Nitartha Digital Library
Tibetan
 
previousཉིན་དང་པོའི་དབང་དོན་ཟབ་ཁྲིད། next

ཉིན་དང་པོའི་དབང་དོན་ཟབ་ཁྲིད།

ཉིན་དང་པོའི་དབང་ནི། ཞི་ཁྲོ་ཁྲོམ་དཀྲུགས་ངན་སོང་སྦྱོང་བ་སོགས་ཀྱི་སྟ་གོན་ཡིན། དེ་ཡང་ཇི་སྐད་དུ། གསང་སྔགས་དངོས་གྲུབ་དོན་གཉེར་ན། །འཇིག་རྟེན་ཚེ་འདིའི་ཞེན་པ་དོར། །སོགས་ཀྱི་དབང་ཆོག་སོང་མཐར་ཕེབས་པའི་འཕྲོས་དོན་ནི། འདིའི་དུམ་གཉིས་ཀྱི་ནང་གི་འདོན་ཆའི་ལུང་འདི་ཐམས་ཅད་སྔར་རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུ་མདུན་ནས་ཀྱང་ཐོབ་ཡོད། དེ་མིན་ཀུན་མཁྱེན་འཇིགས་གླིང་གི་གསུང་པོད་དགུའི་ལུང་འདི། སྔར་ར་ཆེན་མ་འདས་སྤྲུལ་སྐུ་ཟེར་རྒྱུ་ཞིག་ལ་སྲས་མཁས་པ་ཆེན་པོ་པདྨ་མདོ་སྔགས་ཟེར་བའི་སྤྲུལ་སྐུ་ཞིག་ཡོད། དེའི་མདུན་ནས་ཆ་ཚང་ཐོབ་མྱོང་ཡོད། ད་རེས་འདི་ནས་འདོན་ཆ་གཙོ་བོར་བྱས་པའི་གནད་གང་ཆེ་དག་གི་ལུང་དེ་ཚོ་ཆེ་ཐུབ་ཆུང་ཐུབ་འདོན་ཆགས་བྱེད་ཀྱིན་ཡོད། གཙོ་བོ་ད་རེས་དབང་གི་སྐབས་རེད། སྤྱིར་ན་དབང་ཞེས་པའི་ཐ་སྙད་དེ་མདོ་ལམ་ནས་ཀྱང་འབྱུང་། དཔེར་ན། འོད་ཟེར་ཆེན་པོའི་དབང་བསྐུར་གསུངས་པ་སོགས་ལས་ཀྱང་གསལ་བར་སྟོན་ཡོད་པ་ཚང་མས་མཁྱེན་བཞིན་པ་རེད། རེད་དེ། གཙོ་བོ་སྔགས་རྒྱུད་ལས་སྨིན་ཅིང་གྲོལ་བའི་རིམ་པ་གཉིས་ཀྱི་ལམ་ལ་དབང་གིས་ཁྱབ་པར་མ་ཚད་ཐོག་མའི་ལམ་གྱི་འཇུག་སྒོ་ནས་དངོས་གཞི་མཐར་ཕྱིན་པའི་བར་གྱི་གཞི་ལམ་འབྲས་གསུམ་ལ་དབང་གིས་མ་ཁྱབ་པ་མེད་པ་ལྟ་བུ་ཞིག་རེད། དེ་ཡིན་ན་མདོའི་སྐབས་ནས་འོད་ཟེར་ཆེན་པོའི་དབང་བསྐུར་གྱིས་མཐའ་འབྲས་ལ་སྦྱོར་བའི་དགོངས་དོན་དེ། ཐབས་ཀྱིས་ཁྱད་པར་དུ་བྱས་པའི་སྔགས་ལམ་ནས་གབ་དོན་ཕྱུངས་ཤིང་བསྟན་ཡོད་པས་ན། སྔགས་ལ་ཡང་ཐུན་མོང་ལྟར་ན་རྒྱུད་སྡེ་བཞི། ཐུན་མིན་སྔ་འགྱུར་རང་ལུགས་ལ་རྒྱུད་སྡེ་དྲུག་ཏུ་ཕྱེས་པའི་ནང་ནས་ཀྱང་ཇི་བཞིན་པར་འབྱུང་། དེའི་ནང་ནས་བྱ་བའི་རྒྱུད་ལ་མཚོན་ན། ཆུ་དང་དབུ་རྒྱན་གྱི་དབང་གསུངས་ཡོད་པས། མི་བསྐྱོད་པ་ཆུའི་དབང་། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་། མཐའ་རྟེན་རྗེས་གནང་དང་བཅས་པ་དང་ནི། སྤྱོད་རྒྱུད་ལ་མཚོན་ན། ཆུ་དང་དབུ་རྒྱན་གཉིས་ཀྱི་ཁར། སྣང་བ་མཐའ་ཡས་རྡོ་རྗེའི་དབང་དང་། དོན་ཡོད་གྲུབ་པ་དྲིལ་བུའི་དབང་། རྣམ་པར་སྣང་མཛད་མིང་གི་དབང་དང་བཅས་པའི་དབང་ལྔ་ཡིས་སྨིན་པར་མཛད་པ་རེད། དེ་བཞིན་དུ་རྣལ་འབྱོར་རྒྱུད་ཀྱི་དབང་དུ་བཏང་ན་སློབ་མའི་དབང་ལྔའི་སྟེང་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་གིས་རང་རྒྱུད་སྨིན་པར་མཛད་པ་རེད། སྔགས་བླ་མེད་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི། ཕ་རྒྱུད་མ་ཧཱ་ཡོ་གས་བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་དང་བཞི་བསྐུར་དུས། དེའི་ནང་ནས་བུམ་པའི་དབང་གིས་རྒྱུ་ཕུང་ཁམས་སྐྱེ་མཆེད། ཐ་མལ་གྱི་སྣང་བ་རགས་པ་ཐམས་ཅད། ཡེ་ནས་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་དག་པའི། སྐུ་རྡོ་རྗེའི་གོ་འཕང་གི་ས་བོན་བཞག་པ་རེད། དེའི་སྟེང་ལ་མཆོག་དབང་གོང་མ་གསུམ་གྱི་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་སྣོད་རུང་དུ་བྱེད་པ་ཡིན་ནོ། །མ་རྒྱུད་ཨ་ནུ་ཡོ་གའི་གསང་བ་ཟབ་མོའི་དབང་གསུམ་གསུངས་ཡོད། ཁྱད་པར་དུ་གསང་དབང་དང་ཤེར་དབང་གི་སྐབས་ལ་བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་རིན་པོ་ཆེ་དང་བཞི་བོ་དེ་སྟབས་གཅིག་ཏུ་རྫོགས་རྒྱུ་དང་། སྟོང་བཞིས་དྲངས་བའི་དགའ་བཞིའི་ཡེ་ཤེས་ཀྱིས། སངས་རྒྱས་སྐུ་བཞིའི་གོ་འཕང་ཐོབ་རུང་གི་ས་བོན་རྒྱུད་ལ་བཞག་པའམ། ཡང་ན་ལམ་ཉམས་སུ་ལེན་པའི་སྣོད་རུང་དུ་བྱེད་པ་རེད། རྫོགས་ཆེན་ཨ་ཏི་ཡོ་གའི་ཐུན་མིན་མན་ངག་སྡེ་ཡིན་ན། དབང་བཞི་བ་ལས་ཕྱེས་པའི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་བཅས་བཞི་ཡི་རྣམ་བཞག་མཛད་ཡོད་པ་དེ་ཡང་གང་འདྲ་རེད་ཟེར་ན། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་སྤྲོས་བཅས་ཀྱི་དབང་བསྐུར། མཎྜལ་དང་བུམ་པ་ལ་བརྟེན་ཏེ་སྤྲོས་མེད་ཀྱི་དབང་བསྐུར། བརྡ་དང་རྟེན་འབྲེལ་ལ་བརྟེན་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་བསྐུར། ལྟ་སྟངས་དང་གཟིགས་སྟངས་ལ་བརྟེན་ཏེ་རབ་ཏུ་སྤྲོས་མེད་ཀྱི་རིག་པ་མངོན་སུམ་གྱི་དབང་བསྐུར་བས། སྔགས་ཕྱི་ནང་གི་རྒྱུད་སྡེའི་དབང་གི་རིམ་པ་ནི་དེ་བཞིན་རེད། དེའི་ནང་ནས་སྐབས་དོན་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་བསྐྱེད་པ་མ་ཧཱ་ཡོ་གའི་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་བསྐུར། རྫོགས་པ་ཨ་ནུ་ཡོ་གས་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག་གི་སྟེང་དུ་གསང་དབང་རྫོགས་པའི་ཆུ་བོ་དང་། སྒྲུབ་དབང་གྲགས་པའི་ཆུ་བོ་དང་བཅས་པའི། དབང་མཆོག་སུམ་ཅུ་རྩ་དྲུག་བསྐུར་བ་ཡིན་ན། རྫོགས་ཆེན་ཨ་ཏི་ཡོ་གས་གོང་དུ་སྨོས་པ་ལྟར་ནང་རྒྱུད་སྡེ་གསུམ་དང་ཐུན་མོང་གི་དབང་བཞི་བ་ལས་ཕྱེས་པའི་དབང་བཞི་ལ། འོག་མའི་དབང་ཐམས་ཅད་ཡར་ལྡན་དུ་རྫོགས་པ་དང་། ཁྱད་པར་དུ་རྫོགས་ཆེན་མན་ངག་སྡེས་ཤེས་རབ་རང་བྱུང་གི་སྒྲོན་མ། ནང་སྤྲོས་བྲལ་གཉུག་མའི་ཡེ་ཤེས། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པའི་དབྱིངས་སྣང་འོད་གསལ་གྱི་སྣང་ཆ་ཤར་བ་ལ། རྒྱང་བཞག་ཆུའི་སྒྲོན་མའི་རིག་གདངས་འཆར་བའི་སྒོ་ཕྱེས་ཏེ། དག་པ་དབྱིངས་སྒྲོན་གྱིས་རྒྱན་བཀྲམ་དུས། ཐིག་ལེ་སྟོང་སྒྲོན་གྱིས། རྒྱུ་ཡིས་མ་བསྐྱེད་རང་བྱུང་གི་དབྱིངས་ལ། རྐྱེན་གྱིས་མ་སྒྲུབ་ཞི་ཁྲོའི་ཚོམ་བུའི་དཀྱིལ་འཁོར་ཤར་རིམ་བཞིན། སྣང་བཞི་མཐར་ཕྱིན། སྐྱེ་མེད་གཉུག་མའི་གཏན་སྲིད་ཟིན། འོད་ལུས་འཕོ་ཆེན་གྱི་སྐུར་བཞེངས་བའི་མན་ངག་བསྟན་པས། ཟབ་པ་ཀུན་གྱི་མཐར་ཐུག་ཀུན་ཏུ་བཟང་པོའི་ཐུགས་བསྐྱེད་ཡིན་པའི་ཕྱིར་ན། ལམ་དང་ཐེག་པ་མཐའ་དག་གི་ཟབ་གནད་ཐམས་ཅད་འདིར་འདུས་པས། རྫོགས་པ་ཆེན་པོའི་མཚན་དང་དོན་མཐུན་པ་ཡིན་ལ། དེ་ཉིད་ཀྱང་དབང་བཞིའི་སྒྲོམ་ནས་འཆད་ཐུབ་ཅིང་གཞི་ལམ་འབྲས་གསུམ་ཡོངས་སུ་ཚང་བ་ཞིག་རེད། འདི་བཞིན་བཤད་ཡོང་ན། སྔ་འགྱུར་རྙིང་མའི་བཀའ་གཏེར་གྱི་བརྒྱུད་པའི་བབས་སོའི་ཁྱད་པར་དེ་ཅི་འདྲ་ཞིག་ཡིན་པ་ངེས་རྒྱུ་ཧ་ཅང་གལ་ཆེན་རེད། དེའི་སྐོར་དེ་གསར་བུ་ཚོ་ལ་གསལ་འདེབས་ཤིག་བྱས་ན། བཀའ་མ་ལྟར་དུ་བྱས་ན་ཕྱི་རྒྱུད་སྡེ་གསུམ་འདི་སློབ་དཔོན་སངས་རྒྱས་གསང་བའི་ལུགས་དེ་གཙོ་ཆེ་ཞིང་། སྔོན་ཡིན་ན་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་སྲོལ་ཆེན་པོར་ཡོད་པ་རེད། ནང་རྒྱུད་སྡེ་གསུམ་གྱི་མ་ཧཱ་ཡོ་ག་ལྟ་བུ་ཞིག་ལ་མཚོན་ན། ཐུན་མིན་སྒྱུ་འཕྲུལ་དྲྭ་བའི་སྐོར་ཐམས་ཅད། རྒྱལ་པོ་ཛ་ནས་སྲས་མོ་གོ་མ་དེ་བའི་བར་དུ་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ཏེ་རང་རང་གི་ཚོམ་བུ་དང་བཅས་པ། རྡོ་རྗེ་འཆང་གི་སར་གཤེགས་པ་ནས་སྲས་མོའི་སློབ་མ་སངས་རྒྱས་གསང་བ་ནས་བི་མ་མི་ཏྲ་དང་ལོ་ཙ་བ་རྨ་གཉགས་སོགས་ལ་བརྒྱུད་དེ། དེ་ནས་རིམ་པ་བཞིན་དུ་གནུབས་དང་ཟུར་སོགས་ལ་བབས་པ་རེད། ཨ་ནུ་ཡོ་ག་ཐམས་ཅད་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་གར་བལ་བོ་བྲུ་ཤའི་ཡུལ་གྱི་སློབ་དཔོན་སོགས་ལས་གསོན་པ་དང་། ཨ་ཏི་ཡོ་ག་དེ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ནས་འཇམ་དཔལ་བཤེས་གཉེན་དང་ཤྲཱི་སེང་ཧ། དེ་བཞིན་ཨོ་རྒྱན་སངས་རྒྱས་གཉིས་པ་དང་བི་མ་བེ་རོ་སོགས་ནས་བརྒྱུད་ཡོང་བ་རེད། མདོར་ན་ནང་རྒྱུད་སྡེ་གསུམ་པོ་དགོངས་པ་བརྡ་དང་སྙན་བརྒྱུད་དེ་བརྒྱུད་པའི་བབ་ལུགས་རྣམ་གསུམ་ལ་བསྡུས་ནས་བཤད་རྒྱུ་རེད། གཏེར་མ་ཟེར་རྒྱུ་འདི་ནི། སློབ་དཔོན་ཆེན་པོས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། །སྤྱིེར་ཡང་བོད་རྣམས་གསར་ངེས་ཆེ་བ་དང་། །སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས། །མཐའ་དབུས་ཐམས་ཅད་གཏེར་གྱིས་གང་ནས་བཞག། ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །ཅེས་གསུངས་པ་ལྟར། མ་འོངས་སྐལ་ལྡན་ལས་ཅན་གྱི་དོན་དུ་བླ་རྫོགས་ཐུགས་གསུམ་དང་། སྒྲུབ་སྡེ་བརྒྱད་སྤྱི་བྱེ་བྲག་གི་ཟབ་ཆོས་ཐམས་ཅད་གཏེར་གནས་སོ་སོར་གཏེར་དུ་སྦས་ནས་གཏེར་སྲུང་དག་ལ་གཉེར་དུ་གཏད་ནས་དེ་དུས་ཀྱི་རྗེ་འབངས་ལོ་པན་ས་ཆེན་གྱི་སེམས་དཔའ་དག་གིས་དབང་འབྱོར་གྱི་ཡོན་ཏན་གྱིས་གང་འདུལ་སྤྲུལ་བའི་སྐུ་རུ་བསྟན་ནས་དུས་བབས་ཀྱི་འགྲོ་དོན་མཛད་རྒྱུ་དང་། བརྒྱུད་པའི་བབས་ལུགས་ལ་ཡིན་ན། བཀའ་གཏེར་སྤྱི་མཚུངས་ཀྱི་བརྒྱུད་པ་གསུམ་གྱི་སྟེང་དེ་ན། གཏེར་མའི་སྒོས་ཆོས་ཀྱི་བཀའ་བབ་ལུང་བསྟན་གྱི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་བསྣན་པས་བརྒྱུད་པ་དྲུག་ལྡན་རེད། དེའི་བརྒྱུད་པ་དྲུག་ལྡན་དང་། ད་རུང་དེའི་སྟེང་དུ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ། སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ། ཕྲིན་ལས་ཕྱག་གཞེས་ཀྱི་བརྒྱུད་པ་གསུམ་པོ་བསྣན་ཡོང་ན། སྔ་འགྱུར་བརྒྱུད་པ་དགུ་ལྡན་གསུངས་པ་དེ་རེད། དེ་ལྟར་ན་ད་རེས་བཀའ་གཏེར་དག་སྣང་གི་བརྒྱུད་པ་གཅིག་འདུས་ཀྱི་སྨིན་བྱེད་ཟབ་མོའི་དབང་མཆོག་བསྐུར་བའི་སྐབས་སུ་བབས་པ་རེད། འདིར་དབང་གི་ངོ་བོ་དང་། དབང་གི་དབྱེ་བ། དབང་འདི་ཅི་འདྲ་ཞིག་བྱས་ནས་གྲུབ་ཚུལ། དབང་བསྐུར་བའི་དགོས་པ་སྟེ་རྣམ་པ་བཞིའི་སྒོ་ནས་སྤྱིར་རྒྱུད་སྒྱུ་འཕྲུལ་དྲྭ་བའི་ལུགས་ལྟར་དུ་བྱས་ནས་ཞུས་ན། དབང་གི་ངོ་བོ་དེ་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པ་གཏོར་བའམ་བླུག་པའི་དོན་ལ་གསུངས་པ་རེད། སྔགས་ཀྱི་ཟབ་མོའི་དབང་མཆོག་ལ་བརྟེན་ནས་སློབ་མའི་སྒོ་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་འཁྲུད་ཅིང་དག་པར་བྱས་ནས་གཏོར་བ་དང་། ཡེ་ནས་རང་ལ་གནས་པའི་རྡོ་རྗེ་བཞིའི་ཡེ་ཤེས་མངོན་དུ་གྱུར་བའམ་འཆར་བའི་ནུས་པ་རྒྱུད་ལ་འཇོག་པས་བླུག་པར་བྱེད་པའི་ངོ་བོ་ཅན་ཞིག་ལ་གསུངས་པའོ། །འདིའི་དབྱེ་བ་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་བཤད་ན། གཞི་དུས་ཀྱི་སད་རྨི་གཉིད་འཐུག་སྙོམ་འཇུག་གི་གནས་སྐབས་གཞི་ཡི་དྲི་མ་སེལ་རྒྱུ་དང་། ལམ་དུས་ལ་ལུས་ངག་ཡིད་གསུམ་སྒོ་གསུམ་ཆ་མཉམ་དང་བཅས་པ་དང་། ཆོས་ལོངས་སྤྲུལ་གསུམ་ངོ་བོ་ཉིད་སྐུ་བཞི་དང་བཅས་པའི་དག་བྱ་དག་འབྲས་ལ་སྦྱར་ན། ལུས་དང་རྩ་སྤྲུལ་སྐུར་དག ངག་དང་རླུང་ལོང་སྐུར་དག ཡིད་དང་ཐིག་ལེ་ཆོས་སྐུར་དག སྒོ་གསུམ་ཆ་མཉམ་ངོ་བོ་ཉིད་སྐུར་དག་པ་དང་བཅས་པའི། ལམ་དུས་ལམ་བཞི་སྒོམ་པས་འབྲས་དུས་སྐུ་བཞི་དག་པར་བྱེད་པའི་དབང་བཞི་ཡིན་ན་དེའི་ནང་ནས་ཟབ་དབང་གསུམ་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་གྱི་ངོ་སྐལ་བསྐུར་རྒྱུ། གཙོ་བོའི་ཆ་ནས་དེ་ལྟར་རེད། དབང་ཟེར་རྒྱུ་འདི་ཚུལ་ཇི་ལྟར་གྲུབ་པའི་ཐད་ནས་རྒྱུད་སྨིན་པར་བྱེད་ཐབས་སམ་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་ལ་ཐོག་མར་འཇུག་པའི་འཇུག་སྒོ་ཡང་རེད། དེ་ཡིན་ན་གཞི་ལ་ཡེ་ནས་གནས་པ་དེ་ལམ་གྱིས་སྨིན་པར་བྱས་ནས། རྡོ་རྗེ་བཞིའི་ཡེ་ཤེས་མངོན་དུ་བྱེད་པའི་དབང་ངམ་ནུས་པ་ཐོབ་པས་ན་དབང་ཞེས་པའི་བརྡ་ཆད་སྦྱར་བ་རེད། དེ་ཡིན་ན་རྒྱུ་གཉིས་རྐྱེན་བཞི་ཚོགས་པའི་རྒྱུ་རྐྱེན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་ཞིག་ལ་བརྟེན་ནས། ཟབ་དོན་སྔགས་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་དངོས་སུ་དབང་དུས་སུ་སྐྱེ་བའམ་ཡང་ན་སྐྱེ་རུང་གི་ནུས་པ་རྒྱུད་ལ་འཇོག་པ་ཞིག་རེད། དེ་ཡིན་ན། རྒྱུ་གཉིས་པོ་གང་རེད་ཟེར་ན། མཚུངས་ལྡན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྒྱུ་གཉིས་ཀ་རེད། མཚུངས་ལྡན་གྱི་རྒྱུ་ནི་སློབ་མའི་རྩ་ཐིག་རླུང་གསུམ་སེམས་དང་བཅས་པ་ལ་དབྱེར་མེད་པར་ཁྱབ་ཅིང་གནས་པའི་ཆོས་ཉིད་དང་། ལྷན་ཅིག་བྱེད་རྒྱུ་ནི། དབང་རྫས་སྔགས་དང་ལྟ་དགོངས་ཁྱད་པར་ཅན་གྱི་རབ་གནས་བྱིན་རླབས་དང་ལྡན་པ་གཉིས་ཀ་དང་། རྐྱེན་བཞི་ནི། དུས་རྒྱུན་ལྟར་དུ་རྒྱུའི་རྐྱེན། བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན་དང་བཞི་བོ་ཡིན་ན། དབང་གི་སྣོད་རུང་དུ་གྱུར་བའི་སྣོད་ལྡན་གྱི་སློབ་མ་དེ་རྒྱུའི་རྐྱེན་དང་། སློབ་མའི་རྒྱུད་བྱིན་གྱིས་རླབས་ཐུབ་པའི་དབང་བསྐུར་བའི་ནུས་པ་ལྡན་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་དེ་བདག་པོའི་རྐྱེན། དེ་དང་དེའི་ནུས་པའི་ཁྱད་པར་དང་ལྡན་པའི་རྫས་སྔགས་ཏིང་འཛིན་དེ་དམིགས་པའི་རྐྱེན། དབང་གི་སྦྱོར་དངོས་རྗེས་གསུམ་གོ་རིམ་བཞིན་དུ་འབྱུང་བའམ་དབང་གི་ཆོ་ག་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་གོ་ཕྱེ་བས་ན་སྔ་མ་དག་དེ་མ་ཐག་རྐྱེན། ཆོས་ཉིད་ཀྱི་བདེན་པ་དང་། གསང་སྔགས་ཀྱི་བྱིན་རླབས་སངས་རྒྱས་ཀྱི་མཐུ་རྣམས་ནི། བསམ་གྱིས་མི་ཁྱབ་པ་རེད། དཔེར་བཞག་ན་ནོར་བུ་དང་སྨན་གྱི་ནུས་པ་བཞིན་དུ་གསང་སྔགས་ཐབས་ཀྱི་སྤྱོད་པ་ཁྱད་པར་ཅན། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་འདི་ཚོའི་ནུས་པ་ལ་སྙོན་དུ་མེད་པ་ཡིན་པ་དེ་གྲགས་ཤིང་དོན་ལ་གྲུབ་པ་རེད། དེ་དག་གིས་དབང་གི་ངོ་བོ་དང་། དབྱེ་བ་། དབང་འདི་ཇི་ལྟར་གྲུབ་ཚུལ་རྣམས་རགས་བསྡུས་ཙམ་ཞུས་ནས། དབང་བསྐུར་ཐབས་ཤེས་པའི་དགོས་པ་ཅི་ཞིག་ཡོད་རེད་ཟེར་ན། སྤྱིར་ན་ཐེག་ཆེན་མདོ་སྔགས་ཀྱི་ལམ་ལ་ཞུགས་རྒྱུ་དེ་སངས་རྒྱས་ཐོབ་པའི་ཆེད་དུ་རེད། དེ་ཡིན་ན། ཡིད་ཤེས་བདེ་མྱུར་དུ་སྐྱོབས་པ་སྔགས་ཀྱི་མཚན་ཉིད་ཡིན་དུས། སྨིན་བྱེད་དབང་གིས་སྨིན་པར་བྱེད་པ་གཅིག་པུ་མ་གཏོགས་གཞན་སངས་རྒྱས་ཀྱི་གོ་འཕང་བདེ་ཞིང་མྱུར་བའི་ཚུལ་གྱིས་ཐོབ་ཐབས་མེད། མདོ་ལམ་ན་བསྐལ་བ་གྲངས་མེད་མང་པོར་ཚོགས་བསགས་ནས་རང་འབྲས་ཀྱི་ཡེ་ཤེས་ལ་སོ་སྐྱེས་ལས་དང་པོའི་ས་ནས་བཙན་ཐབས་སུ་འཇུག་ཟེར་རྒྱུ་ཞིག དབང་གི་མཐུ་མིན་ན་གཞན་ན་སྲིད་རྒྱུ་ཅན་ཞིག་མ་རེད། དབང་གིས་རྒྱུད་སྨིན་པར་མ་བྱས། དམ་ཚིག་གི་སྲུང་མཚམས་དང་། སྲུང་བྱའི་རྣམ་གྲངས་ཙམ་ཡང་མི་ཤེས་པ་ཞིག་གིས། གདམས་པ་ལྐོག་གཏམ་ཚིག་ཁ་ཤས་ཀྱིས་གྲོལ་བཅུག་ཡོད་ཟེར་ན་དཀའ་མོ་རེད། གཞན་ཡང་ཐོས་པ་ཁ་ཁྱེར་གྱིས་གཞན་རྗེས་ཟློ་བ་ནེ་ཙོའི་མྱི་སྐད་འདྲ་བོས་ཀྱང་། རང་རྒྱུད་ཏིང་འཛིན་དང་ཤེས་རབ་ཀྱིས་འབྱོར་རྒྱུ་དེ་དེ་བས་ཀྱང་དཀའ་བ་རེད། དེ་ལྟར་ན་ཚུལ་གནས་ཐོས་དང་བསམ་ལྡན་གྱི་རིམ་པ་གཅིག་ལ་གཅིག་རྟེན་ཡིན་པའི་ཕྱིར་ན། སོ་བྱང་སྔགས་ཀྱི་ཚུལ་ཁྲིམས་དག་རྒྱུ་དེ། ཚེ་འདིར་གྲོལ་བ་མངོན་གྱུར་རམ་དེའི་ནུས་པ་རྒྱུད་ལ་འཇོག་རྒྱུར་མེད་ན་མི་རུང་བའི་རྒྱུ་རྐྱེན་རེད། མགོན་པོ་བྱམས་པས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ལྟར། དབང་མ་ཐོབ་པའམ་ཚུལ་བཞིན་ཐོབ་མེད་པ་ཡིན་ན། གསང་བ་སྔགས་རྒྱུད་ཟབ་མོའི་ཡི་གེ་བལྟ་རྒྱུ་ཉན་རྒྱུ་ཙམ་ཡང་མི་རུང་ན། སྒྲུབ་པ་དེ་བས་ཀྱང་མི་རུང་བར་མ་ཚད། བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་པ་རེད། དབང་མ་ཐོབ་ན་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །གསུངས་པ་ལྟར་དུ་རེད། དབང་སྐུར་ཚུལ་བཞིན་ཐོབ་ན། གོང་ནས་བཤད་མ་ཐག་པའི། སྐྱོན་དེ་དག་ལས་ཟློག་ནས། གསང་སྔགས་ཀྱི་ལམ་དང་དངོས་གྲུབ་ཐམས་ཅད་ལ་ཚུལ་བཞིན་འཇུག་ཐུབ་པ་རེད། ཚེ་འདིར་དབང་གི་བྱིན་རླབས་ཀྱིས་ཚེ་རིང་འབྱོར་བ་རྒྱས། བསམ་དོན་ངང་གིས་འགྲུབ་པ་ལ་སོགས་པའི་མཐོ་རིས་ཀྱི་འབྱོར་བ་རྒྱས་ཤིང་། ཕྱི་མར་ངན་སོང་མེད་ཅིང་མཐོ་རིས་ཀྱི་ལམ་ལ་བགྲོད་པ་ལ་སོགས་པའི་འདི་དང་ཕྱི་མའི་དགེ་མཚན་མང་པོ་ཞིག་མི་འདོད་ཀྱང་ངང་གིས་འབྱུང་། མདོར་བསྡུས་ན། གསང་སྔགས་རྡོ་རྗེ་ཐེག་པའི་ཐོག་མའི་ལམ་གྱི་འཇུག་སྒོ་གཅིག་པུ་དེ་དབང་ཡིན་ན། སྨིན་བྱེད་ཀྱི་དབང་འདི་བརྒྱུད་ནས་གྲོལ་བྱེད་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་སྒོམ་རྒྱུ་དང་། འབྲས་བུ་ཟུང་འཇུག་གི་ཡེ་ཤེས་ཐོབ་རྒྱུ་ལ་ཕྱོགས་དགོས་པ་ཡིན་པས། ལྟ་བ་རྒྱུད་ལ་སྐྱེ་བ་དང་། ལྟ་དོན་ཚུལ་བཞིན་སྒོམ་པ། སྤྱོད་པའི་ནུས་པ་ཐོབ་རྒྱུ་དང་། སྔགས་དང་ཕྱག་རྒྱ་དོན་ལྡན་ལ་འགྱུར་རྒྱུ། དེའི་སྟེང་དུ་ད་རུང་སྔགས་སྡོམ་དམ་ཚིག་གིས་ཐོབ་པ་དེ་དག་ཐམས་ཅད་དབང་ལས་འབྱུང་བས། དབང་འདི་ཅི་ཞིག་ལས་ཀྱང་གནད་ཆེན་རེད། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་རེད། སྔགས་རྒྱུད་སོ་སོའི་རང་ལམ་གྱི་དབང་གི་དམ་ཚིག་སྲུང་བ་སྲོག་ལས་ཀྱང་གཅེས་པར་འཛིན་རྒྱུ་གལ་ཆེ་བ་ཡིན་པ་དང་། སྲོག་གཅེས་པར་སྲུང་ཞིང་འཛིན་མ་ཐུབ་ན། མི་ཚེ་གཅིག་གི་དོན་རེད། དམ་ཚིག་གཅེས་པར་མ་སྲུང་པས་འགལ་ཉམས་འདས་རལ་ལ་སོགས་པར་གྱུར་སོང་ན། ཚེ་རབས་གཏན་དུ་ཕུང་བས། ཕུང་འཚེངས་གཉིས་ཀ་གཅིག་ལས་འགྲོ་ས་གསུམ་པ་མེད་པའི་སྔགས་ལམ་ལ་ཞུགས་ནས། དེའི་དམ་ཚིག་ཚུལ་བཞིན་སྲུང་བའི་གནད་ཆེ་བ་ཞིག་མེད་རྒྱུ་དེ་ནི་འདི་ནས་ནན་གྱིས་ཞུས་པ་ཡིན། མཐར་ཐུག་བསྐུར་ཐབས་བྲལ་བ་རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པའི་དོན། མེད་དང་ཕྱལ་བ་ལྷུན་གྲུབ་གཅིག་པུའི་ཡེ་ནས་ཆོས་སྐུ་ཆེན་པོའི་རྫོགས་པའི་དོན་མཐོང་སོང་ན། རང་རིག་རྩལ་གྱི་དབང་ཆེན་ཐོབ་ནས་དེ་དུས་དབང་ཐམས་ཅད་ཀྱི་མཐར་ཕྱིན་སོང་བ་རེད། དེ་ལྟར་དུ་ནང་རྒྱུད་སྡེ་གསུམ་ཐུན་མོང་ལ་སྦྱར་ནས། དབང་སྤྱིའི་གོ་དོན་གྱི་ཕྱོགས་ཙམ་ཞིག་ཞུས་པ་དང་བཅས་ཏེ། སྐབས་འདིའི་གང་ཞིག་བསྐུར་ཐབས་ལ་འཇུག་བཞིན་པ་ནི། སྔགས་རྒྱུད་སྡེ་དྲུག་གི་ནང་ཚན་ཐེག་རྩེ་རྫོགས་པ་ཆེན་པོ། དེ་ལས་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ། གངས་ལྗོངས་རྫོགས་པ་ཆེན་པོའི་བསྟན་པའི་ཤིང་རྟ་པ། གསང་འཛིན་དགའ་རབ་དཔའ་བོ་གཉིས་པ། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་ཞིང་སྤྲུལ་གཞི་དགོངས་རྒྱུད་གཅིག་ཏུ་བསྔགས་པའི། ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་བའི། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད། ཉམས་ལེན་གདམས་པའི་མན་ངག་དང་བཅས་པ་ཡོད་པའི་ནང་གི། གྲོལ་བྱེད་ཀྱི་ཁྲིད་རྒྱུད་སྡེ་ལྟར་དུ། འདིར་བཞུགས་མང་ཆེ་བའི་དབང་དུ་བཏང་ན། སྙིང་ཐིག་གོང་མའི་ཡ་བཞི་དང་། ཀློང་ཆེན་སྙིང་ཐིག་གི་ཁྲིད་ཆེན་སོགས་སྔོན་དུ་སོང་བ་ལྟར་དུ་རེད། ཉུང་ཤས་ལའང་སྨིན་གྲོལ་གཉིས་ཀའི་འཇུག་སྒོ་གཙོར་འདོན་གྱི་ཐོག་ནས། ད་རེས་སྨིན་བྱེད་ཀྱི་དབང་སྒྲུབ་སྡེ་ལྟར་དུ་འབུལ་བའི་སྐབས་རེད། དེ་ཡིན་ན་འདི་དང་བསྟུན་ནས། རྒྱུད་སྡེ་དང་སྒྲུབ་སྡེའི་དབྱེ་རིམ་རགས་བསྡུས་ཞིག་ཞུས་ན། གསང་སྔགས་ལྷ་མིའི་འཇིག་རྟེན་འདིར་གྲགས་ཚུལ་གྱི་ཐད་ནས། སྔ་འགྱུར་རང་ལུགས་ཀྱིས་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་རེ་ཕྱེས་ནས་གསུངས་ཡོད་པ་རེད། དེའི་ནང་གི་རྒྱུད་སྡེ་ནི། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལ་སོགས་པའི་ནང་དོན་ལྟར་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་མཚམས་ནས། དམ་པའི་རིགས་ཅན་དྲྭ་མ་ལྔ་ཡིས། ལངྐའི་ཡུལ་གྱི་རི་བོ་མ་ལ་ཡ་ཡི་རྩེ་མོ་ལ། མངོན་ཤེས་ཀྱིས་རིག་རྫུ་འཕྲུལ་གྱིས་འདུས་ཡོང་ནས། གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པའི་སྐབས་སུ་གསང་བདག་མངོན་སུམ་དུ་བྱོན་ནས་རིགས་ཅན་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེ་ལ། སྔར་འོག་མིན་དང་དགའ་ལྡན། སུམ་ཅུ་རྩ་གསུམ་སོགས་ཀྱི་ལྷ་གནས་ལ་གྲགས་པའི་གསང་བའི་ཐེག་པ་དེ་ཉིད་བསྟན་པའི་སྐབས་སུ། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་ཡི་གེར་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་པ་རེད་གསུངས་ཡོད་པ་རེད། དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་ནས་དེའི་དབང་གིས་སྒྲུབ་པ་མཛད་དུས་རྨི་ལྟས་དང་འཐུན་པར་རྒྱུད་སྡེའི་གླེགས་བམ་མི་ཡུལ་ལ་དངོས་སུ་བབ་པ་རེད། དེ་བབ་ལུགས་ནི། ཀྲི་ཡའི་རྒྱུད་ཐམས་ཅད་ཝཱ་ར་ན་སིར་ལ་བབ། ཡོ་གའི་རྒྱུད་དུར་ཁྲོད་མེ་རི་འབར་བའི་རྩེ་མོ་ལ་བབ། མ་ཧཱ་ཡོ་གའི་རྒྱུད་ནི་ས་ཧོ་རའི་རྒྱལ་པོ་ཛ་ཡི་ཁང་སྟེང་ལ་བབ། ཨ་ནུ་ཡོ་གའི་རྒྱུད་ཐམས་ཅད་ལངྐའི་ཡུལ་དུ་གྲགས་པ་སིངྒ་ལའི་ཡུལ་གླིང་གི་ནགས་ཚལ་ཞིག་ལ་བབ། ཨ་ཏི་ཡོ་གའི་རྒྱུད་ཐམས་ཅད་ནུབ་ཕྱོགས་ཨཽ་ཌཱི་ཡ་ནའི་ཡུལ་དེར་སློབ་དཔོན་དགའ་རབ་རྡོ་རྗེས་དཔལ་རྡོ་རྗེ་སེམས་དཔའ་འམ་ཕྱག་ན་རྡོ་རྗེ་ལས་དངོས་སུ་གསན་ནས་སྒྲུབ་པ་མཛད་དེ་གླེགས་བམ་དུ་བཀོད་པ་རེད། དེ་དག་ནི་རྒྱུད་སྡེའི་བྱུང་ཚུལ་མཚོན་ཙམ་ཡིན་ལ། སྐབས་སུ་བབ་པའི་སྒྲུབ་སྡེ་ནི། སྔར་འོག་མིན་གསང་ཆེན་གསང་བ་ཆེན་པོ་མཆོག་གི་གནས་དེ་ན། སྟོན་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས་ཆོས་ཉིད་ཀྱི་རང་སྒྲས་གསུངས་བའི་རྒྱུད་དེ་ཐམས་ཅད། གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་དུ་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་ནས་དགོངས་འགྲེལ་ལུང་ལྔ་ཡང་མཛད་ཚུལ་གསུང་སྲོལ་ཡོད་པ་རེད། དེས་མཁའ་འགྲོ་མ་ལས་ཀྱིདབང་མོ་ཆེ་ལ་གཉེར་དུ་གཏད། དེས་སྤྱི་རྒྱུད་དང་བྱེ་བྲག་གི་རྒྱུད་ཐམས་ཅད་སོ་སོར་ཕྱེས་ནས་རིན་པོ་ཆེའི་སྒྲོམ་སོ་སོར་བཅུག་སྟེ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་དག དུས་ནམ་ཞིག་གི་ཚེ་ན་གྲུབ་པའི་སློབ་དཔོན་བརྒྱད་ཀྱིས་གཏེར་སྲུང་ཐམས་ཅད་ལ་བཀའ་ཡི་བསྒོ་བ་མཛད་དུས། མཁའ་འགྲོ་མས་བྱེ་བྲག་གི་སྒྲོམ་བུ་བརྒྱད་པོ་དེ་བཀའ་བབ་པའི་སློབ་དཔོན་བརྒྱད་ལ་གཏད། སྤྱི་རྒྱུད་ཀྱི་སྒྲོམ་བུ་དེ་རྒྱ་མ་ཁྲོལ་བས་སླར་ཕྱི་རུ་སྦས་བཞག་པ་རེད། ཕྱིས་སུ་དུས་ལ་བབ་དུས་ཀུན་འདུས་རིག་འཛིན་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བས་སྤྱན་དྲངས་ནས་སྐལ་ལྡན་སྙིང་གི་བུ་དགུའམ་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གདམས་པར་མཛད། དེ་ལྟ་བུའི་བརྒྱུད་ཚུལ་དང་རྗེས་སུ་འབྲེལ་བའི་རྫོགས་ཆེན་ཨ་ཏི་ཡོ་གའི་སྡེ་གསུམ་དགོངས་པའི་སྤྱི་འདུས། ཀློང་ཆེན་སྙིང་གི་ཐིག་ལེ་འདི་ལ་རྩ་གསུམ་བཀའ་སྲུང་དང་བཅས་པའི་དབང་གི་ཕྱག་བཞེས་ཡོད་པ་རེད། ཕྱག་བཞེས་དེ་ཐམས་ཅད་སྒྲུབ་སྡེའི་རང་ལུགས་ཅན་དུ་ཡོད་པའི་ནང་གི་འདི་ནས་སྐབས་སུ་བབ་པ་བགྲང་བའི་རིམ་པ་ལྟར་དུ་བྱས་ན་བླ་མ་ཡི་དམ་མཁའ་འགྲོ་སྟེ་བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་འདུས་པ་དང་ བླ་མ་དྲག་པོ་རྟ་ཁྱུང་། དངོས་གྲུབ་ཀྱི་རྩ་བ་ཡི་དམ་བཀའ་བརྒྱད་དཔལ་ཆེན་འདུས་པ། དེའི་ཡན་ལག་ལ་ཁྲག་འཐུང་རིགས་བཞི་ཡོད་པ་དང་དེ་དག་ནི། གཤིན་རྗེ་འཆི་བདག་ཟིལ་གནོན་དང་། རྟ་མགྲིན་ཁམས་གསུམ་རོལ་བ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན་རྣམས་རེད། དེ་རྗེས་བླ་མ་ཡི་དམ་གཉིས་མེད་ལྟར་དུ་བསྒྲུབ་པ་ཞི་ཁྲོ་ཁྲོམ་དཀྲུགས་ངན་སོང་སྦྱོང་བ་རང་རེས་དབང་བསྐུར་བཞིན་པ་འདི་ཉིད་དང་། རྡོར་སེམས་མངོན་དགའི་ཞིང་སྦྱོང་། ད་རུང་རྩ་གསུམ་ཀུན་འདུས་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཡུམ་ཀ་བདེ་ཆེན་རྒྱལ་མོ་དང་དེའི་ནང་སྒྲུབ་སྒྲོལ་མ་ཉེར་གཅིག་གསང་སྒྲུབ་སེངྒེའི་གདོང་ཅན། དེའི་སྟེང་ན་ད་རུང་བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་ཡན་ལག་དང་བཅས་པ། ཐུགས་ཆེན་སྡུག་བསྔལ་རང་གྲོལ་དང་བཅས་པའི་བླ་རྫོགས་ཐུགས་གསུམ་ཚང་བ་ད་རུང་དཔག་མེད་མྱུར་ལམ་དང་། བཀའ་སྲུང་མ་མགོན་ལྕམ་དྲལ་དང་། བཀྲ་ཤིས་ཚེ་རིང་མཆེད་ལྔའི་སྲོག་དབང་དང་བཅས་པ་ད་ལྟའི་ཐེངས་འདིར་འབུལ་རྒྱུའིདབང་གི་རིམ་པ་རགས་རིམ་གྱི་ཐོག་ནས་ཞུས་ན་དེ་རེད། འདིའི་སྨིན་བྱེད་ཀྱི་དབང་གི་ཆོ་ག་དང་། སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་ཚུར་བསྡུས་ཡོང་བ་ནི། གླེགས་བམ་གཉིས་སུ་བཞུགས་པ་དེ་ལ་སྙིང་ཐིག་དུམ་གཉིས་ཞེས་ཡོངས་སུ་གྲགས་པ་འདི་ཉིད་དང་། གཞན་ཡང་རྩ་བའི་སྨིན་གྲོལ་གྱི་རིམ་པ་གཉིས་ཀ་གནད་ཡིག་འདུས་པའི་དེང་སྐབས་པོད་བཞི་ལྟ་བུ་གཙོ་ཆེར་མཁྱེན་བརྩེ་དབང་པོའི་ཕྱག་གཞེས་ལྟར་དུ་བསྒྲིགས་ཡོད་པ་དེ་ལ། སྙིང་ཐིག་རྩ་པོད་ཅེས་སྨོས་ཀྱང་། མདོར་ན་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་སྲོལ་འབྱེད་ཆེན་པོ། རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པའམ་པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གང་ཉིད་ཀྱིས་དགོངས་ཀློང་མི་ཟད་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པའི་སྙིང་ཐིག་པོད་དགུའི་ནང་དུ་མ་འདུས་པ་ཞིག་མེད། དེ་བཞིན་དུ་ཨ་ཏི་རྫོགས་པ་ཆེན་པོ་ལ་ཡང་སྐོར་དགུར་ཕྱེས་བའི་ལུགས་ལྟར་ནང་རྒྱུད་ཡོ་ག་གསུམ་དང་སྦྱར་ནས་བཤད་ན། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ཨ་ཏིའི་མ་ཧཱ་དང་འབྲེལ་བའི་དཔལ་ཆེན་བཀའ་བརྒྱད་རྩ་བ་ཡན་ལག་དང་བཅས་པ། ཨ་ནུའི་མདོ་ལུང་གི་སྙིང་པོ་ཞི་ཁྲོ་ངན་སོང་སྦྱོང་བ་དང་། བླ་མ་རིག་འཛིན་འདུས་པ་ཆ་ལག་དང་བཅས་པ། ཨ་ཏིའི་དགོངས་དོན་གྱི་བསྐྱེད་རྫོགས་ལྟར་དུ་སྒྲུབ་པ་རིག་འཛིན་ཡུམ་ཀ། དེ་ཡང་ཕྱི་ནང་གསང་བའི་སྒྲུབ་པ་ཐུགས་ཆེན་སྡུག་བསྔལ་རང་གྲོལ། ཁྱད་པར་དུ་གསང་བ་མན་ངག་སྡེའི་རིག་པའི་རྩལ་དབང་དང་འབྲེལ་བ་དེ་གང་ཡིན་ན། ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་དེ་དག་རེད། འདི་དག་གི་དབྱེ་བསྡུ་དང་གོ་རིམ་རྣམས་མཐའ་གཅིག་ཏུ་ངེས་པ་མི་དགོས་པའི་དབང་གིས་སྣ་ཚོགས་པ་ཞིག་གསུངས་ཡོད་ཀྱང་། བགྲང་བའི་རིམ་པའི་ཆོས་ཚན་དེ་བཞིན་ཡིན་པ་དང་། དབང་བསྐུར་བའི་དབང་དུ་བཏང་ན་ཐོག་མར་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་གི་སྒོ་འབྱེད་མཛད་རྒྱུའི་ཕྱག་སྲོལ་ཡོད་པ་རེད། དེ་ཡང་ཕྱིས་ཀྱི་རང་བཟོ་ལྟ་བུ་མ་ཡིན་པར་ཀུན་མཁྱེན་འཇིགས་གླིང་ཁོང་གིས་དབང་གི་སྤྱི་དོན་སྙིང་པོའི་དོན་གསལ་གྱི་ནང་དུ། དང་པོའི་སྨིན་བྱེད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཞི་ཁྲོ་ལ་བརྟེན་པ་ཡིན་གསུངས་པ་རེད། སྤྱིར་ན་སྔགས་བླ་མེད་ཀྱི་རྒྱུད་སྡེ་སྒྲུབ་སྡེ་ཐམས་ཅད་ནས་དབང་བཞིའི་རིམ་པ་ཆ་ཚང་བ་གསུངས་ཡོད་པ་དང་། དེ་ཡང་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ལ་མ་བརྟེན་པ་གཅིག་ཀྱང་མེད་མོད། འདིར་ཁྱད་པར་དུ་ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོའི་མངོན་རྟོགས་རྩལ་འདོན་གྱི་བྱེད་ལས་ལྡན་པའི་དགོས་གནད་ཀྱིས་ཐོག་མའི་འཇུག་སྒོ་དེ་ཞི་ཁྲོ་ངན་སོང་སྦྱོང་བ་འཇོག་རྒྱུའི་སྨིན་བྱེད་ལ་དམ་པ་གོང་མའི་ཕྱག་བཞེས་ཡོད་པ་བཞིན་དུ། རང་རེས་ཀྱང་དེ་ནས་དབུ་བཟུང་སྟེ་འཇུག་རྒྱུ་དང་། ཐམས་ཅད་ཀྱི་མཐའ་ལ་རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱིས་དབང་སྤྱིའི་མཐའ་རྟེན་བྱ་རྒྱུའི་རིམ་པ་དེ་བཞིན་བྱས་ནས་བསྒྲིགས་ཡོད་པ་དང་། གོང་ནས་ཞུས་པ་ལྟར་སྨིན་བྱེད་ཀྱི་དབང་ཟེར་རྒྱུ་འདི་ནི། གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ཞིག་རེད། དེས་ན་འདི་རྒྱུད་གསུམ་གྱི་རྣམ་བཞག་གི་ཐོག་ནས་བཤད་ཡོང་ན། ལམ་རྒྱུད་སྨིན་གྲོལ་གཉིས་ཀྱི་ནང་གི་སྨིན་བྱེད་དབང་ལ་གཞི་ལམ་འབྲས་གསུམ་གྱི་དབང་ཡོད། གཞི་དབང་དུ་སློབ་མའི་རྒྱུད་ལ་རྡོ་རྗེའི་བཞིའི་ས་བོན་ཡོད་པ་ལྟར་དུ་རེད། དེ་མེད་ན་བསྐུར་ནས་ཐོབ་རྒྱུ་ཞིག་ག་ལ་ཡོད། དེ་བཞིན་དུ་འབྲས་དབང་དུ་རྡོ་རྗེ་བཞིའི་འབྲས་བུ་འགྲུབ་རྒྱུ་དེ་རེད། དེ་ལྟ་བུའི་གཞི་དེ་ཉིད་འབྲས་བུར་སྨིན་ཐབས་བྱེད་རྒྱུ་བོ་ལམ་དབང་ཡིན་ལ། དེ་ནི་བསྐུར་ཐབས་ཕྱག་ལེན་ལ་འདེབས་འདུག་རྒྱུའི་སྨིན་བྱེད་ཀྱི་དབང་ཐམས་ཅད་རེད། དེ་ཡིན་ན། སྐབས་སུ་བབ་པའི་ལམ་དབང་འདི་ལ་ཡང་ནང་གསེས་ལམ་དབང་གི་གཞི་དབང་། ལམ་དབང་གི་ལམ་དབང་། ལམ་དབང་གི་འབྲས་དབང་གསུམ་དུ་ཕྱེས་ན། གོ་བ་ལེན་བདེ། དཔེ་བཞག་ན། སློབ་མའི་རྒྱུད་དེ་ཐ་མལ་པ་ནས་རྒོད་ལྟ་བུ་ཞིག་ཡིན་ན། དེ་ལ་བླ་མ་ཆང་མ་ལྟ་བུ་དེས་ཆང་ལ་བསྒྱུར་བར་བྱེད་དགོས་དུས། དང་པོ་སྐྱབས་སེམས་སྡོམ་བཟུང་སོགས་ལེན་བཅུག་པ་དེ་ནི། ནས་བཙོས་བཞག་པ་ལྟར་རེད། དེའི་མཚམས་ནས་བླ་མས་དགོངས་པ་གཏད་སློབ་མས་མོས་གུས་བྱས། བླ་སློབ་ཐམས་ཅད་ལྷར་གསལ་བའི་གནས་གསུམ་ནས་འོད་ཟེར་འཕྲོས་ཏེ། མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་སློབ་མའི་སྒོ་གསུམ་ལ་བསྟིམ་པ་ནི། ནས་བཙོས་ཟིན་པ་ལ་ཕབ་བཏབ་པ་ལྟ་བུ་ཞིག་རེད། དེའི་དུས་སུ་རབ་ལ་རྟོགས་པ་སྐྱེས། འབྲིང་ལ་སྒྲིབ་པ་འབྲལ་རུང་དང་ཡེ་ཤེས་སྐྱེ་རུང་གི་ནུས་པ་བཞག་ནས། ཉམས་ཁྱད་པར་ཅན་ཞིག་སྐྱེས། ཐ་མ་ཡིན་རུང་ཤེས་རྒྱུད་འགྱུར་རྒྱུ་དེ་འདྲ་རེད། དེ་བཞིན་དུ་དབང་བཞི་བསྐུར་དུས་ཐ་མ་ངོ་མ་ཞིག་ཡིན་ཡང་སྒོ་གསུམ་རྡོ་རྗེ་གསུམ་ཡིན་རྒྱུའི་གོ་བ་རྣམ་དག་ཞིག་མི་སྐྱེ་ཐབས་མེད་རེད། རྟགས་དེ་ཚོ་གང་ཡོང་ན་རང་སྐལ་དང་མཐུན་པའི་དབང་ཐོབ་པའི་ཚད་ཡིན། དེ་ལྟ་བུའི་དབང་དང་པོ་ནམ་ཐོབ་པ་དེ་ལ་ལམ་དབང་གི་གཞི་དབང་ཟེར། དེའི་རྗེས་དབང་ཞུས་ཚད་ཐམས་ཅད་ལམ་དབང་གི་ལམ་དབང་དང་། མཐར་རྒྱུན་མཐའི་རྡོ་རྗེ་འཆང་གི་མདུན་ནས་ཟབ་གསལ་གཉིས་མེད་ཀྱི་དབང་གསུམ་པ་ཞུ་རྒྱུ་དེ་ལམ་དབང་གི་འབྲས་དབང་རེད། དེ་ལྟ་བུའི་དབང་དེ་སྔགས་ཀྱི་སྡོམ་ཆོག་ཡང་རེད། དབང་ཐོབ་པ་ཙམ་ཞིག་གིས་མི་ཆོག་གོང་ནས་ཞུས་པ་ལྟར་དུ། དམ་ཚིག་སྲུང་དགོས་པ་རེད། དམ་ཚིག་ལ་ཡང་དབང་བཞི་རང་རང་ལ་ལྟོས་པའི་དམ་ཚིག་ཡོད་ཀྱང་། མདོར་བསྡུས་ན་རྩ་བ་ངོ་མ་དེ། བླ་མའི་སྐུ་གསུང་ཐུགས་གསུམ་ལས་དང་པོ་སྐུའི་དམ་ཚིག་ལ་བླ་མ་དང་མཆེད་ཀྱི་སྐུ་ལ་མི་བརྙས། གསུང་མི་བཅག་ཐུགས་མི་དཀྲུག གསུང་གི་དམ་ཚིག་ལྷ་སྔགས་ཏིང་འཛིན་ལ་བརྩོན་རྒྱུ། ཐུགས་ཀྱི་དམ་ཚིག་གསང་བཅུ་མི་བསྒྲག་པ་དེ་དག་རྩ་བ་རེད། སྒོ་གསུམ་རྡོ་རྗེ་གསུམ་གྱི་དག་སྣང་དང་བྲལ་སོང་ན། དམ་ཚིག་ཉམས་པ་ཡིན་གསུངས་ཡོད་པས། རང་གཞན་སུ་ཡིན་ཡང་སྔགས་ལ་ཞུགས་པའི་རྟེན་ཅན་ཞིག་ལ་དམ་ཚིག་སྲུང་རྒྱུ་དེ་སྲོག་སྲུང་རྒྱུ་བས་ཀྱང་གལ་ཆེན་རེད། དམ་ཚིག་རྣམ་པར་དག་ན་དབང་དོན་གྱི་ཡེ་ཤེས་ཞེས་བྱ་བ་ཞིག་མ་རྟོགས་ཀྱང་གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་ཉམས་སུ་བླངས་ན། ནས་ལ་ཆང་ལོང་པ་ལྟར་དུ་རང་རྒྱུད་གྲོལ་ཐུབ། དམ་ཚིག་ཉམས་སོང་ན། དངོས་གྲུབ་ཀྱི་སྐལ་བ་ཆད་པར་མ་ཟད་ལྟར་སྣང་ལ་ཇི་ལྟར་བསྐྱེད་རྫོགས་ཀྱི་གདམས་པ་ལ་བརྩོན་ཁུལ་དང་འབད་ཁུལ་བྱས་ཀྱང་། སྒྲུབ་པ་ལོག་པར་གྱུར་ནས་མཐར་ཐུག་འགྲུབ་རྒྱུ་དེ་རུ་ཊ་དང་རྒྱལ་འགོང་དམ་སྲི་རྣམས་རེད། དེ་ལྟ་བུས་རང་བརླགས་པར་མ་ཟད་འོ་མ་རུལ་བའི་དཔེ་བཞིན་དུ་གཞན་གྱི་དངོས་གྲུབ་ཀྱི་གེགས་ཀྱང་བྱེད་པ་རེད། དེ་ལྟ་བུའི་ཁེ་ཉེན་ཆེ་བའི་ཚུལ་དེ་ལ་བསམ་གཞིག་མཛད་ནས། སྲུང་ཉམས་གཉིས་ཀས་ཐོབ་ཤོར་གཉིས་ཀ་བྱེད་པའི་གནད་དེ་མཁྱེན་དགོས་པ་རེད། སྔགས་ཀྱི་སྡོམ་པ་དེ་དབང་ལས་ཐོབ་པ་རེད། ཐོབ་པ་ཡོད་པའི་དབང་གིས་བསྲུང་བ་རང་ཤུགས་ཀྱིས་འབྱུང་བ་རེད། གལ་ཏེ་བླ་མ་མཚན་ཉིད་མི་ལྡན་པའམ་བླ་མ་རང་ཉིད་ལས་ཐོབ་ཡོང་རྒྱུའི་བྱིན་མཐུ་མེད་པ་དཔེར་ན་བུམ་པ་སྟོང་པ་ལྟ་བུ་ཞིག་ཡིན་ན། སློབ་མ་ལ་བྱོས་ཡོང་བ་མེད་ལ་སྲུང་ཉམས་གཉིས་ཀ་འང་མེད་པ་རེད། ང་ལ་མཚོན་ན་སོ་སྐྱེ་ཐ་མལ་པ་ཞིག་རེད། དེའི་དབང་གིས་དེ་ཉིད་བཅུ་དང་རང་བཞིན་བརྒྱད་ལ་སོགས་པ་རྒྱུད་ལས་གསུངས་པའི་བླ་མའི་མཚན་ཉིད་མི་ཚང་ཡང་། དམ་པ་གོང་མ་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་སྔར་བྱོན་སངས་རྒྱས་མི་གཟུགས་སུ་ཕེབས་པ་བདག་ཅག་གི་རིགས་ཀྱི་བདག་པོ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་ཞལ་སྔ་ནས་དང་། རྫོགས་ཆེན་སྐུ་ཕྲེང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། རྫོགས་ཆེན་ཨ་བུ་ལྷ་སྒང་དང་མཁན་ཆེན་ཐུབ་བསྟན་སྙན་གྲགས་དེ་ཚོའི་ཞབས་པད་བསྙེན་པའི་སྐལ་བ་བཟང་པོ་ཐོབ་པའི་དབང་གིས། དབང་ཁྲིད་ལུང་གསུམ་གྱི་རྒྱུན་ཡང་དག་ཞུས་པ་ཙམ་གྱིས་མ་ཚད། དད་སེམས་ལྷག་བསམ་མ་ཉམས་པའི་གཞི་དེའི་སྟེང་ནས། དམ་ཚིག་གཙང་བས་བྱིན་བརྒྱུད་གྱི་ཕ་ཕོགས་ཐོབ་རྒྱུ་ཡོད་པ་ཁས་རང་ཉིད་ཀྱིས་ལེན་བཞིན་ཡོད། ང་རང་ལ་དུམ་གཉིས་ཀྱི་དབང་འདི་ཐོབ་ས་ངོ་མ་དེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ཚང་ཡིན། དབང་འདི་སྔོན་ཞིག་ལ་མགོ་ལོག་ཨ་སྐྱོང་རྟོགས་ལྡན་དགོན་ན་ཐེངས་གཅིག་ལ་འདོན་མྱོང་། དེ་བཞིན་དུ་ཡང་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཐོག་མ་དབུ་བཙུགས་ནས་རིང་པོར་མ་ལོན་པའི་དུས་ཞིག་ལ་ཡང་ཐེངས་གཅིག་འདོན་ནས་ཐེངས་གཉིས་ཡིན། ད་རུང་གཞན་ཞིག་ན་དང་གསུམ་འདོན་མྱོང་བསམ་རྒྱུ་ཞིག་ཞེ་ལ་ཡོད། ཐེངས་བཞི་བ་དེ། ན་ནིང་ས་ཆ་ག་གེ་མོ་ཞིག་ན་འདོན་འཆར་བྱས་ཀྱང་འདོན་མ་ཐུབ་མོད། ད་ལོ་གནས་འདིའི་བསོད་ནམས་ཀྱི་དཔལ་དུ་ཚོགས་ནས། ཇི་ལྟར་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ཡང་བུར་རམ་ཤིང་པའི་ཞིང་ལ་ཕ། །གསུངས་པ་ལྟར་བུའི་དཔེ་དོན་དུ་གྱུར་ནས་རྟེན་འབྲེལ་གྱི་ལེགས་ཚོགས་འདི་ན་འཛོམས་སྟོབས་ཀྱིས། ད་རེས་འདི་ན་མདོ་དབུས་ཁམས་གསུམ་གྱི་ཁྱེད་རབ་སྔགས་དགེ་འདུན་པ་སྟོང་ཚོ་ཁ་གྲངས་ཅན་དང་། དུས་འདིར་བསྟན་འགན་གལ་ཆེན་ཕྲག་ཏུ་བཞེས་པའི་མི་རབས་རྗེས་མའི་བསྟན་འཛིན་གཙོ་བོ་ལྷན་རྒྱས་ལ། འདི་བཞིན་བྱིན་རླབས་བརྒྱུད་པའི་བབ་སོ་མ་ཉམས་པར་འབུལ་རྒྱུ་བྱུང་བ་ལ། རང་ངོས་ནས་ཀྱང་དམ་པ་གོང་མས་ཐུགས་དགོངས་ང་ལ་གཏད་པའི་དགོངས་དོན་ཞིག་འགྲུབ་བཞིན་ཡོད་བསམ་རྒྱུའི་མོས་འདུན་དང་སྤྲོ་སེམས་ལྷག་ཏུ་ཡོད། གསང་ཆེན་རྡོ་རྗེ་ཐེག་པའི་དབང་འདིའི་དབང་སྲོག་རྒྱུད་ལ་འཛིན་པར་དམ་ཚིག་ཡིན་པས། གོང་ནས་ཀྱང་ནན་གྱིས་བསྐྱར་ཟློས་བྱས་ཏེ་ཞུས་པ་ལྟར། སྔགས་རྒྱུད་རྒྱ་མཚོ་ནས་གསུངས་པའི་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམ་བཞག་ཆེ་ཕྲ་ཐམས་ཅད་སྲོག་ལས་ཀྱང་གཅེས་པར་འཛིན་དགོས་པ་མང་ཆེ་བ་ལ་ལྷག་ཏུ་ཞུ་དགོས་རྒྱུ་མ་རེད། ཡིན་ན་ཡང་དུས་ཀྱི་དབང་གིས་ཤིན་ཏུ་ཉུང་ཤས་རེ་གཉིས་ཀྱིས། རང་ལ་དབང་ལུང་གི་རྒྱུན་ཐོབ་ན་དེས་རང་གི་གྲགས་པ་སྲུང་བ་དང་། རྙེད་པ་འཚོལ་བའི་ཐབས་ལ་བསམ་བློ་བཏང་ནས། བླ་མ་ལ་བླ་མར་མི་འཛིན། ཆོས་ལ་ཆོས་སུ་མི་སེམས་པའི་སོ་སོའི་སྐྱེ་བོའི་ངན་གཤིས་སྡུག་ཤོས་ནང་གི་སྡུག་ཤོས་ཅན་ཡོད་མི་སྲིད་པ་མ་རེད། དེའི་ཕྱིར་ན། བཞུགས་ཁྲི་མཐོན་པོ་ཁོ་ནར་སྐྱེས་བུ་དམ་པའི་ཡོན་ཏན་དུ་བསྙེན་པའང་གངས་ཅན་འདི་ན་ངོ་མཚར་གྱི་གནད་གཅིག་གོ་ཞེས་ཀུན་མཁྱེན་འཇིགས་གླིང་གིས་སྟིང་ཚིག་ཁྲེལ་གཏམ་མཛད་ནས་གསུངས་པ་ལྟར་རེད། ད་ལྟ་འདིར་ཡོད་ལས་སྐལ་ལྡན་པའི་རྡོ་རྗེའི་མཆེད་ལྕམ། ཁྱེད་ཆོས་གྲོགས་རྣམ་པ་ཐམས་ཅད་ཀྱིས་མ་འོངས་བསྟན་དང་འགྲོ་བར་སྨན་པའི་ཆོས་མཐུན་གྱི་ཐུགས་ཤུགས་ལྷག་བསམ་རྣམ་དག་རྒྱ་མ་ཆུང་ཞུ་རྒྱུ་དང་། འདིར་ཡོད་མང་ཆེ་བ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་མཁན་རེད། དེའི་ནང་ན་རིས་མེད་བསྟན་པའི་དགོངས་དོན་གཅིག་ཏུ་འབབ་རྒྱུའི་གནད་མཁྱེན་པའི་མཁས་པ་ཆེན་པོ་འགའ་ཡང་ད་རེས་འདི་ན་བཞུགས་པས། མངའ་རིས་པཎ་ཆེན་གྱིས་བཀའ་བརྒྱད་རྣམ་གསུམ་ལྷའི་ཐ་རམ་གྱི་ནང་ན། བཤད་སྒྲུབ་བྱ་བ་ཐམས་ཅད་སྟོང་ཡང་སླ། །དབང་ཁྲིད་རྒྱུད་ཀྱི་བཤད་པ་ཉམས་མ་འཇུག ། ཅེས་གསུངས་པ་དེ་ད་ལྟའི་དུས་འདིར་གསང་ཆེན་སྔ་འགྱུར་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་དགོས་ཁུར་ཕྲག་དུ་བབ་མཁན་དག་ལ་ལུང་བསྟན་ཞལ་གདམས་གྱི་ཚུལ་གྱིས་གསུངས་པ་ལོས་ཡིན་བསམ་རྒྱུ་རེད། དེ་ནས་ཡང་སང་ཉིན་ནས་དབུ་བཟུང་སྟེ་དངོས་གཞིའི་དབང་གི་འཆར་གཞི་ནི། དུས་ཚོད་རེའུ་མིག་གི་ནང་ལ་བཀོད་པ་ལྟར་དུ་རིམ་པས་འབུལ་རྒྱུ་ཡིན། འདིའི་གཏེར་གཞུང་གི་ཚིག་ཁ་ཆ་རེ་ཤར་འདོན་ཞིག་བྱས་པ་ཙམ་གྱིས་ཡིན་རྒྱུ་བྱས་བཞག་ན་ལས་སླ་མོ་རེད། ཉིན་གཉིས་ཙམ་གྱིས་འདོན་ལོས་ཐུབ་གཅིག་གིས་ཀྱང་འདོན་ཐུབ། ང་ལྟ་བུས་དེ་འདྲ་བྱས་ན་སླ་ཆོས་མིག་ལྟོས་ངན་པ་རེད་འགྲོ་རྒྱུ་རེད་ལ། རང་བློ་རང་ལ་མ་ཁེལ་བ་ཞིག་གིས་གཞན་རྒྱུད་ལ་བྱིན་རླབས་ཅི་འདྲ་བྱས་ནས་སྨིན་ཐུབ་བསམ་གྱིན་ཡོད། དེའི་ཕྱིར། རབ་ན་འདི་རྒྱུད་དོན་སྒྲུབ་ཁོག་དང་སྦྲེལ་ནས། གནད་ཚིག་གིས་དཀྲོལ། དོན་རྡོ་རྗེའི་རང་སྒྲ་བརྒྱུད་ནས། ཚིག་རྒྱུད་མིང་དང་ཡི་གེ་ཤར་བ་དེ་དོན་རྒྱུད་སྐྱེ་བོའི་སྙིང་ལ་འབབ་པ་ཞིག་བྱས་ནས། མང་ན་ཉི་མ་ཉི་ཤུ་ཐམ་པ། ཉུང་ན་མཁྱེན་བརྩེའི་དབང་པོའི་ཕྱག་བཞེས་བཞིན་དུ་ཉིན་བཅོ་ལྔ་ལ་འདོན་དགོས་པ་རེད། དེ་ལྟར་མ་བྱུང་ནའང་། དབང་དོན་རེ་རེ་བཞིན་སློབ་དཔོན་སློབ་མ་གཉིས་ཀའི་དགོས་དོན་དམིགས་པ་དང་ཏིང་འཛིན་གྱིས་ཟིན་ནས་ཚིག་གི་མཚམས་སྦྱོར་རེ་མེད་ན། བསྐུར་ཚིག་རྡོག་མ་ཆ་རེས་རྡོ་འཕེན་འཕེན་བྱས་པ་ཙམ་གྱིས། རིག་འཛིན་བརྡ་བརྒྱུད་ཀྱི་གྲལ་ལ་ཡར་མ་ཐོན། གང་ཟག་སྙན་བརྒྱུད་ཀྱི་དོན་པོ་ཞལ་ནས་གསུང་བའི་ཁ་རླུང་དེ། གཞན་པ་དེས་ཉན་ན་སྒྲ་དོན་འདྲེས་འཛིན་གྱི་གོ་བ་ཙམ་ཡང་མ་ཆགས་པར། འཕངས་ཐལ་བསམ་རྒྱུ་ཡོད་རུང་། ཕོག་བྱུང་བསམ་རྒྱུ་མེད་ན་དབང་གི་གཟུགས་བརྙན་ཙམ་ཡིན་པས། མ་མཐའ་ཡང་ཉི་མ་བཅུ་དགོས་པ་རེད། འདི་རྒྱས་བསྡུས་འཚམ་པའི་དབང་དུ་བྱས་པས་རྒྱས་པའི་གནད་ཚང་བ། བསྡུས་པའི་སླ་ཆོས་ལ་མ་ཤོར་བ། དུས་ཡུན་རིང་ཐུང་འབྲིང་པོའི་ཚོད་ཡིན་པས། ང་འདྲ་འདྲའི་སོ་སྐྱེས་བླ་མས་དབང་བསྐུར་ལུགས་ཡིན་བསམ་གྱིན་ཡོད། རང་རེ་འདིར་བཞུགས་རྣམ་པ་མང་ཆེ་བ་ཆོས་གྲོགས་རྙིང་པ་རྐྱང་རྐྱང་རེད། འདིའི་ནང་གི་མང་པོ་ཞིག་ང་དང་པདྨའི་ཐང་འདི་ན་མཉམ་ཐོན་རེད། ད་ལོའི་ལོ་ངོ་བཅུ་བཞི་ལ་འདི་བཞིན་ཆོས་གཅིག་གི་འཚོ་བར་མཉམ་དུ་སྤྱོད་ནས་བསྡད་པ་རེད། གསར་དུ་ཕེབས་མཁན་ཡང་མང་པོ་འདུག གང་ལྟར་ཐམས་ཅད་སྟབས་ལེགས་ལྟས་དབང་གིས་བར་དོར་ལམ་ཐུག་བྱས་ཏེ་གསར་སྐྱེས་སྔར་འབྲེལ་མེད་མཁན་རྐྱང་རྐྱང་མ་རེད། སྔོན་སོང་ལས་དང་སྨོན་ལམ་གྱིས་ལྷན་དུ་འཛོམས་ཏེ། དུས་སྙིགས་མའི་ཁུག་སོ་ན་ཆོས་ཀྱི་གྲུ་ཆེན་པོ་ལ་མཉམ་དུ་ཞུགས་བཞིན། གཞན་དོན་ཐར་བ་དོན་གཉེར་གྱི་དོན་མཐུན་གྱི་ལས་ལ་འབད་པའི་ཆོས་གྲོགས་རྡོ་རྗེའི་མཆེད་ལྕམ་རེད། རང་རེ་སྐྱེ་ས་འཁྲུངས་ཡུལ་མི་གཅིག་ཀྱང་ཆོས་གཅིག་གིས་བསྡུས་ནས་ཕྱོགས་བཞི་མཚམས་བརྒྱད། ཐག་ཉེ་རིང་གཉིས་ཀ་ནས་གནས་འདིར་འདུས་པ་ཡིན་ན། གནས་འདི་སྔར་བྱོན་དམ་པ་མང་པོས་སྒྲུབ་གནས་འཇའ་ལུས་མཁའ་སྤྱོད་གྲུབ་པའི་ཕ་གཞིས་ཤིག་རེད། ཁྱད་པར་དུ་ཡང་དབེན་འདི་དག་ལ་མཚོན་ན། གནས་ཀྱིས་གང་ཟག་བྱིན་གྱིས་རླབས་པའི་ཏིང་འཛིན་རང་ཤུགས་ཀྱིས་སྐྱེ་བའི་ས་ཆ། སེམས་ཀྱི་ངལ་གསོའི་བསྟི་གནས་ཤིག་ཡིན་པས། དབང་ཁྲིད་འདི་ཚོའི་ཚེ་ལ། འདི་ན་བཞུགས་པའི་རིང་རྣམ་པ་ཚང་མས་ཐུགས་བག་ཕེབས་ཀྱི་སྒོ་ནས་ངལ་གསོའི་བསྟི་གནས་ཞིག་གི་སྤྱོད་ཡུལ་དང་མཐུན་པའི་ཉམས་བཞེས་ཀྱི་སྐུ་ངལ་སྐྱིད་པོ་ཞིག་གསོས་མཛོད། འདུས་པ་མང་ཚོགས་འདི་འདྲ་ཞིག་གི་ནང་ན་ཕྱག་གི་ཡུལ། དད་པའི་གནས། མཆོད་པའི་ཞིང་ས་ཁྱད་པར་ཅན་དགེ་འདུན་སྤྱི་ཕར་ཕུད་ཤུལ་གྱི། གང་ཟག་བྱེ་བྲག་པ་སོ་སོའི་སྐྱེ་བོའི་རྟེན་ཅན་གྱི་རང་འདྲའི་ཆོས་གྲོགས་ཀྱང་ཡོད་པས། དེ་ཚོ་ལ་རང་རྒྱུས་རོགས་ལ་བཤད་དུས། སེམས་ཅན་ཟེར་ནས་མྱིང་བཏག་ས། ང་བསམ་ནས་བདག་ཏུ་འཛིན་སའི་གདག་གཞི་ནི། ཕུང་པོ་ལྔ་ཚོགས་ཀྱི་ལུས་ངག་ཡིད་གསུམ་འདི་རེད་མོད། དེ་ཡིན་ན་འུ་ཚོ་འཇིག་རྟེན་གྱི་མྱི་ལུས་ཞིག་བླངས་པ་འདི། མཐོ་རིས་རྣམ་གསུམ་གྱི་ནང་གི་མཐོ་རིས་མིའི་འཇིག་རྟེན་རེད། རེད་དེ་མཐོ་རིས་དམའ་རིས་གང་བཤད་ཀྱང་། སྡུག་བསྔལ་རྣམ་གསུམ་གཅིག་མིན་ན་གཅིག་གིས་མི་གཏོང་བར། མནར་མནར་ཏེ་སྒོ་གསུམ་ངལ་ཞིང་དུབ་པས་དཀའ་ནས་ཐང་ཆད་ཉོན་མོངས་རྒྱ་ཡི་ཁུར་ཆེན་གྱིས་མནན་ཡོད་པ་ཤ་སྟག་ཡིན་ན། ད་རེས་ངལ་གསོའི་ངལ་སྟེགས་ཤིག་ཡོད་སར་ཐོན་དུས་ངལ་ཞིག་གསོས་ནས་སྡུག་བསྔལ་ཆུང་ཐབས་ཤིག་བྱེད་དགོས་པ་རེད། ལུས་ངག་གཉིས་ཀས་ངལ་གསོ་མ་མྱོང་པ་མ་རེད་དེ། སེམས་ཀྱིས་ངལ་གསོ་མ་ཐུབ་ན། ལུས་ངག་གཉིས་ཀས་ངལ་ཅི་འདྲ་ཞིག་གསོས་པའི་ཉམས་བསྟན་ཀྱང་། ངལ་གསོའི་བདེ་སྐྱིད་དེ་སེམས་ལ་མི་འཆར་བ་ནི་འཁོར་བའི་སེམས་ཅན་ཚང་མས་ཉམས་མྱོང་གིས་ཀྱང་ཤེས། སེམས་ཀྱིས་ངལ་གསོ་མི་ཐུབ་པའི་གནད་དེ་བཙལ་ན། སེམས་རྣམ་རྟོག་སྤྲིན་ཁ་འཚུབས་པ་བཞིན་གཅིག་འཕྲོ་ལ་གཅིག་སྦྲེལ། གཅིག་རྔ་ལ་གཅིག་མཐུད་ནས། བར་མེད་ཆུ་རྒྱུན་ཐུར་དུ་རྒྱུག་པ་ལྟར་དོན་མེད་སྡུག་བསྔལ་གྱི་བྲེལ་ཟིང་རྐྱང་རྐྱང་གི་ནང་ནས་བུད་མ་ཐུབ་པ་རེད། ལུས་ཐུབ་ན་སེམས་བུད་མི་ཐུབ་རྒྱུ་བོ་འདི་རེད་། དེའི་རྣམ་རྟོག་འཁྲུལ་འབྱམས་གཅིག་རྗེས་ལ་གཉིས་ཀྱིས་སླེབས་ནས། ཚར་རྒྱུ་མེད་པའི་དྲན་རྒྱུ་མང་པོ་ཞིག་གིས། འགྲུབ་རྒྱུ་མེད་པའི་བྱ་ལས་མང་པོ་ཞིག་གི་སྣ་དྲངས་ཡོང་དུས། རང་སེམས་འདི་ལ་བདེ་ཡོང་དུས་ཤིག་དང་རང་ལུས་འདི་ལ་སོས་དལ་དུས་ཤིག་ཡོང་རྒྱུ་མེད་མོད། དེར་བལྟས་བཞག་ན་སྲིན་འབུའི་ཁ་ཆུའི་དར་སྐུད་ཀྱིས་རང་གི་ལུས་པོ་རང་གིས་འཆིང་བ་ལྟར་ཡིན་དུས། ད་རེས་དེའི་འཆིང་རྒྱ་ཐམས་ཅད་གཅད་མ་ཐུབ་ནའང་། གནས་སྐབས་ཆེ་བཞག་ཆུང་བསྐྱུར་ཞིག་བྱས་ནས་དབེན་པའི་རི་ཁྲོད་འདི་ན་ལུས་དབེན་དང་ངག་དབེན་གྱིས་མི་ཚད་པར་གཙོ་བོ་སེམས་དབེན་ལ་བརྟེན་ནས་སེམས་འདི་ལ་ངལ་གསོ་ཞིག་བྱེད་དགོས། རྣམ་པ་ཚོ་དང་པོ་གནས་འདི་ལ་གཏད་ནས་གཡུ་འབྲུག་ཟམ་པ་བརྒྱུད་དེ་ཡར་འབྲུག་སྒོ་ནས་ཕེབས་ཡོང་དུས། སྒོ་ཆེན་ཕྱི་མའི་སྒོ་ཐོད་ལ་གནས་འདིར་ཕེབས་པར་དགའ་བསུ་ཞུ་བ་དང་ཆབ་ཅིག་ཏུ། ཡུན་རིང་ངལ་བའི་སེམས་ཀྱིས་ངལ་གསོ་ཞིག་མཛོད། ཅེས་བྲིས་ཡོད་པ་ལྟར། ཁྱེད་རྣམ་པས་སྐུ་ངལ་ཡག་པོ་ཞིག་གསོས་མཛོད། སེམས་འདི་རྒྱ་མཚོ་ཆེན་པོ་ལ་དཔེ་བཞག་ན། རྙོག་པ་མེད་པའི་རྒྱ་མཚོ་དྭངས་མོའི་ངོས་ལ་གཟའ་སྐར་ཀྱི་གཟུགས་བརྙན་གསལ་མོ་འཆར་ཐུབ་པ་ལྟར། རང་སེམས་ཀྱི་རྒྱ་མཚོ་དྭངས་བཅུག་ན་དེའི་ངོས་ལ་སྔར་མེད་ཀྱི་གཟུངས་དང་ཏིང་འཛིན་ཤེས་རབ་ལ་སོགས་པའི་ཡོན་ཏན་ངོ་མཚར་ཅན་མང་པོ་འཆར་ཐུབ། དེའི་ཚེ་ན་ཟག་བཅས་ཀྱི་བདེ་བ། དོན་དུ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པའི་འདི་ལྟ་བུ་མ་ཡིན་པར། ཟག་མེད་ནང་གི་བདེ་བ་བདེ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སེམས་ཀྱིས་ངལ་སོས་པའི་སེམས་ཉིད་དྭངས་པའི་མཁའ་རུ་གཟུང་འཛིན་རྣམ་རྟོག་གི་སྒྲིབ་གཡོག་སྤྲིན་འདྲ་བོ་དེ་དང་བྲལ་སོང་ན། དེའི་སྐབས་དེར་ངང་གིས་མངོན་ཡོང་བ་རེད། དེས་ན་རང་གི་སེམས་ལ་རང་གིས་དབང་བསྒྱུར་བྱས་ནས། བློ་ངན་གོམས་ཀྱི་གཤིས་ངན་དེ་རིམ་གྱིས་ལམ་ལ་བཞག་ན། འདི་འཁྲུལ་ཡུན་རིང་། འཁྲུལ་ཚབ་ཆེ། འཁྲུལ་ལུགས་སྡུག་ཀྱང་། འདུས་བྱས་ཡིན་པས་བསྒྱུར་ཐུབ་པར་མ་ཚད་གོམས་ཤིང་གོམས་ན་ཇེ་སླར་སོང་སྟེ་རང་སེམས་ཀྱི་སྐྱོན་དང་ཡོན་ཏན་ལ་རང་གིས་ཞུ་དག་ཐུབ་པའི་རྣམ་དཔྱོད་ཀྱི་བློ་རྒྱ་གསར་བ་རྙེད་རྒྱུ་ཡོད། སེམས་འདི་ལ་བདག་པོ་གཏན་ནས་མ་བྱས་ན། ཆུ་རྒྱུན་ཐུར་དུ་རྒྱུག་པ་འདྲ་ཡུལ་ངན་པའི་རྗེས་དེད། རྐྱེན་ངན་པས་ཁ་ལོ་བསྒྱུར་ཏེ། སེམས་རྒྱལ་པོ་འདྲ་བོས་ཇུས་འཆུགས་སོང་དུས། དེ་ཡིན་དུས། བྲན་གཡོག་ལུས་ངག་གཉིས་ཀྱིས་སྡུག་བསྔལ་བཟོད་མཐའ་མེད་པ་ཞིག་མྱོང་རྒྱུ་བོ་རང་མཐོང་མྱོང་བས་གྲུབ་པ་འདི་རེད། གཞོན་ཆུང་གསར་བུའི་རིགས་ཅན་རྣམས། རྒན་ཞུགས་ལས་དང་པོ་པ་ཚོ་ལ་བཤད་རྒྱུར། ད་རེས་ནི། གདམས་པ་ཟབ་མོའི་བྱིན་བརྒྱུད་མན་ངག་གི་མིག་གསར་བ་ཞིག་གསར་དུ་ཕྱེ་བའམ། ཡང་ཕྱེ་ཞིག་བྱས་པ་ཡིན་ན། འདིའི་ཕྱི་ནང་གསང་གསུམ་གྱི་གནད་ཀ་རིག་ཐུབ་པས། རང་གིས་རང་ལ་མ་གཅེས་ན་སུས་གཅེས། ཐར་བ་དམ་པའི་རུ་སྒོ་ཞིག་ཁྲོལ་ཆོས་བྱེད་སྐབས་འདིར་སྟེང་གི་ཤི་མེད་ཤོར་མེད་ལོང་བས་བ་རྔ་ལ་འཇུས་པ་བཞིན་བྱེད་རན་སོང་བ་རེད། ཐར་ལམ་རྣམ་དག་བསྒྲུབ་པའི་གང་ཟག་གཅིག་གིས་ཤེས་དགོས་རྒྱུར། མ་ཤེས་ཐབས་མེད། ཤེས་ནས་བསྐྱུར་མི་ཉན་རྒྱུ་ཅི་ཞིག་རེད་ཟེར་ན། ཕྱི་སོ་ཐར་གྱི་སྡོམ་པའི་ངོ་བོ་འཁོར་བར་ཞེན་ལོག་གི་ངེས་འབྱུང་ཡོད་དགོས་གཅིག་རེད། ནང་བྱང་སེམས་ཀྱི་སྡོམ་པའི་ངོ་བོ་གཞན་ཕན་དོན་གཉེར་གྱི་ལྷག་བསམ་ལྷད་མེད་ཡོད་དགོས་གཉིས་རེད། གསང་བ་གསང་སྔགས་ཀྱི་སྡོམ་པའི་ངོ་བོ་སྣང་སྲིད་རྣམ་དག་གི་དག་སྣང་ཡོད་དགོས་གསུམ་རེད། དེའི་སྟེང་དུ་རང་ཉིད་ཐར་བའི་ལམ་དུ་འཁྲིད་མཁན་གྱི་བླ་མ་དམ་པ་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་ཡོད་དགོས། དེ་ཡང་མཐར་གཏུགས་ནས་བཤད་ན། བླ་མ་ཟེར་རྒྱུ་དེ་ཡང་། མཚོན་བྱེད་རྟགས་ཀྱི་བླ་མས་མཚོན་པའི་མཚོན་བྱ་དོན་གྱི་བླ་མ་གང་ཡིན་པ་དེ་ཉིད་ལ་གོ་དགོས་རེད། དེས་ན། དད་པའི་ཉེར་ལེན་གང་ལ་ཡོད་པ་དེ་ལ་རྫོགས་པའི་སངས་རྒྱས་ཀྱི་ས་བོན་སྨིན་རུང་དུ་ཡོད་པ་རེད། དེས་བཞི་རེད། ད་དུང་མེད་ན་ཐབས་མེད་ཅིག་ལ། ཆོས་གཅིག་གིས་བསྡུས་པའི་མཆེད་གྲོགས་བྱང་ཆུབ་བར་དུ་མར་མེའི་མེ་དང་སྡོང་བུ་བཞིན་དུ་མཉམ་པོར་འགྲོགས་པ་ཐམས་ཅད་དང་བརྩེ་དུང་ཡོད་རྒྱུ། དེ་ལྔ་བོ་ནི། སྤྱིར་ཐར་བ་དོན་གཉེར་གྱི་གང་ཟག ཁྱད་པར་དུ་གསང་སྔགས་རྫོགས་པ་ཆེན་པོའི་ཆོས་ལམ་ལ་ཞུགས་པ་ཚོ་ལ་མེད་ན་ཐབས་མེད་རེད། དེའང་རྩ་བ་ཚུར་བསྡུས་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་མི་འབྲལ་བ་གཅིག་པུའི་ནང་དུ་འདུས། ཅུང་ཟད་ཅུང་ཟད་ཉམས་ལེན་རྒྱུད་ལ་སྦྱར་ནས་ལོ་གྲངས་མང་པོར་སོང་བ་ཚོས་ཀྱང་། སྟོང་ལྟ་ཧལ་པོས་ལས་འབྲས་ཁྱད་དུ་མི་གསད་པར། ཐམས་ཅད་ཀུན་པོས་ཇི་སྲིད་གཟུང་འཛིན་སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་མ་དག་པ་དེ་སྲིད་དུ། ཀུན་རྫོབ་ལས་དང་ལས་ཀྱི་འབྲེལ་བ་སླུ་མེད་སྙོན་མེད་ཡོད་པས་ན། འཛིན་མེད་སྒྱུ་མ་ལྟ་བུས་རྩིས་ཟིན་པའི་ངང་ནས་ཐབས་ཤེས་ཟུང་འཇུག་གི་ལམ། ཐེག་པ་ཆེན་པོའི་དགེ་བའི་རྩ་བ་དམ་པ་གསུམ་ལྡན་དུ་བསྒྲུབ་པའི་བླང་དོར་ཚུལ་བཞིན་བྱེད་པ་དང་མ་འབྲལ་ཞུ་རྒྱུ་དང་། ཁྱད་པར་དུ་ལས་དང་པོ་པ་ཚོས། ཆོས་གསན་པའི་སྐབས་སུ་ཐོག་མར་ངེས་དགོས་རྒྱུ་ཞིག་ལ། སངས་རྒྱས་འཇིག་རྟེན་ལ་བྱོན་པ་ནི་བརྒྱ་ལམ་རེས་འགའ་ཡིན་རྒྱུ། དེས་གསུངས་བའི་ཆོས་དང་འཕྲད་པ་དེ་བས་ཀྱང་དཀའ་རྒྱུ། སངས་རྒྱས་བྱོན། ཆོས་གསུངས། དེའི་བསྟན་པ་གནས་ཀྱང་། རང་ཉིད་ཀྱིས་མི་ལུས་ཐོབ་རྒྱུ་དང་ནི། ད་དུང་ཆོས་དར་བའི་གནས་སུ་ཆོས་ལ་མོས་པ་དང་ལྡན་རྒྱུ་དེ་ཡང་ལས་སླ་མོ་མ་ཡིན་པ་དང་། འདི་ནི་རྙེད་དཀའ་བ་སྔར་ཚོགས་བསགས་རྒྱ་ཆེན་བྱས་པའི་མཐུ་ལས་བྱུང་བའི། དལ་འབྱོར་གྱི་རྟེན་བཟང་ལྷ་བས་ལྷག་པའི་ལུས་ཡིན་རྒྱུ། དེ་ཡིན་མིན་གྱི་ཐད་ནས་བཤད་ན། འགྲོ་བ་གཞན་གྱི་མང་ཉུང་དང་མིའི་རིགས་ཀྱི་ནང་ནས་ཡིན་ནའང་ཆོས་ཡང་དག་སྒྲུབ་མཁན་གྱི་ཁ་གྲངས་མང་ཉུང་གི་ཐད་ནས་རིག་ས་གོ་ས་ན་ཡོད་རྒྱུ། རང་ཉིད་ཀྱི་ཁོར་ཡུག་ལ་བལྟས་ནའང་ཤེས་འདུག་པ་ལྟར་རེད། འདི་འདྲ་ཡིན་པའི་སྟབས་ཀྱིས་ཆོས་ཐོས་པ་བསྐལ་བ་བརྒྱར་ཡང་རྙེད་པར་དཀའ་བ་ཡིན་པའི་ཕྱིར་ན། དེ་ཉིད་ཤེས་པའི་ཐོག་ནས་ཆོས་ཉན་པའི་དུས་སུ་ཆོས་ཀྱི་ཚིག་དོན་རྗེས་སུ་དྲན་པར་བྱ་དགོས་རྒྱུ་དང་། དེའི་ལྡོག་ཕྱོགས་ནས་ཆོས་བཤད་ཉན་གྱི་སྐབས་སུ་ཀུན་དུ་སྤྱོད་པའི་གནས་མ་ཡིན་པ་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་སོགས་དུས་རྒྱུན་གསུང་བཞིན་པའི་སྤོང་དགོས་ཀྱི་སྤང་བྱ་ཐམས་ཅད་རང་གིས་སྤང་དགོས། ཁྱད་པར་དུ་གསར་བུ་ཚོ་ལ་ཐུགས་གསོས་ཞུ་རྒྱུ་ཞིག་ལ། གཙུག་ལག་ཁང་དང་ཆོས་རའི་ནང་ལ་ཞུགས་ནས་བཟུང་སྟེ། སྨྲ་འཆལ་སྤོང་དགོས་རྒྱུ་ཞུ་ཅི་དགོས་ཏེ། ཆོས་ཁྲིད་དང་དབང་གྲལ་ནས་ངེས་པར་དུ་གསུང་ངག་སྡོམ་རྒྱུ་གལ་ཆེ། དེ་ནི་སྤྱིར་བཏང་གི་སྒྲིག་ལམ་ཙམ་མ་ཡིན་པར་ཆོས་ཟབ་མོ་འཆད་ཉན་གྱི་སྐབས་སུ་གཏམ་སྣ་ཚོགས་གླེང་རྒྱུ་དེ་དམ་ཆོས་སྣུབ་པར་བརྩོན་པ་ཡིན་ཞེས་སངས་རྒྱས་ཀྱིས་གསུངས་འདུག གང་དུ་གསུངས་ཤེ་ན། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོའི་ནང་ན་གསུངས་ཡོད། ཇི་ལྟར་གསུངས་ཡོད་ཅེ་ན། འཁོར་གྱི་ནང་དུ་འོང་ནས་ཆོས་ཟབ་མོར་གཏམ་གྱིས་བར་ཆད་བྱས་ནས་གཏམ་སྣ་ཚོགས་གླེང་བ་གང་ཡིན་པ་དེ་ནི། དམ་པའི་ཆོས་སྣུབ་པར་བརྩོན་པ་ཡིན་ནོ་ཞེས་གསུངས་སོ། དེ་ཡིན་ན། དམ་ཆོས་ནུབ་པར་བརྩོན་རྒྱུ་བོ་བདུད་ལས་རེད། བདུད་ལས་བྱས་ན་བདུད་མིན་ན་བདུད་ཀྱི་ཕྱོགས་གཏོགས་ལོས་ཡིན། དེ་ལྟ་བུས་གོས་སྣེ་གསུམ་གོན་ཡང་རྐུ་ཐབས་སུ་གནས་པ་ར་སྤྲོད་རང་གིས་རང་ལ་བྱས་པ་ཞིག་རེད་འགྲོ་བས། གསུང་ངག་སྡོམ་དགོས། རང་གིས་ཆོས་ཀྱི་ཚིག་དོན་ལ་བློ་མ་ཞུགས་ན། ཆོས་ཞུས་པ་དེ། ལྟར་སྣང་ཙམ་དུ་འགྱུར་བར་མ་ཟད། གཞན་གྱིས་ཆོས་ཀྱི་ཚིག་དོན་ལ་ཐུགས་གཞོལ་བའི་བར་ཆད་རེད་ན། དོན་མེད་ཀྱི་ཉེས་པ་རེད། ཁྱད་པར་དུ་རིགས་དང་བསླབ་པ་རྒན་པའམ་མཚན་གྱིས་མངོན་པར་མཐོ་བ་དག་གི་མཛད་སྤྱོད་ནི། ཕལ་བའི་གྱེན་ལྟོས་སུའང་འགྱུར་བས་ན། ངས་ཆོས་རའི་དགེ་འདུན་པས་གསུང་ངག་སྡོམ་རྒྱུར་ཡར་སྐུལ་ཞུ་བཞིན་ཡོད་པར་མ་ཚད། ཁྱིམ་པ་ཕོ་མོ་ཆོས་རར་ཞུགས་དུས་ཀྱང་ངག་གཅད་འཇུག་གིན་ཡོད། དེས་ན་ངག་གི་སྨྲ་བ་འདིས་ངག་གི་མི་དགེ་བཞི་པོར་མ་ཟད་ལུས་ངག་གི་བདུན་པོའང་སྣ་འདྲེན་བྱེད། དེའི་ཕྱིར་ཞུ་དོན་གྱི་སྙིང་པོར། ཆོས་འཆད་ཉན་དང་དབང་བསྐུར་ལུང་ནོད་ཚང་མའི་སྐབས་སུ། སྤྱིར་ནམ་རྒྱུན་རབ་ཏུ་བྱུང་བས་དབང་པོའི་སྒོ་སྡོམ་ལོས་དགོས། ཁྱད་པར་དུ་དབང་ཆོས་གསོན་པའི་སྐབས་སུ་གསུང་ངག་ངེས་པར་དུ་སྡོམ་དགོས་ཞུས་པ་ཡིན། འོ་ན་གྲག་སྟོང་སྔགས་སུ་ཤེས་ན་ངག་གཅད་ཨེ་དགོས་ཞེས་འདྲི་ན། གྲག་སྟོང་སྔགས་སུ་ཤེས་དུས་འཁྲུལ་སྣང་ཡེ་ཟད་ཀྱི་ས་ལ་ཐོན་སོང་བ་ཡིན་པས། འཁྲུལ་བའི་ལོང་གཏམ་སྨྲ་མི་སྲིད། ལས་དང་པོ་བའི་དུས་སུ་སྣང་བ་ལྷ། གྲག་པ་གསུང་། དྲན་རྟོག་ཐུགས་ཀྱི་ལྷ་སྔགས་ཆོས་སྐུར་འཆར་ཞེས་བཤད་རུང་། སྨོན་པའི་རྗེས་འགྲོ་ཙམ་ཞིག་རེད་བསམ་རྒྱུ་དང་དེ་འདྲ་ཞིག་དགོས་རེད་ཟེར་བའི་རྗེས་འདེད་ཙམ་ཞིག་མ་གཏོགས། རང་བཞིན་ལྷུན་གྲུབ་ཀྱི་གྲག་སྟོང་སྔགས་སུ་ཤར་རྒྱུའི་གདེང་ཚད་འཇོག་དཀའ་བ་རེད། དེའི་སྟབས་ཀྱིས་ཨོ་རྒྱན་ཆེན་པོས། ལོ་གཅིག་འབག་སྙེན་བྱེད་པ་ལས། །ཟླ་གཅིག་སྨྲ་བཅད་བྱས་པ་མཆོག། ཅེས་གསུངས་བའི་གོ་བ་ལྡོག་ཕྱོགས་ནས་ཅི་ཞིག་ལེན་རྒྱུ་ཡོད་རེད་ཟེར་ན། འཆལ་བའི་ངག་གིས་རང་གི་སྔགས་དང་ཏིང་འཛིན་སོགས་ཀྱི་ནུས་པ་འཕྲོག་རྒྱུ་དང་། གཞན་གྱི་དགེ་བའི་གོ་བཀག་པའི་ཉེས་སྐྱོན་མང་པོ་བསྡུས་པ་བསྟན་པས་ན། ཡང་སྒོས་གསར་བུ་འདུས་པའི་ཚོགས་གྲལ་ལ་ཞུགས་པའི་བྱིས་གཞོན། ཅུང་ཟད་དགོད་བག་ཅན་དག་གི་ཐུགས་ལ་དེ་ལྟར་ཞོག དེས་ན་ཆོས་ཐུན་གྱི་རིགས་འདི་ཧ་ཅང་ཡུན་རིང་དྲགས་ན་མི་བཟང་། རང་གཞན་གཉིས་ཀས་ཉོབ་བཤད་རེད་བསམ་ནས་ང་ཡང་ཆོས་ཐུན་རིང་པོ་མ་ཡིན་པ་ལ་དགའ་སྣང་བྱེད་པའི་མྱི་ཡིན། དེ་ཡིན་པར་མ་ཟད། རང་གིས་ཆོས་ཐུན་ཅི་ཐུང་གང་ཐུང་བྱེད་མཁན་ཞིག་ཡིན་ཏེ། སྐབས་འདི་ལ་མཚོན་ན། དབང་གཙོ་བོར་བྱས་པའི་ཞོར་དུ་ལུང་ཡང་འགྲོ་ཅི་ཐུབ་བྱེད་བཞིན་ཡོད། མཚམས་རེར་དུས་ཚོད་ཀྱི་ཐོག་ལ་ཏག་ཏག་རེད་ཨེ་ཐུབ་མི་ཤེས། ངས་དབང་འདོན་དུས་ས་ཆ་འདིའི་སྐད་ལུགས་བྱས་ནས་འདོན་གྱིན་ཡོད། དེ་དགོས་དོན་ཅི་རེད་ཟེར་ན། གནའ་དང་པོ་ཚུར་ལ་ཐོབ་སའི་བླ་མའི་གསུང་སྒྲོས་བཞིན་དུ་འདོན་པ་འདི་ནི། བྱིན་རླབས་ཀྱི་ཚན་ཁ་མི་ཉམས་པའི་ཆེད་དུ་ཡིན། ཡང་ཆོས་ཁྲིད་བྱས་ཏེ་སྒྲོག་འགྲོལ་བྱེད་པའི་སྐབས་ལ་ལར། དེང་སང་མང་པོ་ཞིག་གིས་འབྲོག་ཁུལ་གྱི་ཁ་སྐད་བྱས་ནས་བཤད་པའི་སྲོལ་ཞིག་འདིའི་ཡར་མར་དར་བཞིན་འདུག དེའི་མཐུན་འཇུག་བྱས་ཏེ་གོ་བརྡ་ཅི་འཇགས་ཀྱིས་སྐད་སྣ་འདྲ་འདྲེས་བྱས་ནས་བཤད་ཀྱིན་ཡོད། དུས་རྒྱུན་ཆོས་གྲྭའི་ནང་ལ་མདོ་དབུས་ཁམས་གསུམ་གྱི་མི་སྣ་མང་པོ་ཡོད་པ་རེད། ད་རེས་ཀྱང་དེ་བཞིན་རེད། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད་སོགས་ལ་འགྱུར་གྱིན་ཡོད་མེད་མི་ཤེས་ཏེ། བོད་མི་མང་ཆེ་བས་གསན་འདིང་རྒྱག་བཞིན་ཡོད། དེའི་འཕྲོ་ནས་བཤད་རྒྱུ་ཞིག་ལ། ཆོས་གཅིག་ལ་མཉམ་དུ་སྤྱོད་པའི་ངོས་ནས་དང་། རང་རེ་ཚང་མ་ཆོས་གྲོགས་ཡིན་པའི་ཆ་ནས་འདྲ་མཉམ་རེད། རེད་དེ་སྐྱེ་སྔ་ཕྱིའི་དུས་རབས་ཤིག་གི་ཁྱད་པར་གྱིས་དབང་ལུང་གི་རྒྱུན་འགའ་རེ་ངས་འདི་བཞིན་འབུལ་རྒྱུ་ལ་ཁེལ་ཡོད་པ་རེད། ཁྱད་པར་དུ་དབང་རེ་འདོན་སྐབས་ལ་རྡོ་རྗེ་སློབ་དཔོན་གྱི་ཞལ་ཚབ་བྱས་ནས་འདོན་པ་ཡིན་དུས། ཆོས་ཀྱི་ཆེ་བ་འདོན་ཆེད་ལ་འདི་བཞིན་ཁྲི་རེའི་སྟེང་ལ་མི་འདུག་ཐབས་མེད་ཡིན་ན། སྤྱིར་ན་རྩ་བརྒྱུད་གྱི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ། ཁྱད་པར་དུ་ཁྱེད་དགེ་འདུན་འདུས་པ་རྒྱ་མཚོའི་གནང་བ་ཐོབ་དགོས་པ་ནི། དུས་དང་རྣམ་པ་རྒྱུན་དྲུག་ལ་ཞུས་དང་ཞུ་བཞིན་པ་ལྟར་དུ་རེད། གཞན་ཡང་ཆོས་གྲྭའི་དགེ་འདུན་པའི་གྲལ་མཐའ་ན། རབ་བྱུང་སྔགས་པ་གཉིས་ཀ་མིན་པའི་ཐེངས་འདིའི་དབང་ཐོབ་རྒྱུའི་བཀའ་ཁྲོལ་ཡང་མ་ཐོབ་པའི་མི་སྐྱ་འགའ་རེས་ཐབས་བཀོད་འཐེན་ནས་འདི་ན་ཞུགས་ཆོག་རྒྱུའི་འཛིན་བྱང་ལོན་ཡོད་མཁན་ཡོད་ན། སང་ཉིན་ནས་དངོས་གཞིའི་དབང་གྲལ་ལ་མ་ཡོང་། སྒྲིག་ཞིབ་པས་ཤིན་ཏུ་ནན་མོས་ཉམས་བཞག་གནང་གིན་ཡོད་རེད་དེ། ད་རེས་མི་ཚོགས་མང་རྒྱུ་དང་དུས་ཚོད་ཐུང་བའི་དབང་གིས་དེ་འདྲའི་མི་རེ་གཉིས་ཤོར་སྲིད་པ་རེད། འདི་ནི་དེང་སྐབས་ཀྱི་སྤྱི་ཚོགས་ལྟ་བུའི་ལྟག་སྒོ་བརྒྱུད་ནས་ཁེ་ཆེན་པོ་ཟ་རྒྱུ་ལོན་པ་ལྟ་བུ་མ་རེད། མ་གཞི་གནས་འདིར་འདུས་པ་གྲངས་མང་བ་ལས་གྲབ་བཟང་བ་གདམ་པའི་ཆོས་སྒོ་ཤིན་ཏུ་དམ་ས། ཐ་ན་རང་བྱུང་དབེན་པའི་ཁོར་ཡུག་གི་སྐྱེད་ཚལ་ལ་མི་མང་ཞིག་གིས་རྫད་མ་ཡོང་ན་བསམ་པའི་དམིགས་ཡུལ་ཡོད་ས་ཞིག་རེད། འདི་རབ་སྔགས་དགེ་འདུན་པས་རྫོགས་པ་ཆེན་པོའི་དབང་ཁྲིད་ལུང་གསུམ་ཞུ་ས་ཡིན་ན། སྡེ་གཉིས་གང་རུང་དུ་ཞུགས་པའི་འབུམ་ལྔ་སྔོན་དུ་སོང་བའམ་འགྲོ་ངེས་དང་། རྩ་གསུམ་གྱི་བསྙེན་ཚད་བཞག་རྒྱུའི་དམ་བཅའ་བྱེད་མཁན་རྐྱང་རྐྱང་རེད། གསང་སྔགས་ཀྱི་ཆོས་ལ་ཚོད་ཡོད་ཀྱིས་ཧམ་འཛུལ་བྱས་བཞག་ན། ཆོས་ལ་དབང་ཟ་བའི་ཉེས་པ་འབྱུང་བར་མ་ཚད་ད་རུང་བཀའ་སྲུང་ཆོས་སྐྱོང་གི་བཀའ་ཆད་དྲག་པོ་འབྱུང་ངེས་རེད། དེའི་ཕྱིར་ན་རང་གཅེས་པ་རྒྱུ་མཚན་དུ་བྱས་ཏེ་དེ་ལྟ་བུའི་རིགས་ཅན་གྱིས་བག་ཡོད་པར་བྱ་དགོས། ཡང་སང་ཉིན་དངོས་གཞིའི་སྐབས་ལ་རྣམ་པ་ཚང་མ་དང་མཇལ་ཡོང་།


previousཉིན་དང་པོའི་དབང་དོན་ཟབ་ཁྲིད། next