ཞིག་བསྟན་ཡོད་པ་དག་ལ་ཞུགས་དགོས། འདི་ནས་འོད་གསལ་སྒྲོན་མ་བཞིའི་གནད་ལ་བརྟེན་ཏེ་རིག་པའི་ཡེ་ཤེས་ཀྱི་གདངས་ཕྱི་རུ་འཆར་འཆར་འདྲ་བོ་དེ། རྨོངས་པའི་ངོ་ཁར་ལམ་ལ་བཀྲི་བའི་ཆེད་དུ་བསྟན་པ་ཙམ་མ་གཏོགས། དོན་དུ་ནང་གི་མཐོང་བ་རྣམ་དག་དམིགས་པ་དག་པའི་འོད་ལྔའི་ཡོན་ཏན་གྱི་ཆ་ཤས་ཙམ་ཡིན་ཏེ། མཐོང་བའི་ཡུལ་ལ་རྟོགས་པ་ཆེ། །གོ་བའི་ཡུལ་ན་བདེ་བ་ཆེ། །སྣང་བ་མཐོང་ན་ཉམས་མྱོང་ཆེ། །རང་རིག་གཅིག་པུ་གྲོགས་ཀྱི་མཆོག །ཅེས་སེངྒེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས་གསུངས་པ་འདི་ལ་བློ་གྲོས་ཆེ་ན་གོ་རྒྱུ་ཆེན་པོ་ཡོད་ཅེས་ཀུན་མཁྱེན་ཆེན་པོས་གསུངས་པ་ལྟར་ཡིན་པ་རེད། དེ་ཡན་གྱིས་རིགས་ལྔ་རིག་པའི་ཡེ་ཤེས་ལ་ཚང་བར་བསྟན་པ་སོང་ནས།

༤༽ བཞི་པ་འོད་ལྔའི་ངོ་སྤྲོད་རིམ་པ་བསྟན་པ།

བཞི་པ་འོད་ལྔའི་ངོ་སྤྲོད་རིམ་པ་ནི།།

ཞེས་མཚམས་སྦྱར་ཏེ།

འོད་གསལ་དེ་རྣམས་དྲི་མ་མེད་པས་དཀར།།

རྩལ་མ་འགགས་པས་སེར་པོ་རང་བཞིན་དུ།།

རང་གསལ་སྣང་བས་དམར་པོ་བྱ་བ་དང་།།

བྲལ་བས་ལྗང་གུ་འགྱུར་བ་མེད་པས་མཐིང་།།

ཁ་དོག་སྣང་འཛིན་བྲལ་བ་བསྒོམ་པ་ལམ།།

འབྱུང་ཁམས་དབྱིངས་སུ་དག་པ་འབྲས་བུའོ།།

ཞེས་གསུངས་ཏེ། རིག་པ་ལས་དང་ཉོན་མོངས་ཀྱི་སྐྱོན་གང་གིས་ཀྱང་གོས་མ་མྱོང་བས་དཀར་པོ། རིག་པ་ཡོན་ཏན་ཡེ་ལྡན་ཕུན་སུམ་ཚོགས་པ་མ་བྱས་ལྷུན་གྱིས་རྫོགས་པ་ཡིན་པས་ན་སེར་པོ། དབང་བཞི་རང་ལ་རྫོགས་ཤིང་འགྱུར་མེད་བདེ་བ་ཆེན་པོ་དང་འབྲལ་མི་ཤེས་པའི་རང་མདངས་བཀྲག་ཏུ་འབར་བ་དེ་ཉིད་མ་བཙལ་བཞག་པས་དམར་པོ། སྣ་ཚོགས་པའི་ལས་ཀུན་འགྲུབ་པ་དེ་བྱ་རྩལ་རྫོགས་པས་ལྗང་ཁུ། འགྱུར་མེད་རྡོ་རྗེའི་རང་བཞིན་རྟག་ཏུ་གཡོ་བ་མེད་པ་མི་འགྱུར་བརྟན་པས་མཐིང་ག་སྟེ་འོད་གསལ་ཁ་དོག་ལྔ་ཡི་ཡེ་ཤེས་ཀྱི་རང་འོད་འཛིན་པ་དེ་ཡང་གཞི་ཡེ་ཤེས་གཅིག་གི་རང་བཞིན། ལམ་ཁ་དོག་སྣང་འཛིན་དང་བྲལ་བར་བསྒོམ་པས་འབྲས་བུ་འབྱུང་ཁམས་དབྱིངས་སུ་དག་སྟེ་ཡེ་ཤེས་མཁའ་ལ་འཆར། དབྱིངས་རིག་ཐིག་ལེར་འཆར་བའི་དོན་བཤད་པ་དེས་འོད་ལྔ་བསྟན་པའོ།།

༥༽ ལྔ་པ་རླུང་ལྔའི་ངོ་སྤྲོད་རིམ་པ་བསྟན་པ།

ལྔ་པ་རླུང་ལྔའི་ངོ་སྤྲོད་རིམ་པ་ནི།།

ཞེས་མཚམས་སྦྱར་ཏེ།

འོད་གསལ་སྣང་བ་འདི་རྣམས་ཐམས་ཅད་ནི།།

ཡེ་ཤེས་དྲོད་དང་མ་བྲལ་མེ་མཉམ་རླུང་།།

འཁོར་འདས་སྣང་ཆ་འཛིན་པ་སྲོག་འཛིན་རླུང་།།

དེ་ལ་གོམས་པས་འཁོར་བ་མྱང་འདས་གཉིས།།

སོ་སོར་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་།།

དག་དང་མ་དག་ཀུན་ལ་ཡེ་ཤེས་ཀྱི།།

འོད་ལྔ་དེ་ཡིས་ཁྱབ་པའི་ཁྱབ་བྱེད་རླུང་།།

དེ་ཉིད་ཉམས་བླངས་འཁོར་བའི་སྲོག་བཅད་ནས།།

མྱ་ངན་འདས་པའི་ས་རུ་སྐྱེལ་བས་ན།།

སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་།།

དེ་ཡི་ངང་ལ་མ་བཅོས་བསྒོམ་པ་ལམ།།

མཐའ་རུ་ཕྱིན་དུས་མཐར་ཐུག་འབྲས་བུའོ།།

ཞེས་གསུངས་ཏེ། རིག་པ་ཡེ་ཤེས་ཀྱི་དྲོད་འབེབ་པའམ་དྲོད་དང་མ་བྲལ་བས་མེ་མཉམ་གྱི་རླུང་འདི་ལ་འདུས། འགྱུ་བྱེད་ཡེ་ཤེས་ཀྱི་རླུང་འཁྲུལ་རྟོག་ལས་ཀྱི་རླུང་གིས་བསླད་དང་མ་བསླད་ཀྱི་ཁྱད་པར་གྱིས་འཁོར་འདས་ཀྱི་སྲོག་འཛིན་པ་ཡིན་ན། དེའི་ཆ་གཉིས་འཛིན་པར་བྱེད་པས་ན་འཁོར་འདས་ཀྱི་སྣང་ཆ་འཛིན་པ་དེ་ཉིད་ལ་སྲོག་འཛིན་གྱི་རླུང་ཞེས་དང། འཁོར་བ་དག་པའི་མྱང་འདས་ཀྱིས་དྭངས་བྱེད་པས་ན་དྭངས་སྙིགས་འབྱེད་པའི་རླུང་ཟེར་ན་ཆོག རིག་པ་ཡེ་ཤེས་ཀྱི་རླུང་གིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁྱབ་པ་ཡིན་པས་ཁྱབ་བྱེད་རླུང་། རིག་པའི་ཡེ་ཤེས་དེ་ཉིད་ཉམས་ལེན་ནུས་པ་རྫོགས་སྟོབས་ཀྱི་སྐབས་ལ་འཁོར་བ་མྱང་འདས་སུ་བསྒྲལ་ཞིང་འཁོར་བའི་སྲོག་བཅད་པ་ཡིན་པས་ན་སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་སྟེ་གཞི་རླུང་ལྔ་གཡོ་རྩོལ་བྲལ་བ་ལ། ལམ་དེ་ཡི་ངང་ལ་མ་བཅོས་པར་བསྒོམས་པས། འབྲས་བུ་མཐར་ཕྱིན་རླུང་ལྔ་དབྱིངས་སུ་དག་པའི་རླུང་ལྔ་རྣམ་དག་ཏུ་བསྟན་པའོ།།

༦༽ དྲུག་པ་ཤེས་རབ་ལྔ་ཡི་ངོ་སྤྲོད་བསྟན་པ།

དྲུག་པ་ཤེས་རབ་ལྔ་ཡི་ངོ་སྤྲོད་ནི།།

ཞེས་ཡང་མཚམས་སྦྱར་ཏེ།

འོད་གསལ་རྟོགས་དང་མ་རྟོགས་ཁྱད་པར་ལས།།

འཁོར་བ་མྱང་འདས་གཉིས་སུ་འབྱེད་པས་ན།།

འབྱེད་པའི་ཤེས་རབ་འོད་གསལ་ཡེ་ཤེས་ཀྱི།།

རྩལ་སྣང་སྡུད་པས་སྡུད་པའི་ཤེས་རབ་དང་།།

འོད་སྣང་འགྲོ་འོང་དང་བཅས་བསྐྱོད་པས་ན།།

བསྐྱོད་པའི་ཤེས་རབ་དེ་ཉིད་དོན་རྟོགས་ན།།

འཁོར་བ་ལས་སྒྲོལ་སྒྲོལ་བའི་ཤེས་རབ་སྟེ།།

དེ་ཡིས་ངང་ལ་རྒྱུན་དུ་བསྒོམ་པ་ལམ།།

མཐའ་རུ་ཕྱིན་དུས་མཐར་ཐུག་འབྲས་བུའོ།།

ཞེས་གསུངས་ཏེ། ཆོས་ཉིད་འོད་གསལ་གྱི་དོན་དེ་ཉིད་ལྷག་མཐོང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་སྣང་ཤེས་འཁོར་འདས་ཀྱི་རྣམ་པར་སོ་སོར་མ་འདྲེས་པར་འབྱེད་པར་བྱེད་པས་ན་འབྱེད་པའི་ཤེས་རབ། དེ་ཉིད་ངོ་བོའི་ཆ་ནས་ཐམས་ཅད་རང་ལ་རྫོགས་ནས་ཡོད་པས་ཡེ་ཤེས་ཀྱི་རྩལ་སྣང་སྡུད་པར་བྱེད་པས་ན་སྡུད་པའི་ཤེས་རབ། འདི་ནས་འབྱེད་སྡུད་སྐྱོད་སྒྲོལ་ཏེ་ཤེས་རབ་རྣམ་པ་བཞི་མ་གཏོགས་གསུངས་མི་འདུག ཤེས་རབ་ལྔ་བཤད་པའི་སྐབས་ཡིན་པས་ཡི་གེའི་ཐོག་ནས་ཆད་པ་འདྲ་ཨེ་ཡིན་ན། གསུམ་པ་ཁྱབ་བྱེད་ཀྱི་ཤེས་རབ་ཡིན་དགོས་པ་རེད། ཆོས་ཅན་རྟེན་འབྲེལ་དུ་སྣང་བའི་སྣ་ཚོགས་པའི་ཆོས་ཐམས་ཅད་པོ་ཆོས་ཉིད་ཐིག་ལེ་ཆེན་པོར་བཟླུམས་པ། ཆོས་ཉིད་ཀུན་ཏུ་འགྲོ་བ་དེས་འཁོར་འདས་སྣང་སྲིད་ཡོངས་ལ་ཁྱབ་པ་ཡིན་པས་ན་ཁྱབ་བྱེད་ཀྱི་ཤེས་རབ། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་ཤེས་རབ་མཁའ་ལ་བཏེགས་ཏེ་གཟོད་ཡེ་ཤེས་དབྱིངས་སུ་འཁྱིལ་ཞིང་རིག་གདངས་གཡོ་བ་དང་བཅས་པར་སྣང་བས་ན་སྐྱོད་པའི་ཤེས་རབ། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་དུ་སྒྲོལ་བ་སྟེ། ཤེས་རབ་ཀྱིས་དེ་བཞིན་ཉིད་ཀྱི་དབྱིངས་འཕོ་འགྱུར་དང་བྲལ་བར་རྟོགས། གཟུང་འཛིན་སྤངས་བའི་ཕན་ན་འཁོར་བ་མིང་ཙམ་ཡང་མ་གྲུབ་པས་ན་སྒྲོལ་བའི་ཤེས་རབ། གཞི་ཤེས་རབ་ལྔ་རུ་རང་ཤར་བ་དེ། ལམ་དེ་ཡི་ངང་ལ་མ་ཡེངས་རྒྱུན་དུ་གོམས་ཤིང་གོམས་པས། འབྲས་བུ་མཐར་ཕྱིན་མཁྱེན་པའི་ཡེ་ཤེས་དབྱིངས་ཡེ་དབྱེར་མེད་ཀྱི་ས་རུ་བཟླུམས་པ་སྟེ་དེས་ཤེས་རབ་ལྔ་བསྟན་པའོ།།

༧༽ བདུན་པ་མཁའ་འགྲོ་ལྔ་ཡི་ངོ་སྤྲོད་བསྟན་པ།

བདུན་པ་མཁའ་འགྲོ་ལྔ་ཡི་ངོ་སྤྲོད་ནི།།

ཞེས་མཚམས་སྦྱར་ཏེ།

འོད་གསལ་མཐིང་ག་སངས་རྒྱས་མཁའ་འགྲོ་དང་།།

དཀར་པོ་རྡོ་རྗེ་མཁའ་འགྲོ་སེར་པོ་ནི།།

རིན་ཆེན་མཁའ་འགྲོ་དམར་པོ་པདྨ་ཡི།།

མཁའ་འགྲོ་ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ།།

མཁའ་འགྲོ་ལྔ་ཡི་ལྷ་ཞལ་མཐོང་བ་ཡིན།།

དེ་ཡི་ངང་ལ་མ་ཡེངས་བསྒོམ་པ་ལམ།།

སྣང་བ་མཐའ་རུ་ཕྱིན་དུས་འབྲས་བུའོ།།

ཞེས་གསུངས་ན། རྡོ་རྗེ་རིན་ཆེན་པདྨ་ལས་དང་དེ་བཞིན་གཤེགས་པའི་རིགས་ཀྱི་མཁའ་འགྲོ་ལྔ་ཡང་རིག་པའི་ཡེ་ཤེས་གཅིག་ལ་འདུས་ཤིང་ཚང་བ་ཡང་། འོད་གསལ་ཡེ་ཤེས་ལྔ་ལྡན་གྱི་འོད་མཐིང་གར་གསལ་བ་དེ་དེ་བཞིན་གཤེགས་པའི་རིགས་ཀྱི་སངས་རྒྱས་མཁའ་འགྲོ། དཀར་པོར་སྣང་བ་རྡོ་རྗེ་རིགས་ཀྱི་རྡོ་རྗེ་མཁའ་འགྲོ། སེར་གསལ་དུ་སྣང་བ་རིན་ཆེན་རིགས་ཀྱི་རིན་ཆེན་མཁའ་འགྲོ། དམར་པོར་གསལ་བ་པདྨ་རིགས་ཀྱི་པདྨ་མཁའ་འགྲོ། དེ་བཞིན་དུ་འོད་ལྗང་ཁུར་འཚེར་ཞིང་སྣ་ཚོགས་མདོག་ཅན་དེ་ལས་ཀྱི་རིགས་ཀྱི་ལས་ཀྱི་མཁའ་འགྲོ་སྟེ་མཁའ་འགྲོ་ལྔ་འང་ཚང་། གཞི་ལ་དེ་ལྟར་གནས་པ་ལམ་གྱིས་དེ་བཞིན་དུ་བསྒོམས་པས་འབྲས་བུ་སྣང་བ་མཐའ་རུ་ཕྱིན་ཏེ་ཡེ་རྫོགས་མངོན་ཏུ་འགྱུར་བ་དེས་མཁའ་འགྲོ་ལྔ་སྟེ་ལྔ་ཚན་བདུན་པོ་བསྟན་པ་རེད། ད་དུང་ལྔ་ཚན་བརྒྱད་བྱས་ཏེ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་བཤད་ཆོག་སྟེ། ངོ་བོ་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་ཚང་བའི་བདག་ཉིད་ཅན་ཡིན་ན། དེ་ལྟ་བུའི་སྐུ་གསུམ་ཚང་བའི་བདག་ཉིད་ཅན་དེ་འཆར་གཞི་ནང་གསལ་གྱི་སྐུ་གསུམ་དང་གཟུགས་སྐུ་གཉིས་ཏེ་ལྔ་ལ་སྦྱར་ན་དེ་ངོ་བོའི་ཆོས་ལྔ་དང་། རང་བཞིན་འོད་ལྔའི་སྣང་བ་གོང་ནས་བཤད་པ་ལྟར་དང་། ཐུགས་རྗེ་ལྔ་ཡེ་ཤེས་ལྔར་སྦྱར་ཏེ་ལྔ་རུ་འབྱུང་བ་ཡིན། དེ་ཇི་ལྟར་ཡིན་ན། རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱར་མི་འགྱུར་བའི་ཐུགས་རྗེ་དང་ལྔའོ། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཟེར་བ་དེ་ཉི་མ་དང་འོད་ཟེར་ལྟ་བུ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ་དེ་བུ་གཅིག་པུ་ལ་མས་བྱམས་པ་ལྟ་བུ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་དེ་གཏོང་ཕོད་ཅན་ལ་དབུལ་བོས་ནོར་བསླངས་པ་ལྟ་བུ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ་དེ་གང་འདུལ་ཀྱི་ངོ་སྐལ་དེར་སྣང་དུ་སྟོན་པ། གདུལ་བྱར་མི་འགྱུར་བའི་ཐུགས་རྗེ་དེ་རྒྱ་མཚོའི་དུས་རླབས་སྐད་ཅིག་སྐར་མའི་ཆ་ཙམ་ཡང་མི་གཟུར་བ་ལྟ་བུ་ཡིན་པར་གསུངས་སོ།།

༨༽ བརྒྱད་པ་མཆོག་གསུམ་སྐུ་གསུམ་ངོ་སྤྲོད་བསྟན་པ།

ད་ནི་ངོ་སྤྲོད་བརྒྱད་པ་འདི་ནས་གཞུང་དོན་གྱི་དངོས་བསྟན་ནི།

བརྒྱད་པ་མཆོག་གསུམ་སྐུ་གསུམ་ངོ་སྤྲོད་ནི།།

ཞེས་མཚམས་སྦྱར་ན། བགྲང་བའི་གོ་རིམ་ལྟར་ན་མཆོག་གསུམ་སྔོན་དུ་གསུངས་ཀྱང་བཤད་པའི་གོ་རིམ་ལྟར་ན་སྐུ་གསུམ་སྔོན་དུ་སྟོན་ཁི།

འོད་གསལ་ངོ་བོ་སྟོང་པ་ཆོས་ཀྱི་སྐུ།།

འོད་དང་ཐིག་ལེ་འཆར་བ་ལོངས་སྤྱོད་རྫོགས།།

སྣ་ཚོགས་འཆར་ཞིང་འཕྲོ་བ་སྤྲུལ་པའི་སྐུ།།

ཡེ་ནས་སྐུ་གསུམ་འབྲལ་མེད་རང་ཉིད་ལ།།

གནས་པ་ད་ལྟར་རང་ངོ་ཤེས་པ་ཡིན།།

དེ་ལ་གོམས་ནས་སྐུ་གསུམ་ལམ་སྣང་དུ།།

ཤར་ནས་མཐར་ཐུག་གཞོན་ནུ་བུམ་པའི་སྐུ།།

བརྙེས་དུས་དོན་གྱི་འབྲས་བུ་ཐོབ་པའོ།།

དཀོན་མཆོག་གསུམ་ཡང་རང་ལ་ཡེ་ནས་གནས།།

ཆོས་ཉིད་མ་འཁྲུལ་གཞི་ཡི་སངས་རྒྱས་དང་།།

སྒྲ་ཚིག་ལས་འདས་དོན་གྱི་དམ་པའི་ཆོས།།

འགྱུར་མེད་གནས་པ་སྙིང་པོའི་དགེ་འདུན་ཏེ།།

གནས་ལུགས་དོན་དམ་རྡོ་རྗེའི་སྐྱབས་ལའགྲོ་དང་།།

འབྲལ་མེད་ངང་ནས་སྣང་བ་བཞི་པོ་ལ།།

སྤྱོད་པ་ཡིན་ནོ་སྐལ་ལྡན་རིགས་ཀྱི་བུ།།

ཞེས་གསུངས་ཏེ། སྐུ་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་གསུམ་དེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྣལ་འབྱོར་བའི་མཉམ་བཞག་རྗེས་ཐོབ་མཉམ་རྗེས་གང་དུའང་མ་ཕྱེས་པའི་དུས་གསུམ་དང་སྦྱར་ཏེ་འདི་འགྲེལ་ན། མཉམ་བཞག་གི་དུས་ན་ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར་བ་དེ་ངོ་བོ་སྟོང་པ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེད་པའི་སྐབས་ལྟ་བུར་ཡིན་ན་རང་བཞིན་འོད་དུ་གསལ་བས་འོད་གསལ་ཀློང་དུ་རྒྱས་པ་འོད་དང་ཐིག་ལེར་འཆར་བ་དེ་ལོངས་སྤྱོད་རྫོགས་སྐུ། རྗེས་ཐོབ་ཐུགས་རྗེ་ཡེ་ཤེས་སུ་གནས་པ་ཡིན་པས་མཛད་པ་ཕྱོགས་མེད་དུ་ཤར་བ་དེ་སྣ་ཚོགས་འཆར་ཞིང་འཕྲོ་བ་སྤྲུལ་བའི་སྐུ་སྟེ། དེ་ལྟར་སྐུ་གསུམ་ཡེ་ནས་འདུ་འབྲལ་མེད་པར་རང་ཉིད་ལ་གནས་པ་དེ། ད་ལྟ་གདམས་པའི་ཟབ་གནད་ལ་བརྟེན་ཏེ་འདི་ལྟར་རང་ངོ་ཤེས་པ་ཡིན་པས། འདི་གཞི་སྐུ་གསུམ་ཡེ་ནས་རང་ལ་གནས་པ་དེ་ཉིད། ལམ་སྐུ་གསུམ་ལམ་སྣང་དུ་ཤར་བའི་གནད་ལ་བརྟེན་ནས། འབྲས་བུ་མཐར་ཐུག་གཞོན་ནུ་བུམ་པའི་སྐུ་ཀ་དག་གི་ནང་དབྱིངས་ལ་གཤེགས་པ་དེ་བསྟན་པའོ། །གཞོན་ནུ་བུམ་སྐུ་སྔར་བཤད་པ་བཞིན་སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་ཆ་ནས་གཞོན་ནུ་སྟེ། རྟག་ཏུ་གཞོན་ལུས་འཆང་བ་པོ། །གསུངས་པ་ལྟ་བུ་དང་། བུམ་སྐུ་ཞེས་པས་ཕྱིའི་སྒྲིབ་བྱེད་བུམ་པའི་ནང་ན། ནང་རང་གསལ་མར་མེ་བཞག་པ་བཞིན་དུ་འོད་གསལ་རིག་པའི་ཡེ་ཤེས་དེ་ཉིད་མཐར་དབྱིངས་རིག་དབྱེར་མེད་དུ་འཆར་དུས་ཕྱི་གསལ་གྱི་ཚུལ་དུ་མི་མངོན་པར་གཏིང་གསལ་གཡོ་མེད་ཀྱི་ཚུལ་དུ་གནས་པ་དེ་ཉིད་ནང་གསལ་ཟབ་པའི་མཐར་ཐུག་ཡིན། ནང་གསལ་ཕྲ་བའི་ཡེ་ཤེས་ཀྱི་བརྡར་ཤེས་པའི་དོན་དུ་བསྙད་པ་དོན་དམ་ཆོས་སྐུའི་ཐ་སྙད་སྦྱར་ཏེ་དཔེ་བུམ་སྐུ་ཞེས་གཞོན་ནུ་བུམ་སྐུ་གསུངས་པའོ། །དེ་བཞིན་དུ་དཀོན་མཆོག་གསུམ་ཡང་རང་ལ་ཡེ་ནས་གནས། ཇི་ལྟར་གནས་ན། རིག་པའི་ངོ་བོར་རྫོགས་ནས་ཡོད་དེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་གསུངས་སོ། །རིགས་པས་ཀྱང་གྲུབ་སྟེ། སེམས་ཅན་དང་སངས་རྒྱས་འཁྲུལ་མ་འཁྲུལ་གྱིས་དབྱེ་བ་ཕྱེ་དགོས་པས། ཆོས་ཅན་འཁྲུལ་བ་ལྟར་སྣང་ཡང་ཆོས་ཉིད་ཡེ་ནས་འཁྲུལ་མ་མྱོང་བ་དེ་བཞིན་ཉིད་དབྱིངས་ལ་འགྱུར་བ་མི་མངའ་བ། འབྲས་བུའི་དུས་སུ་དག་པ་གཉིས་ལྡན་དུ་འགྱུར་བ་དེ་མངོན་ཏུ་གྱུར་མ་གྱུར་གྱིས་ཕྱེས་པ་ཙམ་ཡིན། དེས་ན་མ་འཁྲུལ་བ་གཞིའི་སངས་རྒྱས་སེམས་ཉིད་རང་གི་ངོ་བོར་རྫོགས་པས་ན་གཞི་དུས་ཀྱི་རིག་པ་ལུས་དབུས་ཙིཏྟའི་དྭངས་མ་ན་བཞུགས། དམ་པའི་ཆོས་འགོག་ལམ་གྱི་བདེན་པས་བསྡུས་པའི་མཐར་ཐུག་བརྗོད་པ་ཐམས་ཅད་བརྗོད་མེད་ལ་འདུས་པས། བརྗོད་མེད་སྒྲ་ཚིག་ལས་འདས་པ་དོན་དམ་པའི་དམ་ཆོས། དགེ་ལ་འདུན་ཞིང་དེ་དང་མི་ཕྱེད་པ་ནི་དགེ་འདུན་ཡིན་པས། ཆོས་ཉིད་དོན་གྱི་སྙིང་པོ་གཡོ་འགུལ་འཕོ་འགྱུར་དང་བྲལ་བ་ཡོན་ཏན་ལྷུན་གྲུབ་ཀྱི་བདག་ཉིད་དེ་སྙིང་པོའི་དགེ་འདུན་ཡང་ཡིན་ན། མཆོག་གསུམ་རང་ལ་ཚང་བའི་སྟབས་ཀྱིས་འདུན་པས་འགྲོ་བ་དང་ཞེ་སྡང་གིས་འགྲོ་བ་གཏི་མུག་གིས་འགྲོ་བ་ལྟ་བུའི་སྐྱབས་འགྲོ་དོད་ཙམ་པ་ཉི་ཚེ་བ་དེ་འདྲ་མ་ཡིན་པར། སྐྱབས་ཡུལ་ཕྱི་ནས་མི་འཚོལ་བར་གནས་ལུགས་དོན་དམ་པའི་སྐྱབས་འགྲོ། དོན་དམ་འགྱུར་མེད་རྡོ་རྗེའི་སྐྱབས་འགྲོའང་འདི་ཡིན། གཞི་ལ་མཆོག་གསུམ་སྐུ་གསུམ་དེ་ལྟར་ཚང་བ་དེ། ལམ་གྱི་འོད་གསལ་སྣང་བ་བཞི་པོ་རིམ་དང་རིམ་མིན་གྱི་བགྲོད་པས་སྐུ་གསུམ་ལམ་སྣང་དུ་བྱས་པས། འབྲས་བུ་སྐུ་གསུམ་ལྷུན་གྲུབ་གཞི་འབྲས་དབྱེར་མེད་པའི་རྒྱལ་སར་དེ་ལྟར་དུ་བསྐྱོད་པ་ཡིན་ནོ་སྐལ་ལྡན་རིགས་ཀྱི་བུ་རྣམས་གོ་བར་གྱིས་ཤིག་ཅེས་གསུངས་པའོ།།

ག༽ གསུམ་པ་དཀྱིལ་འཁོར་དབང་དང་བསྐྱེད་རྫོགས་བཟླས་བརྗོད་སྡོམ་དང་དམ་ཚིག་ལ་སོགས་པ་དང་རྩ་བ་གསུམ་ཡང་དེ་ལ་ཚང་བར་བསྟན་པ།

འདི་ནས་དཀྱིལ་འཁོར་དབང་དང་བསྐྱེད་རྫོགས་བཟླས་བརྗོད་སྡོམ་དང་དམ་ཚིག་ལ་སོགས་པ་དང་རྩ་བ་གསུམ་ཡང་དེ་ལ་ཚང་བར་བསྟན་པ་ནི།

འོད་གསལ་ཡེ་ཤེས་སྣང་ཆ་འདི་ཉིད་ནི།།

བློ་ཡིས་བཏགས་ཤིང་རྩ་རླུང་འཛིན་རྩོལ་གྱི།།

རྐྱེན་ལས་བྱུང་བའི་ཤེས་ཉམས་སྟོང་གཟུགས་ཀྱི།།

འཁྲུལ་སྣང་རབ་རིབ་མ་དེ་མ་ཡིན་པར།།

གདོད་ནས་གྲུབ་པའི་ཆོས་ཉིད་མངོན་སུམ་གྱི།།

ཉམས་སྣང་མི་བསླུ་བ་དེ་མཐོང་བ་ཡིན།།

དཀྱིལ་འཁོར་འདི་ཡིན་བསྐྱེད་བཟླས་རྫོགས་རིམ་འདི།།

བླ་མ་ཡི་དམ་མཁའ་འགྲོ་འདི་ཡིན་ནོ།།

དབང་དང་སྡོམ་པ་དམ་ཚིག་འདི་ཉིད་ཡིན།།

འདི་ཉིད་ཉམས་སུ་ལེན་པ་སྐལ་བ་བཟང་།།

ཞེས་གསུངས་ཏེ། སྒྲོན་མ་སྣང་བྱེད་ལས། དཀྱིལ་འཁོར་དེ་ཡིན་ལྷ་དེ་རང་། །སྔགས་དང་ཕྱག་རྒྱ་མཆོད་པ་དེ། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །སངས་རྒྱས་སེམས་ཅན་འཁོར་འདས་ཡིན། །དབང་དང་སྡོམ་པ་དམ་ཚིག་ཡིན། །རང་གི་བླ་མ་ལྷ་ཡང་ངོ་། །ཞེས་གསུངས་པ་ལྟར། འདིའི་འོད་གསལ་གྱི་སྣང་ཆར་ཤར་བའི། འདི་ཐམས་ཅད་པོ་བློས་བྱས་སེམས་ཀྱིས་བཏགས་པའི་རྩ་རླུང་འཛིན་རྩོལ་གྱི་འདུ་བྱེད་ཕལ་བ་ལ་བརྟེན་པའི་རྐྱེན་ལས་བྱུང་བའི་ཤེས་ཉམས་བརྟན་པ་མིན་པའི་སྟོང་གཟུགས། བྱིས་པ་བསླུ་བའི་འཁྲུལ་སྣང་རབ་རིབ་མ་དེ་འདྲ་མ་ཡིན་པར། འདི་ནི་སྣང་ཉམས་གདོད་ནས་གྲུབ་པའི་འོད་གསལ་གྱི་རང་གདངས་ཆོས་ཉིད་མངོན་སུམ་མཐོང་བའི་ཉམས་སྣང་ངམ་སྣང་ཉམས་མི་བསླུ་བ་དེ་མཐོང་བ་ཡིན་པས་ན། དེའི་སྣང་ཉམས་དེ་རིག་པའི་གདངས་ཡིན་ལ་འོད་གསལ་ཆེན་པོའང་དེ་ཡིན་པས་འདི་མཐོང་བ་ནི་གསང་སྔགས་བླ་མེད་ཀྱི་རྒྱུད་ཀྱི་དངོས་པོ་བཅུའམ་དེ་ཉིད་བཅུ་ཡོངས་སུ་རྫོགས་པའི་ལམ་དང་འབྲས་བུའི་ཆོས་ཐམས་ཅད་འདི་ལ་ཚང་བ་ཡིན། དེ་ཉིད་བཅུ་ནི། ལྟ་བ་སྒོམ་པ་སྤྱོད་པ་གསུམ། དཀྱིལ་འཁོར་དབང་དང་དམ་ཚིག་གསུམ་དང་དྲུག སྒྲུབ་པ་མཆོད་པ་ཕྲིན་ལས་གསུམ་དང་དགུ། སྔགས་ཕྱག་རྒྱ་གཉིས་གཅིག་ཏུ་བརྩིས་ན་བཅུ་དང་སོ་སོ་རུ་བརྩིས་ན་བཅུ་གཅིག་གོ དེ་ཁོ་ན་ཉིད་ལྟ་བ་ཉག་གཅིག་ནི་རིག་པའི་ཡེ་ཤེས་མཐོང་བ་ལས་གཞན་དུ་མེད་ལ། དེའི་ངང་ལ་བཞག་པ་ནི་སྒོམ་པ་དང་། དེ་དང་འབྲེལ་བའི་སྤྱོད་པ་ཡང་འདི་ལ་ཚང་། སྣང་ཤེས་ཆོས་ཉིད་དུ་རྟོགས་པའི་རྣལ་འབྱོར་བས་སྤྱོད་ལམ་ཅི་བྱས་ཐམས་ཅད་ཆོས་ཉིད་ལས་མ་འདས་དུས། སྣང་ཚུལ་ཅིར་སྣང་ཡང་ཐམས་ཅད་རོལ་བ་འགགས་མེད་དུ་ཤར་ཏེ། རང་བྱུང་དོན་གྱི་དཀྱིལ་འཁོར། བཟའ་བཏུང་ཆོས་ཉིད་ཀྱི་བསྙེན་པ། ཉལ་འདུག་བྱང་ཆུབ་ཀྱི་སྒྲུབ་པ། འདུ་བྱེད་ལྷག་གནས་ཀྱི་བསམ་གཏན། སྟོང་གསུམ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སོགས་དེ་ལྟར་དུ་གསུངས་ཡོད་ན། རང་ལུས་དབང་གི་བུམ་པ། རང་བབས་རྒྱུན་གྱི་དམ་ཚིག་ལ་སོགས་པ་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པར་དེ་ལྟར་གནས་སོང་བ་ཡིན་དུས། བཀོད་པ་ཐམས་ཅད་དཀྱིལ་འཁོར། རིམ་བགྲོད་དབང་། མི་འདའ་བ་དམ་ཚིག སྒྲུབ་མཆོད་ཕྲིན་ལས་སྔགས་དང་ཕྱག་རྒྱ་ཡང་དེ་ལ་ཚང་ཡོད་ཅེས་གསུངས། ཇི་ལྟར་ཚང་ན། དོན་གཉེར་སྒྲུབ་པ། གནས་སུ་སྟོབ་པ་མཆོད་པ། རོལ་བ་ཕྲིན་ལས། འཆིང་དང་བཟླ་བ་ཕྱག་རྒྱ་དང་སྔགས་བཅས་ཐམས་ཅད་པོ་རྫོགས། རྫོགས་རིམ་ཀུན་གྱི་རྒྱལ་པོ་གང་དུ་རྫོགས་པའི་རྫོགས་གཞིའང་འདི་ཉིད་ཡིན། བླ་མ་ཡི་དམ་མཁའ་འགྲོ་གསུམ་ཀའང་འདི་ལ་རྫོགས། དེའི་ཕྱིར་ན་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་སྐུ་ལ་བལྟ་བར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག་ལ་སོགས་པ་གསུངས་སོ། །དེ་ལྟར་རང་ལ་ཡོད་པའི་གདོད་མའི་མགོན་པོའི་རང་ཞལ་མཇལ་བ་འདི་ཉིད་མངོན་གྱུར་གྱི་ཆེད་དུ་གདམས་ཟབ་ཀྱི་ཐབས་ལ་བརྟེན་ཏེ་ཉམས་སུ་ལེན་རྒྱུ་ཡོད་པ་འདི་ཇི་འདྲའི་སྐལ་བ་རེ་བཟང་ཞེས་གསུངས་པ་རེད།

ང༽ བཞི་བ་སླར་ཡང་འདི་ཉིད་ཉམས་ལེན་ལ་བརྩོན་པར་གདམས་པ།

སླར་ཡང་འདི་ཉིད་ཉམས་ལེན་ལ་བརྩོན་པར་གདམས་པ་ནི།

དེ་ལྟར་སྣང་བ་དེ་རྣམས་ཀུན་རྫོབ་ཀྱི།།

སྣང་ཚུལ་འཇིག་པའི་ཆོས་སུ་ཡེ་མེད་དེ།།

དོན་དམ་འདུས་མ་བྱས་ཀྱི་ཆོས་ཉིད་དོ།།

འདི་ཉིད་བྱས་ཤིང་གོམས་པས་བྱུང་བ་མིན།།

ཡེ་ཉིད་ནས་ནི་རང་ལ་གནས་པ་ཡིན།།

རིག་གདངས་སྒྲོན་མའི་སྣང་བ་འདི་ཉིད་ལ།།

ས་ཆུ་མེ་རླུང་འབྱུང་བཞིའི་དགྲ་ཡིས་ཀྱང་།།

འདི་ཉིད་གཞིག་ཅིང་གཞོམ་དུ་ནུས་མ་ཡིན།།

འདོད་ཆགས་ཞེ་སྡང་གཏི་མུག་ཉིད་ཀྱིས་ཀྱང་།།

འདི་ཉིད་ཡེ་ནས་སྒྲིབ་པ་མ་ཡིན་ནོ།།

ཡེ་ནས་མ་བྱས་རང་བྱུང་རང་ཤར་བའི།།

སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་གྱི།།

དཀྱིལ་འཁོར་མཐོང་བ་ཡིན་པས་བསྒོམ་པ་ལ།།

བརྩོན་པར་གྱིས་ཤིག་སྐལ་ལྡན་སྙིང་གི་བུ།།

ཞེས་ཡང་གདམས་ཏེ། ཕྱི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་རང་འགག་ཏུ་སོང་སྟེ་རིས་མེད་མཉམ་པ་ཆེན་པོར་གྲོལ་འགྲོ་བས། ཀ་དག་གི་རིག་གདངས་དང་ལྷུན་གྲུབ་གྱི་འོད་གདངས་ཟུང་དུ་འབྲེལ་བ་འདི་སྣང་ཚུལ་ཙམ་དུ་ཉམས་ལྷན་པ་འདྲ་སྟེ་གོག་ནས་འགྲོ་བ་ཅན་པོའི་འཇིག་ཅིང་འགྱུར་བའི་ཆོས་ལས་འདས་པ། དོན་དམ་འདུས་མ་བྱས་ཀྱི་ཆོས་ཉིད་འདི་མཐོང་བ་གཟུགས་ཅན་མ་ཡིན། མཐོང་མཁན་མིག་ཅན་མ་ཡིན། བྱས་ཤིང་གོམས་པས་བྱུང་བ་མིན་པར། ཡེ་ནས་རང་ལ་གནས་པའི་རིག་གདངས་སྒྲོན་མའི་སྣང་བ་ཡིན་པས་ན། འདི་ལ་འབྱུང་བཞིའི་དགྲས་ཞིག་ཅིང་གཞོམ་ཏུ་མེད། ནང་ཉོན་མོངས་རྣམ་རྟོག་གིས་བསྒྲིབས་པས་འདི་ལ་འགྲིབ་རྒྱུ་མེད། ཡེ་ནས་སུས་ཀྱང་མ་བྱས་མ་བསྒྲུབ་རང་བྱུང་རང་ཤར་དུ་སྣང་བའི་དབྱིངས་རིག་གཉིས་མེད་མ་འཁྲུལ་བའི་སངས་རྒྱས་སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་ཀྱི་དཀྱིལ་འཁོར། མངོན་སུམ་དུ་མཐོང་བ་ཡིན་པས་དགའ་བ་དང་བཅས་ཏེ་ཉམས་ལེན་ལ་བརྩོན་པར་གྱིས་ཤིག འདི་འདྲའི་གོ་སྐབས་བཟང་པོ་རྙེད་པའི་སྐབས་སུ་ནོར་བུ་རང་ལག་ཏུ་ཡོད་བཞིན་དུ་ཤོར་བ་ལྟ་བུ་རེད་ན་རྗེས་ནས་འགྱོད་པར་འགྱུར་ཏ་རེ་ཞེས་པའི་དོན་ཤུགས་ལ་བསྟན་ཏེ། མ་འཆུགས་བརྩོན་པ་སྐྱེད་ཅིག་སྐལ་ལྡན་སྙིང་གི་བུ་ལ་སྙིང་གཏམ་ཚིག་གཅིག་ཡིན་གསུངས་པའོ།།

ཅ༽ ལྔ་བ་མཇུག་ཏུ་སྤྲོ་བ་བསྐྱེད་པ།

དེ་ནས་ངོ་སྤྲོད་ཀྱི་མཇུག་ཏུ་སྤྲོ་བ་བསྐྱེད་པ་ནི།

དེ་ནས་སློབ་མ་སྤྲོ་བ་བསྐྱེད་པ་ནི།།

ཞེས་མཚམས་སྦྱར་ཏེ།

སྐལ་ལྡན་བུ་རྣམས་འདི་ལྟར་མཐོང་བ་འདི།།

རང་བྱུང་རིག་པ་ཐིག་ལེ་ཉག་གཅིག་གི།

ཆོས་ཉིད་མངོན་སུམ་སྣང་བ་ཞེས་བྱ་ཡིན།།

བླ་མ་སངས་རྒྱས་བྱང་སེམས་ཡི་དམ་དང་།།

མཁའ་འགྲོ་སོགས་ཀྱི་ལྷ་ཞལ་མངོན་སུམ་དུ།།

མཐོང་བ་ཞེས་ཀྱང་བྱ་སྟེ་བསོད་ནམས་དང་།།

ཡེ་ཤེས་ཚོགས་གཉིས་རྫོགས་པ་ཞེས་བྱའོ།།

དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི།།

དབང་རྣམས་དུས་གཅིག་ཐོབ་པ་ཞེས་བྱའོ།།

རིག་པའི་རྩལ་དབང་ཐོབ་པ་ཞེས་བྱའོ།།

ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡེ་ཤེས་ལྔ།།

མངོན་དུ་གྱུར་པ་ཞེས་ཀྱང་བྱ་བའོ།།

ལས་དང་བག་ཆགས་སྡིག་སྒྲིབ་མ་རིག་པ།།

ཐམས་ཅད་དག་པ་ཞེས་ཀྱང་བྱ་བའོ།།

ལས་དང་སྐལ་བར་ལྡན་པ་ཞེས་བྱའོ།།

དེ་རིང་ཉིད་ནས་ཀུན་བཟང་རིགས་ལྔ་དང་།།

སྐལ་བ་མཉམ་པ་ཞེས་ཀྱང་བྱ་བའོ།།

ཞེས་གསུངས་ཏེ། སྐལ་ལྡན་གྱི་བུ་རྣམས་ཡང་བསྐྱར་འདང་ཞིག་རྒྱོབ་དང་། རང་བྱུང་རང་ལ་གནས་པའི་དོན་གྱི་སངས་རྒྱས། དེ་སྔ་མཇལ་མ་མྱོང་བའམ་ངོ་མ་ཤེས་པ་དེ། དེ་རིང་རིག་པ་ཐིག་ལེ་ཉག་གཅིག་གི་ཆོས་ཉིད་ཡེ་གདངས་ཀྱི་ཚུལ་དུ་མངོན་སུམ་སྣང་བ་མིན་ན་ཅི་ཡིན། གོང་ནས་བསྟན་པ་ལྟར་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ལ་སོགས་པའི་སྐྱབས་ཡུལ་ཞིག་ཡོད་དོ་ཅོག་ཐམས་ཅད་མཉམ་དུ་མཇལ་བ་ཡིན། འདི་མཇལ་བ་ཙམ་གྱིས་ཟག་མེད་ཀྱི་དགེ་བ་དམ་པ་འདིས་ཚོགས་གཉིས་མཉམ་དུ་རྫོགས། དུས་གསུམ་བྱོན་བཞུགས་འབྱོན་འགྱུར་གྱི་རྒྱལ་བ་ཐམས་ཅད་ཀྱི་དབང་ཐོབ་པ་ཡིན། དེ་ཡང་དབང་ཐམས་ཅད་ཀྱི་རྒྱལ་པོ་རིག་པའི་རྩལ་དབང་ཐོབ་པ་ཡིན། སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར། དེ་དང་མཉམ་དུ་ལས་དང་བག་ཆགས་ཀྱི་སྒྲིབ་པ་རང་དག་ཏུ་སོང་བ་ཡིན་པས། དེ་ལས་དང་སྐལ་བ་ལྡན་པ་མིན་ན་སུ་ཡིན། ཀུན་ཏུ་བཟང་པོས་ཀྱང་ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས། རང་ངོ་རང་གིས་ཤེས། རང་ཞལ་རང་རང་གིས་མཇལ་བ་ལས་གཞན་དུ་གྲོལ་བྱེད་ཅིག་མེད་པ་རེད། རིག་པའི་དེ་ཉིད་མཐོང་སྟེ་མངོན་དུ་གྱུར་བས་གྲོལ་བ་རེད། དེས་ན་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་གསུངས་ན། སྐལ་བ་འདྲ་བར་ཐོབ་སོང་བས་ཀུན་ཏུ་བཟང་པོ་དང་འདྲ་སོང་བ་རེད་ཅེས་དེ་ལྟར་གསུངས་པའོ།།

ཆ༽ དྲུག་པ་སླར་ཡང་ནན་གྱིས་བསྐྱར་ཏེ་ལམ་ལ་བརྩོན་པར་གདམས་པ།

སླར་ཡང་ནན་གྱིས་བསྐྱར་ཏེ་ལམ་ལ་བརྩོན་པར་གདམས་པ་ནི།

བུ་ཁྱོད་དེ་རིང་རྙེད་པ་ཆེན་པོ་རྙེད།།

རིག་པའི་རྩལ་གྱི་དབང་ཆེན་འདི་ཐོབ་པས།།

སངས་རྒྱས་སུམ་སྟོང་མང་པོའི་ཞལ་མཐོང་ངོ་།།

ད་ནས་མངལ་གྱི་གྲོང་ཁྱེར་རྒྱུན་ཆད་ནས།།

ཐར་བའི་ལམ་སྣ་ཟིན་པ་ཡིན་ནོ་བུ།།

དེ་ལྟ་ནའང་བྱང་ཆུབ་སེམས་དཔའ་ཉིད།།

ས་བཅུ་རིམ་གྱིས་བགྲོད་པ་རྣམས་ཀྱིས་ཀྱང་།།

དེ་བཞིན་གཤེགས་པའི་ཁམས་ཀྱི་ཡོན་ཏན་ཀུན།།

མཐའ་དག་མངོན་སུམ་མཐོང་བ་མ་ཡིན་ཕྱིར།།

ཁྱོད་ཀྱིས་ད་ལྟ་མངོན་སུམ་མཐོང་བ་ཡིན།།

ཉམས་སུ་བླངས་ན་སྔར་གྱི་བཤད་པ་ཡི།།

ཞིང་ཁམས་ལྔ་བོ་ཚེ་འདིར་མངོན་སུམ་དུ།།

མཐོང་ནས་སངས་རྒྱས་ཞིང་ལ་སྤྱོད་ནུས་པའི།།

དེ་རིང་ནས་བཟུང་སྣང་བཞིའི་ཡོན་ཏན་ཀུན།།

མཐར་ཐུག་བར་དུ་ཉམས་ལེན་བྱས་ནས་ཀྱང་།།

ཆོས་ཟད་བྱང་ཆུབ་ས་ལ་རེག་པར་མཛོད།།

ཅེས་པ་ལ་སོགས་སྤྲོ་བ་བསྐྱེད་པ་དང་།།

བཀྲ་ཤིས་རིན་ཆེན་ཕྲེང་བའི་ཤིས་པ་བརྗོད།།

ཞེས་གསུངས་ན། གོང་དུ་བསྟན་པ་དེ་ལྟར། བུ་ཁྱོད་ཀྱིས་ཐོག་མེད་ནས་ད་ལྟའི་བར་དུ་མ་རྙེད་པའི་རྙེད་པ་ཡོང་སྒོ་ཆེན་པོ་ཞིག་རྙེད་བཞག་པ་རེད། རིག་པའི་རང་གཟུགས། ཆོས་སྐུའི་རང་ཞལ་མངོན་སུམ་དུ་མཇལ་བ་འདི་ནི་སངས་རྒྱས་སུམ་སྟོང་སོགས་མང་པོའི་ཞལ་མཇལ་བ་དང་འདྲ་བ་རེད། འཁོར་བར་ལས་ཀྱིས་སྐྱེ་བ་འཛིན་པའི་མངལ་གྱི་གྲོང་ཁྱེར་རྒྱུན་ཆད་དེ། མ་དག་འཁོར་བའི་ཐོད་རིས་དེ་ཕྱིན་ཆད་མགོ་ལ་ལེན་མི་དགོས་པའི་ཐར་བའི་ལམ་སྣ་ཟིན་པ་ཡིན། རྒྱུའི་ལམ་ནས་བྱང་ཆུབ་སེམས་དཔའི་ས་བཅུ་རིམ་བགྲོད་ཀྱིས་རྫོགས་སྨིན་སྦྱང་བ་མཛད་པ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའིཁམས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་མཐོང་བ་མ་ཡིན་ན་ཡང་། ཁྱོད་ཀྱིས་མངོན་སུམ་མཐོང་བ་ཡིན་པས་མཐོང་བ་ཇི་བཞིན་ཉམས་སུ་བླངས་ན། སྔར་གོང་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་དུས་བཤད་པའི་ཞིང་ཁམས་ལྔ་བོ་ཚེ་འདིའི་ཐོག་ནས་མངོན་དུ་བྱས་ནས་སངས་རྒྱས་ཀྱི་ཞིང་ཁམས་དེ་དང་དེ་དག་དུ་བསྐྱོད་པའི་ཆེད་དུ། སང་དང་གནངས་ལ་མི་བཞག་པར་དེ་རིང་ནས་བཟུང་སྟེ་བརྩོན་པ་བསྐྱེད་དེ་འོད་གསལ་སྣང་བཞིའི་རིམ་པ་མཐར་མ་ཕྱིན་གྱི་བར་དུ་ཉམས་ལེན་ལོ་དང་ཟླ་བའི་ཁ་གྲངས་ཀྱིས་ཆོས་ཟད་གདོད་མའི་ས་ལ་རེག་སྟེ། དོན་གཉིས་ལྷུན་གྱིས་གྲུབ་པའི་བྱང་ཆུབ་ཆེན་པོ་མངོན་དུ་གྱིས་ཤིག་ཅེས་ནན་གྱིས་བསྐུལ་བ་དང་བཅས་ཏེ་བཀྲ་ཤིས་རིན་ཆེན་ཕྲེང་བའི་ཤིས་པ་དེ་ཉིན་མཆོག་གསུམ་གྱི་ཤིས་པ་བརྗོད་ཟིན་པ་རེད། དེ་ཡན་ཆད་ཀྱིས་ངོ་སྤྲོད་ཀྱི་སྐོར་འདི་ཞིབ་ཁྲིད་བྱས་པའི་རྣམ་པ་དང་བཅས་ཁྲིད་རིམ་བཞི་པ་ཆ་ལག་དང་བཅས་པ་སོང་།

༥༽ ལྔ་པ་རྗེས་སུ་རྣལ་འབྱོར་བཞི་ཡིས་ཀྱང་ཉམས་སུ་ལེན་ཚུལ།

དེ་ནས་ཁྲིད་རིམ་ལྔ་བ་རྗེས་སུ་རྣལ་འབྱོར་ལ་ལྟ་བ་རྒྱུན་གྱི་རྣལ་འབྱོར་དང་། སྒོམ་པ་རྒྱུན་གྱི་རྣལ་འབྱོར་དང་། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། འབྲས་བུ་རྒྱུན་གྱི་རྣལ་འབྱོར་དང་བཞི་ལས།

༼ཀ དང་པོ་ལྟ་བ་རྒྱུན་གྱི་རྣལ་འབྱོར།

ཨེ་མ་ཧོ།

ལྔ་པ་རྗེས་སུ་རྣལ་འབྱོར་བཞི་ཡིས་ཀྱང་།།

ཉམས་སུ་ལེན་ཚུལ་ལྟ་སྒོམ་སྤྱོད་འབྲས་བཞིའི།།

ཞེས་གསུངས་ཏེ་རྣལ་འབྱོར་བཞི་ཡི་ཉམས་ལེན་དེ། ལྟ་བ་རྒྱུན་དུ་བྱས་པའི་རྣལ་འབྱོར་ལ་སོགས་པའི་ལྟ་སྒོམ་སྤྱོད་འབྲས་བཞིའི་ཆིངས་ཀྱིས་བསྟན་ཏེ། དེ་ལས་དང་པོ་ནི།

དང་པོ་ལྟ་བ་ལྷུན་གྲུབ་འོད་གསལ་གྱི།།

ངོ་བོ་སྟོང་པ་རང་བཞིན་གསལ་བ་དང་།།

ཐུགས་རྗེ་འགག་པ་མེད་པར་འཆར་བ་ཉིད།།

མཉམ་གཞག་ལྟ་བ་རྣམ་པ་སྣ་ཚོགས་སུ།།

ཇི་ལྟར་སྣང་ཡང་རང་བཞིན་མ་གྲུབ་པར།།

ཆུ་ཟླ་ལྟར་དུ་རྟོགས་པ་རྗེས་ཐོབ་ཀྱི།།

ལྟ་བ་ཡིན་ཏེ་

གསུངས་ནས། དེ་ཡན་ཆད་ཀྱིས་ལྟ་བ་རྣལ་འབྱོར་དུ་བྱས་པ་བསྟན་ཡོད། བསྒོམ་པའི་ཚུལ་ལ་གཉིས་གསུངས་ས་མན་ཆོད་ཀྱིས་སྒོམ་པ་བསྟན་པ་རེད། དེ་ལྟར་ཡིན་ན་འདིའི་ལྟ་བ་འདི་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་སྦྱར་དགོས་པ་ཡིན་དུས། འོད་གསལ་རིག་པའི་ཡེ་ཤེས་ལྷག་མཐོང་ལུ་གུ་རྒྱུད་ཀྱི་སྣང་བ། རྒྱ་མཚོ་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟ་བུའི་ཚུལ་གྱིས་སྣང་བསྡད་ཀྱང་། ངོ་བོ་རང་བཞིན་ཐུགས་རྗེའི་སྟོང་གསལ་འགག་མེད་ཀྱི་ནང་གི་ཤེས་པ་སྙེམས་བྱེད་དང་བྲལ་བར་མཉམ་པར་བཞག་པ་འདི་མཉམ་བཞག་གི་ལྟ་བ་ཡིན་གསུངས་པ་རེད། འདི་འདོན་དུས་མཉམ་གཞག་ལྟ་བ་ཟེར་ནས་ཡར་གཅད་དགོས། རྣམ་པ་སྣ་ཚོགས་སུ་ཇི་ལྟར་སྣང་ཡང་རང་བཞིན་མ་གྲུབ་པར་ཆུའི་ཟླ་བ་དང་སྒྱུ་མའི་སྤྲུལ་བ་སོགས་ལྟར་དུ་རྟོགས་པ་རྗེས་ཐོབ་ཀྱི་ལྟ་བ་ཡིན་གསུངས་པའོ། །སྣང་བས་ཤེས་པ་ལ་གོས་པ་མིན། དེ་ལ་ཞེན་འཛིན་བྱས་ན་འཆིང་འགྲོ་བ་ཡིན། བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་བ། །གསུངས་པ་ལྟ་བུ་རེད།

༼ཁ གཉིས་པ་སྒོམ་པ་རྒྱུན་གྱི་རྣལ་འབྱོར།

དེ་ལ་སྤྲོས་པ་ཅན་གྱིས་ཐུན་བཞིའི་རྣལ་འབྱོར་ལ་སློབ་པ་དང་། སྤྲོས་མེད་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཏུ་བསླབ་པ་གཉིས་ལས།

དང་པོ་སྤྲོས་པ་ཅན་གྱིས་ཐུན་བཞིའི་རྣལ་འབྱོར་སློབ་པ།

བསྒོམ་པའི་ཚུལ་ལ་གཉིས།།

ངོ་བོ་སྟོང་པ་རང་བཞིན་གསལ་བ་དང་།།

ཐུགས་རྗེ་འགག་པ་མེད་པར་འཆར་བ་ཉིད།།

དེ་ནས་སྒོམ་པའི་ཚུལ་ལ་གཉིས་ཞེས་སྤྲོས་པ་ཅན་ཐུན་བཞིའི་རྣལ་འབྱོར་དང་། སྤྲོས་མེད་ཉིན་མཚན་ཁ་སྦྱོར་གྱི་རིམ་པ་གཉིས་ཀ་འཕྲོ་འཕྲོར་གསུངས་པ་ལས། དང་པོ་སྤྲོས་པ་ཅན་གྱི་སྒོམ་པ་ཇི་ལྟར་སྒོམ་ཚུལ་དེ་ཉིད་བསྟན་པ་ནི། འདི་ཉིན་མཚན་གཉིས་སུ་ཕྱེ་བའི་སྒོ་ནས་གསུངས་པའི་དང་པོ་ཉིན་དུས་རེད།

སྤྲོས་པ་ཅན་གྱིས་ཐུན་བཞིའི་རྣལ་འབྱོར་སློབ།།

ཐོ་རེངས་དང་པོ་བླ་མའི་རྣལ་འབྱོར་བསྒོམས།།

བར་བ་ཁྲེགས་ཆོད་བསྐྱངས་ཤིང་ཐ་མ་ལ།།

བདེ་སྟོང་གཏུམ་མོ་བསྒོམ་ཞིང་ནམ་ལངས་ནས།།

ཉི་ཤར་བར་ལ་ཁ་ཏོན་སྒོམ་བཟླས་དང་།།

དཔེ་བལྟ་ལ་སོགས་བྱས་ནས་ཉི་ཤར་ནས།།

དགུང་གི་བར་ལ་ཐོད་རྒལ་ཉིད་ལ་བསླབ།།

གུང་ལ་ཕྱག་བསྐོར་ཆོས་སྤྱོད་ཅི་རིགས་བྱ།།

ཕྱི་དྲོ་ལའང་ཐོད་རྒལ་བསྒོམ་པ་དང་།།

དགོང་མོ་གཏོར་མ་རླུང་འཛིན་ལ་སོགས་བྱ།།

སྲོད་ཐུན་དང་པོ་འཆི་བ་མི་རྟག་པ།།

བར་བ་བསྐྱེད་རིམ་བསྒོམ་ཞིང་བཟླས་པ་བྱ།།

ནམ་དགུང་ཐུན་ལ་གཉིད་ནི་འོད་གསལ་སྦ།།

ཐམས་ཅད་ལའང་ཐུན་མགོར་སེམས་བསྐྱེད་བྱ།།

དངོས་གཞི་དམིགས་མེད་རྗེས་སུ་བསྔོ་བ་ཡི།།

རྒྱས་འདེབས་བྱེད་པ་དམ་པ་གསུམ་དང་ནི།།

འབྲེལ་པ་ཞེས་བྱ་ཡིན་པས་མེད་ཐབས་མེད།།

ཅེས་གསུངས་ཏེ། འདི་ཀུན་མཁྱེན་འཇིགས་གླིང་གིས་ཡེ་ཤེས་བླ་མའི་ནང་དུ་གསུངས་པ་དང་ཚིག་གཅིག་གི་ཆད་ལྷག་མེད་གི་ཟེར་ཆོག་གི ཐོ་རེངས་དང་པོ་དེང་སང་གི་འཁོར་ལོའི་ཆུ་ཚོད་དང་བསྟུན་ན། སྤྱིར་ཉི་མ་ཤར་སྔ་ཕྱི་ས་ཆ་ལ་ཁྱད་པར་ཡོད་མོད། ཐམས་ཅད་ལ་ཁྱབ་པའི་དབང་དུ་བྱས་ནས་བཤད་ན། ནངས་དུས་ཀྱི་ཆུ་ཚོད་ལྔ་བ་ཙམ་ཚོད་འཛིན་གྱིན་ཡོད། རླུང་རོ་དགུ་སྤྲུགས་སུ་འབུད་པ་དང་ནི་རླུང་བྱིན་རླབས། ངག་བྱིན་རླབས་སོགས་ནས་དུས་རྒྱུན་ལྟར་དུ་འཇུག་དགོས་པ་རེད། བླ་མའི་རྣལ་འབྱོར་གྱི་སྐབས་དང་བསྟུན་ནས་ཁྲེགས་ཆོད་ཀྱི་ཉམས་ལེན་བསྐྱང་རྒྱུ་སོགས་འདི་ནས་གསུངས་པ་ཇི་བཞིན་དང་། ཟེར་གཉིས་དང་བསྟུན་ཏེ་ཐོད་རྒལ་གཟིགས་རྒྱུ། དགུང་ལ་སོགས་པར་ཆོས་སྤྱོད་ཅི་རིགས་བྱ་རྒྱུ། སྔ་དགོང་གཏོར་མ་གཏོང་བ་དང་རླུང་འཛིན་རྒྱུ་འདི་ནས་གསུངས་པ་ལྟར་དང་། ད་དུང་གཅོད་དང་གསུར་ལ་སོགས་པའང་དེ་བཞིན་ཡིན། སྤྲོས་པ་ཅན་གྱི་རྣལ་འབྱོར་བཤད་པའི་སྐབས་ཡིན་ན་ཡང་། ཧ་ཅང་འདོན་རྒྱུའི་སྤྲོས་པ་ཏག་ཏག་ཆེ་སོང་ན། འདི་ཡང་འདོན་དགོས་པ་འདྲ་འདྲ། དེ་ཡང་ཆག་མི་ཉན་པ་ལྟ་བུ། བར་ཞིག་འདོན་བྱའི་ཁ་ཏོན་རྐྱང་རྐྱང་དུམ་པ་རེའི་མི་ཚད་དུས། དུད་ཚང་གི་ཨ་མཆོད་དང་འདྲ་བ་ཞིག་རེད་སོང་ན། ཡང་ཉམས་ལེན་དངོས་གཞི་ལ་གནོད་མི་འགྲོ་བའི་ངེས་པ་མེད། དམ་པ་གསུམ་དང་མི་འབྲལ་བར་བྱེད་པ་ནི་སྤྱིར་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་རྩ་རུ་འགྱུར་བ་ལ་མེད་ཐབས་མེད། ཁྱད་པར་འདིར་ཁྲེགས་ཆོད་ཐོད་རྒལ་ཐུན་མོང་གི་དབྱིངས་རིག་དབྱེར་མེད་ཀྱི་ཉམས་ལེན་ལ་གནད་དུ་བསྣུན་བཞིན་པ་ཡིན་པས། ཀུན་རྫོབ་རྒྱུའི་སེམས་བསྐྱེད་ནས་དོན་དམ་འབྲས་བུའི་སེམས་བསྐྱེད་ལ་སྨིན་པ་དང་ནི། དངོས་གཞི་དམིགས་མེད་རྗེས་བསྔོ་བ་འཁོར་གསུམ་དམིགས་མཐའ་དང་བྲལ་བས་རྩིས་ཟིན་པའང་དེ་ཉིད་ཡིན་པར་མ་ཟད། བླ་མའི་ཐུགས་ཀྱང་དེ་ཉིད་ཡིན་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའང་ཡིན། དབྱིངས་སྟོང་པ་ཀ་དག་གི་ངོ་བོ་དང་རིག་པ་ལྷུན་གྲུབ་ཡེ་ཤེས་ཀྱི་རང་བཞིན་ཡུལ་དང་ཡུལ་ཅན་གཉིས་མེད་ཤེས་དང་ཤེས་བྱ་རོ་གཅིག་མཉམ་ཉིད་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་པ་ལ་དག་པ་གཉིས་ལྡན་ཟེར་བ་ཡིན་དུས། བསམ་གཏན་གྱི་གནས་སྐབས་ལ་གཞི་བཞག་གི་གནས་ལུགས་སེམས་ཀྱིས་ལམ་དུ་བྱེད་པ་དང་ནི། ཤེས་རབ་ཀྱི་གནས་སྐབས་ན་རིག་ཐོག་ཏུ་སྤྲོས་པ་རང་ཞིག་ཏུ་གྱུར་པ་གཉིས་ཀྱི་ཁྱད་པར་གྱིས་རྫོགས་ཆེན་གྱི་སྐབས་ཀྱི་དམ་པ་གསུམ་གྱི་ཁྱད་འབྱེད་ཀྱང་ཤེས་དགོས། དེ་ལྟར་ན་ཉིན་གུང་ད་ལྟའི་འཁོར་ལོའི་ཆུ་ཚོད་བཅུ་གཉིས་པ་ཙམ་ལ་བཞག་ན། སྲོད་ཐུན་ནི་ཐ་མའི་དགུང་ཐུན་དང་ཉེ་བའི་དུས་ཆུ་ཚོད་དགུ་དང་ཕྱེད་དམ་བཅུ་པ་ཕན་ལ་མི་འཕྱི་བར་གཉིད་ཀྱི་རྣལ་འབྱོར་ལ་ཞུགས་ན་ཆུ་ཚོད་དྲུག་གམ་བདུན་ལ་གཉིད་དུས་ལུས་ཁམས་སྙོམས་སྒྲིག་གི་གཉིད་ཀྱིས་འདང་བ་རེད།

གཉིས་པ་སྤྲོས་མེད་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཏུ་བསླབ་པ།

དེ་ལ་ཉིན་མོར་སྐུ་དང་ཐིག་ལེའི་ཀློང་དུ་རིག་པ་བརྗོད་མེད་དུ་བཞག་པ་དང་། མཚན་མོ་ཐུན་གསུམ་ལ་བསླབ་པ་སྟེ་གཉིས་ལས།

༡ ཉིན་མོར་སྐུ་དང་ཐིག་ལེའི་ཀློང་དུ་རིག་པ་བརྗོད་མེད་དུ་བཞག་པ།

དེ་ནས་གཉིས་པ་སྤྲོས་མེད་ཀྱི་རྣལ་འབྱོར་གྱིས་ཉམས་ལེན་བྱེད་ཚུལ་ནི།

སྤྲོས་མེད་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཏུ།།

འོད་གསལ་ཐོད་རྒལ་ཉག་གཅིག་བསླབ་པ་ཡིན།།

དེ་ལྟར་བྱས་ན་འོད་གསལ་འཕེལ་ཆེ་ཞིང་།།

མྱུར་དུ་ཚད་ལ་ཕེབས་པས་ཤིན་ཏུ་ཟབ།།

ད་འདི་སྒྲོན་མ་སྣང་བྱེད་ཀྱི་ནང་ན། ཉིན་མཚན་ཁ་སྦྱོར་ཐེབས་རིམ་བཞིན། །ཞེསགསུངས་ཡོད་པར་གཞི་བྱས་ཏེ་གསུངས་པ་ཞིག་རེད། ཉིན་མཚན་ཐུན་དང་ཐུན་མཚམས་དབྱེར་མེད་ཀྱིས་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་སྦྱོར་རྒྱུ་དེ། ཀ་དག་ལྷུན་གྲུབ་གཉིས་མེད་ཀྱི་གནས་ལུགས་ལ་རྟོགས་གོམས་མཐར་ཕྱིན་གྱི་དྲོད་ཅུང་ཟད་ཐོབ་ཡོད་པའི་རྣལ་འབྱོར་པའི་ཉམས་ལེན་གྱི་ཚོད་རེད། འདི་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་རྣལ་འབྱོར་པ་ཞིག་གི་སྤྱོད་ཡུལ་དུ་བྱས་པ་ཡིན་ན། དམིགས་བསལ་འདི་ལའང་ཉིན་མཚན་གཉིས་སུ་ཕྱེས་ཏེ། ཉིན་མོར་སྐུ་དང་ཐིག་ལེའི་ཀློང་དུ་རིག་པ་བརྗོད་མེད་ཀྱིས་དེ་ལྟར་བཞག་གོ།

༢ མཚན་མོ་ཐུན་གསུམ་ལ་བསླབ་པ།

དེ་ལ་སྲོད་ལ་དབང་པོ་གནད་དུ་བསྡུ་བ་དང་། ནམ་གུང་ཤེས་བྱ་བུམ་པར་གཞུག་པ་དང་། ཐོ་རངས་རིག་པ་རང་གསལ་ལ་བཞག་པ་དང་གསུམ་ལས།

དང་པོ་སྲོད་ལ་དབང་པོ་གནད་དུ་བསྡུ་བ།

མཚན་མོ་སྲོད་དང་དགུང་ཐོ་རངས་གསུམ་ལ་སྲོད་ལ་དབང་པོ་གནད་དུ་བསྡུ་བ་དང་། ནམ་གུང་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་རིག་པ་རང་གསལ་ལ་གཏོད་པ་དང་གསུམ་གསུངས་པའི་དང་པོ་ནི།

སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི།།

བདེ་བའི་མལ་དུ་དྲང་སྲོང་འདུག་སྟངས་བྱ།།

རང་ལུས་རྡོར་སེམས་སྐུར་གསལ་སྐུ་དབུས་སུ།།

དབུ་མ་མཚན་ཉིད་བཞི་ལྡན་ལྟེ་བ་རུ།།

པདྨ་དམར་པོ་འདབ་མ་བཞི་པའི་སྟེང་།།

ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས།།

མེ་འབར་དབུ་མའི་ནང་དུ་ཡར་སོང་སྟེ།།

སྤྱི་བོའི་ཧཾ་ལ་ཕོག་པས་བྱང་སེམས་ཉིད།།

འོ་མའི་རྒྱུན་ལྟར་དཀར་ནར་མར་བབས་པས།།

དཔེར་ན་མེ་ལ་མར་ཁུ་བསྣན་པ་བཞིན།།

མེ་གསོས་བྱས་ཏེ་ཆེས་ཆེར་རབ་འབར་ནས།།

ལས་ཉོན་བག་ཆགས་བཅས་པ་བསྲེགས་པར་བསམ།།

བདེ་དྲོད་སྐྱེས་ཚེ་བདེ་སྟོང་ངང་ལ་བཞག།

འདིའི་དུས་ཐོག་མར་རླུང་རོ་ལན་གསུམ་བསལ།།

བུམ་ཅན་ཅི་མང་འཛིན་པ་ཞལ་ཤེས་སོ།།

ཞེས་གསུངས་ཏེ། འདི་དབང་པོ་གནད་ཀྱི་དམིགས་པ་གཅིག་ལ་བསྡུ་བའི་སྲོད་ཀྱི་ཉམས་ལེན་ཡིན། དབང་པོ་དེ་གནད་ཀྱི་དམིགས་པ་གཅིག་ལ་བསྡུས་ཏེ་སྲོད་ཀྱི་ཉམས་ལེན་སྒོམ་པ་འདི་རྡོར་སེམས་བསྒོམ་བཟླས་ཀྱི་བདུད་རྩི་འབེབ་སྦྱོང་དང་འབྲེལ་བ་ཞིག་གིས་འདི་ནས་གསུངས་འདུག དེ་ཡང་རང་ལུས་འོད་ཀྱི་གཞལ་ཡས་ཁང་ན་རྩ་དབུ་མ་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུའི་ལྟེ་འོག་གི་མར་སྣེར་འོད་ཀྱི་པདྨ་དམར་པོ་འདབ་བཞིའི་སྟེང་ཨ་ཐུང་དམར་པོ་གསུངས་ན། བོད་ཡིག་དབུ་ཅན་གྱི་ཡི་གེ་ཨ་ཡི་ཆ་སྨད་གྲུ་གསུམ་གྱེན་ལ་བསྟན་པ་ལ་གསུངས། ཨ་ཐུང་དམར་པོ་མེའི་ངོ་བོ་རེག་བྱ་ཚ་བའི་རང་བཞིན་ཅན་ལས་མེ་ལྕེ་ཕྲ་མོ་ཞིག་མཆེད་དེ། དེ་ཉིད་རྩ་དབུ་མའི་ཡར་སྣེ་སྤྱི་བོའི་ཧཾ་ཡིག་དཀར་པོ་བདུད་རྩིའི་རང་བཞིན་ཅན་ལ་ཕོག་པས། བདུད་རྩི་འཁྱགས་དཀར་ཞུ་བ་བཞིན་བདུད་རྩིའི་ཐིགས་པ་བབས་ཏེ་ཨ་ཐུང་གི་མེའི་གསོས་སམ་ཁ་སྣོན་དུ་གྱུར་ཏེ་ཇེ་འབར་ལ་སོང། ཧཾ་ཡིག་ཀྱང་མགོ་ཐུར་བསྟན་དུ་བསྒོམ་དགོས། མེ་ཆེས་ཆེར་རབ་ཏུ་འབར་ཏེ་ལས་དང་བགས་ཆགས་བསྲེག སྤྱི་བོའི་ཧཾ་ཡིག་ཞུ་བའི་བདུད་རྩིས་རྩ་འཁོར་བཞི་པོ་བརྒྱུད་དེ་ལུས་ཀྱི་རྩ་ཕྲན་ཐམས་ཅད་གང་སྟེ་དཔེར་ན་ཤེལ་བུམ་འོ་མས་གང་བ་ལྟ་བུར་གྱུར་ཏེ། བདེ་དྲོད་སྐྱེས་ཙ་ན་བདེ་སྟོང་དབྱེར་མེད་ཀྱི་ངང་ལ་བཞག སྤྱིར་ན་ཉམས་ལེན་ཐམས་ཅད་ལ་རླུང་བུམ་ཅན་ལྟེ་བར་འཛིན་པ་གནད་ཆེན་པོ་ཡིན། སློབ་དཔོན་པདྨས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གདམས་པ་གནང་འདུག་པ་བཞིན་དུའོ། །འདི་ནས་རླུང་རོ་བསལ་གསུངས་རྒྱུ་དེ། རླུང་གི་རྣལ་འབྱོར་དམིགས་བསལ་བ་དང་སྦྱར་ཏེ་ཉམས་སུ་ལེན་པའི་དགོས་པར་གསུངས་པ་ཡིན་རྒྱུ་རེད་སྙམ། དེ་ནས་ནམ་གུང་རེད།

གཉིས་པ་ནམ་དགུང་ཤེས་བྱ་བུམ་པར་གཞུག་པ།

ནམ་དགུང་ཤེས་བྱ་བུམ་པར་གཞུག་པ་ནི།།

ལུས་ཀྱི་གནད་ནི་སེང་གེའི་ཉལ་ལུགས་བཅའ།།

འདི་ནས་བཅའ་ཞེས་ཨ་མདོའི་ཁ་སྐད་སོར་བཞག་གིས་གོ་བདེ་བའི་ཆེད་དུ་ཡུལ་སྐད་དང་བསྲེས་ནས་གསུངས་འདུག

གཞོག་གཡས་ཕབ་ལ་སྲིན་མཛུབ་སྣ་གཡས་བཀག།

ཡིད་གཞན་མ་ཡེངས་རང་ལུས་རྡོར་སེམས་ཀྱི།།

སྐུར་གསལ་སྐུ་དབུས་དབུ་མ་མདའ་སྨྱུག་ཙམ།།

སྙིང་གའི་ཐད་ཀའི་དབུ་མའི་ནང་ཉིད་དུ།།

པདྨ་དམར་པོ་འདབ་བཞིའི་ལྟེ་བ་རུ།།

ཨ་ཡིག་དཀར་པོ་བཀྲག་མདངས་ཅན་གཅིག་དང་།།

ཚངས་པའི་བུ་གར་དེ་འདྲའི་ཨ་དཀར་གཅིག།

དེ་གཉིས་བར་གྱི་དབུ་མའི་ནང་ཉིད་དུ།།

ཨ་དཀར་ཕྲ་མོ་ཤེལ་ཕྲེང་བརྒྱུས་པ་ལྟར།།

ཡོད་པར་བསམ་ལ་གཉིད་དུ་འགྲོ་ཁ་རུ།།

གཅིག་ལ་གཅིག་ཐིམ་ཚུལ་ཏུ་སྙིང་ག་ཡི།།

ཨ་ལ་ཐིམ་ནས་ཨ་དེ་འོད་ཟེར་གྱིས།།

དབུ་མའི་ནང་ཀུན་རྒྱ་སྐར་ཉི་ཞུར་ལྟར།།

གསལ་བར་སྒོམ་བཞིན་ངང་དུ་གཉིད་ལོག་གོ།

སད་པའི་དུས་སུ་སྔར་བཞིན་བསྒོམ་པར་བྱ།།

གཉིད་ནི་འོད་གསལ་སྦུབས་སུ་སྦ་བ་ཡི།།

གནད་ཀྱི་གདམས་པ་ཟབ་མོ་ཡིན་ནོ་བུ།།

དེ་ལྟར་བྱས་པས་གཉིད་ཀྱི་གནས་སྐབས་སུ།།

སྟོང་པའི་འོད་གསལ་རྟོག་མེད་ཏིང་འཛིན་དང་།།

སྣང་བའི་འོད་གསལ་ཐོད་རྒལ་ཉམས་ཤར་ནས།།

ཉིན་པར་ཇི་བཞིན་ཉིན་མཚན་དབྱེར་མེད་འབྱུང་།།

ཞེས་གསུངས་ཏེ། མཚན་མོའི་རྣལ་འབྱོར་གྱི་ཐུན་གསུམ་པོ་འདི་བདེ་དང་མི་རྟོག་གསལ་བ་གསུམ་གྱི་ཐབས་ཀྱི་ཁྱད་པར་ཙམ་མ་གཏོགས་གསུམ་པོའི་དམིགས་གནད་གཅིག་ལ་གཅིག་འབྲེལ་གྱི་ཚུལ་དུ་འབྱུང་པ་རེད། དེ་ཡང་སྔར་བཞིན་དུ་ལུས་ཀྱི་དབུས་ན་སྟེ། དབུ་མའི་སྙིང་ཁའི་ཐད་ཙམ་དུ་ཨ་དཀར་པོ་དཀར་ཞིང་འོད་དུ་འཚེར་བ། དེ་བཞིན་དུ་སྤྱི་བོའི་ཚངས་བུག་ལ་ཡང་ཨ་དཀར་གཅིག དེ་གཉིས་ཀྱི་བར་གྱི་དབུ་མ་ལ་ཨ་ཝ་དྷུ་ཏི་གསུངས་པ་རེད། ཨ་ཝ་དྷུ་ཏི་སོགས་དབུ་མ་ལ་མིང་མང་པོ་ཡོད། མདོར་ན་ཨ་དེ་གཉིས་ཀྱི་བར་གྱི་དབུ་མའི་ནང་ཐམས་ཅད་ལ་ཨ་དཀར་ཕྲ་མོ་ཤེལ་དཀར་གྱི་ཕྲེང་བ་བརྒྱུས་པ་ལྟར་མང་པོ་ཡོད་པ་སྤྱི་བོ་ནས་མར་གཅིག་ལ་གཅིག་ཐིམ་གྱིས་རྒྱ་སྐར་ལ་ཉི་ཞུར་ཕོག་པ་གསུངས་ན། ཁང་བའི་རྒྱ་མཐོངས་དང་སྐར་ཁུང་ལ་ཉི་འོད་ཕོག་པ་བཞིན་དུ་དབུ་མའི་ནང་ཐམས་ཅད་གསལ་མོ་རུ་གྱུར་ཏེ། མཐར་ཨ་ཐམས་ཅད་སྙིང་གའི་ཨ་ལ་ཐིམ་པ་དང་གཉིད་པ་དུས་མཉམ་བྱས། གཉིད་དུ་འགྲོ་ཁར་ཞེས་གསུངས་དོན་དེ་ལྟར་རེད། སད་པ་དང་ཡང་སྔར་བཞིན་བསྒོམ། མི་ཞིག་གི་མི་ཚེའི་ཕྱེད་ཀ་ཉལ་སའི་ནང་ནས་བུད་འགྲོ་བཞིན་ཡོད་པ། གཏི་མུག་རོ་ཉལ་མི་བྱེད་པར་སྣང་སྟོང་གི་འོད་གསལ་མཉམ་གཅིག་ཏུ་བསྒོམ་ན་གོམས་ནས་ཉིན་མཚན་དབྱེར་མེད་ཀྱི་ཏིང་འཛིན་བརྟན་པར་འགྱུར་བས་ན། གདམས་ཟབ་འདི་དག་ཉམས་ལེན་ལ་གཟོབ་ཅེས་གསུངས་པའོ། །འདིའི་འདུག་སྟངས་སེངྒེའི་འདུག་སྟངས་བཅས་གསུངས་ས་ཡོད། ངའི་བླ་མ་ཚང་གིས་ཆོས་བདུན་གྱི་ངང་ལ་ངལ་གསོ་ཡེ་ཤེས་ཀྱི་བཞུགས་སྟངས་མཛད་ནས་གཟིམས་དར། འདིའི་གོང་འོག་གཉིས་ཀྱི་གཅིག་སེངྒེའི་འདུག་སྟངས་དང་གཅིག་དྲང་སྲོང་ཙོག་པུ་རེད་ཡོད་འདུག འདི་ལ་གླང་ཆེན་ཉལ་བ་ལྟ་བུའི་ལོངས་སྐུའི་བཞུགས་སྟངས་མ་གསུངས་པར་འདུག་ཀྱང་། ཉལ་སྟངས་དགོས་པ་ཞིག་གི་མི་ཉལ་ཉལ་བྱས་ནས་དེ་ཡང་བདེ་བར་གཤེགས་པ་མྱ་ངན་ལས་འདའ་བའི་གཟིམས་སྟངས་བྱས་ན་མཆོག་ཏུ་བཟང་བ་ཡིན་པར་འདུག་དེ་ལྟར་གསུངས་ཀྱང་ཡོད། དེ་ནས་ཐོ་རེངས་རིག་པ་རང་གསལ་ལ་བཞག་པ་ནི།

གསུམ་པ་ཐོ་རེངས་རིག་པ་རང་གསལ་ལ་གཏོད་པ།

ཐོ་རེངས་རིག་པ་རང་གསལ་གཏོད་པ་ནི།།

ཐོ་རེངས་ལངས་མ་ཐག་ཏུ་ཧ་ཞེས་པས།།

དབུགས་རིང་ལན་གསུམ་བུས་ལ་སེང་གེ་ཡི།།

འདུག་སྟངས་བཅས་ཏེ་སྤྱི་བོའི་ནམ་མཁའ་ཡི།།

གཞུ་གང་ཐད་དུ་སྙིང་གའི་ཨ་དེ་ལས།།

ཨ་ཡིག་རང་འདྲ་གཉིས་པ་གཅིག་མཆེད་དེ།།

ལིང་ངེར་འདུག་པར་བསྒོམས་ལ་སེམས་བཟུང་ངོ་།།

དེ་ནས་ཇེ་མཐོར་སོང་ནས་ཡལ་བར་བསམ།།

དེ་ལྟར་བྱས་པས་གསལ་སྟོང་གཉིས་མེད་ཀྱི།།

ཡེ་ཤེས་ཀ་དག་གནས་ལུགས་ཤེས་པར་འགྱུར།།

ཞེས་གསུངས་ན། འདི་ཚོ་ཞལ་གསལ་པོ་འདུག ལྡེབ་གྲངས་ཡང་མང་པོ་འགྲོ་དགོས་པས་ཡང་བཤད་མི་དགོས་པ་བྱེད། བདེ་དང་མི་རྟོག་གསལ་བ་གསུམ་གྱི་ཐབས་དང་འགྲོགས་པའི་བདེ་སྟོང་དྲན་སྟོང་གསལ་སྟོང་གི་ཏིང་འཛིན་ལ་སྦྱོར་ཚུལ་དང་། འདི་དང་འབྲེལ་ཏེ་བསམ་གཏན་བཞི་དང་འགོག་པའི་སྙོམས་འཇུག་གི་གོལ་ས་བཅད་པའི་འབྱུང་བ་རང་ཟད་ཀྱི་གདམས་པ་ཡང་བཱི་མའི་བཀའ་སྲོལ་ལས་འབྱུང་བ་ཡིན།

དེ་དག་རྣམས་ནི་ཉིན་མཚན་ཁ་སྦྱོར་གྱི།།

སྒོམ་པའི་རིམ་པ་མཐར་ཐུག་ཡིན་པར་གསུངས།།

ཞེས་པས་དོན་བསྡུས་ཏེ། དེ་ཡན་ཆད་ཀྱིས་ལྟ་སྒོམ་རྒྱུན་དུ་བྱེད་པའི་རྣལ་འབྱོར་གྱི་རིམ་པ་གཉིས་ཀ་སོང་སྟེ་ད་སྤྱོད་པ་བསྟན་པ་ནི།

༼ག གསུམ་པ་སྤྱོད་པ་རྒྱུན་གྱི་རྣལ་འབྱོར།

དེ་ལ་བདུན་ལས།

ཀ དང་པོ་བུང་བ་ཚང་ཚོལ་ལྟ་བུའི་སྤྱོད་པ།

གསུམ་པ་སྤྱོད་པའི་རིམ་པ་འདི་ཡིན་གྱི།།

དང་པོ་ཆོས་ཀྱི་སྒོ་མོ་ཀུན་བསྡུར་ནས།།

རང་གི་ཉམས་སུ་ལེན་པའི་དོན་ཚོལ་ཕྱིར།།

བུང་བ་ཚང་ཚོལ་ལྟ་བུའི་སྤྱོད་པ་དགོས།།

དཔེར་ན་བུང་བས་ཚང་དེ་ཚོལ་བའི་ཚེ།།

རྩིག་ཁུང་གར་ཡོད་དེ་ལ་འགྲོ་བ་ལྟར།།

མཚན་ལྡན་བླ་མ་མང་པོའི་ཞབས་བསྟེན་ནས།།

ཐོས་པས་ཆོས་དང་ཆོས་མིན་བླང་དོར་འབྱེད།།

བསམ་པས་དེ་དོན་རྟོགས་ནས་ཉོན་མོངས་གནོན།།

བསྒོམ་པས་དོན་ཐོག་བཞག་པས་ཉོན་མོངས་རྣམས།།

རྩད་ནས་འབྱིན་ཏེ།

གསུངས་ན། དེས་སྤྱོད་པའི་རྒྱལ་པོ་བདུན་གྱི་ནང་ནས་དང་པོ་བསྟན་པ་རེད། དེ་ཡང་རྒྱུད་ཉི་ཟླ་ཁ་སྦྱོར་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱང་བྱ། །ཞེས་གསུངས་པ་ལྟར་ཐོས་བསམ་སྒོམ་པའི་རིམ་པ་མ་ནོར་བར་བརྟེན་དགོས་པའི་དོན་བསྟན་པ་རེད། དེ་ནས།

ཁ གཉིས་པ་ཐི་བྱ་ཚང་འཇུག་ལྟ་བུའི་སྤྱོད་པ།

དེ་ཡི་གྲོགས་སུ་ཡང་།།

ཐི་བྱ་ཚང་འཇུག་ལྟ་བུའི་སྤྱོད་པ་དགོས།།

དཔེར་ན་ཐི་བྱས་ཚང་དེ་བཅའ་བའི་ཚེ།།

མི་ཡི་སྒྲོ་འདོགས་སྔོན་དུ་བཅད་ནས་ཀྱང་།།

ཚང་དེ་བཙན་སར་བཅས་ནས་མཇུག་ཏུ་ཡང་།།

འཛལ་འཛོལ་མེད་པར་ཚང་དུ་འཇུག་པ་ལྟར།།

ཐོས་བསམ་སྒྲོ་འདོགས་བཅད་ནས་རང་ཉིད་ནི།།

གང་ལ་ཡིད་ཆེས་རྙེད་པའི་མན་ངག་ལ།།

ཐེ་ཚོམ་མེད་པར་འཇུག་སྟེ།

ཞེས་པས་ཐི་བྱ་ཚང་འཇུག་ལྟ་བུའི་སྤྱོད་པ། ཉི་ཟླ་ཁ་སྦྱོར་ལས། ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བ་ཐབས་ཀྱིས་ཐེ་ཚོམ་བཅད། །ཅེས་གསུངས་པའི་དོན་བཞིན་རེད། ཡང་གོང་གི་ཐེ་ཚོམ་མེད་པར་འཇུག་སྟེ་ཞེས་པའི་འཕྲོར་མཐུད་དེ།

ག གསུམ་པ་རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ།

དེའི་གྲོགས་སུ།།

ཀུན་གྱི་སྤྱོད་ཡུལ་ཉིད་ཀྱང་མ་ཡིན་པའི།།

རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ་དགོས།།

དཔེར་ན་རི་དྭགས་རྨས་མ་དེ་ཉིད་ནི།།

རྨ་ཡི་གནོང་གིས་མི་ལ་བྲོས་ནས་ཀྱང་།།

ལུང་ཕུག་རི་རྩེ་སོགས་ལ་འགྲོ་བ་ལྟར།།

རྣལ་འབྱོར་དེ་ཡང་ཁམས་གསུམ་འཁོར་བ་རུ།།

ལྟུང་གིས་དོགས་པའི་གནོང་གིས་མི་མེད་ཀྱི།།

རི་ལ་གཅིག་པུར་གནས་ནས་ཉམས་སུ་ལེན།།

འདི་ཡང་རྒྱུད་དེ་ལས། རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་རྐྱེན་གྱུར་ཡུལ་རྣམས་སྤངས། །ཞེས་གསུངས་པ་དེ་ཉིད་རེད། དེ་ནས་ཡང་།

ང བཞི་བ་ལྐུགས་པ་ལྟ་བའི་སྤྱོད་པ།

དེ་ཡི་གྲོགས་སུ་ལྐུགས་པ་ལྟ་བུ་ཡི།།

སྤྱོད་པ་བྱ་དགོས་སྐྱེ་བོ་གཞན་དག་ལ།།

སྨྲ་བ་ཚིག་འབྲུ་གཅིག་ཀྱང་མི་བྱའོ།།

ཅ ལྔ་བ་སྨྱོན་པ་ལྟ་བུའི་སྤྱོད་པ།

དེ་ལྟར་བྱས་པས་དྲན་པ་རེངས་པ་ཡི།།

སྨྱོན་པ་ལྟ་བུར་འབྲེལ་བ་མེད་པའི་གཏམ།།

རང་རྡོལ་སྨྲ་བ་ལ་སོགས་ལུས་ངག་གི།

སྤྱོད་པ་གཟའ་གཏད་མེད་པ་ཤུགས་ལ་འབྱུང་།།

ཆ དྲུག་པ་ཁྱི་ཕག་ལྟ་བུའི་སྤྱོད་པ།

འདི་ཡི་དུས་ན་གཙང་དམེ་མེད་པ་ཡི།།

ཁྱི་ཕག་ལྟ་བུའི་སྤྱོད་པ་ཞོར་ལ་འབྱུང་།།

ཟས་གོས་གང་ལའང་བཟང་ངན་གདམ་ག་རྣམས།།

མེད་པར་འཇོལ་ཉོག་སྤྱོད་པ་འབྱུང་བའོ།།

ཇ བདུན་པ་སེང་གེ་ལྟ་བུའི་སྤྱོད་པ།

དེ་ལྟར་དྲུག་པ་རྫོགས་པའི་དུས་དེ་རུ།།

གཞན་གྱིས་ཚུར་ལ་ཟིལ་གྱིས་མི་ནོན་ཞིང་།།

ཕར་ལ་གནོན་པ་སེང་གེ་ལྟ་བུ་ཡི།།

སྤྱོད་པ་འབྱུང་སྟེ་སེང་གེ་གང་ལ་ཡང་།།

འཇིགས་དང་ཡ་ང་བག་ཚ་མེད་པ་ལྟར།།

རྣལ་འབྱོར་དེ་ཡང་ཕྱི་ཡི་སྣང་བ་དང་།

མི་མ་ཡིན་གྱིས་གནོད་པ་དང་བྲལ་ནས།།

གང་ལའང་དབང་བསྒྱུར་ནུས་པ་འབྱུང་བའོ།།

ཞེས་གསུངས་ན། འདིའི་སྤྱོད་པ་བདུན་པོ་འདི་རང་གི་རྒྱུད་ཚོད་ལ་དཔག་ནས་སྤྱད་རྒྱུ་རེད། སྤྱོད་པ་ལྟ་སྒོམ་གྱི་བོགས་འདོན་ཡིན་པས། ནང་སྟོང་ཉིད་ཀྱི་ལྟ་བ་དང་། ཕྱི་རུ་མི་དང་མི་མིན་གྱི་གནོད་པ་གཅིག་ལའང་ཡ་ང་བག་ཚ་མེད་པ་རེད་དུས་དེའི་མིང་ལ་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཟེར། དེ་ནས་དེའི་རྟགས་ཅི་འདྲ་ཞིག་ཡིན་སྙམ་ན།

གཞན་གྱིས་མི་དད་པ་རྣམས་བསྒྱུར་ནུས་ཤིང་།།

བསད་པ་གསོ་ནུས་གསང་གཏམ་གོ་བར་ནུས།།

རྫུ་འཕྲུལ་ཐོབ་ཅིང་ཆོས་ཉིད་ཉམས་འབར་ནས།།

ཆང་གིས་མྱོས་ལྟར་ཕྱོགས་ཡན་རེ་དོགས་བྲལ།།

སྣང་བའི་དངོས་པོ་ས་ཆུ་མེ་རླུང་ལ།།

དབང་བསྒྱུར་ཕར་ཐལ་ཚུར་ཐལ་བགྲོད་པ་དང་།།

ནམ་མཁའ་ལ་ཡང་བྱ་བཞིན་འཕུར་བའོ།།

དེ་ལྟར་བྱུང་དུས་ཉོན་མོངས་ཡེ་ཤེས་སུ།།

གནས་འགྱུར་སྟབས་ཀྱིས་ཉོན་མོངས་ཀྱིས་མི་གནོད།།

དཔེར་ན་སྣམ་བུ་ཚོས་བསྒྱུར་ལྟ་བུའོ།།

སྤྱོད་པ་བདུན་པོ་རང་གི་རྒྱུད་ཚོད་ལ།།

དཔག་སྟེ་སྤྱོད་པས་ལྟ་སྒོམ་བོགས་འབྱིན་ནོ།།

ཞེས་དེ་དག་གིས་ལྟ་སྒོམ་སྤྱོད་གསུམ་པོ་སོང་ནས་འབྲས་བུ་རྒྱུན་དུ་བྱས་པའི་རྣལ་འབྱོར་ཡང་དེ་རིང་འདོན་ཐུབ་དགོས་པས།

༼ང བཞི་བ་འབྲས་བུ་རྒྱུན་གྱི་རྣལ་འབྱོར།

བཞི་པ་འབྲས་བུའི་དབྱེ་བ་གཉིས་སུ་འདུས།།

ཞེས་གཉིས་པོ་གནས་སྐབས་དང་མཐར་ཐུག་གཉིས་ཀ་ཡིན་ནོ།།

གནས་སྐབས་ལྷུན་གྲུབ་འོད་གསལ་འཆར་ཚུལ་ལ།།

དགག་སྒྲུབ་རེ་དོགས་མེད་པར་སྤྱད་པ་ཡིས།།

ལམ་རྟགས་ཡོན་ཏན་ཐམས་ཅད་རྩལ་རྫོགས་ཤིང་།།

མཐར་ཐུག་ལྷུན་གྲུབ་སྣང་བཞི་མཐར་ཕྱིན་ནས།།

ཀ་དག་ཆོས་སྐུ་མངོན་གྱུར་ནང་དབྱིངས་སུ།།

སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས།།

སླར་ཡང་ཆོས་སྐུའི་ངང་ལས་མ་གཡོས་བཞིན།།

གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱིས།།

འགྲོ་དོན་རྒྱུན་མི་འཆད་པར་མཛད་པའོ།།

ཞེས་གསུངས་ཏེ། དེ་ལྟར་ལྟ་སྒོམ་གྱི་ཉམས་ལེན་སྤྱོད་པས་བོགས་དབྱུང་བའི་འབྲས་བུ་ལ། གནས་སྐབས་ལམ་གྱི་དུས་ན་འཛིན་མེད་ཞེན་གྲོལ་རེ་དོགས་མེད་པའི་ཉམས་ལེན་དོན་གྱི་གནད་འབྱོངས་བས། ལམ་རྟགས་ཀྱི་ཡོན་ཏན་འཕེལ་བས་མི་ཚད་རྩལ་རྫོགས། མཐར་ཐུག་ལྷུན་གྲུབ་སྣང་བ་བཞིའི་གོ་རིམ་མཐར་ཕྱིན་ཏེ་དཔེའི་ཡེ་ཤེས་ཀྱིས་མཚོན་པའི་དོན་གྱི་ཡེ་ཤེས་དེ་ཉིད་མངོན་དུ་གྱུར་ནས། ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་ཟད་དེ་སྐུ་གསུམ་ལམ་སྣང་དུ་བྱས་ཏེ་ཀ་དག་གདོད་མའི་ནང་དབྱིངས་ཆེན་པོ་ལ་སྐུ་གསུམ་འདུ་འབྲལ་མེད་པར་བཞུགས་བཞིན་དུ། སླར་ཡང་ནང་གསལ་ཆོས་སྐུའི་ངང་དེ་ལས་མ་གཡོས་བཞིན་ཕྱི་གསལ་ལོངས་སྐུ་དང་སྤྲུལ་སྐུའི་གཟུགས་སྐུ་གཉིས་ཀྱིས། དག་དང་མ་དག་ཕྱེད་དག་གི་གདུལ་བྱ་ལ་གང་ལ་གང་འདུལ་གྱིས་རྟག་ཁྱབ་ལྷུན་གྲུབ་ཀྱི་འགྲོ་དོན་ནམ་མཁའ་མ་སྟོང་འཁོར་བ་མ་ཞིག་གི་བར་དུ་རྒྱུན་མི་ཆད་པར་མཛད་པའོ། །ཞེས་དེ་ཡན་གྱིས་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཅས་པ་རྒྱུན་དུ་བྱས་པའི་རྣལ་འབྱོར་གྱི་རིམ་པ་བསྟན་ནས། དེ་རིང་འགྲོ་དོན་རྒྱུན་མི་ཆད་པར་འབྱུང་བའོ་ཞེས་པའི་མཚམས་འདི་ནས་བཞག་ལ་ཆོས་ཁྲིད་རྗེས་མར་སྣང་བཞིའི་འཆར་ས་ནས་བཤད་རྒྱུ་བྱེད། དེ་རིང་འདི་ནས་ཐོད་རྒལ་ཞལ་ཤེས་ཀྱི་ལུང་ཞིག་འདོན་འཇོག་བསམ་སོང་། འདིའི་མཚམས་ནས་དེ་འདོན་རྒྱུ་བྱེད། ཞབས་དཀར་བའི་ཐོད་རྒལ་ཞལ་ཤེས་ཀྱི་ལུང་གསུངས་འཕྲལ། འུ་བུ་ཚོས་ཐོད་རྒལ་སྒོམ་དུས་འཆར་སྣང་ཤར་བ་ལ་ལྟ་གིན་ཡོད་པ་རེད། འཆར་སྣང་ཕྱི་རུ་འཆར་བ་རེད་དེ། འོན་ཀྱང་འཆར་གཞི་ནང་ན་ཡོད་པ་རེད། དེ་ལྟར་ཡིན་པས་ན་ནང་ཤེས་རབ་རང་བྱུང་གི་སྒྲོན་མའམ་ཀ་དག་གི་རིག་ཐོག་ལ་འཇོག་རྒྱུ་དེ་གནད་ཆེན་པོ་ཡིན། ཐོད་རྒལ་གྱི་སྐབས་ཀྱི་བཤད་བྱའི་གཙོ་བོ་དེ་གང་ཡིན་ན་དབྱིངས་རིག་ཀློང་དུ་གྱུར་པ་དེ་རེད། དབྱིངས་རིག་ཀློང་དུ་གྱུར་དུས་མཐར་རང་ལུས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་མན་ཤེལ་ལ་ཉི་ཟེར་ཕོག་པའམ་མན་ཤེལ་ཉི་ཟེར་གྱི་ནང་དུ་བཞག་པ་ལྟ་བུས་ཁྱབ་པར་འཆར་གྱི་ཡོད། དེ་དུས་སེམས་ཆོས་ཉིད་དུ་གྲོལ་བ་དང་ཆབས་ཅིག་ཏུ་འོད་ལུས་འཕོ་ཆེན་གྱི་སྐུར་བཞེངས་དགོས་པ་ཡིན། དེ་ལྟར་ཡིན་ན་ཡང་། ང་རང་ཚོ་ལས་དང་པོ་བ་ཞིག་གིས་མཉམ་བཞག་ཐུན་དུ་བཅད་ཁུལ་གྱིས་རིག་ངོར་བཞག རིག་པ་རྗེན་ལ་ཕུད་ཁུལ་བྱས་ཀྱང་མཚམས་ཤིག་ནས་ཀུན་གཞི་ལུང་མ་བསྟན་གྱི་ཕྱོགས་སུ་ཤོར་ཏེ། སེམས་གནས་དང་པོ་གསུངས་སའི་ཐོམ་མེ་བ་དེའི་ངང་ལ་ལུས་ཏེ། རྣམ་རྟོག་ཕྲ་བ་འོག་འགྱུ་མ་ཚོར་བཞིན་དུ་འོང་གིན་འདུག་པ་འདི་མཉམ་བཞག་གིས་རང་ས་མ་ཟིན་པས་ཡིན། དེའི་ངང་ལ་ཇི་ལྟར་གོམས་ཀྱང་འཁྲུལ་རྟོག་གི་བག་ཆགས་ལྡོག་ཐུབ་པ་མིན། དེ་བས་འཆར་གཞིའི་རིག་པ་ཟང་ཐལ་དེའི་ངོ་བོའི་སྟེང་ལ་ཚུར་རང་ས་བཟུང་སྟེ། རིག་པ་རྗེན་ལ་ཕུད་དེ་རིག་ཆ་ལ་གསལ་གདངས་ངར་དང་བཅས་པའི་གྲུང་ཞིག་བཏོན་དེ། རྣམ་རྟོག་གི་འཆར་སྒོ་བཟང་ངན་གང་ཤར་ཡང་ཐམས་ཅད་ལ་བདག་པོ་མི་རྒྱག་པར་འཆར་གཞིའི་རིག་པ་རྗེན་པའི་སྟེང་དེ་ནས་ཆིག་ཆོད་དུ་བཅིངས་ཐུབ་པ་ཡིན་ན་རྟོག་པ་ཕྲ་རགས་གང་འདྲ་ཞིག་འཆར་བསྡད་རུང་། རིག་ངོ་རྗེན་པར་བསྐྱངས་བའི་ངོ་བོ་དེ་རྩལ་རྣམ་རྟོག་གིས་འཕྲོག་ཐུབ་པ་མིན། དེ་མ་ཐུབ་དུས་དེ་དུས་ཀྱི་རྣམ་རྟོག་ཇི་ཤར་ལ་རྩིས་གདབ་མེད་པ་དེ། ཡེངས་ནས་མ་གོ་མ་ཚོར་བ་མིན། ཡེངས་ཡུལ་ཆོས་ཉིད་དུ་གྲོལ་བའམ་དེ་དང་རྗེས་སུ་མཐུན་པ་ཞིག་རེད་རྒྱུ་ཡིན་པ་འདི་བཱི་མ་ལའི་དགོངས་པ་ལྟར་ན་གྲོལ་ལུགས་གསུམ་པ་ཁང་སྟོང་དུ་རྐུན་མ་ཞུགས་པའི་དཔེར་འཇོག་ས་ཅན་པོ་རེད། དེ་ལྟར་ན་ལས་དང་པོ་བ་གསར་བ་ཚོར་མཚོན་ན། སེམས་ངོ་ཤེས། རིག་ངོ་མཐོང་ཟེར་བའི་དུས་སུ་ཅི་ཞིག་ཤེས་ཤིང་གང་མཐོང་སྟེ་རིག་པ་ཡིན་ཟེར་ན། རང་སེམས་སྐྱེ་མེད་དུ་གོ་བ་དེ་ཡིན། རང་སེམས་སྐྱེ་མེད་ཀ་དག་ཡིན་པའི་ཐག་རང་གི་ཞེ་གདིང་ནས་ཆོད་སོང་དུས་སེམས་གཞི་མེད་རྩ་བྲལ་དུ་རྟོགས་པའི་མིང་བཏགས་ཆོག་པ་རེད། རེད་དེ་རང་སེམས་སྐྱེ་མེད་ཡིན་ལུགས་དེ་གདོད་ནས་སམ་དང་པོ་ཉིད་ནས་ཡིན་པ་མ་གཏོགས། དེའི་དུས་སུ་གསར་དུ་སྐྱེ་མེད་དུ་འགྱུར་སོང་བ་ཞིག་ག་ལ་ཡིན། རང་སེམས་གཞི་མེད་རྩ་བྲལ་དུ་ཤེས་པའི་སྐབས་སུ་སེམས་མེད་སོང་བའང་མ་རེད་ལ། དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་སོང་དུས་ཆོས་ཐམས་ཅད་མེད་པར་གྱུར་ཏེ་སྟོང་པ་རྐྱང་ཆད་ལ་འགྱུར་མི་དགོས། ཆོས་ཐམས་ཅད་སྣང་བཞིན་དུའམ་སྣང་སྣང་ཁར་གདོད་མ་ཉིད་ནས་སྐྱེ་མེད་སྟོང་པ་ཡིན། སྟོང་གཞི་ཆོས་ཐམས་ཅད་དང་། དེའི་རང་བཞིན་ནམ་གནས་ལུགས་ཆོས་ཐམས་ཅད་ཀྱི་གཤིས་ཇི་བཞིན་པ་སྟོང་པ་ཉིད་ཡིན་པ་འདི་གཉིས་ཐ་དད་སོ་སོ་བ་མེད་པ་ཡིན་པར་ཐག་ཆོད་དུས། རིག་སྟོང་ཟུང་འཇུག་རྟོགས་སོ་ཞེས་པའོ། །དེས་ན་ཆོས་ཅན་སེམས་ཀྱི་ཆོས་ཉིད་དེ་རིག་པ་རེད་ལ་རིག་པའི་ཡེ་ཤེས་ཀྱང་རེད། འདི་ལྟར་བརྗོད་སྐབས་ཆོས་ཉིད་མ་འཁྲུལ་བའི་ཡེ་ཤེས་དེ་ཆོས་ཅན་འཁྲུལ་བའི་སེམས་མིན་ན་ཡང་ཆོས་ཅན་སེམས་དེ་ཆོས་ཉིད་ཡེ་ཤེས་དེའི་བདག་ཉིད་དང་ནི་ཆོས་ཅན་གྱི་ངོ་བོ་ཆོས་ཉིད་དུ་ཁས་ལེན་པ་ལས་གཞན་དུ་ཆོས་ཅན་དང་ཆོས་ཉིད་རྫས་ཐ་དད་པར་མི་འཇོག་གོ །དེ་ལྟར་ན་རིག་སྟོང་ཟུང་འཇུག་གི་སྣང་བ་དང་ནི་རིག་པ་ཞེསབརྗོད་རྒྱུ་དེ་བརྡ་ཤེས་པའི་ཐ་སྙད་གོ་བརྡ་འཕྲོད་བྱེད་ཙམ་དུ་ལྡོག་ཆ་ནས་བཤད་པ་ཙམ་མ་གཏོགས་དོན་ལ་ཐ་དད་ཁ་ཁ་སོ་སོར་ཕྱེས་རྒྱུ་ཞིག་མེད། གལ་སྲིད་དེ་ལྟར་ཡོད་ན་ཟུང་འཇུག་ཅེས་ཁ་ནས་བཤད་ཀྱང་ཁ་བཤད་ཙམ་ལས་དོན་དུ་མ་འདྲེས་གཉིས་གཤིབ་ཀྱི་དངོས་པོ་ཡིན་པས་ཟུང་དུ་འཇུག་གོ་མི་ཆོད་བ་ཞིག་རེད་འགྲོ། དེ་དུས་ཆོས་ཅན་ཐ་དད་དུ་སོང་བ་ཇི་བཞིན་ཆོས་ཉིད་ཀྱང་ཐ་དད་དུ་སོང་སྟེ་གནས་ལུགས་དོན་གྱི་ངོ་ཁ་ན་ཆོས་ཉིད་གཅིག་ལ་མཉམ་ཉིད་འོང་མི་སྲིད་པ་ཉིད་དུ་འགྱུར་རོ།། དེས་ན་ཆོས་ཅན་དང་ཆོས་ཉིད་ཀྱི་བཟང་ངན་གཉིས་གཤིབ་ཀྱི་སེམས་ཀྱི་འཛིན་སྟངས་དེ་མ་ཁེགས་ནས་གཟུང་འཛིན་བྲལ་བའི་མཉམ་བཞག་ཅིག་མི་སྲིད་པར་གྱུར་དུས། སྔགས་རྫོགས་ལྟ་ཅི་ཐེག་ཆེན་གྱི་དགོངས་དོན་ཐམས་ཅད་དོན་མེད་དུ་འགྱུར་བ་དེ་ལྟར་དུ་རེད། རིག་པའི་དྭངས། གསལ་བ་ཡུལ་རྗེས་སུ་མི་འབྲང་ཞིང་། འཆར་བ་མི་འགག་པ་མེ་ལོང་གི་དྭངས་ལྟ་བུ་དེ་སྣང་བ་ཐམས་ཅད་ཀྱི་འཆར་གཞི་ཡིན་པས། དེ་ཉིད་བཀག་ཀྱང་མི་ཁོགས་་ཏེ་འགག་མེད་ཀྱི་རྩལ་ཡིན་པས་སོ། །དེ་བསྒྲུབ་ཀྱང་འགྲུབ་པའང་མིན་ཏེ་སྐྱེ་མེད་དུ་རང་ལོག་ལ་བུད་འགྲོ། དེས་ན་སྣང་ཤེས་གཉིས་མེད་རོ་གཅིག་ཏུ་ཉམས་སུ་ལེན་མ་ཤེས་ནས་གང་ཤར་ཤར་ལ་བལྟ་བ་ནི་ཤེས་པ་ཡུལ་འབྱམས་ཀྱི་གདོན་གྱིས་ཟིན་ལ་ཉེ་བ་ཡིན། དེ་འདྲ་བ་དེས་རྟོག་པ་ཉིང་འཁྲུལ་ལ་འགྲོ་བཞིན་ཡོད་པའི་གནད་དེ་ལར་ནས་མ་རིག་པའམ་མ་ཤེས་པའི་རྟགས་རེད། སྣང་ཤེས་གཉིས་མེད་རོ་གཅིག་པའི་ཉམས་ལེན་མ་བསྐྱངས་པར། ཤེས་དང་ཤེས་བྱ་ཐ་མི་དད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་བརྙེས་པའི་ཐབས་མེད་པ་རེད། དེ་བས་རང་སེམས་སྐད་ཅིག་མ་འདིའི་སྟེང་ནས་འཁོར་འདས་གྲོལ་འཁྲུལ་ཐམས་ཅད་ཀྱི་ཕུགས་ཆོད་དགོས་པ་ཡིན། དེ་ལས་གཞན་པའི་གྲོལ་འཁྲུལ་གྱི་ཕུགས་ཆོད་ཐབས་གཞན་ཞིག་ཡོད་པ་མིན་ནོ། །རྒྱུ་མཚན་དེས་ན་ད་ལྟ་ནས་སེམས་ཉིད་རྫོགས་པ་ཆེན་པོ་རིག་སྟོང་མཉམ་ཉིད་ཀྱི་དོན་ངོས་ཟིན་པར་བྱས་ནས་ཡང་དང་ཡང་དུ་གོམས་པར་བྱ་བ་ནི་རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་པོ་ཡིན། སེམས་ལ་དངོས་པོ་དང་མཚན་མ་མེད་ཀྱང་སྟོང་པར་བསྒོམ་ན་གོལ་ས་ཆེན་པོ་ཡིན། གསལ་སྟོང་ཟུང་འཇུག་ཡིན་ཡང་དེ་ལ་དེར་འཛིན་གྱི་ངེས་ཤེས་སྐྱེས་ན་བློ་བྲལ་མིན། དེ་བས་ན་ཀ་དག་དང་ལྷུན་གྲུབ་གཉིས་ཀྱི་རྩ་བ་རིག་པ་ཟང་ཐལ་རྗེན་ལ་བུད་མ་ཤེས་དུས། ཐོད་རྒལ་གྱི་སྟོང་གཟུགས་དངོས་པོར་གོལ་ཏེ་གཟུགས་ཁམས་སུ་འཕེན་པ་མ་གཏོགས་ཕན་ཐོགས་ཅི་ཡང་མེད་པ་དེ་ལྟར་ཡིན། རིག་པ་སངས་རྒྱས་ཡིན། སངས་རྒྱས་ཡིན་ན་རང་རེ་སེམས་ཅན་ཡིན་དུས་ལམ་རིག་པའི་ཁྱབ་བྱེད་དང་བཅས་པས་རིག་པ་ལས་གཞན་པའི་སངས་རྒྱས་ཞིག་ཡོད་བསམ་པའི་སྙེམ་བྱེད་ཀྱི་བློ་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་དེ། རིག་པའི་བདག་ཉིད་རང་ངོ་ཤེས་པ་དེས་ལོག་ཏུ་བཅུག་པས་དེ་ཉིད་གོམས་ནས་བརྟན་པ་ཐོབ། རྟོགས་གོམས་མཐར་ཕྱིན་སོང་བ་ཡིན་ན། འབྱུང་བ་རང་ལོག་སྟེ། མ་རིག་པའི་རྩ་བ་རིག་པ་ལ་ལྡོག་སྟེ་ཕྱིན་ཆད་འཁྲུལ་མི་ཤེས་པར་བྱེད་པ་ཡིན། དེ་ལྟར་གྱུར་སོང་དུས་སྣང་བ་ཆོས་ཉིད་དུ་རྟོགས་སོང་བས་འབྱུང་བའི་སྙིགས་མ་ཐམས་ཅད་རང་ལོག་སྟེ་ལུས་རྡུལ་ཕྲན་དུ་དེངས་པ་དང་། དེའི་སྟེང་བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་གཅུན་པས་སྣང་བཞི་མཐར་ཕྱིན་འཕོ་ཆེན་གྱི་སྐུར་བཞེངས་པ་ཡིན། དེ་ལྟར་ཡེ་ཤེས་དབྱིངས་ཀྱི་སྟོང་གཟུགས་རྣམ་བཅས་མཚན་མ་ཅན་དུ་སྣང་བའི་ལྷའི་ཕྱག་རྒྱ་དང་ནི་རྣམ་མེད་སྟོང་ཉིད་ཀྱི་ཨེ་ཡིག་ཆེན་པོ་བདེ་ཆེན་གཉུག་མའི་ཝཾ་ཡིག་དང་གཉིས་ཀ་རོ་མཉམ་དུ་གྱུར་པའི་བྱང་ཆུབ་དེ། རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་གསུངས་ཏེ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་མང་པོའི་ནང་ནས་བསྔགས་བརྗོད་མཛད་སའི་གྲུབ་པ་ཆེན་པོའི་དགའ་སྟོན་དེ། རྫོགས་ཆེན་མན་ངག་སྡེ་འདིའི་སྐབས་སུ་རླུང་སེམས་རྩོལ་བཅས་ཀྱི་ངལ་བ་ཡུན་རིང་བརྟེན་མི་དགོས་པར་ཀུན་རྟོག་གི་སྤྲོས་པའི་དྲྭ་བ་ཐམས་ཅད་རང་གྲོལ་ཅོག་བཞག་གི་མན་ངག་གིས་འཁྲུལ་སྣང་གཞི་ཐིམ་དུ་བཏང་སྟེ། ཕྱི་གསལ་སྣོད་བཅུད་ཀྱི་རོལ་རྩལ་ཐམས་ཅད་ཆུ་ནང་གི་ཟླ་གཟུགས་ཤར་བ་ལྟར་ལས། ནང་གསལ་ལྷུན་གྲུབ་ཀྱི་ཡེ་ཀློང་གཞི་གྲོལ་མཉམ་པ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ་ལམ་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འཇའ་འོད་ཟེར་ཐིག་ཏུ་ཤར་བ་རེད། ཕྱི་གསལ་སྣོད་བཅུད་ཀྱི་རོལ་རྩལ་ཐམས་ཅད་ཆུ་ནང་གི་ཟླ་གཟུགས་ལྟར་ཤར་ན་ཡང་། ནང་གསལ་ལྷུན་གྲུབ་ཀྱི་ཡེ་ཀློང་དེ་གཞི་གྲོལ་མཉམ་པ་ཆེན་པོའི་ངང་ལས་མ་གཡོས་དུས། དེ་མ་གཡོས་བཞིན་དུ་ལམ་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འཇའ་འོད་ཟེར་ཐིག་ཞིང་དང་གཞལ་ཡས་ཁང་། སྐུ་དང་ཞལ་ཕྱག་གི་རྒྱན་བཀོད་པ་རབ་འབྱམས་སུ་ཤར་བ་དེ་ཆོས་ཉིད་མངོན་སུམ་གྱིས་ཞིང་ཁམས་ཀྱི་གོ་འབྱེད་པ་རེད། ཉམས་གོང་འཕེལ་གྱིས་སྤྲུལ་སྐུ། ཚད་ཕེབས་ཀྱིས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་སྟེ། སྣང་བཞི་དེ་ལྟར་མཐར་དབྱུང་སྟེ་བདེ་མཆོག་བདེ་བ་ཆེན་པོ་གསུངས་སའི་འཕོ་ཆེན་དྭངས་མའི་སྐུར་བཞེངས་ཏེ། ཁྱད་ཆོས་དྲུག་ལྡན་གྱི་ཀུན་ཏུ་བཟང་པོའི་གོ་འཕང་ཚེ་འདིར་མངོན་དུ་བྱས་པ་ཐེག་པ་འདིའི་ཁྱད་ཆོས་ཡིན་ནོ།། འུ་བུའི་ཐེངས་འདིའི་ཁྲིད་སྦྱང་གི་ཐད་ནས་མགོ་རྔ་ཚང་བ་ཞིག་རེད་ཐལ་བསམ་གྱིན་ཡོད། མགོ་དམ་མཇུག་ལྷོད་མིན་པར་རྣམ་པ་ཐམས་ཅད་ཀྱི་བརྩོན་སེམས་ཀྱི་ཐད་ནས་བཤད་ན་དབུས་སྐད་བྱས་ན་ཧ་ལས་པ་རེད་ཟེར་རྒྱུ་རེད། ད་དུང་མུ་མཐུད་དུ་ཐུན་ཁ་ཤས་ཤིག་ཡོད་པ་དེའི་ཚེ་ལ་སྒེར་སོ་སོས་སྟབས་གར་བདེའི་ས་ཆ་རེ་ནས་ཐོད་རྒལ་གྱི་ཁྲིད་སྦྱང་མཛད་ན་བསམ་པ་ཡིན། ཐེངས་འདིའི་ཐུན་ཐམས་ཅད་ཀྱིས་རྗེས་མའི་ཁྲིད་སྦྱང་དེ་གཞེས་ཉིན་ཨེ་རེད་གོ ཕྱི་དྲོའི་ཐུན་ཞིག་ཡོད། དེ་ལྷན་དུ་འཚོགས་སྟེ་མཇུག་མཐར་བཀྲ་ཤིས་ཤིག་ཀྱང་བརྗོད་མཛད་ན། དེའི་ཚེའི་སྒེར་གྱི་ཁྲིད་སྦྱང་ལ་གསར་པ་ཚོས་སྔ་དགུང་གི་ཟེར་གཉིས་དང་བསྟུན་ཏེ་རྟེན་བཅས་ཀྱིས་བསྒོམ་དགོས་དགོངས་ན་དེ་བཞིན་དུ་མཛོད་དང་ལྷག་ཏུ་དུས་ཚོད་རེའུ་མིག་དང་ཐུན་བརྡ་ལ་འགྲིགས་དགོས་པའི་ངེས་པ་མེད། ཡང་དེའི་ནང་ནས་ཉམས་ལེན་པ་རྙིང་པ་རྟེན་ལ་མི་ལྟོས་པ་ཚོས་རང་རང་གི་བཞུགས་ཤག་དང་སྒོམ་ཁང་དུ་ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་གྱི་ཉམས་ལེན་ཐུན་དུ་བཅད་དགོངས་ནའང་ཅི་དགྱེས་མཛོད། ཡང་བོགས་སྤྱོད་པས་འདོན་རྒྱུའི་གནད་ཆེ་བས། ས་འདིར་ད་རེས་མ་གཏོགས་ཐོན་ཡང་མ་མྱོང་བས་ཡར་མར་གཅིག་ཉུལ་ཏེ་སྤྱོད་པ་རྣལ་འབྱོར་དུ་བྱ་དགོས་དགོངས་མཁན་ཡོད་ན་ཡང་དགག་བྱ་མེད། སྐུ་གཟུགས་བདེ་འཇགས་སོགས་ཀྱི་ཐད་ནས་རང་འགན་རང་གིས་བཞེས། དེའི་འཕྲོར་དོན་དག་གཞན་པ་ཞིག་ལ་མཚོ་སྔོན་གྱི་ཕྱོགས་འདི་ནས། རབ་སྔགས་ཀྱི་དགོན་སྡེ་ཆེ་ཆུང་ལ་མ་ལྟོས་པའི་དགོན་སྡེ་མི་ཉུང་བ་ཞིག་གིས། ཁོང་རྣམ་པའི་དགོན་པའི་ནང་ནས་ལོ་རྗེས་མར་དབང་ཆོས་རེ་འདོན་རོགས་གསུངས་ནས་ཐུགས་རེ་དེ་ལྟ་བུ་ཞིག་སྔོན་རྗེས་བར་གསུམ་དུ་གནང་གིན་འདུག་པ་རེད། ད་དེང་སང་གི་དུས་འདི་ལ་བསམ་བློ་བཏང་ན་འབྱོར་འཁོས་ཆེ་ཆུང་གི་འགྲན་རྩོད་དང་ནི་ཟ་རྔམ་ཆེ་འདོད་ཀྱི་ཕུགས་འདུན་འཆང་ནས་ཕྱི་ཚུལ་འཕྱོར་ཆས་ཤིག་དང་དེ་འདྲ་ཞིག་ལ་འདང་རྒྱག་པ་མ་གཏོགས། ལུང་རྟོགས་ཀྱི་དོན་གྱི་བསྟན་པའི་ཉམས་ལ་རན་པའི་དམ་ཆོས་འཆད་ཉན་སྒོམ་སྒྲུབ་ལ་བསམ་བློ་གཏོང་མཁན་དཀོན་པའི་སྐབས་འདིར། ཁྱེད་རྣམས་ཀྱིས་དམ་ཆོས་དོན་གཉེར་གནང་བ་ལ་རྗེས་སུ་ཡི་རངས་ཞུས་པ་ཡིན། ངས་ཀྱང་ཚེ་སྐྱེ་བ་འདི་དང་གཞན་ལ་དམ་པའི་ཆོས་འཛིན་པའི་སྨོན་ལམ་བཏབ་དང་འདེབས་བཞིན་པ་ཡིན། ཡིན་ན་ཡང་གཅིག་ན་འདུས་བྱས་ཀྱི་ཆོས་ལ་རྟག་པ་དང་བརྟན་པ་མེད་ལ། སྒོས་སུ་མི་ལོ་ལོན་གྱི་ཚེ་མཇུག་ལ་ཟླ་བ་རྗེས་མའི་ཚོད་རྩིས་སྔ་ཟེར་བྱེད་དགོས་ན། རྟག་འཛིན་གྱིས་ལྷུས་ཐིངས་དཀའ་བ་དང་། གཉིས་ན་ས་ཕྱོགས་གང་ས་རུ་སོང་ནས་མང་པོ་འཚོགས་པའི་མགོ་འདི་རུག་མ་བསམ་ནས་མི་ཁྱུ་ནས་བུད་དེ་དུས་ཡུན་མི་ཐུང་བ་ཞིག་སོང་ནའང་། ཡང་མ་བསམ་ས་ནས་མི་བྱེད་ཐབས་མེད་ཀྱི་རླུང་འདྲ་རེས་མཚམས་རེར་དེད་འགྲོ་ནི་རེད། དེ་གང་ལྟར་ཡང་རྟེན་འབྲེལ་བཟང་པོའི་ལ་ཉེ་འཕྲལ་ཡུན་འདུན་མ་ལེགས་པའི་ཡང་རྩེ་དམ་པའི་ཆོས་ལ་མཉམ་དུ་སྤྱོད་པའི་སྨོན་ལམ་ཚང་མ་ལ་མཉམ་དུ་འདེབས། མདོར་ན་མ་འོངས་ཐག་རིང་གི་ཚིག་ལན་རྒྱག་སྔ་བྱེད་པའི་ཚོད་མི་ཐིག་པས་ད་ལྟའི་སྐབས་ལ་མ་འོངས་དམ་པའི་ཆོས་འཛིན་པའི་སྨོན་ལམ་བཟང་པོ་འདེབས་པ་གཅིག་པུ་འདི་མངོན་སུམ་སྤྱོད་ཡུལ་དུ་གྱུར་བའི་བྱ་བ་རེད། འདིར་ཕྱོགས་ཀྱི་རྣམ་པ་མང་པོ་ཞིག་གིས་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་གསུང་གི་མན་ངག་གི་རིགས་འདོན་རྒྱུའི་ཐུགས་རེ་ཆེར་མཛད་གནང་མཁན་མང་མོད། དེ་ནི་ངས་ཐོབ་མ་མྱོང་། ཞབས་དཀར་ཚང་གི་གསུང་ཡང་ཆ་ཚང་ཐོབ་མ་མྱོང་། ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་སྐོར་འདི་ཡང་སྔོན་ཆད་ང་ལ་ཐོབ་མ་མྱོང་བས་དུས་ཕྱིས་ངའི་རྨད་བྱུང་ཆོས་ཀྱི་མཆེད་པོ་ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོ་ཚང་གི་མདུན་ནས་རྒྱུན་བླངས་ཏེ་ཁོང་ས་ནས་ཞུས་པ་ཡིན། ངས་འདི་བཤད་པའང་ད་རེས་ཐེང་དང་པོ་རེད། ཨ་ལགས་མཁར་མདའ་ཚང་ལ་ངས་འདོན་རྒྱུའི་ཁས་འཆེས་ཏེ་ཁྲིད་སྦྱང་དང་བཅས་པ་ཟླ་བ་གཅིག་ལ་བྱ་རྒྱུའི་སྐད་ཆ་བཤད་པའི་ཚིག་ཐོག་ལ་བསྡད་ནི་བོ་ཡིན། སྤྱིར་ང་ལ་མཚོན་ན་ཉམས་ཆུང་གྱི་ནས་འཚོ་བའི་ཆོས་པ་གྲྭ་རྐྱང་སྤྱིར་བཏང་བ་ཞིག་ཡིན་པར་རང་གིས་ཁས་འཆེ་བ་ཡིན་པས་མི་ཚད། དེ་ཅན་པོའི་མི་ལ་འདུན་པ་དང་དུང་བ་ཡོད་པའི་མི་ཡིན་ནི་རེད། ཆོས་སྲིད་གཉིས་ཀ་ཕེར་བའི་ཁ་སྟབས་ཅན། ཆེན་པོར་མཐོན་པོར་སྙེག་གིན་ཡོད་པའི་ཇི་འདྲ་བ་ཞིག་ལས། རས་གཟན་རས་ཤམ་རེའི་ཁུག་ན་ཟླ་བ་རྗེས་མའི་འཚོ་ཆས་ལས་འདང་རྒྱག་མེད་པའི་གྲྭ་རྐྱང་དཀྱུས་མ་ཡོན་ཏན་གྱི་ནང་རྫོངས་ཅན། ཕྱི་རྟིང་གནམ་ལ་བཀྱགས་ནས་ཅིག་མི་སླེབས་མི་ལོན་ནས་བསྡད་མེད་པའི་འདོད་ཆུང་ཆོག་ཤེས་ཅན་རེ་མཐོང་ན་ངས་ལྷག་པར་དུ་དུང་བ་སྟོན་གི་ཡོད། ངས་དེང་སང་སེམས་ཁུར་བྱེད་རྒྱུ་གཙོ་བོ་ཞིག་ཇི་ཡིན་ན། མ་བསམ་ས་ནས་འདི་བཞིན་དུ་ཆོས་རྒྱུན་རེ་སྤེལ་བར་འགྲོ་དགོས་ཐུག་ཟེར་རྒྱུ་མ་རེད་འོང་རྒྱུའི་སྐལ་བ་དང་ལྡན་སོང་དུས། རྗེས་དེད་བྱས་ནས་མང་པོ་ཞིག་མཉམ་པོར་འོང་གིན་འདུག་པས། ས་དེའི་དགོན་སྡེ་དང་འབྲེལ་ཡོད་ཀྱི་མི་སྣ་ཚང་མ་ལ་སྐུ་ཚེགས་འོ་བརྒྱལ་མང་པོ་ཞིག་དང་ཁྱད་པར་དཔལ་འབྱོར་གྱི་སྟེང་ནས་བརྡབ་གསིག་རེ་བཏང་འགྲོ་བཞིན་ཨེ་ཡོད་ན་བསམ་དང་སེམས་བཞིན་ཡིན། དགུ་རོང་ཚང་དང་ཨ་ལགས་མཁར་མདའ་ཚང་ཚོར་སྔར་ནས་ཞུས་བསྡད་པ་ཡིན། ང་འོངས་དུས་གྲོ་ཆས་རང་གིས་ཁྱེར་འོང་ཆོག འདུག་སའི་ཁང་བ་སྟབས་བདེ་ཞིག་དགོས་པ་རེད། བསུ་བ་སྣེ་ལེན་བྱེད་མ་འོང་ཞེས་དེ་གླེང་བསྡད་པ་ཡིན། ན་ནིང་མཁར་མདའ་དགོན་དུ་མ་ཡོང་གི་སྔར་ལོ་མི་ཉག་ནས་ངས་ཡེ་ཤེས་བླ་མའི་ཞིབ་ཁྲིད་རྒྱས་པ་ཞིག་བྱས་པ་ཡིན། དེ་དུས་དེ་ཚང་གིས་གྲ་སྒྲིག་རྒྱས་པ་ཞིག་བྱས་འདུག་སྟེ་རང་གྲོ་རང་གིས་ཁྱེར་ཏེ་རང་གི་ཐབ་རང་གིས་བཟུང་བ་ཡིན། དེ་སྟབས་བདེ་མོ་ངོ་མ་ཞིག་རེད། འདི་ནས་ན་ནིང་ད་ལོ་གཉིས་ཀ་ལ་ཟིང་ཆ་ཆེན་པོ་འདྲ་གནང་གི་འདུག དེ་ཉིན་མཚོ་སྐོར་ལ་འགྲོ་འདུག་སྐབས། རྗེས་དེད་རླངས་འཁོར་བདུན་ཅུ་བརྒྱད་བཅུ་མན་ཆོད་ཡོད་ས་ཡོད་བསམ་རྒྱུ་ཞིག་ཡིན། དེ་ཐམས་ཅད་ཀྱི་དོན་ལ་མཁར་མདའ་ཚང་དང་འདི་རྣམ་པས་འོ་བརྒྱལ་ཆེན་པོ་ཞིག་བརྒྱབ་ཡོད་ཐལ་བསམ་རྒྱུ་ཞིག་ཡིན། ད་རེས་ཕར་འགྲོ་དུས་སྐྱེལ་མ་མ་བྱེད་ཅེས་ཞུ་བཞིན་ཡོད། ད་དུང་དེ་བཞིན་སེམས་ལ་ཞོག ང་ལ་ནད་ཅིག་ཡོད་པ་དེ་གང་གང་རེད་ཟེར་ན། དེང་སང་ལྷག་ཏུ་མྱི་དང་ཐུག་འཕྲད་བྱེད་མི་བསམ་པའི་གོམས་གཤིས་ཤིག་ཆགས་ཡོད་པ་དེ་རེད། སྨྲ་བ་བསྡམས་དོན་ཡང་དེ་ཡིས་རེད། གཞན་ཉམས་ལེན་གྱི་གནད་ཀྱིས་ཅང་མ་རེད། བཤད་ཚར། གཏུགས་ཚར། བཤད་ནི་གཏུགས་ནི་ལས་ནི་ཚང་མའི་བྲོ་བ་མྱོང་ཚར་ཏེ། ད་མི་བཤད་མི་གཏུགས་མི་ལས་རྒྱུའི་སྙོམ་ལས་ངང་ནས་ཚེ་མཇུག་གི་དུས་ཚོད་བསྐྱལ་བསམ་པའི་མི་ཞིག་ཡིན། དེས་ན་བསམ་བཞིན་དུ་དེའི་རིགས་ཀྱི་མི་གྲལ་ནས་བུད་བཞག་པ་རེད། དེ་ཚོ་རང་གར་ཞོར་འབྱུང་གི་འཕྲོས་གཏམ་ཙམ་རེད། དེ་ནས་ཡང་ཆོས་ཁྲིད་རྗེས་མའི་སྐབས་སུ་མཇལ་ཡོང་། དེ་ལྟར་ཆོས་འཆད་ཉན་བགྱིས་པའི་དགེ་བའི་རྩ་བ་སོགས་ནས་བསྔོ་སྨོན་བཅས་ཉིན་གསུམ་པའི་ཆོས་ཁྲིད་མཇུག་གྲོལ་སོང་ངོ་། །


previousཉིན་གསུམ་པའི་ཆོས་ཁྲིད། next