Nitartha Digital Library
Tibetan
 
previousཉིན་བཞི་པའི་ཆོས་ཁྲིད། next

ཉིན་བཞི་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐུགས་ལ་བཅངས་ཏེ་དམ་ཆོས་ཟབ་མོ་གསན་དགོས་པ་ཡིན། རང་རེ་ཐེག་རྩེ་རྫོགས་པ་ཆེན་པོ་བློ་འདས་བྱ་རྩོལ་དང་བྲལ་བའི་སྤྲོས་མེད་ཀྱི་རྣལ་འབྱོར་ལ་གཙོ་བོར་ཉམས་ལེན་བྱེད་པའི་ལས་ཅན་སྐལ་ལྡན་གྱི་མཆེད་ལྕམ་འདུས་པའི་ཆོས་གྲལ་ལ་ཞུགས་པ་ཤ་སྟག་ཡིན་དུས། ནམ་ཞིག་རྩོལ་མེད་རང་བཞག་གི་སེམས་ཀྱི་དེ་ཉིད་མངོན་སུམ་དུ་མཐོང་སྟེ་རང་ཉིད་ཀྱི་བརྩོན་པ་མ་ཞན་ན་བྱ་རྩོལ་རང་ཞིག་གི་ས་ལ་གོམས་པ་ཉམས་མྱོང་བརྒྱུད་དེ་ཐོབ་ངེས་པ་ཡིན། རིག་པའི་རང་སོ་ཟིན། དགོངས་པའི་ཕ་ཕོག་ཐོབ་དུས། རིག་པ་ཀུན་ཏུ་བཟང་པོ་ལ་ནོར་ས་དང་འཆལ་ཡོང་ས་ཞིག་མེད། དོན་དམ་ཆོས་ཉིད་ཀྱི་བདེན་པ་མཐོང་དུས་ཀུན་རྫོབ་དཀར་ནག་གི་དགེ་སྡིག་ལ་ལྟོས་པ་མ་རེད། མ་རེད་དེ། དེའི་ས་ལ་མ་ཐོན་གྱི་བར་དེར་ཐ་མལ་འཁྲུལ་བའི་རྣམ་རྟོག་འདི་དང་མ་བྲལ་བའི་རིང་ལ། གོ་བ་དང་མྱོང་བ་ཅུང་ཟད་ཐོན་པས་ཀྱང་མི་ཆོག་པར་རྟོགས་པའི་ཚད་རྫོགས། བདག་དང་གཞན་མཉམ། གསེར་དང་བོང་བ་མཉམ་པའི་ས་ཚོད་ལ་མ་སླེབ་བར་དུ་དམིགས་བཅས་བསོད་ནམས་ཀྱི་ཚོགས་ལ་མ་བརྟེན་ཐབས་མེད། སྔོན་འགྲོ་ཚོགས་བསགས་སྒྲིབ་སྦྱངས་དང་འབྲལ་མི་རུང་ལ། སྒྲིབ་པ་དག་ཅིང་དག་ན་རང་ལ་ཡོད་པའི་ཡེ་ཤེས་མངོན་དུ་གྱུར། ཚོགས་རྫོགས་ཤིང་རྫོགས་ན་ལམ་རྟགས་ཀྱི་ཡོན་ཏན་ཁྱད་པར་ཅན་དེ་བཞིན་དུ་རྙེད་པ་ཡིན། དེ་ཅིའི་ཕྱིར་ན། བསོད་ནམས་ཀྱི་ཚོགས་རྫོགས་པ་ལ་བརྟེན་ཏེ་ཡེ་ཤེས་ཀྱི་ཚོགས་རྫོགས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་ལ་བརྟེན་ཏེ་འབྲས་བུ་སྐུ་གཉིས་ཐོབ་པ་ཡིན། དེའི་ཕྱིར་ན་རྒྱུན་འདོན་སྔོན་འགྲོའི་ངག་འདོན་གྱི་ནང་ལ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་མཐུན་རྐྱེན་ཚོགས་གསོག་པ་མཎྜལ་གྱི་ཁྲིད་རྐང་འདི་གཉིས་ཀ་མེད་ཐབས་མེད་པའི་ལམ་གྱི་ཡན་ལག་གནད་ཆེན་པོའི་ཆེ་ཐང་དུ་མཛད་ནས་བཞག་པ་རེད། འབུམ་ལྔའི་བསགས་སྦྱངས་ཀྱི་ནང་དུ་ཡིག་བརྒྱ་འབུམ་དང་མཎྜལ་འབུམ་བཞག་དགོས་པའང་ལམ་རྐྱེན་བསགས་སྦྱངས་གཉིས་ཀྱི་གནད་དུ་དེ་གཉིས་མེད་ཐབས་མེད་ཡིན་པས་བཞག་པ་རེད། སྡིག་སྒྲིབ་དག་ཆེད་དུ་བཤགས་སྦྱངས་བྱེད་དགོས་ན། སྡིག་པ་མི་དགེའི་ལས་ཀྱིས་རང་ལ་ཡོད་པའི་ངོ་བོ་ཡེ་དག་གི་སངས་རྒྱས་སྐུ་གསུམ་འདུས་པའི་བདག་ཉིད་དུ་བཞུགས་པ་དེ་མི་སྣང་བར་སྒྲིབ་པས་ན་སྡིག་སྒྲིབ་ཟེར་བ་ཡིན། ངོ་བོ་དང་བྱེད་ལས་ཀྱི་ཁྱད་པར་ཙམ་རེད་མ་གཏོགས་སྡིག་དང་སྒྲིབ་གཉིས་ཀ་གཅིག་དུ་བསྡུས་ནའང་འདུས་སོ། །རྩ་བ་མ་རིག་པ་ཁྱབ་བྱེད་དུ་བྱས་པའི་ཉོན་མོངས་དུག་གསུམ་དུག་ལྔའི་དབང་གིས། ལས་སྡིག་པ་སྒྲིབ་པའི་བྱེད་ལས་ཅན་བསགས་ནས་ཐར་བ་བྱང་ཆུབ་ཀྱི་གོ་འཕང་མི་ཐོབ་པར་སྡུག་བསྔལ་རྒྱུ་འབྲས་ལ་འཕྱན་པ་ཡིན་དུས། འདིའི་རྩ་བ་དེད་སོང་ན་འདི་ལ་ནང་གསེས་ཀྱི་དབྱེ་བ་ལས་དང་ཉོན་མོངས་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་དང་བཞི་ཡོད། ལས་ཀྱི་སྒྲིབ་པ་རང་བཞིན་གྱི་སྡིག་པ་དང་བཅས་པའི་ལྟུང་བ་དག་ཡིན། དེ་དག་གིས་གང་ལ་སྒྲིབ་ན་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པ་ལ་སྒྲིབ། ཉོན་མོངས་པའི་སྒྲིབ་པ་ནི་ལས་དེ་དག་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས། དབྱེ་ན་བརྒྱད་ཁྲི་བཞི་སྟོང་། ཚུར་བསྡུས་ན་དུག་ལྔ་དུག་གསུམ། དེ་ཡང་ཚུར་བསྡུས་ཏེ་འབྱུང་རྩ་དེད་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཀུན་རྟོག་འདིའི་ཁོངས་ནས་འབྱུང་གིན་ཡོད། ཉོན་མོངས་པ་དེས་ཅི་ཞིག་སྒྲིབ་ན། ཐར་བ་ཉན་རང་གི་གོ་འཕང་ཐོབ་པར་བྱེད་པ་ལ་སྒྲིབ་པ་ཡིན། ཤེས་བྱའི་སྒྲིབ་པ། རང་ལུགས་ལ་རྒྱུད་བླའི་དགོངས་དོན་བཞིན་སེར་སྣ་ལ་སོགས་རྣམ་རྟོག་ཉོན་སྒྲིབ་དང་འཁོར་གསུམ་དུ་རྣམ་པར་རྟོག་པ་དེ་ཤེས་སྒྲིབ་ཏུ་བཞག་པ་ཡིན་ལ། ལུགས་གཞན་དུ་བདེན་འཛིན་ཉོན་སྒྲིབ་ཏུ་འཇོག་རྒྱུ། ཉོན་སྒྲིབ་ཇེ་ཕྲར་སོང་བ་ཤེས་སྒྲིབ་དང་། དེ་ཡང་ཇེ་ཕྲར་སོང་བ་བག་ཆགས་ཀྱི་སྒྲིབ་པར་བཞེད་པ་ཡིན། གང་ལྟར་ཡང་གཉེན་པོ་ཆུང་ངུ་ཆུང་ངུས་སྒྲིབ་པ་ཆེན་པོའི་ཆེན་པོ་འཇོམས་ཤིང་། གཉེན་པོ་ཆེན་པོ་ཆེན་པོས་སྒྲིབ་པ་ཕྲ་བའི་ཕྲ་བ་བཅོམ་པ། སྒྲིབ་པ་རགས་པ་དང་པོར་བཅོམ་ཞིང་ཕྱིས་ནས་ཕྲ་བ་ཡང་དྲུངས་ནས་འབྱིན་པར་དགོངས་པ་གཅིག་ཏུ་མི་འབབ་ས་མི་འདུག་སྙམ་པ་ཡིན། ཆགས་བཞག་ན། གླ་རྩི་ཁྱེར་སོང་ན་མེད་འགྲོ་གི་སྟེ། དེ་བཞག་ཤུལ་གྱི་དྲི་མ་ཡལ་དཀའ་བ་ལྟ་བུའི་དཔེས་ཀྱང་ཤེས། གང་ལྟར་ཕྲ་བ་འཇོམ་དཀའ་བ་ཡིན་ནོ། །བག་ཆགས་ཀྱི་སྒྲིབ་པ་ཟེར་བ་དེ། མདོའི་ཆོས་སྐད་ལྟར་ན་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བའི་གནས་སྐབས་ལ་བཞག་གིན་ཡོད། འདི་སྔགས་ཀྱི་ལུགས་ལྟར་ན་སྣང་སེམས་འཕོ་བའི་བག་ཆགས་དཀར་དམར་རླུང་གསུམ་གྱི་ཆ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པས། ཟག་མེད་ཀྱི་ལས་དང་ཡིད་ཀྱི་ལུས་ལ་སོགས་པ་སྐྱེད་པར་བྱེད་པ། མཐར་ཐུག་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་གཞོམ་བྱ་དེ་ཡིན་པ་རེད། ཤེས་སྒྲིབ་དང་བག་ཆགས་ཀྱི་སྒྲིབ་པ་གཉིས་ཀྱིས་གང་ལ་སྒྲིབ་ན། རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་པ་ལ་སྒྲིབ་པ་ཡིན། ཇི་ལྟར་སྒྲིབ་ན་ནམ་མཁའི་ཉི་མ་སྤྲིན་གྱིས་སྒྲིབ་པ་བཞིན་དུ་སྒྲིབ་སྟེ། ཉི་མའི་དཀྱིལ་འཁོར་ལ་སྤྲིན་ཡེ་ནས་ཞུགས་མ་མྱོང་ཡང་སའི་སྟེང་གི་མིའི་མིག་སྔར་དེའི་བར་དུ་གཡོར་ནས་མིག་སྔོན་ལ་སྒྲིབ་པ་བཞིན། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་དམ། ཡང་དག་མཐའ། ཆོས་ཀྱི་དབྱིངས། བདེ་གཤེགས་སྙིང་པོ། གཉུག་མའི་སེམས། དེ་ཁོ་ཉིད། ད་དུང་རང་བྱུང་བྱང་ཆུབ་ཀྱི་སེམས་དང་རིག་པ། རང་བྱུང་གི་རིག་པ་ལ་སོགས་མིང་གང་བཏགས་ནའང་། དོན་གཞི་ལྷུན་གྲུབ་ངོ་བོ་ཡེ་དག་རང་བཞིན་རྣམ་དག་གི་སངས་རྒྱས་རང་ལ་ཡོད་པ་དེ་ཉིད་ལ། ལས་ཉོན་གྱི་སྒྲིབ་པ་ཞིག་གཤིས་ལ་ཞུགས་མ་མྱོང་ཡང་། གློ་བུར་འཁྲུལ་བས་རང་ངོ་མ་ཤེས་ནས་མ་རིག་པ་ཙམ་ཞིག་ཡིན། གཞིའི་གནས་ལུགས་ལ་འགྱུར་བ་མེད་པ་དང་དྲི་མ་གློ་བུར་བ་ཡིན། དེའི་ཕྱིར་རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་གསུངས་སོ། །སེམས་ཅན་རྣམས་སངས་རྒྱས་ཡིན་ཡང་ཡིན་གོ་མི་ཆོད་པར་སེམས་ཅན་གྱི་མིང་ངན་དེ་བཟུང་ནས་ཁམས་གསུམ་འཁོར་བའི་ཡང་གཡོག་ལ་འཁྱམས་དགོས་པ་དེ་གང་ལ་ཐུག་ཅེ་ན། གློ་བུར་གཉིས་འཛིན་གྱི་འཁྲུལ་བའི་དྲི་མ་འདིས་བསྒྲིབས་སོང་བས་རེད། དེ་དག་པའི་ཐབས་ལ་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་བསྡུའི་བྱེད་པོ་བླ་མ་ཡིན་པས་ན། རིགས་བརྒྱ་རིགས་གཅིག་འདུས་པའི་རང་བཞིན། གསང་ཆེན་རིགས་གཅིག་གི་ངོ་བོ་དེ་འདིའི་སྐབས་སུ་བླ་མ་རྡོར་སེམས་གཉིས་མེད་ཀུན་འདུས་སུ་བསྒོམས་ཏེ། བཤགས་པའི་ཚུལ་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་དགོས། སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་ན་འདག་པ་སྡིག་པའི་ཡོན་ཏན་ཡིན་གསུངས་པ་རེད། དེས་ན་རྟེན་གྱི་སྟོབས་བླ་མ་རྡོ་རྗེ་སེམས་དཔའ། སུན་འབྱིན་པའི་སྟོབས་ཉེས་པ་བྱས་པ་ལ་འགྱོད་པ་དྲག་པོ་བྱེད་པ། སྡོམ་པའི་སྟོབས་ཕྱིན་ཆད་མི་བགྱིད་པའི་སྡོམ་སེམས་བརྟན་པོ་འཆང་བ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བདུད་རྩི་འབེབ་སྦྱོང་གི་དམིགས་པ་དང་ནི་ད་དུང་ཞིབ་ཏུ་བཤད་ན། བདག་དོན་ཆོས་སྐུའི་བཟླས་པའི་སྐབས་སུ་ཡུལ་གོང་མ་ལ་ཡིད་ཆེས་ཀྱི་དད་པ་བྱེད་པ་དང་། གཞན་དོན་གཟུགས་སྐུའི་བཟླས་པའི་སྐབས་སུ་མར་སེམས་ཅན་ལ་སྙིང་རྗེ་ཤས་མི་བཟོད་པ་བསྐྱེད། ཐམས་ཅད་ཀུན་ལ་རང་རེ་རྫོགས་ཆེན་པའི་རྣལ་འབྱོར་བས་འོད་གསལ་རིག་པའི་ཡེ་ཤེས་ཀྱི་སྟོང་གསལ་མཐའ་དབུས་དང་བྲལ་བའི་མཉམ་བཞག་གི་ངང་སྐྱོང་བ་འདི་བཤགས་པའི་རྒྱལ་པོ་མན་ངག་གི་མདོ་མདུད་ཡིན། ཟབ་མོའི་རྟོགས་པ་མངོན་དུ་བྱས་པ་ལ་བསགས་སྦྱངས་གཉིས་ཀ་དགོས་དུས་རྡོར་སེམས་བསྒོམ་བཟླས་ཀྱིས་སྡིག་པ་སྦྱང་པ་དང་ཆབས་གཅིག་ཏུ་མཎྜལ་འབུལ་བའི་ཆོ་ག་ལ་བརྟེན་ཏེ་ཚོགས་བསགས་དགོས་པ་ཡིན། མ་ཀི་ཉན་ཐོས་ཐེག་པ་ནས་ཡ་ཀིའི་ཨ་ཏི་རྫོགས་ཆེན་གྱི་བར། ལམ་ཐམས་ཅད་བྱ་དཀའ་སླ་དང་ཆོད་ཆེ་ཆུང་གི་ཁྱད་པར་ཞིག་རེད་མ་གཏོགས། ཐམས་ཅད་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་བྱེད་ཀྱི་ནང་དུ་མ་འདུས་པ་མེད། འདུས་མོད་ཀྱང་སྐབས་འདིར་བསྟན་གྱི་མཎྜལ་འབུལ་བ་ནི་ཚོགས་བསགས་པའི་སྒོ་ཐམས་ཅད་འདུས་པས་མི་ཚད་བྱ་སླ་བ་ཆོད་ཆེ་བ་ཁྱད་པར་དུ་ལས་དང་པོ་བས་ཉམས་ལེན་ལག་ལེན་ལ་སྦྱར་བདེ་བའི་ཁྱད་ཆོས་དང་ལྡན་པ་ཡིན། ད་འུ་བུ་ཚོས་མཎྜལ་གྱི་རྟེན་མཆོད་ཆས་འདི་ཅི་ཡིན་ཞེ་ན། སྐུ་གསུམ་གྱི་ཞིང་ཁམས་བློས་བླངས་ཏེ་མཎྜལ་དུ་འབུལ་བའི་དམིགས་རྟེན་ཙམ་ཞིག་རེད། འདི་མི་བརྗེད་པའི་ཆེད་དུ་མཛུབ་སྐུད་བཏགས་པ་ལྟ་བུ་ཡིན་གསུངས་པ་རེད། དེ་ཡང་ཆོས་རྒྱུན་འདིའི་ཞལ་རྒྱུན་དང་ཕྱག་བཞེས་ལྟར་དུ་ཡིན་ན་སྣང་ཚུལ་སྤྲུལ་སྐུའི་མཎྜལ། གནས་ཚུལ་ལོངས་སྐུའི་མཎྜལ། ཁྱབ་བྱེད་ཆོས་སྐུའི་མཎྜལ་གསུངས་ཀི་ཡོད། སྣང་ཚུལ་སྤྲུལ་སྐུའི་མཎྜལ་དེ་གང་ཡིན་ན། སྤྲུལ་སྐུའི་ཞིང་ཁམས་མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ། སངས་རྒྱས་སྤྲུལ་བའི་སྐུ་གཅིག་གི་གདུལ་ཞིང་དུ་གྱུར་པ་རིགས་ལྔ་གངས་ཆེན་མཚོའི་སྐུའི་བཀོད་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་ལྷ་མིའི་ལོངས་སྤྱོད་ཐམས་ཅད་འབུལ་བ་དེའོ། །གནས་ཚུལ་ལོངས་སྐུའི་མཎྜལ་ནི། ལོངས་སྐུའི་ཞིང་ཁམས་ངེས་པ་ལྔ་ལྡན་གྱི་ཞིང་དང་གཞལ་ཡས་ཁང་རྒྱན་དང་བཀོད་པས་བརྒྱན་པ་ཕུན་སུམ་ཚོགས་པ་ལྔ་ལྔ་ཚོགས་པའི་རིགས་ལྔ་གངས་ཆེན་མཚོ། ཡང་སྒྱུ་འཕྲུལ་རབ་འབྱམས་མཐའ་ཡས་པ་དེ་ཉིད་དོ། །ཁྱབ་བྱེད་ཆོས་སྐུའི་མཎྜལ་ནི། འཁོར་འདས་གང་གི་ཕྱོགས་སུ་ཡང་རྒྱར་མ་ཆད། ཡོད་མེད་གང་གི་གནས་ལའང་ཕྱོགས་སུ་མ་ལྷུང་བ་ལྷུན་གྲུབ་ཕྱོགས་མེད་མཐའ་དང་བྲལ་བ། འཁོར་འདས་མཉམ་པར་བརྡལ་བའི་མ་བསྐུལ་ཡེ་རྫོགས་རང་བཞིན་འདུས་མ་བྱས་པའི་ཆོས་ཉིད་ཆེན་པོའི་ངོ་བོར། ནང་གསལ་རྙོག་པ་དང་བྲལ་བའི་མཁའ་མཉམ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ཡེ་ཤེས་ཀྱི་སྣང་བས་བརྒྱན་ཏེ་འབུལ་བ་དེ་ལྟ་བུའོ། །དེ་ལྟར་སྐུ་གསུམ་མཚོན་པའི་མཎྜལ། ངག་འདོན་རྒྱས་བསྡུས་ལ་མ་ལྟོས་པར་དམིགས་པ་གཅིག་གིས་འབུམ་ཐེར་བསོག་དུས་ཚོམ་བུ་བདུན་གྱིས་གསོག་པ་ཕྱག་ལེན་ལྟར་དང་། འདི་དང་འབྲེལ་བའི་བདུད་བཞི་ཅིག་ཆར་ཏུ་གཅོད་པ་ཀུ་ས་ལ་འབྱུང་བ་རེད། འདི་ཡང་མཆོད་སྦྱིན་གཉིས་ཀ་ཚང་ཞིང་། དེ་ཡང་སྤྲོས་པ་མི་ཆེ་བའི་རྣལ་འབྱོར་བས་འཁྱེར་བདེ་ཡིན། གཅོད་ཅེས་པས་གཅད་བྱ་བདུད་བཞི་དེ་གཅོད་བྱེད་ཐབས་དང་ཤེས་རབ་ཀྱིས་བཅད་པས་གང་གཅོད་པར་བྱེད་པ་བདག་འཛིན་རྩད་ནས་ཆོད་པ། ཡུམ་དོན་ཤེར་ཕྱིན་གྱི་དགོངས་པ་ལུས་སྦྱིན་འདིའི་ནང་དུ་འགྱེད་ཆེན་དཀར་ནག་ཁྲ་གསུམ་འདུས་པ་ཚོགས་གཉིས་རྫོགས་པའི་ཐབས་ཁྱད་པར་ཅན་ཡང་ཡིན། འདིའི་གཅོད་དམིགས་ཀྱི་དབང་སྡུད་ཟིལ་གནོན་ལ་སོགས་པ་སྦྱོར་དངོས་རྗེས་གསུམ་གྱི་འགྲོས་དེ་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ངས་སྐོར་ཅིག་ཞིབ་ཁྲིད་བྱེད་མྱོང་བ་དེ་ཚོར་གསོན་དང་ཅུང་ཟད་རེས་ཕན་ཐོགས་འབྱུང་སྲིད་རྒྱུ་རེད། དེ་ལྟ་བུའི་སྔོན་འགྲོའི་སྐོར་ནས་རྗེས་དྲན་ཐུགས་གསོས་ཀྱི་ཚུལ་དུ་སྔོན་འགྲོ་དང་དངོས་གཞི་རྒྱུན་དུ་འབྲེལ་བར་བྱས་ཏེ་ཉམས་ལེན་ཕྱག་བཞེས་སུ་སྐྱོང་དགོས་ཚུལ་མདོ་ཙམ་ཞུས་པ་དང་བཅས་ཏེ། གང་ཞིག་གསན་པར་བྱ་བ་མཆོག་གི་རྣལ་འབྱོར་བ་ཆེན་པོ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་། རྫོགས་པ་ཆེན་པོ་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཅར་འབྱེད་པའི་ལྡེའུ་མིག་ཅེས་བྱ་བའི་འོད་གསལ་རྫོགས་པ་ཆེན་པོའི་གདམས་པ་མན་ངག་ལེ་ཚན་གྱི་ཚུལ་དུ་བཞུགས་པ་འདི་ཉིད་འཆད་ཁྲིད་བྱེད་བཞིན་པ་ལས་དོ་ཞག་ཡན་ཆོད་ལ་འདིའི་གཞུང་དོན་དངོས་གཞིའི་ཁྲིད་རིམ་བདུན་གྱི་ནང་ནས་ལྔ་ཡན་ཆོད་སོང་ནས་། ལྔ་བ་རྗེས་སུ་རྣལ་འབྱོར་ལྟ་སྒོམ་སྤྱོད་འབྲས་བཞིའི་ཉམས་སུ་ལེན་ཚུལ་བཤད་པའི་འཕྲོར།

༦༽ དྲུག་པ་ཉམས་སུ་བླངས་ནས་སྣང་བཞི་འཆར་ཚུལ་བཤད་པ།

དེ་རིང་དྲུག་པ་ཉམས་སུ་བླངས་ནས་སྣང་བཞི་འཆར་ཚུལ་བཤད་པ་ལ་འདིའི་སྣང་བཞིའི་རིམ་པ་ས་བཅད་བཞིས་བསྟན་པ་ལས།

༡ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ།

ཨེ་མ་ཧོ།

དྲུག་པ་ཤིང་རྟ་ཉི་ཟླའི་འགྲོས་ཇི་བཞིན།།

ཐེག་པ་གཞན་ལས་ལམ་གྱི་མྱུར་བུལ་གྱི།།

ཁྱད་པར་ཆེ་བའི་ཐེག་མཆོག་རྒྱལ་པོ་ཡི།།

སྣང་བཞིའི་ཚད་རྣམས་བདག་གིས་བཤད་པར་བྱ།།

སྐལ་ལྡན་ལས་འཕྲོ་ཅན་རྣམས་གུས་པས་ཉོན།།

ཅེས་གསུངས་ན། ཐེག་པ་གཞན་གྱིས་སྐུ་གསུམ་འབྲས་བུར་བྱས་པ་རེད། སྐུ་གསུམ་འབྲས་བུར་བྱས་ཏེ་རྒྱང་རིང་ལམ་གྱི་ངལ་བས་འབྲས་བུ་གཞན་ནས་བསྒྲུབ་དགོས་པས་ན་ལམ་བུལ་བ་དང་། འདིས་སྐུ་གསུམ་ལམ་སྣང་དུ་བྱས་ཏེ་སྣང་བཞི་རིམ་དང་ཅིག་ཅར་བསྒྲོད་པའི་ལམ་གྱི་འགྲོས་མྱུར་བ་ཡིན་པས་མི་ཚད། འབྲས་བུ་ལུས་འདི་མ་སྤངས་པར་འཕོ་ཆེན་གྱི་སྐུར་བཞེངས་པ་སྟེ། འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་པ་སོགས་ཀྱི་མན་ངག་སྡེའི་ཡང་གསང་བླ་ན་མེད་པ་ཐེག་པའི་རྒྱལ་པོ་འདིའི་ཁྱད་ཆོས་བསྟན་ཅིང་སྣང་བཞིའི་ཚད་རྣམས་བཤད་པ་ལ་གུས་པ་ཆེན་པོས་ཉོན་གསུངས་ནས་མཚམས་སྦྱར་བ་དང་བཅས་ཏེ།

སྔར་བཞིན་བཞུགས་སྟངས་གཟིགས་སྟངས་གནད་གསུམ་གྱིས།།

ཉི་ཟེར་ལ་བལྟས་འོད་དང་འོད་ཁྱིམ་དང་།

རིག་པ་ལུ་གུ་རྒྱུད་བཅས་གསལ་བར་སྣང་།།

ཉམས་བླངས་དབྱིངས་ཀྱི་ར་བར་རིག་པ་ཚུད།།

ཐིག་ལེ་གསུམ་འབྲེལ་ཚུན་ཆད་སྣང་བའི་ཚེ།།

ཆོས་ཉིད་མངོན་སུམ་སྣང་བ་རྫོགས་པའོ།།

དེ་ལྟར་མཐོང་བས་ད་ལྟ་འདི་ཉིད་ལ།།

ཡིད་དཔྱོད་འཛིན་པའི་ལྟ་བ་ཉིད་དང་བྲལ།།

མཐར་ཐུག་ཁམས་གསུམ་འཁོར་བར་མི་ལྡོག་པར།།

རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ།།

ཞེས་གསུངས་ཏེ། སྔར་བཤད་པའི་བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་སོགས་ཀྱི་གནད་དང་མཐུན་པར་མན་ངག་ཞལ་ཤེས་ཀྱི་ལག་ཁྲིད་བཞིན་དུ་གཟིགས་དུས། འདི་ནས་གཙོ་ཆེར་རྟེན་ལ་ལྟོས་པའི་གང་ཟག་ལས་དང་པོ་བ་དང་བསྟུན་དུས། ཉི་ཟེར་དང་ཟླ་ཟེར་མར་མེའི་ཟེར་སོགས་ཟུར་ཏུ་ཁྲིད་དེ་ལྟ་སྟངས་ཀྱིས་བལྟས་པའི་སྐབས་ན། འོད་དང་གསུངས་པ་དེ། འོད་ཟེར་དྲག་པོ་འཕྲོ་བ་དང་གྱེན་འགྲེང་རྩིབ་ཤར་སོགས་དང་། འོད་ཁྱིམ་གསུངས་རྒྱུ་འདི། གྲུ་ཆད་ལྟ་བུའི་གྲུ་བཞི་དང་ནི། ཟླུམ་པོ་འོད་གོར་ཟླུམ་པོ་འཁོར་ཡུག་ཅན་ལ་སོགས་པར་སྣང་བ་ཡིན་། དེ་ཡང་ཕྱིའི་སྣང་ཆར་ཞེན་འཛིན་མ་ཞུགས། ནང་རིག་པ་གཞི་ལ་གཡོ་འགུལ་མེད་པར་བཞག་ནས་ཉམས་སུ་བླངས་པས་དབྱིངས་ཀྱི་ར་བར་རིག་པ་ཚུད་རྒྱུའི་རིག་པ། འདིའི་རིག་པ་ཟེར་བ་རིག་གདངས་རྡོ་རྗེ་ལུག་རྒྱུད་ལ་གསུངས་ཀྱིན་ཡོད། ནང་དབྱིངས་རིག་འདྲེས་པ་དང་མཉམ་དུ་ཕྱིའི་དབྱིངས་གདངས་རྣམ་དག་དབྱིངས་སྒྲོན་གྱི་ར་བ་རུ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཚུད་ཡོང་གསུངས། ལུག་རྒྱུད་འཁོར་དང་བཅས་པའི་གོ་བ་དང་ལུག་རྒྱུད་དབྱིངས་ཀྱི་ར་བར་ཚུད་པའི་མགོ་འཛུགས་པའམ་གཞི་ཚུགས་པ་ལའང་ཚུད་ཅེས་པའི་སྒྲ་དེ་འཇུག་པ་ཡིན། ཐིག་ལེ་སུམ་འབྲེལ་སྣང་བ་ཚུན་ཆད་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་འཇོག གཤིས་དོན་དམ་རིག་པའི་ངོ་བོའི་ཆོས་ཉིད་ཀྱི་རང་གདངས་མངོན་སུམ་དབང་པོར་སྣང་བས་ན་ཡིད་དཔྱོད་མཐར་འཛིན་གྱི་སངས་རྒྱས་གཞན་ནས་འཚོལ་བའི་ཐེ་ཚོམ་བྲལ་བའམ་ཐེ་ཚོམ་ལྡོག་པ་དང་ནི། མཐར་ཐུག་ཁམས་གསུམ་འཁོར་བར་ཕྱིར་མི་ལྡོག་སྟེ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་དབུགས་འབྱིན་པ་ཡིན་གསུངས་པའོ།། འདི་སྔགས་ཀྱི་བདེན་མཐོང་དཔེའི་ཡེ་ཤེས་མ་གཏོགས་དོན་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་བའི་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་དངོས་སུ་མཐོང་བ་རུ་འཇོག་པ་མིན། འདིའི་མངོན་སུམ་དེ་གང་ཡིན་ཞེ་ན། དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རང་རིག་མངོན་སུམ་ལ་སོགས་པའི་ནང་ནས། འདི་དོན་དམ་དབྱིངས་ལ་འཇལ་བའི་མངོན་སུམ་ཆོས་ཉིད་དོན་དམ་པའི་དོན་དེ་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་སོ་སོ་ཡང་དག་གི་རིག་པ་དང་ནི། དེའི་སྣང་ཡུལ་གཉིས་མེད་ཀྱི་ངང་ནས་གཟུང་འཛིན་བྲལ་བར་མྱོང་བའི་ངེས་པ་རྙེད་པ་ཞིག་ཡིན། འདི་ལྟར་མཐོང་བའི་རྣལ་འབྱོར་བ་དེས་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཡིན་པས་ན་འཁོར་བ་མིང་མེད་དུ་སྟོང་པའི་སྲིད་གསུམ་གདར་ཤ་ཆོད་པ་ཡིན་གསུངས་པའོ། །སྣང་བཞིའི་རིམ་པ་འདི་བཞིན་དུ་ངེས་པ་དེ། གཞི་ཆོས་ཉིད་མངོན་སུམ་དུ་མཐོང་བ་འདི་མེད་པས་སྣང་བ་ལྷག་མ་གསུམ་པོའི་འཆར་གཞི་མེད་པ་དེ་ལྟར་གསུངས། དེ་ཡང་ཡིན་ཏེ་ཅིའི་ཕྱིར་ན། འདིའི་རྗེས་ཀྱི་ཉམས་སྣང་གོང་དུ་འཕེལ་བའི་གཞི་མངོན་དུ་མ་གྱུར་ན་ཅི་ཞིག་འཕེལ་ཡོང་། དེ་བཞིན་ཉམས་འཕེལ་ཏེ་བརྟན་པའི་ཚད་ལ་ཚད་ཕེབས་གསུངས་པ་དང་ནི། སྣང་ཉམས་གཞི་ལ་ཐིམ་སྟེ་ཕྲ་རགས་ཀྱི་སྣང་འཛིན་ཙམ་ཡང་ནུབ་པ་དེ་ཆོས་ཟད་ཀྱི་རིམ་པ་ཡིན། དེས་ན་རིམ་པ་རིམ་ཅན་དེ་ལྟར་དུ་འབྱུང་བ་ཡིན་པས་ན་སྐུ་གསུམ་ལམ་སྣང་དུ་བྱས་པའི་ཁྱད་འདོན་དུས། སྣང་བ་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱེད་པ་ལ་འཇོག་པ་ཡིན། ཡིན་ཡང་འདི་ལ་ཞིབ་ཆ་ཕྱེས་ནས་བཤད་ན། ཁ་རྩང་ཆོས་ཁྲིད་སྔོན་མའི་སྐབས་སུ་ཞུས་པ་བཞིན་དུ་ཆོས་ཉིད་མངོན་སུམ་གྱིས་ཞིང་ཁམས་ཀྱི་གོ་འབྱེད། ཉམས་གོང་འཕེལ་གྱི་སྐབས་སུ་སྤྲུལ་སྐུ་དང་། ཚད་ཕེབས་ལོངས་སྤྱོད་རྫོགས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལ་འཇོག་པ་ཡིན་ནོ། །དེས་སྣང་བཞིའི་དང་པོ་བསྟན་ནས།

༢ གཉིས་པ་ཉམས་སྣང་གོང་འཕེལ་གྱི་སྣང་བ།

ཨེ་མ་ཧོ།

གཉིས་པ་ཉམས་སྣང་གོང་འཕེལ་སྣང་བ་ལ།།

ཤེས་ཉམས་སྣང་ཉམས་གཉིས་ལས་དང་པོ་ནི།།

ཤེས་ཉམས་བདེ་གསལ་མི་རྟོག་ཏིང་འཛིན་དང་།།

ཤེས་པ་མཐའ་འགྱུར་ཅན་གྱི་ཉམས་རྣམས་ནི།།

སྲིན་བུ་མེ་ཁྱེར་སྤྲིན་དང་དུ་བ་དང་།།

སྨིག་རྒྱུ་ཟླ་བ་སྐར་མ་མར་མེ་དང་།།

ཉི་མ་ཤར་འདྲ་ཕྱི་ནང་ཟང་ཐལ་སྣང་།།

འཆར་ནུབ་གསལ་འགྲིབ་ཅན་དུ་མི་བརྟན་ཅིང་།།

ཚུགས་མི་ཐུབ་ཅིང་གནས་འགྱུར་འགྲོ་བས་ན།།

མཐའ་འགྱུར་ཅན་གྱི་ཉམས་ཞེས་བཤད་པ་ཡིན།།

ཞེས་གསུངས་ཏེ། དབྱིངས་དང་རིག་པའི་ཉམས་ལེན་ལ་སྦྱངས་པ་གོང་ནས་གོང་དུ་བརྒྱུད་དེ་ཉམས་སྣང་གོང་དུ་འཕེལ་ཡོང་དུས། ཕྱིའི་དབྱིངས་སྣང་ལ་རིག་པ་ལུག་རྒྱུད་དབྱེར་མེད་དུ་གནས་པ་བཞིན་དུ་ནང་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་རིག་པའི་ཡེ་ཤེས་དེ་གཉིས་མེད་དུ་གནས་པ་ཡིན། དེ་གནས་པས་འོད་གསལ་མ་བུ་འདྲེས་སྟོབས་ཀྱིས་སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ཡིན་པས་ན་ཉམས་སྣང་གོང་འཕེལ་གསུངས་པ་རེད། སྤྱིར་ཉམས་ཞེས་པའི་གནས་སྐབས་ན་དེ་ལ་ཤེས་ཉམས་དང་སྣང་ཉམས་གཉིས་ཀྱི་གོ་བ་ལེན་རྒྱུ་ཡོད། ཤེས་ཉམས་དེ་བཅོས་མའི་བསྒོམ་པ་ལས་བྱུང་བའི་བདེ་གསལ་མི་རྟོག་འཕེལ་འགྲིབ་ཅན་ཞེན་འཛིན་ཅན་ཞིག་དང་། ཡང་ཤེས་པ་མཐའ་འགྱུར་གྱི་ཉམས་ཞེས་པ་དེ་མི་བརྟན་འགྱུར་བའི་སྟོང་གཟུགས་རླུང་ཉམས་ཀྱི་སྣང་བ་སྲིན་འབུ་མེ་ཁྱེར་ལྟ་བུ་དང་སྤྲིན་ལྟ་བུ། དུ་བ་ལྟ་བུ། སྨུག་ཟིལ་ལྟ་བུ་ལ་སོགས་པ་ནས་ཉི་མ་ཤར་བ་ལྟར་གསལ་ཞིང་ཕྱི་ནང་ཟང་ཐལ་དུ་སྣང་བ་ལྟ་བུ་སོགས་རྣམ་པ་བརྒྱད་ལྟ་བུ་ཞིག་འཆར་རྒྱུ་ཡོད་པར་གསུངས་ཡོད། ཡོད་ཀྱང་འདི་རླུང་ཉམས་འགྱུར་བ་ཅན་དག་བྱ་ཡིན། ཚུགས་མི་བརྟན་ཅིང་བློ་གཏད་ས་མེད་པ་མཐར་འགྱུར་བ་ཅན་ཡིན་པས་ན་མཐར་འགྱུར་གྱི་ཉམས་གསུངས་པའོ། །

དེའི་ཕྱིར་ན།

དེ་ལ་ལམ་གྱི་ཚད་འཛིན་མི་བྱེད་པར།།

ཞེས་གདམས་པ་གནང་ནི་རེད། དེ་ནས་སྣང་ཉམས་ནི།

རང་བཞིན་རྫོགས་པ་ཆེན་པོའི་སྣང་བའི་ཉམས།།

མི་བསླུ་བ་ལ་ཚད་འཛིན་བྱེད་པ་ཡིན།།

དེ་ཡང་སྔར་བཞིན་ཉམས་སུ་བླངས་པ་ཡིས།།

དབྱིངས་རིག་སྨིན་མཚམས་ཉིད་ནས་འབྲལ་བར་འགྱུར།།

དབྱིངས་སྣང་འོད་ཀྱི་རང་བཞིན་དེ་རྣམས་ནི།།

འོད་ལྔ་གྱེན་འགྲེང་རྩིབ་ཤར་ཟླུམ་འཁྲིགས་དང་།།

མཆོད་རྟེན་པདྨ་སྟོང་ལྡན་མཁར་ཐབས་དང་།།

མདའ་མདུང་རྩེ་དང་འཁོར་ལོ་གྲི་གུག་དང་།།

རྒྱ་གྲམ་ཡིག་འབྲུ་དྲ་བ་དྲ་ཕྱེད་དང་།།

མིག་མང་རིས་དང་གཟུགས་བརྙན་སྣ་ཚོགས་དང་།།

གོས་ཀྱི་རི་མོ་ལ་སོགས་མཐའ་གཅིག་ཏུ།།

མ་ངེས་སྣ་ཚོགས་གོ་རིམ་མེད་པར་འཆར།།

འདི་དུས་འོད་གསལ་སྣང་བ་དེ་རྣམས་ཀྱིས།།

རང་ཉིད་གང་གནས་ལུང་བ་གང་བ་འབྱུང་།།

དེའི་ཚེ་ཉིན་མཚན་མེད་པར་སྣང་བ་ཡིན།།

ཉམས་སྣང་འོད་གསལ་དེ་དག་ཇེ་བཀྲ་དང་།།

ཇེ་ལེགས་ཇེ་མང་ཉིད་དུ་འགྲོ་བས་ན།།

ཉམས་སྣང་གོང་འཕེལ་སྣང་བ་ཞེས་བྱའོ།།

ཞེས་གསུངས་ཏེ། རླུང་གདངས་ཡིད་དཔྱོད་བཅོས་མས་བསྒོམ་པ་ལས་བྱུང་བའི་ཤེས་ཉམས་མ་ཡིན་པའི་རང་བཞིན་རྫོགས་པ་ཆེན་པོའི་མ་བཅོས་མཉམ་པར་བཞག་པའི་རིག་གདངས་ཀྱི་སྣང་ཉམས་ནི། མི་བསླུ་བའི་ཆོས་ཉིད་རིག་པའི་གདངས་སུ་ཤར་བ་ཡིན་ཏེ། དེ་ཡང་། འཕེལ་བརྟན་ཟླ་བ་ཡར་ངོ་བཞིན། །སྣང་བ་རེ་ལ་ཉམས་རེ་འོ། །ཞེས་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་གསུངས་པ་ལྟར་ཆོས་ཉིད་མངོན་སུམ་མཐོང་བའི་རྨང་གཞི་དེའི་སྟེང་ནས་ཉམས་སུ་བླངས་པས་གོམས་པའི་ཚད་ངེས་པ་ཅན་ཞིག་ལ་ཐོན་དུས། དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་ཐག་ཇེ་རིང་རྒྱ་ཇེ་ཆེར་སོང་ནས། འདི་རྒྱས་པར་བཤད་ན་དག་ཚུལ་དང་སྣང་ཚུལ་གཉིས་ཀྱི་ཐོག་ནས་བཤད་དུ་ཡོད་ཀྱང་བསྡུས་ན་ཡེ་ཤེས་ལྔའི་རང་མདོག་གི་ཁ་དོག་ཀྱང་ཇེ་བཀྲ་རུ་སོང་བ་དང་མཉམ་དུ་དབྱིབས་ཀྱང་ཡེ་ཤེས་ལྔ་དང་བསྟུན་པའི་མེ་ལོང་ལྟ་བུའི་གྱེན་འགྲེང་། མཉམ་པ་ཉིད་ཀྱི་རྩིབ་ཤར་སོགས་འདི་ནས་གསུངས་པ་ལྟར་དུ་གཅིག་ཏུ་མ་ངེས་སྣ་ཚོགས་སུ་འཆར་རྒྱུ་ཡོད་པའོ། །ད་ངེད་ཚོའི་ལུང་ལ་བརྟེན་པའི་གོ་ཡུལ་འདྲ་ལ་མ་ཡིན་པ་ཞིག་ཐོས་པ་ཚིག་གི་རྗེས་སུ་འབྲངས་ནས་བཤད་པ་ལས་མ་ཡོད་པས། རང་གི་མྱོང་བ་ངེས་པའི་རྟགས་ཚད་དང་སྦྱར་ཏེ་གསུངས་ཡོང་པ་དང་འདྲ་བ་མ་རེད། གོས་ཀྱི་རི་མོ་ལ་སོགས་པ་མ་ངེས་སྣ་ཚོགས་སུ་ཤར་བ་ཡིན། བར་ཞིག་འོད་གསལ་གྱི་སྣང་བས། རང་གང་ན་ཡོད་པའི་ལུང་པ་དང་ས་ཕྱོགས་གང་འགྲོ་བ་དེ་ལྟ་བུའི་ཉམས་སྣང་ཤར་རྒྱུ་འདུག་ཅེས་གསུངས་འདུག་ལ། དེ་ཡང་ཉིན་མཚན་མེད་པར་སྣང་བ་དང་ནི་སྣང་བ་དེ་དག་ཀྱང་ནང་རིག་པའི་ཉམས་འཕེལ་བ་དང་མཉམ་དུ་ཇེ་བཀྲ་ཇེ་ལེགས་ཇེ་བཟང་ཇེ་མང་དུ་འགྲོ་བས་ན་ཉམས་གོང་འཕེལ་གསུངས་པ་ཡིན། ཞེས་གསུངས་པ་རེད། འདི་དུས་ཐིག་ལེ་ལྔ་འབྲེལ་སོགས་སུ་སྣང་། ཆོས་ཉིད་མངོན་སུམ་སྐབས་ཀྱི་ཐིག་ལེའི་ཚད་བསྡུར་དུ་མེད་པའི་རྒྱ་ཇེ་ཆེ་མཐོང་བ་ཇེ་དག་ལ་འགྲོ་བ་ཡིན། འདི་ཚོ་དངོས་གཞིའི་ཉམས་ལེན་གཅིག་པུས་མ་ཡིན་པར་སྔོན་འགྲོའི་སྦྱོང་བ་རྣམ་པར་དག་པ་དང་བཅས་པའི་སྟོབས་ཀྱིས་ཡིན་ཚུལ་དང་ནི་འདིའི་སྐབས་སུ་ཕུང་ལྔའི་བདག་འཛིན་གྱི་ཞེན་པ་ལས་འདས་ཚུལ་སོགས་ཞིབ་པར་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལས་ཞུན་མཐར་གཅད་དགོས་པ་ཡིན་ནོ། །ཉམས་སྣང་དེ་ཚོ་ཇི་ལྟར་འཕེལ་བ་ཡིན་འདི་ནས་རིམ་བཞིན།

དེ་ཡང་བརྩོན་འགྲུས་རབ་ལ་ཞག་ལྔ་ལྔ།།

འབྲིང་ལ་བདུན་བདུན་དབང་པོ་ཐ་མ་ལ།།

ཉེར་གཅིག་ཉེར་གཅིག་འཕྲོ་ནས་གོང་མ་རྣམས།།

མི་སྣང་འོག་མའི་སྣང་བ་འཆར་བར་འགྱུར།།

ཐིག་ལེའི་ནང་དུ་ལྷ་སྐུ་ཕྲ་མོ་ཡི།།

དབུ་དང་ཕྱེད་ཞལ་རྡོར་སེམས་སྐུ་རྐྱང་རེ།།

མཐོང་དུས་ཉམས་སྣང་གོང་འཕེལ་རྫོགས་པའོ།།

ཕྱི་ཡི་འོད་གསལ་རྩལ་དེ་འཕེལ་བ་བཞིན།།

ནང་དུ་རིག་པའི་འོད་གསལ་ཏིང་འཛིན་དང་།།

སྤྱན་དང་མངོན་ཤེས་ལ་སོགས་འཆར་བར་གསུངས།།

དེ་ལྟར་ཉམས་སྣང་གོང་དུ་འཕེལ་བ་ཡིས།།

བར་དོ་མེད་པར་འཚང་རྒྱའི་དགོས་པ་ཡོད།།

ཅེས་གསུངས་ཏེ། འདིའི་མཐོང་སྣང་འཕེལ་བའི་རིམ་པ་འདི་རྣལ་འབྱོར་བའི་བརྩོན་འགྲུས་དང་ནི་དབང་པོའི་ཁྱད་པར་གྱིས་ཡིན་རྒྱུ་རེད། ཤིན་ཏུ་དབང་རྣོན་ཐོད་རྒལ་བའི་རིགས་ཟེར་བ་ཞིག་ཡོད། ལམ་གཞན་བར་ནས་བོར་ཏེ་ཐོད་རྒལ་དུ་མཆོངས་འགྲོ་བའི་རྣལ་འབྱོར་བརྩོན་པ་ཅན་དེ་འདྲ་བ་ལ། དབང་པོའི་ཁྱད་པར་གྱིས་ཤིན་ཏུ་དབང་རྣོན་ཐོད་རྒལ་བའི་རིགས་ལ་ལ་ཆོས་ཉིད་མངོན་སུམ་ནས་ཚད་ཕེབས་ལ་མཆོངས་འགྲོ་བ་དང་ཆོས་ཟད་དུ་མཆོངས་འགྲོ་བ་ཡང་ཡོད་པ་སོགས་གོང་འཕེལ་གྱི་སྣང་བ་འདི་དག་ཞག་གི་ངེས་པ་ལ་ལྷག་ཏུ་མི་ལྟོས་པར་བགྲོད་པ་མྱུར་བའི་འགྲོས་ཀྱིས་དུས་གཅིག་ལ་བཅད་འགྲོ་བ་ཡིན་པར་འདུག ཚིག་དོན་མཛོད་ཀྱི་ནང་ན་རྒྱུད་ཀྱི་དགོངས་པ་ལྟར་བརྩོན་འགྲུས་རབ་འབྲིང་ཐ་གསུམ་ཕྱེས་ཏེ་ཞག་གསུམ་བདུན་བཅུ་བཞིར་ཕྱེ་བ་དེ་འདྲའི་གསུང་སྟངས་ཤིག་ཀྱང་གཅིག་སྐྱེ་གཅིག་འགག་ཅེས་གསུངས་ཡོད། འདི་ནས་གསུངས་པ་དེ་ཉམས་མྱོང་དང་སྦྱར་ཏེ་གསུངས་པ་ཞིག་དང་འདྲ་བོ་ཡོད་རེད། སྐུ་ཤར་ཉམས་ཀྱི་སྣང་བ་རྫོགས། །ཞེས་གསུངས་ན། འདི་ལ་པད་འབྱུང་དང་བི་མའི་བཀའ་སྲོལ་གྱི་གསུང་སྟངས་མི་འདྲ་བ་གཉིས་ལྟ་བུ་ལས་། དོན་གྱི་གོ་བ་གཅིག་ཏུ་འབབ་པའི་གོ་ས་ཞིག་ཀྱང་ཡོད་པ་རེད། མདོར་ན་ཕྱིའི་སྣང་ཆ་ལྟད་མོའི་ཡུལ་མིག་འཕྲུལ་ལ་བལྟས་པ་བཞིན་རང་བཞིན་ཤར་བསྡད་པ་མ་ཡིན་པར། ནང་ཏིང་འཛིན་དག་པའི་འོད་གསལ་གྱི་སྒྲིབ་བྱེད་དག་རིམ་བཞིན་དུ། གསང་བ་སྤྱན་དང་མངོན་ཤེས་ལ་སོགས་པ་ཡང་དེ་བཞིན་དུ་འཆར་བ་ཡིན་པས་ན་སྤྲུལ་སྐུའི་སྣང་བ་ལམ་སྣང་དུ་བྱེད་པའི་ཉམས་སྣང་གོང་དུ་འཕེལ་བ་འདིའི་ཉམས་ལེན་ཚད་དུ་ཕྱིན་པ་ཡིན་ན་བར་དོ་མེད་པར་འཚང་རྒྱ་བའི་དགོས་པ་ཡོད་དོ་གསུངས། དེས་ཉམས་གོང་འཕེལ་བསྟན་པ་སོང་བའོ། །སྣང་བ་གོང་མ་གཉིས་ལ་འབད་པ་མཐར་ཕྱིན་ན་འོག་མ་གཉིས་ལ་རྩོལ་བ་ཆེར་མི་དགོས་པའི་གོ་དོན་ཡང་ཡོད་དོ། །ད་སྣང་བ་གསུམ་པ་ནི།

༣ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ།

ཨེ་མ་ཧོ།

གསུམ་པ་རིག་པ་ཚད་ཕེབས་སྣང་བ་ནི།།

ཞེས་མཚམས་སྦྱར་ཏེ་འདི་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ཚད་ཕེབས་ཀྱི་ཡོན་ཏན་དང་དེའི་ལོག་རྟོག་བསལ་བ་སྟེ་གསུམ་ལས།

དང་པོ་མདོར་བསྟན་པ།

དབྱིངས་ཀྱི་སྣང་བ་ཐམས་ཅད་རྒྱས་ཐེབས་པའི།།

ས་ཆུ་མེ་རླུང་སྣང་བ་རང་དག་སྟེ།།

འོད་གསལ་སྣང་བ་མཐའ་དབུས་མེད་པ་རུ།།

རྣམ་སྣང་ལ་སོགས་རིགས་ཀྱི་ཡབ་ལྔ་དང་།།

དབྱིངས་ཕྱུག་ལ་སོགས་རིགས་ཀྱི་ཡུམ་ལྔ་སྟེ།།

རིགས་ལྔ་ཡབ་ཡུམ་ཟུང་ལྡན་ཚོམ་བུ་ནི།།

ལྔ་ཚན་དཀྱིལ་འཁོར་ནམ་མཁའ་གང་བར་འཆར།།

དེ་ལྟར་འོད་ཟེར་རང་ལུས་འབྲེལ་བར་སྣང་།།

འདིའི་དུས་འདུག་སྟངས་ལྟ་སྟངས་ལ་སོགས་ཀྱིས།།

ཆེད་དུ་མ་བསྒོམས་ན་ཡང་འབྲལ་བ་མེད།།

མི་འགྱུར་བས་ན་མ་བསྒོམས་ན་ཡང་ཆོག།

ཅེས་གསུངས་ཏེ། གཞི་འཛིན་པའི་རིག་པ་སྙིང་དབུས་ན་བཞུགས་པའི་གཞི་གནས་ཀྱི་རིག་པ་ཡེ་ཤེས་གསུམ་ལྡན་དེ་ཉིད། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་ཤར་ཏེ། ཡུལ་སྣང་གི་རིག་པ་སྟོང་ཉིད་གང་དུའང་མ་ཕྱེས་པའི་དབྱིངས་ཀྱིས་སྣང་བ་རྒྱས་ཐེབས་ཤིང་དབྱིངས་རིག་གཉིས་མེད་དུ་གྱུར་པ་ན་འབྱུང་བཞི་རང་དག་འོད་གསལ་གྱི་སྣང་བ་མཐའ་དབུས་མུ་མེད་དུ་རིགས་རྐྱང་གི་ཚོམ་བུ་དང་རིགས་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། འདིའི་དུས་སུ་ལོངས་སྐུའི་སྣང་བ་ལ་སྤྱོད་པའི་དུས་ཡིན་པས་ཐམས་ཅད་དག་པའི་ལམ་གྱི་སྣང་བ་རྩལ་རྫོགས་ཏེ་འཕེལ་བའི་ཚད་རྫོགས་པ་བཅོ་ལྔའི་ཟླ་བ་ཉ་གང་བ་ལྟ་བུ་དེ་ལ་རིག་པ་ཚད་ཕེབས་ཞེས་གསུངས་པའོ། །འདིའི་སྣང་བ་བཞི་པོ་འདི་ལ་ལུས་ཀྱི་བཞུགས་སྟངས་དང་མིག་གིས་གཟིགས་སྟངས། རླུང་རིག་ངང་གིས་དལ་དགོས་པ་སོགས་ཀྱི་གནད་དེ་ཚོ་མཐུན་པ་ཡིན་ཡང་། གོང་ནས་ཀྱང་ཞུས་པ་ལྟར་སྣང་བ་དང་པོ་གཉིས་ལ་ཞེན་འཛིན་དང་བྲལ་བའི་བརྩོན་པ་བསྐྱེད་དེ་སྦྱངས་པ་ན། སྣང་བ་ཕྱི་མ་རིག་པ་ཚད་ཕེབས་དང་ཆོས་ཉིད་ཟད་པ་གཉིས་ལ་རྩོལ་བ་ཆེན་པོ་བསྐྱེད་མི་དགོས་པར་ངང་གིས་འབྱུང་སྟེ་འོད་གསལ་དུ་གྲོལ་བ་དེ་ལྟ་བུ་ཡིན། འདིའི་གནད་གང་ལ་ཐུག་ཅེ་ན། དབྱིངས་རིག་དབྱེར་མེད་མངོན་དུ་གྱུར་བའི་ཚད་ལ་ཐོན་པས་ཡིན། ཚད་ལ་ཕེབས་ཞེས་པའི་ཕེབས་ཀྱི་སྒྲ་འདི། དེ་ལས་འདའ་བ་མེད་པའི་གོ་དོན་ཅན་ཡང་ཡིན་པས་ན་མི་འགྱུར་ཞིང་ངང་གིས་འབྱུང་བས་མ་བསྒོམ་ན་ཡང་ཆོག་གསུངས། ཞེས་ཚད་ཕེབས་མདོར་བསྟན་ནས་

གཉིས་པ་རྒྱས་པར་བཤད་པ།

དེ་ལ་ཡང་གསུམ་ལས།

༡༽ དང་པོ་ཕྱི་སྣང་བའི་ཚད་ཕེབས།

རྒྱས་པར་བཤད་ན་ཕྱི་ཡི་སྣང་བའི་ཚད།།

ནང་གི་ལུས་ཚད་གསང་བ་རིག་པའི་ཚད།།

གསུམ་གྱི།

ཞེས་གསུངས་ནས། འདི་ལ་ནང་གསེས་ཀྱི་ཕྱི་སྣང་བའི་ཚད་ཕེབས། ནང་ལུས་ཀྱི་ཚད་ཕེབས། གསང་བ་རིག་པའི་ཚད་ཕེབས་དང་གསུམ་ལས་དང་པོ་ནི།

དང་པོ་ཕྱི་ཡི་སྣང་བའི་ཚད།།

སྣང་བ་གང་ལའང་དབང་བསྒྱུར་ནུས་པ་ཡི།།

ཤེས་པ་གང་དུ་བཅུགས་པའི་བེམ་པོ་ཉིད།།

འགུལ་བར་ནུས་ཤིང་འབྱུང་བ་བཞི་ལ་ཡང་།།

ཐོགས་རྡུགས་མེད་པར་ཟང་ཐལ་བགྲོད་པའོ།།

ཞེས་གསུངས་ཏེ། འདི་ནས་ཕྱི་སྣང་བའི་ཚད་དང་ནང་ལུས་ཀྱི་ཚད་གསུངས་པ་འདི་ཐེག་མཆོག་མཛོད་ཀྱི་དགོངས་པ་དང་གསུང་སྒྲོས་ལྟར་ཏུ་བྱས་ནས་གསུངས་པ་རེད། དོན་གྱི་ཆ་ནས་བཤད་པ་ཙམ་མ་གཏོགས་ཕྱིའི་སྣང་བ་དག་པ་རྒྱུད་ལས་ཇི་ལྟར་འབྱུང་བ་བཞིན་དུ་ཕྱི་ལུས་ཀྱི་ཚད་དང་གཅིག་པ་ཡིན། རྣལ་འབྱོར་ལུས་ཀྱི་རྡུལ་ཕྲན་དག་པ་དང་མཉམ་དུ་ཕྱིའི་སྣང་བ་ཚད་ལ་ཕེབས་ཏེ་སྣང་བ་ལ་དབང་བསྒྱུར་ནུས་ཏེ་ཞིང་ཁམས་འོད་གསལ་དུ་རྫོགས་པ་ཡིན།

༢༽ གཉིས་པ་ནང་ལུས་ཀྱི་ཚད་ཕེབས།

གཉིས་པ་ནང་ལུས་ཚད་ལ་ཕེབས་པ་ནི།།

སྣང་བ་ཐམས་ཅད་རིགས་ལྔའི་ཞིང་དུ་མཐོང་།།

རིགས་ལྔའི་ཚོམ་བུའི་ཐུགས་ཀའི་འོད་གསལ་གྱི།།

སྐར་ཁུང་ཉིད་ནས་འོད་ཟེར་བྱུང་ནས་ཀྱང་།།

རང་གི་ལུས་ནང་སྙིང་གི་ཡི་གེ་ཨའི།།

རྣམ་པ་ཅན་ལ་འོད་གདངས་ཟུག་པར་འབྲེལ།།

རང་ལ་འོད་ཟེར་ཆེན་པོའི་དབང་ནོད་ཅིང་།།

རང་ཉིད་འོད་ཀྱི་པདྨ་ཆེན་པོའི་སྟེང་།།

འོད་ལུས་ཉིད་དུ་སྣང་ཞིང་མཛོད་སྤུ་ནས།།

འོད་ཟེར་སྣ་ལྔ་འདོམ་གང་གསལ་བར་སྣང་།།

སྤྱི་བོའི་གཙུག་ན་ཡེ་ཤེས་རླུང་ཉིད་ཀྱིས།།

བཏེགས་པའི་ཐིག་ལེ་མཁར་གཞོང་ཙམ་དགུའམ།།

ལྔ་ནི་བརྩེགས་མར་སྣང་ཞིང་།

ཞེས་གསུངས་ཏེ། གང་སྣང་བ་ཐམས་ཅད་རིགས་ལྔའི་ཞིང་དུ་སྣང་བའི་རིགས་ལྔའི་རྒྱལ་བའི་ཐུགས་ཀའི་འོད་ཟེར་རང་གི་སྙིང་དབུས་ཨ་ཡིག་གི་རྣམ་པ་ཅན་ལ་ཟུག་ནས་འོད་ཟེར་ཆེན་པོའི་དབང་བསྐུར་ནོད་པ་དང་ནི་མཛོད་སྤུའི་འོད་ཟེར་གསལ་བ་དང་། སྤྱི་གཙུག་ཡེ་ཤེས་ཀྱིས་རླུང་གིས་ཐིག་ལེ་བརྩེགས་མར་སྣང་བ་དང་རང་ལུས་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་སོགས་འབྱུང་བའོ། །དེ་འཕྲོས་གོང་གི་ཚིག་གི་མཇུག ལྔ་ནི་བརྩེགས་མར་སྣང་ཞིང་ཞེས་པའི་མཚམས་ནས།

ཡེ་ཤེས་ཀྱི།།

རླུང་རྣམས་ལག་སོར་ཚུད་པས་སོར་མོ་རྣམས།།

འོད་ལྔའི་ཕྲེང་བ་འཁྲིགས་ཤིང་འོད་རྩ་རུ།།

ཡེ་ཤེས་རང་གདངས་གསལ་བའི་རང་ལུས་ཀྱི།།

བ་སྤུའི་སྒོ་སོགས་ཕྱི་ནང་རྡུལ་ཕྲན་གྱི།།

ཁྱོན་ལས་ཆུང་བ་རེ་རེའི་ནང་ན་ཡང་།།

ཞིང་ཁམས་གྲངས་མེད་སངས་རྒྱས་ཚད་མེད་དང་།།

སེམས་ཅན་གྲངས་མེད་སྣང་ཞིང་དུང་ཁང་ན།།

ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་མངོན་སུམ་སྣང་།།

དེ་ཡི་གདངས་ལས་སྲིད་ཞི་མ་ལུས་པ།།

ཁྲོ་བོའི་ཞིང་ཁམས་ཉིད་དུ་མཐོང་བའོ།།

སྙིང་ནང་ཞི་བའི་ལྷ་ཚོགས་གསལ་བའི་གདངས།།

ཕྱི་རུ་ཤར་བའི་ཐད་སོ་ཐམས་ཅད་ནི།།

ཞི་བའི་དཀྱིལ་འཁོར་ཉིད་དུ་གསལ་བའོ།།

མདོར་ན་ལུས་ཀྱི་ཆ་ཤས་ཀུན་ན་ཡང་།།

རང་བཞིན་སྤྲུལ་པ་འགྲོ་འདུལ་སྤྲུལ་པ་དང་།།

སྣ་ཚོགས་སྤྲུལ་པ་བསམ་གྱིས་མི་ཁྱབ་བོ།།

ལྷུན་གྲུབ་སྒོ་བརྒྱད་འཆར་བའི་སྣང་བ་ཀུན།།

འདིའི་དུས་ལྷག་ཆད་མེད་པར་འཆར་བར་གསུངས།།

ཞེས་གསུངས་ཏེ། འདི་དག་ཚིག་དོན་མཛོད་ཀྱི་དགོངས་པ་ལྟར་ན། ལུས་ཚད་ཕེབས། སེམས་ཚད་ཕེབས། འབྲེལ་བ་ཆོད་པའི་ཚད་ཕེབས་དང་གསུམ་དང་། ད་དུང་དེའི་སྟེང་ཟད་པའི་འབྲས་བུ་འབྱུང་བ་རང་སར་དེངས་པའི་ཚད་ཕེབས་དང་བཞི་ཡིས་གསུངས་པ་རེད། ཡིན་ནའང་དོན་གྱིས་གཅིག་ལ་འབབ་ཁི། ལུས་གདོས་བཅས་དག་པས་རྩ་རླུང་རང་དག་ཏུ་གྱུར་ནས་ལག་སོར་འོད་ལྔའི་དྲྭ་བར་འབྲེལ་ཞིང་ལུས་ཕྱི་ནང་གི་རྡུལ་ཕྲན་གྱི་ཆ་ཐམས་ཅད་འོད་དུ་དག་སྟེ་རྡུལ་ཕྲན་རེ་རེའི་ཁྱོན་ན་ཡང་ཞིང་ཁམས་གྲངས་མེད་གདུལ་བྱ་གདུལ་བྱེད་དང་བཅས་པར་སྣང་། མངོན་ཤེས་དང་རྗེས་དྲན་སོགས་ཐོབ་སྟེ་ལྷུན་གྲུབ་སྒོ་བརྒྱད་ཀྱི་དག་དང་མ་དག་གི་སྣང་བ་ཐམས་ཅད་རང་སྣང་དུ་ཤར་བ་ཡིན་གསུངས་པ་རེད། དེ་ནས།

༣༽ གསུམ་པ་གསང་བ་རིག་པའི་ཚད་ཕེབས།

གསུམ་པ་གསང་བ་རིག་པ་ཚད་ཕེབས་ནི།།

ཀུན་རྟོག་བག་ཆགས་སྒྲིབ་པ་དག་ནས་ཀྱང་།།

ཆོས་དབྱིངས་དྲི་མེད་ཉིད་དུ་རང་གསལ་བའི།།

གཞན་གྱི་སེམས་རྣམས་ཤེས་པ་ལ་སོགས་པའི།།

མངོན་ཤེས་དྲུག་ཐོབ་ཐོགས་རེག་སྒྲིབ་པ་ཡིས།།

བར་དུ་ཆོད་པའི་ཕ་རོལ་གཞན་ཡུལ་དང་།།

སངས་རྒྱས་ཞིང་ཁམས་ཚད་མེད་མཐོང་བ་དང་།།

ཆོས་རྣམས་དུས་གཅིག་ཤེས་པའི་ཤེས་རབ་དང་།།

ཏིང་ངེ་འཛིན་གྱི་སྒོ་མོ་དཔག་མེད་ལ།།

མངའ་དབང་བསྒྱུར་སོགས་ཡོན་ཏན་བརྗོད་ལས་འདས།།

ཞེས་གསུངས་ཏེ། འདིའི་དུས་སུ་ལུས་སེམས་འབྲེལ་བ་ཆོད་པའི་ཚད་ལ་ཐོན་པ་ཡིན། ཀུན་ཏུ་རྟོག་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་ནུབ། སྣང་བའི་སེམས་དང་སྟོང་བའི་སེམས་དག་སྟེ་མི་རྟོག་རང་རིག་གསལ་བའི་ཚོད་ལ་ཐོན་པས་ཤེས་རབ་དང་ཏིང་འཛིན་དཔག་མེད་ལ་མངའ་དབང་འབྱོར་བ་སོགས་ཀྱི་ཡོན་ཏན་བརྗོད་ལས་འདས་པ་ཐོབ་པ་ཡིན། འོན་ཀྱང་ཕྲ་བའི་རིག་པའི་ཆ་ལ་བག་ཉལ་གྱི་སེམས་སྐར་མདའ་འཕྲོ་བ་ཙམ་རེ་སྐད་ཅིག་འདྲ་རེར་ཤར་རྒྱུ་ཡོད་ཀྱང་དེས་ཕན་གནོད་མི་གཏུགས། འདིའི་སྐབས་སུ་འཁོར་འདས་ཀྱི་སྣང་ཆ་གཉིས་འཛིན་པའི་དུས་ཡིན་ཡང་འཁོར་བར་ཕྱིར་འཇུག་གི་ལུས་ངག་སེམས་ཀྱི་ཚོར་བ་མངོན་གྱུར་ལོག་ཟིན་པས་ཁམས་གསུམ་ལ་ལྡོག་རྒྱུ་ཡོད་པ་མིན་ནོ་གསུངས། འདི་དང་འབྲེལ་ནས་ཟད་པའི་འབྲས་བུ་འབྱུང་བ་རང་སར་རྫོགས་པའི་ཚད་ཕེབས་གསུངས་དུས། རིག་པ་ཚད་ཕེབས་ཀྱི་ཚད་ཐམས་ཅད་ཡོངས་སུ་རྫོགས་ཏེ་འབྲས་བུ་རང་དེངས་ཀྱི་ཚད་ལ་ཐོན་དུས་འབྲས་བུ་དངོས་དང་ཆ་འདྲ་བ་དཔེར་ན་ལོ་ལེགས་བསྡུས་ནས་ད་དུང་བང་མཛོད་དུ་བཅུག་མེད་ཀྱང་ཞིང་ཁར་ཡོད་པའི་སྟོན་ཁའི་ལོ་ལེགས་བསྡུ་རན་པ་ལྟ་བུ་དེ་ལ་ལོ་ལེགས་ཀྱི་སྒྲ་ཐོབ་པ་བཞིན་ནོ།།

གསུམ་པ་ཚད་ཕེབས་ཀྱི་ཡོན་ཏན་དང་དེའི་ལོག་རྟོག་བསལ་བ།

འདི་ནས་ཚད་ཕེབས་ཀྱི་ཡོན་ཏན་དང་དེའི་ལོག་རྟོག་བསལ་བ་གཉིས་བསྟན་པ་ནི།

དེ་ལྟར་ཚད་ལ་ཕེབས་པའི་ཡོན་ཏན་ནི།།

ཚེ་འདི་ཉིད་ལ་ཞིང་ཁམས་ཆོད་ནས་ཀྱང་།།

ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ་བར་འགྱུར།།

དེ་ཡང་གྲུབ་པའི་མཐའ་ནི་ཁ་ཅིག་གི།

བཤེས་གཉེན་བྱི་ལ་དང་མཚུངས་སྡེ་ཚོགས་ཀྱིས།།

རང་བཞིན་རྫོགས་པ་ཆེན་པོའི་སྣང་བཞི་ལ།།

མུ་སྟེགས་ཉི་མ་བལྟ་བའི་ལུགས་ཞེས་ནས།།

ཆོས་ལ་སྡང་བའི་རྩ་ལྟུང་ལ་སོགས་ལ།།

བག་ཚ་མེད་པར་འཇུག་པ་དེ་དག་ནི།།

ཡང་དག་ཆོས་སྤངས་དམྱལ་བ་མནར་མེད་འགྲོ།།

ཆོས་འདིའི་སྒོར་ཞུགས་སྐལ་ལྡན་བུ་རྣམས་ཀུན།།

འདི་རྣམས་ཀློང་ཆེན་མཛོད་ནས་གསུངས་པས་ན།།

ཨེ་མ་བློ་བདེ་མཛོད་ལ་ཐུགས་སྟོབས་བསྐྱེད།།

ཅེས་གསུངས་ཏེ། དེ་ལྟ་བུའི་རིག་པ་ཚད་ཕེབས་ལོངས་སྐུའི་སྣང་བའི་ཡོན་ཏན་ལ་ད་ལྟ་ནས་སྤྱོད་དུ་ཡོད་པ་འདིས་ཚེ་འདིར་ཞིང་ཁམས་ཆོད་པའམ་ཞིང་ཁམས་སྦྱངས་པ་མཐར་ཕྱིན་ནས་ད་ལྟ་ནས་ལོངས་སྐུར་གྲོལ་བའི་མཐུ་གྲུབ་པ་ཡིན། འོན་ཀྱང་འདི་ལ་གྲུབ་པའི་མཐའ་འམ་གྲུབ་མཐའི་སྡང་ཞེན་གྱིས་ལོག་པར་ཞུགས་སོང་བའི་བཤེས་གཉེན་གྱི་མྱིང་ཙམ་བཟུང་ཞིང་དོན་ཁྱིམ་པ་ཐ་ཤལ་ལས་ཀྱང་ཐུ་བའི་བྱི་ལའི་སྡེ་ཚོགས་དེ་འདྲ་བས། རང་བཞིན་རྫོགས་པ་ཆེན་པོའི་འོད་གསལ་སྣང་བཞིའི་མན་ངག་འདི་ལ། ཉི་མ་ལ་ལྷ་རུ་བཟུང་བའི་ཕྱི་རོལ་བ་ཉི་མ་ལ་བལྟ་བའི་ལུགས་རེད་ཅེས་ཆོས་ལ་སྡང་བའི་རྩ་ལྟུང་སོགས་ལ་བག་མི་ཚ་བའི་སྒོ་ནས་ཞུགས་པའི་ཆོས་སྤངས་པའི་ལས་ངན་བསགས་པའི་དམྱལ་བའི་ལམ་རྒྱུས་མཁན་དེ་ཚོ་སྙིང་རྗེའི་ཡུལ་རེད་གསུངས་པའོ། །དེས་ན་ཆོས་འདིའི་སྒོར་ཞུགས་པའི་སྐལ་ལྡན་གྱི་གདུལ་བྱ་ཐམས་ཅད་ཀྱིས་འདིའི་མན་ངག་འདི་ཚོ་ཀུན་ཏུ་བཟང་པོའི་ཐུགས་བཅུད། ཆོས་སྐུའི་བསྟན་པའི་གསང་མཛོད། མ་མཁའ་འགྲོའི་སྙིང་གི་དུམ་བུ། ཀློང་ཆེན་རྒྱལ་བ་གཉིས་པའི་གསུང་གི་མཛོད་ནས་ཕྱུང་བའམ། ཡང་ན་སྡེ་གསུམ་ཀློང་དགུའི་བཅུད་འདུས་གསང་འཛིན་དགའ་རབ་དཔའ་བོའི་གསང་མཛོད་ནས་ཕྱུང་བའི་རྒྱུད་དོན་དྲི་མ་མེད་པ་ཡིན་པས་ན་ཨེ་མ་ཞེས་ངོ་མཚར་བའི་ཚིག་གིས་རང་གི་མན་ངག་ལ་ཡིད་ཆེས་པར་བྱས་ཏེ་ཉམས་ལེན་འབྲས་བུར་བསྒྱུར་བའི་ཐུགས་སྟོབས་བསྐྱེད་མཛོད་ཅིག་གསུངས་ནས་གདམས་ངག་ཞལ་ཆེམས་སུ་གནང་བ་དང་བཅས་ཏེ་རིག་པ་ཚད་ཕེབས་བསྟན་པ་སོང་བའོ། །

༤ བཞི་བ་ཆོས་ཉིད་ཟད་པའི་སྣང་བ།

ཨེ་མ་ཧོ།

བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི།།

འཆར་ཚུལ་མདོར་བསྟན་རྒྱས་པར་བཤད་པར་བྱ།།

ཞེས་ཟད་པའི་སྣང་བ་འཆར་ཚུལ་ལ་ཟད་ཚུལ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་དང་། ཐོབ་པ་རྣམ་པ་གཉིས་ཇི་ལྟར་འབྱུང་ཚུལ་བསྟན་པ་དང་གསུམ་ཡོད་པ་ལས།

དང་པོ་ཟད་ཚུལ་མདོར་བསྟན་པ།

ཚད་ཕེབས་ཟླ་བ་ཉ་གང་ལྟ་བུ་དེ།།

རང་གདངས་ཀ་དག་དབྱིངས་སུ་ཐིམ་ཚུལ་ནི།།

ཟླ་བ་མར་འགྲིབ་བཞིན་དུ་སྐུ་ཡལ་ནས།།

ཐིག་ལེ་ལ་ཐིམ་རིམ་པར་ནང་དབྱིངས་སུ།།

ཐིམ་ནས་ཅི་ཡི་ངོ་བོར་གྲུབ་པ་མེད།།

ཆོས་ཉིད་ཟད་པ་ཞེས་བྱ་དོན་གྱི་འབྲས།།

གཞོན་ནུ་བུམ་སྐུ་དེ་དུས་བརྙེས་པའོ།།

ཞེས་གསུངས་ཏེ། འདིའི་སྔོན་གྱི་རིག་པ་ཚད་ཕེབས་འདི་ཐེག་མཆོག་མཛོད་ལྟར་ན། ཕྱི་སྣང་བ། ནང་རང་ལུས། གསང་བ་རིག་པ་ཚད་ལ་ཕེབས་པ་གསུངས་ཡོད། ཚིག་དོན་མཛོད་ལྟར་ན། ལུས་ཚད་ཕེབས། སེམས་ཚད་ཕེབས། འབྲེལ་བ་ཆོད་པའི་ཚད་ཕེབས། ཟད་པའི་འབྲས་བུ་འབྱུང་བ་རང་དྭངས་བའི་ཚད་ཕེབས་དེ་ལྟར་གསུངས་སྲོལ་ཡོད། དེ་ཉིད་ཡེ་ཤེས་བླ་མར་ཚུར་བསྡུས་ཏེ་ལུས་ཚད་ཕེབས། སེམས་ཚད་ཕེབས། རིག་པ་ཚད་ཕེབས་དང་གསུམ་དུ་ཡང་བཀྲལ་རུང་བའི་ཚུལ་གྱིས་གསུངས། དོན་ཐམས་ཅད་པོས་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་དགོངས་དོན་ལྟར་བསྟན་པའི་ཚད་ལ་ཇི་ལྟར་ཕེབས་པའི་དཔེ་ཟླ་བ་ཉ་གང་ཆ་ཤས་ཡོངས་སུ་རྫོགས་པ་ལྟ་བུ་ཞིག་ཡིན། དེ་ལྟ་བུའི་ཟླ་བ་ཉ་གང་ཆ་ཤས་ཡོངས་སུ་རྫོགས་པ་ལྟ་བུའི་ཚད་ལ་ཕེབས་པ་དེ་ཉིད། རང་གདངས་རང་དབྱིངས་ཀ་དག་ཏུ་ཐིམ་ལུགས་དེ། སྣོད་བཅུད་ཆགས་གནས་འཇིག་སྟོང་བཞིའི་དཔེ་དང་ཡང་ཆོས་མཚུངས་པར་སྐུ་ཡལ་ནས་ཆོས་ཉིད་མངོན་སུམ་གྱི་སྐབས་ལ་སོགས་པར་སྣང་བའི་ཐིག་ལེའི་བར་དུ་ཕྱིར་ཐིམ། དེ་ཡང་ནང་དབྱིངས་ལ་ཐིམ་དུས། ཅིའི་ངོ་བོར་ཡང་གྲུབ་པ་མེད་པ་ཟེར་བ་མ་གཏོགས་སོ་སོའི་སྐྱེ་བོའི་སྒྲ་ཚིག་གིས་བརྗོད་དུ་མེད་ཅིང་སོ་སོའི་སྐྱེ་བོའི་བློས་དཔྱད་དུ་མེད་པར་ཕྱིན་པ་ལ་ཆོས་ཉིད་ཟད་པ་ཞེས་པའི་ཐ་སྙད་སྦྱར་བ་ཡིན། དོན་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་པ་ཞེས་བརྗོད་དུས། ཕྱི་གསལ་གྱི་ཡེ་ཤེས་ནང་དུ་བསྡུས་པའི་ནང་གསལ་གཞོན་ནུ་བུམ་སྐུ་ཞེས་པ་དེ་བརྙེས་པའོ། །

ཚད་ཕེབས་སྐུ་དང་ཡེ་ཤེས་ཀ་དག་གི།

དབྱིངས་སུ་ཐིམ་དུས་བྲི་གང་ཡེ་མེད་དེ།།

དཔེར་ན་མར་ངོའི་གནམ་སྟོང་དུས་སུ་ཡང་།།

ཟླ་བའི་སྣང་བ་བྲི་བར་སྣང་ན་ཡང་།།

དང་པོ་ལས་ནི་ཆེ་དང་ཆུང་ངུ་རུ།།

སོང་བ་མེད་ལྟར་རིག་པའི་སྣང་ཆ་རྣམས།།

ཡར་ལ་འཕེལ་དུས་ཆེ་རུ་མ་སོང་ཞིང་།།

མར་ལ་ཟད་དུས་ཆུང་ངུར་མ་སོང་ངོ་།།

རང་གདངས་གཞི་ལ་རང་ཐིམ་ལ་སོང་ཞིང་།།

ཤེལ་འོད་ནང་དུ་ནུབ་པ་ཇི་བཞིན་དུ།།

གང་བ་མེད་ཅིང་བྲི་བ་མེད་པའོ།།

དེ་ཡང་ཕྱིར་སྣང་ནང་དབྱིངས་ལ་ཐིམ་ནས།།

ཆོས་ཉིད་གང་དུའང་བསམ་བརྗོད་མེད་པ་ལ།།

གནས་དུས་ཆོས་ཟད་བརྡ་རུ་བཏགས་པ་སྟེ།།

སྣང་བ་མེད་པ་ཉིད་ལ་བལྟས་ནས་ཀྱང་།།

ཟད་དང་སྟོང་ཞེས་ཐ་སྙད་བཏགས་པ་ཡིན།།

ཞེས་གསུངས་ཏེ། ལར་མ་གཞི་བཤད་སྟངས་གཅིག་བྱེད་ན། ཚད་ཕེབས་ཀྱི་ཚད་མཐར་ཐུག་ཆོས་ཟད་གདོད་མའི་ནང་དབྱིངས་སུ་གཤེགས་དུས་རེད་ཅེས་པ་དང་། ཆོས་ཟད་ཀྱི་ཟད་པ་དེ་ཚད་ཕེབས་ནས་ཟད་པ་ཡིན་ཞེས་འཆད་ན་ཆོག་རྒྱུ་ཞིག་རེད། ཅིའི་ཕྱིར་ན་ཚད་ཕེབས་ཚད་ལ་ཕེབས་ཏེ་བཅོ་ལྔའི་ཟླ་བ་ཉ་གང་འདྲ་བའི་ཐོག་ཏུ་འདུག་འདུག་པ་ཞིག་ཡིན་ན་ཆོས་སྐུའི་དབྱིངས་སུ་ཆོས་ཟད་ཀྱི་སྣང་བ་མ་རྫོགས་པ་རེད། ཚད་ལ་ཕེབས་རྒྱུ་དེ་ཟད་པའི་སྟོད་ཆ་འདྲ་བོ་ཡིན། ཚད་ཕེབས་ཀྱི་སྐབས་ནས་ཕྱི་ཡུལ་ནང་ལུས་ཀྱི་གདོས་བཅས་ཟད་ནས་གཞི་ནས་ཚད་ལ་ཕེབས་པ་ཡིན་ན། འདི་ནས་ཀུན་གཞིའི་རྣམ་པར་ཤེས་པས་བསྡུས་པའི་སེམས་ཀྱི་ཆོས་རྣམས་ཀྱང་ཟད་དེ། སྒོ་གསུམ་གྱི་ཆོས་ཉིད་དུ་ཡོད་པའི་ཀུན་གཞིའི་ཆ་འཁོར་རྩ་མ་རིག་པ་དེ་དྲུངས་འབྱིན་ཟད་པར་སྦྱོང་བ་དང་ཆབས་གཅིག་ཏུ། འཁྲུལ་བའི་ཆོས་ལ་ལྟོས་འོང་ན། སྣང་བའི་འོད་གསལ་སྐྱེ་འཇིག་མེད་པ་དེ་ཆོས་ཉིད་དོན་དམ་དུ་གནས་པ་ཡིན་མོད་ཀྱང་། དེའི་སྐབས་སུ་ཆོས་ཉིད་གཉིས་ཀ་ཟད་པར་སྦྱོང་བས་ན་བཤད་ཚུལ་འདི་ལྟར་ན་ཆོས་ཉིད་ཀྱང་ཟད་པས་ཆོས་ཉིད་ཟད་པ་ཞེས་གསུངས་ན་ཆོག་གོ །

ཟད་ལུགས་རིམ་གྱིས་ཅིག་ཅར་གཉིས་ཡོད་པའི།།

རིམ་གྱིས་པ་ནི་སྣང་བ་བཞི་པོ་ཡང་།།

ཚད་དུ་ཕྱིན་པའི་དུས་སུ་ཟད་པའོ།།

ཅིག་ཅར་བ་ནི་ཆོས་ཉིད་མངོན་སུམ་གྱི།།

སྣང་བ་མཐོང་ནས་གོམས་པར་བྱས་པ་ཡིས།།

ཉམས་སྣང་གོང་འཕེལ་སྣང་བ་མ་སྐྱེས་པར།།

ཟད་པ་ཡོད་དེ་སྔོན་གྱི་ལས་འཕྲོ་ཅན།།

རེ་རེ་མ་གཏོགས་སྲིད་པ་ཙམ་ཡིན་ནོ།།

སྣང་བ་ཞེས་པ་དེ་སྔར་ལྷུན་གྲུབ་ཀྱི།།

སྣང་ཆ་ཐམས་ཅད་ནང་དུ་ཐིམ་དུས་སུ།།

ཀ་དག་སྤྲིན་མེད་ནམ་མཁའ་ལྟ་བུའི་ངང་།།

དར་གཅིག་གནས་པ་དེ་ལ་སྣང་བ་ཟེར།།

དངོས་པོ་མཚན་མ་ཁ་དོག་ལ་སོགས་ཀྱི།།

སྣང་བའི་སྣང་བ་ལྟ་བུ་མ་ཡིན་ནོ།།

ཞེས་གསུངས་ཏེ། དེ་ཡང་བློ་མཆོག་ཅིག་ཅར་བ་སྣང་བཞིའི་རིམ་པ་བརྒྱུད་མི་དགོས་པར་ཆོས་ཟད་གདོད་མའི་ནང་དབྱིངས་སུ་གཤེགས་འགྲོ་བ་ཡང་ཡོད་སྲིད་ཚུལ་བཤད་པ་སྔར་ལྟར་དུ་རེད། ད་དུང་དེའི་དོན་འདི་ནས་གསུངས་པ་འདི་འདྲ་ཞིག་རེད། དེས་ན་ལྷུན་གྲུབ་ཀྱི་སྣང་ཆ་ཡང་གཞི་ཐིམ་དུ་སོང་སྟེ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུར་ངང་གིས་དག་པ་ལ་དར་གཅིག་གནས་པ་ཡིན་པས་ན་སྣང་བ་ཞེས་བཏགས་པ་རེད། འདིའི་སྣང་བ་དངོས་པོ་དང་མཚན་མར་སྣང་བའི་སྣང་བ་མ་ཡིན་པ་དེའི་ཕྱིར་ན་ཟླ་བ་ཡར་འཕེལ་དང་མར་འགྲིབ་ལ་དོན་གྱིས་ཆེ་ཆུང་མི་འགྲོ་བ་བཞིན་དུ། ཤེལ་འོད་རང་ཐིམ་གྱི་དཔེས་མཚོན་པའི་རང་གདངས་རང་ཐིམ་དུ་སོང་བ་ལ་བྲི་གང་ཡོད་པ་མིན། ཆོས་ཉིད་གང་དུའང་བསམ་བརྗོད་མེད་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལ་མེད་པའི་ཐ་སྙད་ཟད་དང་སྟོང་པས་མཚོན་པར་བྱས་པ་ཡིན་ཡང་དོན་ལ་ཡོད་མེད་རྟག་ཆད་སོགས་ཀྱི་མཐའ་ལས་འདས་པའི་དོན་ཡིན་ནོ།། དེ་ཡན་གྱིས་ཆོས་ཟད་ཀྱི་སྣང་བ་མདོར་བསྟན་པ་སོང་ནས་རྒྱས་བཤད་ནི།

གཉིས་པ་རང་བཞིན་རྒྱས་པར་བཤད་པ།

གཉིས་པ་རང་བཞིན་རྒྱས་པར་བཤད་པ་ནི།།

ཞེས་མཚམས་སྦྱར་ནས།

དེ་ཡང་ཕྱི་ཡི་ཉམས་སྣང་འཕེལ་རྣམས་ཟད།།

ནང་གི་སྒྱུ་ལུས་ཆོས་ཟད་གསང་བ་ཡི།།

རྟོག་ཚོགས་སེམས་ཟད་འཁྲུལ་པའི་སྣང་བ་དག།

འཁོར་འདས་འདུ་ཤེས་བྲལ་ཞིང་དྲན་བསམས་ཀྱང་།།

རྗེས་མེད་སོང་ནས་འགྲོ་འདུག་འདུ་ཤེས་མེད།།

ཕྱི་ཡི་འབྱུང་བཞི་ཉི་ཟླའི་སྣང་བ་སོགས།།

རང་ཡུལ་རྗེས་མེད་སོང་ནས་འདི་ཡིན་ནོ།།

ཞེས་པའི་ཆོས་ཀྱི་མིང་ཙམ་མི་དམིགས་སོ།།

ཆོས་ཉིད་ཟད་པའི་སྣང་བ་ཞེས་ཀྱང་བྱ།།

གཟུགས་སྣང་མྱ་ངན་འདས་པ་ཞེས་བྱའོ།།

ཞེས་གསུངས་ཏེ། ཆོས་ཟད་ཀྱི་ཟད་པའི་རང་བཞིན་དེ་ཇི་ལྟར་ཡིན་ན། ཕྱིའི་ཉམས་སྣང་ཡར་འཕེལ་བའི་འོད་ལྔའི་སྣང་བ་སྐུ་དང་བཅས་པ་ཟད། ནང་འབྱུང་བཞི་ཚོགས་པའི་སྒྱུ་ལུས་གདོས་བཅས་ཀྱི་ཕུང་པོ་རྟོག་ཚོགས་སེམས་དང་སེམས་བྱུང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་ཚོགས་ཐམས་ཅད་ཟད། དེ་ཟད་པས་འཁོར་བའི་འཁྲུལ་སྣང་དག དག་པ་ཆོས་ཉིད་ཀྱི་ཉམས་སྣང་གི་ཡུལ་ཡང་ཟད་དེ་ཀ་དག་གི་ངང་ལ་གནས་པ་དེ་ལ་སྒྲ་ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་བ་ལས་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་གསུངས་སོ། །འཁོར་བའི་སྒོ་གསུམ་ཚོགས་པའི་ཆོས་ཉོན་མོངས་དང་བཅས་པ། དེ་སྦྱོང་བྱེད་འོད་གསལ་བསྒོམ་པའི་ཆ་ལམ་དང་བཅས་པ། བློ་ཡིད་དཔྱོད་ཅན་གྱི་སྒོམ་པ་ཡུལ་སྣང་དང་བཅས་པ་རང་ལོག་ཏུ་གྱུར་ཏེ། དེ་དུས་མི་དམིགས་པར་གྱུར་སོང་བ་རེད། འདི་ལ་མཚན་ཉིད་ཅིག་འཇོག་ན། སེངྒེ་རྩལ་རྫོགས་ལས། འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་ནོ། །ཞེས་གསུངས་སོ། །ནམ་མཁའ་ཡང་ཕྱོགས་ཙམ་མཚོན་པའི་དཔེར་བཞག་པ་ལས་ནམ་མཁས་ཐམས་ཅད་ནས་ཐམས་ཅད་མཚོན་པ་མིན། ཐམས་ཅད་ནས་ཐམས་ཅད་མཚོན་པའི་དཔེ་ཞིག་བཞག་དགོས་ན། དོན་ཆོས་ཟད་རང་ཉིད་བཞིན་ནོ་ཞེས་པ་ལས་འོས་མེད། འདི་ལ་ཆོས་ཟད་ཅེས་བརྗོད་ན་ཆོག་ལ་གཟུགས་སྣང་མྱ་ངན་ལས་འདས་པ་བརྗོད་ནའང་དོན་གྱི་ཆ་ཤས་མཚོན་ཐུབ་པོ་ཞེས་གསུངས་ཡོད། ད་རུང་ཞིབ་པར་བཤད་ན་ཆོས་ཉིད་འདི་ལ་སྣང་བའི་ཆོས་ཉིད་དང་། སྟོང་པའི་ཆོས་ཉིད་གཉིས་སུ་ཕྱེས་ཆོག སྣང་བའི་ཆོས་ཉིད་ཟད་དེ་ཕྱི་ནང་གི་གདོས་བཅས་ཟད། དེ་ཟད་པའི་སྟོབས་ཀྱིས་རྩ་དང་རླུང་ཟད། དེ་ཟད་པས་སེམས་ལ་བརྟེན་པའི་བག་ཆགས། བག་ཉལ་གྱི་དྲི་མ་ཕྲ་མོ་ལྡང་རུང་གི་ཆ་དང་བཅས་པ་ཐམས་ཅད་ཀྱང་ཟད་དེ། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པས་མི་ཚད་ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བར་གྱུར་པ་དེ་ལྟར་ཡིན་ནོ། །

འདི་དུས་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས།།

རྟག་ཏུ་ཆོས་ཉིད་ངང་ལས་མི་འདའ་ཞིང་།།

སྤྱན་དང་མངོན་ཤེས་ཆེན་པོར་དབང་བསྒྱུར་ནས།།

ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ།།

དེ་དུས་མངའ་དབང་བསྒྱུར་བ་ཞེས་ཀྱང་བྱ།།

ཀུན་གཞི་ཤེས་བྱའི་སྒྲིབ་པ་ཕྲ་མོ་ནི།།

དར་དཀར་ཡོལ་བ་ཙམ་གྱིས་བར་ཆོད་པ།།

མ་གཏོགས་སྒྲིབ་པ་མེད་པའི་ལམ་དུས་ཀྱི།།

ཆོས་ཉིད་ཟད་པའི་འབྲས་བུ་ཞེས་ཀྱང་བྱ།།

འདི་དུས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི།།

མཐུ་ཡིས་ཤེས་སྒྲིབ་ཕྲ་མོ་བསལ་བའི་ཚེ།།

སྒྲིབ་པ་མཐའ་དག་བྲལ་ནས་ནང་དབྱིངས་སུ།།

ཀ་དག་ཆོས་སྐུའི་ས་ལ་འཚང་རྒྱའོ།།

ཞེས་གསུངས་ཏེ། འདིའི་དུས་སུ་སྤྱན་དང་མངོན་ཤེས་ཁྱད་པར་ཅན་ལ་དབང་ཐོབ་པའམ་དབང་འབྱོར་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ལ་དབང་བསྒྱུར་བ་ཡིན། ཡིན་ནའང་ད་དུང་ཤེས་སྒྲིབ་ཕྲ་མོ་ཀུན་གཞིའི་ཆ་ཞིག་དཔེར་བཞག་ན་དར་དཀར་གྱི་ཡོལ་བ་འདྲ་བ་ཞིག་ཡོད་པས་འདི་ལ་ལམ་གྱི་ཆོས་ཟད་ཀྱི་འབྲས་བུ་ཟེར་རོ། །དེ་ཡང་བསལ་བས་སངས་རྒྱས་ཀྱི་ས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ནང་དབྱིངས་ཀ་དག་གི་ཆོས་སྐུར་འཇུག་པ་རབ་ཏུ་ཞི་བ། དེ་ལ་འབྲས་བུའི་ཆོས་ཉིད་རང་སྣང་བ་ཞེས་སྟོང་པའི་ཆོས་ཉིད་ལ་བརྩི། རྩ་རླུང་རགས་པ་སེམས་སེམས་བྱུང་དང་བཅས་པ་ཟད་པས་མི་ཚད་སྐུ་དང་ཡེ་ཤེས་ཀྱི་སྣང་ཆ་ཚད་དུ་རྫོགས་པའང་དབྱིངས་སུ་ནུབ་སྟེ་ཀ་དག་གི་སྣང་བ་ལ་གནས་པ་ཡིན་པས་འདི་ལ་ཆོས་སྐུའི་སྣང་བ་ཞེས་པའི་ཐ་སྙད་ཅིག་བཏགས་ཆོག་པ་ཡིན་ནོ། །

ཀ་དག་ཉིད་ལ་སྐུ་དང་ཡེ་ཤེས་ཉིད།།

མེད་པར་འདོད་པའི་སྔར་དུས་རྫོགས་ཆེན་པ།།

ཁ་ཅིག་བྱུང་བ་ནོར་ས་ཆེན་པོ་སྟེ།།

ཕྱིར་སྣང་གདངས་ཀྱི་སྐུ་དང་ཡེ་ཤེས་ཉིད།།

ཤེལ་འོད་ནང་དུ་ལོག་པ་ལྟ་བུའི་ཆར།།

དེ་སྐད་གསུངས་པའི་དགོངས་པ་མ་ལོན་ངེས།།

མེད་ན་འགལ་བ་དུ་མ་འབྱུང་བའི་ཕྱིར།།

ཉེས་ཆ་དེ་འདྲ་ཁས་བླངས་མི་འོས་སོ།།

ཞེས་གསུངས་ཏེ། འདི་ཐལ་འགྱུར་རྩ་བའི་རྒྱུད་ལས། ཀ་ནས་དག་པའི་རང་བཞིན་ལ། །གཅིག་དང་དུ་མའི་གྲངས་ཟད་དེ། །ཞེས་དང་། དེའི་འཕྲོར། སྐུ་དང་ཡེ་ཤེས་མེད་པ་དང་། །ཆོས་རྣམས་ཟད་པའི་སར་ཕྱིན་པ། །འབྲས་བུའི་ཆོས་ཉིད་ཡིན་པར་འདོད། །ཅེས་གསུངས་པའི་ཚིག་ཕྱི་མ་གསུམ་ལ་གོ་ནོར་དུ་སོང་སྟེ། འབྲས་བུའི་ཀ་དག་གི་ས་ལ་ཐོན་དུས་ཅི་ཡང་མེད་པ་སྐུ་དང་ཡེ་ཤེས་ཀྱང་མེད་པ་དེ་འདྲ་ཞིག་ལ་གོ་བ་ལེན་མྱོང་བ་བྱུང་མྱོང་མོད་ཀྱང་། དེ་ནི་གོ་ནོར་ཁོ་ན་སྟེ། ཇི་ལྟར་ཡིན་ན་འདིའི་སྐབས་སུ་ཀ་དག་གི་ནང་དབྱིངས་གཅིག་དང་དུ་མ་ལས་འདས། ཡོད་དང་མེད་པའི་ཕྱོགས་འཛིན་ཞིག་སོང་བའི་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཡིན་པ་དེ་ལ་མེད་དང་ཟད་པའི་ཐ་སྙད་སྒྲས་བརྗོད་བརྡ་ཡིས་མཚོན་པའི་ཚིག་ཅིག་དོན་གྱི་ཚབ་བྱེད་དུ་གསུངས་པ་རེད་མ་གཏོགས། ནང་དབྱིངས་ཀ་ནས་དག་པའི་ལྷུན་གྲུབ་འདུས་མ་བྱས་པའི་ཆོས། དབྱིངས་དང་ཡེ་ཤེས་གཉིས་མེད་ཙམ་དུའང་མེད་པའི་ཆད་མཐའ་ཁས་བླང་ན། ཕྱིས་མེད་གཏན་བརླག་ཏུ་འགྲོ་བས་ན་འདུས་མ་བྱས་ཆེན་པོ་ཡིན་པ་དང་འགལ་བ་དང་ནི། ནང་དབྱིངས་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ལས་སེམས་ཅན་གྱི་དོན་འབད་མེད་དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར་འབྱུང་བ་དང་། གཞི་དབྱིངས་དག་པ་མཐར་ཕྱིན་པའི་ཐོག་མའི་ཀུན་བཟང་། སེམས་ཅན་དང་སངས་རྒྱས་ལ་ལམ་སྟོན་པའི་ཐུགས་རྗེ་དང་མཛད་པ་ཕྲིན་ལས་ཀྱི་ཆ་ཐམས་ཅད་དང་འགལ་བའི་སྐྱོན་ཡོད་པས་གོ་ནོར་དེ་འདྲ་བ་མི་འགྱུར་བར་གཟོབ་ཅིག་ཅེས་གསུངས་པའོ། །ཀུན་མཁྱེན་ཆོས་རྗེས་ཀྱང་དེ་བཞིན་དུ་གསུངས་ཡོད།

གསུམ་པ་ཐོབ་པ་རྣམ་པ་གཉིས་ཇི་ལྟར་འབྱུང་ཚུལ་བསྟན་པ།

འདི་ནས་ཚད་ཕེབས་ཡོལ་ནས་ཆོས་ཟད་ལ་ཉེ་བའི་སྐབས་སུ་སྐྱེ་འཇུག་གཉིས་ལ་དབང་ཐོབ་པའི་ཐོབ་པ་རྣམ་པ་གཉིས་ཇི་ལྟར་འབྱུང་ཚུལ་དེ་བསྟན་བཤད་གཉིས་ཀྱི་སྒོ་ནས་གསུངས་ཡོད་པ་ལས།

༼ཀ དང་པོ་མདོར་བསྟན་པ།

དེ་ལྟར་ཟད་དུས་ཐོབ་པ་གཉིས་འབྱུང་སྟེ།།

སྐྱེ་འཇུག་གཉིས་ལ་དབང་ཐོབ་སྐད་ཅིག་ལ།།

འཚང་རྒྱར་འདོད་ན་འཚང་ནི་རྒྱར་ཡོད་ལ།།

འགྲོ་དོན་འཁོར་བ་མ་སྟོངས་བར་དུ་ནི།།

མཛད་པར་འདོད་ཀྱང་རང་དབང་ཐོབ་པའོ།།

ཞེས་གསུངས་ཏེ། དེའི་དུས་སུ་སྐྱེ་འཇུག་གཉིས་ལ་དབང་ཐོབ་པ་ཡིན་པས་སྐུ་ལུས་དེ་ཉིད་མི་སྣང་བར་གདོད་མའི་ནང་དབྱིངས་ལ་འཇུག་པས་འཚང་རྒྱ་བ་དང་། སྐུ་དེ་ཉིད་ཀྱིས་འགྲོ་དོན་འཁོར་བ་མ་སྟོང་གི་བར་མཛད་པ་ལ་རང་དབང་ཐོབ་པའི་དུས་རེད་ཅེས་པའོ།།

༼ཁ གཉིས་པ་རྒྱས་པར་བཤད་པ།

དེ་ནས་རྒྱས་བཤད་པ་ལ་གཉིས་ལས།

༼༡ དང་པོ་སྐྱེ་བ་ལ་དབང་ཐོབ་པའི་ཚུལ།

སྐྱེ་བར་དབང་ཐོབ་འཕོ་བ་ཆེན་པོའི་སྐུར།།

བཞེངས་ཏེ་འགྲོ་དོན་དཔག་མེད་མཛད་པ་ཡིན།།

འཕོ་བ་ཆེན་པོའི་སྐུ་ཡི་བཞེངས་ལུགས་ནི།།

སྣང་བ་ཐམས་ཅད་རིམ་གྱིས་ཟད་པའི་ཚེ།།

ལག་པའི་སོར་མོ་ལྔ་པོ་འོད་དཀྱིལ་ན།།

བཀྲམ་བཀྲམ་སྣང་བར་ཤེས་པ་གཏད་པའི་ཚེ།།

སྣང་བ་དེ་ལས་ཚུར་ལོག་སྣོད་བཅུད་ཀྱི།།

རྟེན་དང་བརྟེན་པ་ཆུ་ཟླ་ལྟ་བུར་མཐོང་།།

རང་ལུས་མེ་ལོང་ནང་གི་གཟུགས་བརྙན་ལྟར།།

ཡེ་ཤེས་སྒྱུ་མའི་སྐུ་རུ་རང་སྣང་ཞིང་།།

ཕྱི་ནང་ཟང་ཐལ་འབྱུང་བཞིས་གནོད་པ་དང་།།

བྲལ་ཞིང་རྡོ་རྗེ་ལྟ་བུའི་སྐུ་ཐོབ་བོ།།

ཞེས་གསུངས་ཏེ། འདིའི་གོ་བ་ལེན་ཕྱོགས་ཀྱི་འཕོ་ཆེན་གྱི་སྐུར་བཞེངས་པ་ལ་སྐྱེ་བ་ལ་དབང་ཐོབ་པ་མ་གཏོགས་འཇུག་པ་ལ་དབང་མ་ཐོབ་པ་མ་རེད། སྐྱེ་འཇུག་གཉིས་ཀ་ལ་དབང་ཐོབ་པ་འདྲ་བ་ཡིན་པ་ལ་ཐུགས་བསྐྱེད་དང་དགོས་པའི་དབང་གིས་སྐུ་དེས་འགྲོ་དོན་མཛད་པར་དགོངས་ན་འཕོ་ཆེན་གྱི་སྐུར་བཞེངས་པ་ཡིན། འཕོ་གང་ལ་འཕོས་ཏེ་ཆེན་པོའི་སྐུར་ཇི་ལྟར་གྱུར་ཞེ་ན། འབྱུང་བཞི་འདུས་པའི་གདོས་བཅས་རྡུལ་ཕྲན་འོད་དུ་དག་པ་དེ་ཉིད་ཡེ་ཤེས་སྒྱུ་མའི་སྐུ་རུ་འཕོས་པའི་འཕོ་བ་ཆེན་པོ། ཅིའི་ཕྱིར་ཆེ་ན། སྐྱེ་འཆིའི་འཇིགས་པ་དང་བྲལ། འབྱུང་བཞིས་གནོད་པས་མི་ཚུགས་པའི་རྡོ་རྗེའི་སྐུ་ཡིན་པས་ཆེན་པོའོ། །དེ་ཡང་ལག་སོར་གྱི་འོད་ལ་ཤེས་པ་གཏད་དུས་དེ་ཡིས་འཇུག་ལྡོག་བྱེད་པའི་ས་མཚམས་གོང་དུ་སྨོས་པ་ལྟར། ཚད་ཕེབས་ཟད་པར་འཇུག་པའི་མཚམས་ནས་ཡིན་ལ། སྐྱེ་འཇུག་དངོས་ཟད་པའི་རྗེས་ཐོག་དེ་མ་ཐག་ཏུ་ཡིན་གསུངས་པའོ། །དེ་ལྟར་སྐྱེ་བ་ལ་དབང་ཐོབ་པས་རྡོ་རྗེའི་སྐུ་བརྙེས་པའི་ཚད་དང་མཚན་གཞི་ནི།

ལུས་དེ་རང་གིས་ཕྱི་ནང་ཟང་ཐལ་མཐོང་།།

གཞན་གྱིས་མིག་མ་དག་པས་སྔར་དུས་ཀྱི།།

ལུས་ཙམ་མ་གཏོགས་ཟང་ཐལ་དུ་མི་མཐོང་།།

དཔེར་ན་སློབ་དཔོན་པད་འབྱུང་སྐུ་ཉིད་ལ།།

མུ་ཁྲི་བཙན་པོའི་ཕྱག་གིས་རེག་པའི་ཚེ།།

སྟན་ལ་ཐུག་པའི་ལོ་རྒྱུས་ཇི་བཞིན་ནོ།།

ཞེས་གསུངས་ཏེ། འཕོ་ཆེན་གྱི་སྐུར་གྱུར་དུས། རང་ལུས་འོད་ཀྱི་རང་བཞིན་ཡེ་ཤེས་ཀྱི་ལུས་ཕྱི་ནང་སྒྲིབ་གཡོགས་དང་བྲལ་བའི་ཟང་ཐལ་དུ་རང་གིས་མཐོང་ལ། གཞན་དག་པའི་ལྷ་མིག་ཅན་གྱིས་ཀྱང་དག་པར་མཐོང་བ་དང་། མ་དག་པའི་མིག་སྔར་སྔོན་གྱི་ལུས་དེ་ལས་དག་པ་དངོས་སུ་མི་མཐོང་བ་ཡིན། དཔེར་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་ལ་ལྷ་སྲས་མུ་ཁྲི་བཙན་པོས་བསྙབས་དུས། སྐུ་ལུས་ཟང་ཐལ་འཇའ་གཟུགས་སུ་གྲུབ་ཡོད་པས་ལྷ་སྲས་ལག་པ་བཞུགས་གདན་ལ་ཐུག་པའི་ལོ་རྒྱུས་བཞིན་ཡིན་ནོ་གསུངས། དེ་ཡང་ལྷ་སྲས་ལས་དག་པས་ཟང་ཐལ་ཡིན་པར་ཚོར་དུ་བཏུབ་པའི་རྫུ་འཕྲུལ་དང་གྲུབ་རྟགས་མཇལ་བ་ཡིན་པ་མ་གཏོགས། ལས་མ་དག་པའི་སྣང་བར་དེ་ཡང་མཇལ་རྒྱུ་མ་རེད་སྙམ། སྔོན་མ་དུས་རབས་སྔོན་མའི་དུས་སྐེད་ཀྱི་དུས་ངན་ཚེས་དུས། བླ་མ་སྐྱེས་ཆེན་དམ་པ་ཚོར་འཐབ་རྩོད་ཟེར་བ་ཞིག་བརྒྱབ་སྟེ་འོ་བརྒྱལ་གཏད་དེ། ཁྱོད་ལ་འཕུར་རྒྱུ་ཡོད་ན་ནམ་མཁར་ད་འཕུར་སོགས་ཟེར་དུས། ཐམས་ཅད་འཕུར་རྒྱུ་མེད་པའི་རྫུ་འཕྲུལ་གྲུབ་རྟགས་མེད་ནི་རྐྱང་རྐྱང་ཅི་ལ་ཡིན་མོད་ཀྱང་། ལས་མ་དག་པ་ཞིག་གིས་འཕུར་ཡང་མཇལ་མི་ཐུབ་པ་དང་ནི། ངོ་མ་བཤད་ན་ལས་ཀྱི་ལྷག་མ་སྦྱང་བའི་ཚུལ་ཙམ་མམ། ཡང་ན་ལས་ངན་སྨོན་ལོག་གི་མཐུ་བདོ་བའི་སྐྱེས་བོ་མ་རུངས་པ་དེ་དག་གི་ལས་དབང་རྫོགས་ཆེད་དང་ནི། ངན་འབྲེལ་འཁོར་བ་མཐའ་ཅན་ལ་དགོངས་ཏེ་འཐབ་རྩོད་ཀྱི་འོ་བརྒྱལ་དེ་རིགས་དང་དུ་བཞེས་ཀྱིན་ཡོད་ནའང་ཆོག་ལ། ཡང་གཅིག་བྱས་ན་ཐུགས་འོད་གསལ་ཆོས་དབྱིངས་ཀྱི་ཀློང་དུ་ཐིམ་སྟེ་སྔར་ཞིག་ནས་གདོད་མའི་མགོན་པོའི་ཐུགས་ཀློང་ངམ། ཡང་ན་བདེ་བ་ཅན་གྱི་ཞིང་དང་ནི། ཟངས་མདོག་དཔལ་རིར་གུ་རུའི་ཐུགས་ཀློང་། དེ་མིན་ན་དགའ་ལྡན་ཡིད་དགའ་ཆོས་འཛིན་ན་རྒྱལ་ཚབ་མ་ཕམ་མགོན་གྱི་མདུན་དྲུང་རྗེ་རིན་པོ་ཆེ་བཞུགས་ཡོད་ས་ལྟ་བུར། དགོངས་པ་གཏད་ཚར་ནས་སྐུ་ལུས་ཀྱི་སྙིགས་མ་ཙམ་ཞིག་ལས་ལུས་ཨེ་ཡོད་ཅི་ཤེས། རྫོགས་ཆེན་སྙིང་ཐིག་གི་བླ་མ་བརྒྱུད་པ་རིག་འཛིན་དགའ་རབ་རྡོ་རྗེ་ནས་པད་འབྱུང་དང་བི་མ་ལྕེ་བཙུན་སེངྒེ་དབང་ཕྱུག་ཡན་ཆད་ལ་འོད་ལུས་འཕོ་ཆེན་གྱི་སྐུར་བཞེངས་པ་ཤ་སྟག་བྱོན་པ་རེད། དེའི་རྒྱུ་མཚན་སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་སོང་བས་སྐད་ཅིག་དེ་ཉིད་ལ་ཀ་དག་གི་ནང་དབྱིངས་སུ་ཞུགས་ནས་ལྷག་མེད་དུ་སངས་རྒྱ་ནའང་རྒྱ་ཆོག་ཆོག་དང་ནི། སྐུ་དེས་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་མཛད་ནའང་མཛད་ཆོག་ཆོག་དེ་ལྟ་བུ་ཡིན་ནོ། །

གཞན་ཡང་སྤྲུལ་པ་བསམ་གྱིས་མི་ཁྱབ་པ།།

དངོས་སུ་བཀྱེ་ནས་རིགས་དྲུག་སོ་སོ་རུ།།

འགྲོ་དོན་དཔག་དུ་མེད་པ་མཛད་པ་དང་།།

གཞན་ཡང་གང་ལ་གང་འདོད་སྤྲུལ་ནས་ཀྱང་།།

འགྲོ་དོན་ལྷུན་གྲུབ་དཔག་མེད་བྱེད་པ་དང་།།

དེའི་ཚེ་བེམ་པོར་རིག་པ་བཅུག་ན་ཡང་།།

འགུལ་དང་སྒྲ་སྐད་འབྱིན་ཅིང་པདྨ་དང་།།

དཔག་བསམ་ཤིང་དང་ནོར་བུ་ལ་སོགས་པར།།

རིག་པ་བཅུག་པས་ཆོས་ཀྱི་སྒྲ་བྱུང་ནས།།

སེམས་ཅན་ཐམས་ཅད་སྨིན་པར་མཛད་པ་དང་།།

ཟས་གོས་ལ་སོགས་འདོད་དགུའི་ཆར་བབས་ནས།།

སེམས་ཅན་བདེ་སྐྱིད་དཔལ་ལ་འགོད་པའོ།།

ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་སྐྱེ་ཤི་གཉིས་ཀྱི་ཁར་བརྒྱུད་པ་ཤ་སྟག་ཡིན་པ་རེད། འདི་ནས་སྐྱེ་བ་ལ་དབང་ཐོབ་པས་སྐྱེ་འཆི་རྒུད་པ་དང་བྲལ་བའི་སྐྱེ་མེད་གཉུག་མའི་རྒྱལ་ས་འཆི་མེད་རྟག་པ་དམ་པའི་མི་འགྱུར་རྡོ་རྗེའི་གཉུག་མ་ཡེ་ཤེས་ཀྱི་སྲོག་ལ་དབང་ཐོབ་པས་འཕོ་ཆེན་སྒྱུ་མ་ཆུ་ཟླ་ལྟ་བུའི་སྐུ་དེས་འགྲོ་དོན་མཛད་པ་དང་ནི། གཞན་ཡང་སྤྲུལ་པ་བྱེ་སྟོང་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཆོས་ཀྱི་དབྱིངས་དང་ནམ་མཁས་གཞལ་བར་ཕ་མཐའ་ཡས་པའི་ཞིང་དང་གདུལ་བྱའི་ཁམས་ལ། དེ་སྙེད་འདུལ་བྱེད་བསམ་གྱིས་མི་ཁྱབ་པ་རུ་སྤྲུལ་པ་དངོས་སུ་བཀྱེ་སྟེ་འགྲོ་བ་རིགས་དྲུག་སོ་སོའི་གནས་ལ་གང་འདུལ་གྱི་འགྲོ་དོན་དཔག་མེད་མཛད་པ་དང་། འཕོ་བའི་ནུས་སྟོབས་དང་རྫུ་འཕྲུལ་ལ་མངའ་བརྙེས་པའི་སྟོབས་ཀྱིས་བེམ་པོར་རིག་པ་བཅུག་ནའང་དེ་ལ་སྲོག་ཞུགས་ཏེ་འགུལ་བ་དང་སྒྲ་སྐད་འབྱིན་པ་སོགས་འབྱུང་ཞེས་གསུངས་པའོ། །མདོར་ན་སྐྱེ་འཇུག་ལ་རང་དབང་ཐོབ་པའི་ཆོས་ཟད་ཀྱི་དགོངས་པར་བསྙེགས་ནས་མངོན་སངས་རྒྱས་པ་དེའི་མཐུ་ལས་པད་མ་དང་དཔག་བསམ་གྱི་ཤིང་ཡིད་བཞིན་གྱི་ནོར་བུ་སོགས་ལས་གང་འདོད་ཀྱི་ཆོས་ནོར་ལ་སོགས་པ་འབྱུང་བར་མ་ཟད། རྒྱལ་བས་དང་པོ་ཐུགས་བསྐྱེད་པ་ནས་མཐར་སངས་རྒྱས་ཀྱི་བར་གྱི་མཛད་པ་ཐམས་ཅད་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བའི་སྟོབས་ཀྱིས་འགྲོ་བའི་དོན་ཉག་གཅིག་ལས་མ་འདས་པས། གཅིག་ཏུ་མ་ངེས་གང་ལ་གང་འདུལ་གྱི་སྤྲུལ་པས་ཕྲིན་ལས་མཛད་པ་ནི། བྱ་དང་རི་དྭགས་གྲོང་ཁྱེར་སློང་མོ་བ། །གང་ལ་གང་འདུལ་དེ་ལ་དེར་མཐུན་དུ། །སྣ་ཚོགས་གཟུགས་ཀྱིས་འགྲོ་བ་འདུལ་བར་ཤོག །ཅེས་གསུངས་པ་ལྟར། གདུལ་བྱའི་ཆུ་སྣོད་ཇི་སྙེད་ལ་སྤྲུལ་བའི་ཟླ་གཟུགས་དེ་སྙེད་དུ། །ཇི་ལྟར་བེེཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པ་ལྟར་རེད། །སོ་སོ་སྐྱེ་བོའི་ལས་མ་དག་པའི་སྣང་ངོར་ཐམས་ཅད་མ་དག་པ་རུ་ཤར་བ་ཡིན། དགེ་སློང་ལེགས་སྐར་གྱིས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་མི་ལོ་ཉེར་ལྔ་ལ་བྱས་ཀྱང་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མ་མཐོང་བ་ལྟ་བུ་ཡིན་ནོ། །དེས་ན་རྒྱལ་དང་དེ་སྲས་ཀྱི་སྤྲུལ་པ་གང་ན་སུ་བཞུགས་ཇི་ལྟར་འགྲོ་དོན་མཛད་བཞིན་ཡོད་སུས་ཤེས། སྤྱིར་བཤད་ན་སྣང་སྲིད་དག་པ་རབ་འབྱམས་ཡེ་ཤེས་སྒྱུ་མའི་རང་གཟུགས་དོན་ལ་མྱ་ངན་ལས་འདས་པར་མ་གྱུར་བའི་ཆོས་ཤིག་གང་ན་ཡོད། འོན་ཀྱང་དེ་མ་རྟོགས་པའི་འཁྲུལ་བ་རང་མཚན་པར་གྱུར་པའི་སྐབས་འདི་ལའང་རང་བློ་ནང་དུ་ཚུར་བསྐོར་ཏེ་དག་སྣང་སྦྱང་བ་ནས་མགོ་བཙུགས་ན། རང་སྣང་དོན་གྱི་འོག་མིན་འཕོ་མེད་ཆོས་སྐུའི་རྒྱལ་ས་བརྙེས་ཐུབ་པ་ཡང་། ཐག་རིང་རྒྱང་ནས་འཚོལ་རྒྱུ་ཞིག་མ་ཡིན་པར་རང་གི་ཤེས་རྒྱུད་སྐད་ཅིག་མ་འདིའི་སྟེང་ནས་འཁོར་འདས་གཉིས་ཀྱི་སོ་མཚམས་འབྱེད་པ་ཡིན་པས། གཞི་ལམ་འབྲས་གསུམ་གང་ནས་བཤད་ཀྱང་རྩ་བ་འཁྲུལ་དང་མ་འཁྲུལ་གྱི་གཞི་རྩ་རང་རྒྱུད་ནས་རྩད་གཅད་རྒྱུ་ལ་ཐུག་ཡོད་དོ། །དེ་ཡན་གྱིས་སྐྱེ་འཇུག་གཉིས་ལ་དབང་ཐོབ་པའི་ནང་ནས་སྐྱེ་བ་ལ་དབང་ཐོབ་པ་བཤད་པ་སོང་སྟེ།

༼༢ གཉིས་པ་འཇུག་པ་ལ་དབང་ཐོབ་པའི་ཚུལ།

གཉིས་པ་འཇུག་པ་ཉིད་ལ་དབང་ཐོབ་པའི།།

ཀ་དག་གདོད་མའི་དབྱིངས་སུ་འཇུག་ཁ་མར།།

དུས་དེར་གཞན་དོན་རླབས་ཆེན་མཛད་འདོད་ན།།

སེམས་ཅན་སུམ་སྟོང་ཙམ་ལ་རིག་པ་ཉིད།།

བཅུག་པའི་མོད་ལ་ཐམས་ཅད་དུས་གཅིག་ཏུ།།

གྲོལ་བའི་མཐུ་ཆེན་ཐོབ་སྟེ་སྲིན་བུ་ཡང་།།

འོད་དུ་ཡལ་ནས་ན་བུན་ནམ་མཁའ་ལ།།

ཡལ་བ་བཞིན་དུ་ཀ་དག་ནང་དབྱིངས་སུ།།

མི་སྣང་སྐད་ཅིག་ཉིད་ལ་གཤེགས་ནས་ཀྱང་།།

སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས།།

དེ་ཡང་སྐྱེ་འཇུག་དུ་མས་འཇིག་རྟེན་ཁམས།།

རྡུལ་གྱི་གྲངས་མཉམ་འགྲོ་བ་ཐམས་ཅད་ཀྱི།།

དོན་ལ་སྐད་ཅིག་ཙམ་ཡང་མི་གཡེལ་བར།།

འགྲོ་དོན་རྒྱུན་མི་འཆད་པར་མཛད་པའོ།།

ཞེས་གསུངས་ཏེ། འཇུག་པ་ལ་དབང་ཐོབ་པ་དེས་ཀ་དག་གདོད་མའི་ནང་དབྱིངས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པའི་ནང་གསལ་གསང་བའི་མཛོད་ཆེན་པོར་ཞུགས་རན་ཁར་ཇི་ལྟར་མཛད་ཅེ་ན། རང་སྣང་གི་བར་དོར་སེམས་ཅན་སུམ་སྟོང་ཅིག་ཅར་དུ་གྲོལ་བར་མཛད་ནས་ནང་དབྱིངས་སུ་འཁྱིལ་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་ཡིན། འདི་ཉན་ཐོས་ཞི་བར་མནལ་ཏེ་འགྲོ་དོན་རྒྱུན་ཆད་པ་དེ་ལྟ་བུ་མ་ཡིན་པར་སྐྱེ་འཇུག་ལ་རང་དབང་ཐོབ་པའི་སྟོབས་ཀྱིས། སླར་ཡང་ཀ་དག་གི་དབྱིངས་ལས་ཐུགས་རྗེས་ཚུར་གཡོས་ཏེ་གཟུགས་སྐུ་གཉིས་ཀྱིས་རྡུལ་སྙེད་མཁའ་མཉམ་གྱི་འགྲོ་བའི་དོན་ལ་སྐད་ཅིག་ཙམ་ཡང་མི་གཡེལ་བར་འགྲོ་དོན་རྒྱུན་མི་ཆད་དུ་མཛད་པར་བསྟན་པའོ། །

དེ་ལྟར་རྡུལ་ཕྲན་དེངས་ནས་འོད་དུ་གསལ།།

སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་པ་རྣམས།།

ལྷུན་གྲུབ་ཐོད་རྒལ་ཁོ་ནའི་ཁྱད་ཆོས་ཡིན།།

ཁྲེགས་ཆོད་ཉིད་ཀྱིས་ལུས་ནི་རྡུལ་ཕྲན་དང་།།

སེམས་ཀྱང་ཆོས་ཉིད་ངང་དུ་དེངས་ནས་ཀྱང་།།

ཀ་དག་སར་གྲོལ་ཙམ་ལས་མེད་ཕྱིར་རོ།།

སྐྱེ་དང་འཇུག་པ་གཉིས་ལ་དབང་བ་འདི།།

ཆོས་ཉིད་ཟད་པའི་ནང་དབྱིངས་འཇུག་ཁ་མར།།

འཐོབ་པའི་ཚུལ་ནི་ཀུན་མཁྱེན་མཛོད་ནས་གསུངས།།

དེ་ལྟར་ལྷུན་གྲུབ་སྣང་བཞི་མཐར་ཕྱིན་ནས།།

བརྩོན་འགྲུས་རབ་རྣམས་ཚེ་འདི་ཉིད་ལ་ཡང་།།

ཡང་དག་རྫོགས་པའི་སངས་རྒྱས་ཞེས་བྱ་བ།།

ཕུང་པོ་ལྷག་མ་མེད་པར་འཚང་རྒྱའོ།།

ཞེས་གསུངས་ཏེ། འུ་བུ་ཚོར་གནའ་དུས་སུ་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་འཇའ་ལུས་པ་མང་པོ་བྱོན་མྱོང། འཇའ་ལུས་སུ་མང་པོ་འགྲུབ་སོང་བ་རེད་ཟེར་བ་ཞིག་ཡོད་རེད། དེང་གི་དུས་སམ་དུས་རབས་ཉི་ཤུ་དང་ཉེར་གཅིག་པ་དག་གི་ནང་དུའང་འཇའ་ལུས་པ་རེ་གཉིས་ང་ཚོའི་ཆོས་བརྒྱུད་འདིའི་ནང་ནས་ཡིན་ན་བྱོན་མྱོང་ཡོད་པ་རེད། སྐུ་གདུང་ཇེ་ཆུང་དུ་སོང་འདུག་ཟེར་བ་མང་པོ་རང་རེད་མོད། འདིའི་རྫོགས་ཆེན་གྱི་ཁྲིད་གཞུང་ངོ་མའི་ནང་ལྟར་ཡིན་ན། འདི་ནས་གསུངས་པ་བཞིན་ལུས་རྡུལ་ཕྲན་དུ་དེངས་པ་དང་། རྡུལ་ཕྲན་དྭངས་ནས་འོད་དུ་གཤེགས་པ་གཉིས་ཀྱི་ཁྱད་པར་ལས། ཡོངས་གྲགས་ཀྱི་འཇའ་ལུས་འགྲུབ་ཅེས་པའི་ཐ་སྙད་དེ་ལུས་རྡུལ་ཕྲན་དུ་དེངས་པ་ལ་ཐོགས་སོང་བ་འདྲ་མོ་ཞིག་ཡིན། ངོ་མ་བཤད་ན་འཕོ་ཆེན་གྱི་སྐུར་བཞེངས་པ་དེ་འཇའ་ལུས་ཡིན་ཏེ་ཡེ་ཤེས་སྒྱུ་མའི་སྐུ་འོད་ལུས་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡིན་པས་སོ། །ལུས་ཟག་མེད་རྡུལ་ཕྲན་དུ་དེངས་པ་ལ་འཇའ་ལུས་ཟེར་སྲོལ་ཡོད་སོང་བ་རེད། འཕོ་ཆེན་གྱི་སྐུར་བཞེངས་པ་དེ་འདི་ནས་གསུངས་པ་ལྟར་ཐོད་རྒལ་ཁོ་ནའི་ཁྱད་ཆོས་སམ་རྫོགས་ཆེན་གསང་བ་མན་ངག་སྡེའི་ཡང་གསང་བླ་ན་མེད་པའི་ཁྱད་ཆོས་ཡིན་གསུངས་པའོ། །དེའི་སྟབས་ཀྱིས་སྣང་བྱེད་སྒོའི་ཁྱད་པར་དང་སྣང་བ་འོད་ཀྱི་ཁྱད་པར་ལ་སོགས་པ་ཁྲེགས་ཆོད་ལས་ཀྱང་ཁྱད་དུ་འཕགས་པའི་འཕགས་ཆོས་བདུན་བཞག་པ་རེད། ཁྱད་པར་ངོ་མ་མཐར་ཐུག་གི་འབྲས་བུ་འོད་ལུས་འཕོ་ཆེན་གྱི་སྐུར་བཞེངས་པ་འདིའི་སྟེང་ན་ཡོད་པ་ཡིན། ཡིན་ནའང་དང་པོ་ཉིད་ནས་བཟང་ཤོས་ཐོད་རྒལ་རྐྱང་རྐྱང་མི་བསྒོམ་པར། ཁྲེགས་ཆོད་ཀྱི་ལམ་ཅིའི་ཕྱིར་བསྟན་པ་ཡིན་སྙམ་ན། འདི་ཁྲེགས་ཆོད་དམན་པ་ཡིན་པས་དམན་སར་བཅད་པའི་དོན་མ་རེད། འོད་གསལ་ཐོད་རྒལ་གྱི་གནད་འདི་མ་ཚང་ན་ལུས་དབང་ཡོངས་སུ་རྫོགས་པའི་སྐྱེས་བུ་འདྲ་བ་ཞིག་མི་འགྱུར་བས་མན་ངག་སྡེའི་ནང་གསེས་ལའང་སྐོར་ཚོ་རང་རང་གི་ཁྱད་ཆོས་གསུངས་ཡོད་པ་ལྟར། འགའ་རེ་སྙིང་དང་འདྲ་བ་དང་འགའ་རེ་མིག་དང་འདྲ་བ་ཡིན་ཞེས་གསུངས་ཡོད་པས་སོ། །དེས་ན་གཞི་ཀ་དག་དང་ལྷུན་གྲུབ། ལམ་ཁྲེགས་ཆོད་དང་ཐོད་རྒལ། འབྲས་བུ་སྐུ་དང་ཡེ་ཤེས་དབྱིངས་ཡེ་ཟུང་འཇུག་གི་ངོ་བོར་འཚང་རྒྱ་བའི་གནད་ཀྱི་དགོངས་དོན་གཅིག་ལ་འདུས་ནི་རེད། ཀ་དག་གི་ནང་དབྱིངས་ལ་སངས་རྒྱས་པའི་ཚེ་ཇི་འདྲ་བ་ཞིག་ཡིན་ན། ཕྱི་ཤེས་བྱ་གཟུང་བའི་བློ་དང་སྙེམས་བྱེད་ཀྱི་འཇུག་པ་ཐམས་ཅད་ཞི། དེ་དང་མཉམ་དུ་ནང་ཤེས་བྱེད་བློ་ཡི་འཛིན་སྟངས་ཀུན་རྫོབ་པའི་རྣམ་པ་ཐམས་ཅད་ཀྱང་སྐྱེ་འགག་མེད་པའི་ངང་དུ་རང་ཞིར་གྱུར་ཏེ། ཁམས་གསུམ་གྱི་ས་བས་བསྡུས་པའི་ཉེར་ལེན་ལས་བྱུང་བའི་འཁོར་བའི་ཆོས་ཐམས་ཅད་འགག་པའི་སྟེང་། གང་འགག་གཞིའི་དེ་ཁོ་ན་ཉིད་གང་ཡིན་པ་དབྱིངས་དང་རིག་པ་གཉིས་མེད། རྟག་དང་ཆད་པའི་མཐར་མ་ལྷུང་བའི་སོ་སོ་རང་གི་རིག་པ་རང་བྱུང་ཡེ་ཤེས་ཆེན་པོའི་སྐུས་མངོན་དུ་མཛད་པ་ཡིན་ནོ། །དེ་ཡང་དབུ་མ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེག་པས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་སྟེ་སྐུ་ཡིས་མངོན་སུམ་མཛད། །ཞེས་གསུངས་པ་དེའི་སྦས་དོན་གབ་པའི་ཡང་འབྱེད་རྫོགས་ཆེན་གྱི་སྐབས་ནས་གསལ་བོར་བསྟན་པ་དེ་འདི་ཉིད་ཡིན། འདི་སྟོང་ཆད་ནམ་མཁའ་ལྟ་བུ་ཞིག་མིན་པས་ཆོས་སྐུའི་དུས་ན་ནང་གསལ་ཐིམ་ལ་མ་རྨུགས་པ་གཞོན་ནུ་བུམ་སྐུར་ནང་དབྱིངས་སུ་འཆར་བར་བསྟན་པ་འདི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟབ་ཅིང་གཏིང་དཔོག་དཀའ་བ། དེ་ཟབ་ཞི་ཆེས་ཕྲ་རྒྱལ་བ་ཉིད་ལས་གཞན་སྣང་ལ་མི་མངོན་པར་བཞུགས་པའི་རྒྱུ་མཚན་གྱིས་དཔེ་གནམ་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་ལ་བཞག་པ་ཡིན། ཟླ་བའི་ཆ་ཤས་ནམ་ཡང་འཕེལ་འགྲིབ་མེད་པ་བཞིན་དུ་གཟུགས་སྐུ་རྣམ་མཁྱེན་ཕྱི་གསལ་དུ་སྣང་བའི་གདངས་དེ། དུས་ནམ་ཡང་རྒྱུན་ཆད་མེད་པ་ཡིན། ཡིན་ན་ཡང་དེ་ལྟ་བུའི་ཆོས་ཉིད་དེ་ཇི་བཞིན་པར་བཤད་དགོས་ན། དེ་ཉིད་མངོན་སུམ་དུ་མཐོང་བའི་མཉམ་བཞག་ལས་འདའ་བ་མེད་པ་དག་གི་སྤྱོད་ཡུལ་ཡིན་པས་ས་བཅུའི་དབང་ཕྱུག་གིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་ཚུལ་གསུངས་ཡོད་པས། སོ་སོ་སྐྱེ་བོའི་ངག་ཚིག་གིས་ཇི་བཞིན་བརྗོད་མི་ཐུབ་པ་དེ་ལྟར་ཡིན། ཡིན་ནའང་འོད་གསལ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཡེ་ནས་འཕོ་འགྱུར་བྲི་གང་དང་བྲལ་བ་ཡིན་པའི་ཕྱིར་ན་ལས་དང་སྐལ་བ་ལྡན་པ་ཚོས། སྨིན་བྱེད་ཀྱི་དབང་ཐོབ། སྡོམ་དང་དམ་ཚིག་མ་ཉམས་པར་གྲོལ་བྱེད་ཁྲིད་ཀྱི་རིམ་པ་གདམས་པ་མན་ངག་གི་གནད་དང་བཅས་པ་བླ་མའི་དགོངས་བརྒྱུད་ཀྱི་བྱིན་རླབས་སྙིང་དབུས་སུ་འཕོས་པ་དང་ཆབས་གཅིག བརྩོན་པ་རབ་མཆོག་ཏུ་གྱུར་པའི་སྙིང་རུས་རང་ཉིད་ལ་ཡོད་ན་འཇའ་ལུས་འཕོ་ཆེན་གྱི་འོད་སྐུར་ཚེ་འདིར་བཞེངས་རྒྱུ་ཡང་འགྲུབ་རྒྱུ་གཏན་ནས་མེད་པའི་གནའ་སྔ་མོའི་ལྷ་སྒྲུང་བཤད་པ་ལྟ་བུ་ཞིག་མ་ཡིན་པའི་ཡིད་ཆེས་དང་དཔའ་གདེང་བསྐྱེད་ཆོག་པ་ཡིན། འདིའི་སྐྱེ་འཇུག་གཉིས་ལ་དབང་ཐོབ་པའི་ས་མཚམས་ངོ་མ་དེ་ཆོས་ཟད་ཀྱི་མཚམས། ཀ་དག་གདོད་མའི་ནང་དབྱིངས་སུ་གཤེགས་རན་ཁར་ཡིན་པ་ཀློང་ཆེན་མཛོད་བདུན་དང་ཤིང་རྟ་སྐོར་གསུམ་ཐམས་ཅད་ཀྱི་ནང་ནས་དངོས་ཤུགས་བརྒྱུད་གསུམ་གྱི་ཁྱད་པར་མ་གཏོགས་བསྟན་ཡོད་ལ། འདི་ནས་ཀུན་མཁྱེན་གྱི་མཛོད་ལས་གསུངས་ཡོད་ཅེས་གསུངས་པ་འདི་གཙོ་བོ་ཐེག་མཆོག་མཛོད་ལ་གསུངས་པ་རེད། ཚིག་དོན་མཛོད་ལས་གསུང་ཚུལ་གྱི་ཁྱད་པར་ཅུང་ཟད་རེ་མ་གཏོགས་བསྟན་བྱའི་ནང་དོན་གཅིག་པ་ཡིན།

དེའི་ཕྱིར་ཐུན་མོང་ཐེག་པ་གཞན་དག་ལས།།

ཁྱད་པར་འཕགས་པའི་ཟབ་ལམ་འདི་ཉིད་ལ།།

ཕྲད་པའི་དུས་འདིར་བརྩོན་པའི་ཉམས་ལེན་ལ།།

འབད་པར་གྱིས་ཤིག་སྐལ་ལྡན་སྙིང་གི་བུ།།

སངས་རྒྱས་འཐོབ་པར་འདོད་ན་འདི་ལ་འབོད།།

འདི་འདྲ་བསྐལ་པ་བྱེ་བར་རྙེད་པར་དཀའ།།

སྐལ་དམན་ལོག་ལྟ་ཅན་ལ་མ་སྟོན་པར།།

རྟག་ཏུ་ཙིཏྟ་རིན་ཆེན་གཏེར་དུ་སྦོས།།

ཞེས་གསུངས་ཏེ། གོང་ནས་བསྟན་པ་ཇི་བཞིན་དུ་རྫོགས་ཆེན་གསང་བ་སྙིང་ཐིག་གི་ཡང་གསང་མན་ངག་སྡེའི་གདམས་ཁྲིད་འདི་ལ་ཉམས་ལེན་བརྩོན་པ་བསྐྱེད་ན་ལོ་དང་ཟླ་བ་མང་པོ་ཞིག་མི་དགོས་པར་ལུས་རྡུལ་ཕྲན་དུ་དག སེམས་ཆོས་ཉིད་དུ་དྭངས་ནས་ཚེ་འདིར་འཇའ་ལུས་འཕོ་ཆེན་རྡོ་རྗེའི་འོད་སྐུར་བཞེངས་ཏེ། སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་པས་མཐའ་ཡས་གདུལ་བྱ་མཁའ་མཉམ་གྱི་འགྲོ་བའི་ཚོགས་ལ་དཔག་ཡས་མཛད་པ་རྒྱ་མཚོའི་འགྲོ་དོན་བྱེད་ནུས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་མངའ་དབང་ལ་བདག་གིར་བྱ་ཆོག་པའི་ཆོས་གདམས་པ་ཟབ་མོ་འདི་ལྟ་བུ་དང་འཕྲད་དུས་ནོར་བུའི་ནོར་ངོ་ཆོད་པར་བྱས་ཏེ། ཆོས་གདམས་པ་གཞན་ལ་འགྲམ་ཆུ་མི་ལྡང་བར་ལས་ཀྱིས་འབྲེལ་བའི་གདམས་པ་འདི་ལ་བརྩོན་པའི་ཉམས་ལེན་མ་འཕྱུགས་པར་འབད་པ་གྱིས་ཤིག་ཅེས་གསུངས་པ་རེད། འབོད་ཅེས་པ་འདི་གཙོ་བོར་ཡུལ་གྱི་འཕྲལ་སྐད་སྐུལ་ཚིག་ཏུ་སྦྱོར་བའི་བརྡ་ཆད་ཀྱིས་གསུངས་འདུག ཡིན་ན་ཡང་། འདི་འདྲའི་གསང་བའི་མན་ངག་ཀུན་ཏུ་བཟང་པོའི་ཐུགས་བཅུད་རྗེན་ཅེར་ཏུ་བསྟན་པ་འདི་སྔོན་བསགས་ཀྱི་ལས་སྨོན་བཟང་པོ་སྔོན་དུ་མ་སོང་ན་བསྐལ་བ་བྱེ་བར་རྙེད་དཀའ་བ་ཡིན་པས་ན་ཟབ་དོན་གསང་བའི་རྒྱ་རྟགས་ཅན། བསྟན་ན་བློར་མི་ཤོང་བའི་སྐལ་དམན་ལ་མ་སྟོན་མ་གཏོགས། དེ་དག་གི་རྒྱུད་ལོག་ལྟས་བསླད་པའི་དབང་གིས་མཐའ་མེད་ངན་འགྲོར་ལྟུང་བ་ཡིན། གསང་བའི་མན་ངག་ཁྱབ་བརྡལ་དུ་བསྟན་ན་ཟབ་ཆོས་ཀྱི་བྱིན་རླབས་ཡལ་འགྲོ་བས་མི་ཚད་རང་ཉིད་ལའང་བཀའ་སྲུང་གི་འཁུ་ལྡོག་གིས་མི་འདོད་སྣ་དགུ་འོང་བ་ཡིན། ཉམས་ལེན་གྱི་དྲོད་ཚད་ལྡན། གདུལ་བྱ་སྣོད་ལྡན་རྙེད་ཅིང་རྒྱུད་ལས་འབྱུང་བའི་མཐུན་རྐྱེན་ཡོངས་མ་རྫོགས་ཀྱི་བར། སུ་གཅིག་ལའང་ཚིག་གི་ཕྱོགས་ཙམ་རླུང་ཕྱོགས་ཙམ་དུའང་མ་བསྒྲགས་ལ་རྟག་ཏུ་ཙིཏྟ་རིན་ཆེན་སྙིང་ལ་སྙིང་གི་གཏེར་ཏུ་སྦོས་ཤིག་ཅེས་གསུངས་སོ། །དེ་ཡན་གྱིས་འདིའི་ཁྲིད་རིམ་དྲུག་པ་ཉམས་ལེན་སྣང་བཞིའི་འཆར་ཚུལ་བསྟན་གྲུབ་པ་ཡིན། སྤྱིར་རྫོགས་པ་ཆེན་པོའི་སྐབས་ལ་ཐུན་མོང་གི་ལམ་ལྔ་ལས་ཁྱད་པར་དུ་གྱུར་པའི་ལམ་ལྔ་བཤད་ཡོང་དུས། ཀུན་མཁྱེན་འཇིགས་གླིང་གི་ཡོན་ཏན་མཛོད་ལས། མདོར་ན་དབྱིངས་ཀྱི་ལམ་ནི་ཆོས་ཉིད་ཅིག །རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན། །འོད་གསལ་ལམ་ནི་སྒྲོན་མ་རྣམ་པ་གཉིས། །ཁྲེགས་ཆོད་ལམ་ནི་ཤར་གྲོལ་དུས་མཉམ་སྟེ། །ཐོད་རྒལ་ལམ་ནི་དབྱིངས་དང་རིག་པ་ཡིན། །ཞེས་གསུངས་ནས་ལམ་ལྔ་དམིགས་བསལ་བ་ཞིག་གསུངས་ཡོད། དེས་ན་དབྱིངས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པ་སྟོང་པ་ཆེན་པོའི་ཡུལ་ལ། གསལ་བ་འོད་ཀྱི་སྣང་བ་དང་ཡེ་ཤེས་རིག་པའི་སྤྱོད་ཡུལ་དུ་གྱུར་པ་དེ། ཡེ་ནས་ལྷུན་གྲུབ་བདེ་བར་གཤེགས་པའི་སྙིང་པོ། རང་བཞིན་འོད་གསལ་བའི་དབྱིངས་ལ་ངོས་འཛིན་གནང་བ་ཡིན། དེའི་ངེས་དོན་དེ་གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་གྱི་གནས་ལུགས་ཇི་བཞིན་པར་རྟོགས་ཏེ། དེའི་ངང་ལས་མ་གཡོས་ན་རང་དང་ཆོས་ཉིད་གཅིག་པའི་ལམ་མ་ནོར་བ་ལ་གོམས་པའི་ལྟ་སྒོམ་དུ་མ་རོ་གཅིག་ཏུ་ལ་བཟླ་བའི་རྣལ་འབྱོར་བ་ཡིན་གསུངས་སོ། །ཐོད་རྒལ་རྐྱང་བའི་ཆོས་སྐད་དུ་འདི་ལ་གཞི་ལ་གནས་པའི་དག་དབྱིངས་གསུངས་ཡོད། དེ་ཉིད་རིག་པའི་ལམ་གྱིས་ཤེས་རབ། ཤེས་རབ་དེ་ལའང་གཞལ་ཡུལ་དབྱིངས་ཀྱི་རང་བཞིན་ཤེས་པའི་ཤེས་རབ། ཁྱད་པར་ཅན་གྱི་ཆོས་ཉིད་ཤེས་པའི་ཤེས་རབ། ཡུལ་ཡེ་ཤེས་ཀྱི་མཚན་ཉིད་ཀྱང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་རིག་ཆས་ཆོས་ཐམས་ཅད་སྐད་ཅིག་གིས་ཁོང་དུ་ཆུད་པ། ཤེས་རབ་ཆེན་པོའི་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །གསུངས་པ་སྒྲ་ཇི་བཞིན་དུ་འོད་གསལ་གྱི་ལམ་དངོས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་གཉིས་ལ་བརྟེན་ཏེ། སྒྲོན་བཞི་དང་སྒྲོན་དྲུག་གི་རྣམ་བཞག་འབྱུང་བ་ཡིན་ན། དེའི་རྩ་བ་གང་ལ་ཐུག་ན་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དང་གཅིག་པའི་ཁྲེགས་ཆོད་ཀྱི་ལམ། ཀ་དག་གདོད་མའི་ཡེ་ཤེས་གཞི་གྲོལ་གཉུགས་མའི་གཤིས་སུ་ཤར་གྲོལ་དུས་མཉམ་པའི་བདག་ཉིད། དབྱིངས་ཀ་དག་རིག་པ་གསལ་འགྲིབ་བྱ་རྩོལ་ཐམས་ཅད་དང་བྲལ་བའི་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ། ཇི་ལྟ་བའི་མཁྱེན་ཆ་དེ་ལས་རྩལ་ཡུལ་ཤེས་ཀྱི་ཤེས་རབ་རྣོ་མྱུར་ཅན་འཆར་བ་དེ་ཇི་སྙེད་མཁྱེན་པའི་མཁྱེན་ཆ། གདངས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་རྒྱུ་མིང་འབྲས་བུ་ལ་ཐོགས་སོང་བ་མུ་ཏིག་བསྟར་ལ་བརྒྱུས་པའམ་གསེར་སྐུད་མཁའ་ལ་འཕངས་པ་ལྟ་བུ་དེ་ཡིན་ན། སྤྱིར་ན་སྒྲོན་མ་རྣམ་བཞི་རྟེན་དང་བརྟེན་པའི་སྒོ་ནས་བཞག་པ་རེད་མོད། ལམ་གྱི་ངོ་བོའམ་སྙིང་པོ་ངོ་མ་དེ་དབྱིངས་ཀྱི་ར་བར་རིག་པའི་གདངས་འཛིན་པ་ལ་འདུས་པ་ཡིན། འདིའི་སྒྲོན་མ་ཞེས་པའི་དབྱེ་གཞི་གཅིག་ལ་དབྱེ་སྒོ་ཐ་དད་པའི་སྟེང་ནས་བཤད་ན་སྒྲོན་མ་དྲུག་ཏུ་ཕྱེ་དུས་ཡོད་དེ། གནས་པ་གཞི་ཡི་སྒྲོན་མ། ཙིཏྟ་ཤ་ཡི་སྒྲོན་མ། དཀར་འཇམ་རྩ་ཡི་སྒྲོན་མ། རྒྱང་ཞགས་ཆུའི་སྒྲོན་མ། བར་དོ་དུས་ཀྱི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ་སྟེ་དེ་ལྟ་བུའི་དྲུག་ཏུ་ཕྱེ་ན། གནས་པ་གཞིའི་སྒྲོན་མ་ནི། སེམས་ཉིད་འོད་གསལ་བ་ལ་གསུངས་པ་དང་། ཙིཏྟ་ཤའི་སྒྲོན་མ་ནི། སྙིང་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བུ་འོད་གསལ་བུམ་ནང་གི་མར་མེ་ལྟ་བུར་བཞུགས་ས་དེ་དང་། རྒྱང་ཞགས་ཆུའི་སྒྲོན་མ་ནི། སྔོན་ནས་ཡང་བཤད་པ་ལྟར་མིག་གི་དབང་པོ་ལ་ཟུག་པའི་འོད་རྩ། འོད་གསལ་འཆར་བའི་སྒོ་དེ་ཉིད་ལ་ངོས་འཛིན་པ་ཡིན། བར་དོ་དུས་ཀྱི་སྒྲོན་མ་ནི། རང་སྣང་འོད་གསལ་གྱི་དཀྱིལ་འཁོར་ཤར་བ་དེ་ངོ་ཤེས་པས་གདོད་མའི་གྲོལ་སར་སྐྱེལ་བ་དེ་ཉིད་ཡིན། མཐར་ཐུག་འབྲས་བུའི་སྒྲོན་མ་ནི། ཡེ་ཤེས་དབྱིངས་སུ་འཁྱིལ་ཏེ་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་བཙན་ས་ཟིན་པ་དེའོ། །ད་རུང་འདིར་མ་སྨོས་པའི་སྒྲོན་མ་གཞན་གསུམ་པོ་བསྣན་ན་སྒྲོན་མ་དགུ་རུ་འགྱུར་བའོ། །འོན་ཀྱང་འདི་ནས་སྒྲོན་མ་བཞི་རུ་གསུངས་པ་དེ། གནད་ཐམས་ཅད་སྒྲོན་མ་བཞིའི་ནང་དུ་འདུས་པ་ཡིན་པས་སོ། །དེས་ན་ལམ་སྣང་བཞི་འབྱུང་བ་འདི། ཕྱིའི་ནམ་ཟླ་དུས་བཞིའི་འཕེལ་ཟད་དང་། ནང་ལུས་ངག་ཡིད་གསུམ་གྱི་འཆིང་བ་ལས་འགྲོལ་རྒྱུ། གསང་བར་དབང་བཞིའི་ངེས་པ་སྟོན་པའི་ཐོག་ཏུ། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞི་རུ་འབྱུང་བ་ཡིན་པས་ན། དེ་ལས་མང་མི་དགོས་ཉུང་མི་དགོས་པའི་གནད་དུ་བཟུང་ནས་བསྟན་པར་མཛད་པ་ཡིན། ཐོད་རྒལ་གྱི་ལམ་གནད་ངོ་མ་དེ་དབྱིངས་ཀྱི་ར་བར་རིག་གདངས་བཙུད་རྒྱུ་དེ་གོང་དུ་ཞུས་པ་ལྟར་ཡིན་ན། སྒོ་རྒྱང་ཞགས་ཆུའི་སྒྲོན་མར་བརྟེན་ཏེ་ཡེ་ཤེས་འདུས་པའི་རྒྱང་ཞགས་ཀྱིས་འོད་གསལ་གྱི་སྣང་ཆ་འཛིན་རྒྱུ། དེའི་གནད་གཅུན་པས་ཆོས་ཉིད་མངོན་སུམ་གྱི་འོད་གསལ་མངོན་དུ་གྱུར་པ་དང་མཉམ་དུ་ནང་དབྱིངས་རྣམ་དག་དེ་ཉིད་སྒྲིབ་བྱེད་དང་བྲལ་ཡོང་དུས། དབྱིངས་ཐིག་གི་སྒྲོན་མ་རོ་གཅིག་ཏུ་མངོན་ནས་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་གདངས་མཆེད་དེ་ངོ་བོ་མངོན་གྱུར་དང་ཆབས་གཅིག་ཏུ་དབྱིངས་རིག་འདྲེས་པའི་འཆར་སྣང་སྐུ་གསུམ་ལམ་སྣང་ལྟར་མངོན་པར་འགྱུར་བ་དེ་ཐོད་རྒལ་གྱི་སྤྱིའི་ཆིངས་འདྲ་བོ་དེ་རེད། འཆར་བའི་གཞི་ནང་གི་དབྱིངས་ཀ་དག་ལ། གང་ཤར་བ་ཕྱིའི་དབྱིངས་སྣང་འོད་གསལ་གྱི་སྒྲོན་མ་ལམ་དུ་བྱས་པས། ཆོས་ཉིད་མ་བཅོས་པའི་གདངས་དབང་པོའི་ཡུལ་ལ་མངོན་སུམ་དུ་ཤར་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་སྡུད་པ་ཡིན་པས་རྣམ་དག་དབྱིངས་སྒྲོན་གསུངས། དེ་རྒྱང་ཞགས་ཆུའི་སྒྲོན་མས་མཐོང་བའི་སྒོ་ཕྱེས། རྣམ་དག་དབྱིངས་ཀྱི་སྒྲོན་མས་ཞིང་ཁམས་ཀྱི་གཞི་བཏིང་། ཐིག་ལེ་སྟོང་པའི་སྒྲོན་མས་ཤེས་རབ་སྡུད་པར་བྱས་ཏེ། ཐིག་ལེ་སྟོང་སྒྲོན་དང་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དམ་ཤེས་རབ་རང་བྱུང་གི་སྒྲོན་མས་ཤེས་རབ་སྐུ་རུ་སྨིན་པར་བྱས་པས་མཐར་སྣང་བ་ཚད་རྫོགས། རྫོགས་པའི་ཡང་མཐའ་དེར་ཤེས་རབ་མཁའ་ལ་དག ཡེ་ཤེས་དབྱིངས་སུ་འཁྱིལ་བའི་འགྲོས་ལྟར་ཏུ་སྣང་བཞི་མཐར་ཕྱིན་ཆོས་ཟད་ཆོས་སྐུའི་དབྱིངས་སུ་འཁྱིལ་བའི་གོ་དོན་དེ་ལྟར་རེད། སྣང་བཞི་རིམ་བརྒྱུད་ཀྱི་ས་མཚམས་འདི་དག ཆོས་ཉིད་མངོན་སུམ་གྱིས་ཐིག་ལེ་སུམ་སྦྲེལ་མཐོང་བ་ནས་འོད་སྣང་སྨིན་མཚམས་ནས་བྲལ་ཏེ་དབྱིངས་སྣང་ཟ་འོག་རིས་དང་ནི་ལིང་ཚེ་རུ་ཤར་དུས་ཉམས་གོང་འཕེལ་གྱི་སྣེ་ཟིན་པ་ཡིན། གང་བལྟས་ཀྱི་ཡུལ་ཁམས་ལ་འོད་དང་ཟེར་གཅིག་གིས་ཁྱབ་པས་མི་ཚད་རིགས་ལྔའི་སྐུའི་སྣང་བ་ཤར་བ་ཚད་ཕེབས་ཀྱི་རྟགས་ཡིན། ཚད་ཐམས་ཅད་ཡོངས་སུ་རྫོགས་ཏེ་འབྱུང་བ་རང་དྭངས་ཀྱི་ཟད་པའི་སར་ཕྱིན་པ་ཆོས་ཉིད་ཟད་པ། ཟད་པའི་མཐར་ཕྱིན་ཏེ་སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་ནས། སྐུ་གསུམ་ལམ་སྣང་དུ་བྱས་ནས་ཀ་དག་གདོད་མའི་ནང་དབྱིངས་སུ་འཁྱིལ་ཏེ། ནང་གསལ་སྐུ་དང་ཡེ་ཤེས་རྒྱ་མཚོ་ཀུན་འབྱུང་བའི་གཞིར་བཞུགས་པ་ནས། ཕྱི་གསལ་འགྲོ་བའི་དོན་དུ་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་རྒྱུན་མི་ཆད་པར་འབྱུང་བ་ཡིན་ཚུལ་གསུངས་པ་སོགས་ཕྱོགས་སྡོམ་བྱས་ན་དེ་ལྟ་བུ་ཞིག་རེད། ད་རུང་བསྐྱར་ཟློས་བྱེད་ན། ང་ཚོས་ཆོས་ཉིད་མངོན་སུམ་གྱི་སྣང་བས་ཕྱིའི་དབྱིངས་སྣང་བྲལ་བའི་དུས་ན། ནང་རང་རིག་པ་གཞི་ལ་གནས་པ་ཡིན་པས་ན་གདངས་རང་ཐིམ་དུ་འཁོར་ཏེ་རིག་གདངས་རིག་པའི་མ་ལ་ཐིམ། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་སྟེ་ངོ་མཉམ་རིས་མེད་དུ་གྲོལ་བ་གསུངས་རྒྱུ་འདིའི་དུས་སུ། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་པར་སྙིང་ཁ་ན་འོད་གསལ་བའི་དགོངས་པར་རང་བཞིན་གྱིས་གནས་ཡོད་པའི་རྒྱུ་མཚན་གྱིས་གདོད་མའི་འོད་གསལ་ཟིན་པ་ཡིན། འཁོར་བ་མིང་མེད་དང་སྲིད་གསུམ་གདར་ཤ་ཆོད་པ་ཡིན་གསུངས། ཉམས་གོང་འཕེལ་ལ་དབྱིངས་རིག་གི་སྦྱང་བ་དང་གོམས་ཚད་གོང་འཕེལ་དུ་སོང་བས་ཕྱིའི་དབྱིངས་སྣང་ལ་ལུག་རྒྱུད་དབྱེར་མེད་ཡིན་པ་བཞིན་དུ། ནང་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་ན་འོད་གསལ་མ་བུ་འདྲེས་པའི་དུས་ཡིན། གཟུང་བ་ཡུལ་དུ་སྣང་བ་ལས་འདས་པས་མི་ཚད་འཛིན་པ་རྟོག་པའི་ཆ་ལས་ཀྱང་ལོག་པས་ན་བདག་མེད་གཉིས་རྟོགས་ཀྱི་མཐུས་ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པ་ཡིན་གསུངས་པ་རེད། རིག་པ་ཚད་ཕེབས་ཀྱི་སྐབས་ལ་སྣང་བ་ལ་དབང་བསྒྱུར་བས་ཞིང་ཁམས་འོད་གསལ་དུ་རྫོགས། ལུས་ཀྱི་གདོས་པ་དག ལུས་རྡུལ་ཕྲན་རེ་རེའི་གོ་ནའང་ཞིང་ཁམས་གྲངས་མེད་སངས་རྒྱས་དང་སེམས་ཅན་ཚད་མེད་སྣང་། ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར། མངོན་ཤེས་དང་རྗེས་དྲན། ཆོས་ཐམས་ཅད་ཤེས་པའི་ཤེས་རབ་ཐོགས་མེད་དུ་འཆར་བ་ཡིན་ནོ། །ཁྱད་པར་དུ་གསང་བ་རིག་པ་ཚད་ཕེབས་དངོས་ལ་ཐོན་དུས་ཀུན་གཞིའི་རྣམ་ཤེས་ཀྱི་ཆ་ཕྲ་མོ་ཞིག་ལས་ཕྲ་རགས་འགྱུ་བའི་སེམས་ཐམས་ཅད་དག རིག་པའི་ཡོན་ཏན་སྤྱན་དང་མངོན་ཤེས་འཆར། ཆོས་ཟད་ལ་སླེབས་དུས་ཕྱིའི་གདོས་བཅས་དྭངས། ནང་ཉོན་མོངས་དང་རྣམ་རྟོག་དྭངས། གསང་བ་སྣང་རིག་ཀྱང་དྭངས་ཏེ་ཆོས་ཉིད་མཐའ་འདས་གཡོ་མེད་ཏིང་ངེ་འཛིན་ལ་ངང་གིས་གནས་པ་ཡིན་པས་ན་འདི་ལ་ཡེ་ཤེས་རྫོགས་པའི་སྐུ་ཐོབ་པའང་གསུངས་པ་ཡིན། སྒྲ་ཐལ་འགྱུར་ལས། བཅོས་མའི་ཆོས་ལས་འདས་པས་ན། །ཆོས་ཞེས་ཚིག་ཏུ་མི་གནས་སོ། །ཞེས་གསུངས་པ་ལྟར། ནང་གསལ་ཟད་པའི་མཐར་ཐུག་ལ་ཡེ་ཤེས་དབྱིངས་སུ་འཁྱིལ་བའི་དུས་ཡིན་ནོ། །སྣང་བཞི་འདི་དག་གི་སྐབས་སུ་དག་བྱ་དྲི་མ་རེ་རེ་སྦྱོང་བའི་གཉེན་པོར་སྔོན་འགྲོ་ལ་སོགས་པ་གནད་དུ་སོང་བས་སྣང་བ་དེ་དག་ཤར་བ་ཡིན་པར་བཏགས་པ་ཡིན་ཡང་། དོན་གྱི་སྟེང་ནས་འདི་ནི་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་པ་མ་གཏོགས། རྒྱུ་འབྲས་མཚན་ཉིད་པ་དེས་བསྐྱེད་དེ་བྱུང་ལྟ་བུ་མ་ཡིན་པར། ཡེ་ཤེས་རང་གནས་རང་ལ་ཡོད་པའི་གདངས་དེ་ཉིད་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བ་ཙམ་ཡིན། སྣང་བ་བཞིའི་ལམ་ནས་སྐུ་གསུམ་གྱི་ཡོན་ཏན་མ་ཚང་བ་མེད་པར་བྱང་ཆུབ་སྟེ་ཆོས་དབྱིངས་གཞོན་ནུ་བུམ་སྐུ་སྤངས་དང་རྟོགས་པའི་ཡོན་ཏན་མཐའ་དག་མཐར་ཕྱིན་པའི་ས་ལ། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ཀ་དག་རིན་པོ་ཆེའི་གསང་བའི་སྦུབས་ལ་མཐར་ཐུག་གི་གྲོལ་ས་གསུངས་པ་རེད། འདི་ཐོག་མའི་གྲོལ་འཁྲུལ་གཉིས་ཀྱི་གཞི་ལ་ནོར་མི་ཉན། མཐར་ཐུག་གི་གྲོལ་ས་ཀ་དག་དང་ནི། ཐོག་མའི་ངེས་མེད་གཞིའི་ལྷུན་གྲུབ་གཉིས་ཀ་རིག་པའི་ཡོན་ཏན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཚང་བའི་ཆ་ནས་འདྲ་ནའང་། དྲི་མ་དག་དང་མ་དག་དང་ཕྱིན་ཆད་འཁྲུལ་གཞི་བྱེད་དང་མི་བྱེད་ཀྱི་ཁྱད་པར་ཆེན་པོ་ཡོད། རྒྱུད་མུ་ཏིག་ཕྲེང་བ་ལས། གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་གསུངས་ཡོད་པ་དེ་འབྲས་བུ་ཐོག་མའི་གཞི་ཐོག་ཏུ་གྲོལ་འགྲོ་གསུངས་པ་མིན། ཐོག་མའི་ཀ་དག་གི་རིག་པའི་རང་ངོ་ཤེས་ཏེ་དག་པ་གཉིས་ལྡན་གྱི་ས་ལ་བྱང་ཆུབ་པ་ཡིན་པས་ན་ཕྱིན་ཆད་འཁྲུལ་རྒྱུ་རུ་ལྡོག་མི་ཤེས་པའམ་ལྡོག་མི་སྲིད་པ། འཁྲུལ་གཞི་ཟད་པས་གྲོལ་ས་ཞེས་པའམ་འབྲས་བུ་ཟེར་བའི་མིང་འགྱུར་བ་ཙམ་ཞིག་ཡིན། ད་དེ་རིང་ཉམས་ལེན་སྣང་བཞིའི་འཆར་ཚུལ་བསྟན་པ་སོང་བའི་མཚམས། རྟག་ཏུ་ཙིཏྟ་རིན་ཆེན་གཏེར་ཏུ་སྦོས། །གསུངས་སའི་མཚམས་འདི་ནས་བཞག་སྟེ་ཆོས་ཁྲིད་རྗེས་མར་ཁྲིད་རིམ་བདུན་པའམ་ཁྲིད་རིམ་ཐམས་ཅད་ཀྱི་རྗེས་མ་མཐའ་རྟེན་གྱི་མན་ངག་རྣམ་བཞི་བཤད་པ་ནས་ཐ་མར་དགེ་བ་མཇུག་དོན་བཤད་པ་དང་བཅས་པས་ཐེངས་འདིའི་ཆོས་ཁྲིད་ཡོངས་སུ་གྲུབ་ལ་ཉེ་བ་མཇུག་གི་རྫོགས་བྱང་དུ་བསྔོ་བ་དང་བཅས་པས། ཡང་འདུས་པ་ཐམས་ཅད་མི་རྟག་འབྲལ་བའི་ཆོས་ཡིན་པས་ན། གཞིས་བྱེས་སོ་སོར་ཕྱེ་སྟེ་ཁམས་བདེ་ཞུ་ས་ལ་ཐུག་རྩིས་བྱེད་གྲབས་རེད། ངས་འདི་ལྟར་བསམ་བློ་བཏང་དུས་ད་རེས་ཀྱི་ཐེངས་འདིའི་ཆོས་ཁྲིད་ཉི་མ་སུམ་ཅུ་ཐམ་པའི་ཕྱོགས་སྡོམ་ཞིག་བྱེད་ཡོང་ན། ཟླ་ཁྲིད་ཁྲིད་སྦྱང་དང་བཅས་པར་བར་ཆད་ཉེར་འཚེ་གཅིག་ཀྱང་མ་བྱུང་བའི་ཐོག་ནས་རྣམ་པར་རྒྱལ་བའི་ངང་ནས་འགྲུབ་ལ་ཉེ་བ་རེད། འདིའི་ཁྲིད་སྦྱང་རྒྱས་བསྡུས་ཀྱི་རིམ་པ་དང་བསྟུན་པའི་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་ཁྲིད་སྦྱང་དེ་ཡང་དུས་ཚོད་ཐུང་ཐུང་དང་བསྡུར་ན། ཡང་མ་སྐྱོན་པ་ཞིག་བྱེད་རྒྱུ་བྱུང་སོང་བ་རེད། ད་མི་འགྱངས་བར་གོང་དུ་བཤད་པ་བཞིན་གཞི་བ་བཀྲ་ཤིས་བྱེས་པ་དོན་འགྲུབ་ཟེར་རྒྱུའི་ཁ་གཡང་སྒྲོག་སར་ཐོན་རན་པ་རེད་དེ། བློ་ལྷག་ཅིག་ལ་ཅུང་ཟད་ཅིག་ཅི་ཞིག་ཡོད་འདུག་ཟེར་ན། འཕོ་ཁྲིད་ཅིག་འདོན་དགོས་པ་ཡིན། སྔར་ཞིག་ནས་འདོན་བསམ་བསྡད་ཀྱང་། ཡར་བསྙབས་མར་བསྙབས་སྣ་ཟིན་སྣེ་ཟིན་རེ་བྱེད་པ་ཞིག་གིས་ཁྲིད་སྦྱང་གཙོ་བོ་དེ་ཆག་བྱེད་རེད་བསམ་ནས་བཏང་སྙོམས་སུ་བཞག་ཀྱང་། ད་འགྲོ་ས་ངོ་མ་ལ་ཐུག་ཡོང་དུས། ཡང་དེ་ལྷག་མི་ཉན་པ་ཞིག་རེད་བསམ་སོང་། གནའ་སྔོན་མ་ཡིན་ན་མདོ་ཁམས་གཉིས་ཀྱི་བར་ཟེར་ཡོང་དུས། ས་ཁད་ཀྱིས་ལེ་བར་བརྒྱ་ཚོ་སྟོང་ཚོས་ཕྱེས་ཡོད་པའི་རྒྱང་རིང་པོ་ཞིག་རེད། དེ་བཞིན་ད་དུང་འདི་ན་དབུས་གཙང་ཕྱོགས་ཀྱི་མི་ཡང་ཡོད་པ་རེད། དེང་སང་འགྲུལ་བཞུད་སྟབས་བདེའི་དུས་ཡིན་པས་ཐག་རིང་ཐུང་གིས་མདོ་དབུས་ཁམས་གསུམ་གྱི་ས་ཆ་རྨ་ཟླ་འབྲི་གསུམ་གྱི་ཁ་དབར་དེ་འདྲའི་མི་ཐུག་ས་ཞིག་མ་རེད་ཀྱང་། སྤྱིར་ན་འདུས་བྱས་རྟག་པ་མིན་པ་དང་སྒོས་སུ་རང་རང་སོ་སོ་ལ་བྱེད་སྒོའི་ལས་རིགས་རེ་གཉེར་རྒྱུ་ཡོད་པ་དང་། ཁྱད་པར་དུ་ས་འདིའི་སྔགས་རིགས་མང་ཆེ་བ་ཁྱིམ་ན་གནས་པའི་ལས་བྲེལ་ཅན་ཡིན་པས་ཡར་དང་མར་ལ་ཐོན་ཟེར་ན་ཅུང་དཀའ་བས་ན། སྡེ་གླིང་དཀར་ཉིན་ཉིན་མི་འཛོམས་ཁི། །རྟ་རག་དཀར་ཉིན་ཉིན་མི་རྒྱུག་ཁི། །ངས་ཀྱང་རྗེས་ཤིག་ནས་ཡིན་ཟེར་ན་ཤོབ་རེད་འགྲོ་རྒྱུ་རེད། དེས་ན་འདི་ནས་སྙིང་ཐིག་རང་གཞུང་གི་འཕོ་ཁྲིད་དེ་གཅིག་བཏོན་ན་བསམ་ནས་འདོན་རྩིས་ཡིན། དེ་རིང་ཕྱི་དྲོ་དང་སང་ཉིན་སྔ་ཕྱི་དྲོའི་ཐུན་གསུམ་པོ་དེ་ལ་འཕོ་ཁྲིད་འདི་སྦྱང་བཞག་ན་བསམ་གྱིན་ཡོད། ད་དུས་ཚོད་དམ་འཛིན་བྱས་ནས་འདོན་རྒྱུ་བྱེད། ཁྱེད་རྣམ་པས་དང་པོ་གསན་ནས་བཞུགས་ན་ཆོག་གི འདི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཁྲིད་སྦྱང་ནང་ན་ཁོ་རང་འཕོ་ཁྲིད་ཆོག་ཁྲིགས་མ་ཡོད་པ་དེ་རེད། ༈ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་བསམ་ཡིད་ལ་མཆོག་ཏུ་བཅགས་ཏེ་དམ་པའི་ཆོས་ཉན་པ་ལ་ཞུགས་པ་ནི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་དམ་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་པ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཐུགས་ལ་བཅངས་ཏེ་གསན་པར་ཞུ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། སློབ་དཔོན་ཆེན་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལས། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་ད་རེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལག་ཏུ་ལོན་པའི་དཔེས་བརྒྱ་སྟོང་གི་ཆར་ཡང་མི་ཕོད་པའི་དལ་བའི་རྟེན་བཟང་པོ་འདི་ལྟ་བུ་རྙེད་པའི་སྐབས་སུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་ཐབས་ལྷུར་ལེན་དགོས། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཐབས་མཁས་ཤིང་ཐུགས་རྗེ་ཚད་མེད་པས་སེམས་ཅན་གྱི་ཁམས་ཡལ་བར་མི་འདོར་བའི་ཕྱིར། གདུལ་བྱ་རྣམས་ཀྱི་ཁམས་དབང་བསམ་པ་བག་ལ་ཉལ་གྱི་རིམ་པ་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་ནང་ནས། མཆོག་དང་ཕུལ་དང་རབ་ཏུ་གྱུར་པ་ནི་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་ཁོ་ན་ཡིན་ཅིང་། དེ་ལས་ཀྱང་ཇི་སྐད་དུ་དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས། ཉེས་པ་ཀུན་གྱིས་གོས་པ་ཡང་། །འཕོ་བའི་སྦྱོར་བ་སྦྱོང་བས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་སོགས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་ལན་གཅིག་མ་ཡིན་པར་བསྔགས་པའི་མ་བསྒོམས་སངས་རྒྱས་འཕོ་བའི་མྱུར་ལམ་ལ་བརྟེན་ནས་མཁའ་སྤྱོད་ཀྱི་གོ་འཕང་བདེ་བླག་ཏུ་སྒྲུབ་པའི་གདམས་པ་ཟབ་མོས་རྗེས་སུ་གཟུང་བའི་སྐབས་ཡིན། དེ་ལའང་མན་ངག་གི་རྣམ་གྲངས་མཐའ་ཀླས་ཀྱང་བསྡུ་ན་ལྔར་འདུས་ཏེ། རབ་ཆོས་སྐུ་གཏན་མེད་ཀྱི་འཕོ་བ། འབྲིང་ལོངས་སྐུ་ཟུང་འཇུག་གི་འཕོ་བ། ཐ་མ་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བ། རང་དོན་དུ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ། གཞན་དོན་དུ་ཐུགས་རྗེའི་ལྕགས་ཀྱུའི་འཕོ་བ་སྟེ་རྣམ་པ་ལྔར་ཡོད་པ་ལས། འདིར་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བའི་གདམས་པ་ཉམས་སུ་བླངས་པ་ལའང་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། ཐོག་མར་སྔོན་འགྲོས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་ཡོད་སྙམ་པའི་མོས་པས། དེ་རྣམས་ཀྱི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཅི་མཛད་ཁྱེད་མཁྱེན་སྙམ་པའི་རེ་ལྟོས་ལིང་སྐྱུར་གྱིས་སྐྱབས་སུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་འཕོ་བའི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ན་མོ༔ དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ༔ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས༔ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སླར་ཡང་ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་བསགས་སྦྱངས་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཧྲཱི༔ ཆུ་ལས་ཆུ་བུར་ཇི་བཞིན་དུ༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷར༔ བདག་ལུས་ཞིང་གི་རྡུལ་སྙེད་དུ༔ རྣམ་པར་འཕྲུལ་པས་ཕྱག་འཚལ་ལོ༔ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ འོད་གསལ་ཆོས་སྐུའི་ངང་དུ་བཤགས༔ བདེན་པ་གཉིས་ཀྱིས་བསྡུས་པ་ཡིཿ དགེ་ཚོགས་ཀུན་ལ་རྗེས་ཡི་རང༔ རིག་ཅན་གསུམ་གྱི་གདུལ་བྱ་ལ༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ༔ ལན་གསུམ། དེ་ལྟར་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་སོང་ནས། དངོས་གཞིའི་མྱུར་ལམ་ཟབ་མོ་ལ་འཇུག་པའི་སླད་དུ། ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་རྒྱུ་བ་རང་སོར་བཞག །སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤུནྱཏ་སོགས་ནས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་དང་སྐྱེ་མཆེད་ཀྱི་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་འོག་མིན་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་ཆེན་པོར་གསལ་བའི་དབུས་སུ་ཁྱེད་རང་རྣམས་སྐད་ཅིག་གིས་གཞི་ལུས་ཀྱི་བཀོད་པ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། མཆན་ཁུང་གཡོན་ན་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་ག་འཁྱུད་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་ཅུང་ཟད་བསྐུམ་ཞིང་། གཡོན་བརྐྱངས་པའི་དོར་སྟབས་ཀྱིས་པདྨཉི་མ་བམ་རོའི་སྟེང་ན་བཞུགས་པར་གསལ་བའི་སྐུའི་དབྱིབས་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་དུ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་ཙམ་པ་སྟོང་སང་ངེ་འོད་ཀྱི་སྦུ་གུའི་རྣམ་པར་གསལ་བའི་ཡར་སྣེ་ཚངས་བུག་གི་གནས་སུ་རྒྱ་མཐོངས་ཁ་བྱེ་བ་ལྟར་ཧ་རེ་ཡོད་པ། མར་སྣེ་ལྟེ་འོག་སོར་བཞིའི་གནས་སུ་ཁ་ཟུམ་པ། སྙིང་གའི་ཐད་སྨྱུག་མ་ཚིགས་ཀྱིས་བཅད་པ་ལྟ་བུའི་སྟེང་དུ་རླུང་གི་རང་བཞིན་ཐིག་ལེ་ལྗང་སྐྱ་སྲན་མ་ཙམ་པ་ཅུང་ཟད་གཡོ་བ་དང་བཅས་པ་ལ་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འབྲུ་མར་གྱི་སྡོང་བུ་ལྟར་འབར་བས་མཚན་པར་གསལ་བཏབ། སྤྱི་བོར་ཁྲུ་གང་ཙམ་གྱིས་མཐོ་བའི་ནམ་མཁར་ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འཇའ་ཟེར་ཐིག་ལེར་འཁྲིགས་པའི་ཀློང་དུ་པདྨ་ཟླ་བའི་གདན་ལ་སྐྱབས་གནས་ཀུན་འདུས་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མ་མཆིས་པའི་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་ཏུ་གསོལ་ཞིང་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་ལ་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་འཁོར་གྱིས་བསྐོར་ཏེ། ཁྱེད་རང་གི་ཐར་པའི་ལམ་སྟོན་ཆེན་པོར་མངོན་སུམ་ལྟ་བུར་བཞུགས་ཡོད་སྙམ་པའི་མོས་པས། བདག་གིས་བླ་མ་ལ་གསོལ་བ་བཏབ་ཅིང་ཧྲཱིཿལྔ་ཚར་བརྗོད་པའི་ཚེ། ཁྱེད་རང་གིས་ཀྱང་སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་ཤེས་པ་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་གསོལ་བ་བཏབ་པས་སྙིང་གའི་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཡིག་འབྲུ་དང་བཅས་པ་དེ་ཉིད་དབུ་མའི་ལམ་བརྒྱུད་ནས་ཤོག་སྐྱ་རླུང་གིས་བཏེགས་པ་བཞིན་ཡར་ཡར་འགྲོ་བའི་ངང་ལ་ཧིཀ་གམ་ཕཊཿཅེས་དྲག་ཏུ་བརྗོད་པ་དང་ལྷན་ཅིག་ཏུ་མདའ་འཕངས་བ་བཞིན་དུ་སོང་ནས་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་སྤྲོས་བྲལ་བློ་འདས་ཀྱི་དབྱིངས་སུ་མཉམ་པར་ཞོག་མཛོད། ཞེས་བརྗོད་ལ། གཙོ་བོར་རང་ཉིད་ཀྱིས་འདུན་པ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས། ཨེ་མ་ཧོཿ གནས་རང་སྣང་སོགས་ནས། རྒྱལ་ས་ཟིན་པར་ཤོགཿ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ ཞེས་རྐན་གྱི་སྦུབས་ནས་བརྗོད་པའི་མཐར། ཧིཀ་གི་སྒྲས་འཕོ་རྒྱུ་རེད། ཕཊཿཕཊཿཕཊཿཕཊཿཕཊཿཅེས་པའི་ཕཊཿལྔ་ཡིས་བླ་མ་འོད་དཔག་མེད་ཀྱི་སྐུ་ལྔ་ཡེ་ཤེས་ལྔ་དབྱེར་མེད་བདེ་བ་ཆེན་པོའི་ཀློང་དུ་འཕོའོ། དེ་ལྟ་བུའི་དམིགས་པའི་རྟེན་གོམས་ཤིང་ཡིད་ཆེས་པའི་རྟགས་མ་བྱུང་བར་དུ་བསྐྱར་ནས། མཐར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་ཅིང་། དེ་ལས་ལྡང་བ་ན་རྗེས་ཐོབ་སྙིང་རྗེ་ཆེན་པོའི་བློས་བསྔོ་སྨོན་གྱིས་མཚམས་སྦྱོར་རྒྱས་པར་བྱའོ། །འདིའི་དམིགས་རིམ་ཚང་མ་གོང་ནས་འཕོ་ཁྲིད་རང་གཞུང་གི་ནང་ནས་གསུངས་པ་ལྟར་ལས་ཞལ་ཤེས་ཀྱི་གསལ་འདེབས་ལྷག་གི་ཆེ་བ་ཞིག་ཅང་མེད། འདིའི་དམིགས་རིམ་དེ་ཚུར་བསྡུས་ན་མཚན་བཅས་དང་མཚན་མེད་གཉིས་སུ་བྱས་ན་འགྲིག་འདུག་བསམ། མཚན་བཅས་ཀྱི་སྐབས་སུ་ཇི་ལྟར་དམིགས་དགོས་ན། ཕྱི་ལུས་ཀྱི་སྟོང་ར་དང་གཅིག ནང་རྩའི་སྟོང་ར་དང་གཉིས། གསང་བ་སེམས་ཀྱི་ངོ་བོ་དང་གསུམ། སྐྱབས་ཡུལ་སྤྱི་བོའི་རིགས་བདག་དང་བཞི་པོ་ལ་དམིགས་པ་གཏད་དགོས་པ་ཡིན། དེའི་ནང་གི་ཕྱི་ལུས་ཀྱི་སྟོང་ར་དེ་གོང་ནས་གསུངས་པ་བཞིན་དུ་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དཔེར་ན་དར་དམར་གྱི་གུར་ཕུབ་པ་ལྟ་བུ་དང་། ནང་རྩ་ཡི་སྟོང་ར་དེ་རྩ་དབུ་མ་མཚན་ཉིད་བཞི་ལྡན་ནམ་ལྔ་ལྡན་གསུངས་པ་རེད། དེ་དག་གང་ཡིན་ན། དྲང་བ་ཆུ་ཤིང་གི་སྡོང་པོ་ལྟ་བུ། སྟོང་པ་ཤོག་བུ་ཁོག་སྟོང་ལྟ་བུ། གསལ་བ་ཏིལ་གྱི་མར་མེ་ལྟ་བུ། སྔོ་བ་མཐིང་ཞུན་གྱི་དྭངས་མ་ལྟ་བུ། སྲབ་པ་པད་མའི་འདབ་མ་ལྟ་བུ། དེ་ལྟ་བུའི་མཚན་ཉིད་བཞི་ལྡན་ནམ་ལྔ་ལྡན་དེ་ལྟེ་འོག་ནས་སྤྱི་གཙུག་བར་དུ་ཡར་ཟུག་ཡོད་པ། དེ་ཡང་ལྟེ་འོག་ཏུ་ཁ་ཟུམ་ཡོད་པ། ཚངས་བུག་ནས་རྒྱ་མཐོངས་ཁ་ཕྱེས་པ་ལྟར་ཕྱེས་ཡོད་པ་དེ་ལྟར་དུ་བསམ། གསང་བ་སེམས་ཀྱི་ངོ་བོ་སྙིང་ཁའི་ཐད་ན་རྩ་དབུ་མ་སྨྱུག་ཚིགས་འགག་པ་ལྟ་བུའི་སྟེང་ན་རིག་པ་ཧྲཱིཿཡིག་དམར་པོ་ཞིག་ཏུ་གསལ་གདབ། དེ་རླུང་རིག་འདུས་པའི་ངོ་བོ་རླུང་གི་ཐིག་ལེ་ལྗང་སྐྱ་ཞིག་ལ་བཀྱག་མ་རག་པ་ཞིག་འཕར་འདར་ལིང་ལིང་དུ་བསྒོམ། དེས་ཕྱི་ནང་གསང་བ་གསུམ་སོང་ནས། བཞི་པ་ནི། སྤྱི་བོའི་རིགས་བདག་འོད་དཔག་མེད་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་སངས་རྒྱས་འོད་དཔག་མེད་རྒྱལ་ཀུན་འདུས་པའི་ངོ་བོ་རུ་བསྒོམས་ཞིང་། དད་གུས་མོས་པ་རྩེ་གཅིག་གིས་གསོལ་བ་བཏབ་སྟེ་ངག་འདོན་གྱི་ཚིག་རྗེས་དོན་དྲན་དང་སྦྲགས་ནས་ཧིཀ་ཀ་འཕེན་དུས་དམིགས་པ་གཏོད་རྒྱུའི་ཆེད་གོང་ནས་གསུངས་པ་བཞིན་རྐན་བུག་ནས་ཧྲཱིཿ་ལྔ་ཚར་བརྗོད་དགོས། རྐན་བུག་ནས་ཧྲཱིཿ་ལྔ་ཚར་བརྗོད་པ་དང་མཉམ་དུ་སྙིང་གའི་སེམས་ཀྱི་ངོ་བོ་རིག་པ་ཧྲཱིཿཡིག་དམར་པོ་དང་པོ་ནས་འཕར་ལ་ཁད་དང་འཕུར་ལ་ཁད་པར་ཡོད་པ་དེ་ཧྲཱིཿརེ་རེ་བརྗོད་དུས་རེ་རེར་འཕར། ཧྲཱིཿལྔ་བའི་སྐབས་སུ་ཚངས་བུག་རྒྱ་མཐོངས་འདྲ་བོའི་ཁ་རུ་ཐོན་ཡོད་པར་བསམ། དེའི་མཚམས་ནས་ཧིཀ་གཅིག་གིས་མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་རྩལ་ཆེན་གྱིས་མདའ་འཕང་བ་བཞིན་དུ་ཕྱིར་མི་ལྡོག་པའི་ཚུལ་གྱིས་དབྱེར་མེད་དུ་འདྲེས་པར་བསམ། དེ་ཡན་ཆོད་ཀྱིས་མཚན་བཅས་དམིགས་པ་ཅན་གྱི་བསྐྱེད་རིམ་དང་སྒོ་བསྟུན་པ་བྱས་ཏེ། དེ་ནས་མཚན་མེད་རྣལ་འབྱོར་རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་པོ་རྫོགས་པ་ཆེན་པོ་རེད། རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་ལེན་དང་ཟུང་དུ་འབྲེལ་དགོས། རིག་སྟོང་ཟང་ཐལ་བརྗོད་མེད་ཀྱི་གཤིས་ལ་མ་བཅོས་མཉམ་པར་འཇོག་གོ ད་སྔོན་དུ་ངས་འཕོ་ལུང་ཞེས་པའི་སྒྲ་དོན་དང་མཐུན་པར་འཕོ་ཁྲིད་དང་སྦྲགས་ཏེ་ངག་འདོན་གྱི་ལུང་ཞིག་མར་བཏོན་ཡོང་དུས། ཁྱེད་རྣམ་པས་ལུས་ཀྱི་འདུག་སྟངས་རྣམ་སྣང་ཆོས་བདུན་གོང་ནས་གསུངས་པ་ལྟར་དུ་གྱིས། འདི་ལ་དམིགས་བསལ་ལག་གཉིས་ཁུ་ཚུར་གྱིས་མཐེ་བོང་གཉིས་ཀྱིས་རང་གི་སྲིན་མཛུབ་གཉིས་མནན་ཏེ་དེས་བརླ་རྩ་མནན་པ་དང་བཅས་གོང་དུ་བཤད་པའི་དམིགས་པ་གཙོ་བོར་གཏད་དགོས། ངས་སྙིང་ཐིག་རང་གཞུང་གི་འཕོ་བ་དང་ནི་རྫོགས་ཆེན་གདན་ས་ནས་བརྒྱུད་པའི་འཇག་ཟུག་མ། གནམ་ཆོས་ཀྱི་འཕོ་བ་བཅས་པ་ཚར་རེ་འཕྲོ་འཕྲོར་འདོན་ཡོང་དུས་འདིའི་སྐབས་ཁྱེད་རྣམ་པས་དམིགས་པ་འཛིན་རྒྱུ་མ་གཏོགས་ཞལ་འདོན་གསུང་རྒྱུ་དང་ཧིཀ་ཀ་འཕེན་མི་དགོས། འདི་ལ་རབ་ཆོས་སྐུ་གཏད་མེད་ཀྱི་འཕོ་བ་དང་། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། ཐ་མ་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བ། རང་དོན་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་ལ་སོགས་པ་གསུངས་ཡོད་པ་རེད་དེ། རྣལ་འབྱོར་བའི་ཉམས་རྟོགས་ཀྱི་ཁྱད་པར་གྱིས། ཆོ་ག་དེ་འདུ་ཤེས་གསུམ་ལྡན་གྱི་འཕོ་བའི་ཆོ་ག་འདི་ནས་གསུངས་པ་ལྟར་རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། སེམས་རྣམ་ཤེས་ཀྱི་ངོ་བོ་ལ་མགྲོན་པོའི་འདུ་ཤེས། ལམ་དེ་བརྒྱུད་དེ་སྤྱི་བོའི་བླ་མ་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བ་འགྲོ་སའི་འདུ་ཤེས་ཞེས་བཤད་ཡོད་ཀྱང་། དོན་གྱི་ཐོག་ནས་བླ་མ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་དབྱིངས་དང་གཉིས་སུ་མེད་པར་བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་འཇོག་པ་དེ། རབ་ཆོས་སྐུ་གཏད་མེད་ཀྱི་འཕོ་བ་ཡང་རེད། ཁྲེགས་ཆོད་ཐོད་རྒལ་གཉིས་མེད་ཀྱི་དབྱིངས་རིག་བསྲེ་བའི་གདམས་པའང་དེ་ཡིན། ནམ་ཞིག་འཆི་བ་བཙན་ཐབས་སུ་བྱུང་སྟེ་ལས་ལ་སྦྱོར་རན་པའི་ཚེ་འཆི་བ་བཟློག་རྒྱུ་མེད་པ་རེད་དུས། སྣང་གསུམ་འཕོ་བའི་རིམ་པས་དབུགས་ཕྱིར་འགྲོ་བའི་སྐབས་དང་བསྟུན་ནས་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་དུས་འདི་ཉིད་ལས་ལ་སྦྱར་དགོས་པ་ཡིན། དབྱིངས་དང་རིག་པ་དབྱེར་མེད་དུ་བསྲེ་དགོས། དེ་གལ་ཆེན་པོ་ཡིན། ད་ལྟ་ནས་སྐབས་རེར་ཁྲེགས་ཆོད་ཐོད་རྒལ་གཉིས་མེད་ཀྱི་ནམ་མཁའ་སུམ་སྤྲུགས་སྒོམས་དང་ཕན་རླབས་ཆེ། འཕོ་བའི་གདམས་པ་འདི་སྦྱངས་ནས་མ་ཆག་པ་བྱེད་པ་དང་ཐུན་དང་ཐུན་མཚམས་གང་གི་སྐབས་སུ་ཡིན་ནའང་རིག་པ་སྤྱི་བོར་གཏད་པ་དང་། སྤྱི་བོར་བླ་མ་དང་མགོན་པོ་འོད་དཔག་མེད་གཉིས་མེད་དུ་རྒྱུན་དུ་བཞུགས་པར་བསྒོམ་པ་དེ་འདིའི་མན་ངག་ཀྱང་རེད་ལ་འཕོ་བའི་དམ་ཚིག་ཀྱང་རེད། དངོས་སུ་འཕོ་བའི་དམིགས་པ་གཏད་པའི་སྐབས་སུ་ད་རེས་ཀྱི་བཞུགས་སྟངས་དང་སྲིན་མཛུབ་མནན་རྒྱུ་དེ་ཚོ་མཛད་དགོས། དེ་ནས་འདིའི་ངག་འདོན་དེ་བསྡུས་པ་ངོ་མ་ཞིག་བྱེད་ནས་ཡི་གེ་ཤེས་དང་མི་ཤེས་ཚང་མས་ངག་འདོན་མཉམ་དུ་སྒྲིལ་ཆོག་པའི་ཆེད་དུ་རྒྱས་པ་འདོན་ཁི་ཡོད་པ་མ་རེད། བསྡུས་བསྡུས་འདིའི་ནང་འཐུས་པའང་ཡིན། འདི་གསུང་བྱིན་རླབས་ཅན་ཡང་ཡིན། དེ་ལྟར་ན་ངས་ཚར་གཅིག་མར་ལུང་བྱས་ནས་འདོན་འགྲོ། ༈ བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན་ནོ། །སྐུ་གསུམ་བཀའ་བརྒྱུད་ཀྱི་ངོ་བོ། །ཡོངས་འདུས་ཡིད་བཞིན་གྱི་ནོར་བུ། །རྩ་བའི་བླ་མ་དེ་མཁྱེན་ནོ། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཅིག །ལན་གསུམ། རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས་ཤིག །ལན་གསུམ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །མཁྱེན་བརྩེ་ནུས་པའི་བདག་ཉིད། །དྲིན་ཆེན་མཚོ་སྐྱེས་རྡོ་རྗེར། །སྙིང་ནས་གསོལ་བ་འདེབས་སོ། །རྟག་ཏུ་དབྱེར་མེད་ཐུགས་རྗེས། །བདག་བརྒྱུད་བྱིན་གྱིས་རློབས་ཤིག །ལན་གསུམ། ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས།། ༈ བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་ཆེ། །དག་པའི་ཞིང་དུ་ཁྲིད་པའི་དེད་དཔོན་མཆོག །མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །གནད་གཅོད་གཤིན་རྗེའི་འཇིགས་ལས་བསྐྱབ་ཏུ་གསོལ། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ། །ཞིང་མཆོག་བདེ་བ་ཅན་དུ་ཁྲིད་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུངས་།། ༈ ཨེ་མ་ཧོ༔ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་༔ བཀོད་པ་རབ་རྫོགས་བདེ་ལྡན་ཞིང་གི་དབུས༔ རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན༔ ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས༔ དེ་ཡི་ཁོང་དབུས་རྩ་དབུ་མ༔ སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལ༔ སྟོང་སངས་འོད་ཀྱི་སྦུ་གུ་ཅན༔ ཡར་སྣེ་ཚངས་བུག་གནས་སུ་ཧར༔ མར་སྣེ་ལྟེ་འོག་ཟུམ་པ་ཡི༔ སྙིང་ཁར་ཚིགས་ཀྱིས་བཅད་པའི་སྟེང༔ རླུང་གི་ཐིག་ལེ་ལྗང་སྐྱའི་དབུས༔ རིག་པ་ཧྲཱིཿཡིག་དམར་པོར་གསལ༔ སྤྱི་བོའི་ཁྲུ་གང་ཙམ་གྱི་སྟེང༔ སངས་རྒྱས་སྣང་བ་མཐའ་ཡས་ནི༔ མཚན་དཔེ་རྫོགས་པའི་ཕུང་པོར་གསལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ།། ལན་གསུམ། ༈ ཨེ་མ་ཧོ༔ གནས་རང་སྣང་དོན་གྱི་འོག་མིན་ན༔ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་༔ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི༔ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས༔ དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས༔ ཡིད་མོས་གུས་གདུང་བས་གསོལ་བ་འདེབས༔ ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ གནས་འོག་མིན་འགྲོད་པར་བྱིན་གྱིས་རློབས༔ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔ ཡིད་མོས་གུས་མན་ཆད་ལན་གསུམ། ཚིག་རྐང་རྗེས་མ་ཡང་ལན་གསུམ། ད་རེས་དམིགས་པ་དང་ཕྱག་སྟབས་མཛད་ནས་བཞུགས་དང་ཧིཀ་ཀ་ངས་འཕེན། ཧྲཱིཿ ལྔ་ཚར། ཧིཀ ལྔ་ཚར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ།། ལན་གསུམ། ༈ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨའབྱུང་གནས་ལ་གསོལ་བ་འདེབས༔ དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཟུང་༔ རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བ་སོགས་ལན་གསུམ། བདེ་བ་ཅན་དུ་སོགས་ལན་གསུམ། ཧྲཱིཿ ལྔ་ཚར། ཧིཀ ལྔ་ཚར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ།། ལན་གསུམ། ༈ ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔ བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ཚིག་རྐང་རྗེས་མ་ལན་གསུམ། ཧྲཱིཿ ལྔ་ཚར། ཧིཀ ལྔ་ཚར། ཀྱེ་མ་བདག་གཞན་གྱི་རྣམ་ཤེས་རྟེན་དང་བཅས། །འོད་བུན་ནེ་སངས་རྒྱས་ཀྱི་ཐུགས་ཀར་འཕོས། །ཀློང་དབྱེར་མེད་ཕྱམ་གཅིག་སངས་རྒྱས་ནས། །སྐུ་བདེ་ཆེན་ཞིང་གི་རྒྱན་དུ་བཞུགས། །ཕཊ༔ ཕཊ༔ ཕཊ༔ ཕཊ༔ ཕཊ༔ འདིའི་ཕཊ༔རེའི་མཚམས་སུ་ཨ་རེ་ཡིད་ཀྱིས་བསམ་པ་ནི་ངའི་བླ་མའི་ཞལ་ཤེས་ཡིན། དེ་ནས་སྤྱི་བོའི་འོད་དཔག་མེད་དེ་གནས་འགྱུར་ནས་ཚེ་དཔག་མེད་དུ་སྒོམ་དགོས། སྤྱི་བོའི་འོད་དཔག་མེད་པའི་སྐུ༔ འོད་དུ་ཞུ་ནས་རང་ལ་ཐིམ༔ རྐྱེན་དེས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་ཚེ་དཔག་མེད་དུ་གྱུར༔ ཨོཾ་ཨ་མ་ར་ཎི་ཛི་ཝན་ཏི་ཡེ་སྭཱ་ཧཱ༔ ཅུང་བཟླས་མཐར། འཁོར་བའི་སེམས་ཅན་གང་ཡང་རུང་། །ཁྱེད་ཀྱི་མཚན་ཙམ་འཛིན་པ་ཡིས། །ཚེ་དང་ཡེ་ཤེས་སྩོལ་མཛད་པ། །ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག། ཨེ་མ་ཧོཿ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱཱ་ཐ༔ པཉྩ་དྲི་ཡ་ཨ་ཝ་བོ་དྷ་ཡེ་སྭཱ་ཧཱ༔ ༈ འདིའི་མཚམས་འདིར་ངའི་བྲིས་པའི་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་འབྲེལ་བའི་ཞིང་སྨོན་བདེ་ཆེན་ལམ་སྟོན་ཐུང་ངུ་འདིའི་ལུང་ཞིག་འདོན། བསླུ་མེད་བདེ་ལྡན་ཞིང་མགོན་འོད་དཔག་མེད། །རྩེ་གཅིག་དད་པའི་ཤུགས་ཀྱིས་ཁྱེད་བསྒོམ་ན། །དང་བའི་ཡིད་ངོར་སྣང་སྟོང་སྒྱུ་མའི་སྤྲིན། །སྐུ་དང་ཞིང་ཁམས་རྟག་ཏུ་འཆར་བར་ཤོག །བརྩེ་ཆེན་སྙིང་རྗེས་དྲངས་པའི་བྱང་སེམས་ལ། །རྟག་ཏུ་གོམས་པའི་རྒྱལ་སྲས་སྤྱོད་མཆོག་གིས། །རླབས་ཆེན་ཚོགས་གཉིས་སྤྱོད་པ་མཐར་ཕྱིན་ཏེ། །དཔག་ཡས་དགེ་བའི་རྩ་བ་ཡོངས་བསྐྱེད་ཤོག །རང་དང་གཞན་གྱིས་དུས་གསུམ་བསགས་པ་ཡི། །རྣམ་དཀར་བསོད་ནམས་ཕུང་པོ་ཇི་སྙེད་པ། །དམིགས་བྲལ་འཁོར་གསུམ་དག་པས་བྱང་ཆུབ་ཆེར། །ཡོངས་སུ་བསྔོ་བས་སྲིད་པ་མཐར་བྱེད་ཤོག །ཁྱེད་ལ་ཡང་ཡང་གསོལ་བ་བཏབ་པ་དང་། །མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་མཐུས། །ངེས་དོན་འོད་དཔག་མེད་པའི་ཞལ་མཐོང་ནས། །བདེ་ཆེན་ཞིང་ཁམས་རྟག་ཏུ་འཛིན་པར་ཤོག །དེས་ཟབ་ལམ་འཕོ་བའི་གདམས་པ་ལེགས་པར་ཐོབ་པ་ཡིན་པས་གནས་སྐབས་ཀུན་ཏུ་དམིགས་པའི་རྟེན་གོམས་ལ་བསླབ་པ་དང་། ནམ་ཞིག་འཆི་ངེས་པའི་དུས་ལ་བབ་པའི་ཚེ་ན་རང་དོན་འདུ་ཤེས་སུམ་ལྡན་གྱི་འཕོ་བས་ལས་ལ་སྦྱར་བ་ན། ཚེ་འདིར་སྣང་གི་ཆགས་སྡང་གི་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་ལ། རྩ་དབུ་མ་ལམ་གྱི་འདུ་ཤེས། རང་ཉིད་ལམ་དེར་འགྲོ་བའི་འདུ་ཤེས། བླ་མའི་ཐུགས་ཀར་འཕོ་བའི་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙིང་གའི་རླུང་སེམས་ཀྱི་ཐིག་ལེ་ཡིག་འབྲུ་དང་བཅས་སྔར་བཞིན་དུ་འཕོས་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་ངང་ལ་མཉམ་པར་བཞག་པ་དང་། གཞན་ཡང་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཉིང་མཚམས་སྦྱར་བའི་དམིགས་ཡུལ་གྱི་སླད་དུ་ཐུགས་རྗེའི་ལྕགས་ཀྱུའི་འཕོ་བས་དག་པའི་ཞིང་ཁམས་སུ་དབུགས་དབྱུང་བ་སོགས་དོན་གཉིས་རླབས་པོ་ཆེ་སྒྲུབ་པའི་ཐབས་ལ་མཁས་པར་བྱའོ། །ཞེས་གསུངས་པ་སྟེ། དང་པོ་རང་གིས་འཕོ་བ་འབྱོངས་པར་བྱས་ནས་དེ་ནས་གཞན་བྱེད་པའི་རིམ་པ་བརྒྱུད་དགོས། དེ་ཡིས་ཀློང་ཆེན་སྙིང་ཐིག་རང་གཞུང་གི་འཕོ་ཁྲིད་ཆོག་ཁྲིགས་མའི་འགྲོས་ལྟར་དུ་ཕུལ་ནས་རྣམ་པ་ཚོར་ཐོབ་སོང་བ་རེད། ད་ལག་ཁྲིད་ཀྱི་ཚུལ་དུ་ཚར་གཅིག་ཁྲིད་སྦྱོང་བྱེད། འདུས་པ་ཡོངས་དང་ལྷན་དུ་འཕོ་བའི་ཁྲིད་སྦྱང་ཚར་གཅིག་མཛད་མཐར་བསྔོ་སྨོན་བཅས་ཉིན་བཞི་བའི་ཆོས་ཁྲིད་མཇུག་གྲིལ་སོང་ངོ།།


previousཉིན་བཞི་པའི་ཆོས་ཁྲིད། next