Nitartha Digital Library
Tibetan
 
previousཉིན་གསུམ་པའི་དབང་དོན་ཟབ་ཁྲིད། next

ཉིན་གསུམ་པའི་དབང་དོན་ཟབ་ཁྲིད།

དེ་ནི། བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་འདུས་པའི་དབང་དང་དྲག་པོ་རྟ་ཁྱུང་འབར་བའི་དབང་སོགས་ཡིན། འདིའི་དབུ་ནས་འཕྲོས་པའི་གསུང་དོན། དེ་རིང་ཡང་ང་ཚོས་རིག་འཛིན་འདུས་པའི་དབང་བསྐུར་བ་ལ་ཐུག་ནས་རིག་འཛིན་འདུས་པའི་དབང་འདོན་དུས། དང་པོ་འགོ་ནས་རིག་འཛིན་ཞེས་པའི་ཚིག་དེ་ཡོང་བ་རེད། དེང་སང་ཞིག་ལ་འགའ་རེས་རིག་འཛིན་ཟེར་ན་རབ་བྱུང་མ་ཡིན་པའི་སྔགས་པའི་གཅེས་མིང་ཡིན་པ་དང་། སྔགས་པ་ཟེར་དུས་མགོ་ལ་རལ་བ་ཡོད་པའི་ཁྱིམ་ཐབ་པ་ཁོ་ནར་ཡིན་སྣང་ཤར་ཡང་། བདག་ཅག་གི་སྟོན་པ་མཉམ་མེད་རྫོགས་པའི་སངས་རྒྱས་ཤཱཀྱ་སེངྒེས། ཞིང་འདིའི་གདུལ་བྱའི་འགྲོ་བ་ཐམས་ཅད་རིམ་དང་རིམ་མིན་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པའི་ཆེད་དུ། གསུང་གི་གསང་པ་ཟབ་མོས་གདུལ་བྱའི་བློ་དང་འཚམ་པའི་ཆོས་བསྟན་པ་རེད། ཆོས་བསྟན་པ་དེ་ལ་ཡང་རྒྱུའི་ཐེག་པའི་སྡེ་སྣོད་གསུམ་དང་འབྲས་བུ་ཐེག་པའི་ཐུན་མིན་རིག་པ་འཛིན་པའི་སྡེ་སྣོད་དང་བཞིར་བྱས་ཏེ་གསུངས་པ་རེད། དེ་ཡང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་འདུས་རྒྱུ་དང་། དེ་བཞི་བོའི་ཉམས་སུ་བླང་བྱ་ཐམས་ཅད་སྡོམ་པ་གསུམ་གྱི་ཁོངས་སུ་འདུས་པ་རེད། དེ་ཇི་ལྟར་འདུས་ཤེ་ན། ཉན་ཐོས་ཀྱི་འདུལ་བ་དང་ཐུན་མོང་དུ་བསྟན་པའི་ཉམས་ལེན་ཐམས་ཅད་སོ་ཐར་གྱི་སྡོམ་པའི་ནང་དུ་འདུས་ལ། ཐེག་ཆེན་ཕར་ཕྱིན་དང་ཐུན་མོང་པའི་ཉམས་ལེན་བྱང་སྡོམ་གྱི་ནང་དུ་འདུས། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པར་བསྟན་པའི་ཉམས་ལེན་ཐམས་ཅད་རིག་འཛིན་སྔགས་ཀྱི་སྡོམ་པའི་ནང་དུ་འདུས་པ་རེད། དེའི་ཕྱིར་ན། སྡོམ་པ་གསུམ་དང་དེའི་བསླབ་བྱ་ཡོངས་སུ་རྫོགས་པ་བསླབ་རྒྱུའི་ཁོངས་སུ་ཐུབ་པའི་མདོ་དང་སྔགས་ཀྱི་བསྟན་པ་མཐའ་དག་གི་ཉམས་སུ་བླང་བྱ་ཡོངས་སུ་རྫོགས་ཤིང་ཆ་ཚང་བ་རེད། དེ་ཡིན་ན། གང་ཟག་རྒྱུད་སོ་སོར་བ་གསུམ་གྱིས་ཉམས་སུ་ལེན་པར་མ་གཏོགས་གཅིག་གི་ནང་ལ་གཅིག་འདུ་མི་རུང་བ་དང་། དེ་གསུམ་མཉམ་དུ་གང་ཟག་གཅིག་གིས་སྒྲུབ་ལུགས་མེད་པ། གཅིག་སྒྲུབ་དུས་གཅིག་ཤོས་དོར་དགོས་རྒྱུ་ཞིག་གཏན་ནས་མ་རེད། གང་ཟག་གཅིག་གི་རྒྱུད་ལ་གསུམ་པོ་ལྡན་ཞིང་སྲུང་ཆོག་པ་ཞིག་རེད། དེ་གང་འདྲ་རེད་ཟེར་ན། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས་ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། སྡོམ་གསུམ་གནད་ཀྱིས་མི་འགལ་བ་རེད། དེ་ཡང་དུས་སྐབས་གང་གཙོར་བལྟས་ཏེ་ཁྱད་པར་ཕྱེ་རྒྱུ་དེ་ལྟ་བུའི་དོན་དྲུག་གིས་རང་ལུགས་ཉམས་ལེན་གྱི་གནད་ལ་བཀྲལ་བ་ཡིན་ན། སྔགས་པ་རབ་ཡིན་ན་རྟེན་དགེ་སློང་ཡིན་པ་དུས་ཀྱི་འཁོར་ལོ་ལས་ཀྱང་བསྟན་ཡོད་པ་རེད་ལ་དེ་བཞིན་དུ་སློབ་དཔོན་ཆེན་པོས་ཀྱང་། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འབྲས་སྤང་བླང་ཤེས་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། །བསྐྱེད་རྫོགས་དོན་དང་ལྡན་པའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་གསུངས་པ་དང་། རྗེ་བདག་ཉིད་ཆེན་པོས་ཀྱང་། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་གསང་སྔགས་རིམ་གཉིས་གདེང་དང་ལྡན། །ལ་སོགས་པ་གསུངས་པ་ལྟར་དུ། མཐར་གསང་སྔགས་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ལམ་བརྒྱུད་དེ། ཡང་མཐར་གསང་ཆེན་ཨ་ཏི་རྫོགས་པ་ཆེན་པོའི་གསེང་ལམ་འདི་ནས། ཤིན་ཏུ་མྱུར་བའི་ལམ་ཚེ་གཅིག་འོད་སྐུར་གྲོལ་བའི་གནད་བསྟན་པ་ཡིན་ན། ཐེག་བརྒྱད་སེམས་ལ་ལམ་དུ་བྱས་པའི་མཐའ་མར་ཡེ་ཤེས་ལམ་བྱེད་རྫོགས་པ་ཆེན་པོའི་དོན་རྟོགས་ཏེ་འཚང་རྒྱ་བར་མ་གཏོགས་འཚང་རྒྱ་བའི་ལམ་གཞན་ཞིག་མེད་པ་རེད། དེ་ཡང་དབང་བཞིའི་སྒྲོམ་དུ་མ་འདུས་པ་ཞིག་མེད། དེས་ན་ཐེངས་འདིའི་ཀློང་སྙིང་རྩ་པོད་ཀྱི་དབང་འདི་ནང་རྒྱུད་ཡོ་ག་གསུམ་གྱི་མཚན་ཐོག་ནས་དཔྱད་གཞིར་བྱས་ན། རྫོགས་ཆེན་ཨ་ཏི་ཡོ་ག་ལ་ཡང་ནང་རྒྱུད་ཡོ་ག་སྡེ་གསུམ་དང་སྦྱར་ནས་གསུམ་གསུམ་དགུ་རུ་ཕྱེ་བའི་ལུགས་ལྟར་དུ་བཤད་ན་ཡང་ཆོག གང་ལྟར་ཐམས་ཅད་རྫོགས་ཆེན་སྙིང་ཐིག་གི་རྩ་བའི་རྒྱུད་སྡེ་དང་སྒྲུབ་སྡེའི་ནང་དུ་འདུས་པ་རེད། དེ་ལྟར་འདུས་པ་གང་ཞིག་ལ། འདིའི་དབང་ཁྲིགས་ཡོ་ག་སྡེ་གསུམ་གྱི་ཐེག་རིམ་དང་བསྟུན་ནས་བསྒྲིགས་མེད་པ་དང་། རྩ་གསུམ་བླ་མ་ཡི་དམ་མཁའ་འགྲོའི་རིམ་པ་ལྟར་དུ་ཡང་བསྒྲིགས་མི་འདུག འོ་ན་འདི་ཇི་ལྟར་བསྒྲིགས་འདུག་ཟེར་ན། བྱིན་རླབས་བབ་སོའི་ཚུལ་དང་། གདན་གསུམ་ཡོངས་རྫོགས་རྩ་བའི་གསལ་བྱེད་ཀྱི་ཚིག་འགྲིག་མོར་ཞིག་བྱས། དགོས་དབང་མང་པོ་ཞིག་ལ་གཟིགས་ཏེ་མ་ཧཱའི་ཨ་ཏིའམ་ཨ་ཏིའི་མ་ཧཱ་དང་ཨ་ཏིའི་ཨ་ནུར་བརྗོད་ཆོག་པའི་བསྐྱེད་རྫོགས་དང་བསྟུན་སྟེ་དབང་གི་སྒོ་མོ་ཞི་ཁྲོ་ངན་སོང་སྦྱོང་བས་ཕྱེས་ནས་བསྐུར་དགོས་རྒྱུའི་ཕྱག་ལེན་ཡོད་པ་དེ། ཁར་རྩང་ཡན་ཆད་ལ་སྟ་གོན་དངོས་གཞི་དང་བཅས་པ་སོང་མ་ཐག་པའི་མཚམས་སུ། དེ་རིང་རྩ་དབང་རྒྱལ་ཐབས་སྤྱི་བླུག་དང་འབྲེལ་བའི་རིག་འཛིན་འདུས་པ་བླ་མའི་དབང་། འདི་ཨ་ཏིའི་ཨ་ནུ་མདོ་ལུང་དང་མཐུན་པར་བསྐུར་རྒྱུ་ལ་ཐུག་པ་རེད། འདིའི་ཐུན་མོང་དང་ཐུན་མིན་གྱི་དབང་གི་སྦྱོར་བ་སྔོན་འགྲོའི་ཆོས་དེ། ཁྲུས་དང། བགེགས་བསྐྲད། སྲུང་འཁོར་སྒོམ་པ་རྣམས་སྔོན་དུ་སོང་བ་ཡིན་ན། འདི་དག་གི་དགོས་འགྲེལ་ཅི་ཡོད་གསལ་ཞུས་བྱེད་མྱོང་བསམ་པ་མེད། རང་གཞན་ཚང་མས་གཤིན་གསོན་གཉིས་ཀའི་དོན་དུ་ཁྲུས་བགེགས་བསྐྲད་མཚམས་གཅོད་སོགས་བྱས་ནས་དབང་དང་ཆོ་ག་བརྒྱ་ཚར་སྟོང་ཚར་འགྲོ་ཚར་བ་རེད་མོད། འོན་ཀྱང་དོན་གྱི་ཞིབ་ཆ་འགོ་འདི་དག་ནས་འཛིན་དགོས་རྒྱུ་ཞིག་རེད་བསམ་གྱིན་ཡོད། དེ་ཡིན་ན་ཁྲུས་འདིའི་ཐད་ནས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཞིང་། །ཞེས་གསུངས་པ་མིན་ནམ། ཆུ་བོ་གངྒས་ལུས་ལ་ཁྲུས་བྱས་ན་སྡིག་སྒྲིབ་དག་འགྲོ་ཟེར་མཁན་ནང་པའི་ལུགས་ཞིག་ཨེ་རེད་བསམ་སྲིད་པ་རེད། ཟེར་མཁན་ཡང་ཡོད་མྱོང་པ་རེད། རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་མདོ་ལ་སོགས་པ་མདོ་ལས་ཀྱང་བསྟན་ཡོད་རྒྱུ་དང་། རྒྱུད་ལས་ཁྲོ་རྒྱལ་སྨེ་བ་རྩེག་པ་ལ་སོགས་པའི་སྒོམ་བཟླས་སྒྲུབ་ཐབས་དང་། ངན་སོང་གི་གནས་ནས་འདྲེན་པའི་སྦྱོང་བ་དང་བྱབས་ཁྲུས་ལ་སོགས་པ་མང་པོ་ཞིག་གསར་རྙིང་གི་རྒྱུད་སྡེ་སོ་སོར་ནས་འབྱུང་རྒྱུ་དེ་དག་ཆུ་རྐྱང་པས་བཀྲུས་ཏེ་དག་འགྲོ་རྒྱུ་ཞིག་མ་ཡིན་པར། གསང་སྔགས་དང་རིག་སྔགས་གཟུངས་སྔགས་སོགས་ཀྱི་ནུས་པ་དང་། ཏིང་ངེ་འཛིན་གྱི་སྟོབས་རྫས་སྔགས་ཏིང་འཛིན་གསུམ་པོ་ཚོགས་པའི་སྟོབས་ཀྱིས་སྡིག་སྒྲིབ་སྦྱངས་ཐུབ་པ་རེད། ཆུ་ཡང་དོན་དུ་དཔྱད་ན། ཡུམ་ཆེན་མ་མ་ཀིའི་རང་བཞིན་དུ་དག་པ་དབང་ཡུལ་སེམས་དཔའ་སེམས་མ་དོན་ལ་གྲུབ་པ་ཡིན་ཏེ་སྔགས་ཀྱི་གྲུབ་པ་བཞི་ལྡན་ཟེར་དུས། ཆོས་ཉིད་ངོ་བོས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། བྱིན་གྱིས་རླབས་ཀྱིས་གྲུབ་པ། ནུས་པ་མཐུ་ཡིས་གྲུབ་པ་དེ་དག་ཚོགས་པར་མ་ཟད། སྔར་ཡང་ཞུས་པ་ལྟར་དུ། སྨན་དང་ནོར་བུ་རིག་སྔགས་འདི་དག་རེ་རེའི་ངོས་ཐད་ནས་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་རྒྱུ་དང་། འདི་ནས་ཁྱད་པར་དུ་ལས་ཀྱི་ལྷ་མཆོག་དབང་ཆེན་ཁྲོ་རྒྱལ་རྟ་མགྲིན་དམར་པོའི་ལས་སྔགས་ཀྱིས་མ་དག་པའི་འཁྲུལ་སྣང་ཡང་བསགས་སྦྱང་གིས་དག་པར་བྱས་པའི་ཐོག་ནས། རྡོ་རྗེ་སེམས་དཔའ་བདེ་གཤེགས་ཐུགས་ཀྱི་ལྷས་ཉམས་ཆགས་ཉེས་ལྟུང་དག་པར་བྱེད་པའི་ཡི་གེ་བརྒྱ་པའི་གཟུངས་སྔགས་ཀྱི་ཁྲུས་ནས་ཕྱུང་ན། ཕྱིའི་སྡིག་པ་དང་སྒྲིབ་པ། ནང་ཉམས་ཆགས་དང་ཉེས་ལྟུང་། གསང་བ་སེམས་ཀྱི་རྟོག་སྒྲིབ། ཤེས་བྱ་ཕྲ་བའི་བག་ཆགས་ཀྱི་སྒྲིབ་པ་དང་བཅས་པ་བྱང་ཞིང་དག་པར་བྱེད་པའི་རྟེན་འབྲེལ་ནུས་ལྡན་དུ་བྱས་པ་རེད། དེའི་རྗེས་བགེགས་བསྐྲད་པ་རེད། བགེགས་བསྐྲད་རྒྱུ་འདི་ཡང་ང་ཚོ་ཡོད་ས་འདི་ན་གནོད་བསྐྱལ་འདུག་པའི་བསྟན་བཤིགས་རིག་རྒྱུ་ཡོད་ལ་མེད་འགའ་རེ་ཞིག་ཕྱི་ལ་ཕུད་ནས། ངེད་ཚོ་ཡོད་ས་འདི་ན་འདུག་མ་ཡོང་ཕར་ཕྱོགས་སོང་གཞན་སྡེ་ཡོད་ས་ན་སོང་ཟེར་ནས་མགོ་གཡོག་ཞོར་ལ། གལ་ཏེ་མ་སོང་ན་ཚབ་ཆེན་ཞིག་ལས་རྒྱུ་ཡོད་ཅན་པོས་སྡིགས་བཞིན་དེད་འདུག་པ་རྐྱང་པ་ཞིག་གིས་མ་རེད། འདི་ནི་ཕྱི་ལྟར་དགྲ་འདྲེའི་འབྱུང་པོ་གདོན་བགེགས་ལོག་པར་འདྲེན་པ་སྐྱེ་འགྲོའི་ཤེས་རྒྱུད་བརླམས་ནས་མི་བདེ་བར་བྱེད་མཁན་དག་དང་། ནང་ལྟར་དུ་ཡིན་ན་ཉོན་མོང་དུག་ལྔ་དང་དེས་བསྐྱེད་པའི་མི་འདོད་སྣ་དགུའི་གཞི་མ་རྣམས། གསང་བ་ལྟར་ན་བདག་འཛིན་གྱི་ཞེན་སྣང་གཟུང་འཛིན་འཁྲུལ་བའི་དབང་གིས་ང་དང་ང་ཡིར་འཛིན་པའི་གདོན་བགེགས་ཐམས་ཅད་དེ། བདག་མེད་གཉིས་འཛིན་ཀུན་བྲལ་གྱི་དབྱིངས་དེར་སླར་མི་ལྡང་བ་མཐར་བསྐྲད་བཏང་བ་རེད། དེའི་རྗེས་ནས་མཚམས་གཅོད་ཀྱི་དོན་ཡང་། ཁྱི་རྐུན་ཞིག་སྒོ་ཁར་ཕུད་ནས་ཕྱི་རུ་མི་ཡོང་ཐབས་སྒོ་ལྕགས་སྲ་མོར་བྱས་པ་ལྟར་བཟང་ངན་གཉིས་འཛིན་གྱི་ནང་ནས་ངན་པ་སྒོ་ལ་ཕུད་བཟང་པོ་ནང་ལ་བསྡད་ནས་རེ་དོགས་སེམས་ཀྱི་ནུས་པ་མ་ཁྲོལ་པ་ཞིག་གིས། འདྲེ་བགེགས་རང་གི་སེམས་ལ་བཞག་ནས། ད་དུང་རྔ་རོལ་རྐང་གླིང་དུང་ཆེན་སོགས་དྲག་རྡུང་དྲག་འབུད་ཇི་ལྟར་བྱས་ཀྱང་ཕྱིར་ཕུད་ཐུབ་པ་མ་རེད། འདིའི་སྒྲུབ་ཁོག་གཞུང་གི་མཚམས་གཅོད་ནང་དུ། ཧྲཱི་སྣང་སྲིད་དག་པ་རབ་འབྱམས་ལ། །བགེགས་དང་བར་ཆད་མིང་ཡང་མེད། །གློ་བུར་རྣམ་རྟོག་འཁྲུལ་བའི་གདོན། །ཆོས་དབྱིངས་ངང་དུ་མཚམས་བཅད་དོ། །ཞེས་གསུངས་པའི་དོན་བཞིན། ཕྱི་མཚམས་ལོག་འདྲེན་དགྲ་གདོན་གྱི་གནོད་པ། ནང་མཚམས་རྣམ་རྟོག་ངན་པའི་འཕྲོ་འདུ། གསང་མཚམས་གཟོད་ནས་འཁྲུལ་མ་མྱོང་ཞིང་གནོད་བྱ་གནོད་བྱེད་དང་བྲལ་བ་དག་པ་ཆོས་དབྱིངས་ཆེན་པོ་གཉིས་མེད་རོ་མཉམ་གྱི་ངང་དུ་གནས་པ་དེ། སྲུང་འཁོར་གྱི་མཆོག་རེད། བཛྲ་རཀྵ་རཀྵའི་སྔགས་ཀྱིས་རྒྱས་གདབ་ན། དེ་ནི་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་ན་རྡོ་རྗེ་སྟོང་ཉིད་ཀྱི་དོན་རེད། མི་འགྱུར་དོན་གྱི་ཆོས་ཉིད་ལ་མཚན་མའི་ཆོས་ཀྱིས་གཞོམ་གཞིག་དང་བྲལ་བའི་དོན་དེ་ཉིད་རྡོ་རྗེས་མཚོན་པར་བྱས་པ་རེད། འདིའི་མཚམས་ནས་ལོ་རྒྱུས་འབྱུང་བའི་ཆོག་ཁྲིགས་ཤར་འདོན་བྱས་ནས་འགྲོ་ཆོག་གི། ཐོག་མར་མ་གྱུར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཁྱབ་བདག་གདོད་མའི་མགོན་པོ་རིགས་ཀུན་འདུས་པའི་བདག་ཉིད་ཀྱི་གོ་འཕང་རིན་པོ་ཆེར་འགོད་པར་བྱ། དེའི་ཆེད་དུ་བདག་གིས་དབང་འདི་ཞུ་རྒྱུ་ཡིན་བསམ་པ་དང་། དེ་ཡང་གནོད་བྱེད་དགྲ་བགེགས་ནས་འགོ་བཟུང་སྟེ་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཚད་མེད་སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་མཆོག་བསྐྱེད་དགོས་པ་རེད། འདི་སྐྱེལ་མ་དགྲ་ལ་བཅོལ་བའི་མན་ངག་དང་མཐུན་པར་མ་ཚད་ཐེག་ཆེན་མདོ་སྔགས་གཉིས་ཀའི་གཞུང་རྟ་སེམས་བསྐྱེད་དག་པའི་རྒྱུ་ཡང་རེད། ཡང་འདིར། དེ་ཡང་མཚོན་བྱ་དོན་གྱི་མན་ངག་རང་བྱུང་གི་གསང་བ་ཆེན་པོ་ལ་མཚོན་བྱེད་བརྡ་དང་ཚིག་ཏུ་ཤར་བའི་རྒྱུད་ལུང་མན་ངག་ཐམས་ཅད་རྒྱལ་བ་རྣམས་ཀྱི་ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས་པ་དང་། སོགས་གསུངས་མཐར། རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་འདིའི་བསྐྱེད་རིམ་དེ་གང་འདྲ་རེད་ཟེར་ན། མ་བཅོས་རིག་པ་སྟོང་གསལ་གྱི་ངང་ལས་ལྷག་མཐོང་སྐད་ཅིག་དྲན་རྫོགས་ལྷུན་གྲུབ་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ཤར་བ། སེམས་ཉིད་གདོད་མའི་ལྷ་སྐུར་རྫོགས་པ་ཨ་ཏི་རང་གཞུང་གི་སྐྱེད་རྫོགས་ཡ་མ་བྲལ་པ་གཞིར་བཞག་གི་ཐོག་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་ཡི་དཀྱིལ་འཁོར་དུ་མ་བསྐྱེད་ཡོངས་རྫོགས་ཡིན་པ་ལ། གསལ་འདེབས་སྙིང་པོ་ཙམ་ཞིག་བརྗོད་པས་ལྷ་སྐུར་རྫོགས་པ་དང་། སྣང་ཆ་ཡེ་དག་ཀུན་ཏུ་བཟང་པོ་ཡབ་ཀྱི་རང་བཞིན། སྟོང་ཆ་ཡེ་ནས་གནས་པ་ཇི་བཞིན་པ་ཀུན་ཏུ་བཟང་མོ་ཡུམ་གྱི་རང་བཞིན། དེ་འདྲའི་དབྱིངས་རིག་ཐ་མི་དད་པ་སྲས་བདེ་བ་ཆེན་པོའི་རང་བཞིན་ཡིན་ན། དེ་ལྟ་བུའི་དཀྱིལ་འཁོར་གསུམ་གྱི་འཁོར་ལོ་རྫོགས་པ་ལྷན་སྐྱེས་བདེ་ཆེན་གྱི་ཡེ་ཤེས་དེ་དགའ་བཞིའི་འགྲོས་དང་མཐུན་པ་ཨ་ནུའི་ལམ་དང་ཡང་འབྲེལ་བ་ཞིག་རེད། དེ་ལྟར་ན་རྒྱུད་སྡེའི་ཐད་ཀྱི་གཞི་ལམ་འབྲས་བུའི་རྒྱུད་གསུམ་པོ་དང་མཐུན་པའི་སྟེང་ནས། ཕྱི་ལྟར་བྱང་སེམས། ནང་རིག་འཛིན། གསང་བ་ལྟར་ན་སྒྲུབ་སྡེ་བརྒྱད་གོང་དུ་གསུངས་ཡོད་པ་རེད། དེ་ལྟར་གསུངས་བའི་དཔལ་ཆེན་འདུས་པའི་རྩ་གཞུང་གི་ལུང་དྲངས་ནས་ཆོག་ཁྲིགས་མཛད་པ་ཡིན་ན། འདི་རིག་འཛིན་བླ་མའི་སྒྲུབ་པ་ཡིན་པ་ལ་བླ་མ་ཞི་བའི་ཐུགས་ཏིག་རེད། ཕྱི་ལྟར་བྱང་སེམས་ཇི་ལྟར་ཡིན་ན། ཕྱི་ལྟར་སློབ་དཔོན་ཆེན་པོ་འདིའི་སྐུ་གསུམ་གྱི་རྣམ་རོལ་མཐའ་ཡས་པ་ཡིན་ན་ཡང་། ཞིང་འདི་ཉིད་ཀྱི་དབང་དུ་བཏང་ན་སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་དང་དེའི་སྟེང་འོག་ཕྱོགས་བཞི་འཇིག་རྟེན་དྲུག་ལ་གུ་རུ་རིན་པོ་ཆེའི་མཚན་དང་སྐུ་ཡི་བཀོད་པ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པའི་ནང་ནས། རང་རེ་འཛམ་བུ་གླིང་འདིར་མཚོན་ན། སྐུ་གཅིག་མཚན་བརྒྱད་འཕྲུལ་མཚན་ཉི་ཤུ་རྩ་ལྔ་ལ་སོགས་པ་གོང་ནས་གསུངས་བ་ལྟར་དུ་བཀོད་པ་སྣང་བས། སངས་རྒྱས་ཀྱི་བསྟན་པ་སྤེལ། སེམས་ཅན་གྱི་འགྲོ་དོན་མཛད་པ་ཡིན་པས་ན། སྔར་བྱོན་ཡང་ཕྱིས་སུ་མི་འབྱོན་པའི་ཐུགས་རྗེ་ཉེ་རིང་ཅན་མ་ཡིན་པར། དད་པ་ཅན་གྱི་ངོ་སྐལ་ལ་འབྲལ་མེད་རྟག་ཏུ་བཞུགས་པ། ད་ལྟའི་དུས་འདིའི་མི་ཚད་འདས་དང་མ་འོངས་ད་ལྟའི་དུས་གསུམ་ལ་འགྲོ་བའི་དོན་དུ་དབྱེ་ཞིབ་མེད་པར་བཞུགས་པ་ཞིག་རེད། དེ་ཡང་འདུལ་ཐབས་སྣ་ཚོགས་ལ་བརྟེན་ནས་གདུལ་བྱ་ཐབས་དང་ཐུགས་རྗེས་འདུལ་བ་ཡིན་པས། སྔོན་རྒྱ་གར་འཕགས་པའི་ཡུལ་དང་། ཕྱིས་གངས་ཅན་བོད་ཀྱི་ལྗོངས་ལ་བྱོན་ནས་ཆོས་བརྒྱུད་སོ་སོའི་མཁས་པ་དང་གྲུབ་པ་མང་ཆེ་བ་གུ་རུ་རིན་པོ་ཆེའི་རྣམ་སྤྲུལ་རེད། ཆོས་བརྒྱུད་ཁག་གི་བར་ཕྱོགས་འཛིན་ཆགས་སྡང་གིས་མཆོག་དམན་ཕྱེ་བ་དེ། གནད་མི་ཤེས་པར་རང་ཉིད་ཕུང་བའི་གཞི་རེད། འོན་ཀྱང་རང་ལུགས་ལྟ་སྒོམ་སྤྱོད་པའི་གནད་འཛིན་ཤེས་རྒྱུ་དང་། ཐམས་ཅད་འགལ་མེད་གདམས་པའི་གནད་འགག་བསྡུ་ཤེས་རྒྱུ་དེ། རིས་མེད་བསྟན་པའི་སྙིང་དོན་རེད། གུ་རུ་རིན་པོ་ཆེ་མ་འོངས་པར་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་སྤྲུལ་ནས་རིག་ལྡན་དཔུང་དང་བཅས་པས་མཐའ་དམག་འདུལ། རྒྱལ་བ་བྱམས་པ་འཇིག་རྟེན་འདིར་བྱོན་དུས་ཀྱང་། རྒྱལ་སྲས་འགྲོ་འདུལ་ལ་སྤྲུལ་ནས་གསང་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མ་ཚད། བསྐལ་བཟང་སངས་རྒྱས་སྟོང་རྩའི་དུས་སུ་པདྨ་འབྱུང་གནས་སྟོང་རྩ་བྱོན་ནས་འགྲོ་དོན་མཛད་པ་སྟེ། ཁམས་གསུམ་འཁོར་བའི་སེམས་ཅན་མ་ཟད་བར། །པདྨ་འབྱུང་གནས་ཐུགས་རྗེ་ཟད་མི་འགྱུར། །ཞེས་གུ་རུ་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས་བྱོན་པ་ལྟར་དུ། ཕྱི་ལྟར་བྱང་སེམས་འགྲོ་དོན་ལ་སྐྱོ་སྡུག་བྲལ་བའི་བྱང་ཆུབ་སེམས་དཔའ། ནང་རིག་འཛིན་ཨོ་རྒྱན་མཁའ་འགྲོའི་ཡུལ་གྱི་ནུབ་བྱང་དྷ་ན་ཀོ་ཤ་དྲི་མེད་མཚོ་གླིང་ནས། ཕ་ཡི་རྒྱུ་ཡིས་མ་བསྐྱེད། མ་ཡི་རྐྱེན་ལ་མ་བརྟེན་པར། རྒྱལ་ཀུན་གསང་གསུམ་འདུས་པའི་བྱིན་རླབས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་ཧྲཱི་ཡིག་ལས་འཕོས་པའི་ཚུལ་གྱིས། ཡ་མཚན་པདྨ་ཡེ་ཤེས་ལྔ་རྫོགས་ཀྱི་གཞལ་ཡས་ཁང་ན། མ་སྐྱེད་ཡོངས་གྲུབ་མཚན་རྫོགས་ཀྱི་ཕུང་པོ་འབར་བའི་རིག་འཛིན་མཚོ་སྐྱེས་རྡོ་རྗེ་སྤྲུལ་བའི་སྐུ་དེ། རིག་འཛིན་ཡོངས་ཀྱི་རྗེ་བོའི་སྐུར་བཞེངས། འཆི་མེད་ཚེ་ཡི་རིག་འཛིན་བརྙེས། འོད་ལུས་འཕོ་ཆེན་གྱི་སྐུ་གྲུབ། དུས་གསུམ་རྒྱལ་བ་ཀུན་དང་མི་གཉིས་པའི་རིག་འཛིན་རྣམ་བཞི་མཐར་ཕྱིན། ལྷུན་གྲུབ་རིག་འཛིན་གྱི་རྒྱལ་ས་ལ་མངའ་བརྙེས་པ་ཡིན་པས་རིག་འཛིན་ཞེས་ཞུ་བ་རེད། གསང་བ་ལྟར་ན། སྒྲུབ་སྡེ་བརྒྱད་ཀྱི་སྤྱི་བཀའ་ཡོངས་རྫོགས་དེ་ཁར་རྩང་ཞུས་པ་ལྟར་དུ། རིན་ཆེན་གྱི་སྒྲོམ་བུ་གང་ལ་བབས་པའི་སློབ་དཔོན་ཆེན་པོ་འདི་ཉིད། དོན་དུ་རིག་འཛིན་རྡོ་རྗེ་ཆོས། སྟོན་པ་པོ་རང་། སྡུད་པ་པོ་ཡང་རང་། བསྒྲུབ་བྱ་སྒྲུབ་བྱེད་རོ་གཅིག་པའི་བཀའ་བབས་ལྟར་དུ་སྣང་བའི། གསང་བ་ལྟར་ན་སྒྲུབ་སྡེ་བརྒྱད་དེ་ལྟར་གསུངས་པ་རེད། ཡེ་ཤེས་ཀློང་དགུའི་རྩལ། ཡི་དམ་སྒྲུབ་སྡེ་བརྒྱད། སྤྱི་དཔལ་གཅིག་དང་རྣམ་དགུའི་རྡོ་རྗེ་སློབ་དཔོན་གྱི་ཚུལ་དུ་བྱོན་པ་དེ། མཆོད་རྟེན་བདེ་བྱེད་བརྩེགས་པ་ན་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་སྔར་འོག་མིན་གསང་ཆེན་རོལ་བའི་ཕོ་བྲང་ནས། ཀུན་བཟང་དཔལ་ཆེན་ཧེ་རུ་ཀས་རྡོ་རྗེ་ཐེག་པ་བསྟན་པའི་བཅུད་རྡོ་རྗེའི་ཚིག་གིས་གསུངས་པ་དེ་ཉིད། རྡོ་རྗེའི་ཆོས་ཀྱིས་བསྡུས་ནས་རྫུ་འཕྲུལ་གྱིས་ཡི་གེའི་བརྡ་ཐབས་ཤར་བ་དེ། ཡེ་ཤེས་རྣམ་དགུའིི་རོལ་བ་རང་སྣང་རིན་པོ་ཆེའི་སྒྲོམ་བུ་སོ་སོར་ཤར་བ་ཡིན་ན། དེ་ཉིད་དངུལ་སྒྲོམ་ཡང་དག་གི་ཆོས་སྐོར་དེ་སློབ་དཔོན་ཧཱུྃ་ཆེན་ཀ་རའི་ཕྱག་ཏུ་བབ། ལྕགས་སྒྲོམ་འཇམ་དཔལ་སྐུ་ཡི་ཆོས་སྐོར་དེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཕྱག་ཏུ་བབ་པ་སོགས་ནས་རིན་ཆེན་སྣ་ཚོགས་ཀྱི་སྒྲོམ་བུ་བཀའ་བརྒྱད་པོ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཆོས་སྐོར་དེ། སློབ་དཔོན་ཆེན་པོའི་ཕྱག་ཏུ་བབས་པ་ཡིན་ན། དཀྱིལ་འཁོར་ཐམས་ཅད་ཀྱི་བཀའ་བབ་ཡིན་པའི་ནང་ནས། སྐབས་འདིའི་སྒོས་ཆོས་ཀྱི་དབང་དུ་བཏང་ན། ཚོམ་བུ་དགུའི་ནང་གི་རིག་འཛིན་བླ་མའི་སྒྲུབ་ཐབས་སུ་གཏོགས་པའི་རྩ་བའི་དབང་རེད། སྤྱིར་ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད། བླ་མ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་འབྱུང་རྒྱུ་དང་། ཁྱད་པར་གསང་སྔགས་ཟབ་མོའི་དངོས་གྲུབ་ཐམས་ཅད་བླ་མ་ལ་བརྟེན་ནས་མ་གཏོགས་གཞན་ཞིག་ནས་ཡོང་དོན་མེད་ལ་དུས་ཅི་འདྲ་བསྐལ་བ་གང་འདྲ་ཞིག་ཏུ་འགྱུར་ཡང་ཡོད་མི་སྲིད། བླ་མས་ཀྱང་དང་པོར་དབང་བསྐུར་ནས་རྒྱུད་སྨིན་པར་བྱས། དེ་ནས་སྨིན་པ་དེ་ཉིད་ལ་གྲོལ་བའི་ཐབས་དང་གདམས་པ་བསྟན་ཏེ་གྲོལ་བ་ཐོབ་དགོས་པས། བླ་མ་ལ་མ་བསྟེན་པ་དང་དེའི་བཀའ་ལུང་མ་ནོད་ན། ཐུན་མོང་མཆོག་གི་དངོས་གྲུབ་ཐོབ་པ་ཕར་བཞག སྔགས་ཀྱི་ལས་ཐུན་མོང་བ་ཞིག་ཀྱང་འགྲུབ་མི་ཐུབ། གལ་ཏེ་སྔགས་ལ་སྤྱོད་པའི་ཁུལ་ཙམ་བྱས་ཀྱང་ཆོས་ལ་དབང་ཟ་བའི་ཉེས་པའི་རྣམ་སྨིན་མི་ཟད་པ་མྱོང་རྒྱུ། ཁྱད་པར་དུ་ལྟ་བ་ཆོས་ཉིད་ཀྱི་རྫོང་། ཚིག་དང་དཔེ་ཡིས་མཚོན་ཐབས་མེད་པའི་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ནི། དོན་རྒྱུད་དགོངས་པ་འཕོས་པའི་བྱིན་རླབས་ལས་མ་གཏོགས་གཞན་གང་ལས་འབྱུང་ཐབས་མེད་པ་དེ། མདོ་མཚན་ཉིད་ཐེག་པའི་སྐབས་ནས་ཀྱང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། ལ་སོགས་པས་བསྟན་པ་ཡིན་པས། སྔགས་ཀྱི་སྐབས་སུ་སྨོས་ཀྱང་ཅི་དགོས། གཞི་བདེ་བཤེགས་སྙིང་པོ་རང་ལ་ཡོད་ཀྱང་། རྐྱེན་དགེ་བའི་བཤེས་གཉེན་དང་ཐབས་དེ་ཡི་གདམས་ངག་ལ་མ་བརྟེན་ན། དཔེར་ན། ཉི་མ་ནམ་མཁའ་ན་ཡོད་ཀྱང་། མཚམས་སྦྱར་བའི་རྐྱེན་མེ་ཤེལ་མེད་ན། ས་གཞིའི་སྤྲ་བ་སྐོམ་པོ་ཡིན་ཡང་མེ་རུ་འབར་ཐབས་ནམ་ཡང་མེད་པ་ལྟར་རེད། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་དུས་སྐད་ཅིག་ཙམ་ལ་ཡང་སེམས་ཅན་ལ་ཐུགས་རྗེ་མ་ལྷོད་པ་ཡིན་ཡང་། བླ་མ་མེད་ན་སློབ་མ་ལ་ལྷ་ཡི་བྱིན་རླབས་དང་ཟབ་མོའི་རྟོགས་པ་སྐྱེ་ཐབས་མེད་པ་རེད། སྔར་གྱི་གྲུབ་ཐོབ་སོགས་ཡིན་ཡང་། ཡི་དམ་ལྷ་ཡི་ཞལ་དངོས་སུ་མཇལ་དུས་ཡི་དམ་གཙོ་བོར་བཟུང་བས་རྟེན་འབྲེལ་འཆུགས་ནས་དངོས་གྲུབ་ཐོབ་རྒྱུ་འགྱངས་སོང་བའི་ལོ་རྒྱུས་ཡོད་པ་ལྟར་རེད། དེ་ཡིན་ན། རིག་འཛིན་བླ་མ་སྒྲུབ་ཚུལ་སྤྱིའི་ཐད་ནས་མཚན་ཉིད་ཀུན་ལྡན་གྱི་བླ་མ་ལ་བསྟེན་ནས་དགོངས་སྤྱོད་ལོན་པ་བྱ་རྒྱུ། སྒོས་རང་སེམས་ཆོས་སྐུར་ངོ་སྤྲོད་པའི་མན་ངག་ཟབ་མོ་དེ་བླ་མའི་ཞལ་ནས་མཉན་ཏེ་དེའི་སྒྲུབ་པ་ཉམས་ལེན་ནན་ཏན་གྱིས་སྙིང་པོར་འཛིན་རྒྱུ། ཡང་སྒོས་སྐབས་འདིའི་བྱིན་རླབས་ཀྱི་རྩ་བ་བླ་མའི་སྒྲུབ་པ་འདི། གྲུབ་པའི་རིག་འཛིན་དགུ་དང་ལམ་གྱུར་གྱི་རིག་འཛིན་བཞིས་བསྡུས་པའི་རིགས་ཀུན་འདུས་པའི་བདག་ཉིད་རིག་འཛིན་མ་ཧཱ་གུ་རུའི་དཀྱིལ་འཁོར་དུ་ཚང་བ། དེ་ལྟ་བུའི་བྱིན་རླབས་ཀྱི་དབང་གི་རིམ་པ་རེད། འདིའི་བརྒྱུད་པའི་ཐད་ནས་བཤད་ན། རིང་བརྒྱུད་ཀུན་ཏུ་བཟང་པོ་ནས་ད་ལྟའི་བར་དུ་བཀའ་མ་ལྟར་ན་བརྒྱུད་པ་གསུམ་རེད། ཉེ་བརྒྱུད་གཏེར་མ་ལྟར་ན། སྔ་འགྱུར་རང་ལུགས་ཀྱི་བརྒྱུད་པ་དྲུག་ལྡན་ནམ་དགུ་ལྡན་གྱི་བརྒྱུད་པ་དང་། དེའི་སྟེང་ནས་ཤིན་ཏུ་ཉེ་བརྒྱུད་ཀྱིས་བཤད་ཡོང་ན། རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་བཀའ་བབས་བརྒྱུད་པ་གཅིག་འདུས། རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ནས་ད་ལྟའི་བར་བརྒྱུད་པའི་བརྒྱུད་ཐག་ཉེ་བ། དེ་ཡང་དངོས་གྲུབ་ཀྱི་སྣ་ཁ་མ་ལོག བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་བའི་བརྒྱུད་པ་བཟང་པོ་གསེར་གྱི་ཉག་ཐག་ལྟ་བུ་ལས། ཕ་ནོར་བུ་སྐལ་དུ་ལེན་རྒྱུའི་དགོངས་དོན་དང་བཅས་པས་ཐོག་མར་འདི་ནས་ཆོག་ཁྲིགས་ཀྱི་ནང་བཞིན་ཕྱག་ལེན་མི་ནུབ་པའི་ཆེད་དུ་མཎྜལ་ཞིག་འབུལ་བར་ཞུ། མཚམས་འདི་ནས། ཧོ། བདག་ནི་སྐལ་ལྡན་རིགས་ཀྱི་བུ་སོགས་སྐྱབས་འགྲོ་སེམས་བསྐྱེད་རྗེས་ཟློས་མཛད་མཐར། སྔགས་སྡོམ་བཏགས་པ་བ་དང་མཚན་ཉིད་པའི་ཐོབ་མཚམས་ལ་སོགས་སྔར་ཞུས་པ་ལྟར་རེད། འདི་ནས་སློབ་མ་ལྷར་བསྐྱེད་སྤྱི་མཚུངས་ལྟར་དུ་འབྱུང་བ་རེད། གོང་ནས་དང་པོ་ལས་སྔགས་དང་སྦྲེལ་ནས་ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་ལས་ཆུ་འཐོར་བ་རེད། ལས་བུམ་གྱི་ཆུ་འཐོར་ཞིང་སྭ་བྷཱ་ཝ་འམ་ཡང་ན་མ་ཧཱ་ཤཱུནྱ་ཏཱའི་སྔགས་འདོན་རྒྱུ་དེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ་དེ་ལྟར་ཤེས་པའི་ང་རྒྱལ་འཛིན་པའི་ཐ་མལ་གྱི་སྣང་ཞེན་སྦྱངས་བའི་དོན་རེད། སྔགས་ཀྱིས་སྒྲོན་པའི་ཆབ་སོགས་འཐོར་རྒྱུ་འདི་འབག་བཙོག་སྦྱངས་པ་དང་བགེགས་སོགས་བསལ་བ། མཆོད་པ་བྱིན་བརླབས། མཆོད་པ་ཕུལ་བ། ཐུགས་རྒྱུད་སྐུལ་བ་སོགས་ཀྱི་སྔོན་དུ་འགྲོ་བའི་ཆོས་སམ་དེ་དག་གི་ནུས་པ་ཅན་ཞིག་རེད། བྱིན་འབེབས་དངོས་ཀྱི་དམིགས་རིམ་ལ། ཏིང་འཛིན་གསུམ་བསྐྱེད་མ་ཧཱའི་སྐྱེད་རིམ་གྱིས་གཞི་བཟུང་སྟེ། རླུང་སེམས་སྒྱུ་མའི་ལྷ་སྐུ་ཡེ་ཤེས་ནམ་མཁའི་གཟུགས་ཅན་ལས་ཤིན་ཏུ་ཕྲ་བའི་སྒོ་གསུམ་མི་ཤིག་རྡོ་རྗེ་གསུམ་གྱི་ངོ་བོ་ལ། ཇི་བཞིན་དུ་སྣང་བ་ཨ་ནུའི་དགོངས་སྤྱོད་དང་ཆབ་ཅིག་ཏུ། ཀ་དག་འོད་གསལ་སྟོང་བའི་རང་མདངས་ལྷུན་གྲུབ་མ་འགག་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ཤར་བ། རང་རིག་ཆུ་ལས་ཉ་ལྡང་བ་ལྟར་དུ་རིག་རྩལ་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་དང་འཁོར་གྱི་རྣམ་པ་ཤར་བ་དེ། ཨ་ཏིའི་བྱར་མེད་ལྷུན་གྲུབ་སྐད་ཅིག་དྲན་རྫོགས་སུ་གསལ་ན། དེ་ཡང་སྔར་མེད་རྟོག་བཟོ་ཡིད་དཔྱོད་ཀྱི་རི་མོའི་སྣང་བརྙན་ཙམ་ཞིག་མ་ཡིན་པར། དམ་ཚིག་ཡེ་ཤེས་དབྱེར་མེད་ཡེ་ནས་ལྷུན་གྱིས་གྲུབ་པའི་ལྷ་ཉིད་དུ་ང་རྒྱལ་གྱི་གསལ་སྣང་འཛིན་པ་ཙམ་ཞིག་རེད། འདིའི་སྐབས་ལ་རྗེ་བཙུན་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་ཅན། སྤྱིར་སྣང་སྲིད་ཟིལ་གནོན་གྱི་ཕྱག་གཡས་པའི་རྡོ་རྗེ་དེ་བསྡིགས་པའི་ཚུལ་གྱིས་འཛིན་པ་དང་། འདི་ནས་རིག་འཛིན་འདུས་པ་ཡིས་ཟིལ་གནོན་གར་གྱི་ཕྱག་རྒྱ་དེ་ཕྱག་གཉིས་ནམ་མཁར་ལྡིང་ཞིང་གསེར་གྱི་རྡོ་རྗེ་ཕྱར་བའི་རྣམ་པ་ཅན་དང་། སྣང་སྲིད་ཟིལ་གནོན་གྱི་སྐུ་གཡོན་པའི་མཆན་ན་ཤེས་རབ་མཚོན་བྱེད་ཀྱི་ཁ་ཊཱཾ་བསྣམས་པ་ཡིན་ན། འདི་ནས་ཡུམ་ལྷ་ལྕམ་མནྡ་ར་བ་གཡོན་ནས་འཁྲིལ་ཞིང་འཁྱུད་སྟབས་ཅན་དུ་གསལ་རྒྱུ་རེད། སྣང་སྲིད་ཟིལ་གནོན་སྐུ་མདོག་དཀར་པོ་དེ། ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས། དེ་ལ་དམར་གྱི་གཟི་མདངས་ཆགས་པ་ནི་ཐབས་ཤེས་གཉིས་མེད་བདེ་བ་ཆེན་པོ་སྐུ་ལ་རྫོགས་པའི་བརྡ། ཞི་དང་རྒྱས་པས་སྣང་བ་དབང་དུ་འདུས་ཤིང་དབང་དང་དྲག་པོས་སྲིད་གསུམ་ཟིལ་གྱིས་གནོན་པ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་ནམ་མཁར་ཕྱར་བ་རིག་ལྔའི་དབང་རྫོགས་གྱི་རྟགས་དང་། མི་འགྱུར་རྟག་པའི་ཆོས་ཉིད་དེ་མཚན་མ་རྟགས་ཀྱི་རྡོ་རྗེ་རུ་ཕྱར་བ། གཡོན་མཉམ་བཞག་གི་ཕྱག་རྒྱས་བནྡྷ་ཚེ་བུམ་བཅུད་ལྡན་བསྣམས་རྒྱུ་དེ། སྐྱེ་ཤི་རྩ་གཅོད་ཀྱི་ཀ་པ་ལར་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བྱས་པའི་ཚེ་བུམ་བཅུད་ལྡན། གང་འདོད་ལྷུན་གྲུབ་དཔག་བསམ་ཤིང་གི་ཁ་རྒྱན་བྱས་ནས་བསྣམས་ཡོད་པ། ཞབས་རྒྱལ་པོ་རོལ་སྟབས་ལ་བཞུགས་པ་ཞིག་སྒོམ་དགོས་པ་རེད། རྒྱལ་པོ་རོལ་སྟབས་བཞུགས་རྒྱུ་དེ་འཁོར་འདས་མཉམ་པ་ཆེན་པོའི་ངང་ལས་འགྲོ་དོན་ལ་སྐྱོ་དུབ་མེད་པའི་བརྡ་རེད། གུ་རུ་རིན་པོ་ཆེའི་དབུ་ཞྭ་འདི་ལ་རིགས་མང་ཡང་། སྣང་སྲིད་ཟིལ་གནོན་ཟ་ཧོར་རྒྱལ་པོའི་ཆས་ཅན་ཡིན་པས། པདྨ་མཐོང་གྲོལ་ལམ་པདྨ་འདབ་ལྡན་དང་འདབ་ལྡན་རིགས་ལྔ་ཞུ་རྒྱུ་དེ་ཡིན་དགོས་རེད། འདི་ནས་པདྨའི་མཉེན་ཞུ་གསུངས་འདུག་ཀྱང་པདྨ་མཐོང་གྲོལ་པདྨ་ཁ་འབུས། ཤྭ་བའི་མཉེན་ཞུ་གསོལ་དུས་ཀྱང་ཡོད་པ་རེད། གང་ལྟར་ལྷ་ལྕམ་མནྡ་ར་བས་གུ་རུ་ལ་བརྡ་སྟོད་མཛད་པ་ལྟར། འདབ་ལྡན་རིགས་ལྔ་དེ་སྐུ་ལྔའི་དབང་རྫོགས་དང་ཡེ་ཤེས་ལྔ་ལྡན་ཕྲིན་ལས་རྣམ་བཞི་མཆོག་དང་རྣམ་ལྔ་ཡིས་འགྲོ་དོན་མཛད་པའི་བརྡ་རྟགས་ལ་གོ་ཆོག་པ་རེད། དབུ་ཞྭའི་རྩེ་མོར་གསེར་གྱི་རྡོ་རྗེའི་ཏོག་བཙུགས་རྒྱུ་དེ། རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས་པའི་བརྡ་དང་། དར་སྣ་ལྔ་ཡི་ཅོད་པན་འཕུར་ལྡིང་དུ་གཡོ་བ་དེ་རིག་པའི་གནས་ལྔར་མཁས་ཤིང་གང་འདུལ་ཐབས་མཁས་ཀྱིས་འགྲོ་དོན་མཛད་པའི་རྟགས། དེའི་རྗེས་གཡས་གཡོན་དབུས་གསུམ་ལ་རྒོད་སྒྲོ་དང་རྨ་བྱའི་མཇུག་སྒྲོ་ཡིས་རྒྱན་ཡོད་པའི་གཡས་གཡོན་གྱི་རྒོད་སྒྲོ་ནི། ལྟ་བས་གནམ་འཕང་བཅད་ཅིང་ཐབས་ཤེས་ཟུང་དུ་འབྲེལ་བའི་བརྡ། དཀྱིལ་ལ་རྨ་བྱའི་སྒྲོས་རྒྱན་པ་དེ། དུག་ལྔ་ཡེ་ཤེས་ལྔར་འཆར་ཞིང་སྣང་སེམས་དབྱིངས་རིག་འོད་དུ་འཆར་བའི་བརྡ་ཡིན་པ་ལ་སོགས་པ་གསུངས་ཡོད་ན། མདོར་ན་བརྡའི་དོན་རྟགས་ཀྱིས་མཚོན་པའི་རྣམ་པ་གསལ། རྣམ་དག་དྲན། ང་རྒྱལ་བརྟན་པའི་ངང་དང་མ་བྲལ་བ་གལ་ཆེ་བ་རེད། གོང་ནས་སྔགས་དང་ཏིང་འཛིན་གྱིས་ཐ་མལ་གྱི་སྣང་ཞེན་སྦྱང་བ་བཞིན་དུ། རང་ཉིད་ཀྱི་གདོས་བཅས་ཤ་ཁྲག་གི་ལུས་འདི། དག་པ་འོད་སྐུ་སྣང་ལ་རང་བཞིན་མེད་པ་འོད་ཀྱི་ལུས་ལ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གསལ་རྒྱུ་དེ་ཡང་ཡིན་པ་ལ་ཡིན་པར་ཤེས་པའི་ལྷའི་ང་རྒྱལ་ལམ་ངེས་ཤེས་སྐྱེད་པ་ཙམ་ཞིག་རེད། འདིའི་འོག་ནས་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས། བྱིན་འབེབས་ཚིག་བདུན་གསོལ་འདེབས་སོགས་ཀྱི་འདོན་པ་གསུངས་རྗེས་སུ་ཕེབས་པའི་འཕྲོས་དོན། གོང་གི་བྱིན་འབེབས་ཀྱི་ཚིག་འདི་རྡོ་རྗེའི་མཁའ་འགྲོ་མ་འབུམ་ཕྲག་མང་པོས་མགྲིན་དབྱངས་གཅིག་གྱུར་གྱིས་གུ་རུ་རིན་པོ་ཆེ་ཚོགས་འཁོར་ལ་སྐུལ་ཞིང་སྤྱན་འདྲེན་པའི་ཚིག་ཅིག་རེད། འདི་ལ་ང་ཚོས་རྡོ་རྗེའི་ཚིག་བདུན་གསོལ་འདེབས་ཞུ་བ་རེད། འདི་ནས་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་དབང་བསྐུར་བ་སོགས་ཀྱི་ཆོ་ག་ལ་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བདག་དམ་ཚིག་པར་གཉིས་མེད་དུ་ཐིམ་ཞིང་། བདག་གནས་ཡོ་བྱད་དང་བཅས་པར་བྱིན་གྱིས་བརླབས་ཤིང་བགེགས་དང་ལོག་འདྲེན་གྱི་བར་ཆད་སེལ་བའི་འདོད་དོན་གསོལ་བའི་ཚིག་རྗེས་མ་གསུམ་སྣོན་པ་དང་བཅས་པ། གཏེར་ཁ་སོ་སོར་ནས་འདི་བཞིན་འབྱུང་བ་རེད། འདིའི་ཐོག་མའི་ཚིག་རྐང་། སྔོན་སྐལ་མ་འདི་ཡང་དེ་བཞིན་དུ་འབྱུང་བ་རེད། ཚིག་བདུན་གསོལ་འདེབས་ནི། རང་གཞན་ཚང་མས་ཁྲི་ཚར་འབུམ་ཚར་བཏོན་ཟིན་པ་དང་འདོན་བཞིན་པ་རེད་མོད། འོན་ཀྱང་ནང་དོན་ལ་བསམ་བློ་བཏང་རྒྱུ་བརྗེད་དེ་མི་ཤེས་མཁན་ཡང་ཡོད་སྲིད་པ་རེད། དེ་རིང་བྱིན་འབེབས་སམ་ཡེ་ཤེས་དབབ་པ་འདི་དང་འབྲེལ་ནས་འདིའི་དོན་རགས་ཙམ་ཞུས་ན་བསམ། འདི་ཕྱི་ལྟར་བཤད་པ། ནང་ལྟར་བཤད་པ། གསང་བ་ལྟར་བཤད་པ། ཡང་གསང་མན་ངག་གི་ཚུལ་དང་བསྟུན་ནས་བཤད་པ་སྟེ་བཤད་ལུགས་རྣམ་པ་བཞི་ཡོད་པ་རེད། རེད་དེ་དེ་ཚང་མ་བཤད་ན་དུས་ཚོད་ཡུན་རིང་འགོར་འགྲོ། འགའ་རེས་བསམ་ན་ཚེ་གང་དུས་གཅིག་གི་ཟ་མ་ལན་གཅིག་ཡིན་པས་མ་གོ་རུང་ཉན་དགོས་ཉན་པ་ཙམ་ལ་ཡང་བག་ཆགས་བཟང་པོ་ཞིག་རྒྱུད་ལ་བཞག་འགྲོ། དེ་ཡིན་ན་འདི་དང་ཕྱི་མ་གཉིས་ཀར་རང་ཉིད་ལ་ཕན་ཐོགས་འབྱུང་བ་རེད་བསམ་མཁན་ཡོད་པ་རེད། ཡང་ལ་ལ་ཞིག་ལ་སུན་སྣང་སྟེར་བྱེད་རེད་འགྲོ་བ་འང་ཡོད། གང་ལྟར་དུས་ཚོད་ཀྱང་ཆེན་པོ་མི་འདུག སྔ་དྲོ་དབང་མ་སྒྲུབ་ན་ཆོ་གའི་ཡན་ལག་མི་ཚང་གི། ཕྱི་དྲོར་དབང་རྫས་མ་འགྲེམ་ན་དབང་བསྐུར་ཐོབ་ཀྱི་མིང་མི་འདུག དེ་ཡིན་དུས་གལ་ཏེ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཚང་རྒྱུའི་ལུགས་ལྟར་བྱས་ན། མཁྱེན་བརྩེ་དབང་པོའི་ཕྱག་བཞེས་བཞིན་ཉིན་བཅོ་ལྔར་འགོར་བ་གཞི་བཞག་རེད་འདུག་བསམ་རྒྱུ་ཞིག་རེད། ད་འདི་ནས། མང་པོ་འདུས་པའི་ཚོགས་ནང་ན་དགོན་བདག་རྣམ་པས་མ་འོངས་ཕྱི་མཐའི་བསྟན་རྒྱུན་ལ་གཟིགས་ནས་སྡེ་སྣོད་འཛིན་པ་རེད་རྒྱུའི་འདིང་བརྒྱབ། ཕ་མ་དག་གིས་བུ་རྒྱུད་ཚོས་སྡིག་འཕྲོ་ཞིག་ཨེ་ཆོད་བསམ་སྟེ་གྲྭ་ཆས་རེ་གྱོན་བཅུག་ནས་མངགས་ཡོང་བ་ཡང་མང་པོ་རེད། ཡིན་ན་ཡང་དེ་དག་གི་རང་གཤིས་བྱིས་པའི་ན་ཚོད་ལས་མ་འདས་པར་མ་ཟད་ཕ་མའི་ཐལ་ལྕག་དང་ད་རུང་ཁ་འབྲལ་ཐབས་མེད་པ་ཞིག་ལ་ཁག་མེད་ཀྱང་། གསུང་ངག་སྡོམས་ཟེར་ན་གོ་རྒྱུ་མ་རེད་ལ་ངག་བཅད་གྱིས་ཟེར་ན་ཡང་དེ་བཞིན་རེད། ཁ་མ་གྲག་ཟེར་ན་གོ་འགྲོ་རྒྱུ་རེད་དེ། མང་ཆེ་བ་ཁམས་པའི་མི་ཡིན་པས། ཁ་གྲག་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་ལོས་ཟེར་རེད། དེ་ནས་མི་རེ་རེ་ལ་གཏམ་ལན་རེ་རེ་སྟེར་དུས་འུར་དེ་བས་ཆེ་ཞིག་རེད་འགྲོ་རྒྱུ་གཞི་བཞག་རེད། མི་གཞིའི་སྤུས་ཚད་དེ་གློ་བུར་ལ་བསྒྱུར་རྒྱུ་གང་ན་ཡོད། ང་ཚོ་བོད་མི་རིགས་འདིའི་བསམ་སྤྱོད་ཡར་ཐོན་གྱི་རྩེ་ལ་ཡོང་རྒྱུར། ད་རུང་དུས་རབས་ཕྱེད་ཅིག་མ་སྒུག་ན་རེད་རྒྱུ་མ་རེད་བསམ་གྱིན་འདུག དུས་རབས་ཕྱེད་ཅིག་ལ་འབད་བརྩོན་བྱས་ན། ད་ལྟར་དང་མི་འདྲ་པ་ཞིག་ཡོང་ཐུབ་རྒྱུ་རེད། དེ་ཡིན་དུས། ཡུན་རིང་ངང་སྒུག་མ་བྱས་ན་སུས་ཇི་ལྟར་བཤད་ཀྱང་རང་ཉིད་ངལ་བའི་རྒྱུ་ཡིན་ཤས་ཆེ་བསམ་བཞིན་ཡོད་རེད། མར་མེ་མང་པོ་ཞིག་མ་སྦར་ན་མཆོད་པ་མེད་དུས་བློ་མི་བདེ། སྦར་ཆེ་སོང་ན་ཡང་དྲོད་ཀྱིས་འདུག་མི་ཐུབ་རྒྱུ་ཡང་རེད་རྒྱུ་ཡོད་པ་རེད། མཚམས་རེ་བཤད་རོགས་མི་བྱེད་པའི་དཀའ་ངལ་ཡོད་རེད་མོད། མཚམས་རེ་ལ་ཉན་རོགས་མི་བྱེད་པའི་གནས་ཚུལ་ཡང་ཡོད་རེད། རྗེ་བཙུན་མི་ལའི་གསུང་མགུར་ལས་གསུངས་པ་ལྟར། ཕ་ཡོད་ཙ་ན་བུ་ང་མེད། །བུ་ང་སླེབས་ཚེ་ཕ་མ་ཤི། །གཉིས་ཀ་འཛོམས་ཀྱང་སྙིང་པོ་མེད། །ཅེས་གསུངས་པ་ལྟར། འཇིག་རྟེན་གྱི་བྱ་བའི་འགལ་འདུའི་རིགས་ཐམས་ཅད་སྙོམས་སྒྲིག་སླ་མོ་ཞིག་གིས་ཐུབ་རྒྱུའི་འདིང་བརྒྱབ་ན་ཡང་། རང་ཉིད་ངལ་བྱེད་དབེན་པའི་ལྟེ་གནས་ན་ངལ་མི་སོས་རྒྱུ་ཞིག་རང་ཁོངས་ནས་ཡོང་གིན་ཡོད་མེད་ཁ་ནང་ལ་འཁོར་ནས་བསམ་གཞིག་ཡོད་དགོས་རྒྱུའི་གཞི་ཞིག་རེད། དེ་ནས་སྐབས་སུ་བབས་པའི་ཚིག་བདུན་གསོལ་འདེབས་ཀྱི་ཐོག་མའི་འགོ་ལེན་ཧཱུྃ་རྐྱང་པ་ལ་བསམ་བློ་བཏང་ན། འདིའི་ཐོག་མའི་ཚིག་འགོ་ཧཱུྃ་གིས་ལེན་དགོས་པའི་རྒྱུ་མཚན་ནི། ཐུགས་དམ་རྒྱུད་སྐུལ་གྱི་ཆེད་དུ་ཧཱུྃ་གིས་སྣ་དྲངས་པ་རེད། ཧཱུྃ་ཟེར་རྒྱུའི་ཡིག་འབྲུ་འདི། ཕྱི་ལྟར་ན་རྒྱལ་བའི་ཐུགས་ཀྱི་ས་བོན། ནང་ལྟར་ན་འཁོར་འདས་ཀུན་གྱི་གནས་ལུགས་རང་བྱུང་ཡེ་ཤེས་མཚོན་བྱེད། གསང་བ་ལྟར་ན་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས། ཡང་གསང་མན་ངག་ལྟར་ན་རྡོ་རྗེའི་ཡེ་ཤེས་རང་བྱུང་གི་གསང་བ་ཆེན་པོ་འོད་གསལ་ཐིག་ལེ་ཉག་གཅིག་མཚོན་བྱེད་རེད། དེ་ཡིན་ན། འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སྲོག་གི་སྙིང་པོ་རེད། ཐུགས་སྲོག་ཐུགས་ནས་ཐད་ཀར་བསྐུལ་ཏེ་སྲོག་སྡོམ་གཟེར་བཞིའི་སྒོ་ནས་ལྷའི་ཐུགས་སྲོག་འཕྲོག་སྟེ་ལྷ་དང་རང་སེམས་གཉིས་མེད་དུ་གཉུགས་མ་རྡོ་རྗེའི་སྲོག་ལ་དབང་བྱེད་པ་ཡིན་དུས། འདི་འཁོར་འདས་ཡོངས་ཀྱི་སྟོང་སྲོག་དུས་གཅིག་ལ་འཕྲོག་ཅིང་དབང་བྱེད་པའི་ཐ་སྙད་དུ་མཛད་པ་ཡིན་ན། ལྟ་བའི་རྫོང་ཟིན། སྒོམ་པའི་འཕྲང་ལས་སྒྲོལ་ནས་འཁོར་འདས་ཀྱི་སྟོང་སྲོག་འཕྲོག་པས་ན། དོན་ལ་འཁོར་འདས་ཡོངས་ལ་ཁྱབ་པའི་སྲོག་གམ་ཀུན་ཁྱབ་ཆོས་དབྱིངས་ཆེན་པོ་རྒྱལ་བའི་ཐུགས་ཡེ་ཤེས་ཀྱི་རང་མདངས་སུ་ཤར་བ་དེ་ཉིད། རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ལ་བཟླ་ཞིང་གཏིང་ཁེལ་བ་ལ་ཐུགས་རྒྱུད་སྐུལ་པའི་ནང་དོན་ཚང་བ་རེད། དེའི་ཕྱིར་ན་ཐུགས་ཀྱི་ཡི་གེ་འདིས་ཐུགས་རྒྱུད་སྐུལ་བའི་ཕྱིར་དུ་ཐོག་མར་བྱུང་བ་ཡིན། དེ་བཞིན་འདིའི་རྡོ་རྗེའི་ཚིག་བདུན་ལ་བཤད་རྒྱུ་མང་པོ་ཡོད་མོད། འོན་ཀྱང་དུས་ཚོད་ཀྱི་དབང་ལ་སོགས་པས་རེ་ཞིག་བསྐྱུར་རྒྱུ་མི་བྱེད་ཐབས་མེད་ལ་ཁེལ་བ་རེད། དེ་ལྟར་ཡིན་ན། ཡང་མཚམས་འདིར་མིག་དབྱེ་བ་མེ་ཏོག་དོར་བ་སོགས་ཀྱི་དབང་བཤད་དང་རྗེས་ཟློས་མཎྜལ་སོང་མཐར། འདིའི་དབང་གི་དངོས་གཞི་བསྐུར་དུས། ཐོག་མར་སློབ་མ་དཀྱིལ་འཁོར་གྱི་དལ་དུ་ཞུགས་དགོས་པ་རེད། དེ་འཇུག་ལུགས་ལ་ཡང་། ཕྱི་འཇུག་དང་ནང་འཇུག་གཉིས་ཡོད་པའི་ནང་གི་གང་དུ་ཞུགས་སའི་དཀྱིལ་འཁོར་གྱི་གཙོ་བོ་དེ་སློབ་དཔོན་དང་གཉིས་སུ་མ་མཆིས་པར་མཎྜལ་འབུལ་བ་སྔོན་དུ་འགྲོ་བའི་ཐོག་ནས་གསོལ་བ་བཏབ་སྟེ་ཐུན་མོང་དང་ཐུན་མིན་གྱི་སྐྱབས་འགྲོ་དང་སེམས་བསྐྱེད་བརྒྱུད་ནས་འཇུག་དགོས་པ་རེད། འདི་ལ་ཕྱི་འཇུག་དང་ནང་འཇུག་གཉིས་ཀྱི་དབྱེ་བ་ཡོད་རྒྱུ་དེ། ཕྱི་ལྷག་པར་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཞུགས་རྒྱུ་དང་། ནང་ཐུན་མིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཞུགས་རྒྱུའི་ཁྱད་པར་གྱིས་ཕྱི་འཇུག་དང་ནང་འཇུག་གི་དབྱེ་བ་ཕྱེས་པ་རེད། དེའི་ནང་གི་ཕྱི་འཇུག་ལ་བསམ་བློ་བཏང་ན། ཚིག་དང་དོན་གྱི་འཇུག་པ་ཞིག་དང་། བྱ་བའི་ལས་ཀྱི་འཇུག་པ་ཞིག་སྟེ་རྣམ་པ་གཉིས་ཡོད། ཐུན་མོང་དང་ཁྱད་པར་གྱི་སྡོམ་བཟུང་འཕྲོ་ལ་རྡོ་རྗེ་དང་བདུད་རྩིས་དམ་ལ་བཞག་ཅིང་དམ་ཚིག་སྦྱིན་པ་དེ་ཚིག་དང་དོན་གྱི་འཇུག་པ། བྱ་བའི་ལས་ཀྱི་སྒོ་ནས་འཇུག་པ་དེ་དཀྱིལ་འཁོར་གྱི་ཡོལ་བའི་ནང་ལ་ཞུགས་ཏེ་སྐུ་གསུང་ཐུགས་ཕྱག་འཚལ་ནས་རིམ་བཞིན་འཇུག་རྒྱུ་དེ་རེད། ཨ་ཁཾ་ཝ་ར་ཧཱུྃ་ཟེར་རྒྱུ་འདི་སློབ་མས་མེ་ཏོག་འབུལ་བའི་སྔགས་བྱེད་ཀྱང་གཙོ་བོར་བླ་མས་སློབ་མ་དཀྱིལ་འཁོར་དུ་བཅུག་པའི་སྔགས་རེད། མ་འོངས་ལྷའི་གཞལ་ཡས་ཁང་ལ་ལོངས་སྤྱོད་རྒྱུའི་རྟེན་འབྲེལ་བསྒྲིགས་ཤིང་སྐལ་བ་ལྷ་དང་མཉམ་པར་འགྱུར་བའི་དོན་ཅན་ཞིག་ཡིན། དེ་ནང་འཇུག་གི་སྔོན་ལ་དགོས་པར་མ་ཚད་བརྡ་འཕྲོད་ངེས་བཤད་རྒྱུ་དེ་གལ་ཆེ་གསུངས་འདུག ཕྱི་འཇུག་གི་འཇུག་ཚུལ་གཉིས་རིམ་ཅན་ལ་དེ་བཞིན་བྱས་ཏེ་འབྱུང་བ་རེད། ནང་འཇུག་དེ་སློབ་མ་དཀྱིལ་འཁོར་གྱི་ཤར་སྒོའི་དང་པོ་འཇུག་སའི་དབང་སྟེགས་སུ་འཁོད་དེ། དེའི་མཚམས་ནས་གཙོ་བོ་ཡབ་ཡུམ་གྱི་སྲས་སུ་བསྐྱེད་དགོས་པ་རེད། དེའི་རྗེས་ཡེ་ཤེས་པ་བྱིན་ཕབ་ནས་ལས་ཀྱིས་གང་ལ་འབྲེལ་བའི་རིགས་ཀྱི་ལྷ་ལ་མེ་ཏོག་ཕུལ་ནས་དབང་རྟགས་ཅོད་པན་གྱི་ཚུལ་དུ་གནང་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་དང་མཉམ་དུ། རིགས་དང་མཐུན་པའི་གསང་མཚན་བཏགས། དེའི་སྐབས་སུ་བླ་མས་རྡོར་དྲིལ་སློབ་མའི་མགོ་ཐོག་ཏུ་དཀྲོལ་རྒྱུ་དེ། ཇི་ལྟར་བཏགས་པའི་གསང་མཚན་དེ་ནམ་མཁའ་གང་བའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་མགྲིན་དབྱངས་གཅིག་གྱུར་གྱིས་བཏགས་པ་སོགས་ཀྱི་དོན་ནི་ཁར་རྩང་ཞུས་པ་ལྟར་དུ་རེད། དེ་ནས་མིག་དབྱེ་དཀྱིལ་འཁོར་གྱི་མཐོང་བ་བསྟན་པ་དེའི་ཡན་ཆད་ཀྱིས་ཕྱི་འཇུག་དང་ནང་འཇུག་གི་དཀྱིལ་འཁོར་ལ་ཞུགས་ནས། འཇུག་པ་མཐར་ཐུག་པ་དེ་ཡིན་དགོས་པ་རེད། རྒྱུད་རྡོ་རྗེའི་རྩེ་མོའི་ནང་ན། གལ་ཏེ་དེ་ནི་སྣོད་མིན་ན། དེ་ལ་འཇུག་པ་སྦྱིན་པར་བྱ། །གསུངས་ཡོད་རེད། ད་རུང་འདིའི་རྒྱས་བཤད་ལ་དེ་བཞིན་བཤེགས་པ་ཐམས་ཅད་ཀྱི་གསང་པའི་དཀྱིལ་འཁོར་གྱི་རྒྱལ་པོ་འདི། སེམས་ཅན་གང་གིས་མཐོང་བ་ཙམ་གྱིས་ཕྱིར་མི་ལྡོག་པ་ཡིན་པས། དད་པ་ཡོད་མེད་དང་རྒྱུད་སྨིན་དང་མ་སྨིན་ལ་མ་ལྟོས་པའི་སེམས་ཅན་ཐམས་ཅད་འཇུག་རུང་བ་གསུངས་རྒྱུ་དེ་སྒྲ་ཇི་བཞིན་ལ་འཛིན་ཆོག་པའི་ངེས་དོན་རེད། དེ་ཡིན་ན། གལ་ཏེ་དམ་ཚིག་དང་སྡོམ་པ་འཛིན་མི་ནུས་པ་སོགས་ཀྱི་རྒྱུ་མཚན་གྱིས་དབང་བསྐུར་དུ་མི་རུང་པའི་གང་ཟག་ཡིན་ན་ཡང་། དཀྱིལ་འཁོར་དུ་འཇུག་པ་ཙམ་ཞིག་བྱ་ཆོག་གསུངས་ཏེ་དགོངས་པ་རྒྱུ་མཚན་གྱིས་བཀྲལ་ནས་དཀྱིལ་འཁོར་དུ་འཇུག་པ་གནང་རྒྱུ་དེ་ཕྱི་འཇུག་འདི་ཡིན་དགོས་རེད། ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཞུགས་པ་རེད། ནང་འཇུག་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ཡིན་དུས། བྱིན་རླབས་ཐོབ་བྱེད་དུ་ཡེ་ཤེས་དབབ་པ་ལ་སོགས་པ་ཙམ་མ་གཏོགས་ཁྱད་པར་དུ་དབང་བཞིའི་དང་པོ་བུམ་དབང་དང་འབྲེལ་བའི་དངོས་གཞིའི་དབང་བསྐུར་དེ་སྣོད་མིན་ལ་བསྒྲགས་ག་ལ་ཆོག དེ་ཆོག་ན་གབ་སྦས་ཀྱི་གསང་པ་ཐམས་ཅད་འཆད་མི་བདེ་པ་ཞིག་ཡོང་བ་རེད་བསམ་གྱིན་ཡོད། དེ་མི་ཆོག་པའི་རྒྱུ་མཚན་ངེས་བྱེད་དཀྱིལ་འཁོར་དུ་འཇུག་པ་ཙམ་ཞིག་གསུངས་བའི་ཙམ་སྒྲ་དེས་གོ་ཐུབ་པ་རེད། དེས་ན་དབང་གི་དཀྱིལ་འཁོར་ཞལ་ཕྱེས་ནས་ཆོ་ག་ཞིག་དང་འབྲེལ་དུས། དོན་དང་དགོས་དབང་གི་གནད་དུ་མི་བལྟ་བར་དཀྱིལ་འཁོར་ཞིག་ཞལ་མ་ཕྱེས་པའམ་མ་བཏོན་ན་མ་གཏོགས་གཅིག་བཏོན་དུས་རྒྱུ་མ་ཕུ་འདེད་བྱས་ཏེ་ནག་འདོན་བྱེད་རྒྱུ་ཞིག་ཡོད་མ་རེད། ཕན་ནུས་ཟབ་མོའི་དབང་གསུམ་གྱི་རྣམ་བཞག་ལྟར་དུ། ཕྱི་ཕན་པའི་དབང་ཙམ་ཞིག་གདུལ་བྱ་གྱུར་བ་མཆོག་ཕལ་སུ་ཡིན་ཡང་བསྐུར་བཞག་ན། གསང་བའི་རྒྱལ་པོའི་དཀྱིལ་འཁོར་འདིའི་ཚོན་རྩི་མཐོང་བ་ཙམ་གྱིས་ཀྱང་ཕན་ཡོན་ཁྱད་པར་ཅན་ཐོབ་རྒྱུ་ཡོད་པ་རེད། དཔེར་ན། མདོ་ལས་ཕག་ཅིག་ཁྱི་ཡིས་དེད་དེ་མཆོད་རྟེན་ལ་བསྐོར་བར་བྱས་པའི་ཕན་ཡོན་དང་། ཤིང་ལོའི་སྟེང་གི་སྲིན་བུ་བདུན་རླུང་གི་འཁོར་ཕྱོགས་ཀྱིས་རྒྱ་མཚོའི་ནང་གི་བདེ་བར་བཤེགས་པའི་སྐུ་གཟུགས་ལ་བསྐོར་བ་བྱས་པས་མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་སོགས་དང་ཕྱོགས་འདྲ་བ་རེད། ཁྱད་པར་དུ་གསང་སྔགས་ཟབ་མོའི་ལམ་དང་འབྲེལ་བ་ཡིན་པས་ཕན་ཡོན་ལྷག་ཏུ་ཆེ། དེ་ལྟར་ན་འདིའི་ཆོག་ཁྲིགས་བཞིན། དངོས་གཞིའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཞིག་འབུལ་དགོས་པ་རེད། ཡང་མཚམས་འདིར། ནམ་མཁའི་རྡོ་རྗེ་རྒྱལ་བ་སོགས་ཀྱི་རྗེས་ཟློས་དང་དབང་བསྐུར་བའི་དོན་ཚན་འགའ་སོང་མཐར། འདིའི་ཐུན་མོང་རིག་དབང་ལྔ་ལ་སོགས་པ་འདི་དག་ནི་ཆོག་ཁྲིགས་ཀྱི་ཁར་རྩང་ཞི་ཁྲོ་ངན་སོང་སྦྱོང་བའི་འགྲོས་དེ་ཚིག་ཅིག་ཀྱང་མ་བསྒྱུར་པར་འདི་ནས་འདོན་པ་རེད། འདི་ལ་དབྱེ་བསྡུ་འདྲ་མིན་ཡོད་ཀྱང་རྒྱས་པའི་ལུགས་ཀྱི་ཉམས་དང་རྣམ་པ་གཏོད་ནས་ཇི་བཞིན་དུ་འདོན་འགྲོ་རྒྱུ་བྱེད། ཅེས་གསུངས་ཏེ་དབང་ཆོག་གསུངས་མཐར། ཐུན་མོང་རིག་པའི་དབང་ལྔ་འདི་ཁར་རྩང་ཞིག་ལ་ཡང་བཤད་ཡོད་དེ། རྣལ་འབྱོར་བླ་མེད་རྒྱུད་ཀྱི་སྐབས་འདིར་སྤྲོས་བཅས་བུམ་པའི་དབང་གི་མཐའ་རྟེན་ནམ་ཡན་ལག་ལ་འཇོག་གིན་ཡོད་པ་རེད། འདི་སྔོན་དུ་མ་སོང་ཐབས་མེད་ཅིག་རེད། ཕྱི་ཕན་པའི་དབང་ལྔར་གྲགས་པ་འདི་ཙམ་ཞིག་གི་བསྐྱེད་རིམ་ཐམས་ཅད་སློབ་མ་སུ་ཡིན་ཡང་ཉན་རུང་བའི་སྣོད་དུ་བཤད་པ་རེད། འདིས་སྤང་བྱ་གློ་བུར་གྱི་ཆོས་དྲི་མ་ལྔ་དག་ཅིང་ཐོབ་བྱ་རིག་པའི་ཡེ་ཤེས་ལྔ་རང་ངོ་འཕྲོད་དེ་མངོན་དུ་གྱུར་བའི་ཆ་ནས་རིག་པའི་དབང་ལྔ་ཞེས་གོང་དུ་དབང་བཤད་ཀྱི་ནང་དུ་གསུངས་པ་ལྟར་རེད། འདིའི་ནང་གི་དང་པོ་རྣམ་རྒྱལ་བུམ་པའི་ཆུ་དབང་བསྐུར་བའི་སྐབས་ལ་རྡོ་རྗེ་མི་བསྐྱོད་པའི་ཆུའི་དབང་དེ་སྤྱི་བོར་བསྐུར་རྒྱུ་རེད། སྒྲོ་ཆབ་སྤྱི་བོར་འཐོར་བའི་ཕྱག་ལེན་ལྟར་དུ་ཡིན་ན་ཡང་། སྤྱི་བོར་བུམ་ཆུ་ཏིག་ནས་ལྕེ་ཐོག་ཏུ་བླུག་པ་བཞེས་ཆོག་རྒྱུ་ཅན་རེད། དེ་ཇི་ལྟར་རེད་ཟེར་ན། སྣོད་ཀྱི་འཇིག་རྟེན་ཕྱི་བུམ་པའི་རྣམ་པ་འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ་རྫོགས་པ་གང་ཞིག་ལ། ནང་རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་བཀོད་པ་ཚད་མེད་ཀྱི་དབུས་ན། བརྟེན་པ་བཅུད་ཀྱི་སེམས་ཅན་དེ་ཡི་དམ་ལྷ་ཡི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་པས་ལུས་ཐམས་ཅད་བདེ་སྟོང་གི་བདུད་རྩིས་གང་ཞིང་། ཉོན་མོངས་པ་ཞེ་སྡང་གི་འཆིང་བ་དག རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར་ནས་མེ་ལོང་ཡེ་ཤེས་མངོན་དུ་འགྱུར་བའི་དོན་ཅན་ཞིག་རེད། དེ་བཞིན་དུ་རིམ་འབྱུང་གི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་ནས་ང་རྒྱལ་གྱི་འཆིང་པ་དག ཚོར་བའི་ཕུང་པོ་གནས་འགྱུར་མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། སྣང་མཐའི་ངོ་བོ་རྡོ་རྗེའི་དབང་བསྐུར་ནས་འདོད་ཆགས་ཀྱི་འཆིང་པ་དག འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར་ཏེ་སོར་རྟོགས་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་ནས་ཕྲག་དོག་གི་འཆིང་བ་དག ཕུང་ལྔའི་ནང་ནས་འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར་ནས་བྱ་གྲུབ་ཡེ་ཤེས་མངོན་དུ་བྱས་པ་དང་། ལྔ་བ་དེ་རྣམ་དབང་རེད། རྡོར་དྲིལ་སྣོལ་མ་སློབ་མའི་སྤྱི་བོར་དཀྲོལ་རྒྱུ་དེ་རེད། ཁར་རྩང་ཞུས་པ་ལྟར་དུ། རྣམ་པ་སྣང་མཛད་མིང་གི་དབང་བསྐུར་བ་རེད་འདི་བསྐུར་ནས་གཏི་མུག་གིས་འཆིང་པ་དག་གཟུགས་ཀྱི་ཕུང་པོ་གནས་འགྱུར་ནས་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས་པའི་ནུས་པ་ཅན་རེད། འདི་མིང་དབང་ཡིན་པས་འདིས་དེ་སྔོན་དཀྱིལ་འཁོར་དུ་ཞུགས་མ་མྱོང་པ་ལ་གསང་མིང་གསར་དུ་འདོགས་པ་དང་ཞུགས་ཟིན་ལ་སྔར་གྱི་གསང་མིང་དྲན་པར་བྱ་བའི་ཆེད་དུ་བསྐུར་བ་རེད། འདི་དང་མཉམ་དུ་འདོད་ཡོན་མ་སྤོང་རྒྱན་དུ་རོལ་བའི་ཆས་དབང་། དུར་ཁྲོད་ཀྱི་ཆས་དང་སྨན་རཀ་གཏོར་གསུམ་དག་གི་དབང་འབྱུང་པའི་སྐབས་ཀྱང་ཡོད་པ་རེད། དེ་ལྟ་བུའི་སྤྲོས་བཅས་བུམ་པའི་དབང་དང་འབྲེལ་ནས་ཕྱི་ཕན་པའི་དབང་ལྔ་དམ་རྫས་དངོས་གྲུབ་ཀྱི་རྫས་དབང་དང་བཅས་པ་སྔོན་དུ་སོང་བའི་མཇུག་དེ་མ་ཐག་ཏུ། ནང་ནུས་པ་འཇུག་པའི་དབང་སྐུའི་ཕྱག་རྒྱའི་དབང་དེ་འབྱུང་བ་རེད། དེ་བྱུང་ན་སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཐུགས་ཀ་ནས་རང་འདྲ་གཉིས་པའི་ལྷ་ཚོགས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས། སློབ་མ་རང་ཉིད་ཀྱི་ལུས་དཀྱིལ་གྱི་རྣམ་པའི་ལྷ་གནས་སོ་སོར་ལ་ཐིམ་པའི་མོས་པ་བྱེད་དུས། སྣང་སྟོང་ཕྱག་རྒྱའི་དཀྱིལ་འཁོར་དུ་སྐུའི་བྱིན་རླབས་འཇུག དེ་དང་རྗེས་འབྲེལ་རྩ་སྔགས་བཟླས་རུང་གི་དབང་སྦྱིན་ཚེ། བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་གསུང་རྡོ་རྗེའི་ཆོས་སྒྲ་གསུང་གི་གསང་བ་ཆེན་པོའི་བྱིན་རླབས་ཐོབ། མདོར་ན་ཕྱི་མཚན་མ་རྟགས་ཀྱི་དཀྱིལ་འཁོར་སྤྲོས་བཅས་བུམ་པའི་དབང་རྗེས་འབྲང་དང་བཅས་པ་བསྐུར་རྒྱུ་འདིས། གཙོ་བོར་ལུས་རགས་པ་རིལ་བོར་འཛིན་པ་དང་ཕྲ་བ་ལུས་གནས་ཀྱི་རྩ་ཐམས་ཅད་སྦྱངས་ནས་ལམ་བསྐྱེད་རིམ་སྒོམ་པ་ལ་དབང་བ་དང་། ཡེ་ཤེས་བཞིའི་ནང་གི་དགའ་བའི་ཡེ་ཤེས་ལ་བརྟེན་པའི་འབྲས་བུ་སྤྲུལ་བའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་དེ་ལྟ་བུ་ཞིག་རེད། འདིའི་སྐབས་ལ་བཤད་རྒྱུ་མང་ཡང་རེ་ཞིག་འཇོག་རྒྱུ་བྱེད་བཞག ཡང་མཚམས་འདིར། བླ་མ་དྲག་པོ་རྟ་ཁྱུང་གི་དབང་ཆོག་ལོ་རྒྱུས་སོང་བའི་མཐར་ཕེབས་པའི་གསུང་གི་འཕྲོས་དོན། དྲག་པོ་རྟ་ཁྱུང་འབར་བ་འདི་རིག་འཛིན་བླ་མའི་སྒྲུབ་སྐོར་ལ། ཕྱི་ནང་གསང་བ་ཡང་གསང་དྲག་པོའི་སྐོར་དང་བཞི་རུ་ཕྱེས་པའི་ནང་གི་འདི་ཡང་གསང་དྲག་པོ་ཕྲིན་ལས་ཀྱི་སྐོར་རེད། དེའི་ཕྱིར་ན་འདི་ཕྲིན་ལས་རྣོ་ལ་གཞན་ལས་མྱུར་བ་རེད། བླ་མ་དྲག་པོའི་སྐོར་འདི་ལ་གུ་དྲག་དང་རྟ་ཁྱུང་རྣམ་པ་གཉིས་སུ་སྣང་རྒྱུ་འདིའི་ངོ་བོ་གུ་རུ་དྲག་པོ་རྡོ་རྗེ་གྲོ་ལོད་གཅིག་ལ་འདུས་ཡོད་པ་རེད། དེ་ཡིན་ན། ངོ་བོ་གཅིག་རྣམ་པ་གསུམ་ལ་སྣང་དགོས་དོན་ཅི་རེད་ཟེར་ན། འདུལ་བའི་ཕྲིན་ལས་ཀྱི་དབང་གིས་རྒྱལ་པོ་པེ་ཧར་འདུལ་དུས་ཀྱི་ལོ་རྒྱུས་དང་འབྲེལ་བ་གུར་དྲག་དང་། གདུག་པ་ཀླུ་འདུལ་དང་འབྲེལ་བ་རྟ་ཁྱུང་འབར་བ། དམ་སྲི་འབྱུང་པོ་འདུལ་བ་རྡོ་རྗེ་གྲོ་ལོད་རང་སྣང་བ་རེད། རྡོ་རྗེ་གྲོ་ལོད་ཞུ་རྒྱུའི་མཚན་དེ་གང་འདྲ་བྱས་ནས་ཐོགས་པ་རེད་ཟེར་ན། ཀྲོ་དྷ་ལོ་ཀོཏྟར་ཞེས་པའི་སྔགས་སྐད་ཟུར་ཆག་སོང་བ་དེ་ཁྲོ་ལོད་རེད་སོང་བ་རེད། གྲོ་ལོད་དམ་ཁྲོ་ལོད་ཀྱང་ཟེར། འདིའི་དབང་ཁྲིགས་ཀྱི་ལོ་རྒྱུས་ལས་གོང་དུ་བྱུང་བ་ལྟར་དུ་རྟ་ཁྱུང་འབར་བའི་སྒྲུབ་སྐོར་འདི། ཀུན་མཁྱེན་འཇིགས་གླིང་དགུང་གྲངས་རེ་དྲུག་ལ་ཕེབས་སྐབས་སུ་སྟོན་པའི་གཏེར་ཆོས། དགུང་སྐག་འཕྲང་སེལ་གྱི་ལོ་རྒྱུས་དང་འབྲེལ་བ་ཡིན་པས། རང་རེའི་ཆོས་བརྒྱུད་འདིར་ཞུགས་མཁན་ཚོ་ལ་མཚོན་ན། སློབ་དཔོན་བརྒྱུད་ཀྱི་ལྷ་སྲུང་གཉེན་པོ། རྟེན་འབྲེལ་དགེ་བའི་སྔ་འབྲེལ་ཟབ་མོའི་ཆོས་ཁྱད་པར་ཅན་རེད། ཡིན་ན་ཡང་། འདིའི་ལྷ་སྔགས་ཀྱི་རྣམ་པ་འདི་དེའི་གོང་ངམ་དེའི་ཡན་ཆད་ལ་མེད་པ་ཞིག་ཀྱང་མ་རེད། བོད་དུ་ཆོས་རྟེན་འཛུགས་པའི་ཐོག་མར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་དུས། ཉིན་མོ་མིས་བརྩིགས་པ་དེ་མཚན་མོར་ལྷ་འདྲེས་བཤིགས་ཤིང་བརྩིག་ཏུ་མ་སྟེར་བར་སྣང་སྲིད་ཆ་ལང་གདབ་པ་ལྟར་བྱས་ཏེ་འཁྲུགས་པའི་སྐབས་སུ། སྡེ་བརྒྱད་སྤྱི་དང་ཁྱད་པར་དུ་གླེན་པ་ཀླུ་ཟེར་རྒྱུའི་འཛིན་ཤེས་ལ་བཏང་མི་ཤེས་པ། དྲེགས་པ་སྡེ་བརྒྱད་པོའི་ནང་ནས་ཀླུ་ཡིད་དམ་ལ་ཐོགས་པ་ཆེས་དཀའ་རབས་ཀྱི་ལོ་རྒྱུས་ཡོད་པ་རེད། སྔོན་མར་ཨཱ་རྱ་པ་ལོའི་གླིང་སེ་ཤིང་གི་ཕུང་པོར་གནས་པའི་ཀླུ་དེས་བོད་ཀྱི་ལྷ་འདྲེ་ཐམས་ཅད་བསྐུལ་ནས་མཐའ་མར་བསམ་ཡས་བཞེངས་མ་ཐུབ་པའི་སྐབས་སུ། སྔོན་གྱི་ཐུགས་བསྐྱེད་དུས་ལ་བབ་ཡོང་དུས། རྣམ་པའི་སྣང་ཚུལ་ལ་མཁན་ཆེན་བོ་དྷི་སྭ་ཏྭའི་ལུང་དོན་བཞིན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་ཆེན་པོ་བོད་དུ་གདན་དྲངས་ནས། བོད་ཀྱི་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་བཏུལ་ཏེ་བཀའ་བསྒོས་དམ་འོག་ལ་བཞག་མཛད་ནས། སྔར་མེད་ཆོས་ཚིགས་ཀྱི་ཡུལ་དབུས་འདིར་ཆོས་སངས་རྒྱས་ཀྱི་བསྟན་པ་དར་བ་རེད། འདི་ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ཀྱི་ནང་གི་པདྨ་དབང་གི་དཀྱིལ་འཁོར་གྱི་རྟ་མགྲིན་རོལ་བའི་ཆོས་སྐལ་ཞིག་རེད། ཀློང་ཆེན་སྙིང་ཐིག་གི་སྐབས་ལ། དྲག་མཐིང་དྲག་དམར་གཉིས་འབྱུང་བའི་ནང་གི་དྲག་མཐིང་དེ་བཀའ་བརྒྱད་ཀྱི་ཁོངས་དང་། དྲག་དམར་དེ་རྟ་ཁྱུང་དང་སྦྲགས་ནས་གསུངས་པ་རེད། ཀུན་མཁྱེན་འཇིགས་གླིང་གི་མཚན་ལ་པདྨ་དབང་ཆེན་ཞེས་ཞུ་རྒྱུ་དང་། ལུང་བྱང་གི་ནང་ན་ཐེ་བོང་ལ་རྟ་མགྲིན་གྱི་ཐུགས་སྲོག་གི་ཡི་གེ་ཧྱ་ཡིས་མཚན་པ་ཞེས་གསུངས་པ་ལྟར་དུ། ཁོང་རྟ་མགྲིན་གྲུབ་པའི་དཔའ་བོ་རེད། དེས་ཀྱང་ཆོས་སྐལ་འདི་ཐུན་མིན་བརྒྱུད་པའི་ཟབ་ཁྱད་ཁྱད་པར་ཅན་དུ་གྲུབ་ཡོད། དེས་ན་རྩ་བའི་ལྷ་དེ་གུ་དྲག རྟ་མགྲིན་རིགས་བདག བྱ་ཁྱུང་རྣམ་པར་རྒྱལ་བའི་རྒྱལ་མཚན་ནམ་གཙུག་རྒྱན་ལྟ་བུ་བྱེད་ཆོག་རྒྱུ་དང་། ཡང་འདི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཐོག་ནས་བཤད་ཡོང་ན། རྟ་མགྲིན་དང་རྡོ་རྗེ་ཁྱུང་ཆེན་གཉིས་ཀ་བསྒྲུབ་བྱའི་ལྷ་ཡིན་ན། གུ་རུ་སྒྲུབ་བྱེད་རིག་འཛིན་གྱི་ཚུལ་དུ་བྱས་པ་ནི། སྒྲུབ་བྱེད་བསྒྲུབ་བྱའི་ངོ་བོར་སོན་པ་དང་། བསྒྲུབ་བྱ་ཉིད་སྒྲུབ་པ་པོའི་རྣམ་པར་བཞེངས་པ་སོགས་ཁ་ཕར་སྐོར་ཚུར་སྐོར་གང་བྱས་ན་དོན་དུ་བསྒྲུབ་བྱ་སྒྲུབ་བྱེད་ཐ་མི་དད་པར་སྒྲུབ་པར་བྱ་བ་རེད། ཡང་དཔེ་ཞིག་གི་ཐོག་ནས་བཤད་རྒྱུ་ཡིན་ན། བསྒྲུབ་བྱའི་ལྷ་སྐུ་དེ་ཉི་མའི་ཚ་ཟེར་ལྟ་བུ་དང་སྒྲུབ་པ་པོ་ནོར་བུ་མེ་ཤེལ་བཞིན་ཡིན་ན། ནམ་མཁའི་ཉི་མ་དང་ནོར་བུ་མེ་ཤེལ་གཉིས་འདྲ་འདྲའི་བསྒྲུབ་བྱ་དང་སྒྲུབ་པོ་གཉིས་ཀས་གང་སྒྲུབ་ན་ཉི་ཟེར་གྱི་ཚ་དྲོད་མེ་ཤེལ་གྱིས་སྒྲུབ་ནས་མེ་བསྒྲུབས་པ་ལྟར་དུ། ཕྲིན་ལས་དྲག་པོའི་ལས་སྦྱོར་བསྒྲུབས་ནས་རྣལ་འབྱོར་དམ་ཆོས་བྱང་ཆུབ་སྒྲུབ་པའི་བགེགས་དང་བར་ཆད། བསྟན་ལ་འཚེ་བའི་དམ་སྲི་ཀླུ་གདོན་གྱི་རིགས་སུ་གྱུར་པ་རྣམས། ས་གཞིའི་སྤྲ་བ་སྐམ་པོ་བསྲེགས་པ་ལྟར་བྱས་ཏེ་དམིགས་མེད་དུ་སྦྱངས་པའི་དགོས་དོན་ཅན་རེད། དེ་ཡིན་ན། འདི་གཞན་ལས་ལྷག་པའི་ཕྲིན་ལས་ཟབ་མོའི་ལས་སྦྱོར་རྣོ་མྱུར་ཁྱད་འཕགས་ཀྱི་ཆོས་ཡིན་པ་གོང་དུ་བཤད་པས་ཀྱང་གསལ་བ་ལྟར་ཡིན། རེད་དེ་ཆོས་ཁྱད་འཕགས་ཡིན་ན་ཡང་གང་ཟག་གིས་ཚུལ་བཞིན་དུ་འབད་པས་མ་སྒྲུབ་ན་གཙུབ་ཤིང་ཡོད་ཀྱང་དེ་ཉིད་མ་གཙུབ་པ་ལས་མེ་མི་འབྱུང་བ་ལྟར། ནང་བསམ་གཏན་དང་རིགས་སྔགས་ཀྱི་མེ་ཡིས་ཕྱིའི་གནོད་བྱེད་ཀྱི་གདོན་བགེགས་གཞོལ་ཐུབ་ཏུ་སྲེག་པར་བྱེད་པ་ལ། མེ་ཡི་མཐུ་ཡང་སྟོབས་ཆེ་དགོས་པ་ཡིན་དུས། དབང་ཐོབ་པ་སྔོན་དུ་སོང་པའི་ལྷ་སྔགས་ལས་རུང་གི་དྲོད་ཚད་བརྙེས་ནས་སྒྲུབ་པ་མཛད་རྒྱུའི་དགོས་མཁོ་ལ་ཉེ་བརྒྱུད་ཐུན་མིན་གྱི་དབང་མཆོག་ཕྱག་བཞེས་བཞིན་དུ་འབུལ་གྱིན་ཡོད་པ་རེད། བདག་རྡོ་རྗེ་སློབ་དཔོན་དུ་རློམ་པའི་སྒྲུབ་འོས་ཀྱི་བྱ་བ་འགའ་ཞིག་སྔོན་དུ་སོང་ནས་ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་བའི་མཎྜལ་ཕྱག་བཞེས་བཞིན་དུ་ཕུལ་མཛོད། ཡང་མཚམས་འདིར། ན་མོ་བདག་དང་མཐའ་ཡས་སེམས་ཅན་རྣམས། །སོགས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་སོགས་རྗེས་ཟློས་བྱས་མཐར། འདིའི་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་སྒྲུབ་གཞུང་གི་སྐབས་སུ་འཆི་སྲིད་ཆོས་སྐུར་སྦྱོང་བའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། བར་དོར་ལོངས་སྐུར་སྦྱོང་བྱེད་ཀུན་སྣང་གི་ཏིང་ངེ་འཛིན། སྐྱེ་བ་སྤྲུལ་སྐུར་སྦྱོང་བྱེད་ལྷའི་ཕྱག་རྒྱ་ཕྲ་རགས་ཀྱི་ཏིང་ངེ་འཛིན་ཏེ། མཆོག་གི་དངོས་གྲུབ་སྒྲུབ་པའི་ཏིང་འཛིན་རྣམ་གསུམ་ཚང་བར་བྱས་ནས་གསུངས་ཡོད་པ་རེད་མོད། འོན་ཀྱང་བླ་མེད་ཐུན་མོང་ལྟར་རིམ་གྱིས་སྒོམ་རྒྱུ་ཞིག་མ་རེད། འདི་སྟོང་ཆེན་ཀ་དག་གི་ངོ་བོའི་བཞུགས་ཚུལ་དྲན་པ་ཙམ་གྱིས་དེའི་རང་མདངས་སམ་གསལ་ཆ་དེ་ཉིད་དྭངས་བའི་མཚོ་ལ་གཟའ་སྐར་རང་ཤུགས་ཀྱིས་འཆར་བ་ལྟར་དུ་རྟེན་དང་བརྟེན་པའི་འཁོར་ལོ་རྫོགས་པའི་སྒོམ་ཚུལ་རེད། དེའི་དབང་གིས། འདིར་དབང་གི་སྐབས་སུ་ཡང་ཨ་ཏིའི་མན་ངག་གི་རང་སྐད་ཐུན་མིན། ཀ་དག་སྟོང་ཉིད་ཆེན་པོའི་ངང་ལས་ལྷུན་གྲུབ་འོད་གསལ་གྱི་རང་མདངས་ཁྲག་འཐུང་བླ་མ་དྲག་པོའི་དཀྱིལ་འཁོར་སྣོད་བཅུད་དང་བཅས་པ་གསལ་བཏབ་པ་ཡིན་ན། རང་ཉིད་འཇིགས་བྱེད་པདྨ་ཧེ་རུ་ཀར་གསལ་བཏབ་དུས་བསྐྱེད་རིམ་རང་ག་བ་མ་ཡིན་པ། ཐུགས་རྗེས་སེམས་ཅན་ལ་ཁྱབ་པའི་སྐུ་མདོག་དམར་པོ། ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་རང་མདངས་དབུ་གཙུག་རྟ་ཞལ་དང་བཅས་པའི་དབང་དང་དྲག་པོའི་ཞལ་གཉིས་ཅན་ཞིག དུས་གསུམ་གཟིགས་པའི་སྤྱན་གསུམ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རལ་བ་གྱེན་དུ་བརྫེས་བ། དེའི་ཐོག་ནས་མཆེ་བ་གཙིགས་པ་གསུངས་ཡོད་པས། སྐྱེ་ཤི་རྩ་གཅོད་ཀྱི་མཆེ་བ་བཙིགས་པ། རྒྱན་དང་ཆ་ལུགས་སྐུ་ཆས་སོགས་ཀྱི་དག་དྲན་དང་། འདིའི་ཕྱག་གི་རྡོ་རྗེ་དེ་གསེར་རྡོར་རྩེ་ལྔར་བྱས་ནས་བཤད་ས་ཡོད་རེད། ཡིན་ན་ཡང་གུ་དྲག་གི་སྐབས་མ་གཏོགས་རྟ་ཁྱུང་ལ་གནམ་ལྕགས་རྡོ་རྗེ་རྩེ་དགུ་རྭ་གདེང་བ་ཞིག་ལ་སྒོམ་ན་འགྲིགས་ཡོད་རེད། བསྐལ་བའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ་འདིའི་རྡོ་རྗེ་མེའི་ཏིང་ངེ་འཛིན་གྱིས་རང་ཉིད་ཀྱི་སྒོ་གསུམ་ནུས་སྟོབས་ལྷག་པར་འབར་བ་བྱེད་རྒྱུའི་སྒོས་ཆོས་དང་ལྡན་པ་རེད། དུག་སྦྲུལ་བཅུ་གཉིས་ཞབས་མནན་དུ་བྱས་པ་དེ། རིག་པ་ཡེ་ཤེས་ཁྲོ་བོས་མ་རིག་གཏི་མུག་ལས་གྱུར་པའི་ཀླུ་གདོན་དག་ནམ་ཡང་ལྡང་པའི་གོ་སྐབས་མེད་པར་བྱས་པས་ན། ལུས་ལྡོག་འཁོར་བའི་གཞི་རྩ་ཆོད་པ། དེ་ལྟ་བུའི་དག་ཞལ་དང་བཅས་པའི་སྐུ་གསལ་དུས། གོང་དུ་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་གསུངས་འདུག་པས་ཡིག་འབྲུ་གསུམ་དང་། དེ་བཞིན་དུ་བླ་མ་དང་ལྷག་ལྷ་གཉིས་མེད་ཀྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་རབ་འབྱམས་དང་ཁྱད་པར་དུ་མངའ་ཡབ་པདྨ་འོད་གླིང་ནས། མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་རྒྱུད་སྐུལ་བ་དང་བཅས་ཏེ། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་སྐུར་བཞེངས་ནས་ལྷ་ཚོགས་འཁོར་དང་བཅས་པ་རང་གི་སྒོ་གསུམ་དང་དབྱེར་མེད་དུ་ཐིམ་སྟེ་དེ་ཉིད་བརྟན་པར་བྱས་པའི་མོས་པ་ཅན་ཞིག་རེད། འདིའི་དམིགས་པ་འདི་ལ་ཕྱག་རྒྱ་བཞི་བོ་ཚང་། ཕྱག་རྒྱ་བཞི་གང་རེད་ཟེར་ན། ཆོས་དང་དམ་ཚིག་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བཞི་བོ་རེད། དེ་ཡིན་ན་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེ་གསུམ་གསལ་བ་དེ་ཆོས་ཀྱི་ཕྱག་རྒྱ་དང་། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་རྔ་ཡབ་པདྨ་འོད་གླིང་སོགས་ན་བཞུགས་པའི་ལྷ་ཚོགས་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་དེ་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན། ཐུགས་རྒྱུད་སྐུལ་བའི་འོད་ཟེར་འཕྲོ་བ་དེ་ལས་ཀྱི་ཕྱག་རྒྱ། བདག་ཉིད་ལྷའི་རྣམ་པར་གསལ་བ་དེ་དམ་ཚིག་གི་ཕྱག་རྒྱ་ཡིན་པས་ན། དེ་ལྟ་བུའི་ཕྱག་རྒྱ་བཞི་ལྡན་གྱི་སྒོ་ནས། རྣམ་པ་གསལ་བ། རྣམ་དག་དྲན་པ། ལ་སོགས་པའི་དག་དྲན་དང་བཅས་པ་བྱེད་རྒྱུ་དེ་གལ་ཆེ་བ་རེད། མཚམས་འདིར་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་དབང་དང་། རྡོ་རྗེ་སེམས་དཔའ་ལ་རྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་དང་རྗེས་སུ་འབྲེལ་བའི་དབང་སོགས་མཐའ་རྟེན་དང་བཅས་པ་གནང་ནས་མཇུག་གྲོལ།


previousཉིན་གསུམ་པའི་དབང་དོན་ཟབ་ཁྲིད། next