Nitartha Digital Library
Tibetan
 
previousགླེང་གཞི། next

གླེང་གཞི།

སྐུ་ཚེ་གང་པོར་འོ་བརྒྱལ་འཛེམས་མེད་ཐོས་བསམ་སྒོམ་པས་བསྟན་པ་འཛིན།།

ཉམས་རྟོགས་ཡོན་ཏན་དགོངས་པའི་རྩལ་རྫོགས་མདོ་སྔགས་གཞུང་བརྒྱའི་ཆོས་གཏེར་བརྡོལ།།

མཁས་བཙུན་གྲུབ་པས་ས་ཡི་སྟེང་དུ་ཡང་དར་བསྟན་པའི་རྒྱལ་མཚན་བཙུགས།།

ཁྱབ་བདག་བླ་མ་པདྨའི་མཚན་ཅན་སྙིང་གི་དབུས་ནས་ལན་བརྒྱར་གུས།།

རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པ་མཚུངས་མེད་དྲིན་ཅན་བླ་མ་ཡིས།།

ཐུགས་བརྩེས་མ་འདོར་དབང་དོན་ཟབ་ཁྲིད་སྐལ་ལྡན་བུ་ལ་སྩལ་བ་འདི།།

ལས་ཉོན་ནད་ཀྱིས་ཡུན་དུ་མནར་བའི་ཁམས་གསུམ་སྐྱེ་རྒུའི་འགྲོ་བ་ལ།།

ཕན་པའི་སེམས་ཀྱིས་སོར་རྩེའི་སྨྱུག་གིས་ཤོག་བུའི་ངོས་སུ་ཡི་གེར་བཀོད།།

ཅེས་ཚིག་བཅད་ཐུང་ངུ་སྔོན་དུ་བཏང་ནས་གང་ཞིག་གླེང་བྱ་ནི། དེ་ཡང་རྡོ་གྲུབ་ཆེན་གྱི་འབྱུང་འགྱུར་ལུང་བསྟན་གསལ་བའི་མེ་ལོང་ལས། །མདོ་ཁམས་ཡུལ་ནས་པདྨའི་མིང་ཅན་གྱིས། །ནགས་ཁྲོད་གངས་འདབ་པདྨ་ཐང་ཆེན་དུ། །སྔར་མེད་གནས་སུ་རྟེན་བཞེངས་འགྲོ་བ་སྐྱོབས། །སོགས་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་གིས་ལན་གཅིག་མིན་པར་ཡང་ཡང་བསྔགས་པ་ལྟར། ཁྱབ་བདག་གདོད་མའི་མགོན་པོ་ངུར་སྨྲིག་གར་གྱི་རྣམ་རོལ་དུ་བྱོན་པ། མཁས་བཙུན་གྲུབ་པའི་དབང་ཕྱུག ཟབ་གསང་ཐེག་དགུའི་མཛོད་འཛིན། དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཆོས་རྗེ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས། རྒྱལ་དབང་པདྨ་ཀ་རས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་སའི་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་ངོ་མཚར་སྟོང་ལྡན་གངས་རྒྱན་གསེར་གྱི་པདྨའི་གཙུག་ལག་ཁང་དེར། བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོར། སྡོང་ལོ་རླུང་གིས་ཁྱེར་བཞིན་ས་གཞི་གསེར་མདོག་ཏུ་གྱུར་བའི་ནམ་ཟླ་སྟོན་ཀའི་དུས་སུ། ལས་ཅན་དག་པའི་འཁོར་ཚོགས། ངུར་སྨྲིག་འཛིན་པའི་དམར་སེར་འདུས་པ་དང་གོས་དཀར་ལྕང་ལོའི་སྡེ་སོགས་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་ཡོངས་ལ། ཟབ་གསང་སྙིང་ཐིག་དུམ་གཉིས་ཀྱི་དབང་ལུང་ཁྲིད་གསུམ་གནང་སྐབས། སྨིན་བྱེད་དབང་གི་དཀའ་གནས་ལ་འགྲེལ་བཤད་མཛད་པ་རྣམས་ཡིག་ཐོག་ཏུ་བཀོད་པ་ཡིན། ཡིན་ན་ཡང་། སྐྱབས་རྗེ་བླ་མ་རིན་པོ་ཆེས་གསུངས་བའི་དབང་དོན་ནི། ཟབ་ཅིང་རྒྱ་ཆེ་བ་དང་། གུས་པ་ང་ནི། བློ་གྲོས་དམན་ཞིང་སྦྱོང་བ་ཆུང་། ཐོས་རྒྱ་མེད་ཅིང་གོ་རྟོགས་ཉུང་བས། རྗོད་བྱེད་ཚིག་ལ་ཡིག་ནོར་མང་། བརྗོད་བྱ་དོན་ལ་མ་རྟོགས་ཕྱོགས་རྟོགས་སོགས་ཀྱི་ནོར་འཁྲུལ་མང་པོ་ཡོད་པས་གཟིགས་པ་པོ་ཡོངས་ཀྱིས་དགོངས་གནང་ཡོད་པར་མཁྱེན་མཁྱེན།


previousགླེང་གཞི། next