Nitartha Digital Library
Tibetan
 
previousཉིན་གཉིས་པའི་དབང་དོན་ཟབ་ཁྲིད། next

ཉིན་གཉིས་པའི་དབང་དོན་ཟབ་ཁྲིད།

དེ་ནི། ཞི་ཁྲོ་ངན་སོང་སྦྱོང་བའི་དངོས་གཞིའི་དབང་ཡིན། ཀྱཻ ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །བདག་ཅག་འཁོར་བ་ལས་གྲོལ་ཕྱིར། །སོགས་ཀྱི་རྗེས་ཟློས་མཛད་མཐར་བཀའ་གསུང་གནང་བ་ནི། གསང་སྔགས་རྡོ་རྗེ་ཐེག་པར་ལས་འབྲེལ་ཡོད་པའི་སྐལ་བ་མཆོག་དང་ལྡན་པའི་གང་ཟག ཚེ་ལུས་འདིའི་སྟེང་ནས་འཁོར་བར་ཕྱི་ཕྱག་འཚལ་ནས། མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་བསྒྲུབ་འདོད་ཡོད་མཁན་ཞིག་གིས། དང་པོ་ལམ་ལ་འཇུག་སའི་འཇུག་སྒོ་མ་ནོར་བ་དེ་གང་རེད་ཟེར་ན། སྨིན་བྱེད་ཀྱི་དབང་ཐོབ་པར་བྱེད་རྒྱུ་འདི་རེད། དབང་གི་སྒོ་ལ་ཞུགས་མ་མྱོང་བཞིན་གོ་འཕང་མཆོག་ཅིག་ཨེ་འཐོབ་འདོད་རྒྱུ་དེ། དཔེར་ན་ཤིན་ཏུ་དམན་པ་རྡོ་སྤྱོད་མཁན་ཞིག་གིས་ཡུལ་གྱི་རྒྱལ་པོའི་ཐོབ་ཐང་ཨེ་ལོན་བསམ་པའི་རེ་བ་རྒྱག་པ་དང་འདྲ་གསུངས་ཡོད་རེད། རྒྱུད་ཀྱི་ནང་ན། དབང་མ་སྐུར་ལ་དངོས་གྲུབ་མེད། གསུངས་ཏེ་རྡོ་རྗེ་འཆང་གིས་ཐག་བཅད་པ་རེད། མེད་ལུགས་ཀྱི་དཔེ་ཡང་དེ་མ་ཐག་ཏུ། བྱེ་མ་བཙིར་ལས་ཞུན་མར་བཞིན། གསུངས་པ་ལྟར་རེད། དེ་བཞིན་དུ་རྡོ་རྗེ་ཐེག་པའི་རང་ལམ་གྱི་དབང་མ་ཐོབ་ན། ལམ་བསྐྱེད་དང་རྫོགས་པའི་རིམ་པ། གྲོགས་བསྙེན་སྒྲུབ་ཕྲིན་ལས་སོགས་ལ་ཅི་ཙམ་བསླབ་ཀྱང་དངོས་གྲུབ་འགྲུབ་རྒྱུ་ཕར་ཞོག གསང་སྔགས་རང་ཉིད་ལེན་པའི་ཆོས་ལ་དབང་ཟ་བའི་ཉེས་པ་འབྱུང་བར་མ་ཚད་མཁའ་འགྲོ་དང་། གྲུབ་པ་ཅན་ཆོས་བདག་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས་བསད་ནས། སེམས་ཅན་དམྱལ་བར་ལྟུང་བ་འགྱུར། དེ་ཡིན་ན་དབང་བསྐུར་བའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གི་མདུན་ནས། དབང་བཞི་ཚད་དང་ལྡན་པ་ཞིག་ཐོབ་ནས་བཟུང་། གང་ཟག་དབང་པོ་རབ་འབྲིང་ཐ་མའི་ཚོད་ཀྱིས། ཁོ་རང་རབ་ཡིན་ན་དབང་དུས་དེ་ཉིད་ལ་སྨིན་པ་གྲོལ་བ་གཉིས་ཀ་ཆིག་ཆོད་དུ་གྱུར་ཏེ་མཆོག་གི་དངོས་གྲུབ་ཐོབ་པ་ཡོད་སྲིད། དབང་པོ་འབྲིང་ཞིག་ཡིན་ན་དབང་བསྐུར་ཐོབ་པ་དེ་ལ་བརྟེན་ནས་ཉམས་ལེན་བསྐྱེད་རྫོགས་ལ་འབད་པར་བྱས་ན། སྐྱེ་བ་དེའི་སྟེང་ནས་མཆོག་གི་དངོས་གྲུབ་འགྲུབ་རྒྱུ་དང་། དབང་པོ་རབ་འབྲིང་གི་མཐུན་རྐྱེན་མ་ཚོགས་པར་དབང་པོ་ཐ་མ་ཞིག་ཡིན་ཡང་། དབང་ཐོབ་དད་དང་དམ་ཚིག་མ་ཉམས་ན། ལས་དང་སྐལ་བ་བཟང་པོའི་འཕྲོ་ཅན་དུ་གྱུར་ནས། ཚེ་རབས་གཞན་དང་གཞན་དུ་སྔར་གྱི་ལས་སྐལ་གྱི་འཕྲོ་དེར་མཐུད་ནས། ཆོས་འདི་དང་མཇལ། བླ་མ་དམ་པས་རྗེས་སུ་བཟུང་སྟེ་གྲོལ་བ་འགྱུར་བར་ཐེ་ཚོམ་མི་དགོས་པ་རེད། དབང་བསྐུར་ཡང་དག་དང་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་སྒོམ་པར་ཡང་དངོས་གྲུབ་ཐོབ། །ཅེས་རྒྱུད་ལས་གསུངས་ཡོད་པ་རེད། དབང་ཟེར་ཚད་གཅིག་པ་ཡིན་པའི་ངེས་པ་མེད། དེའི་རྒྱུ་མཚན་གང་རེད་ཟེར་ན། ཐེག་པའི་རིམ་པ་དང་རྒྱུད་སྡེའི་རྣམ་གྲངས་ཀྱི་ཁྱད་པར་གྱིས། གྲངས་དང་དབྱེ་སྒོ་ཡང་མི་འདྲ་བ་མང་པོ་རེད། རེད་དེ་ཐམས་ཅད་ཚུར་བསྡུས་ན། གསང་སྔགས་ཕྱི་ནང་ཐུན་མོང་གི་དབང་། ཐུན་མོང་རིག་པའི་དབང་ལྔ་དང་། ནང་རྒྱུད་བླ་མེད་ཀྱི་ཐུན་མོང་མ་ཡིན་པ་གསང་བ་ཟབ་མོའི་དབང་གསུམ་སྟེ་འདི་བརྒྱད་པོའི་ནང་ལ་མ་འདུས་པ་ཞིག་ཕལ་ཆེར་ཡོད་མ་རེད། བྱིན་རླབས་དང་རྗེས་གནང་ཟེར་བའི་ཐ་སྙད་འཇུག་ཡུལ་ཡོད་ཀྱང་། དེ་ཐམས་ཅད་འདིའི་ཡན་ལག་གམ་ཆ་ཤས་སུ་མ་འདུས་པ་ཞིག་མེད། དེ་ལྟར་བཤད་ཡོང་ན། དབང་བརྒྱད་ཀྱང་དབང་བཞིའི་ནང་ལ་འདུས་པ་རེད། དེ་ཡང་ཇི་ལྟར་འདུས་པ་རེད་ཟེར་ན། བུམ་གསང་ཤེར་དབང་ཚིག་དབང་བཞི་བོའི་ཁོངས་སུ་མ་འདུས་པའི་དབང་ཞིག རྣལ་འབྱོར་བླ་མེད་ཀྱི་དབང་ཡིན་རུང་མི་འདུག་བསམ་གྱིན་ཡོད། དེ་མེད་དོན་ནི། བུམ་དབང་ཟེར་ན་ཐུན་མོང་རིག་པའི་དབང་ལྔའི་གཞིར་བྱས་པ་ཞིག་རེད། དེར་བླ་མེད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཇི་ལྟར་ཚང་ཞེས་དོགས་པས་དྲིས་ན། སྤྱིར་ན་བླ་མེད་དེ་བུམ་པའི་དབང་གི་དགོས་དོན་དེ་ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམ་ཟླས་ལ་སོགས་པ། ཕྱིའི་རྣལ་འབྱོར་ལ་དབང་བར་བྱེད་པ་ཡིན་པས་རིག་པའི་དབང་ལྔ་ཟེར་རྒྱུ་འདི། ཕྱིའི་རྣམ་པའི་སྟེང་ནས་བལྟས་ན་རྒྱུད་སྡེ་ཕྱི་བ་དང་རྣམ་པར་མཚུངས་པ་ཙམ་ཞིག་རེད། རེད་དེ་དོན་ངོ་བོའི་སྟེང་ནས་མི་འདྲ། དེ་མི་འདྲ་བ་འདི་སྦྱོར་ངག་ཚིག་གི་བརྗོད་ལུགས་ཀྱིས་དབྱེ་ན། དོན་མཚུངས་ཙམ་ཡིན་ཡང་དོད་ཐུབ་མ་རེད་ཟེར་རྒྱུ་རེད། དོད་ཐུབ་མིན་པའི་རྒྱུ་མཚན་ནི། གང་དུ་དབང་བསྐུར་བའི་དཀྱིལ་འཁོར། ཚུལ་ཇི་ལྟར་དབང་བསྐུར་བའི་ཐབས། གང་ལ་དབང་བསྐུར་བའི་གནས། ཅིའི་ཕྱིར་དུ་དབང་བསྐུར་བའི་དགོས་པ་སོགས་ཀྱི་ཐད་ནས་མི་འདྲ་བ་རེད། ཡིན་ན་ཡང་གནས་སྐབས་ཀྱི་ཡི་དམ་ལྷས་ཞལ་གཟིགས་ལ་བརྟེན་ཅིང་བསྒོམ་དང་བཟླས་པ་བྱེད་རྒྱུ་ལ་དབང་བ་ཙམ་ཞིག་གི་དགོས་དོན་འདི་བུམ་དབང་གི་ཞོར་ལ་འདུས་པས། སྐབས་འདིའི་ཐུན་མོང་རིག་པའི་དབང་ལྔ་བུམ་དབང་གི་ཡན་ལག་ལྟ་བུར་འགྱུར་ཞིང་འདུས་པ་རེད། སྤྱིར་ན་གསང་སྔགས་ཀྱི་རྒྱུད་དོན་བཤད་ཡོང་དུས། རྒྱུ་རྐྱེན་འབྲས་བུ་གསུམ་གྱི་སྟེང་ནས་བཤད་དགོས་པ་རེད། དེ་ཡིན་ན། རྒྱུ་གླེང་གཞི། རྐྱེན་གླེང་སློང་། འབྲས་བུ་ཡོངས་ཤེས་དང་གསུམ་གྱི་ཐོག་ནས་བཤད་ན། རྒྱུ་གླེང་གཞི་ཇི་ལྟར་བྱུང་བ་ཕུན་སུམ་ཚོགས་པ་ལྔ་ཡི་སྟེང་ནས་བཤད། རྐྱེན་གླེང་སློང་གིས་དེ་བཞིན་གཤེགས་པ་ཉིད་ལ་ཉིད་ཀྱིས་ཆེ་བ་བརྗོད་པའི་ཚུལ་གྱིས་བདེན་གཉིས་དབྱེར་མེད་རང་བྱུང་ཡེ་ཤེས་སུ་བསྟན་པ་ཡིན་ན། འབྲས་བུ་ཡོངས་ཤེས་དེ་རྒྱུད་དོན་གཞི་ལམ་འབྲས་བུའི་རྒྱུད་གསུམ་གྱི་རྣམ་བཞག་གསུངས་ཡོད་དུས། སྐབས་དོན་ལམ་རྒྱུད་བྱེ་བྲག་ཏུ་བཤད་པ་དང་བསྟུན་ནས་བཤད་སོང་ན། འདིར་དབྱེ་སྒོ་མང་པོ་རེད། གཅིག་དང་། གཉིས་གསུམ། བཞི་དང་ལྔ་ལ་སོགས་པ་ནས་རྒྱུད་ཀྱི་དངོས་པོ་བཅུ་དང་བཅུ་གཅིག་གི་བར་གྱི་དབྱེ་རིམ་གྱི་ཞུ་ཚིག་འདུག དེ་གཅིག་ཏུ་བསྡུས་བཞག་ན། གསང་སྔགས་ཀྱི་ལམ་ཐམས་ཅད་ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་གཅིག་གི་རྣམ་པར་འདུས་རྒྱུ་དང་། གཉིས་སུ་དབྱེ་ཡོང་ན། བསྐྱེད་རྫོགས་གཉིས་སམ། ཐབས་གྲོལ་གཉིས་ཀྱི་ཚུལ་གྱིས་བཤད་ཆོག་རྒྱུ། གསུམ་སྐུ་གསུང་ཐུགས་གསུམ། ལྟ་སྒོམ་སྤྱོད་གསུམ། བསྙེན་སྒྲུབ་ལས་གསུམ་ལ་སོགས་པའི་གསུམ་ཚན་གྱིས་བཤད་རྒྱུ། བཞིར་བྱས་ན། བཞི་རྡོ་རྗེ་བཞིའི་ཡེ་ཤེས། ཕྱག་རྒྱ་བཞིའི་རྣལ་འབྱོར་སོགས་བཞི་ཚན་དང་། ལྔར་བྱེད་རྒྱུའི་དབང་དུ་བཏང་ན། དབང་དང་། དམ་ཚིག ལྟ་བ་གསུམ་དང་དེའི་ཁར་བསྒྲུབ་པ་ཕྲིན་ལས་གཉིས་དང་ལྔ་བྱས་ནས་གསུངས་ས་ཡང་ཡོད་རེད། ཡང་རྫོང་འཕྲང་གི་ནང་ན་གསང་སྔགས་ཀྱི་བསླབ་པའི་མཐའ་དྲུག་གིས་བཤད་ཡོད། སྤར་ཁབ་དག་གི་ནང་ན་བདུན་ནམ་བརྒྱད་ཀྱི་འཆད་ཚུལ་དང་། རོང་ཟོམ་པས། གཞི་རྣམ་པ་ལྔའི་སྟེང་དུ་ཡན་ལག་བཞི་དང་དགུར་བྱས་ནས་གསུངས་སྲོལ་ཡོད། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་རྗེས་སུ་འབྲངས་བའི་རང་ལུགས་ཀྱི་རྒྱས་པའི་དབྱེ་སྒོ་ལྟར་ན། རྒྱུད་ཀྱི་དངོས་པོ་བཅུ་གཅིག་གམ་བསླབ་པའི་མཐའ་བཅུ་གཅིག་གི་ཐོག་ནས་བཤད་པ་རེད། ང་ཚོས་འཛིན་བདེ་བའི་ཆེད་དུ་བསྡོམས་བཞག་ན། ལྟ་བ་ཏིང་འཛིན་སྤྱོད་པ་གསུམ། །དཀྱིལ་འཁོར་དབང་དང་དམ་ཚིག་གསུམ། །བསྒྲུབ་མཆོད་ཕྲིན་ལས་ཕྱག་རྒྱ་སྔགས། །གསུངས་བཞག་ན་བཅུ་གཅིག་ཚང་བ་རེད། དེས་ན། དེ་ཁོ་ན་ཉིད་ལྟ་བ། མི་གཡོ་བ་ཏིང་འཛིན། ལ་དོར་བ་སྤྱོད་པ། དེ་དག་ལྟ་བ་ཏིང་འཛིན་སྤྱོད་པ་གསུམ་རེད། དཀྱིལ་འཁོར་དབང་དང་དམ་ཚིག་གསུམ་ཟེར་ན། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག་དང་དྲུག་རེད། ད་རུང་བཅུ་གཅིག་ཚང་བ་ལ་ལྔ་དགོས་པས། དེ་ནི་ཚིག་རྐང་རྗེས་མ་ལ་བསྒྲུབ་མཆོད་ཕྲིན་ལས་ཕྱག་རྒྱ་སྔགས། །ཞེས་གསུངས་བ་ལྟར། བསྒྲུབ་པ་དང་། མཆོད་པ། ཕྲིན་ལས། ཕྱག་རྒྱ། སྔགས། དེ་དག་རེད། དེ་བཞིན་དོན་དུ་གཉེར་བ་བསྒྲུབ་པ། གནས་སུ་བསྟབ་པ་མཆོད་པ། རོལ་བ་ཕྲིན་ལས་རེད། ཕྱག་རྒྱ་དང་སྔགས་གཉིས་ཀ་རེད། དེ་ཉིད་བཅུ་ཡི་དབང་དུ་བྱས་ན། འདི་གཉིས་ཀ་གཅིག་ཏུ་བརྩི་དགོས། མ་བྱས་ན། འཆིང་བ་ཕྱག་རྒྱ། བཟླས་པ་སྔགས་རེད། བཅའ་བ་ཕྱག་རྒྱ། བཟླ་བ་སྔགས་ཟེར་བ་དང་འདྲ། དེ་ཡིན་ན་སྐབས་སུ་བབས་པའི་གང་བཤད་བྱ་དབང་གི་སྐབས་ནས་འཕྲོས་དོན་དབང་བསྐུར་ཐབས་མཚན་ཉིད་པ་ཅི་འདྲ་དགོས་ལུགས་དང་། དབང་གི་རྣམ་བཞག་གོ་དོན་བཤད་པ་ཡིན་དུས། རྒྱུད་ཀྱི་དངོས་པོ་བཅུ་གཅིག་ཏུ། སྤྱིར་གཅིག་ལ་གཅིག་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རྣམ་གྲངས་ཙམ་ཞིག་བགྲང་བའི་སྒོ་ནས་སྨོས་པ་ཡིན་ན། གཅིག་ལ་གཅིག་ཚང་དགོས་པ་དང་། ཁྱད་པར་དུ་དཀྱིལ་འཁོར་དབང་དང་དམ་ཚིག་གསུངས་པས། དཀྱིལ་འཁོར་གང་དུ། དབང་གང་བསྐུར། དབང་སྲོག་རྒྱུད་ལ་འཛིན་པའི་དམ་ཚིག་སོགས་གང་བསྲུང་དགོས་མ་ཤེས་ན། དབང་གི་གཟུགས་བརྙན་ཙམ་ཞིག་རེད། ཆོ་གའི་ཡན་ལག་ཉམས་པ་དང་། ཚིག་ཙམ་གྱི་སྦྱོར་ཀློག་ཡང་སྒྲོས་གཙང་ཞིག་མ་རེད་ན། གཟུགས་བརྙན་བས་ཀྱང་ཡང་བརྙན་རེད་འགྲོ་བར་བསམ་བློ་བཏང་ནས། དབང་དོན་ཆ་ཚང་དབང་ཁྲིགས་བཀླག་ཆོག་ལ་བཀོད་ཡོད་པ་དང་། དེ་མིན་གཏེར་གཞུང་གི་བསྐུར་ཚིག་རྐྱང་བས་དབང་རྣོན་ངོ་མ་ཞིག་ལ་གོ་བརྡ་འཕྲོད་ཤས་ཆེ་ན་ཡང་། ཐམས་ཅད་དེ་འདྲ་མ་ཡིན་པའི་སྟོབས་ཀྱིས། གཅིག་ན། རང་འདྲའི་རིགས་མཐུན་ལ་བསམ་བློ་བཏང་ནས། གཞན་རྒྱུད་མངོན་ཤེས་ཀྱིས་བརྟག་པའི་ནུས་པ་མེད་མཁན་གྱི་མི་དེས། རང་རྒྱུད་ལ་ཚད་གཞི་མི་བྱེད་ཐབས་མེད་རེད། གཉིས་ན། ངས་ཟབ་མོའི་དབང་ཁྲིད་ཞུ་ས་དེ་ཁར་སང་ཞུས་པ་ལྟར་དུ། མཁན་ཆེན་རྡོ་རྗེ་འཆང་འཇིགས་མེད་ཡོན་ཏན་མགོན་པོ་དང་། སྔ་འགྱུར་བཀའ་གཏེར་དང་བསྒྲུབ་ཐབས་ཀུན་འདུས་ལ་སོགས་པའི་དབང་མང་པོ་ཞིག་ཞུ་ས་ནི། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཡིན། ཁོང་རྣམ་པ་གཉིས་ཀས་དབང་དོན་གལ་ཆེན་དག་དོན་འགྲེལ་མཛད་ནས་གསུངས་པ་རེད། དེ་ཡིན་ན། མ་དར་གསར་འཛུགས་མིན་པར་མ་ཚད་མི་རབས་དུས་རབས་བརྗེ་མཚམས་ཀྱི་སྐབས་འདིར། བརྡ་སྦྱོར་ཟེར་ན། དཔེ་སྟོན་ཟེར་ན་མ་རེད་དེ། ཕྱིན་ཆད་མི་བརྗེད་ཀྱི་དྲན་རྟེན་ཡོང་རྒྱུའི་ལྷག་བློའི་བསམ་པས་བསྐུལ་ཏེ་བཤད་པ་ཡིན། ད་ནི་གོང་ནས་བཤད་རྒྱུའི་བཤད་མཚམས། དཀྱིལ་འཁོར་གང་ལ་བརྟེན་ནས། དབང་ཅི་ཞིག་བསྐུར་རྒྱུའི་དཀྱིལ་འཁོར་དེ་དང་པོར་ངེས་དགོས། དེ་ཡིན་ན་དཀྱིལ་འཁོར་གྱི་ངོ་བོའི་སྒྲ་བཤད་དང་འབྲེལ་ནས་བཤད་ན། སྙིང་པོའི་ཡོན་ཏན་འཛིན་པའི་གཞི་གྱུར་པ། ཀུན་ནས་ཟླུམ་ཞིང་ཡོངས་སུ་བསྐོར་བའི་དོན་ཅན། བདེ་གཤེགས་ཆོས་ཀྱི་རྒྱལ་པོ་འཁོར་ཕོ་བྲང་དང་བཅས་པ་ལ་སྒྲ་འཇུག་གསུངས་པ་རེད། དེ་ལྟར་ན་དཀྱིལ་འཁོར་གྱི་ངོ་བོ་དེ་ཡོན་ཏན་མཆོག་གི་གཞི་འཛིན་པ་ཞིག དག་པའི་རྟེན་དང་བརྟེན་པའི་བདག་ཉིད་དུ་སྣང་བ་གང་ཡིན་པ་དེ་ཉིད་རེད། དཀྱིལ་འཁོར་འདིར་དབྱེ་བ་ནི། གཞི་ལམ་འབྲས་གསུམ་གྱི་དཀྱིལ་འཁོར་ཡོད། ཐད་ཀའི་དགོས་དོན་ལམ་སྒོམ་པའི་དཀྱིལ་འཁོར་རེད། ལམ་སྒོམ་པའི་དཀྱིལ་འཁོར་ལ་མཚོན་བྱེད་དཔེ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། མཚོན་བྱ་དོན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམ་པ་གཉིས་ཡོད། དེའི་ནང་གི་སྐབས་བབ་གང་བཤད་རྒྱུའི་མཚོན་བྱེད་དཔེའི་བུམ་དབང་བསྐུར་བའི་དཀྱིལ་འཁོར་འདི་ལ་དབྱེ་ན་རྣམ་པ་གསུམ་ཡོད། བློ་རབ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་ཏེ་སྤྲོས་པ་ལ་དགའ་བའི་གང་ཟག་དང་བསྟུན་ཏེ་རྒྱས་པ་རྡུལ་མཚོན་གྱི་དཀྱིལ་འཁོར། སྤྲོས་པ་འབྲིང་གི་དབང་དུ་བྱས་ན་རས་བྲིས་ཀྱི་དཀྱིལ་འཁོར། ང་ཚོས་དཀྱིལ་ཐང་ཟེར་རྒྱུ་འདི་དང་། བློ་རབ་སྤྲོས་པ་དང་བྲལ་བའི་དབང་དུ་ན་སློབ་དཔོན་གྱི་ལུས་དཀྱིལ། ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པར་མ་ཚད། དེ་ཉིད་མཆོག་ཏུ་བསྔགས་པ་རེད། གྲུབ་ཆེན་དྲིལ་བུ་པས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ཉིད་གདུལ་བྱའི་དབང་དུ་འདུད། །མཁས་པས་བསྒྲུབ་བྱ་དེ་མ་ཡིན། །ཞེས་གསུངས་པས། བཅོས་མ་གང་ཡིན་ན་རྡུལ་ཚོན་དང་རས་བྲིས་གཉིས་ཀ་གདུལ་བྱ་བློ་དམན་པ་སྤྲོས་པ་ཅན་གྱི་དབང་དུ་བྱས་པ་ཡིན། མཁས་པ་བློ་རབ་ཅན་གྱིས་བརྟེན་བྱ་མིན་པར་ཡང་གསུངས་ཡོད་རེད། དེའང་རང་བཞིན་གྱི་དཀྱིལ་འཁོར་དང་། སྤྲུལ་བའི་དཀྱིལ་འཁོར། རིག་པ་ཉམས་ཀྱི་དཀྱིལ་འཁོར། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་བཞིར་བྱས་པའི་དབང་དུ་བཏང་ན། རང་བཞིན་གྱི་དཀྱིལ་འཁོར་དེ་སློབ་དཔོན་རྫོགས་པའི་སངས་རྒྱས་དང་ནི། སློབ་མ་མཐར་ལམ་ལ་གནས་པའི་སྤྱོད་ཡུལ་ཡིན། སྤྲུལ་བའི་དཀྱིལ་འཁོར་དེ་སློབ་དཔོན་མཐར་ལམ་ལ་གནས་པ་དང་། སློབ་མ་མཐོང་སྒོམ་ལ་གནས་པ་ཞིག་ཡིན་དགོས་རྒྱུ། རིག་པ་ཉམས་ཀྱི་དཀྱིལ་འཁོར་དེ་སློབ་དཔོན་མཐོང་སྒོམ་ལ་གནས་པ་སློབ་མ་ཚོགས་སྦྱོར་གྱི་ཡོན་ཏན་མཐར་ཕྱིན་པ་སོགས་ལ་བསྐུར་རྒྱུ་ཡིན་པ་གསུངས་ཡོད་རེད། བཞི་བ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ། སློབ་དཔོན་ཏིང་ངེ་འཛིན་ལ་རྟན་པ་རྗེས་མཐུན་ཙམ་ཐོབ་པ་ཞིག་ཡན་ཆད་ཀྱི་མཚན་ཉིད་དང་ལྡན་པ་ཞིག་གིས། སློབ་མ་སྐལ་ལྡན་དམན་འབྲིང་རབ་གསུམ་ལ་ཕྱེས་ཏེ། གོང་ནས་བཤད་པ་ལྟར། རྡུལ་ཚོན། རས་བྲིས། ཚོམ་བུ་ཚང་མ་དམིགས་རྟེན་དུ་བྱས་ཏེ་བསྐུར་རྒྱུ་དང་། སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་ལ་རྒྱལ་བའི་དཀྱིལ་འཁོར་དངོས་ཀྱི་འདུ་ཤེས་བཅོས་མིན་འཛིན་ཐུབ་པའི་གང་ཟག་གིས། ཕྱི་དཀྱིལ་རྟེན་དགོས་པའི་ངེས་པ་མེད་ལུགས་ཀྱང་གོང་ནས་དྲངས་བའི་ལུང་དོན་ལྟར་དུ་རེད། རེད་དེ་དཀྱིལ་འཁོར་དུ་འཇུག་རྒྱུ་དེ་གཙོ་བོ་ཞུགས་མཁན་གྱི་གང་ཟག་གཙོ་ཆེ་བས། ལྟོས་ས་གཉིས་ལ་ལྟོས་ནས། འཇུག་ཚུལ་གཉིས་བྱུང་བ་རེད། ཞུགས་ནས་དེ་དང་མཐུན་པའི་ལམ་སྒོམ་རྒྱུ་དང་ནི། རྒྱུད་སྨིན་ཚུལ་ལ་ལྟོས་ནས་ཐམས་ཅད་འདྲ་འདྲར་བྱས་ཏེ་བསྐུར་ན། རིམ་འཇུག་གི་གདམས་པས་ཞུགས་རྒྱུའི་དབང་དུ་བཏང་ནས་རྡུལ་ཚོན་དང་རས་བྲིས་ལ་བརྟེན་ཏེ་བསྐུར་བའི་དེང་སང་གི་ཕྱག་ལེན་འདི། ཕྱག་བསྟར་མཛད་པ་ལ་ཅི་ཞིག་གི་དགོས་པ་ཡོད་རེད་ཟེར་ན། གེགས་དང་གོལ་ས་ཆུང་བར་དགོངས་པ་རེད། རྒྱུ་མཚན་དེ་འདྲ་ལ་བརྟེན་ཏེ། གང་ལྟར་དཀྱིལ་འཁོར་དུ་མ་ཞུགས་པར་དབང་བསྐུར་མི་རུང་བས། དང་པོ་དཀྱིལ་འཁོར་དུ་འཇུག་པ་གལ་ཆེན་རེད། དེའི་རྒྱུ་མཚན་གྱིས་དབང་གི་ཐོག་མར་ཕྱི་འཇུག་དང་ནང་འཇུག་རྣམ་པ་གཉིས་འབྱུང་དོན་ཡང་དེ་རེད། དེ་ཡིན་དུས་དབང་བསྐུར་བའི་ཐོག་མར་གང་ཞུགས་སའི་དཀྱིལ་འཁོར་ཡོད་རྒྱུ་བོ་གལ་ཆེན་ཡིན་པས་དབང་གི་སྔོན་དུ་དཀྱིལ་འཁོར་བྱུང་བ་རེད། དཀྱིལ་འཁོར་དབང་དང་དམ་ཚིག་གསུངས་ཡོད་པས་ན། དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ་དེ་དག་ཚད་ལྡན་བྱེད་རྒྱུ་ཡང་དེ་བཞིན་གལ་ཆེན་ཡིན་པ་དང་། ས་ཆོག་དང་། སྟ་གོན། དཀྱིལ་འཁོར་བསྒྲུབ་པ་སོགས་ཚད་ལྡན་ཚུལ་མཐུན་ཆོ་གའི་ཡན་ལག་ཚང་བ་ཞིག་དགོས་པ་རེད་མ་གཏོགས་སླ་ཆོས་ཀྱིས་ཆོག་རྒྱུ་བྱས་ན། སློབ་མའི་རྒྱུད་སྨིན་མི་ནུས་པར་མ་ཚད་སློབ་དཔོན་ལ་ཡང་དེ་བཞིན་དུ་ཉེས་པ་འབྱུང་བ་རེད། གོང་ནས་དཀྱིལ་འཁོར་འདི་ལ་གཞི་ལམ་འབྲས་བུའི་དཀྱིལ་འཁོར་གསུམ་ཡོད་གསུངས་པའི་ནང་གི། ལམ་བསྒོམ་པའི་དཀྱིལ་འཁོར་གཉིས་ཡོད་པའི་དང་པོ། མཚོན་བྱེད་དཔེ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་སྐོར་ནས་དེ་འདྲ་བྱས་ན་ཕལ་ཆེར་འཐུས། གཉིས་པ་མཚོན་བྱ་དོན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རེད། སྐུ་དཀྱིལ་དེ་རང་ལུས་ལྷ་རུ་གསལ། གསུང་དཀྱིལ་དེ་མ་རྒྱུད་སྔགས་སུ་གསལ། ཐུགས་དཀྱིལ་དེ་དྲན་རྟོག་མ་སྤང་རང་གྲོལ་འཁོར་བའི་སྣོད་བཅུད་ཀྱི་སྲོག་ཏུ་ལྷ་དང་ཡེ་ཤེས་སུ་དག་སོང་དུས། འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དཀྱིལ་འཁོར་ལ་རྫོགས་ནས་གཞི་འབྲས་དབྱེར་མེད་པའི་ཀུན་བཟང་ཡངས་པ་ཆེན་པོའི་དཀྱིལ་འཁོར། མ་ཧཱ་ཡོ་གའི་ཆོས་སྐད་ལྟར་དུ་བྱས་ན། ངོ་བོ་དག་པ། རང་བཞིན་མཉམ་པ། དག་མཉམ་བདེན་པ་དབྱེར་མེད། ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ངང་དེ་ལས་རྣམ་པ་མ་འགག་གང་འདུལ་གྱི་བཀོད་པ་འཆར་བ་རེད། དབང་བསྐུར་དུས་དང་པོ་དཀྱིལ་འཁོར་ལ་འཇུག་དགོས་ན། དང་པོ་སློབ་དཔོན་རང་ཉིད་འཇུག་ནས། དེའི་འཕྲོར་སློབ་མ་ཕྱི་ནང་གི་འཇུག་པ་ཡིས་རིམ་པས་དཀྱིལ་འཁོར་ལ་ཞུགས་བཅུག་རྒྱུ་དེ་རེད། སློབ་དཔོན་རང་ཉིད་འཇུག་རྒྱུ་དེ་སློབ་མ་ལ་དབང་ཇི་ལྟར་བསྐུར་ནས་ཚུལ་དང་མཐུན་པར་བདག་འཇུག་ལེན་རྒྱུའི་ཆེད་དུ་རེད། དེ་མིན་བསྡུས་པའི་ཚུལ་དུ་བྱས་ནས་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཀྱང་ལེན་ཆོག་པ་རེད། དེ་གང་འདྲ་རེད་ཟེར་ན། ཨཱོཾ་བཛྲ་ས་མ་ཡ་ཨཱོཾ་ཟེར་རྒྱུ་སོགས་ཀྱིས། རང་བཞིན་གྱི་དཀྱིལ་འཁོར་གྱི་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་། ཏིང་ངེ་འཛིན་གྱི་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད། ལྟ་སྒོམ་གྱི་གདེང་བསྐྱེད་ནས་ལྷ་དང་རང་སེམས་རང་བཞིན་དབྱེར་མེད་དུ་རྟོགས་པར་བྱ་དགོས་པ་རེད། ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་སེམས་ཉིད་ཡེ་ནས་དག་པ་ཡིན་པས་དོན་ལ་མི་གནས་པ་ཞིག་མ་རེད། འདི་ཕྱག་དང་འཇུག་པ་གཉིས་ཀའི་གོ་གཅིག་ཆོད་རེད། ལྷ་དང་རང་སེམས་ཐ་མི་དད་པའི་རིག་པའི་ཡེ་ཤེས་གཅིག་ལ་འདུན་པའི་རབ་ལྟ་བ་མཇལ་བའི་ཕྱག་ཀྱང་ཡིན་ལ། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཇུག་བྱ་འཇུག་བྱེད་ཐ་མི་དད་པའི་སྒོ་ནས་འཇུག་པ་ཡང་རེད། ཨོཾ་ཡེ་ཤེས་རྒྱལ་པོ་སོགས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་གྲུབ་སྩོལ་བ་ལ་ཕྱོགས་པར་སྐུལ་ནས་ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨཱོཾ་བཛྲ་ས་མ་ཡ་སྟཾ། ཨོཾ་བཛྲ་ས་མ་ཡ་ཧོ། དེ་དག་རིམ་བཞིན་ཨོཾ་བཛྲ་ས་མ་ཡ་ཧཱུྃ་གིས་ཡེ་ཤེས་པ་དམ་ཚིག་པར་ཆུ་ལ་ཆུ་བཞག་པ་ལྟར་དུ་དབྱེར་མེད་དུ་བསྟིམས། ཨོཾ་བཛྲ་ས་མ་ཡ་སྟཾ་གྱིས་རང་ཉིད་ལྷའི་དཀྱིལ་འཁོར་སངས་མ་རྒྱས་ཀྱི་བར་དུ་བརྟན་པར་བྱས། ཨོཾ་བཛྲ་ས་མ་ཡ་ཧོས་དབང་དུ་བསྒྱུར་ཅིང་དགྱེས་པར་བསམ། དེའི་འཕྲོར་ཛ་ཧཱུྃ་བཾ་ཧོའི་ཕྱག་རྒྱ་བཞི་འབྱུང་། ཛ་ཧཱུྃ་བཾ་ཧོས་བརྟན་ཅིང་གསལ་བར་བྱས་པ་རེད། དེ་ལྟ་བུའི་ལྟ་སྒོམ་གྱི་གདེང་ཚོད་མ་ཞན་ན། ལྷས་གནང་བའི་མཚན་མ་མ་ཐོབ་ན་ཡང་། སེམས་བརྟན་པའི་མཚན་མ་རྙེད་ཅིང་རང་ཡིད་རང་ལ་ཆེས་པའི་བློ་གདེང་གིས་དབང་བསྐུར་བའི་ནུས་པ་རྙེད་པ་རེད། གཉིས་པ། སློབ་མ་དཀྱིལ་འཁོར་དུ་འཇུག་ཚུལ་ལ་ཕྱི་འཇུག་ནང་འཇུག་གཉིས་ཡོད་པ་ལས། ཕྱི་འཇུག་ལ་ཡང་སྔོན་འགྲོ་དངོས་གཞི་གཉིས་སུ་ཕྱེས་ཡོང་ན། ཁྲུས་བྱས། བགེགས་བསྐྲད། མཚམས་བཅད། ལོ་རྒྱུས་བཤད། མཎྜལ་འབུལ་བ་དག་སྔོན་འགྲོ་རེད། དེ་དག་གི་དགོས་ཆེད་གང་ཡིན་བསམ་ན། སྡིག་སྒྲིབ་སྦྱོང་བའི་ཆེད་དུ་ཡི་གེ་བརྒྱ་བ་བཏོན་ཏེ་ཁྲུས་བུམ་གྱིས་ཁྲུས་བྱེད་པ་དང་། དེང་སང་གི་ཕྱག་ལེན་ལ་འཇུག་པ་བདེ་བའི་ཆེད་དུ། ཁྲུས་བུམ་དང་ལས་བུམ་གཉིས་གཅིག་བྱས་ནས་ཆོག་རྒྱུ་རེད་འདུག་མོད་དེ། ངོ་མར་བཤད་ན་ཁྲུས་བུམ་ཁ་ཁར་བྱས་ནས་བསྒྲུབས། རྡོར་སེམས་ཀྱི་སྐུ་ཙཀ་བཙུགས། གཙོ་བུམ་གྱི་གཡས་ཕྱོགས་ལ་བཞག མགུལ་ཆིངས་དཀར་པོ་ཞིག་སྒྲོན། ལས་བུམ་དུ་བདུད་རྩི་འཁྱིལ་བ་ལ་སོགས་པ་ཆོ་ག་རང་ཉིད་སྒོས་ཆོས་ཀྱི་ལས་ལྷས་བསྒྲུབས། ལས་ལྷ་གང་ཡིན་གྱི་སྐུ་ཙཀ་བཙུགས། སྒྲུབ་པའི་དུས་སུ་གཙོ་བུམ་གྱི་གཡོན་ཕྱོགས་ལ་བཞག མགུལ་ཆིངས་ལྗང་ཁུ་སྣ་ཚོགས་འདོགས། བྱ་གྲུབ་ཡེ་ཤེས་ཀྱི་མདོག་ཅན་སྒྲོན། ད་རེས་ང་ཚོས་ཀྱང་ཕྱག་ལེན་གཞུང་དང་མཐུན་པར་བྱས་ཡོད། ཁྲུས་ནས་བཏོན་ཏེ་བར་ཆད་བསལ་བའི་ཕྱིར་དུ་བགེགས་བསྐྲད་པ་དང་། བར་ཆད་གང་གིས་ཀྱང་མི་ཚུགས་པ་བྱེད་པར་སྲུང་བའི་འཁོར་ལོས་མཚམས་བཅད། དེའི་སྟེང་དུ་ཆོས་ལ་ཡིད་ཆེས་བསྐྱེད་ཕྱིར་དུ། བརྒྱུད་པའི་ལོ་རྒྱུས་ཀྱིས་སྤྲོ་བ་བསྐྱེད། བསོད་ནམས་ཀྱི་ཚོགས་རྫོགས་ཆེད་དུ་མཎྜལ་ཕུལ་བ་དག་འབྱུང་བ་རེད། ད་རུང་དེས་མ་ཚད། སྐྱབས་འགྲོ། སེམས་བསྐྱེད། ཡན་ལག་བདུན་པའམ་ཡན་ལག་བཅུ་བ་དམ་ཚིག་ཁས་ལེན་སོགས་དགོས་པ་རེད། བསླབ་པ་ཀུན་གྱི་གཞི་འཛིན་པའི་དགོས་པས་སྐྱབས་འགྲོ་མེད་མི་རུང་བ་དང་། ཐེག་ཆེན་ལམ་གྱི་གཞུང་རྟ་ཡིན་པས་སེམས་བསྐྱེད་འབོག་རྒྱུ། བསགས་སྦྱོང་གི་གནད་ཐུན་མོང་དང་ཐུན་མོང་མ་ཡིན་པ་འདུས་པའི་རྒྱུད་སྦྱོང་བའི་ཆོ་ག་ཡན་ལག་བདུན་པའམ་བཅུ་བ་འབུལ་རྒྱུ། དེའི་རྗེས་གསོལ་བ་འདེབས་པ། དེ་དག་སྔོན་དུ་སོང་བའི་ཐོག་ནས། སླར་ཡང་གསོལ་བ་འདེབས་པ་དང་བཅས་ཏེ་ཕྱི་འཇུག་དངོས་ལ་ཞུགས་དགོས་པ་རེད། འདི་ལ་མིག་དབྱེ་བ། མེ་ཏོག་འཐོར་བ། དེ་དག་ལ་སོགས་པའི་སྒོས་ཆོས་རྣམས་སྔོན་ལ་བཏང་ནས། ནང་འཇུག་ལ་ཡེ་ཤེས་འབེབས་པ། རིགས་གང་ཡིན་ངོས་བཟུང་ནས་དེ་དང་མཐུན་པའི་གསང་མཚན་རེ་བཏགས་ཏེ་དབང་རྟགས་ཀྱི་ཅོད་པན་སྦྱིན་རྒྱུ་ལ་སོགས་པ་དེ་དག་རེད། དབང་ཚིག་སོ་སོའི་སྐབས་རེ་རེའི་དམིགས་འདུན་ཇི་ལྟར་གཏོད་ལུགས་དང་བཅས་པ་འབྱུང་བ་རེད། དེ་དག་གསལ་བཤད་དགོས་དང་མི་དགོས་དུས་སྐབས་དང་བསྟུན་ཞོར་འགྲོ་རྒྱུ་བྱེད། དབང་ཁྲིད་ལུང་གསུམ་གྱི་སོ་སོའི་རྣམ་པ་ཡང་མ་དོ་བར་བཤད་དགོས་རེད། དེ་ཡིན་ན་འདི་ནས་ཡིག་ཆུང་གི་ནང་དུ། གཉིས་པ། བགེགས་བསལ་ལོ་རྒྱུས་ཆོས་བཤད་ནི། །ཞེས་གསུངས་པ་ལྟར། བགེགས་བསལ་བ་དང་མཚམས་བཅད་གཉིས་ཀ་སོང་ནས་ད་ནི་ལོ་རྒྱུས་ཀྱི་ཆོས་བཤད་ལ་ཐུག་པ་རེད། མཚམས་འདི་ནས་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ་གསན་འཚལ། སོགས་ལོ་རྒྱུས་དབང་ཆོག་གསུངས་རྗེས་ཀྱི་འཕྲོས་དོན། ཚིག་འདི་ཧ་ཅང་རིང་བས་ལན་གཅིག་མ་གཏོགས་རྗེས་ཟློས་ལན་གསུམ་རེ་མ་ཐུབ་ཀྱང་མཇུག་གི་ཚིག་བཞི་བོ་རྗེས་ཟློས་ལན་གསུམ་བྱས་ན་ཆོག་རྒྱུ་བྱེད། དེའི་ཡན་གྱིས་ཐུན་མོང་དང་འབྲེལ་བའི་སྐྱབས་སེམས་སྡོམ་བཟུང་སོང་བ་རེད། འོ་ན་སྔགས་ཀྱི་སྡོམ་པ་དེ་ནམ་ཐོབ་ཟེར་ན། འདིར་འདོད་ལུགས་རྣམ་པ་གསུམ་ཡོད། སྡོམ་བཟུང་གི་སྐབས་འདིར་ཐོབ་པ་འདོད་མཁན་ཞིག་དང་། བླ་མེད་ཀྱི་སྔགས་སྡོམ་ཡོངས་རྫོགས་དེ་བུམ་དབང་དངོས་གཞིའི་སྐབས་སུ་ཐོབ་གསུང་མཁན་ཞིག རྡོ་རྗེ་གསུམ་བསྐྱེད་ནས་མགོ་བཟུང་སྟེ་དབང་བཞི་ཡོངས་རྫོགས་སྐབས་སུ་སྔགས་ཀྱི་སྡོམ་པ་ཆ་ཚང་ཐོབ་གསུང་བའི་ལུགས་ཏེ་གསུམ་ཡོད་པ་ལས། དང་པོ། སྡོམ་བཟུང་གི་སྐབས་སུ་ཐོབ་གསུང་རྒྱུ་དེ་ནི། སྡོམ་བཟུང་ལ་སྡོམ་པ་ཐོབ་པའི་བྱེད་ལས་མེད་པ་མ་རེད། སྔགས་ཀྱི་ཆོ་གས་སྡོམ་པར་བགྱི་གསུངས་མ་ཐག་པ་ཡིན་པས་སྔགས་ཀྱི་ཆོ་གས་སྡོམ་རྒྱུ་དེ་སྔགས་སྡོམ་མིན་ན་གང་ཡིན། རེད་དེ་འདིའི་ཚིག་ལ་ཞིབ་ཏུ་བསམ་བློ་བཏང་ན། འདི་སྡོམ་པར་བགྱི་ཞེས་ཁས་བླངས་པའི་དམ་བཅའི་ཚིག་རེད། དེའི་ཕྱིར་ན་འདིའི་སྐབས་སུ་སྔགས་ཀྱི་སྡོམ་པ་བཏགས་པ་བ་བརྗོད་པ་ཁས་བླངས་ཀྱི་སྒོ་ནས་ཐོབ་ཟེར་རྒྱུ་རེད། གཉིས་པ། བླ་མེད་བུམ་དབང་དངོས་གཞིའི་སྔགས་སྡོམ་ཡོངས་རྫོགས་ཐོབ་པར་བཞེད་པ་ཡང་ཅུང་ཟད་རགས་པའི་དབང་དུ་བཏང་ནས་གསུངས་པ་རེད། དེ་ཚང་གིས་མཆོག་དབང་གོང་མ་གསུམ་ལ་དམ་ཚིག་གསར་ཐོབ་ཡོད་ཀྱང་། སྡོམ་པ་གསར་ཐོབ་མེད་གསུངས་པས་ཁས་བླངས་ནང་འགལ་ཅུང་ཟད་ཡོད་པ་རེད། དམ་ཚིག་དང་སྡོམ་པ་གཉིས་ཀ་གཞི་མཐུན། བསྲུང་བྱའི་དོན་ལས་ནམ་ཡང་མི་འདའ་བ་སྡོམ་པའི་སེམས་པ་ས་བོན་དང་བཅས་པ་ལ་དམ་ཚིག་གསུངས་པ་རེད། དེའི་མ་ཚད་དབང་བཞི་བླངས་པས་སྡོམ་པ་གསུམ་ལྡན་ལ་འགྱུར་ཚུལ་གྱི་ལུང་ཐམས་ཅད་དང་འགལ་བ་ཡང་སྤང་དཀའ། དེས་ན་རང་ལུགས་ལ་གསུམ་པ་ལྟར་དུ། མངའ་རིས་པཎ་ཆེན་གྱིས། དང་པོ་གནས་གསུམ་རྡོ་རྗེ་གསུམ་བསྐྱེད་ནས། །ཐ་མ་དབང་བཞི་ཡོངས་སུ་རྫོགས་པའི་ཚེ། །རིག་འཛིན་སྡོམ་པ་ཐོབ། ཅེས་གསུངས་བ་བཞིན་དུ་སློབ་མའི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དུ་བྱིན་གྱིས་རླབས་པའི་དུས་ནས་འགོ་བཟུང་སྟེ། རྒྱུད་སྡེ་བཞིའི་རང་རང་གི་དབང་གི་མཐའ་རྟེན་རྫོགས་པ་སྔགས་སྡོམ་སྐྱེས་ཟིན་གྱི་མཐའ་ལ་འཇོག་པ་རེད། སྔགས་སྡོམ་མཚན་ཉིད་པ་དམ་ཚིག་ཁས་བླངས་ཀྱི་མནའ་ཆུ་བཏུང་བ་ནས་དབང་གི་དངོས་གཞི་ལ་འཇོག་རྒྱུ་དེ་ ཆེས་རྒྱུ་མཚན་དང་ལྡན་པ་ཞིག་རེད། གོང་དུ་སྨྲས་མ་ཐག་པའི་སྡོམ་པ་གསུམ་ལྡན་ལ་འགྱུར་བའི་ཐད་ནས་བཤད་ན། སྡོམ་པ་གསུམ་པོ་སོར་བྱང་སྔགས་གསུམ་རེད། འདི་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་པ་ཅན་གྱི་ལམ་ལ་བཀྲི་ཚུལ་དང་སྡོམ་པ་ཐོབ་ཚུལ་འདུག དབང་རབ་དབང་བསྐུར་ཐོབ་དུས་སྡོམ་གསུམ་གཅིག་ཆར་སྐྱེ་བའི་མཐའ་འགོག་མི་ཐུབ། རྟོགས་གྲོལ་དུས་མཉམ་ཨིནྡྲ་བོ་དྷི་བཞིན་གསུངས་ཡོད་རེད། དེ་ཡང་རྒྱུ་མེད་རྐྱེན་མེད་ཀྱིས་རྟོགས་གྲོལ་དུས་མཉམ་རེད་སོང་བ་ཞིག་ག་ན་ཡིན། ཚེ་འདི་ལ་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱོང་བ་ལ་མ་ལྟོས་པར་སྔོན་སྦྱོང་མཐར་སོན་གྱི་ལས་འཕྲོ་སད་པའི་དབང་གིས་སྔགས་སྡོམ་ཁོ་ན་ལས་ཕྱེས་པའི་སྡོམ་གསུམ་གཅིག་ཆར་དུ་སྐྱེས་པ་རེད། དེ་ཡིན་ཏེ། ཐུན་མོང་སྔགས་སྡོམ་མཚན་ཉིད་པ་གང་ཞིག་གཞན་གནོད་གཞིར་བཅས་སྤང་ལ་གཞན་ཕན་གཞིར་བཅས་སྒྲུབ་པ། དེ་ཡང་མཉམ་པ་ཆེན་པོའི་ཐབས་མཁས་ཅན་གྱིས་ཟིན་པའི་ཕྱིར་ན། དེ་ལྟར་ཐོབ་པ་དོན་ལ་དངོས་སུ་གྲུབ། རེད་དེ་དབང་པོ་འབྲིང་ཐ་གཉིས་ཀ་ལ་དེ་ལྟར་མི་ངེས་སོ། །སོ་སོར་ཐར་དང་བྱང་ཆུབ་སེམས། །ཟེར་ནས་རྗེས་ཟློས་ཤིག་བྱས་པ་ཙམ་གྱིས་སོར་བྱང་གི་སྡོམ་པ་མཚན་ཉིད་པ་ཐོབ་དཀའ་འོ། །མདོ་ཨ་ནུ་རང་ལུགས་ཀྱིས་ཐེག་པ་དགུར་བྱས་ཏེ་དབང་བསྐུར་བའི་སྐབས་སུ། སྐྲ་བྲེག་ཆོས་གོས་རྣམ་གསུམ་སྟེར་བ་སོགས་འབྱུང་ཡང་། དེ་དང་དེའི་སྨིན་བྱེད་ཀྱི་རྟེན་འབྲེལ་སྒྲིག་པ་ཙམ་ཞིག་རེད་མ་གཏོགས་དངོས་སུ་ཐོབ་པ་མ་རེད། དེ་ཡིན་དུས་དབང་གྲངས་སྡོམ་པ་གསུམ་པོ་སོ་སོའི་ཆོ་ག་ལ་བརྟེན་ནས་ཐོབ་དགོས་རྒྱུ་དང་། དབང་པོ་ཐ་མ་ནི། དེ་བས་ཀྱང་འཁོར་བའི་ཉེས་དམིགས་བསམ་པ་སོགས་བློ་སྦྱོང་ནས་འགོ་བཙུགས་སྟེ་སོ་ཐར་གྱི་དུས་ཁྲིམས་ནས་ཐེག་པ་རིམ་འཇུག་གིས་ཞུགས་དགོས། སྡོམ་པ་གསུམ་དུ། སོ་ཐར་གྱིས་སོ་ཐར་རང་གི་བསླབ་ཚིག་དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ་དང་། བྱང་སེམས་ཀྱིས་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ། སྔགས་ཀྱིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་སྡོམ་པ་གསུམ་དུ་བཞག་རྒྱུའི་རྣམ་བཞག རང་གཞུང་བྱེ་བྲག་པ་ནས། རང་དང་གཞན་དོན་ཕན་པ་ཆེ། །གསུངས་པ་ལྟར། འདུལ་བས་བསྟན་དོན་སོ་ཐར། མདོ་སྡེས་བསྟན་དོན་བྱང་སྡོམ། སྡེ་སྣོད་བཞི་བས་སྔགས་སྡོམ་བསྟན་པས། ཀུན་སློང་སྤང་བྱ་དུས་དང་ཆོ་ག་དག་གི་ཁྱད་པར་གྱིས་འབྱུང་བ་རེད། དེ་ཡིན་ན་སུམ་ལྡན་ཟེར་བའི་སྐབས་དེའི་སྡོམ་པ་དེ་གསུམ་གྱི་ལྡོག་པ་ལ་གཞི་མཐུན་མི་སྲིད་ཀྱང་། ངོ་བོ་ལ་གཞི་མཐུན་སྲིད། དེ་ཅིའི་ཕྱིར་ཞེ་ན། སུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་ཀྱི། རང་དང་གཞན་དོན་ཕན་པ་ཆེ་གསུམ་པོ་ངོ་བོ་གཅིག་ཡིན་རྒྱུ་དང་། དེ་སྔགས་ཀྱི་དམ་ཚིག་ལ་སློབ་པ་ཡིན་པའི་ཁྱད་པར་ཡང་ཡོད་རེད། དེ་བཞིན་དུ་འོག་མའི་ཡོན་ཏན་ཐམས་ཅད་གོང་མར་འདུས་པས། དཔེ་བཞག་ན་བྲེ་གསུམ་གྱི་ནང་ལ་བྲེ་དོ་འདུས་པ་ལྟར། སྔགས་ཐབས་མཁས་ཀྱིས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ནང་ལ་ཡོན་ཏན་ཡར་ལྡན་གྱིས་འདུས་པ་རེད། འདའ་བར་བྱ་བ་མ་ཡིན་པའི་ཆ་ནས་དམ་ཚིག་དང་། བྱ་བ་དང་མི་བྱ་བའི་ངེས་པའི་སྟེང་ནས་སྡོམ་པ་བཞག་པས། སྡོམ་དམ་ཚིག་འདི་གཉིས་ཀ་ངོ་བོ་གཅིག་ལ་ལྡོག་ཆས་དབྱེ་བ་རེད། རེད་དེ་སྡོམ་པ་ཡིན་ཚད་དམ་ཚིག་ཡིན་པས་མ་ཁྱབ་ཀྱང་། སྔགས་སྡོམ་ཡིན་ན་སྡོམ་དམ་ཚིག་གཉིས་ཀ་ཡིན་པས་ཁྱབ། ཅེས་སེམས་བསྐྱེད་རྗེས་ཟློས་ཀྱི་དབང་ཚིག་གསུངས་མཐར། འདི་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་ཡིན་གསུངས་ནས་འདིའི་ཆོག་ཁྲིགས་ཀྱི་ནང་དུ་ཡོད་པ་ལྟར་དུ་རེད། དེ་ཡིན་ན་དུས་རྒྱུན་ཐེག་ཆེན་སེམས་བསྐྱེད་སྐབས་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་འདོད་ཀྱི་ལྷག་བསམ་དག་པའི་ཁྱད་པར་དུ་བྱས་པའི་སེམས་བྱུང་སེམས་པ་དེ་ཉིད། ད་རེས་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་ཉམས་ལེན་ལ་རྟེན་དང་བརྟེན་པའི་ཟླ་བ་རྡོ་རྗེས་ཚོགས་གཉིས་ཟུང་དུ་འཇུག་པའི་ཐབས་ཁྱད་པར་ཅན་གྱི་སྔགས་ལམ་ནས། ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་ཀ་སྟབས་གཅིག་ཏུ་བླངས་པ་རེད། འོ་ན་དོན་དམ་སེམས་བསྐྱེད་ཆོ་གས་ལེན་ན་མདོ་སྔགས་གཉིས་ཀ་འགལ་ལམ་སྙམ་ན་མི་འགལ་ཏེ། འདི་ཡེ་དག་སེམས་ཀྱི་ངོ་བོ་ཟླ་དཀྱིལ་དྲི་མེད་ཀྱིས་མཚོན་པའི་རྟེན་ལ། བརྟེན་པ་རྡོ་རྗེ་དཀར་པོ་རྩེ་ལྔ་བསྒོམ་རྒྱུ། རྡོ་རྗེ་ནི་སྟོང་ཉིད་ཀྱི་དོན་རེད། རྩེ་ལྔ་རིགས་ལྔ་ཡེ་ཤེས་ལྔ་མཚོན་བྱེད་ཡིན་དུས། འདི་སྔགས་ཀྱི་ཆོ་ག་ཁྱད་པར་ཅན་ལ་བརྟེན་ཏེ་དོན་དུ་དོན་དམ་སེམས་བསྐྱེད་ཆོས་ཉིད་ཀྱིས་ཐོབ་པ་རེད། འོ་ན་ཆོས་ཉིད་ཀྱི་བདེན་པ་མཐོང་བ་མཐོང་ལམ་ཐོབ་དུས་རེད། དཔེའི་ཡེ་ཤེས་མ་ཐོབ་པ་ཞིག་གིས་དོན་གྱི་ཡེ་ཤེས་ཇི་ལྟར་ཐོབ་བསམ་རྒྱུ་རེད་དེ། ཆོས་ཉིད་ཀྱི་རང་མཚན་ཇི་ལྟ་བ་གཟིགས་པ་ནི་འཕགས་ས་ཐོབ་དུས་ཡིན་ཡང་། དེའི་དོན་སྤྱི་ནི་ཚོགས་སྦྱོར་གྱི་སྐབས་ནས་ཀྱང་སྒོམ་ཆོག་པ་རེད། ཁྱད་པར་དུ་ཆོས་ཉིད་རང་གི་ངོ་བོ་དེ་གསར་བྱུང་བཅོས་མ་གཞན་ནས་འཚོལ་རྒྱུ་ཞིག་མ་ཡིན་པར། ཡེ་ནས་སེམས་ཀྱི་ཆོས་ཉིད་དུ་གནས་པའི་རྒྱུ་མཚན་དེས། རང་ལམ་རྒྱུ་ཡི་ཐེག་པ་ལས་འཕགས་པའི་མྱུར་ལམ་སྔགས་ཀྱི་ཁྱད་ཆོས་འབྲས་བུ་ལམ་བྱེད་འདི་དག་གི་ཁྱད་པར་གྱིས་ཕྱེས་པ་རེད། དེ་ལྟར་ན་སྔགས་ཀྱི་ཆོ་གས་དོན་དམ་སེམས་བསྐྱེད་ལེན་རྒྱུ་དེ་ཡང་ངེས་དོན་མ་ཡིན་པར་མཐའ་གཅིག་ཏུ་སྒྲུབ་དགོས་ན། ཨིནྡྲ་བྷུ་ཏི་མཚན་གཞིར་བཞག་ན་ཡང་སྐབས་ཐོབ་ཀྱི་གོ་བས་མ་དད་ན་སྒྲུབ་མ་བདེ་པ་ཡོང་དུས་ཀྱང་ཡོད། འདིར་ཡང་དབང་ཆོག་རྗེས་ཟློས་སོགས་བྱས་མཐར་གསུང་འཕྲོས་གནང་བ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །དམ་ཚིག་བདུད་རྩིའི་ཆུ་ཐུངས་ཤིག། །ས་མ་ཡ་ཨི་དན་ན་ར་ཀན། །ཞེས་གསུངས་པ་རེད། འདི་ལ་དམ་ཚིག་བདུད་རྩིའི་མནའ་ཆུ་གསུངས་པ་རེད། འདིའི་དམ་ཚིག་གསུངས་རྒྱུ་འདི། དམ་ཚིག་སྤྱི་དང་ཁྱད་པར་དུ་རྩ་ལྟུང་བདུན་པ་དམིགས་ཀྱིས་བཀར་ཏེ་གསུངས་པ་ཞིག་རེད། སྔགས་བླ་མེད་ཀྱི་གསང་བའི་དཀྱིལ་འཁོར་ལ་ཞུགས་ནས་མཆོག་ཏུ་གསང་བ་ཆེན་པོའི་རང་བྱུང་གི་ཡེ་ཤེས་རང་ལ་བཞུགས་པ་དེ་ཉིད། སྔགས་ཐབས་མཁས་ཀྱིས་བཙན་ཐབས་སུ་བསྐྱེད་དགོས་དུས། སྔགས་ཀྱི་སྡོམ་པས་རྒྱུད་སྡོམ་དགོས་པ་རེད། དེ་ཡང་དབང་ཐོབ་པ་ལ་རག་ལས་པས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་རེད། ཁེ་ཆེ་སར་ཉེན་ཡོད་པ་ཆོས་ཉིད་ཡིན་དུས། འདི་ལ་རྡོ་རྗེ་བདུད་རྩིའི་མནའ་ཆུ་གསུངས་རྒྱུ་དེ། རྡོ་རྗེ་ནི་འགྱུར་བ་མེད་པ་རང་བྱུང་ཆོས་ཉིད་གསང་བའི་དོན་དེ་ཉིད་མཚོན་པ་ཡིན་ན། དེ་ལྟར་མཚོན་བྱེད་རྫས་ཀྱི་རྡོ་རྗེ་མགོ་ཐོག་ལ་བཞག རང་བྱུང་གསང་བའི་གྲོལ་བྱེད་ཀྱི་བདུད་རྩི་དམ་ཚིག་བསྲུང་བར་ཁས་ལེན་པ་མནའ་ཆུར་བྱིན་གྱིས་རླབས་པ་འདི་འཐུངས་ནས་ཁོག་ལ་སོང་དུས་དམ་སྲུང་གི་གང་ཟག་ལ་ཡེ་ཤེས་སེམས་དཔར་གྱུར་ཏེ་བྱིན་རླབས་རང་ཤུགས་ཀྱིས་འབྱུང་རྒྱུ། དངོས་གྲུབ་མ་སྒྲུབ་པ་ཡང་འགྲུབ་པ་དང་། དམ་ཉམས་ཀྱི་གང་ཟག་ལ་སྲོག་གཅོད་སྡིག་པ་མགོ་དགུར་གྱུར་ནས་ཉམས་པ་བྱེད་པ་ཡིན་རྒྱུ། འདི་ཡིན་པ་ལྕེ་ཐོག་གཞག་རྒྱུའི་ཆུ་ཐིགས་ཤིག་ཡིན་ཡང་། དོན་ལ་གསང་བའི་དཀྱིལ་འཁོར་ཆེན་པོའི་རྡོ་རྗེའི་དམ་ཆུ་ཡིན་པས་ན། འབབ་པ་སྙིང་ལ་བབས་ནས་འབྲས་བུ་བཟང་ངན་ཁེ་ཉེན་ཅན་ལ་འགྱུར་རྒྱུའི་དམ་ཚིག་རེད། དེའི་དབང་གིས་འདིའི་ལུང་དོན་སྲོག་ལ་བབས་ཀྱང་འབད་པར་བྱ་འོས་པ་ཞིག་རེད། ཡང་དབང་ཆོག་ཉུང་ཙམ་སོང་རྗེས་ཀྱི་གསུང་འཕྲོས། སྤྱིར་དབང་བསྐུར་རྒྱུ་འདིར་སྨིན་སློབ་ཞིག་དང་མོས་སློབ་ཞིག་གི་གཉིས་ཀྱི་ཁྱད་པར་ཡོད། སྤྱིར་བཏང་གི་རྐྱེན་སེལ་དང་། སྒྲིབ་སྦྱོང་ཙམ་ལ་བསྐུར་བའི་སྐབས་ལ་འདིའི་སྡོམ་བཟུང་ཁྱད་པར་བ་འདི་དག་དང་མཆོག་དབང་གོང་མ་རྣམ་གསུམ་བསྐུར་མི་ཉན། དེའི་དབང་བསྐུར་ཡུལ་གྱི་ཁྱད་པར་ཕྱེས་ནས་ཆོ་གའི་དབྱེ་བསྡུ་བྱེད་རྒྱུ་དེ་དག་དོན་ལ་སྟོན་པ་ཡིན་པས་གནད་ཤིན་ཏུ་ཆེ། སྤྱིར་བཏང་བ་ལ་གོང་གི་སྤྱིའི་སྡོམ་བཟུང་དབང་གི་སྟ་གོན་སྐབས་ལ་འབྱུང་རྒྱུ་དེ་འདྲ་ཞིག་གིས་ཆོག་པ་རེད། འདི་ལྟ་བུའི་སྨིན་སློབ་སྐབས་ལ་སྡོམ་བཟུང་ཁྱད་པར་བ་འདི་དགོས་པ་རེད། འདི་ཇི་བཞིན་དུ་བསྒྲགས་ཤིང་དེ་བཞིན་དུ་ཁས་ལེན་དགོས་པར་མ་ཚད། གོང་དུ་དམ་ཚིག་གི་མནའ་ཆུས་དམ་ལ་བཞག་པ་བཞིན་དུ། དམ་ཚིག་སྲུང་རྒྱུ་ལ་འབད་པ་ཆ་ཚང་གིས་མ་བསྐྱེད་པར་གང་བྱུང་དེས་ཆོག་བྱས་ན། ཉམས་པའི་གནས་ལ་ལྷུང་ནས་ཚེ་འདི་ལ་ནད་དང་གདོན་སོགས་མི་འདོད་ཉེར་འཚེས་མནར། ཚེ་ཕྱི་མར་དམྱལ་གནས་སུ་ལྟུང་རྒྱུ་དང་། གལ་ཏེ་འགྱོད་གདུང་གིས་ཟིན་ནས་བཤགས་སྦྱོང་བྱས་ཀྱང་རྣམ་སྨིན་གྱི་ཆ་སྦྱོང་ནུས་སྲིད་ཀྱང་། ཡོན་ཏན་དང་དངོས་གྲུབ་ཐོབ་པར་བར་དུ་གཅོད་རྒྱུ་དེ་འདྲ་ཡིན་དུས། དམ་ཚིག་འགལ། ཉམས། འདས་རལ་གྱི་དུས་ཀྱི་དབྱེ་མཚམས་ལྟར། གསོ་མི་རུང་པའི་ཚད་ལ་ཡང་སླེབ་རྒྱུ་ཡོད་པ་སོགས། སྔགས་སྡོམ་དམ་ཚིག་དང་འབྲེལ་བ་ཡིན་དུས་དམ་ཚིག་གི་ཐད་ནས་མ་གཟབ་ན། ཁེ་ཉེན་ཐོབ་ཤོར་གྱི་ཡག་ཉེས་ཆེན་པོ་ཞིག་དེ་ནས་འབྱུང་བ་རེད། དེ་ནས་བདུན་པ་དཀྱིལ་འཁོར་དུ་འཇུག་པ་ནི་གསུངས་ཏེ། དཀྱིལ་འཁོར་དུ་འཇུག་ཚུལ་གང་འདྲ་ཡིན་སྙམ་ན། འདི་བྱ་བ་ལས་ཀྱི་སྒོ་ནས་དངོས་སུ་འཇུག་ཅིང་ཕྱག་བྱ་བ་རེད། འདིའི་སྐབས་སུ་དཀྱིལ་འཁོར་གྱི་གཞལ་མེད་ཁང་དུ་ཞུགས་པའི་བརྡ་རུ་དཀྱིལ་འཁོར་གྱི་ཡོལ་བ་བསལ་ཡོང་བ་རེད། དཀྱིལ་འཁོར་གྱི་ཡོལ་བ་བསལ་རྒྱུ་འདིས་མཚོན་པར་མཛད་པའི་ཕྱག་ལེན་དེ་རེད། ནང་འཇུག་ངོ་མ་ད་དུང་མ་རེད། དབང་གི་དངོས་གཞིའི་སྔོན་ལ་དཀྱིལ་འཁོར་དུ་ངེས་པར་ཞུགས་དགོས་པ་རེད། ཅི་རེད་ཟེར་ན། དཀྱིལ་འཁོར་གྱི་ལྷ་དང་སྐལ་བ་མཉམ་པར་བྱ་བའི་དགོས་པ། མ་འོངས་ལྷའི་གཞལ་ཡས་ཁང་ལ་སོགས་པར་དངོས་སུ་ལོངས་སྤྱོད་པའི་རྟེན་འབྲེལ་ཡིན་པས་ན། དངོས་སུ་བརྡ་འཕྲོད་རྒྱུ་གལ་ཆེ་གསུངས་སོ། དབང་གི་མཚམས་སྦྱོར་འདི་དག་ཚིག་བསྡུས་ནག་འདོན་ཞིག་གིས་ཀྱང་། དོན་གསན་ཐུབ་མཁན་ཡོད་པ་རེད། འོན་ཀྱང་འགའ་རེས་སྒྲ་ཙམ་ཐོས་པ་མ་གཏོགས་དོན་ཡིད་ལ་མ་ངེས་པ་དང་། སེམས་དེའི་ཕྱོགས་ལ་མ་སོང་བར་སྣང་ལ་མ་ངེས་པ་ཡང་འབྱུང་སྲིད་པའི་ཕྱིར་ན། ངས་འདིར་ཞིབ་ཆ་བྱེད་རྒྱུའི་ཚུགས་ཀ་བྱས་ཏེ་བཤད་པ་ཡིན། འདི་དབང་གཞན་གྱི་སློབ་མ་ལྷར་བསྐྱེད་དང་གཅིག་མཚུངས་རེད། དབང་ཆོག་ཉུང་ངུར་གསུངས་མཐར། འདིའི་འོག་སྔགས་ཚིག་དང་སྦྲགས་ཡོང་དུས། ཕྱོགས་བཞིའི་སྒོ་བཞི་བོ་མཉམ་དུ་ཤག་གིས་ཕྱེ་བ་བསམ་དགོས་པ་རེད། འདིའི་ཤག་ཟེར་རྒྱུ་འདི་རོང་སྐད་ལ་སྒྲ་འདྲ་མོ་ཞིག་ཡིན་ཡང་ཕྱག་ལག་གི་ཕྱག་མ་རེད། ཐལ་གྱིས་ཕྱེས་པའི་སྒྲའི་རྣམ་པ་མཚོན་བྱེད་ཅིག་རེད། དཀྱིལ་འཁོར་ལ་སྒོ་བཞི་ཡོད་པ་དེ་ཚད་མེད་བཞི་མཚོན་པའི་དག་སྦྱོར་རེད། སྔགས་ཀྱི་སྐབས་ལ་ཚད་མེད་བཞི་གསུངས་པ་དེ། མཚན་མེད། སྨོན་མེད། སྟོང་ཉིད། འདུས་མ་བྱས་པ་དང་བཞི་རེད། འདིའི་ཨ་ཁཾ་ཝ་ར། ཞེས་པའི་སྔགས་འདི་ཚད་མེད་བཞིའི་ཕྱག་རྒྱ་དང་བཅས་ཏེ། སྒོ་དབྱེ་བར་བྱེད་པ་ཞིག་ལ་གསུངས་ཡོད་པ་རེད། རེད་དེ་སྤྱི་རྒྱུད་ཀྱི་ཕྱག་ལེན་ལ་སྒོ་དབྱེའི་རྒྱ་དང་བཅས་ཏེ་དབྱེ་རྒྱུ་ཞིག་རེད། འདིའི་སྒོ་དབྱེའི་རྒྱ་དང་། བསྒྲལ་བའི་ལྷ་དབྱེའི་རྒྱ་གཉིས་ཀ་གཅིག་ཏུ་སེམས་མི་ཉན། དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེས་པའི་མོས་པར་མཛོད། གསུངས་པས། དེའི་མཚམས་ནས་དཀྱིལ་འཁོར་གྱི་སྒོ་དངོས་སུ་ཕྱེ་བའི་སྔགས་འདོན་རྒྱུ་ཡིན། ཡང་དབང་ཆོག་ཉུང་ངུར་གསུངས་མཐར། འདིའི་ཕྱག་འདི་ནི། དཀྱིལ་འཁོར་དུ་འཇུག་པའི་རྡོ་རྗེའི་དམ་ཚིག་ཅིག་རེད། འདི་ཡིན་རྒྱུ་སྐུ་གསུང་ཐུགས་ཕྱག་རེད། ལན་བཞི་ལ་འཚལ་དགོས། རྒྱུ་མཚན་ནི། དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས་རིམ་པར་ཞུགས་དགོས་པས་ཐེངས་བཞིར་འཚལ་དགོས་པ་རེད། དེ་ཡང་ནང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་སྐུ་གསུང་ཐུགས་ལ་ཕྱག་འཚལ་བ་རེད། འདི་བདག་དང་ལྷ་ལ་བཟང་ངན་དུ་བལྟས་པ་མ་ཡིན། གཉིས་འཛིན་སྤྲོས་བའི་མཚན་མ་དང་བྲལ་བ་ཞིག་གི་སྒོ་ནས། རང་སྣང་དོན་གྱི་དཀྱིལ་འཁོར་ཆེན་པོར་བཞུགས་པའི་རང་རིག་ཡེ་ཤེས་ཀྱི་ལྷ་ཚོགས་རང་ངོ་ཤེས་པར་ཕྱག་འཚལ་བ་ཡིན་པས་དོན་དང་མཐུན་པའི་ཕྱག་རེད། ད་ནི་རྗེས་བཟློས་དང་བཅས་ཏེ་ཕྱག་རྒྱ་གནས་གསུམ་ལ་སྦྱར་ཏེ་ཕྱག་འཚལ་དགོས། ཞེས་གསུངས་ཏེ་ཀུན་གྱིས་རྗེས་ཟློས་དང་བཅས་ཕྱག་འཚལ་བའི་མཐར། དེའི་ཡན་གྱིས་ཕྱི་འཇུག་སོང་སྟེ། གཉིས་པ་ནང་འཇུག་ལ་བཞི་ལས་ཞེས་གསུངས་ཡོད་པས། བཞི་བོ་གང་ཡིན་ཟེར་ན། ཡེ་ཤེས་དབབ་པ། མེ་ཏོག་དོར་བ། མིག་དབྱེ། དཀྱིལ་འཁོར་བསྟན་པ། དེ་རྣམས་རེད། དབང་ཆོག་གསུངས་མཐར། དམིགས་པའི་མཚན་མ་ཞིག་ཡིད་ལ་བྱེད་དགོས་དུས་རྣམ་རྟོག་གི་འཕྲོ་འདུ་ཞིག་མིན་ན་ཐབས་མེད་རེད། མི་རྟོག་པའི་ངང་ལས་རྟོག་པ་ཅི་འདྲ་བྱས་ནས་འཆར་དགོས་རེད་བསམ་ན། རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་གསུངས་ཡོད་པས། དམིགས་བསམ་འཕྲོ་འདུ་དང་བྲལ་བའི་ཆོས་ཉིད་རྣམ་པར་མི་རྟོག་པའི་རྩལ་དེ་ཉིད། ཤེས་རབ་ཀྱི་སྣང་ཆ་ཤར་བ་དེས་མ་འགག་སྣང་སྟོང་རོལ་བའི་བསམ་ཡས་སྒྱུ་འཕྲུལ་གྱི་བཀོད་པ་ཅིར་ཡང་འཆར་ཞིང་ཅིར་ཡང་སྣང་དུ་རུང་བ་མི་རྟོག་མཁའ་ལྟར་ཡངས་པའི་ཆོས་ཉིད་ཀྱི་གོ་འབྱེད་པ། དབྱིངས་རིག་དབྱེར་མེད་གདངས་སུ་ཤར་བ་དེ་ལྷག་པར་འཐད་ཅིང་རུང་བ་ཡིན་པར་གྲུབ། དེ་ལྟར་མིན་ན་ལྟ་བ་མི་རྟོག་ཅང་མེད་ཅིག་ལ། སྒོམ་པ་མེད་སྣང་སྟོང་རྐྱང་ཞིག་ལས་མེད་དུས། འབྲས་བུ་ཐུགས་རྗེ་ཕྱོགས་མེད་དུ་འཆར་བའི་མཁྱེན་གཉིས་ཀྱི་ཡེ་ཤེས་འགྲུབ་དཀའ་བས་ན་དབྱིངས་རིག་དབྱེར་མེད་འོད་གསལ་འདུས་མ་བྱས་པའི་ཆོས་སྐུའི་དགོངས་པ་ཡང་རྙེད་དཀའ། དབང་ནི་ལྷ་ལ་མི་ཞུ་བླ་མར་ཞུ་གསུངས་བས། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་མེད་ཀྱི་འདུ་ཤེས་འཛིན་རྒྱུ་དེ་ནི་འདི་མན་ཆད་དབང་བསྐུར་ཐམས་ཅད་ཀྱི་ཁྱབ་བྱེད་རེད། འདི་དཀྱིལ་འཁོར་གྱི་ཆོ་ག་སྤྱིའི་འགྲོས་དང་བསྟུན་ན་སློབ་མ་ལྷར་བསྐྱེད་ཀྱི་དགོས་དོན་ཡང་ཚང་བས། དཀྱིལ་འཁོར་གྱི་བདག་པོའི་སྲས་སུ་བསྐྱེད་པ་སོགས་ཀྱི་དམིགས་འདུན་འདིའི་ཚིག་རྗེས་དོན་དྲན་མཛད་དགོས། འདིར་དབང་ཆོག་གསུངས་ནས། འདིའི་བྱིན་འབེབས་བྱེད་ངོ་མ་དེ་ནི། འཕགས་མཆོག་ཐུགས་རྗེ་བཞག་སྟེ་ཆོག་ཁྲིགས་མཛད་འདུག འཕགས་མཆོག་ཐུགས་རྗེ་འདི། སྔ་འགྱུར་བཀའ་མའི་ལུགས་ཀྱི་སྤྱི་འགྲོས་ལ་འབྱུང་རྒྱུ་ཞིག་རེད། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །ལ་སོགས་པ་རེད། འདི་ལ་བབ་དྲུག་མ་ཡང་ཟེར་བ་རེད། འདི་བྱིན་དབབ་པ་དང་བསྡུ་བ་གཉིས་ཀྱི་ཁོངས་སུ་བསྡུས་ནས་བཤད་དུས། ཚིག་རྐང་སྔོན་མ་དྲུག་འདིས་དུས་གསོལ་བའི་སྒོ་ནས་ཐུགས་རྒྱུད་སྐུལ་བ་རེད། དེའི་རྗེས་ཀྱི་བཅོམ་ལྡན་འདས་ཞེས་པའི་ཚིག་མཐའ་ཅན་བཞི་འདིས། ཉེ་བའི་ཚིག་དང་སྦྱར་ནས་འདོད་དོན་ཞུ་བ་རེད། ཚིག་ཐ་མ། བདག་ཅག་ལས་འབྲས་མཆིས་པར་མཛོད་གསུངས་རྒྱུ་འདིས་དོན་བསྡུས་ཏེ་གསོལ་བ་བཏབ་པ་རེད། འདིའི་འཕགས་མཆོག་འདི་གང་ལ་གོ་རྒྱུ་རེད་འཕགས་བཞིའི་ནང་གི་གང་རེད་ཟེར་ན། སངས་རྒྱས་འཕགས་པ་ལ་གོ་རྒྱུ་རེད། དེ་ཡང་མཆོག་གསུམ་རྩ་གསུམ་ཀུན་འདུས། དཀྱིལ་འཁོར་གྱི་གཙོ་བདག་དང་གཉིས་སུ་མ་མཆིས་པའི་རང་བྱུང་གཉུག་མ་དོན་གྱི་ལྷ་རེད། ཐུགས་རྗེ་ནི། མཁྱེན་བརྩེ་ཡེ་ཤེས་ལ་གོ་རྒྱུ་རེད། དེ་ལ་ཡང་དབྱེ་བ་ཕྱེས་ཡོང་ན། རྟག་པ་རྒྱུན་གྱི་ཐུགས་རྗེ། རང་བཞིན་ཤུགས་ཀྱི་ཐུགས་རྗེ། སྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། གདུལ་བྱ་ཡུལ་དང་འཕྲད་པའི་ཐུགས་རྗེ། ཞེས་གསུངས་པ་ལྟར། རྟག་པ་རྒྱུན་གྱི་ཐུགས་རྗེ་ནི། དུས་ལས་མི་ཡོལ་བ་ཆུ་བོའི་རྒྱུན་ལྟ་བུ་ཞིག རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། རྩོལ་མེད་ངང་གིས་འབྱུང་བ་ཆུ་བོའི་རྒྱུན་ལྟ་བུ་ཞིག སྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་ནི། སྙིང་རྗེ་ཅན་གྱི་སྒོ་ཁ་ནས་དབུལ་བོ་ཞིག་གིས་ནོར་སློང་བ་འདྲ་ཞིག གདུལ་བྱའི་ཡུལ་དང་འཕྲད་པའི་ཐུགས་རྗེ་ནི། མ་ཡིས་བུ་ལ་བརྩེ་བ་འདྲ་འདྲ་ཡིན་ཡང་ནད་ཀྱིས་མནར་བའི་བུ་ལ་ལྷག་པར་བརྩེ་བ་བཞིན་ཡིན་གསུངས་པ་འོ། དེའི་ཕྱིར་ན། ཁྱད་པར་ཅན་གྱི་གསང་བ་ཟབ་མོའི་ལམ་གྱི་སྣོད་རུང་གི་རྣལ་འབྱོར་གྲུབ་པ་ཕོ་མོ་ལ། ཁྱད་པར་ཅན་གྱི་མཐུན་རྐྱེན་དངོས་གྲུབ་དེ་དུས་ཕྱི་མའི་མཐའ་ལ་ལྟོས་མི་དགོས་པར་ད་ལྟ་ཉིད་དུ་བསྟན་པའི་དུས་ལ་བབ། ཅེས་ཚིག་རྐང་གཉིས་པོས་ཐུགས་རྗེ་བྱེ་བྲག་ཏུ་བསྐུལ་ནས། མཐུ་རྩལ་དབྱུང་བའི་དུས་ལ་བབ། ཅེས་པས་ནུས་པ་མཐུ་ཡི་ཁྱད་པར་བསྟན། བྱིན་གྱིས་རླབས་པའི་དུས་ལ་བབ། ཅེས་པས་བྱིན་རླབས་ཀྱི་ཁྱད་པར་བསྟན། དབང་མཆོག་བསྐུར་བའི་དུས་ལ་བབ། ཅེས་པས་སྨིན་པ་དབང་གི་ཁྱད་པར་བསྟན། དེའི་འཕྲོར་དབང་མཆོག་སྩོལ་བའི་དུས་ལ་བབ། ཅེས་པས་འབྲས་བུ་དངོས་གྲུབ་ཀྱི་ཁྱད་པར་བསྟན་པ་རེད། ཚིག་ཐ་མ་དོན་བསྡུས་ཏེ་གསོལ་བ་བཏབ་པ། བདག་ཅག་ལས་འབྲས་མཆིས་པར་མཛོད་གསུངས་རྒྱུ་འདིས་བདག་ཅག་རྣལ་འབྱོར་པས་བསྒྲུབ་བའི་དཀྱིལ་འཁོར་བཤམས། མཆོད་པའི་ཡོ་བྱད་བསྒྲིགས། རིམ་གཉིས་སྨིན་གྲོལ་ལ་སྤྱོད་པའི་ལས་ཀྱི་འབྲས་བུ་ཐུན་མིན་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། ཞེས་པའི་དོན་རེད། འདིའི་འགྲེལ་བ། པདྨ་བཛྲའི་ལེགས་བཤད་སྤྲིན་གྱི་རོལ་མོར་གཟིགས་དང་། རྒྱུད་སྒྱུ་འཕྲུལ་དྲྭ་བའི་དགོངས་དོན་མ་ཧཱ་རང་གཞུང་དང་མཐུན་ཞིང་མ་ཧཱའི་ཨ་ཏི་ལྟར་དུ་བཀྲལ་བའི་དགོངས་གནད་ཚང་བ་ཞིག་ཞིབ་རྒྱས་ཀྱིས་བཀྲལ་མཛད་ཡོད་པ་རེད། ཡང་དབང་ཆོག་སོགས་གསུངས་མཐར། འདི་ནས་སྔགས་ལ། ཨཱོཾ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱཏུ་ཨ་སོགས་གསུངས་ཡོད་པ་རེད། འདིའི་སྔགས་འདི་བྱིན་རླབས་དངོས་གྲུབ་ཐམས་ཅད་སྡུད་པར་བྱེད་པའི་འབེབས་སྔགས་ཤིག་རེད། འདི་གསང་སྔགས་དང་རིགས་སྔགས་གཟུངས་སྔགས་གསུམ་གྱི་ནང་ནས་གཟུངས་སྔགས་རེད། ནམ་མཁའ་ལྷའི་འཁོར་ལོར་ཤར་བའི་ལྷ་ཚོགས་ཐམས་ཅད། བདག་དང་། གནས་དང་། བསྒྲུབ་རྫས་ཡོ་བྱད་དང་བཅས་པ་གོང་ནས་གསུངས་བ་བཞིན་དུ། སྐུ་ཕྱག་རྒྱ། གསུང་ཡིག་འབྲི། ཐུགས་ཕྱག་མཚན་གྱི་རྣམ་པ། འདིའི་ཆོག་ཁྲིགས་ཀྱི་ནང་ན་ཇི་ལྟར་ཡོད་པ་བཞིན་དུ་རེད། ཆོག་ཁྲིགས་ཀྱི་ནང་ན་བྱེ་ཚན་ལ་ཁ་བ་བབས་པ་གསུངས་ཡོད་ཀྱང་། ཁ་ཆར་རྒྱ་མཚོར་ཐིམ་པ་ལྟ་བུར་དམིགས་ན་ཡང་ཆོག་པ་རེད། རྫོགས་ཆེན་ཁྲིད་ཀྱི་སྐབས་ལ་ཐུགས་ཁྲིད་རང་གྲོལ་གྱི་གདམས་པ་གསུངས་དུས། རྡོ་ཚན་ལ་ཁ་བ་བབས་པ་ལྟར་གསུངས་པ་དེ་རྗེས་མེད་རང་ཡལ་འགྲོ་རྒྱུའི་དཔེ་དོན་ཞིག་དང་ཕྱོགས་ཀུན་མཚུངས་པ་ཞིག་རེད། འདི་རང་ཐུམ་ངོ་བོ་གཅིག་པ། ཆོས་ཉིད་ནང་ཁྲིད་ཀྱི་ཡེ་ཤེས། ཆར་བ་ཆུར་ཐིམ་ལ་དཔེ་བཞག་ན་གོ་བརྡ་འཇགས་སླ་བའི་དཔེ་རེད། འབེབས་སྔགས་འདི་ཚོས་མཐའ་ལ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཡི་གེ་ཧཱུྃ་གསུམ་བསྟུད་བྱས་ནས་གསུངས་རྒྱུ་དང་། སྐྱེ་མེད་ཆོས་ཉིད་ཀྱི་ཨ་ཡིག་གཉིས་བསྟུད་གསུམ་བསྟུད་ལ་འབྱུང་རྒྱུ་དེ་ཚོའི་དང་པོས་བྱིན་རླབས་སྐུལ། གཉིས་པས་འབེབས། གསུམ་པས་བརྟན་པར་བྱེད་པའི་རྣམ་བཞག་བྱས་ཏེ་བཤད་ཆོག་པ་རེད། ཡང་དབང་ཆོག་གསུངས་མཐར། ཡི་གེ་འདིའི་ཆོག་ཁྲིགས་ཀྱི་ནང་ན་ཡིག་ནོར་ངན་པ་ཞིག་འདུག བྱིན་འབེབས་པའི་ཡེ་ཤེས་པ་རྣམ་ཤེས་རྡོ་རྗེའི་ཆོས་བདུན་གྱི་རྣམ་རོལ་དུ་བརྟན་པར་གྱུར་ཅིག་གསུངས་འདུག ངས་ནི། ཡེ་ཤེས་པ་རྣམས་རྡོ་རྗེའི་ཆོས་བདུན་གྱི་རྣམ་རོལ་དུ་བརྟན་པར་གྱུར་ཅིག ཅེས་རྣམ་ལ་ཡང་འཇུག་སྦྱར་བ་དང་ཤེས་ཕར་བསྣོགས་ཏེ་བཏོན་ཡོད། གལ་ཏེ་རྣམ་ཤེས་རྡོ་རྗེའི་ཆོས་བདུན་ལ་བརྟན་དགོས་དུས་ཕྱི་རོལ་བའི་བདག གཙང་བདེ་རྟག་བདག་ཅན་པོ་ལྟ་བུ་ཞིག་ལ་གོ་གི་ཡིན་ན། གཞན་ཡང་འདིས་རྟོན་པ་བཞི་གོ་ལྡོག་ཀྱང་བྱས་འདུག རྒྱུ་མཚན་ནི། ཡེ་ཤེས་ལ་མི་རྟོན་རྣམ་ཤེས་ལ་རྟོན། གསུངས་པ་ཐལ་བ་དང་། གཞན་ལུང་དང་ཡང་འགལ་བ་རེད། ཇི་ལྟར་འགལ་ཞེ་ན། འདིའི་ཕུག་ངོ་མ་དེ་འདིའི་ཆོག་ཁྲིགས་འདི་གྲོ་ཐིག་གི་དབང་གིས་ཚུར་བཀབ་པ་ཞིག་རེད། དེ་ཡིན་ན་བྱིན་ཕེབས་པའི་ཡེ་ཤེས་པ་རྣམས་རྡོ་རྗེའི་ཆོས་བདུན་གྱི་རྣམ་རོལ་དུ་བརྟན་པར་གྱུར་ཅིག་ཟེར་རྒྱུ་རེད། སྤྱིར་ན། དེང་སང་གི་དཔེ་ཆ་ལ་ཡིག་ནོར་རྩི་ཚོད་ཅི་ཡོད། ཉམས་ཆུང་ཡིག་ལས་པ་གླ་ཆ་ལེན་པའི་མི་ལ་ཁག་ཀྱང་མི་འདུག ཡིག་ནོར་ཆེན་པོ་འདིས་མགོ་ཆེན་པོ་གཡོག་འགྲོ་རེད། དེ་སྔོན་བླ་རྒན་བུམ་རིལ་འཛིན་མཁན་ཆ་རེ་མགོ་འཁོར་ལོས་ཡོད། ད་རུང་ཕྱིས་སུ་ཡིན་ན་བུམ་པ་ཉོ་སྤྱད་ཡོད་མཁན་འགའ་རེ་ཡང་ལམ་ལོག་ལ་གཏོང་རྒྱུ་རེད་བསམ་ནས། ངས་བཤད་པ་ཡིན། དེ་དག་སོང་ནས་ད་ནི། ཏིཥྛ་བཛྲ་གྱིས་བརྟན་པར་བྱས་པ་རེད། རྡོ་རྗེ་ལྟར་བརྟན་པར་བྱས་པའི་སྔགས་རེད། དེའི་ཡན་གྱིས་བྱིན་འབེབས་པ་སོང་སྟེ། གཉིས་པ་མེ་ཏོག་འདོར་བ་ནི་གསུངས་འདུག མེ་ཏོག་འདོར་བའི་དཀྱིལ་འཁོར་འདུ་བྱས་ལ་གསུངས་པ་རེད། ངོ་མ་བྱས་ན་དཀྱིལ་འཁོར་རང་ལ་འབུལ་རྒྱུ་རེད་དེ། འོན་ཀྱང་འཇུག་པ་བདེ་ཆེད་དུ་དེང་སང་གི་ཕྱག་ལེན་ལ་འདི་བཞིན་དར་སོང་བས། དཀྱིལ་འཁོར་མཚོན་བྱེད་རིགས་ལྔའི་རང་བཞིན་ཅན་ཚོམ་བུ་འདུ་བྱས་ཡོད་པ་ལ། རིགས་ལྔའི་དཀྱིལ་འཁོར་དངོས་ཀྱི་འདུ་ཤེས་གཟུང་དགོས་པ་རེད། རིགས་ལྔའི་དཀྱིལ་འཁོར་དངོས་ཀྱི་འདུ་ཤེས་བཟུང་སྟེ་ལྷག་པའི་ལྷ་གང་ཡིན་པ་ལ། མེ་ཏོག་འདི་འབབ་པར་ཤོག་བསམ་ནས་མེ་ཏོག་འདོར་དགོས་པ་རེད། སྤྱིར་ཡིན་ན་ལྷག་པའི་ལྷ་དང་། མོས་པའི་ལྷ། བབ་པའི་ལྷ་ཟེར་རྒྱུ་ཞིག་གི་དབྱེ་བ་ཡོད་རེད་དེ། ད་རེས་རང་ཉིད་ལས་འབྲེལ་གང་ལ་ཡོད་པའི་ལྷག་ལྷ་ལ་འབབ་པར་སྨོན་འདུན་རྩེ་གཅིག་ལ་གཏད་ནས་འཕེན་དུས། བབ་ལྷ་དང་། ལྷག་ལྷ་གཅིག་ལ་མོས་ཤིང་འདུན་པའི་ལྷ་མཆོག་རེད་འགྲོ་བ་རེད། ཡང་དབང་ཆོག་གསུངས་མཐར། སྔོན་ཡིན་ན་དབང་བསྐུར་ཡུལ་དེ་སྣོད་ལྡན་གྱི་སློབ་མ་གཅིག་གམ་བདུན་ཙམ་ཡིན་པས། དེ་ནི་ཞིབ་ཕྲའི་ཕྱག་ལེན་མཛད་ལུགས་ཡིན། དེང་སང་བརྒྱ་ཚོ་སྟོང་ཚོ་རེད། ངོ་མར་བཤད་ན། སྣོད་དང་ལྡན་མི་ལྡན་ཞིག་ཕར་ཞོག་གཅིག་ངོ་གཅིག་གིས་ཀྱང་ཤེས་དཀའ་བར་སྣང་། འོན་ཀྱང་སྡེ་སྣོད་འཛིན་པའི་སྡེ་ཆེན་པོ་འདི་ནི་ཕྱག་དང་མཆོད་པའི་ཡུལ་ཡིན་པས། དབང་རྒྱུན་རེ་མཆོད་པའི་ཚུལ་དུ་འབུལ་རྒྱུ་བྱུང་བས་སྤྲོ་བ་དང་ལྡན་ཏེ་འདོན་གྱིན་ཡོད། དེ་ནས་རྟེན་འབྲེལ་རྫས་ཀྱི་མེ་ཏོག་དེ། རྟེན་འབྲེལ་བརྡ་མཚོན་རེད་འགྲོ་རྒྱུ་ཡོངས་ཁྱབ་ཀྱི་རྒྱུན་སྲོལ། ང་ཚོ་ཐ་མལ་པ་ཞིག་གིས། ཡང་ལས་དང་དག་བཅོས་མ་མཛའ་པ་ཞིག་བྱེད་མི་འབབ་གི། ཡང་དབང་ཆོག་མཐར། འདིར་བཞུགས་ནང་གི་མང་ཆེ་བར། སྔར་གསང་སྔགས་ཀྱི་དབང་གི་དཀྱིལ་འཁོར་གོང་མ་ནས་གསང་མཚན་ཕུལ་མྱོང་བ་རེད་འདུག དེའི་ཆོག་པ་རེད། ཡང་འགའ་རེར་ཐེངས་ཆ་རེ་བཏགས་ས་ཡང་ཡོད། འདུས་པ་མང་ན་དཀྱིལ་འཁོར་གཙོ་བོའི་མཚན་ལས་བྲིས་པ་སྤྱིར་ཡོངས་ཁྱབ་ཀྱིས་བཏགས་ན་ཡང་འགལ་བ་མེད་གསུངས་ཡོད་རེད། དེ་ཡིན་དུས། རྣལ་འབྱོར་བ་ཐམས་ཅད་ལ་ཀུན་བཟང་དཔལ་གྱི་རྡོ་རྗེའམ་ཆེ་མཆོག་ཕྲིན་ལས་གྲུབ་པ་རྩལ་བཏགས། རྣལ་འབྱོར་མ་ཀུན་ལ་དབྱིངས་ཕྱུག་བདེ་ཆེན་དབང་མོའམ་ཡང་ན་གཏུམ་ཆེན་ལས་ཀྱི་ཌ་ཀཱི་སོགས་བཏགས་ན་ཆོག་པར་གསུངས་སོ། དེ་ལྟར་བཏགས་པའི་འདུན་པ་དང་བཅས་ཏེ། འདིའི་འོག་གི་མཚམས་སྦྱོར་དང་བསྔགས་བཏོན་ནས་མེ་ཏོག་ཁྱེད་རྣམ་པའི་དབུ་ཐོག་ལ་འཐོར་ཡོང་དུས། ལས་ཀྱིས་འབྲེལ་བའི་ལྷག་ལྷ་གང་ཡིན་པ་དེས་བྱང་ཆུབ་མ་ཐོབ་བར་དུ་འབྲལ་མེད་རྗེས་སུ་འཛིན་རྒྱུའི་རྟེན་འབྲེལ་ལ། དབང་རྟགས་མེ་ཏོག་གི་ཕྲེང་བ་སྤྱི་བོར་བཅིངས་ཡོང་དུས། དེའི་སྟོབས་ཀྱིས་དབང་གི་ངོ་བོ་སྔར་མེད་བདེ་སྟོང་གི་ཡེ་ཤེས་ཞིག་དང་། ཟག་མེད་ནང་གི་དགའ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་མོས་པ་བརྟན་པོར་མཛད་དགོས་རེད། དེ་ཡིན་དུས། གསང་མཚན་རེ་རེ་བཞིན་དུ་ད་རེས་དབང་རྫས་འདྲེན་དུས་འབུལ་རྒྱུ་ཡོད་པ་རེད། ཐུན་མོང་རིག་པའི་དབང་ལྔའི་ནང་གི་མིང་དབང་ཟེར་རྒྱུ་ཞིག་ཡོད་རྒྱུ་དེ། འདི་དང་མཚུངས་པ་ཞིག་རེད། མི་འདྲ་ས་ནི། འདི་རིགས་རྟགས་པ་དང་། གཞན་དེ་མིང་གི་དབང་སྐུར་བའི་ཁྱད་པར་ཡོད་པ་ཞིག་རེད། མིང་དབང་ལ་དྲིལ་བུ་མགོ་ཐོག་ནས་རྡོ་རྗེ་དང་ལྷན་སྦྱར་གྱིས་དཀྲོལ་རྒྱུ། ནམ་མཁའ་གོང་བའི་རྒྱལ་བ་སྲས་བཅས་ཀྱིས་གསང་མཚན་དེ་མགྲིན་དབྱངས་གཅིག་གྱུར་གྱིས་བཏགས་པ་ཡིན་ན། མ་འོངས་པ་ན་དེ་དང་དེའི་མཚན་ཅན་གྱི་རྫོགས་པའི་སངས་རྒྱས་ལ་མངའ་དབང་བསྒྱུར་རྒྱུའི་རྟེན་འབྲེལ་དང་དབུགས་འབྱིན་པ་གཉིས་ཀ་རེད། དེ་བཞིན་དུ་འདིའི་དབང་དུས་སུ་ངེས་པ་རྙེད་ན། ཆོས་ཉིད་བར་དོའི་རྗེས་དྲན་དྲུག་གི་གནས་སྐབས་ལ་ད་ལྟའི་དབང་དུས་ཀྱི་མཚན་ནས་བོས་པའམ་མཚན་དེ་དྲན་སྟོབས་ཀྱིས་གདམས་ངག་ཟབ་མོ་དྲན་རྒྱུ་དང་། དབང་དུས་ཀྱི་ཡེ་ཤེས་དེ་གསལ་ཐེབས་ཏེ་དེའི་ངང་ལ་གྲོལ་བ་དབང་གི་ཆུ་བོའི་སྒོས་ཆོས་ཀྱི་ནུས་པ་སྨིན་རྒྱུ་ཡོད་པ་རེད། དེ་བཞིན་དུ་ད་ལྟའི་སྐབས་ལ་རྒྱུད་དོན་ཀྱི་བཤད་པ་འདི་དག གོ་མ་སོང་ཟེར་ན་ནི་བོད་སྐད་ཡིན་པས་གོ་འདུག་པ་འདྲ། གོ་སོང་བསམ་ན་ཡང་། ཡང་བཤད་མ་ཤེས་པ་ལྟར་གྱུར་ན་ཡང་། ཉོན་དང་ཕྱིན་ཆད་བག་ཆགས་སད་རྒྱུའི་དགོས་པ་ཁྱད་པར་ཅན་ཡོད་པ་རེད། རྗེས་དྲན་དྲུག་གི་སྐབས་སུ། བླ་མ་དྲན་ནས་གདམ་ངག་དྲན་པ་ལ་སོགས་པའི་དགོས་པ། སེམས་ཁྲིད་ཚོའི་ནང་ནས་གསུངས་པ་ལྟར་དུ་རེད། ཡང་དབང་ཆོག་གསུངས་མཐར། དེའི་ཡན་ཆད་རིག་པའི་མེ་ཏོག་འཐོར་བ་སོང་སྟེ། གསུམ་པ་མིག་དབྱེ་བ་ནི། གསུངས་འདུག སྔོན་ཆད་ཀྱི་ལུགས་སྲོལ་ཡིན་ན་སྨན་པ་མཁས་པས་གསེར་གྱི་ཐུར་མ་ལ་མིག་སྨན་བྱུགས་ནས་མིག་ནད་བསལ་དར་བ་རེད། དེ་བཞིན་དུ་འདི་ནས་མཚོན་པ་བརྡའི་མིག་ཐུར་གྱི་རྣམ་པའི་བརྡ་ཐབས་ཀྱིས། མ་རིག་པའི་མིག་ནད་བསལ་ནས་དག་པ་ཡེ་ཤེས་ཀྱི་སྤྱན་འབྱེད་པའི་རྟེན་འབྲེལ་བསྒྲིགས་པའམ། གློ་བུར་མ་དག་འཁྲུལ་བའི་མིག་དེ། མ་འཁྲུལ་དོན་གྱི་གནས་ལུགས་ཡེ་ཤེས་ཀྱི་སྤྱན་དག་པ་མངོན་དུ་འགྱུར་བའི་གསོས་འདེབས་ཤིག་བྱས་པ་རེད། ཡང་དབང་ཆོག་ཉུང་ངུ་ཞིག་གི་མཐར། དེས་གདོང་གཡོག་བསལ་ནས་མིག་དབྱེ་བའི་རྟེན་འབྲེལ་བསྒྲིགབ་པ་ཡིན། འདིའི་མཚམས་ནས་དཀྱིལ་འཁོར་བསྟན་པ་རེད། ཡང་དབང་ཆོག་མཐར། འདིའི་གཞལ་ཡས་ཁང་གི་རྟེན་དང་བརྟེན་པའི་དག་སྦྱོར་དང་བཅས་པ་ནི། ཞིབ་པར་རྩ་རྒྱུད་སྒྱུ་འཕྲུལ་དྲྭ་བའི་རང་གཞུང་གིས་ཤེས་པར་བྱ་དགོས་རེད། འདི་ནས་ལོན་དགོས་པའི་གོ་དོན་ངོ་མ་དེ་གང་ཡིན་ཟེར་ན། མཚོན་བྱེད་དཔེ་ཡི་དཀྱིལ་འཁོར། རྡུལ་ཚོན་དང་། རས་བྲིས། ཚོམ་བུ་དག་རེད། དེ་ཉིད་སྐུ་གསུམ་གྱི་དཀྱིལ་འཁོར་དུ་བྱས་པ། དེ་ཡང་ཇི་ལྟར་ཡིན་ན། དང་པོ་རྣམ་དག་སྤྲུལ་སྐུའི་དཀྱིལ་འཁོར། གཉིས་པ་རྣམ་གྲོལ་ལོངས་སྐུའི་དཀྱིལ་འཁོར། གསུམ་པ་རྣམ་མཁྱེན་ཆོས་སྐུའི་དཀྱིལ་འཁོར། དེ་ཡང་ཡིན་ཏེ། རྣམ་དག་སྤྲུལ་སྐུའི་དཀྱིལ་འཁོར་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ལས་གཞན་དུ་མེད་པ་ཤེས་པའི་སྟེང་དུ། ནང་མཚོན་བྱ་དོན་གྱི་བདག་ཉིད་རྣམ་གྲོལ་ལོངས་སྐུའི་དཀྱིལ་འཁོར་མཚན་མའི་ཆོས་ལས་རིང་དུ་འདས་སོང་བའི་གྲག་སྟོང་སྒྲ་ཚིག་གིས་མཚོན་པ་དེ་ཉིད། གསང་བ་གཤིས་ཀྱི་བཞུགས་ཚུལ་རྣམ་མཁྱེན་ཆོས་སྐུའི་དཀྱིལ་འཁོར་མ་བཅོས་རྣལ་མའི་ཆོས་ཉིད་དུ་ངོ་ཤེས་པར་བྱེད་རྒྱུ། དཀྱིལ་འཁོར་ལྷའི་ཞལ་མཇལ་ནས་དཀྱིལ་འཁོར་གཞན་དུ་མ་གྲུབ་པར་ལྷ་ངོ་རང་ལས་འཕྲོད་པའི་དགོངས་དོན་དེ་ཉིད་རྙེད་དགོས་པ་རེད། དོན་དམ་སྐོར་བདུན་གསུངས་པ་མ་ཧཱ་ཡོ་གའི་རང་ལུགས་ཀྱི་ཆོས་སྐད་རེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་དང་དབྱིངས་རིག་གཉིས་དང་བདུན་རེད། ནང་གསལ་ཐིམ་ལ་མ་རྨུག་པ་ཨ་ཏིའི་ཆོས་སྐད་རེད། ཨ་ཏིའི་མ་ཧཱའམ་མ་ཧཱའི་ཨ་ཏིའི་དབྱིངས་རིག་དབྱེར་མེད་ཀྱི་ཟུང་འཇུག་གི་ཡེ་ཤེས་རང་བྱུང་གདོད་མའི་གནས་ལུགས་ཡེ་དག་གཤིས་ཀྱི་བཞུགས་ཚུལ་བསྟན་པ་རེད། འདི་མཚོན་བྱེད་དཔེས། མཚོན་བྱ་དོན་དང་། ཡིན་ཚུལ་གཤིས། དེའི་ཐོག་ནས་བཞུགས་ཚུལ་དོན་དང་བཅས་པའི། མི་རྟོག་རང་བྱུང་ཡེ་ཤེས་ཀྱིས་རང་ངོ་རང་ལ་སྤྲད་པ་རེད། རྟེན་རང་ལུས་རྡོ་རྗེའི་ཕུང་པོ་གདན་གསུམ་ཚང་བའི་དཀྱིལ་འཁོར་ལ། བརྟེན་པ་སེམས་དང་སེམས་བྱུང་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་ཡེ་ནས་རང་གྲུབ་དུ་ཡོད་པའམ། རང་ངོ་ཤེས་པས་ན་ལྷ་ཉིད་རང་ལ་རང་ཉིད་ལྷ་རུ་ཚོགས་པའི་བཅོས་མིན་དོན་གྱི་ཡེ་ཤེས་རྙེད་པས་ན། གདངས་རིག་རྩལ་སྤྲོ་བསྡུའི་ཤེས་རབ་རང་ཤུགས་ཀྱིས་འབར་པ་རེད། དེའི་ཡན་གྱིས་ནང་འཇུག་གི་ཆོས་བཞི་སོང་བ་འོ། ཡང་དབང་ཆོག་གསུངས་མཐར། མཚམས་འདི་ནས་དངོས་གཞིའི་དབང་ངོ་མ་བསྐུར་རན་སོང་། དབང་གི་དངོས་གཞི་དེ་གང་རེད་ཟེར་ན་བུམ་པའི་དབང་དང་གསང་བའི་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་ཚིག་དབང་རིན་པོ་ཆེ་རྣམ་པ་བཞི་པོ་རེད། དབང་བཞི་འདིའི་ནང་གི་དང་པོ་ནི་བུམ་པའི་དབང་རེད། བུམ་པའི་དབང་འདི་བུམ་དབང་འཁོར་དང་བཅས་པ་གསུངས་པས། ཐུན་མོང་རིག་པའི་དབང་ལྔ་འདི་བུམ་པའི་དབང་གི་ཁོངས་སུ་སྡུ་བ་དང་། བརྟུལ་ཞུགས་ཀྱི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་འདི་དག་ལ་སློབ་མའི་དབང་དྲུག་རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་ཡང་ཟེར་བ་རེད། བུམ་ཆུའི་བྱ་བ་རྗེས་སུ་འགྲོ་བ་ཅན་ཡིན་པས་བུམ་དབང་གསུངས་པ་དང་རྗེས་འབྲེལ་སྐུ་ཕྱག་རྒྱའི་དབང་དང་བཅས་པ་འདི་ཐམས་ཅད། བསྐུར་བ་སྒོ་གསུམ་ལ་བསྐུར་ཡང་། རླུང་སེམས་རྩ་དང་ཐིག་ལེ་ལ་བརྟེན་པའི་ཕྱིར་དང་ནི་གཙོ་བོར་ལུས་དཀྱིལ་ཟབ་མོ་དང་འབྲེལ་བའི་ཕྱིར་ན། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་བཅས་པའི་ནང་ནས་བུམ་དབང་ལུས་ལ་བསྐུར་བ་ཡིན་པའི་ཕྱིར་ན། སྐུ་ཡི་དབང་ཐོབ་པའི་འབྲེལ་བ་དེ་ལྟར་གྲུབ་པ་རེད། བླ་མེད་ཐུན་མོང་གི་རིག་དབང་ལྔ་ལ་སོགས་པ་དང་ནང་རྒྱུད་སྡེ་གསུམ་གྱི་ཕན་དབང་དང་ནུས་དབང་གི་སྐབས་ལ་འབྱུང་རྒྱུ་འདི་ཐམས་ཅད། མིང་དོན་གཉིས་ཀའི་ཆ་ནས་གཅིག་མཚུངས་ཨེ་རེད་ཟེར་ན། དེ་མ་རེད། ཞི་གནས་དང་ལྷག་མཐོང་ཞེས་པའི་སྒྲ་འདྲ་ཡང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་སྐབས་སུ་དོན་ལ་སྒྲ་མཐུན་དོན་འཕགས་ཁྱད་པར་མི་འདྲ་པར་ཡོད་པ་ལྟར་དུ། དེ་དང་དེའི་དོན་མཚུངས་ཡིན་ཟེར་ཆོག་ཀྱང་དོད་ཐུབ་མ་རེད། དཔེ་བཞག་ན། རྒྱུད་སྒྱུ་འཕྲུལ་དྲྭ་བའི་མ་ཧཱའི་ཨ་ཏི་ལྟར་དུ་བཀྲལ་བའི་གནས་སྐབས་ལ་མཚོན་ན། སྒྱུ་འཕྲུལ་ལམ་རིམ་གྱི་ནང་ན། གནས་རྟེན་རྩ་དང་ཐིག་ལེ་ལ། །བཅུ་དང་ལྔ་གསུམ་ལ་སོགས་པ་གསུངས་པ་ལྟར། འདོར་ན་བླ་མེད་ཐུན་མོང་བའི་ལུགས་ཀྱི་བུམ་དབང་གི་སྦྱང་བྱ་དེ་ཕུང་ལྔ་ཉོན་མོངས་ལྔ་སོགས་ཐེག་པ་སྤྱི་ལ་གྲགས་པ་ལྟར་དུ་ཡིན་ན། འདི་ནས་དེ་དང་མི་འདྲ་བ་གང་རེད་ཟེར་ན། ཕན་དབང་དང་ནུས་དབང་གཉིས་ཡིན་ཡང་ཟབ་མོའི་དབང་ལྟར་དུ་རླུང་སེམས་རྩ་དང་ཐིག་ལེ་ལ་བརྟེན་པའི་ལུས་དཀྱིལ་ཟབ་མོ་དང་འབྲེལ་བའི་ཕྱིར་ན་ཁྱད་པར་ཆེན་པོ་ཡོད། ཐུན་མོང་རིག་པའི་དབང་ལྔ་འདི། གང་དང་ཐུན་མོང་རེད་སྙམ་ན་སྔགས་ཕྱི་ནང་གཉིས་ཀའི་ཐུན་མོང་གི་དབང་ཡིན་པས་དེ་ལྟར་གྲགས་པ་རེད། ཇི་ལྟར་ཐུན་མོང་རེད་ཟེར་ན་ཡེ་ཤེས་ཐིག་ལེའི་ནང་དུ། ཆུ་ཡི་དབང་བསྐུར་དབུ་རྒྱན་དག། བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་ལ་གསལ་བར་བྱས། །ཞེས་གསུངས་པ་ལྟར་དུ་བྱ་རྒྱུད་ཀུན་གྱི་སྒོས་ཆོས་ཆུ་ཡི་དབང་དང་རིགས་གང་ཡིན་དམ་ཚིག་ཕྱག་རྒྱའི་ཅོད་པན་གྱི་དབང་མཐའ་རྟེན་དང་བཅས་པ་བསྐུར་རྒྱུ་དང་། སྤྱོད་རྒྱུད་ཀྱིས་ཁར་སང་བཤད་པ་ལྟར་དུ་དེའི་སྟེང་ལ་རྡོ་རྗེ་དྲིལ་བུ་མིང་དབང་རྗེས་གནང་དང་བཅས་པ་བསྐུར་བ་རེད། རྣལ་འབྱོར་རྒྱུད་ཀྱི་ཆུ་དབང་ལ་སོགས་སློབ་མའི་དབང་ལྔ་བོ་དང་། དེའི་སྟེང་ལ་ཕྱིར་མི་ལྡོག་པའི་དམ་ཚིག་གསུམ་བཟུང་བ་ལ་སོགས་པའི་སློབ་དཔོན་གྱི་དབང་དྲུག་གི་རྣམ་བཞག་དང་བཅུ་དེ་ཚིག་གི་ཐོག་ནས་བསྐུར་བ་རེད། ཐུན་མོང་རིག་པའི་དབང་ལྔ་འདི། རྣལ་འབྱོར་བླ་མེད་ཀྱི་སྐབས་སྤྲོས་བཅས་བུམ་པའི་དབང་གི་མཐའ་རྟེན་ལ་རྫོགས་ཞིང་ཚང་དགོས་ན། འདི་ལ་སྒྲ་བཤད་ཇི་ལྟར་འཇོག་ཟེར་ན། སྤང་བྱ་གློ་བུར་བའི་ཆོས་མ་རིག་པ་ཁྱབ་བྱེད་དུ་སོང་བའི་དྲི་མ་ལྔ་དག་ཅིང་། ཐོབ་བྱ་རིག་པའི་ཡེ་ཤེས་ལྔ་རང་ངོ་འཕྲོད་ཅིང་མངོན་དུ་གྱུར་པའི་ཆ་ནས་རིག་པའི་དབང་ལྔ་གསུངས་པ་རེད། དེ་ལྟ་བུའི་ཐུན་མོང་ལུགས་ལྟར་བཀྲལ་ནས་བཤད་ན་དེ་འདྲ་རེད། དེས་ན་མ་ཧཱ་ཡོ་གའི་ཕྱི་ཕན་པའི་དབང་བཅུ་གྲགས་པ་འདིས་ཀྱང་། ཕྱི་དཀྱིལ་དྲང་དོན་ཀྱི་བསྐྱེད་རིམ་ལ་ཉན་དུ་རུང་བའི་དབང་ཐོབ་པ་རེད། སྒྱུ་འཕྲུལ་ཀྱི་སྐབས་ལ་ཕན་ནུས་ཟབ་མོའི་དབང་གསུམ་གསུངས་པ་རེད་དེ། ཟབ་དབང་ཡང་ནུས་དབང་གི་ཁོངས་སུ་བསྡུས་བཞག་ན་གཉིས་དང་། ཟབ་དབང་གསུམ་བྱས་ཏེ་དབྱེ་ན་ལྔ་རེད། དེ་ལྟར་བྱས་ན་བུམ་དབང་ལ་ཕན་ནུས་གཉིས་ཕྱེས་པ་རེད། ཞི་བའི་ཕན་དབང་སྙིང་པོ་ལྔ་དང་དབུ་རྒྱན་ལྔ་སོགས་བཅུ་དང་། ཁྲོ་བོའི་ཕན་དབང་ལ་དེ་བཞིན་དུ་བདུན་དང་ཕྱག་མཚན་སོགས་ནང་གསེས་མང་པོ་ཡོད་རེད། དེ་ཐམས་ཅད་བསྐུར་ཡུལ་གྱི་རྒྱུ་དང་བྱིན་རླབས་ཀྱི་ས་བོན་འཇོག་པ་ཙམ་ལས། ད་ལྟ་ནས་འཆད་ཉན་བསྒྲུབ་པ་སོགས་ཀྱི་ལས་བྱེད་པའི་དབང་མིན་པས་ཕན་དབང་གསུངས་པ་རེད། དེས་ན། ནུས་དབང་ནི། བདག་དོན་ནུས་པའི་ཆེད་དུ་གསང་བ་ཉན་པའི་དབང་དང་དངོས་གྲུབ་སྒྲུབ་པའི་དབང་གཉིས། གཞན་དོན་ནུས་པ་ཅན་གྱི་ཆེད་དུ་གསང་བ་འཆད་པའི་དབང་དང་ཕྲིན་ལས་་སྤྱོད་པའི་དབང་གཉིས། གཉིས་དོན་ནུས་པའི་ཆེད་དུ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་གྱི་དབང་སྟེ་ནུས་དབང་ལྔ་དེ་ལྟར་འབྱུང་བ་རེད། དེ་དག་ཕན་དབང་རེད་ལ་གང་བྱེད་ཀྱི་ལས་དེ་དག་དངོས་སུ་སྒྲུབ་ནུས་པའི་ནུས་དབང་གཙོ་བོར་གྱུར་པའི་ཆ་ནས་ནུས་དབང་ལ་བཞག་མཛད་པ་རེད། དེས་ན་ཟབ་མོའི་དབང་གསུམ་གང་རེད་ཟེར་ན། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་བསྐུར་རྒྱུ་དེ་རེད། སྤྱོད་པའི་བརྟུལ་ཞུགས་ཅན་ཞེས་པ་ནི། གསང་སྔགས་ཀྱི་རྫས་ཤ་ལྔ་བདུད་རྩི་ལྔ་སོགས་ལ་གཙང་མེར་མེད་པ་རོལ་ཞིང་སྤྱོད་ནུས་པའི་བརྟུལ་ཞུགས་ཅན་ལ་གསང་དབང་། རིག་མའི་བརྟུལ་ཞུགས་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་། ཆོས་ཀུན་མཉམ་པའི་བརྟུལ་ཞུགས་ཅན་ལ་དབང་བཞི་བ་ཚིག་དབང་རིན་པོ་ཆེ་བསྐུར་རྒྱུ་དེ་འདྲ་རེད། འདི་གསུམ་ལ་ཟབ་མོའི་དབང་གསུམ་མམ་མཆོག་དབང་གོང་མ་རྣམ་གསུམ་ཟེར་ན་ཡང་གཅིག་པ་རེད། ད་ནི་སྐབས་དོན་བུམ་དབང་རེད། སྤྲོས་བཅས་བུམ་པའི་དབང་གི་མཐའ་རྟེན་ནམ་ཡན་ལག་རྫོགས་ནས་སློབ་མ་ལ་སློབ་མའི་དབང་དྲུག་གི་དང་པོ་མི་བསྐྱོད་པ་ཆུའི་དབང་འབྱུང་བ་རེད། དབང་ཚིག་གི་ནང་ནས་འབྱུང་བ་ལྟར་དུ། ལྷ་འོད་དུ་ཞུ་བའི་རང་བཞིན་རྣམ་རྒྱལ་བུམ་པའི་ཆུ་དེ། སྤྱི་བོ་ནས་བླུགས་ཏེ་ཁྲུས་བྱས་པས། ལས་ཉོན་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་དག་ནས་ཆུའི་ལྷག་མ་དེ་སྤྱི་བོར་འཁྱིལ་བ་དེ་ལས། སྤྱི་གཙུགས་ལ་རིགས་བདག་མི་བསྐྱོད་པའི་དབུ་རྒྱན་ནས་བཞུགས་པར་བསམ་དགོས་རེད། འདིས་དུག་ལྔའི་ནང་ནས་ཉོན་མོང་པ་ཞེ་སྡང་དག་པ་དང་། ཕུང་ལྔའི་ནང་ནས་རྣམ་ཤེས་ཀྱི་ཕུང་པོ་རྡོ་རྗེ་མི་བསྐྱོད་པ་དང་། འབྱུང་ལྔའི་ནང་ནས་ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ཕྱུག་མའི་རང་བཞིན་དུ་སངས་རྒྱས་པར་འགྱུར་བ་དེ་འདྲ་རེད། ཡེ་ཤེས་ལྔའི་ནང་གི་མེ་ལོང་ཡེ་ཤེས་དེ་མངོན་དུ་བྱེད་པར་བསམ་དགོས། དེ་བཞིན་དུ་རིགས་ལྔའི་ནང་ནས་རིན་འབྱུང་སྣང་མཐའ་དོན་ཡོད་གྲུབ་པ་རྣམ་པར་སྣང་མཛད་དག་གིས་དབུ་རྒྱན་པ་དང་། ང་རྒྱལ་འདོད་ཆགས་ཕྲག་དོག་གཏི་མུག་ཚང་མ་དག་ནས་ཚོར་བ་འདུ་ཤེས་འདུ་བྱེད་གཟུགས་ཕུང་རྣམས་རིགས་སོ་སོའི་རྒྱལ་བ་དང་། མེ་ཁམས་གོས་དཀར་མོ་དང་། རླུང་ཁམས་དམ་ཚིག་སྒྲོལ་མ། ས་ཁམས་སངས་རྒྱས་སྤྱན་མའི་རང་བཞིན་དུ་སངས་རྒྱས། དེའི་ཐོག་ནས་ཡེ་ཤེས་ལྔ་པོའི་ནང་གི་མཉམ་ཉིད་ཡེ་ཤེས་བྱ་གྲུབ་ཡེ་ཤེས་སོར་རྟོགས་ཡེ་ཤེས་ཆོས་དབྱིངས་ཡེ་ཤེས་རྣམས་མངོན་དུ་གྱུར་པ་བསམ་དགོས། དེའི་སྟེང་ལ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་བཞག་ན་སློབ་མའི་དབང་དྲུག་རེད། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉམས་ལེན་བྱེད་དུས། རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་དང་མཐུན་པར་ཉམས་སུ་ལེན་དགོས་པ་རེད། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་འདི་སུ་ཡིན་གང་ཡིན་ལ་བསྐུར་མི་ཉན་པ། འདི་གཞན་དོན་ནུས་པའི་ཕྲིན་ལས་སྒྲུབ་ཐུབ་མཁན་ཞིག་ལ་བསྐུར་རྒྱུ་ཡིན་དུས། སློབ་མ་སེངྒའི་ཁྲི་ལ་བཀོད་པར་དམིགས་ནས་དམ་ཚིག་གསུམ་སྦྱིན་དགོས་རེད། དམ་ཚིག་གསུམ་གང་རེད་ཟེར་ན། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་རེད། ཕྱག་རྒྱ་སྐུ་ཡི་དམ་ཚིག དྲིལ་བུ་གསུང་གི་དམ་ཚིག རྡོ་རྗེ་ཐུགས་ཀྱི་དམ་ཚིག་དག་རེད། སྐུའི་དམ་ཚིག་གི་སྐབས་སུ་ཡི་དམ་ལྷ་ཡབ་ཡུམ་གྱི་སྐུར་བསྒོམ་དགོས། དྲིལ་བུ་ལག་གཡོན་ལ་གཏད། རྡོ་རྗེ་ལག་གཡས་ན་སྦྱིན་དུས་ཕྱི་ནང་གསང་གསུམ་མཚོན་དོན་གྱི་དམིཊ་པ་གསལ་བོར་བྱས་ནས་ངེས་དགོས་པ་རེད། རྡོ་རྗེ་དྲིལ་བུ་ཟེར་རྒྱུ་འདི་ཅ་ལག་ཅིག་ཡིན་པར་མི་སེམས་པ་རྒྱལ་བའི་སྐུ་གསུང་ཐུགས་གསུམ་གྱི་མཚོན་བྱེད། དེ་ལ་ཡང་ཕྱི་ནང་གསང་གསུམ་གྱི་རྡོར་དྲིལ་ཡོད་པ་རེད། ཕྱི་མཚན་མ་རྫས་ཀྱི་རྡོར་དྲིལ། ནང་མཚོན་བྱེད་རྟགས་ཀྱི་རྡོར་དྲིལ། གསང་བ་མཚོན་བྱ་དོན་གྱི་རྡོར་དྲིལ་གྱི་དབྱེ་བ་ཡོད་པ་རེད། ཕྱི་མཚན་མ་རྫས་ཀྱི་རྡོར་དྲིལ་དེ་དམ་ཚིག་རྫས་ལ་བཏབ་པས་རྡོ་རྗེ་གསོར་ཞིང་དྲིལ་བུ་བཀུར་བསྟན་པ། ནང་མཚོན་བྱེད་རྟགས་ཀྱི་རྡོར་དྲིལ་དེ་ཐབས་ཤེས་མཉམ་སྦྱོར་གྱི་དོན་མཚོན་པས་བདེ་བ་མཆོག་གི་ཡེ་ཤེས་བསྐྱེད་པ་ཞིག གསང་བ་མཚོན་བྱ་དོན་གྱི་རྡོར་དྲིལ་དེ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་པས། སྟོང་ཉིད་ཀྱི་ཡེ་ཤེས་བསྐྱེད་ནས་རྡོ་རྗེ་རྒྱལ་པོའི་གོ་ས་ཐོབ་པར་བྱེད་པ་ཞིག་རེད། དེའི་ཡན་ལག་ལ་རྗེས་གནང་འབྱུང་བ་རེད། ཉི་མ་དེ་རིང་ནས་བཟུང་སྟེ་ཁྱོད་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པས་རང་གཞན་གྱི་དོན་གྱིས་ཤིག གསུངས་ཏེ་རྗེས་སུ་གནང་བ་སྦྱིན་རྒྱུ་བོ་རེད། འདི་ལ་ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་རྣམ་པ་གསུམ་ཡོད་པ་རེད། དེའི་ནང་གི་དང་པོ་ལུང་བསྟན་དེ་གང་འདྲ་རེད་ཟེར་ན། ཉམས་ལེན་ལ་བརྩོན་འགྲུས་བྱས་ན་འདི་དང་བར་དོ་གང་རུང་དུ་མེ་ཏོག་གང་ལ་ཕོག་པའི་ལྷའི་རིགས་དང་མཐུན་པར་སངས་རྒྱས་པ་འགྱུར་རོ་གསུངས་ཏེ་ལུང་བསྟན་པ་དེའོ། དེ་ནས་དབུགས་དབྱུང་ཟེར་རྒྱུ་དེ། དམ་ཚིག་མ་ཉམས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས་ངན་སོང་གསུམ་པོའི་སྐྱེ་རྒྱུན་ཆོད་པ་ཡིན་ཟེར་རྒྱུའི་དབུགས་དབྱུང་། ཡང་སངས་རྒྱས་ཐམས་ཅད་ཀྱི་སྲས་དང་བྱང་སེམས་རིག་འཛིན་ཐམས་ཅད་ཀྱི་སྤུན་དུ་འགྱུར་བར་མ་ཚད། འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་མགོན་དང་དཔུང་གཉེན་དུ་འགྱུར་བས། དགའ་བ་སྒོམས་ཤིག་གསུངས་རྒྱུའི་གཟེངས་བསྟོད་པ་འབྱུང་བ་རེད། དེ་དང་མཉམ་དུ་སློབ་མ་རྡོར་སེམས་སུ་གྱུར་པ་བསམ་ནས་མཆོད་བསྟོད་དང་མངའ་གསོལ་དག་རྒྱས་བསྡུས་ཅི་རིགས་པ་འབྱུང་བ་རེད། དེས་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་ཉམས་སུ་བླངས་པའི་ཐབས་བྱུང་རིགས་ལྔའི་བདག་ཉིད་རིགས་དྲུག་པ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའམ་དེའི་ནུས་པ་རྒྱུད་ལ་བཞག་པ་དེ་ཉིད་བསྟན་པ་རེད། འདིའི་བུམ་དབང་དངོས་གཞི་འདི་རྒྱུད་སྡེ་འོག་མ་དང་ཐུན་མོང་ཟེར་ན་ཡང་། དག་བྱ་དག་འབྲས་དང་དབང་དོན་གྱི་ཡེ་ཤེས་ངོ་སྤྲད་པ་སོགས་ཀྱི་ཕལ་ཆེ་བའི་ཐོག་ནས། རྒྱུད་སྡེ་འོག་མ་ལས་ཁྱད་པར་དུ་འཕགས་པའི་བླ་མེད་ཀྱི་ཁྱད་ཆོས་ཐུན་མིན་དང་ཡང་ལྡན་པ་རེད། ད་ལྟའི་ཕྱག་ལེན་ལ་རིགས་ལྔའི་དབང་གི་འཕྲོ་ལ་བུམ་དབང་ཟུར་དུ་འབྱུང་བ་འདིའི་རྒྱུ་མཚན་ཅི་རེད་ཟེར་ན། རིགས་དབང་ཡང་བུམ་དབང་གི་དངོས་གཞིར་གཏོགས་པས་རེ་རེ་བཞིན་དུ་བུམ་ཆུ་བླུག་པ་རྗེས་སུ་འགྲོ་རྒྱུ་ཅན་པོ་རེད། ཡིན་ན་ཡང་ཕྱག་ལེན་ཟོར་ཡང་བའི་ཆེད་དུ་བུམ་ཆུ་ཐམས་ཅད་བསྡུས་ནས་བུམ་པའི་ཆུ་དབང་གཅིག་གིས་མཐུས་པར་མཛད་པ་རེད། འདིའི་ཡན་ལག་བུམ་དབང་གི་རྗེས་ལ་ལྷ་དབང་འབྱུང་པ་རེད། ལྷ་སྐུ་ཕྱག་རྒྱའི་དབང་འདི་དཀྱིལ་འཁོར་སོ་སོའི་ལྷ་གྲངས་ལྟར་འབྱུང་རྒྱུ་དང་། དེའི་རྗེས་སྙིང་པོ་སྔགས་ཀྱི་ཟླས་ལུང་། ལོངས་སྤྱོད་རྫས་ཀྱི་དབང་བསྐུར། ཕྲིན་ལས་དྲག་པོའི་སྒྲོལ་དབང་ལ་སོགས་པ་རིམ་པ་བཞིན་དུ་འབྱུང་རྒྱུ་དེ་འདྲ་ཡིན་ཡང་། ཆོ་ག་སོ་སོའི་རང་འགྲོས་ལ་སྦྱར་རྒྱུ་དེ་གནད་ཆེན་པོ་རེད། དཔེར་ན་སང་གནངས་འབྱུང་མ་རགས་པའི་དཔལ་ཆེན་བཀའ་བརྒྱད་ཀྱི་ཁྲག་འཐུང་རིགས་བཞིའི་སྒོས་དབང་གི་སྐབས་སུ་རྟ་མགྲིན་གྱི་བསྒྲལ་དབང་དེ་ལྷ་དབང་དང་རྗེས་འབྲེལ་དུ་འབྱུང་རྒྱུ་དང་། ཕུར་པའི་བསྒྲལ་དབང་དེ་མཆོག་དབང་གོང་མ་གསུམ་གྱི་རྗེས། སྟོད་ལས་བྱང་ཆུབ་བསྒྲུབ་པ་ཆ་ཚང་སོང་མཚམས་ནས་སྨད་ལས་དགྲ་བགེགས་བསྒྲལ་བ་འབྱུང་རྒྱུ། དེ་ལྟ་བུའི་ཆོ་ག་སོ་སོའི་སྒོས་ཆོས་ཀྱི་ཁྱད་པར་ཡོད་པ་ཡིན་པས་ན། ཐམས་ཅད་ཀུན་ལ་འདྲ་མཉམ་གྱིས་ཞྭ་དཔེ་ལྷམ་ལ་མི་འགྲོ་ཞིང་། ཨུ་ཚུགས་རྐྱང་རྐྱང་གིས་ཨ་ཕའི་ཁ་ཕོར་གཙང་ཆགས་བྱས་པ་ཙམ་གྱིས་རྒྱུད་དོན་བརླིངས་ཤིང་ཟབ་མོའི་དགོངས་དོན་ལ་ཐུག་དུས། དེ་ཡང་ཕག་སྣ་བྲག་ལ་ཐུག་འགྲོ་རྒྱུ་ཡོད་པ་རེད། བུམ་པའི་དབང་འདི་གང་དུ་བསྐུར་བ་རྟགས་ཀྱི་དཀྱིལ་འཁོར་ལ། གང་གིས་བསྐུར་པ་སློབ་དཔོན་དང་དགོངས་པ་དབྱེར་མེད་པའི་མདུན་རྟེན་དཀྱིལ་འཁོར་ལ་བཞུགས་པའི་ལྷ་དང་། དེ་ལས་ལོགས་སུ་ཕྱེས་ནས་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་གཉིས་པའི་རྣམ་པ་ཤར་བ་ཞིག ཤར་སྒོ་ན་བཞུགས་བསམ་དགོས་པ་དང་དེ་ཡང་སློབ་དཔོན་དངོས་ཡིན་པར་དམིགས་ནས། མདུན་རྟེན་དཀྱིལ་འཁོར་ན་བཞུགས་པའི་ལྷ་དང་གཅིག དཀྱིལ་འཁོར་གྱི་ཤར་སྒོར་བཞུགས་པའི་སློབ་དཔོན་དངོས་དང་གཉིས། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷས་དགོངས་པ་གཏད་པའི་དབྱིངས་ནས་གདན་གསུམ་ཚང་པའི་ལྷ་ཚོགས་སྤྱན་དྲངས་པ་དང་གསུམ་ཀ་ནས་དབང་ཐོབ་དགོས་པ་རེད། ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་པ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོ་སྟེ་གདན་གསུམ། དེ་ནི་གདན་གཅིག་ལ་འཛོམས་པ་ལྟ་བུའི་ལྷ་ཚོགས་ལ་གོ་དགོས། རང་གི་ལག་ལེན་བྱེད་པོ་ངོ་མ་དེ་གང་རེད་ཟེར་ན། དབང་ལྷ་སྤྱན་དྲངས་ཡོད་རྒྱུ་དག་ཡིན་དགོས་རེད། དབང་ཚིག་ལྟར་དུ་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་རྫས་ཐམས་ཅད་ཐོགས་ཏེ་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་སྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་ནས་གསུངས་འདུག འོག་ནས་འབྱུང་ལ་ཉེ་བ་རེད། ཐམས་ཅད་ཀྱིས་དབང་བསྐུར་བའི་བྱ་བ་མཛད་པའི་མོས་པ་དེ་བཞིན་བྱེད་དགོས་པ་རེད། བུམ་པའི་དབང་བསྐུར་བའི་དོན་པོ་དབང་དོན་ཀྱི་ཡེ་ཤེས་དེ་གང་འདྲ་རེད་ཟེར་ན། ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡེ་ནས་དཀྱིལ་འཁོར་གྱི་རང་བཞིན་ཡིན་པ་ལ་ཡིན་པ་ལྟར་དུ་ངོ་འཕྲོད་ནས་འཁོར་འདས་དབྱེར་མེད་རོ་གཅིག་ཏུ་རྟོགས་པས་ཐག་ཆོད་རྒྱུ་དང་། སྣང་སྲིད་ལྷ་རུ་ངེས་ཤེས་རྙེད་རྒྱུ་དང་། དབང་དོན་གྱི་ཡེ་ཤེས་ཡིན་པས་ན། བློ་རབ་འབྲིང་ཐ་མའི་རྟོགས་དོན་གཅིག་འདྲ་མིན་ཡང་། དེ་ལྟ་བུའི་ངེས་ཤེས་རྒྱུད་ལ་ནམ་སྐྱེ་ན་དབང་ཞུས་པ་ཐོབ་པའི་དོན་ཡོད་སོང་བ་རེད། དེའི་དབང་དེ་ཚུལ་བཞིན་དུ་ཐོབ་དུས་ལུས་དང་རྩ་ཡི་སྒྲིབ་པ་དག ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུར་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་རེད། མཚམས་འདི་ནས་དངོས་གཞིའི་དབང་བསྐུར་བའི་ཡོན་ལ་དམིགས་ཏེ་མཎྜལ་འབུལ་བ་ཞུ། ས་གཞི་སྤོས་སོགས་གསུངས་སོ། འདིའི་ཡིག་ཆུང་གི་ནང་ན། སྐབས་འདིར་སློབ་དཔོན་དད་སྤྲོ་བློ་གྲོས་དང་ལྡན་ན། དབང་བཞིའི་རྣམ་དབྱེ་ངོ་བོ་ངེས་ཚིག་དགོས་པ་སོགས། རྒྱས་བསྡུས་སྐབས་ཕྱེད་པར་འཆད་ན་ལེགས་ཤིང་གསུངས་འདུག ང་སློབ་དཔོན་གྱིས་རྡོ་རྗེ་སློབ་དཔོན་གྱི་ཞལ་ཚབ་བྱས་ཡོད་པས་དད་སྤྲོ་ལོས་ཡོད། འོན་ཀྱང་བློ་གྲོས་ལྡན་པ་མ་རེད་མོད། གོང་འོག་སོ་སོར་ནས་བརྡ་འགྲོལ་གྱི་གསལ་དབྱེ་ཅུང་ཟད་ཅུང་ཟད་བྱས་པ་དག་གིས་དོད་ཐུབ་ཅིག་ཡོང་རྒྱུ་རེད་བསམ་གྱིན་ཡོད། དབང་ཆོག་རྗེས་ཟློས་བྱས་མཐར། འདིའི་གསོལ་འདེབས་རྗེས་ཟློས་ཀྱི་ཚིག་འདིའི་ནང་དོན་ནི། ནམ་མཁའི་རྡོ་རྗེ་རྒྱལ་བ་ལྔར། །དགོངས་ཤིང་ཇི་ལྟར་དབང་བསྐུར་ལྟར། །མཆོད་པ་ཆེན་པོ་བརྡ་ཡི་དབང་། །རིག་པ་འཛིན་པ་བདག་ལ་སྩོལ། །ཅེས་གསུངས་པའི་ནམ་མཁའི་རྡོ་རྗེ་ནི་རྡོ་རྗེ་འཆང་རེད། བླ་མ་ལ་རྡོ་རྗེ་འཆང་དང་མཉམ་པའི་མཚན་གྱིས་བོས་ནས། རྒྱལ་བ་ལྔ་ཟེར་ན། སངས་རྒྱས་རྡོ་རྗེ་མི་བསྐྱོད་པ་ལ་སོགས་རིགས་ལྔའི་རྒྱལ་བ་ལྔ། དགོངས་ཤིང་ཇི་ལྟར་དབང་བསྐུར་ལྟར་ཟེར་ན། དགོངས་པ་ཆིག་བརྒྱུད་ཉིད་ལས་མི་གཞན་པ། མཆོད་པ་ཆེན་པོ་བརྡ་ཡི་དབང་གསུངས་ན། མཆོད་ཆེན་ནམ་དབང་མཆོག་དམ་པ་ཇི་ལྟར་བསྐུར་བ་ལྟར། འཁོར་བ་ལས་སྐྱོབས་པའི་ཕྱིར་དུ་རིག་པ་འཛིན་པ་བདག་ལ་དེ་ལྟར་སྩོལ་ཅིག་ཅེས་སྐུལ་བ་རེད། འདི་ཚོ་རྗེས་ཟློས་ལན་གསུམ་རེ་གྱིས་གསུངས་འདུག་ཀྱང་། ང་ཚོ་ལ་འཕྲོས་དོན་བཤད་རྒྱུ་མང་ལ་རྗེས་ཟློས་ཡང་མང་སོང་ན། རྣམ་པ་ཚོ་ཐུགས་སུན་པར་དོགས་ནས་མཚོན་ཙམ་བྱས་པ་ཡིན། ཡང་དབང་ཆོག་ཉུང་ཙམ་མཐར། མི་བསྐྱོད་པ་ཆུའི་དབང་འདིས་ཕུང་ལྔའི་ནང་ནས་རྣམ་ཤེས་ཀྱི་ཕུང་པོ་རྡོ་རྗེ་མི་བསྐྱོད་པ་དང་། འབྱུང་ལྔའི་ནང་ནས་ནམ་མཁའི་ཁམས་དབྱིངས་ཕྱུག་མའི་རང་བཞིན་དུ་སངས་རྒྱས་ནས། ཉོན་མོངས་པ་ཞེ་སྡང་དག ཡེ་ཤེས་ལྔའི་ནང་ནས་མེ་ལོང་ཡེཤེས་མངོན་དུ་གྱུར་བའི་དབང་རེད། ཡིན་ན་ཡང་འདིའི་དབང་ཁྲིགས་ཀྱི་ནང་ན་ཆོས་དབྱིངས་ཡེ་ཤེས་གསུངས་ཏེ་ཡིག་ནོར་ངན་པ་ཞིག་བྲིས་འདུག་བསམ་གྱིན་ཡོད། འདི་ན། ཧཱུྃ་རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་འཇོམས་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གསུངས་འདུག་མོད། ངས་ནི། མེ་ལོང་ཡེ་ཤེས་ཟེར་ནས་འདོན་གྱིན་ཡོད། དེ་ནས་དབུ་རྒྱན་གྱི་དབང་འདིས་ཉོན་མོང་པ་ང་རྒྱལ་དག དེ་ལྟར་རིམ་པ་བཞིན་ཚོར་བ་རིན་ཆེན་འབྱུང་ལྡན་དང་། ཆུ་ཁམས་མ་མ་ཀིར་སངས་རྒྱས་ནས། མཉམ་ཉིད་ཡེ་ཤེས་མངོན་དུ་བྱེད་པའི་དབང་རེད། འདི་དག་གི་དོན་ནི། སོ་སོའི་མཚམས་སྦྱོར་གྱིས་གསལ་བ་རེད། འདིའི་མཚམས་ནས་མིང་དབང་རེད་འདུག གསང་མཚན་སྔོན་ནས་བཏགས་ཟིན་པ་རེད་མོད། ཡིན་ན་ཡང་འདི་སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་ཀྱི་དག་སྦྱོར་ངོ་སྤྲོད་དང་། དེ་ནས་ནམ་མཁར་གང་བའི་ལྷ་ཚོགས་རྡུལ་སྙེད་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱིས་གསང་བའི་མཚན་བསྒྲགས་ཏེ་མཚན་དེའི་སྟེང་ནས་མངོན་འཚང་རྒྱ་བའི་དབང་བསྐུར་བ་རེད། འདིས་ནི། གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་དགོས་པ་ཡིན་པས། ཆོས་དབྱིངས་ཡེ་ཤེས་འདི་ན་སྦྱར་དགོས་རེད་བསམ་གྱིན་ཡོད། འདིར་དབང་བསྐུར་མཛད་མཐར། དྲི་མ་ལྔ་དག་ཡེ་ཤེས་ལྔའི་རང་ངོ་འཕྲོད་ཅིང་རིག་པར་བྱས་པས་ན་རིག་པའི་དབང་གསུངས་པ་རེད། དེའི་ཡན་ཆད་ཀྱིས་ཐུན་མོང་རིག་པའི་དབང་ལྔ་ཕྱི་མཚན་མའི་བུམ་དབང་དང་བཅས་ཏེ་ཕྱི་ཕན་པའི་དབང་ནང་ནུས་པའི་དབང་གསང་བ་ཟབ་མོའི་དབང་གསུམ་གྱི་ནང་ནས་ཕན་དབང་སོང་བ་རེད། གཉིས་པ་ནང་ནུས་པ་འཇུག་པའི་དབང་འདི་ནི། གཞན་དོན་ནུས་པའི་སློབ་མ་ལ་བསྐུར་རྒྱུའི་དབང་ཞིག་རེད། འདི་ཡིན་རྒྱུ་སློབ་དཔོན་གྱི་དབང་རེད། ངོ་མ་བྱས་ན་སློབ་མ་སེང་ཁྲི་ལ་བཀོད་རྒྱུ་དེ་འདིའི་སྒོས་ཆོས་ལ་བབ་ཡོད་པ་རེད། རྒྱུད་རང་གཞུང་ལ་དབང་སྟེགས་པདྨ་འདབ་བརྒྱད་གསུངས་ཡོད་པས། འདི་དག་གིས་ཀྱང་རྒྱུད་སྡེ་གོང་འོག་གི་ཁྱད་འབྱེད་རྒྱུ་གལ་ཆེན་རེད། འདི་ནས་རིག་དབང་ལྔའི་འགོ་ནས་སེང་ཁྲི་ལ་འགོད་རྒྱུ་དེ་ཡང་གཙོ་བོར་མཁའ་འགྲོ་སྙིང་ཐིག་གི་དགོངས་པ་དང་བསྟུན་པ་ཞིག་རེད་འདུག འདིའི་ནུས་དབང་འདི་ལ་སྤྱི་དང་བྱེ་བྲག་ཁྱད་པར་གསུམ་གྱི་ས་བཅད་བཞག་ཡོད་པ་རེད། དེ་ཡིན་ན་སློབ་དཔོན་གྱི་དབང་བརྟུལ་ཞུགས་ཆས་དབང་དང་བཅས་པ་གཅིག་ལ་བསྡུས་ནས་ས་བཅད་དང་པོ་སྤྱིའི་ཁོངས་དང་། གཉིས་པ་བྱེ་བྲག་ཏུ་རྗེས་གནང་། གསུམ་པ་ཁྱད་པར་བ་དེ་བུམ་དབང་བཞག་འདུག་བསམ་རྒྱུ་ཞིག་རེད། འདི་ཡང་རིག་པའི་དབང་ལྔ་ཡི་སྟེང་དུ་བརྟུལ་ཞུགས་ཀྱི་དབང་དང་བཅས་སློབ་མའི་དབང་དྲུག་བྱས་ཏེ་ཕན་དབང་གི་གྲལ་ལ་བཞག་པ་རེད། སློབ་དཔོན་གྱི་དབང་ནི་ནུས་དབང་གི་དོན་ཅན་རེད། དེས་ན་གོང་ནས་རྡོར་དྲིལ་གཏད་པ་དང་འདི་ནས་རྡོར་དྲིལ་གཏད་པ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་རེད་ཟེར་ན། གོང་དེ་གཟུང་འཛིན་སེམས་ཀྱི་རྟོག་པ་ཐམས་ཅད་སྣང་སྟོང་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ཉམས་ལེན་ལ་དབང་བར་བྱས་ཏེ། རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་དང་མཐུན་པ་ཅན་ཞིག་རེད། འདི་སློབ་མ་སློབ་དཔོན་དུ་མངའ་གསོལ་ནས་དམ་ཚིག་གསུམ་སྦྱིན་པ་དང་། དམ་ཚིག་གང་ཡིན་ན་གོང་ནས་བཤད་པ་ལྟར། ཕྱག་རྒྱ་སྐུའི་དམ་ཚིག་ཡི་དམ་ཡབ་ཡུམ་གྱི་སྐུ་བསྒོམས། དྲིལ་བུ་གསུང་གི་དམ་ཚིག་ལག་གཡོན་ལ་བཞག རྡོ་རྗེ་ཐུགས་ཀྱི་དམ་ཚིག་ལག་གཡས་སུ་གཏད་ནས། ཕྱི་མཚན་མ་རྫས་ཀྱི་རྡོར་དྲིལ་དམ་ཚིག་གི་རྫས་ལ་གཏད་ན། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ནས་དཀུར་བརྟེན་པའི་འཁྱུད་རྒྱ་བྱས་པ་དེས། ནང་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་མི་འབྲལ་བདེ་ཆེན་གྱི་ཕྱག་རྒྱར་སྦྱོར་བ་དང་། གསང་བ་མཚོན་བྱ་དོན་གྱི་རྡོར་དྲིལ་དེ་བདེ་བ་དང་སྟོང་པ་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་རྡོ་རྗེ་རྒྱལ་པོའི་གོ་ས་སྦྱིན་པའི་དོན་ཅན་ཞིག་རེད། སྤྱིར་སློབ་མ་ལ་སློབ་མའི་དབང་དྲུག་པོ་རྫོགས་པ་བསྐུར་ཆོག་པ་ཞིག་རེད། ཁྱད་པར་དུ་བརྟུལ་ཞུགས་ཀྱི་དབང་དང་སློབ་དཔོན་གྱི་དབང་གཉིས་ཁ་ཁར་ཕྱེ་དགོས་རྒྱུ་དེ་དག་ཐུགས་ལ་ངེས་དགོས་པ་གཞི་བཞག་གི་ཐོག་ནས། སྐབས་འདིར་ཚང་མ་ནུས་དབང་སྦྱིན་ཡུལ་ཡིན་པའི་དབང་དུ་བྱས་ན། འདི་ལྟར་བསྐུར་ནས་འཐུས་རྒྱུ་རེད་འདུག ཡང་དབང་ཆོག་གསུངས་མཐར། འདི་ན་ཡིག་ཆུང་ཞིག་ཡོད་པ་འདིའི་ནང་དུ། གཉིས་པ་བྱེ་བྲག་རྗེས་སུ་གནང་བ་ལ། རྒྱལ་ཚབ་ཏུ་འོས་པའི་སློབ་བུ་ཡིན་ན། པོ་ཏི། དུང་དཀར། ཕྱག་ཤིང་། འཁོར་ལོ་ལ་སོགས་པ་སྤྲད་ཅིང་ཁྲི་ལ་མངའ་གསོལ་བ་གཞན་དང་མཐུན། ཞེས་གསུངས་འདུག འདི་སློབ་དཔོན་གྱི་དབང་གི་ཡན་ལག་ཞིག་རེད། རྗེས་གནང་ཟེར་ཡང་རང་གཞན་གྱི་དོན་ཆེན་བསྒྲུབ་དགོས་པའམ་བསྒྲུབ་ཆོག་པའི་གནང་བ་བྱིན་པ་ཞིག་རེད། དད་པ་ཅན་ལ་ཕྱི་ཕན་པའི་དབང་། བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་སྦྱིན། ཞེས་གསུངས་པས། འདི་ཉམས་ལེན་བརྩོན་འགྲུས་ཅན་ལ་ཕྱིན་ཆད་གསང་སྔགས་རྡོ་རྗེའི་ཐེག་པའི་སྨིན་གྲོལ་ཕྲིན་ལས་དང་བཅས་པས་རང་གཞན་གྱི་དོན་རྒྱ་ཆེན་སྒྲུབས་ཤིག་ཅེས་གསུང་གི་དབྱུགས་དབྱུང་དང་། ཉམས་ལེན་བརྩོན་འགྲུས་ཀྱི་དབང་གིས། འདི་དང་བར་དོ་གང་རུང་ཞིག་ཏུ་གང་ལ་མེ་ཏོག་ཕོག་པའི་རིགས་དེ་དང་མཐུན་པར་སངས་རྒྱས་འགྲོ་གསུངས་རྒྱུའི་ལུང་བསྟན་པ་དང་བཅས་ཏེ། སངས་རྒྱས་སྲས་དང་བྱང་སེམས་རིགས་འཛིན་ཐམས་ཅད་ཀྱི་སྲས་དང་སྤུན་ལ་འགྱུར་ཞིང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་མགོན་ཡིན་ཟེར་བའི་གཟེངས་བསྟོད་ནས། པོ་ཏི་དུང་དཀར་འཁོར་ལོ་སོགས་སྤྲད་ནས་མངའ་གསོལ་བ་རེད། སྐབས་འདིའི་ཆོག་ཁྲིགས་ལ་བུམ་དབང་གི་རྗེས་འདི་ན་འཇོག་རྒྱུ་ཞིག་ཡིན། དེ་རགས་བཤད་བྱས་ནས་གསུངས་པ་མ་གཏོགས་ཞིབ་ཕྲའི་གོ་དོན་གོང་དུ་བཤད་མ་ཐག་པ་ལྟར་རེད། ། ཡང་དབང་ཆོག་གསུངས་མཐར། སྤྱིར་ན་རིག་པའི་དབང་ལྔ་འདི་རྒྱུད་སྡེ་འོག་མར་ཡང་འདི་དང་འདྲ་བའི་མིང་འབྱུང་བས་འདིའི་མིང་ལ་ཐུན་མོང་རིག་པའི་དབང་ལྔ་གསུངས་པ་རེད། ཐུན་མོང་དང་བསྟུན་ནས་རྗེས་འབྲེལ་གསུངས་དུས་ཡང་ཡོད། དོན་ངོ་མའི་ཐོག་ནས་བཤད་ཡོང་ན། དག་བྱ་དག་འབྲས་དང་དབང་དོན་གྱི་ཡེ་ཤེས་ངོ་སྤྲད་པ་དག་ལ་གཟིགས་དང་། བླ་མེད་ཀྱི་ཁྱད་ཆོས་ལྷག་པར་ལྡན་པ་རེད། དེས་ན་འདི་དག་བུམ་དབང་གི་དངོས་གཞི་ཡིན་པས་རེ་རེའི་རྗེས་ལ་དབང་དེ་ཉིད་བརྟན་པར་བྱ་བའི་ཆེད་དུ་བུམ་པའི་ཆུ་རེ་རེ་འགྲོ་དགོས་རྒྱུ་ཅན་རེད། ཡིན་ན་ཡང་གོང་ནས་བཤད་པ་ལྟར་དུ་ཕྱག་ལེན་ཟོར་ཡང་བའི་ཆེད་དུ་རིག་ལྔའི་བུམ་དབང་གི་ཆུ་གཅིག་ལ་འདུས་པར་བྱས་ཏེ་བསྐུར་བ་རེད། ཡང་དབང་བསྐུར་བའི་མཐར། བུམ་དབང་གི་རྗེས་འབྲེལ་ལྷ་དབང་དེ་འབྱུང་བ་རེད། བུམ་དབང་འཁོར་དང་བཅས་པ་འདི་ཐམས་ཅད་གང་དུ་བསྐུར་བའི་དཀྱིལ་འཁོར་དེ་གོང་ནས་ཀྱང་ཞུས་པ་ལྟར་རྡུལ་ཚོན་དང་རས་བྲིས་སོགས་བྲིས་པ་རྟགས་ཀྱི་དཀྱིལ་འཁོར་ཡིན་ན། གང་གིས་སྐུར་པ་པོ་དེ། སློབ་དཔོན་དང་དགོངས་པ་དབྱེར་མེད་པའི་མདུན་རྟེན་དཀྱིལ་འཁོར་གྱི་ལྷ་དང་དེ་ལས་ལོགས་སུ་ཕྱེས་པའི་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གཉིས་པའི་རྣམ་པ་ཤར་བ། གོང་ནས་ཀྱང་ཞུས་པ་ལྟར། དཀྱིལ་འཁོར་གྱི་ཤར་སྒོ་ན་བཞུགས་ཡོད་པར་མོས་རྒྱུའི་སློབ་དཔོན་དངོས་དང་། དབྱིངས་ནས་སྤྱན་དྲངས་ཤིང་གདན་གསུམ་ཚང་པའི་ལྷས་དབང་བསྐུར་བའི་མོས་པ་མཛད་རྒྱུ་རེད། འོན་ཀྱང་ལྷ་དབང་བསྐུར་རྒྱུའི་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་དེ། མི་མངོན་དབྱིངས་ཟེར་འོང་དུས། ཐག་རིང་གཞན་ཞིག་ལ་ཡོད་རྒྱུ་ཞིག་གམ། ནམ་མཁའི་གཏིང་ཞིག་ནས་ཡོང་དགོས་རྒྱུ་ཅན་ཞིག་ཡིན་པར་མི་སེམས་པར། ཡེ་ནས་རང་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷའི་རང་བཞིན་དུ་དག་པ་དེ་ཉིད། དབང་གིས་སྨིན་པར་བྱས་ཏེ་མངོན་དུ་གྱུར་པའི་ནུས་པ་བྱིན་རླབས་ཀྱི་སྟོབས་ཀྱིས་རྒྱུད་ལ་བཞག་པར་བསམ་དགོས་པ་རེད། དེ་ལྟར་བྱས་ན་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་ཡོང་ཟེར་རྒྱུའི་ཀར་གླིང་ཞི་ཁྲོའི་ངོ་སྤྲོད་ལྟར་དུ་མངོན་གྱུར་ཡོང་ཐུབ་པ་ཞིག་རེད། མཚམས་འདི་ནས་ལྷ་དབང་བསྐུར་རྒྱུ་བྱེད། ཡང་དབང་བསྐུར་བའི་མཐར། ཕྱི་སྣོད་ནང་བཅུད་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད། ཡེ་ནས་དཀྱིལ་འཁོར་གྱི་རང་བཞིན་ཡིན་པ་ལ་ཡིན་པར་ངོ་འཕྲོད་ནས་འཁོར་འདས་དབྱེར་མེད་དུ་ཐག་ཆོད་རྒྱུ་དང་། དབྱེར་མེད་གཅིག་ཏུ་རྟོགས་པ་དེ་སྣང་སྲིད་ལྷ་རུ་ལྟ་བའི་ངེས་ཤེས་རེད། དེ་ཡིན་ན། ངེས་ཤེས་དེ་དང་རྣམ་པ་མཚུངས་ལྡན་བཅོས་མིན་གྱི་ཡེ་ཤེས་དེ་ནམ་རྒྱུད་ལ་སྐྱེས་ན་དེ་དུས་དབང་ཐོབ་སོང་བ་རེད། འདི་ནས་བདེན་གཉིས་དབྱེར་མེད་དུ་ལྷག་པའི་སྒྲ་སྦྱོར་རྒྱུ་དེ་ཁྱད་པར་དུ་འཕགས་པའི་དོན་རེད། ཕར་ཕྱིན་ཐེག་པའི་སྐབས་ལ་དོན་དམ་བདེན་པའི་ངོར་འཁོར་འདས་མཉམ་ཉིད་དུ་བཞེད་པ་ཙམ་ཞིག་འདི་དང་ཕྱོགས་མཐུན་ཡང་། སྐབས་འདིར་ཀུན་རྫོབ་ཏུ་ཡང་སྣོད་བཅུད་སྐུ་དང་ཡེ་ཤེས་རྒྱལ་བའི་དཀྱིལ་འཁོར་དུ་རང་སྣང་བ་ཡིན་ན། འཁོར་འདས་བཟང་ངན་མེད་པ་མཉམ་ཉིད་དུ་རྫོགས་པའི་བསམ་བརྗོད་དང་ལྡན་པས་ན་ཁྱད་པར་དུ་འཕགས་པ་རེད། ཡང་དབང་ཆོག་སོང་མཐར། དེས་ཕྱི་སྒྲོ་འདོགས་གཅོད་པའི་བླ་མས་བསླབ་གསུམ་སྡེ་སྣོད་གསུམ་གྱི་ཉམས་ལེན་རྒྱུད་ལ་འདྲེས་པར་བྱས་ནས་བུམ་པའི་དབང་བསྐུར་བ་དེ་ཉིད་ཐོབ་པ་རེད། དེ་ཐོབ་པས་ལུས་རྩ་ཡི་སྒྲིབ་པ་དག ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ལྟ་བ་གང་རྟོགས་ན་ངོ་བོ་ཉིད་གསུམ། གྲུབ་མཐའ་འཁོར་འདས་དབྱེར་མེད་རེད། གལ་ཏེ་རྟོགས་པས་མ་ཟིན་ན་འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་བ། འབྲས་བུ་སྐུ་བཞི་ནང་གི་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་རེད། དེ་ཡན་ཆད་ཀྱིས་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་སྤྲོས་བཅས་བུམ་པའི་དབང་བསྐུར་ཟེར་བ་དེ་སོང་། ཕན་པའི་དབང་དང་ནུས་པའི་དབང་གཉིས་ཀ་ཡང་སོང་། གསུམ་པ་གསང་བ་ཟབ་མོའི་དབང་ལ། ཟབ་མོའི་དབང་གསུམ། སྦྱོར་དངོས་རྗེས་དང་གསུམ་ལ་སྦྱར་ནས་གསུངས་འདུག དེའི་ནང་གི་དང་པོ་སྦྱོར་བ་རྩ་ཁམས་བྱིན་གྱིས་རླབས་པ་གསང་དབང་གི་སླད་དུ། ཡང་དབང་ཆོག་གི་རྗེས་སུ། འདི་རྩ་ཡིག་བདུད་རྩིའི་དཀྱིལ་འཁོར་ནས་ཨེ་ཝཾ་ཐབས་ཤེས་ཟུང་འཇུག་གི་དཀར་དམར་རྫས་ཀྱི་རྟེན་འབྲེལ་ལ་བརྟེན་ནས། མ་དག་ལས་རླུང་གིས་བསྐྱོད་པའི་རྣམ་རྟོག་དེ། གཟུང་འཛིན་འཁྲུལ་བའི་ཆ་དང་བཅས་པ་རང་བཞིན་གྱིས་འགག་ནས། སེམས་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་བརྡ་དང་ཐབས་ཀྱིས་ངོ་སྤྲོད་པའི་བྱེད་ལས་ཅན་ཞིག་རེད། ཡང་དབང་ཆོག་གི་རྗེས་སུ། གསང་དབང་འདི་གང་འདྲ་རེད་ཟེར་ན། ནང་ཡེ་ཤེས་སྟོན་པའི་བླ་མ་ཡིས་རྩ་ཡིག་བདུད་རྩིའི་དཀྱིལ་འཁོར་ནས་དབང་འདི་ལ་བརྟེན་ཏེ་ངག་དང་རླུང་གི་སྒྲིབ་པ་སྦྱངས། ལམ་གཏུམ་མོ་དང་སྒྱུ་ལུས་བསྒོམ་པ་ལ་དབང་བར་བྱས། ལྟ་བ་རང་བྱུང་གི་ཡེ་ཤེས། གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ཞེས་གསུངས་པ་རེད། གལ་ཏེ་དབང་པོ་རྟུལ་ནས་གྲུབ་མཐར་མ་སྙོག་ན། འདའ་ཀ་དཔེ་ཡི་འོད་གསལ་ལ་བརྟེན་ནས་བོགས་དབྱུང་ན། འབྲས་བུ་མཁའ་ཁྱབ་གསང་གི་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུར་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་རེད། ཡང་དབང་ཆོག་གི་རྗེས་སུ། དེའི་ཡན་ཆད་གསང་དབང་རྗེས་འབྲེལ་དང་བཅས་པ་སོང་ནས། གཉིས་པ་དངོས་གཞི་དཔེའི་ཡེ་ཤེས་མཚོན་པའི་སླད་དུ་གཟུགས་དང་ལང་ཚོ་མཛེས་སྡུག་ཕུལ་དུ་བྱུང་ཞིང་མཚན་ཉིད་མཆོག་དང་ལྡན་པའི་རིག་མ་ལག་གཡོན་དུ་བྱིན་པ་མོས་ཤིག་གསུངས་ནས་རིག་ཙག་སྟེར་རྒྱུའི་དབང་རེད། ཤེས་རབ་ཡེ་ཤེས་ཀྱི་དབང་འདི། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ། མཉམ་སྦྱོར་གསང་བའི་བརྡ་ཐབས་ཀྱིས་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངང་ལ་རང་བཞིན་རྒྱ་ཆེའི་རྟོག་ཚོགས་འགག་ནས་དགའ་བཞིས་དྲངས་བའི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོ་སྤྲད་ཐབས་ཞིག་རེད། དེ་ཡིན་ན། ཐབས་གྲོལ་གཉིས་ཀའི་ཉམས་ལེན་གྱི་སྙིང་པོ་ཡིན་ན། འདི་འདུས་བྱས་བཅོས་མིན་འགྱུར་བདེ་མེད་རྐྱང་སྟོང་ཉིད་རྗེས་འདེབས་ཅན་ཞིག་ལ་སྦྱར་ནས་དོན་གྱི་ཡེ་ཤེས་མཚོན་པ་བྱེད་རྒྱུ་ཡང་མ་རེད། ཡང་དབང་ཆོག་གི་རྗེས་སུ། འདི་གསང་བ་ལྷན་སྐྱེས་ཀྱི་ཡེ་ཤེས་སྟོན་པའི་བླ་མ་ཡིས། བདེ་སྟོང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་འདི་བསྐུར་ནས་ཡིད་དང་ཐིག་ལེའི་སྒྲིབ་པ་དག ལམ་ཕྱག་རྒྱ་བཞི་ལྡན་གྱི་སྙོམས་འཇུག་ཁ་སྦྱོར་གྱི་ཉམས་ལེན་ལ་དབང་། ལྟ་བ་ལྷན་སྐྱེས་ཡེ་ཤེས། གྲུབ་མཐའ་བདེ་སྟོང་དབྱེར་མེད་རེད། གལ་ཏེ་རྟོག་པས་མ་སྙོག་ན། འདའ་ཀ་དོན་གྱི་རྡོར་སེམས་ཀྱི་ཉམས་ལེན་ལ་གནད་དུ་བསྣུན་དུས། འབྲས་བུ་མཁའ་ཁྱབ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་རྒྱུད་ལ་བཞག་པའི་རྟེན་འབྲེལ་སྒྲིག་པ་རེད། ཡང་དབང་ཆོག་གསུངས་རྗེས། དབང་འདི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་རིག་པའི་ཡེ་ཤེས་ཀྱི་ཐིག་ལེ་ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བྱུང་དོན་གྱི་ཡེ་ཤེས་བཞུགས་པ་དེ། དབང་སྔོན་མ་དཔེ་ཡི་ཡེ་ཤེས་ཀྱིས་མཚོན་པའི་དོན་གྱི་ཡེ་ཤེས་ཉམས་ཞེན་གྱི་སྤུན་དང་བྲལ་སོང་བའི་རང་རིག་ཟང་ཐལ་རྗེན་པ་དེ་ཉིད་མངོན་སུམ་དུ་བརྡ་ཡིས་མཚོན་པར་མཛད་དེ་ངོ་སྤྲད་པ་རེད། མཐར་ཐུག་དེ་ཁོ་ན་ཉིད་སྟོན་པའི་བླ་མ་ཡིས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་འདི། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་བས། འདིས་སྒོ་གསུམ་ཆ་སྙོམས་དང་བཅས་པའི་སྒྲིབ་པ་སྦྱངས། གནས་ལུགས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བར་བྱས། ལྟ་བ་ཤིན་ཏུ་རྣམ་དག་གི་ཡེ་ཤེས། གྲུབ་མཐའ་བསམ་གྱིས་མི་ཁྱབ་པའི་ཟུང་འཇུག་ཡིན། འདིའི་རྟོགས་པ་མཐར་མ་ཕྱིན། གྲུབ་མཐའ་རྫོགས་པ་མ་སྙོག་ན། འདའ་ཀ་གསང་ཆེན་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་འབྲས་བུ་མཁའ་ཁྱབ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པ་རེད། འདིའི་མན་ཆད་ཀྱི་ངོ་སྤྲོད་སོགས་ཡོ་ག་རྣམ་གསུམ་པོ་འདྲ་མཚུངས་ཀྱིས་སྦྱར་ཡོད་པ་རེད། འོན་ཀྱང་འདི་དབང་རྐྱང་པའི་རང་རྐྱང་ཡོ་ག་གཞི་རྫོགས་ཀྱི་འགྲོས་ཚང་བ་བསྟན་པ་ཡིན་རྒྱུ་རེད། འདི་བཞིན། སྙིང་ཐིག་འོག་མའི་དབང་སྐལ་ཡོངས་རྫོགས་ཚང་བར་བྱས་ནས་ཐམས་ཅད་བསྐུར་དུས། གོང་འོག་སྦྱོར་མི་དགོས་རྒྱུའི་དབྱེ་བསྡུ་དེ་ཡང་ཤེས་དགོས་པ་རེད་སྙམ། རང་རེ་ཚང་མ་ལ་ཟེར་བ་མིན་ཡང་། བདག་དང་བདག་འདྲའི་ཐམས་ཅད་རོ་མཉམ་ལ་མ་འདྲེས་ཡོངས་རྫོགས་ཀྱི་གོ་དོན་གཏིང་མ་འཁྲོལ་བའི་དབང་དུ་བཏང་ནས། རིམ་འཇུག་སྐབས་བབས་ཀྱི་ལྟ་དགོངས་བསྟན་དོན་དང་སྦྲེལ་ནས་འགྲོ་རྒྱུ་བྱས་ན། དེའི་ཡན་ཆད་ཀྱིས་དངོས་གཞིའི་དབང་ཡོངས་རྫོགས་གྲུབ་པ་རེད། འདི་རྩ་རྒྱུད་སྒྱུ་འཕྲུལ་དྲྭ་བ་རང་གཞུང་དང་བསྟུན་ཡོང་ན། ཕྱི་ཕན་པའི་དབང་བཅུ་དང་། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་དང་བཅས་པ། དོད་ཐུབ་ངན་སོང་སྦྱོང་བའི་ཆོ་ག་རང་གཞུང་དང་མཐུན་པར་སོང་ཟིན། ཁྱད་པར་དུ་འདིའི་ཟབ་དབང་གསུམ་འདི། ཤ་ལྔ་བདུད་རྩི་ལྔ་སོགས་གཙང་རྨེ་མེད་པར་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་དབང་དང་། རིག་མའི་བརྟུལ་ཞུགས་ཅན་ལ་ཤེར་དབང་། དངོས་རིག་ཡིད་ཀྱི་ཕྱག་རྒྱས་རྟོགས་པའི་བརྟུལ་ཞུགས་ཅན་ལ་དབང་བཞི་པ་བསྐུར་ནས། ཟབ་དབང་གསུམ་མམ་དབང་གོང་མ་གསུམ་དང་བཅས་པའི་དབང་ཚང་མ་འདི། གསང་སྔགས་ནང་རྒྱུད་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཞིག་ལ་ཐོག་མའི་འཇུག་སྒོ་མེད་མི་རུང་བ་ཡིན་པ་དང་། རྡོ་རྗེ་བཞིའི་ཡེ་ཤེས་རང་རྒྱུད་ནས་སྨིན་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པས་དེ་ལྟར་བསྟན་པ་རེད། སྤྱིར་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་དབང་བཞིས་སྨིན་པར་བྱས་ཏེ་རིམ་གཉིས་ཀྱི་ལམ་ལ་གནད་དུ་བསྣུན་པ་འདྲ་ན་ཡང་། རྒྱུད་གཞན་དག་ཕལ་མོ་ཆེས་ལྷ་སྔགས་ཀྱི་རྣལ་འབྱོར་དང་། རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་གནད་དུ་བསྣུན་རྒྱུ་ཙམ་ཞིག་བསྟན་ཡོད་ན། འདི་ནས་སྣང་སྲིད་དག་མཉམ་ཆེན་པོའི་ལྟ་བ་འམ་ལྷག་པར་དུ་དབང་བཞི་བ་འདིས་མཚོན་བྱ་དོན་གྱི་ཡེ་ཤེས་ངོ་སྤྲད། དེ་ཡང་རྒྱུད་རང་གཞུང་དང་མཐུན་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ངང་དང་རང་བཞིན་བདག་ཉིད་ཀྱིས་མཚོན་པའི། སྐུ་གསུམ་ཀུན་འདུས་ཡེ་ཤེས་གཅིག་ལ་ཚང་བ་རེད། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ངང་དང་རང་བཞིན་བདག་ཉིད་གསུངས་དུས། ངང་རིག་པ་བྱང་ཆུབ་སེམས་ཀྱི་ངང་དུ་ཆོས་ཀུན་འདུས་པ། རང་བཞིན་དེ་ལས་གཡོ་བ་མེད་པ། བདག་ཉིད་ཆེན་པོ་གང་ཡིན་ན། དེར་མ་ཚང་མ་འདུས་པ་མེད་པ་དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེན་པོའི་ལྟ་བ་ལུང་རིགས་དང་འབྲེལ་བའི་དབང་བསྐུར་བ་ཡིན་ན། འདི་ཇི་ལྟར་བསྐུར་ཐབས་བྱས་པ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལས་རང་གནས་ཀྱི་ཡེ་ཤེས་མངོན་དུ་འཆར་བ་སྔར་ཞུས་པ་ལྟར་དུ་རེད། ད་ནི་དབང་གི་ཆོ་ག་ཡོངས་སུ་རྫོགས་པའི་རྗེས་མཐའ་རྟེན་ལ་ཐུག་པ་རེད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་བཀྲ་ཤིས་པའི་རྟགས་རྫས་བརྒྱད་སོགས་ཀྱིས་མ་འོངས་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་མངའ་དབང་འབྱོར་བའི་རྟེན་འབྲེལ་རྫས་ཀྱི་དབང་གིས་མཐའ་རྟེན་བྱས་པ་རེད།


previousཉིན་གཉིས་པའི་དབང་དོན་ཟབ་ཁྲིད། next