Nitartha Digital Library
Tibetan
 
previousཉིན་བཞི་པའི་དབང་དོན་ཟབ་ཁྲིད། next

ཉིན་བཞི་པའི་དབང་དོན་ཟབ་ཁྲིད།

དེ་ནི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་བཀའ་བརྒྱད་རིག་འཛིན་ཐུགས་སྒྲུབ་དྲག་པོ་དཔལ་ཆེན་འདུས་པ་སོགས་རེད། འདིའི་ལོ་རྒྱུས་དབང་ཆོག་སོགས་སོང་མཐར་གྱི་འཕྲོས་དོན། དེའི་ཡན་ཆད་ལོ་རྒྱུས་དང་བཅས་པ་གསུངས་འདུག གོང་དུ་འདིའི་ལོ་རྒྱུས་ཆོག་ཁྲིགས་ཀྱི་ནང་ནས་གསུངས་པ་ལྟ་བུའི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་གདུལ་བྱའི་ཁམས་དབང་བསམ་པའི་རྗེས་འགྲོའི་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་བ་གསུངས་འདུག དེ་ཡིན་ན་ཆོས་འཁོར་རིམ་པ་གསུམ་གཙོ་བོར་བྱས་པའི་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་བ་རེད། ཡོངས་ལ་གྲགས་པ་བཞིན་དུ་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་པ་རི་དཱགས་ཅན་གྱི་ནགས་ན་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་། ཡུལ་རྒྱལ་པོའི་ཁབ་ནས་བར་བ་མཚན་ཉིད་མེད་པའི་ཆོས་འཁོར། ཡུལ་པདྨ་ཅན་ལ་སོགས་པ་ན་བཀའ་མཐའ་མ་ངེས་དོན་གྱི་ཆོས་འཁོར་གསུམ་པོ་བསྐོར་བར་མ་ཟད་ཡུལ་རྒྱལ་པོའི་ཁབ་ནས་ལྷ་མིར་དགེ་བཅུའི་ཆོས་འཁོར་བསྐོར་བ་དང་། ཡུལ་མ་གྷ་དྷ་ནས་རང་རྒྱལ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་འཁོར་བསྐོར་བ་ལ་སོཊ་པ། གང་གསུང་བྱ་ཆོས་ཀྱི་རྣམ་གྲངས་ཚད་མེད་པ་ཞིག གསུང་ཡུལ་གནས་ཀྱི་ཐད་ནས་དང་གསུང་བ་པོ་སྐུའི་རྣམ་པའི་ཐད་ནས་ཀྱང་གཅིག་ཏུ་མ་ངེས་པར་གསུངས་བ་རེད། ཡིན་ན་ཡང་གསུང་བའི་དོན་གྱི་ཐད་ནས་ཆོས་འཁོར་རིམ་པ་གསུམ་གྱི་ནང་ལ་མ་འདུས་པ་མེད། དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུས་གསུངས་ཡོད་པ་འདི་ཁྱབ་ཆེ་བའི་དགོས་དོན་སྐབས་ཀྱི་འཆད་བྱ་དང་འབྲེལ་བ་ཡིན་དགོས་པས། དཔེར་ན། ཐེག་ཆེན་རྒྱུ་འབྲས་ཀྱི་ཐེག་པ་ཞེས་གསུངས་པ་ལྟ་བུ་རེད། འདི་ལ་ཞིབ་ཆ་བྱས་ན་དང་པོ་ཐུན་ཁྱད་གཉིས་ཕྱེ། ཐུན་མོང་པ་ལྷ་མི་ཉན་རང་གི་ཐེག་པ་དང་ཁྱད་པར་བ་ཐེག་པ་ཆེན་པོར་ངེས་པའི་སྟེང་ནས། དེ་ལ་རྒྱུ་འབྲས་གཉིས་སུ་ཕྱེས་ཏེ་དབུ་སེམས་ཀྱི་དགོངས་པའི་རྣམ་བཞག་ཅན་གྱི་བཀའ་དང་བསྟན་བཅོས་ཐམས་ཅད་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ། སྔགས་ཕྱི་ནང་གི་རྒྱུད་གཞུང་དགོངས་འགྲེལ་དང་བཅས་པ་ལ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་གསུངས་བ་རེད། དེ་ཡིན་ན་ཐེག་པ་རིམ་དགུ་ལ་ཕྱེས་པའི་ནང་གི་ལྷ་མི་དང་ཉན་རང་གི་ཐེག་པ་གང་ཞིག་ཆོས་འཁོར་རིམ་གསུམ་གྱི་ནང་དུ་འདུས་ཟེར་མ་ཐག་ལ་ཐེག་ཆེན་རྒྱུ་ཡི་ཐེག་པ་མིན་ན། གང་ཡིན་སྙམ་ན། སྤྱིར་ན་ཐེག་པ་ཞེས་པ་འདི། ཡ་ནའི་སྒྲ་ལས་དྲངས་ཡོང་དུས་ཐེག་པའམ་བཞོན་པ་ལ་འཇུག་པའི་གོ་དོན་དང་སྦྱར་ནས་གསུངས་ཡོད་པ་རེད། ལམ་གང་ནས་གང་དུ་བགྲོད་པར་བྱ་བའི་ཆ་ནས་ཐེག་པ་ཞེས་བཏགས་པ་ཡིན་མོད། དོན་ལ་ཆོས་མི་འདྲ་བའི་རིམ་པ་དགུ་ཞིག་ཁ་ཁ་རུ་ཡོད་པ་མ་རེད། སྐས་ཐེམ་གྱི་རིམ་པ་མི་འདྲ་ན་ཡང་དོན་ཐམས་ཅད་སྐས་ཡིན་པར་འདྲ་བ་ལྟར་རེད། མཐར་འབྲས་བུ་སངས་རྒྱས་སུ་ཕྱོགས་པ་ལ་ས་གཞིའི་ཆུ་ཀླུང་ཆེ་ཆུང་ཐམས་ཅད་རྒྱ་མཚོར་འབབ་པ་དང་གཅིག་མཚུངས་ཡིན་དགོས་པས། མངོན་མཐོ་སྒྲུབ་བྱེད་གསུང་རབ་ཐམས་ཅད་ལ། ཐར་བ་སྒྲུབས་པ་ལ་ལྷ་དང་མིའི་རྟེན་བཟང་དགོས་པའི་རྒྱུ་མཚན་གྱིས་སྐྱེས་བུ་ཆུང་ངུའི་ལམ་དང་། འཁོར་བ་ལས་ཐར་བའི་ཉན་རང་སྐྱེས་བུ་འབྲིང་གི་ལམ་དེ་ཡང་ཐུན་མིན་གྱི་ལམ་སྟེགས་སུ་གྱུར་པས་ན་ཐུན་མོང་གི་ལམ་ཞེས་གསུངས་པ་རེད། རྣམ་མཁྱེན་སངས་རྒྱས་ཐོབ་པ་ལ་དེ་དག་གི་རང་འབྲས་མཐར་ཕྱིན་ནས་ཐེག་ཆེན་ལ་འཇུག་དགོས་པས་ཐེག་ཆེན་གྱི་ཁོངས་སུ་བསྡུ་རུང་ཞིང་འདུས་པ་ཞིག་ཡིན། ཉན་རང་གི་ཐེག་པས་ཐར་བའི་ཆ་ཤས་ཤིག་བསྟན་པ་ཡིན་ཡང་རྣམ་གྲོལ་གྱི་ལམ་འབྲས་རྫོགས་པར་མ་བསྟན་པས། དེ་ཉིད་རྫོགས་པར་བསྟན་པའི་ཐེག་ཆེན་ལ་ད་གཟོད་འཇུག་དགོས་པ་རེད། དེ་བཞིན་དུ་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཕྱི་རྒྱུད་གསུམ་པོའི་སྐབས་ནས་མཐར་ཐུག་གི་འབྲས་བུའི་རྣམ་བཞག་བསྟན་ཡོད་ཀྱང་བགྲོད་བྱེད་ཀྱི་ལམ་ཁྱད་པར་བ་ཆ་ཚང་མ་བསྟན་ལ་སྔགས་བླ་མེད་ཀྱིས་དེ་དག་ཆ་ཚང་བསྟན་པས། འོག་མའི་ལམ་འབྲས་ཀྱི་རྣམ་པ་ཐམས་ཅད་གོང་མ་ལ་ཚང་ཞིང་གོང་མའི་ཐུན་མིན་གྱི་ཁྱད་ཆོས་འོག་མ་ལ་མེད་པ་དེ་ལྟར་དུ། ནང་རྒྱུད་ཡོ་ག་རྣམ་གསུམ་བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་གསུམ་ལ། རྣལ་འབྱོར་ཆེན་པོ་དང་རྣལ་འབྱོར་མཆོག་གི་རྒྱུད་ཀྱི་དབྱེ་རིམ་གྱིས་ཕྱེས་ནས། འོག་མ་གོང་མར་འདུས་ཤིང་གོང་མས་འོག་མ་ལ་ཁྱབ་པའི་རྒྱུ་མཚན་དེས། ཐེག་རིམ་དགུ་རུ་དབྱེ་རུང་ཞིང་ཐེག་པ་གཅིག་གི་འབྲས་བུ་གནས་པའི་དབྱེ་བསྡུས་གནད་གཅིག་ལ་འབབ་ལུགས་ཀྱང་དེ་ལྟར་ངེས་དགོས། དེ་ལྟར་ན། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྔགས་ཕྱི་བ་གསུམ་དང་བཅས་པ་དེ་རིང་ལམ་དང་། སྔགས་བླ་མེད་འབྲས་བུའི་ཐེག་པ་ཉེ་ལམ་མཚན་ཉིད་པ་ཡིན་པར་གྲུབ་པའི་ཞོར་ལ། དྲང་བའི་ཐབས་དང་ངེས་དོན་མཐར་ཐུག་གི་གོ་དོན་ཡང་རང་ཤུགས་ཀྱིས་རྙེད་ཡོང་། དེ་ཡིན་ན། ཐེག་པ་འདི་ཐེག་པ་འོག་མ་ལས་ཇི་ལྟར་ཁྱད་པར་འཕགས་ཚུལ་ནི། ཐབས་དང་ཤེས་རབ་ཀྱིས་འཕགས་ལ་འདིའི་མཚན་གྱི་རྣམ་གྲངས་ལྔ་ཡི་སྒོ་ནས་ཀྱང་དོན་གྱི་ཁྱད་པར་འབྱེད་ཡོད། དེ་ནི། གསང་སྔགས་ཀྱི་ཐེག་པ་གསུངས་བ་དང་གཅིག ཐབས་ཀྱི་ཐེག་པ་གསུངས་པ་དང་གཉིས། རྡོ་རྗེ་ཐེག་པ་གསུངས་པ་དང་གསུམ། འབྲས་བུའི་ཐེག་པ་གསུངས་པ་དང་བཞི། དེའི་སྟེང་ལ་མི་མཉམ་པ་དང་མཉམ་པའི་ཐེག་པ་དང་ལྔ་རེད། དེའི་ནང་ནས་གསང་སྔགས་གྱི་ཐེག་པ་གསུངས་པའི་སྐབས་སུ།

གབ་སྦས་ཀྱི་གསང་བ་དེ་ཐབས་ཀྱི་ནུས་པ་ཁྱད་པར་འཕགས་པའི་སྔགས་གསུངས་བ་འདྲ་ཞིག་རེད། ཡེ་གསང་ཐབས་ཀྱིས་སྤྱོད་པའི་གབ་པ་དང་འོག་མ་ལ་ཇི་བཞིན་དུ་མ་གསུངས་པའི་སྦས་པའི་གསང་བ་དེ། ཡེ་ཤེས་བདེ་མྱུར་དུ་སྐྱོབ་པའི་སྒྲུབ་བྱེད་ཐབས་ཀྱི་མཆོག་དུ་གྱུར་བ་ཡིན་པ་དང་། འགྲུབ་སླ་བ་ཡིན་པས་སྔགས་གསུངས་པ་རེད། དེ་གསང་སྔགས་ཀྱི་ཐེག་པ་རེད། ཐབས་ཀྱི་ཐེག་པ་གསུངས་ན། ཐབས་ཀྱི་ཐད་ནས་ཐབས་ཆེ། ཐབས་སླ། ཐབས་མང་། ཐབས་མྱུར་བ་ལ་སོགས་པ་ཡིན། དེ་ཡིན་ན་ཐབས་ཆེ་སྟེ། འདིའི་ལམ་གནད་དང་ལྡན་སོང་ན་ཀུན་ཉོན་དང་རྣམ་བྱང་གི་ཆོས་ཐམས་ཅད་ཚོགས་ཆེན་རྫོགས་པའི་རྒྱུ་རུ་འགྱུར་ཐུབ་རྒྱུ། ཐབས་སླ་སྟེ། དཀའ་ཐུབ་དྲག་པོས་དུས་རིང་ལ་གཟིར་མི་དགོས་པར། ཐབས་མང་སྟེ། ཉོན་མོངས་གཉེན་པོས་ནོན་མི་ནོན་བྱེད་མི་དགོས་པར་དེ་ཉིད་ཀྱིས་དེ་ཉིད་གྲོལ་བའི་ཐངས་མང་པོ་ཡོད་པ་ཡིན། ཐབས་མྱུར་བ་ཡང་ཡིན། ཐོག་མེད་ཀྱི་དུས་ནས་གོམས་པའི་སྤྲོས་པའི་བག་ཆགས་བཟློག་རྒྱུ་ལ་མྱུར་བ་ཡིན། ཚེ་འདིའི་ཐོག་ནས་སངས་རྒྱས་ཏེ་རྣམ་སྨིན་ངན་པ་ལས་བཟློག་པས་ན་མྱུར་བ་ཡིན། དེ་དང་ཆབ་གཅིག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་ཡིན་པས་ན་དེ་ཡང་མྱུར་བ་རེད། རྡོ་རྗེའི་ཐེག་པ་གསུངས་ན། རྡོ་རྗེ་དེ་མི་འགྱུར་མི་ཤིགས་པའི་བདག་ཉིད་ཅན་ཞིག་རེད། ཀུན་རྫོབ་སྒྱུ་མའི་ཆོས་ལ་བླང་དོར་དུ་སྤྱོད་པ་མི་གནས། དོན་དམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མི་ཕྱེད་པར་སྦྱོར་བས་ན་རྡོ་རྗེའི་ཐེག་པ་གསུངས་བ་རེད། ད་ནི་འབྲས་བུའི་ཐེག་པ་རེད། འབྲས་བུ་ཐོབ་བྱ་ཞིག་གཞན་ནས་འཚོལ་མི་དགོས་པར་གཞི་ཉིད་འབྲས་བུའི་ངོ་བོར་གནས་པས། འབྲས་བུ་ད་ལྟ་ནས་ལམ་དུ་བྱེད་ཆོག་པས་འབྲས་བུའི་ཐེག་པ་གསུངས། རྗེས་མ་དེ་མི་མཉམ་པ་དང་མཉམ་པའི་ཐེག་པ་རེད། མི་མཉམ་པ་ནི་སངས་རྒྱས་དང་སེམས་ཅན་གཉིས་རེད། འབྲས་བུ་ལམ་བྱེད་གསང་སྔགས་འཛིན་པའི་གང་ཟག་ནི་དེ་དག་དང་དགོངས་སྤྱོད་མཉམ་པའི་ཕྱིར་ན་མི་མཉམ་པ་དང་མཉམ་པའི་ཐེག་པ་གསུངས་བ་རེད། ད་དེ་ལྟ་བུའི་ཁྱད་པར་འཕགས་པའི་འཕགས་ཆོས་དང་ལྡན་པའི་སྟབས་ཀྱིས། ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ཞིག་དང་ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཞིག་དང་། ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ཞིག་གི་གསུམ་ཡོད། དེའི་ནང་ནས་འདི་ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་རེད། དེ་ཡིན་ན། ཁྱད་པར་དེ་ལྡན་གྱི་སྔགས་བླ་མེད་ཡིན་ན། རང་བྱུང་གི་ཡེ་ཤེས་ལ་རིམ་དང་གཅིག་ཆར་དུ་འཇུག་པའི་ཐབས་ཀྱི་ཁྱད་པར་གྱིས་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་གྲགས་པ། དེ་ཐམས་ཅད་ཀྱི་ཐུན་མོང་ལ་སྣང་སྲིད་ཡེ་སངས་རྒྱས་པའི་རང་བཞིན་དུ་ལྟ་བའི་ལྟ་བ་དེ་དང་ཚུལ་མཐུན་པའི་སྒོམ་སྤྱོད་གཉིས་ཀ་དབང་དང་དཀྱིལ་འཁོར་སོགས་ཀྱང་དོན་གཅིག་ལ་གནད་འདུས་པ། སྣང་བ་ལྷར་སྒྲུབ། ཡུལ་ཅན་ཡེ་ཤེས་སུ་བསྒྲུབས་ནས་བསྐྱེད་རྫོགས་གང་ཉམས་ལེན་གྱི་སྒོར་ཞུགས་ན་ཡང་། ལྟ་སྤྱོད་རོལ་རྟགས་གསུམ་གསུངས་བ་རེད། ལྟ་སྤྱོད་རོལ་རྟགས་གསུམ་གསུངས་ན། ལྟ་བས་ཐག་གཅོད་སྒོམ་པས་ལ་དོར། རྡོ་རྗེ་རོལ་བའི་རྟགས་ལ་གནས་པའི་ཐབས་ཤེས་གཉིས་མེད་ཀྱི་གདིང་གིས་ས་བཟུང་ནས་དེའི་གྲུབ་མཐའ་དེ་ལས་མི་འདའ་པ་རེད།

འདི་ནས་རྡོར་སེམས་སྙིང་གི་མེ་ལོང་གི་ནང་རྒྱུད་སྡེ་གསུམ་གཞི་ལམ་འབྲས་གསུམ་དང་སྦྱར་བའི་ལུང་དྲངས་པའི་དེ་མ་ཐག་ལ། མ་ཧཱ་ཡོ་ག་ནི་སྔགས་ཀྱི་ཐེག་པའི་གཞི་ལམ་འབྲས་བུའི་དོན་ཐམས་ཅད་སྟོན་པའི་ཐེག་པའི་ཕྱི་མོ་ལྟ་བུ་ཡིན་གསུངས། དེ་གསུངས་པའི་གོ་དོན། རྫོཊ་ཆེན་ཨ་ཏི་ཡོ་ག་ལ་གསུམ་གསུམ་དགུ་རུ་ཕྱེ་བའམ་ཡང་ན་མདོ་སྒྱུ་སེམས་གསུམ་ལ་ཕྱེས་སོང་ན། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་དགོངས་པ་ལྟར་དུ། བསྐྱེད་རྫོགས་གཉིས་སུ་མེད་པའི་སེམས་དང་ཡེ་ཤེས་སུ་རང་སྣང་བའི་དཀྱིལ་འཁོར་བསྟན་པ་སྤྱི་རྒྱུད་དང་། བསྐྱེད་པ་དང་རྫོགས་པ་ལ་མི་ལྟོས་པའི་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་སེམས་ཀློང་གི་སྡེ་གཉིས་ཀྱི་རྒྱུད། ཡེ་ཤེས་རང་སྣང་བའི་ངོ་བོ་སངས་རྒྱས་པའིརང་བཞིན་དུ་བསྟན་པ་མན་ངག་སྡེའི་རྒྱུད་རྣམས་ཀྱི་ནང་གི། འདི་དང་པོ་བསྐྱེད་རྫོགས་གཉིས་སུ་མེད་པ་སེམས་དང་ཡེ་ཤེས་སུ་རང་སྣང་བའི་དཀྱིལ་འཁོར་བསྟན་པ་མ་ཧཱའི་ཨ་ཏི་ལྟར་དུ་བཀྲལ་བའི་སྤྱི་རྒྱུད་ལ་བཞག་ཡོད་པ་རེད། རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཡི་དམ་དྲག་པོ་དཔལ་ཆེན་འདུས་པའི་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ནས་སྨིན་བྱེད་དབང་གི་རིམ་པ་གསུངས་པ་དང་སྦྱར་ན། འབྲེལ་བ་གྲུབ་ཡོད་པ་རེད་། འདི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཕྱེས་པའི་ནང་གི་ཕྱི་མ་ལྟར་དུ་གསུངས་རྒྱུ་འདི་ཡང་། གཙོ་ཆེ་བའི་ཆ་ནས་གསུངས་པ་རེད། སློབ་དཔོན་པདྨ་ཀ་རའི་རྗེས་སུ་འབྲངས་ཡོང་དུས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་འདི་རྒྱུད་ལུང་མན་ངག་གསུམ་ལ་གསུངས་པའི་མན་ངག་གི་སྐབས་དེར། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་གསང་སྔགས་ལུང་གི་བང་མཛོད་དང་། གསང་སྔགས་བཀའ་ཡི་ཐ་རམ། དེའི་སྟེང་ལ་གསང་སྔགས་བཀའ་ཡི་ལྡེའུ་མིག་དང་རྣམ་པ་གསུམ། ད་རུང་ཀ་མགོ་རྣམ་པ་གཉིས་ཡོད་པ་རེད། གསང་སྔགས་ལུང་གི་བཀའ་མགོ་དང་སྒྲུབ་པ་ལུང་གི་ཀ་མགོ་རྣམ་པ་གཉིས་ཏེ་ཕྱིའི་སྡོམ་ལྔ་བོ་དེས་ཁོག་ཕུབ་དུས། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། དག་ལྟོས་ནས་སྒྲུབ་ཐབས་ཀྱི་སྦྱོར་ལུགས་རྣམ་པ་ལྔ་དང་སྦྱར་ཡོང་དུས། རྒྱུད་སྡེ་དང་སྒྲུབ་སྡེ་མ་འབྲེལ་བ་ཞིག་དང་། རྒྱུད་སྡེས་སྒྲུབ་སྡེ་ལ་མ་ཁྱབ་པ་ཞིག་མེད། དེའི་ཐད་ཀྱི་ཆོས་བརྒྱུད་འདིའི་གོང་མ་རྣམ་པའི་གསུང་སྒྲོས་དང་བསྟུན་ན། རྒྱུད་སྒྲུབ་ཐབས་དང་འབྲེལ། སྒྲུབ་ཐབས་མན་ངག་དང་འབྲེལ། མན་ངག་ཆོག་ཁྲིགས་དང་འབྲེལ། ཆོག་ཁྲིགས་ཕྱག་བཞེས་དང་འབྲེལ། ཕྱག་བཞེས་ཕྲིན་སྒྲུབ་དང་འབྲེལ་བ་གསུངས་ཡོད་པ་རེད། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་ལ་བརྟེན་ནས། ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག་འདི། ཟུག་པ་རྩ་བ་ལྟ་བུ། འདྲིལ་བ་སྡོང་བོ་ལྟ་བུ། གྱེས་པ་ཡལ་ག་ལྟ་བུ། གསལ་བ་མེ་ཏོག་ལྟ་བུ། སྨིན་པ་འབྲས་བུ་ལྟ་བུ་དང་། འབྲས་བུ་བཅུད་ཀྱི་དྭངས་མ་ལྟ་བུ་སོགས་ལ་དཔེ་བཞག་ནས། བདེ་གཤེགས་རྒྱལ་བ་ཞི་ཁྲོའི་བཅུད་དྲིལ་བྱུང་བ་དང་། གསང་བ་དེ་ཁོ་ན་ཉིད་ཡེ་ཤེས་ལྔ་སྒྲུབ་པས་རྩ་བ་དང་ཡན་ལག་ལྔ་བསྒྲུབ་ཚུལ་བསྟན་པར་མ་ཟད། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་དུ་སྒྲུབ་པ་དང་། ནང་ཕུང་པོའི་དཀྱིལ་འཁོར་ལ་བརྟེན་ནས་རྫོགས་པ་ཨ་ནུ་ཡོ་ག་ལྟར་དུ་སྒྲུབ་པ། གསང་བ་རིག་པ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྫོགས་ཆེན་ཨ་ཏི་ཡོ་ག་ལྟར་དུ་སྒྲུབ་པ་དག་དང་། ད་རུང་དེ་ཁོ་ན་ཉིད་དང་ཕྲིན་ལས་ཡོངས་རྫོགས་གཉིས་ཀ་ཡོད་པ་རེད། དེ་ཁོ་ན་ཉིད་ལམ་གྱི་རིམ་པ་ལ་བརྟེན་ཏེ་བསྐྱེད་རྫོགས་ཟུང་འབྲེལ་དུ་སྒྲུབ་པ་དང་། ཕྲིན་ལས་ཡོངས་རྫོགས་ལ་བརྟེན་ནས་སྒྱུ་ལུས་ལྷ་སྐུར་ངོ་སྤྲོད་པའི་རྩ་བ་ལྔ་བོ་དེ་ལ་བརྟེན་ཏེ་ཡན་ལག་ལྔ་ལྔ་ཉེར་ལྔ་ལ་སོགས་པ་མང་པོར་ཡོད། དེ་ལྟ་བུའི་རྒྱུད་ལུང་མན་ངག་གི་གསང་མཛོད་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཟབ་ཆོས་འདི། ཆོས་དབྱིངས་དོན་གྱི་འོག་མིན་ན་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད། རང་སྣང་ཆེ་མཆོག་ཧེ་རུ་ཀའི་སྐུར་བཞེངས་ནས། ཡོངས་སུ་དག་པའི་འཁོར་རྣམས་ལ་རྡོ་རྗེའི་ཚིག་ཏུ་གསུངས་པ་རྣམས། རྡོ་རྗེ་ཆོས་ཀྱིས་བསྡུས་པ། སྡུད་པ་པོའང་ང་ཆོས་ཀྱང་ང་། ཞེས་གསུངས་པ་ལྟ་བུའི་བརྗོད་མེད་སྒྲ་ཚིག་ལས་འདས་པའི་དོན་དེ་ཟད་མེད་སྣང་བ་ཡིད་བཞིན་རིན་པོ་ཆེའི་རྫུ་འཕྲུལ་གྱི་ཡི་གེར་ཤར་བ་དེ། རིན་པོ་ཆེ་སྣ་ཚོགས་གྱི་སྒྲོམ་དུ་བཅུག་ནས་གོང་དུ་གསུངས་བ་ལྟ་བུའི་མཆོད་རྟེན་བདེ་བྱེད་བརྩེགས་པ་ན་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་འཁོར་དང་བཅས་པ་ལ་གཏད་པ་རེད། ཕྱིས་མི་ཡུལ་དུ་གདུལ་བྱའི་དུས་ལ་བབས་ཡོང་དུས་དཔལ་ཆེན་ཀུན་བཟང་ཧེ་རུ་ཀ་དང་གཉིས་སུ་མ་ཡིན་པའི་རིག་འཛིན་གྱི་རྒྱལ་པོ་ཀུ་ཛ་རཱའི་ཐུགས་ཡེ་ཤེས་ལྔ་ཡི་སྟེང་ལ། མཐའ་གྲོལ་ཡེ་ཤེས། དབྱིངས་གྲོལ་ཡེ་ཤེས། ཀློང་གྱུར་ཡེ་ཤེས་དང་། འདའ་དཀའ་ཡེ་ཤེས་བཞི་པོ་བསྣན་ན་ཡེ་ཤེས་དགུ་རེད། དེ་ལྟ་བུའི་ཡེ་ཤེས་ཀློང་དགུའི་རང་རྩལ་ཧཱུྃ་དཀར་འཇམ་དཔལ་བཤེས་གཉེན་ལ་སོགས་པའི་བཀའ་བབ་ཀྱི་རིག་འཛིན་བརྒྱད་དང་། རྒྱལ་དབང་པདྨ་ཐོད་ཕྲེང་རྩལ་དང་དགུ་རུ་སྣང་བ་ལ་སྨུག་ནག་དབང་གི་མཁའ་འགྲོ་མའམ་དབྱིངས་ཕྱུག་ཨེ་ཀཱ་ཛ་ཊྲཱི། མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེ་དང་གཉིས་སུ་མ་མཆིས་པ་དེའི་བཀའ་འབངས་ན་བཞུགས་པའི་ལས་བྱེད་མཁའ་འགྲོའི་ཚོགས་ཀྱིས་སྒྲུབ་ཆེན་བརྒྱད་ཀྱི་གཏེར་སྒྲོམ། གསེར། དངུལ། ཟངས། ལྕགས། གཟི། མཆོང་། གཡུ། བསེ་སྒྲོམ་ལ་སོགས་པར་གསུངས་པ་རེད། དེའི་བརྒྱད་པོ་དེ་སློབ་དཔོན་བརྒྱད་ལ་གཏད་ནས་ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་པོའི་ཆོས་སྐོར་རེ་རེ་བཞིན་དུ་སོ་སོ་ལ་ཕུལ་བ་ཡིན། དེ་དག་ལས་རིན་ཆེན་སྣ་ལྔའི་སྒྲོམ་བུའི་ནང་གི་བཀའ་བརྒྱད་དཀྱིལ་འཁོར་གཅིག་ཏུ་གྲུབ་པའི་ཆོས་སྐོར་དེ་དཔལ་དགུ་སྤྱིའི་བཀའ་བབས་པདྨ་འབྱུང་གནས་ཀྱི་ཕྱག་ལ་ཕུལ་བ་རེད། གཞན་ཡང་འདི་ནས་བྱུང་བ་ལྟར་དུ་རྒྱལ་དབང་པདྨ་ཀ་རས་བྱེ་བྲག་གི་སྒོས་རྒྱུད་དང་སྒྲུབ་ཐབས་བྱེ་བྲག་པ་སོགས་སློབ་དཔོན་སོ་སོའི་མདུན་ནས་གསན་ཏེ་གོ་འཕང་མཐོན་པོར་གཤེགས་ཚུལ་བསྟན་པ་ཡང་ལོ་རྒྱུས་ཀྱི་ནང་ནས་གསལ་བ་ལྟར་དུ་རེད། གང་ལྟར་ཡང་འགལ་བ་མེད། སློབ་དཔོན་ཆེན་པོས་གསང་སྔགས་ཆུ་བོ་བཞིའི་དབང་གི་བཀའ་བབས་བརྙེས་ནས་རིག་འཛིན་རྣམ་བཞིའི་མྱུར་ལམ་མཐར་ཕྱིན་སོང་བ་རེད། དེའི་དབང་གིས་གུ་རུ་རིན་པོ་ཆེ་བོད་ཡུལ་མུན་པའི་གླིང་དུ་བྱོན་ནས་མདོ་སྔགས་ཆོས་ཀྱི་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བའི་སྐབས་སུ་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་ནས་སྐལ་ལྡན་སྙིང་གི་བུ་དགུ་ལ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་དུས། བདེ་གཤེགས་ཡོངས་རྫོགས་ཀྱི་བཀའ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གམ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་བབས་ནས་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བདག་པོར་གྱུར། ཕྱི་རབས་གདུལ་བྱའི་དོན་དུ་གཏེར་རིགས་བཅོ་བརྒྱད་དུ་ཕྱེས་ནས་བོད་ཡུལ་མཐའ་དབུས་ཀུན་ཏུ་སློབ་དཔོན་ཆེན་པོ་རྗེ་འབངས་གྲོགས་གསུམ་དང་བཅས་པས་གཏེར་དུ་སྦས་པ་རེད། དེ་ལྟར་གཏེར་དུ་སྦས་པའི་བཀའ་གཏེར་ཐམས་ཅད་ཀྱི་ཡང་སྙིང་བཀའ་བརྒྱད་རྣམ་གསུམ་ཞེས་གྲགས་པ་རེད། གོང་ནས་གསུངས་པ་ལྟ་བུའི་མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་རྫོང་འཕྲང་དང་ཉང་གི་བཀའ་བརྒྱད་སྡེ་འདུས། འགུ་རུ་ཆོས་དབང་གི་བཀའ་བརྒྱད་གསང་རྫོགས་ལ་སོགས་བཀའ་སྲོལ་རྒྱས་བསྡུས་སྣ་ཚོགས་བྱུང་བ་རེད། སྤྱིར་ན་གསང་སྔགས་གྱི་ཆོས་འདི་མུན་པ་ཅི་ཙམ་ནག་ཀྱང་མར་མེ་དེ་ཙམ་གསལ་བ་བཞིན། དུས་ཇི་ལྟར་སྙིགས་ཀྱང་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་མྱུར་བ་རེད། ཁྱད་པར་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་འདི། གོང་ནས་གསུངས་པ་ལྟར་ཤེས་པ་ཙམ་གྱིས་ཆོག་ཅིང་དྲན་པ་ཙམ་གྱིས་ལམ་སྣ་འདྲེན་པ་དེ། རྒྱུད་ཀྱི་ལུང་དྲངས་མ་ཐག་པ་ལྟར་དུ་རེད། དེ་རིང་ཁར་སང་གི་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་ཚོད་ལ། རྒྱུ་ཉོན་མོང་དུག་ལྔ་ནང་ནས་བརྡོལ་བའི་དབང་གིས་འབྲས་བུ་ནད་མཚོན་ལ་སོགས་འཇིགས་ཤིང་ཉམ་ངའི་བསྐལ་བ་ཕྱི་ནས་ཚེས་དུས་དང་། ཁྱད་པར་སྨོན་ལམ་ལོག་པའི་རྒྱལ་བསེན་ནང་མིའི་སེམས་ལ་ཞུགས་ནས་སྐྱེ་འགྲོའི་ཤེས་རྒྱུད་བགེགས་ཀྱིས་རློམས། ཡང་སྒོས་བླ་དཔོན་མི་ཆེན་གྱི་ཁོག་ལ་ཞུགས་ནས་བསྟན་སེལ་སྡེ་འཁྲུགས་བསླངས། ཆོས་བཞིན་སྤྱོད་པ་ལ་བར་ཆད་བདུད་ཀྱིས་འཚེ་བ་རླུང་ལྟར་འཚུབས་དུས་བྱིན་རླབས་དང་ཐུགས་རྗེ་ལྷག་པར་མྱུར་བ་དེ། དུས་སྙིགས་མའི་སྐྱབས་གཅིག་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྔོན་ཐུགས་བསྐྱེད་ཀྱི་མཐུ་བདོ་བས་རེད། དེའི་སྟབས་ཀྱིས་དེང་གི་དུས་འདིར་རིས་མེད་བསྟན་པའི་མངའ་བདག་ཆེན་པོ་ཚོས། སློབ་དཔོན་ཆེན་པོ་དུས་ངན་གྱི་འཚེ་བ་ཞི་ཞིང་རྒྱ་བསེན་དམ་སྲིའི་ཁ་གནོན་ཡིན་དུས། ཆེད་དུ་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་རྒྱུ་ལན་གཅིག་མ་ཡིན་པའི་བཀའ་ལུང་གནང་རྒྱུ་དེ་ཡང་། དུས་བབས་ཀྱི་གནད་ཁྱད་པར་ཅན་ལ་གཟིགས་ཡོད་པས་རེད། གསང་སྔགས་བཀའ་གཏེར་གྱི་རྒྱུད་ཐམས་ཅད་ལས་ཀྱང་དུས་བབས་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་འདི། འཛམ་གླིང་ས་གཞིའི་ཁྱོན་ལ་མ་ཁྱབ་པར་མེད་པའི་ཕྲིན་ལས་ཀྱི་འཇུག་པ་མྱུར་བའི་དབང་གིས་བརྒྱུད་པ་ཐམས་ཅད་ལས་ཀྱང་འདི་ལྷག་པར་དུ་འགྲོ་དོན་ཆེ་བཞིན་ཡོད་པ་རེད། གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ལུང་དོན་གོང་ནས་བྱུང་བ་བཞིན་དུ། མཐའ་ཡི་རྒྱ་འདྲེ་འབྱུང་པོའི་ཁ་དར། དབུས་ཀྱི་སྨོན་ལོག་དམ་སྲི་རང་ཁོང་ནས་ལྡང་། བདུད་དམ་སྲི་ཆེ་དགུའི་སྙིང་ལ་ཞུགས་ནས་ཕུང་པའི་སྐབས་སུ་གཉེན་པོ་སྟོབས་ཀྱི་ལྷ་ཕལ་བ་ཞིག་གིས་འདུལ་མི་ཐུབ། ཕྱི་ལྟར་བྱང་སེམས་ནང་རིག་འཛིན། །གསང་བ་དྲག་གཏུམ་འབར་བའི་ལྷ། །བདེ་གཤེགས་མངོན་རྫོགས་སྒྲུབ་སྡེ་བརྒྱད། །དཔལ་ཆེན་འདུས་པའི་སྒྲུབ་པ་འདིས། །ལོག་འདྲེན་འདུལ་བ་ཐེ་ཚོམ་མེད། །ཅེས་གསུངས་པ་འདི་ནི། གནད་བྱང་ཐུགས་ཀྱི་སྒྲོམ་བུའི་གཏེར་ལུང་སོགས་ལས་ཡིན་ཡང་། མགྲིན་དབྱངས་གཅིག་གྱུར་གྱིས་ལུང་བསྟན་པ་རེད། དེ་ལྟར་ལུང་བསྟན་པའི་ཆེ་མཆོག་བདུད་རྩིའི་བཀའ་བབས་པཎ་ཆེན་བི་མ་མི་ཏྲ་དང་། བདེ་གཤེགས་འདུས་པའི་བཀའ་བབ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་མཆོག བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཀའ་བབ་རྒྱལ་སྲས་ལྷ་རྗེ་སོགས་ཀྱི་ཐུགས་རྗེའི་རང་གཟུགས། ཐུགས་བསྐྱེད་དང་སྨོན་ལམ་གཅིག་བསྡུས་གངས་ཅན་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའམ་མཚན་སྦྱར་ན་པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེའི་དགོངས་ཀློང་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པའི། སྔ་འགྱུར་བཀའ་གཏེར་དག་སྣང་དང་བཅས་པའི་སྙིང་པོ་གཅིག་བསྡུས། དགུ་ལྡན་བརྒྱུད་པའི་བྱིན་རླབས་ཀྱི་བབས་སོ་མ་ཉམས། ཕྱི་རབས་གདུལ་བྱའི་དོན་ལ་བསྟན་པའི་བཙས་ཆེན་པོར་བཞག་པ་དེ་ཉིད་ལ། འདི་ལ་རྩ་བ་དང་ཡན་ལག་གཉིས་ཕྱེས་པའི་རྩ་བ་གང་རེད་ཟེར་ན་སྒྲུབ་པ་བཀའ་བརྒྱད་པོ་དཀྱིལ་འཁོར་གཅིག་ལ་ཆིག་སྒྲིལ་དུ་བསྒྲུབ་པའི་དེ་རིང་བསྐུར་རྒྱུའི་དབང་འདི་དང་། ཡན་ལག་རྟ་མགྲིན་ཁམས་གསུམ་རོལ་བ། གཤིན་རྗེ་འཆི་བདག་ཟིལ་གནོན། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན་ཏེ་ཁྲག་འཐུང་དཔལ་ཆེན་རིགས་བཞིའི་སྒོས་དབང་དང་བཅས་པའི་དབང་བསྐུར་གྱི་རིམ་པ་འབྱུང་བ་ལས། འདི་ནས་སྔ་མ་དཔལ་ཆེན་དྲག་པོ་བཀའ་བརྒྱད་ཀྱི་རྩ་དབང་བསྐུར་བའི་སྐབས་སུ་བབ་པ་རེད། འདི་ལ་ཡང་སྟ་གོན་དང་དངོས་གཞིའི་དབང་བསྐུར་གྱི་རིམ་པ་གཉིས་ཡོད་པའི་ནང་ནས་སྟ་གོན་གྱི་རིམ་པ་སྤྱི་ཁྱབ་ཀྱིས་སོང་ནས་དེ་རིང་དངོས་གཞིའི་དབང་བསྐུར་བའི་སྐབས་རེད། མཚམས་འདིར། ཨེ་མ་ཧོ་ བདེ་གཤེགས་སྙིང་པོ་ལས། །གློ་བུར་འཁྲུལ་བས་བཅིངས་བ་བདག་སོགས་དམ་ཚིག་གསང་བ། ཡན་ལག་བདུན་པ་སོགས་རྗེས་ཟློས་མཐར་གསུང་འཕྲོས།

དེ་ཡན་གྱིས་ཁ་སྔོན་ཞུས་པ་ལྟར་དུ་ཕྱི་འཇུག་སོང་སྟེ་ད་ནང་འཇུག་ལ་ཐུག་པ་རེད། ནང་འཇུག་གི་དང་པོ་ཡེ་ཤེས་དབབ་པ་ཡིན་པས་འདིའི་མཚམས་སྦྱོར་གྱི་ཚིག་མར་འདོན་འགྲོ། གཙོ་བོ་བཏོན་ནས་ཁ་ཕྲལ་ཙམ་གྱིས་མི་ཆོག་པར་ཡེ་ཤེས་ཕེབས་དང་མི་ཕེབས་གྱི་དོན་དེ། གང་ལ་ཡེ་ཤེས་པའི་བྱིན་དབབ་ས་སློབ་མ་ཡིན་ན། སློབ་མས་འདིའི་གོ་དོན་ངེས་དགོས་པ་རེད་མ་གཏོགས་དམིགས་པ་ཇི་ལྟར་འཛིན། སློབ་མ་ཡང་རྒྱུད་ཐ་དད་པ་རྐྱང་རྐྱང་ཡིན་པས་འདྲ་དང་མི་འདྲ་རེད། གཙོ་བོ་རང་གིས་རང་ཉམས་དང་བསྟུན་ནས་གོ་བརྡ་རེ་སྤྲད་ན། རང་འདྲ་ཚོ་ལ་ཕན་ཐོགས་རེ་འབྱུང་སྲིད་རྒྱུ་དང་། དབང་གི་བསྐུར་ཐབས་ཀྱང་གཟུགས་བརྙན་ཙམ་ལ་མི་འགྱུར་བའི་རེ་བ་བྱེད་ཀྱིན་ཡོད་རེད། དབང་གི་མཚམས་སྦྱོར་ང་ཚོའི་དུས་རྒྱུན་གྱི་ཁ་སྐད་བྱས་ན་དབང་བཤད་ཆོག་ཁྲིགས་ལས་གསུངས་རྒྱུ་འདི་འདྲ་ཞིག་རེད། འདི་ཡང་དབང་ཆོག་རྗེས་ཀྱི་འཕྲོས་དོན་ཞིག

དབང་པོ་རྣོན་པོ་ངོ་མ་ཞིག་ཡིན་ན་འདི་འདྲའི་བརྡ་ཙམ་དང་ཚིག་ཙམ་ཞིག་གིས་གོ་འགྲོ་བ་མ་གཏོགས། དབང་རྟུལ་དད་པའི་རྗེས་འབྲང་དང་དེའི་ཐོག་རྟོག་དཔྱོད་ཀྱི་རྣམ་རིག་དེ་ཙམ་མ་རྟུལ་ན་ཡང་གོ་དོན་ངོ་མའི་གདེང་མ་རྙེད་པར་དད་པའི་ཞིང་སར་དག་སྣང་གི་རླན་གཤེར་གྱིས་མ་འདང་བ། ཡང་ན་སྒྲ་ཟོར་ཡང་བའི་སྟེང་ནས་བཤད་ན། ཐེ་ཚོམ་དང་ཡིད་དཔྱོད་འཆིང་རྒྱ་གཞི་ནས་དགྲོལ་དགོས་རྒྱུ་རེད། དེའི་དབང་གིས་སྒྲ་ཅུང་ཟད་ལྕི་བའི་ཚུལ་གྱིས་བཤད་ན་རྟོག་གེའི་རིགས་པ་ཕྱོགས་གཅིག་མ་གཏོགས་འགྲོ་ལོབ་མེད་མཁན་ཚོ་ལ་ཡང་ཕན་པ་འབྱུང་ཆེད་དུ་བཤད་པ་ཡིན། འདིའི་ཐོག་མར་ལས་སྔགས་བརྗོད་དུས་ལས་སྒྲོས་བུམ་ཆུ་འཐོར་རྒྱུ་འདིས་བསང་ཞིང་སྭ་བྷ་ཝའི་སྔགས་ཀྱིས་སྦྱངས་བར་བྱས་པ་རེད། སྨན་དང་ནོར་བུའི་ནུས་པ་ལྟར་དུ། སྔགས་དང་ཏིང་འཛིན་སངས་རྒྱས་ཀྱི་མཐུ་དག་གི་ནུས་པ་བསམ་གྱིས་མི་ཁྱབ་པར་ཡིན་པར་སྔོན་ནས་ཞུས་པ་ལྟར་དུ་རེད། འདིའི་སྭ་བྷ་ཝའི་སྔགས་དོན་མ་དག་པའི་དངོས་པ་ཐམས་ཅད་བསང་ཞིང་བཀྲུས་ནས་དག་པར་བྱས་ཏེ་སྟོང་པ་ཉིད་དུ་གྱུར་ཞེས་པའི་དོན་རེད། འོ་ན། སྟོང་ཉིད་ནི། དག་དང་མ་དག་པའི་སྤྲོས་མཚན་ལས་འདས་པའི་དག་པ་ཆེན་པོ་རེད། མ་དག་པ་སྦྱོང་རྒྱུ་དེ་གང་རེད་སྙམ་ན། ཡེ་ནས་དག་པའི་ཆོས་ཉིད་ཀྱི་ངོ་ཁ་ལ་མ་དག་པ་མེད་ཀྱང་། དེ་ལྟར་མ་ཤེས་པའི་བློ་འཁྲུལ་བས་སྤྲོས་པའི་མཚན་མ་ཅན་དུ་བཟུང་བཞག་པའི་འཁྲུལ་བའི་དྲི་མ་བཀྲུས་པ་བཞིན་དུ་སྦྱངས་ནས། མ་འཁྲུལ་དོན་གྱི་གནས་ལུགས་དག་པ་ཡེ་ཤེས་ཆེན་པོའི་ངོ་བོ་ཉིད་དུ་སྦྱོར་བའི་དོན་ཅན་ཞིག་རེད། མདོའི་ནང་དུ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་གནས་ལུགས་ནི་ཡེ་ནས་གནས་པའོ། །གསུངས་པ་ལྟར་རེད། གཞན་ཡང་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཀྱང་དེ་དང་འདྲ་བར་ཆོས་ཉིད་དང་ཆོས་ཀྱི་དབྱིངས་ཡང་དག་མཐའ་སོགས་མིང་གང་བཏགས་ན་དེ་ཉིད་དེ་བཞིན་དུ་གནས་ཞེས་གསུངས་པ་རེད། སྟོང་པ་ཉིད་ལ་མཚན་མའི་དངོས་པོས་སྟོང་ཚུལ་ཞིག་གསུངས་ཡོད་པ་རེད། དེ་ཡིན་ན། ང་ཚོ་བོད་ཀྱི་ཆོས་བརྒྱུད་ཚོའི་ནང་དུ་མཚོན་ན། ཀུན་མཁྱེན་ཇོ་ནང་པའི་བཞེད་པ་ལ་གནས་ལུགས་གཞན་སྟོང་དང་སྣང་ལུགས་རང་སྟོང་དུ་ཤེས་པའི་ཟུང་འཇུག་གི་དོན་གསུངས་རྒྱུ་དེ་ཡང་། དོན་དུ་སྤྲོས་བྲལ་ཆོས་ཉིད་གནས་ལུགས་སྐྱེ་འགག་དང་བྲལ་བའི་གནད་གཅིག་ལ་བསྡུ་ཐུབ། བཀའ་བར་པའི་དགོངས་འགྲེལ་ཚོའི་ནང་ན་དངོས་ཞེན་རང་རྒྱུད་པ་འགོག་པའི་ཆེད་དུ་སྟོང་ཉིད་མེད་དགག་ཙམ་མཐར་ཐུག་གི་དོན་དུ་རྩལ་འདོན་མཛད་ནས་གསུངས་ཡོད་ན་ཡང་། བཀའ་མཐའ་མའི་དགོངས་འགྲེལ་དག་གི་ནང་དུ་བར་བ་ལས་སྦས་དོན་གྱི་ཚུལ་དུ་ཡོད་པའི་མྱ་ངན་ལས་འདས་པའི་ཆོས་ཀྱི་སྒྲུབ་གཞི་ཟུང་འཇུག་འོད་གསལ་བའི་ཡེ་ཤེས་རྩལ་འདོན་མཛད་ནས་གསུངས་ཡོང་དུས་ཐམས་ཅད་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པའི་མཐིལ་དུ་བསྡུ་ཐུབ་པར་མ་ཚད། སྔགས་བླ་མེད་ཀྱི་རྫོགས་རིམ་ཟུང་འཇུག་བདེ་ཆེན་འོད་གསལ་བའི་ཀུན་ཁྱབ་མཁའ་དང་མཉམ་པའི་ཡེ་ཤེས་ལ་གནད་འདུས་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་འདུལ་ཐབས་སྣ་ཚོགས་ཀྱིས་ཆོས་སྟོན་པ་ཡིན་ན། གངས་ཅན་མཁས་གྲུབ་ཀྱི་དབང་པོ་ཚོས་བཞེད་གཞུང་རྩལ་འདོན་མཛད་ལུགས་ཤིག་གིས་རྣམ་པ་མི་འདྲ་བ་མང་ཙམ་ཡོད་ན་ཡང་། གངས་ཅན་འདི་ན་དེ་དག་ཕྱོཊ་རེ་འཛིན། ཞེས་གསུངས་པ་ལྟར། འགའ་རེས་སྒྲོ་སྐུར་གྱི་དབང་གིས་དེའི་བར་ན་གནད་མ་ཤེས་ཏེ་ཆོས་སྤང་བསགས་བཞག་ན། རང་དང་འབྲེལ་ཐོག་སྡུག་པ་རེད་མ་གཏོགས་རང་ལུགས་ཡང་དག་པར་མ་འཇོག་གསུངས་པ་མ་རེད། རྒྱ་ཆེའི་ལྟ་གྲུབ་ཤན་འབྱེད་པའི་སྐབས་དང་ཆོས་ཉིད་ཟབ་མོ་ལ་ཟླ་བའི་དུས་གཉིས་ཀའི་སྐབས་ཐོབ་ཀྱི་སྦྱོར་ཚུལ་མ་འབྱེད་ན། དེས་ཡང་དག་པའི་ཚད་མའི་རིགས་ལམ་མཐའ་མ་དཔོག་པ་མིན་ན་ཅི་ཡིན། དེ་ལྟར་ན་རྒྱལ་བའི་ཡུམ་ལ་སོཊ་པའི་དགོངས་འགྲེལ་དང་བཅས་པ་ནས་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད། ཡང་དག་མཐའ་སོགས་ཀྱི་མིང་གི་ཐོག་ནས་སྟོང་ངོས་གཙོ་བོར་བྱས་ནས་སྟོན་པ་ཡིན་ན། སྙིང་པོ་བསྟན་པའི་མདོ་བཅུ་ཡི་དགོངས་འགྲེལ་དང་བཅས་པ་ནས་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་ནས་བསྟན་པ་རེད། སྐབས་འདིའི་ནང་རྒྱུད་བླ་མེད་ཀྱི་ཐེག་པ་གོང་མའི་སྐབས་འདིར་གཞི་རང་བཞིན་གྱི་དཀྱིལ་འཁོར། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་གསུངས་པ་ལྟར་དུ། ཆོས་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོའི་དཀྱིལ་འཁོར་དུ་སངས་རྒྱས་པའི་དེ་བཞིན་གཤེགས་པ་ཉིད་ལ་ཉིད་ཀྱིས་ཆེད་དུ་བརྗོད་པའི་དོན། སྨྲ་བསམ་བརྗོད་བྲལ་གྱི་བདག་ཉིད་རེད། སྤྱིར་ན་སྡུག་བསྔལ་བྱང་ཆུབ་དང་། ཉོན་མོངས་རྣམ་གྲོལ་གྱི་ཡེ་ཤེས་ཆེན་པོར་རྟོགས་ནས་ལམ་སྦྱོང་ན། ལས་འབྲས་ཀྱིས་མི་གོས་གསུངས་རྒྱུ་འདི། རྣལ་འབྱོར་བླ་མེད་སྤྱིའི་གྲུབ་མཐའ་རེད། ཡིན་ན་ཡང་།

འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་དག་མཉམ་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན། རྩོལ་བཅས་ཀྱི་ལམ་དང་ལས་འབྲས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་པར་སྟོན་པ་དེ། ཐར་ལམ་རྫོགས་པ་ཆེན་པོའི་ཐུན་མིན་གྱི་ལུགས་རེད། ལྟ་ཡུལ་ཆོས་ཀྱི་དབྱིངས་ལ་ཁྱད་པར་མེད་ཀྱང་། ལྟ་བ་ཡུལ་ཅན་གྱི་ངོས་ནས་ཁྱད་པར་ཡོད་པ་རེད། མིག་གསལ་དང་མི་གསལ་གྱི་ཁྱད་པར་གྱིས་ཐག་རིང་ཐུང་གཅིག་གི་གཟུགས་ལ་མཐོང་བ་མི་འདྲ་བའི་ཁྱད་པར་ལྟར་རེད། མདོ་དང་སྔགས་མ་ཚད་སྔགས་ནང་རྒྱུད་ལ་ཡང་སྦས་དོན་གསལ་བྱེད་ལ་ཁྱད་པར་ཆེ། འོན་ཀྱང་མདོ་སྔགས་ཀྱི་དགོངས་དོན་འགལ་འདུ་ཅན་མ་རེད། སྔགས་ནས་བསྟན་པའི་དོན་དེ་དུས་རིང་པོ་ཞིག་གི་མཐའ་ནས་རྟོགས་པ་དང་། སྔགས་ལ་རྟེན་ནས་མྱུར་དུ་སངས་རྒྱས་པ་གཉིས་པོ་མཐའ་དོན་དགོངས་པ་མི་འགལ་གནད་གཅིག་ལ་འདུས་པ་རེད། དེས་ན། འདི་ནས་སྟོང་པ་ཉིད་དུ་སྦྱོང་རྒྱུ་དེ་སྐབས་ཐོབ་མ་ཧཱའི་ཨ་ཏི་ལ་སྦྱར་ནས་བཤད་སོང་ན། དག་མཉམ་བདེན་པ་དབྱེར་མེད་ཀྱི་དགོངས་སྤྱོད་ལ་ཐུག་པ་རེད། དེ་ཡང་གོང་དུ་བཤད་པ་ལྟར་དུ་སྣང་བ་ལྷར་བསྒྲུབ། ཡུལ་ཅན་ཡེ་ཤེས་སུ་བསྒྲུབ་པའི་གནད་ལ་ཐུག་པ་ཡིན་པས། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་དང་དབྱེར་མི་ཕྱེད་པའི་ཕྱིར་ན། ཇི་ལྟར་སྣང་བ་ཡེ་ནས་དག་པ་ཀུན་བཟང་བདེ་བ་ཆེན་པོ་ཡེ་ནས་ཡིན་པར་བསྟན་ཏེ་སྣང་བ་ལྷར་བསྒྲུབ་པ་རེད། ཡོད་མེད་ཟེར་རྒྱུ་དེ་ཡང་སྣང་སྟོང་གི་ལྡོག་པ་ནས་བཏགས་པ་ཡིན་དུས། དེ་ལྟར་བཏགས་པ་དེ་ཡང་དོན་ལ་སྣང་སྟོང་དབྱེར་མེད་སྟོང་རྟེན་འབྱུང་གཉིས་པོ་འགལ་མེད་དུ་ཤར་རྒྱུ་དེ་ཟུང་འཇུག་དག་པ་ཆེན་པོ་རེད། མཉམ་པ་ཇི་ལྟར་ཡིན་ན། དེ་ལྟ་བུའི་སྟོང་རྟེན་འབྱུང་དགག་སྒྲུབ་གསལ་བཞག་དང་བྲལ་བའི་སྤྲོལ་བྲལ་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ལ་གོམས་པ་བརྒྱུད་ནས། མཉམ་གཉིས་དང་ལྷག་པའི་མཉམ་གཉིས་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་མཉམ་པ་ཆེན་པོའི་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་ཞེས་གསུངས་པས་ཡུལ་ཅན་ཡེ་ཤེས་སུ་བསྒྲུབ་པ་ཡིན་པས་ན། སྣང་ངོས་ནས་དག་པ་བསྒྲུབ་རྒྱུ་དང་སྟོང་ངོས་ནས་མཉམ་པར་བསྒྲུབས་ཏེ་དེའི་སྣང་སྟོང་གཉིས་པོ་དེ་ཆོས་ཐམས་ཅད་ལ་དབྱེར་མེད་རོ་གཅིག་ཏུ་གནས་པ་བུ་རམ་གྱི་རོ་ཐམས་ཅད་མངར་བའི་རོ་གཅིག་ལ་གནས་པ་ལྟ་བུའི་དག་མཉམ་གཉིས་ཀྱི་ཤུགས་ལས་གྲུབ་པ་ཡིན་ན། གང་དག་པར་སྣང་བ་དེ་མཐའ་ཀུན་གྱིས་སྟོང་པ་ཞིག་དང་གང་སྟོང་པ་སྤྲོས་མཐའ་ཀུན་བྲལ་མཉམ་ཉིད་ཤིན་ཏུ་རྣམ་དག་སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་སྣང་བ་དེ་གཉིས་ཀ། དབྱེར་མེད་ཆོས་སྐུ་ཉག་གཅིག་ལ་ཟླུམ་པ་དེ། སོ་སོར་རང་གིས་རིག་པ་བྱ་བ་ཟུང་འཇུག་རྫོགས་པ་ཆེན་པོའི་ཚུལ་རེད། དེ་ལྟར་དག་མཉམ་དབྱེར་མེད་ལྷའི་རང་བཞིན་ཡེ་ནས་ཡིན་པའི་སྟབས་ཀྱིས་འདིར་རང་ཉིད་ལྷར་གསལ་ནས་དེའི་གནས་གསུམ་ལས་འོད་ཟེར་འཕྲོས་པའི་ནུས་པ་ལ་དམིགས་པ་གཏད་ཡོང་དུས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་བསྒྲུབ་བྱའི་ལྷའི་དཀྱིལ་འཁོར་རམ་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་པའི་ཚུལ་གྱིས་གཉིས་མེད་དུ་འདྲེས་རྒྱུ་ཡོད་པ་རེད་མ་གཏོགས། ལ་ཁ་ཁ་ལུང་པ་སོ་སོ་རྫས་ཐ་དད་ཡིན་ན་འདྲེས་པར་བསམ་ཡང་སྟོང་བསམ་རེད། མིན་རྒྱུ་ཞིག་ཡིན་རྒྱུར་བསམ་ཡང་སོལ་བ་བཀྲུས་ཀྱང་དཀར་པོ་མི་འགྱུར་བ་ལྟར་རེད། ལྷ་ཟེར་ནས་བཤད་ཡོང་དུས་ཆོས་ཉིད་དོན་གྱི་ལྷ་དང་ཆོས་ཅན་རྟགས་ཀྱི་ལྷ་ཡི་དབྱེ་བ་ཡོད་པ་རེད། ཆོས་ཉིད་དོན་གྱི་ལྷ་དེ་ནི། སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཆོས་ཉིད་དེ་བཞིན་ཉིད་སྒྲིབ་པའི་བག་ཆགས་ཕྲ་མོ་ཙམ་ཡང་མེད་པར་ཟད་ནས། འཁོར་འདས་མཉམ་ཉིད་དུ་རྟོགས་ནས་སངས་རྒྱས་སོང་བའི། མཚན་མའི་སྤྱོད་ཡུལ་ཐམས་ཅད་དང་བྲལ་ཡང་ཤེས་བྱའི་རྣམ་པ་ཐམས་ཅད་འཆར་བའི་བདག་ཉིད་རིག་རྣམ་ཀུན་གྱི་བདག་པོ་དེ་རེད། ཆོས་ཅན་རྟགས་ཀྱི་ལྷ་ཟེར་རྒྱུ་དེ། ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་དུ་རུང་བའི་གནད་དེ་ཡིས་ཡེ་ཤེས་ཀྱི་སྐུ། མཚན་མའི་སྤྱོད་ཡུལ་ལས་འདས་སོང་བ་དེ་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ཞལ་ཕྱག་མཚན་མ་ཅན་གདུལ་བྱའི་ངོ་ཁར་སྣང་བ་རེད། འདིར་དཀྱིལ་འཁོར་གྱི་ཤར་སྒོ་གསུང་ཡོང་དུས། ཤིང་གི་དཀྱིལ་འཁོར་ཆུང་ཆུང་འདི་མཚོན་བྱེད་དམིགས་རྟེན་ཙམ་ལ་བྱས་ཏེ་མཚོན་བྱ་དོན་གྱི་དཀྱིལ་འཁོར་གཞི་འབྲས་དབྱེར་མེད་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཡིན་པས། དེ་ཉིད་མཚོན་བྱེད་གཟུགས་བརྙན་གྱི་དཀྱིལ་འཁོར་དང་ལམ་གྱི་དཀྱིལ་འཁོར་རེད། ལམ་ལས་འབྲས་དཀྱིལ་མངོན་དུ་འགྱུར་བ་ཡིན་པས། འདིར་བསྟན་མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་གྱིས་མཚོན་བྱ་དོན་གྱི་དཀྱིལ་འཁོར་མཚོན་དགོས་པའི་གནད་ཀྱིས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་པ་ནི་སྤྱི་དང་། ཁྱད་པར་ཆོས་ཐམས་ཅད་དབྱེར་མེད་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གནས་པའི། རང་བཞིན་དེ་ཉིད་ཡུལ་དུ་བྱེད་པའི་སྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་དེ་ལས་བདུད་འདུལ་དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར། རྣམ་པ་མ་འདྲེས་ཡོངས་རྫོགས་ལ་གསལ་བའི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གོ་རྒྱུ་རེད། འདི་ན་དབང་སྟེགས་པདྨ་འདབ་བརྒྱད་སོགས་ཀྱི་དོན་སྔོན་ཡང་བཤད་པ་རེད། འདི་དང་བསྟུན་ན་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུང་ཟེར་རྒྱུ་དེ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་ཐུགས་ཀ་ལ་གོ་དགོས་པ་རེད། བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་པས་ན་དབང་ནི་ལྷ་ལ་མི་ཞུ་བླ་མར་ཞུ་གསུངས་པ་ལྟར། བླ་མ་རིགས་ཀུན་འདུས་པའི་ངོ་བོ་བསམ་རྒྱུའི་རྩ་གནད་དེ་ནམ་ཡང་འབོར་མི་ཉན་ཚུལ་ཁར་རྩང་སྔོན་ནས་ཞུས་པ་བཞིན་རེད། རང་གི་རྣམ་སྨིན་གྱི་ལུས་རྟེན་སྦྱངས། རྣམ་པར་ཤེས་པ་ཧཱུྃ་ཡིག་ཏུ་གྱུར་པ་དེ་ཡབ་ཀྱི་ཞལ་ནས་དྲངས་སོགས་གསུངས་རྒྱུ་དེ། བསྐྱེད་རིམ་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་སྒོ་བསྟུན་ནས་གསུངས་པ་རེད། མར་འཁོར་བའི་བག་ཆགས་སྦྱངས་ཤིང་དག ཡར་མྱ་ངན་ལས་འདས་པ་གཞི་རུ་རྫོགས། དེ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའི་དག་རྫོགས་སྨིན་གསུམ་ལ་སྦྱར་ཆོག། དང་པོ་ལྟ་བས་ཐག་བཅད། སྒོམ་པས་ལམ་དུ་བྱེད། མཐར་ཐབས་ཤེས་ཟུང་དུ་འབྲེལ་བའི་གོ་དོན་བྱས་ནས་སོང་ན། དང་པོ་སྟོང་པ་ཆེན་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བསྐྱེད་རྫོགས་རང་རྒྱུད་དུ་མི་ཞེན་པའིི་དགོས་པ་དང་། ཡེ་ཤེས་ཀྱི་ཚོགས་རྫོགས། འཚང་རྒྱ་བའི་སྐབས་སུ་ཆོས་སྐུའི་ངང་ནས་གཟུགས་སྐུ་འཆར་གཞི་གྱུར་པའི་རྟེན་འབྲེལ་མངོན་དུ་བྱེད་པ་དང་། བར་དུ་ཀུན་སྣང་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྟོང་བའི་མཐའ་ཞེན་ལས་གྲོལ་རྒྱུ་དང་། བསོད་ནམས་གྱི་ཚོགས་རྫོགས་དེའི་སྟེང་ལ་འཚང་རྒྱ་དུས་འོག་མིན་གྱི་ཞིང་དང་གཞལ་ཡས་ཁང་རྒྱ་ཁྱོན་ཚད་ལས་འདས་པ་མངོན་དུ་བྱེད་པ་རེད། མཐའ་མར་རྒྱུའི་ཏིང་ངེ་འཛིན་ཡི་གེའི་སྤྲིན་སྤྲོ་བ་རེད། འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ་མཐིང་ནག་ཏུ་གྱུར་པ་གསུངས་འདུག་དེ་གཙོ་བོའི་རྣམ་པ་གཉིས་པའི་སྲས་སུ་སྨིན་པ། འདི་གཞན་སྲས་ཀྱི་གོ་དོན་དང་ཕྱོགས་མཚུངས་པ་རེད། འདི་བསྐྱེད་རྫོགས་ཚར་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་བགྲོད་པའི་དབང་དུ་བྱས་པ་འང་། ཚོགས་སྦྱོར་མཐོང་སྒོམ་བར་ཆད་མེད་ལམ་དང་ལྔ་ཡིས་རིག་འཛིན་གྱི་སར་བགྲོད་པ་ཚེ་འདིར་མཆོག་གི་ས་ཐོབ་པའི་དོན་ཅན་ཞིག་རེད། ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་རྩལ་དང་གཉིས་སུ་མེད་ཅེས་གསུངས་དུས། རིགས་རྣམས་ཀུན་གྱི་ཁྱབ་བདག་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་དང་གཉིས་སུ་མ་ཡིན་པའི་སྤྱི་དཔལ་ཆེན་པོ་གསུངས་ན་ཁྲོ་བོ་ཀུན་གྱི་ཆེ་བཙན་ལ་གོ་དགོས། སྤྱིར་ན་དཔལ་ཞེས་པའི་ཚིག་འདི་ཐུན་མོང་ལྟར་དུ་བྱས་ན། འཇིག་རྟེན་གྱི་བཟང་དགུ་འཛོམས་པའི་ཕུན་སུམ་ཚོགས་པ་ཞིག་ལ་གོ་བ་རེད། ཐུན་མིན་ལྟར་དུ་བྱས་ན། འཇིག་རྟེན་ལས་འདས་པའི་ངོ་མཚར་གྱི་ཆོས་ཞིག་ལ་གོ་དགོས་པ་ཡིན། དེ་ཡང་རང་བཞིན་ལྷུན་གྲུབ་ཀྱི་དཔལ་དང་། རིག་པ་རང་སྣང་གི་དཔལ། ཐུགས་རྗེ་ཞོར་འབྱུང་གི་དཔལ་དང་གསུམ་ལ་ཕྱེས་ནས་གསུངས་ཡོད། འདི་ནས་ཆོས་ཀྱི་དབྱིངས་དྭངས་གསལ་དྲི་མ་དང་བྲལ་བ། དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་ལྷུན་གྲུབ་ཀྱི་དཔལ་དུ་གྱུར་པ་གང་ཞིག་ལས། དེ་ཉིད་མངོན་འགྱུར་འབྲས་བུའི་སར་བརྙེས་པ་ཐུན་མོང་གི་ཆོས་སྐད་ལ། རྟོགས་པ་བདག་དཔལ་ཆེན་པོ་དང་། གང་འདུལ་ཁྲོ་ཆགས་ཀྱི་མཛད་པ་ཅིར་ཡང་སྟོན་པ་ཐུགས་རྗེ་གཞན་གྱི་དཔལ་ཟེར་ན་ཡང་ཆོག་རེད། དེ་ལྟ་བུའི་ཞོར་འབྱུང་གི་དཔལ་ཡང་ཚང་པའི་དཔལ་ཆེན་པོ་ཞེས་པའི་ཆེན་པོའི་སྒྲས་ཅི་ཞིག་སྟོན་སྙམ་ན། ཁྲག་འཐུང་ཁྲོ་བོ་ཀུན་གྱི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ་ཞེས་པའི་དོན་རེད། འདིའི་སྐུ་མདོག་མཐིང་ནག་ནི་ཆོས་དབྱིངས་འགྱུར་མེད་ཀྱི་རྟགས་ཡིན། ཞལ་གསུམ་ནི་སྐུ་གསུམ་མཚོན་བྱེད་དང་། གཡས་དཀར་བཞད་པས་གདུལ་བྱ་རྗེས་སུ་འཛིན་པ་དང་། གཡོན་དམར་རྔམ་པས་སྡུག་པ་ཚར་གཅོད་པའི་རྟགས། ཕྱག་དྲུག་ཡེ་ཤེས་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག་འཛིན་པ་ནི། ཐབས་དང་ཤེས་རབ་བདེ་བ་དང་སྟོང་པ་མཚོན་བྱེད། བར་པ་གཉིས་ཀྱིས་དུག་གསུམ་བཅོམ་ཞིང་ཉོན་མོངས་ཡེ་ཤེས་སུ་བསྒྱུར་པའི་ཁ་ཊྭྃ་ཐོང་གཤོལ་བསྣམས་པ། ཐ་མ་གཉིས་ཀྱིས་སྡུག་ཅན་སྐྲག་ཅིང་ཟ་བར་བྱེད་པའི་མེ་དཔུང་དང་ལྕགས་ཀྱི་སྡིག་པ་མགོ་དགུ་བསྣམས་པ། འདིའི་དཔལ་ཆེན་པོའི་ཕྱག་དྲུག་དེ་ཡེ་ཤེས་དྲུག་ལ་སྦྱར་ན། འོ་ན་ཡེ་ཤེས་དྲུག་ཟེར་ན་གང་རེད་ཡེ་ཤེས་ལྔ་མ་ཡིན་ནམ་སྙམ་ན། ཆོས་དབྱིངས་མེ་ལོང་མཉམ་ཉིད་སོགས་ལྔ་པོའི་སྟེང་ལ་རང་བྱུང་ཡེ་ཤེས་བསྣན་པས་ཡེ་ཤེས་དྲུག་གསུངས་པ་རེད། སྤྱིར་ན་དཀྱིལ་འཁོར་སོ་སོའི་དག་སྦྱོར་འདི་རྒྱུད་སོ་སོ་ནས་གཅིག་འདྲ་རྐྱང་རྐྱང་ཡིན་པའི་ངེས་པ་མེད་པས་མི་འདྲ་བ་ཡང་འབྱུང་། དེ་མཐའ་གཅིག་ཏུ་ངེས་པ་ཅན་ལ་འཛིན་མི་དགོས། རྒྱུ་མཚན་ནི། འཁོར་བའི་ཆོས་སྣང་བཏགས་ཙམ་འདི་ལ་གནས་སྐབས་ཀྱི་བྱ་བྱེད་ཅིར་ཡང་འཐད་པ་ལྟར་དུ། དག་པའི་ཡེ་ཤེས་ཀྱི་ངོར་རིས་སུ་ཆད་པ་མ་ཡིན་པས་དག་སྦྱོར་མི་འདྲ་བ་སྣ་ཚོགས་དགོས་པའི་དབང་གིས་འབྱུང་ཆོག་པར་མ་ཚད་དོན་ལ་ཡང་དེ་ལྟར་དུ་འཐད་པ་ཞིག་རེད། འདི་ནས་དཔལ་དང་དུར་ཁྲོད་ཀྱི་ཆས་གསུངས་དུས། སྔོན་རུ་ཏྲ་འཁོར་དང་བཅས་པ་འདུལ་བའི་སྐབས་སུ་སྐུ་ཆས་དཔའ་རྟགས་ཀྱི་ཚུལ་དུ་བཞེས་པའི་དཔལ་གྱི་ཆས་བརྒྱད། འདི་ལ་ཚིག་གིས་གསུངས་ཚུལ་འདྲ་དང་མི་འདྲ་ཡོད་ཀྱང་དོན་ལ་མི་གཅིག་པ་མེད། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་རྫོགས་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །ལ་སོགས་པ་གསུངས་བ་ལྟར་དང་དེའི་འཕྲོར་དུར་ཁྲོད་ཀྱི་ཆས་བརྒྱད་གསུངས་འདུག་དུར་ཁྲོད་ཀྱི་ཆས་བརྒྱད་དེ་བསྒོ་བའི་གོས་གསུམ། གདགས་པའི་བརྒྱན་གཉིས། བྱུག་པའི་རྩི་གསུམ་གྱིས་བརྒྱད་རེད། བགོ་བའི་གོས་གསུམ་དེ་གླང་ཆེན་ཀོ་རློན་དང་ཞིང་གི་གཡང་གཞི་སྟག་ལྤགས་ཀྱི་ཤམ་ཐབས་གསུམ་པོ་རེད། གདགས་པའི་རྒྱན་གཉིས་དེ་སྦྲུལ་རྒྱན་དང་ཐོད་རྒྱན་གཉིས་རེད། སྦྲུལ་རྒྱན་དེ་སྦྲུལ་རིགས་སྣ་ཚོགས་ཀྱི་རྒྱན་དང་ཐོད་རྒྱན་དེ་མི་མགོ་སྐོམ་རློན་རྙིད་གསུམ་གྱི་རྒྱན་དང་། མི་མགོ་རློན་རྙིང་ཞེས་འགའ་རེས་ང་བྱས་ནས་བསམ་བཞིན་བཅོས་འདུག་དར་མོད། འོན་ཀྱང་མི་མགོ་སྐོམ་རློན་རྙིད་ཟེར་དགོས་རེད། སྐམ་རློན་གཉིས་ཀའི་བར་གྱི་རྙིད་པ་ཅན་པོ་དེ་རེད། བྱུག་པའི་རྩི་གསུམ་ནི་ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་རྣམས་རེད། གཞན་ཡང་ཁྲོ་བོའི་རྒྱན་ཞི་བ་ལ་མི་འགྲོ་མ་གཏོགས། ཞི་བའི་རྒྱན་ཁྲོ་བོ་ལ་འགྲོ་རྒྱུ་མཐའ་གཅིག་ཏུ་བཀག་མེད། དཔལ་ཆེན་པོའི་ཞབས་བཞི་ནི་བསྡུ་བའི་དངོས་པོ་བཞི་མཚོན་བྱེད་ཡིན་པ་དང་། ཞབས་དོར་སྟབས་སུ་བསྒྲད་པ་ནི་དཔའ་བོ་གཡུལ་རྒྱལ་གྱི་གོམ་སྟབས་རེད། འགྲོ་བའི་དོན་ལ་སྙིང་རྗེ་ཁྲོས་པའི་དྲག་ཤུལ་གྱི་སྟོབས་ཀྱིས་སྐྱོད་པའི་ཉམས་མདངས་ཅན་ཞིག་རེད། ཞབས་བཞི་རྒྱལ་འགོང་དང་བདུད་བཞི་བསྣོལ་སྟབས་སུ་བརྫིས་པ་གསུངས་པའི། ཞབས་གནོན་འདི་དག་ལ་གན་རྐྱལ་དང་ཁ་སྦུབ་བསྣོལ་སྟབས་དང་བྱི་ཆིངས་སོགས་ཀྱི་རིགས་འདྲ་མི་འདྲ་ཡོད་པའི་ནང་ནས་འདི་དོར་སྟབས་རེད་འདུག ཐབས་ཤེས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ཡབ་ཡུམ་ཟུང་སྦྱོར་གྱི་བདག་ཉིད་ཡུམ་དབྱིངས་ཕྱུག་མ། སྐུ་མདོག་ཡབ་དང་འདྲ་བར་སྦྱོར་སྒྲོལ་རྨད་བྱུང་གི་ཁ་ཊྭཱཾ་དང་དུང་དམར་འཛིན་པས་འཁྱུད་པ། ཡབ་ཡུམ་གཉིས་ཀའང་གར་གྱི་ཉམས་དགུ་གསུངས་དུས། གར་གྱི་ཉམས་དགུ་ནི། སྒེག་པ་དཔའ་བ་མི་སྡུག་གསུམ་སྐུ་ཡི་ཉམས་དང་། དགོད་གཤེ་དྲག་ཤུལ་གསུམ་གསུང་གི་ཉམས། སྙིང་རྗེ་རྔམ་ཞི་གསུམ་ཐུགས་ཀྱི་ཉམས་གསུམ་སྟེ་དེ་ལྟ་བུའི་གསུམ་གསུམ་དགུ་དང་ལྡན་ཞིང་ཉོན་མོངས་སྲེག་བྱེད་ཡེ་ཤེས་ཀྱི་མེ་རི་དང་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། འདི་དག་ལ་དངོས་པོ་རང་མཚན་དུ་བཟུང་ནས་བདེན་པར་ཞེན་མི་རུང་པ་རེད། ཁྲོ་བོ་རང་རྒྱུད་རུ་ཏྲར་གོལ་གསུངས་པ་རེད། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མདོག་དབྱིབས་ཞལ་ཕྱག་གི་སྤྲོས་པ་མི་མངའ་ཡང་། སངས་རྒྱས་རང་སྣང་གི་ཡོན་ཏན་འདི་གདུལ་བྱའི་བློ་ངོར་མཚོན་བྱེད་ཀྱི་ཐབས་སུ་བརྡ་དང་རྟགས་ཀྱིས་བསྟན་པ་རེད། དེ་ལྟར་མ་བསྟན་ན་གོ་བརྡ་མི་འཕྲོད། གདུལ་བྱའི་སེམས་ཅན་གྱི་ནང་ནས་ཁྱད་པར་མིའི་འགྲོ་བ་དེ་ཕོ་མོ་གཉིས་ལས་གྲུབ་པ་ཡིན་ལ་དེ་ཡང་ཆགས་སྡང་གཉིས་ལ་སྤྱོད་པ་ཞིག་ཡིན། དེ་ལྟར་ཡིན་པའི་སྟབས་ཀྱིས་དེ་དང་དེའི་རྣམ་པས་འདུལ་བྱེད་ཀྱི་ལྷའི་རྣམ་པར་ཤར་བ་རེད། གནས་གསུམ་ཡི་གེ་གསུམ་འདི་ཨོཾ་ཨཱ་ཧཱུྃ་གི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་པོ་རེད། སྤྱིར་ན་ཡི་གེ་ཟེར་རྒྱ྄ུ་འདིའི་དབྱེ་བ་ལ་ལུས་གནས་རྩའི་ཡི་གེ ཕོ་བྲང་ལྷའི་ཡི་གེ ཆོ་འཕྲུལ་སྤྲུལ་པའི་ཡི་གེ མཚོན་བྱེད་སྒྲའི་ཡི་གེ་དེ་དག་གི་ནང་ནས་འདི་ཆོ་འཕྲུལ་སྤྲུལ་པའི་ཡི་གེ་ཡིན་དགོས་པ་རེད། ཕྱོགས་བཅུའི་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་གསུངས་འདུག ཕྱོགས་བཅུ་དུས་བཞི་གསུངས་ན་ཕྱོགས་བཅུ་དེ་ཤེས་བཞིན་པ་རེད། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་དེ་མུ་མཐའ་མེད་པའི་རྒྱལ་བའི་ཞིང་ཁམས་ལྔ་གསུངས་པ་དེ། དུས་བཞི་དེ་ཆོས་ཅན་འདུས་བྱས་ཀྱི་དུས་གསུམ་དང་ཆོས་ཉིད་འདུས་མ་བྱས་ཀྱི་མཉམ་ཉིད་ཀ་དག་གི་དུས་ཏེ་དུས་བཞི་གསུངས་པ་རེད། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྒྲུབ་བྱའི་ལྷ་དཔལ་ཆེན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཡི་རྣམ་པས་རོལ་གཅིག་དུ་འདྲེས་པར་བསམ་གསུངས་ན། རིག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཞིང་བསྟུན་པས་ན། རིག་པ་དབྱིངས་ལ་ཞུགས། དབྱིངས་ཀྱིས་རིག་པར་ཁྱབ་པའི་དེ་ཁོ་ན་ཉིད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པའི་རྣམ་པ་དེ་འདྲ་ཞིག་གིས་མངོན་དུ་གྱུར་པ་བསམ་དགོས་གསུངས་པ་རེད། བསམ་རྒྱུ་དེ་ཡང་སེམས་རྣམ་རྟོག་གི་སྤྲོས་པ་ཞིག་གིས་གཟུང་འཛིན་ཞེན་ཡུལ་ཅན་བློས་བཏགས་པ་མ་ཡིན་པ་ཆོས་ཉིད་ཀྱི་རང་རྩལ་དད་དང་མོས་གུས་དག་སྣང་གི་གདངས་སུ་ཤར་བའི་སྒོ་ནས་དེའི་ངང་སྐྱོང་དགོས་པ་ཡིན། འདི་ནས་བྱིན་འབེབས་ཀྱི་ཚིག་བཀའ་མ་སྤྱི་འགྲོས་ཀྱིས་བབ་དྲུག་མ་ཆོག་ཁྲིགས་ལ་བཙུད་འདུག དེའི་དོན་སྔོན་ནས་བཤད་མྱོང་བ་རེད། ད་འདིའི་སྔོན་ལ་རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པ་བཀའ་བརྒྱད་རང་གཞུང་གི་སྤྱན་འདྲེན་དེ་སྦྱར་ན་འབྲེལ་ཆགས་བསམ་གྱིན་ཡོད། དེ་ནི་འདི་རེད། འོག་མིན་ཆོས་དབྱིངས་བདེ་ཆེན་ཞིང་ཁམས་ནས། །ལྷུན་གྲུབ་རོལ་བ་ཡེ་ཤེས་ཀློང་དགུའི་རྩལ། །ཞི་ཁྲོ་རབ་འབྱམས་དཔལ་ཆེན་བཀའ་བརྒྱད་ལྷ། གདུག་པ་འདུལ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཨེ་ཧྱ་ཧི་ཛ་ཧཱུྃ་བྃ་ཧོ་ས་མ་ཡ་ཧྲཱིང་ཧྲཱིང་ཛ་ཛ་གསུངས་འདུག དེ་འོག་མིན་ཆོས་དབྱིངས་བདེ་ཆེན་གྱི་ཞིང་ཁམས། དོན་དམ་ཆོད་ཉིད་ཀྱི་དབྱིངས་ཀ་དག་སྟོང་པའི་ངང་དེ་ལས་ལྷུན་གྲུབ་རོལ་བ་ཡེ་ཤེས་ཀློང་དགུ་གོང་དུ་གསུངས་པ་ལྟ་བུའི་ཡེ་ཤེས་ལྔའི་སྟེང་ལ་ཀློང་འགྱུར་ཡེ་ཤེས་འདའ་དཀའ་ཡེ་ཤེས་དབྱིངས་གྲོལ་ཡེ་ཤེས་མཐའ་གྲོལ་ཡེ་ཤེས་བསྣན་པས་ཡེ་ཤེས་དགུ་ཡི་རོལ་རྩལ་དེ། ཞི་ཁྲོ་རབ་འབྱམས་གྱི་ལྷ་ཚོགས་གཅིག་འདུས་གྱི་ངོ་བོ། དཔལ་ཆེན་བཀའ་བརྒྱད་སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་ལྷ་ཚོགས་དང་བཅས་དཔལ་དགུའི་ལྷ་ཚོགས་སུ་ཤར་བ། མ་རུང་ལོག་འདྲེན་གདུག་ཅན་འདུལ་ཞིང་རྣལ་འབྱོར་སྒྲུབ་གནས་ཡོ་བྱད་དང་བཅས་པར་བྱིན་གྱིས་བརླབ་པའི་ཕྱིར་དུ་དབང་བསྐུར་བའི་གནས་འདིར་གཤེགས་སུ་གསོལ་ཞེས་གསུངས་པ་དང་། ཨེ་ཧྱ་ཧི་ཟེར་རྒྱུ་དེ་འབོད་པའི་ཚིག་ཞིག་རེད། ཛ་ཧཱུྃ་བཾ་ཧོ་དེ་འགུག་འཆིང་སྡོམ་མྱོས་བཞིའི་སྔགས་དང་ཕྱག་རྒྱ་ཡིས་གནད་ནས་བསྐུལ་ཞིང་སྤྱན་འདྲེན་པ། བཞུགས་སུ་གསོལ་ཞིང་ཕྲིན་ལས་མཛད་པ་སྐུལ་བ་དང་བཅས་བསྟན་པ་རེད། སྤྱན་དྲངས་ཤིང་བསྟིམས་ཟེར་རྒྱུ་དེ་བསྐྱེད་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་གཞི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གཉིས་ཀ་རང་སྣང་གི་ངོ་བོ་དབྱེར་མེད་གནས་པས་ན། རང་བཞིན་དམ་ཚིག་གི་དཀྱིལ་འཁོར་ལ་བསྐྱེད་པ་ཡེ་ཤེས་པའི་དཀྱིལ་འཁོར་སྤྱན་དྲངས་པ་དེ་ཆུ་ལ་ཆུ་བཞག་པ་ལྟ་བུའི་གཉིས་མེད་གཅིག་ཏུ་མཉམ་པར་སྦྱོར་བའི་ཚུལ་གྱིས་བསྟིམས་པ་ཞིག་རེད། གོང་དུ་བཤད་པའི་དམིགས་པ་གསལ་བཞིན་དུ་བཞུགས་སྟངས་དང་བསྟུན་དགོས་པ་ཡིན་པས་གསལ་འདེབས་ཀྱི་ཚིག་དེ་དག་ཡང་འདོན་ཞིག་བྱེད། གོང་ནས་བཏོན་ཏེ་ཡུན་རིང་རེད་སོང་། མཚམས་འདིར་མེ་ཏོག་དོར་བ་མིག་དར་བཀྲོལ་བ་སོགས་གསུངས་མཐར། དེ་ལྟར་བྱས་ཏེ་མཐོང་བ་བསྟན་པའི་དཀྱིལ་འཁོར་གྱི་དག་སྦྱར་དང་བཅས་ཏེ་གསུངས་འདུག མིག་མཁན་སྨན་པ་མཁས་པ་ཞིག་གིས་གསེར་ཐུར་གྱི་ལག་ཆ་བེད་སྤྱད་ནས་ལོང་བའི་མིག་ཕྱེས་པ་ལྟར། རང་གི་རྒྱུད་ལ་ཡེ་ཐོག་མ་ནས་བཞུགས་པའི་བདེ་གཤེགས་སྙིང་པོར་སྒྲིབ་བྱེད་གློ་བུར་གྱི་འཁྲུལ་བ་དེ་ལིང་ཐོག་དང་འདྲ་བ་རེད། དེ་མ་འཁྲུལ་བའི་ཡེ་ཤེས་ཀྱི་ཐུར་མས་བསལ་ནས། སྤྱན་ཕྱེས་བཞག་དུས། མཚོན་བྱེད་དཔེའི་དཀྱིལ་འཁོར་གྱིས་མཚོན་རྒྱུའི་མཚོན་བྱ་དོན་གྱི་དཀྱིལ་འཁོར་དེ། རང་ངོ་རང་གིས་མཐོང་བ་བྱེད་རྒྱུ་དེ་མཐོང་བ་བསྟན་པའི་དོན་ཚུར་བསྡུས་ཡོང་ན་དེ་འདྲ་ཞིག་རེད། དེ་ཡིན་ན་ཡི་དམ་ལྷ་ཡི་དཀྱིལ་འཁོར་དེ་ག་ཤེད་ཕྱི་ཞིག་ལ་ཡོད་རྒྱུ་ཅན་མ་ཡིན་པར། ནང་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ལ་བཞུགས་པར་མ་ཟད་རྒྱལ་བའི་སྐུ་གསུང་ཐུགས་གསུམ་རྡོ་རྗེ་གསུམ་དང་འབྲལ་བར་མེད་པར་ངོ་སྤྲད་ནས་དེ་བཞིན་དུ་ངོ་འཕྲོད་ཅིང་རྟོགས་ན་མཐོང་བ་ཐོབ་སོང་བ་རེད། འདིའི་དཀྱིལ་འཁོར་དང་ལྷ་ཚོགས་ཀྱི་དག་སྦྱོར་མང་ཆེ་བ་རིགས་མཐུན་གྱི་དཀྱིལ་འཁོར་སྐབས་ནས་ཞུ་མྱོང་མོད། གཙོ་བོར་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་སོ་སོའི་སྒྱུད་གཞུང་དང་། སྒྲུབ་ཐབས་ཀྱི་སྐོར་རགས་རིམ་འགོ་ལེན་རེ་དགོས་པའི་དབང་གིས་རྟེན་འབྲེལ་གྱི་ཆེ་བ་བྱས་ནས་ཞུས་ན། ད་ཐོག་མར་གོང་དུ་ཆེ་མཆོག་ཡོན་ཏན་གྱི་དཀྱིལ་འཁོར་སོང་བ་རེད། འདི་བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས་ཡིན་པས། འདིའི་སྐོར་གྱི་རྒྱུད་སྡེ་ལ་མཚོན་ན། བདུད་རྩི་རོལ་བ་ལུང་གི་རྒྱུད། ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ལ་སོགས་པ་མང་བ་རེད། འདིའི་སྒྲུབ་ཐབས་སྒྲུབ་པ་བྱེད་ལུགས་ཀྱི་གནད་དེ་བདུད་རྩི་རྣམ་དག་གི་དགོངས་པ་རེད། དེ་ཡང་བདུད་རྩི་རྣམ་པ་བཞི་ཡིས་བསྟན། ཁར་རྩང་འུ་ཚོས་རྡོར་སེམས་གྱི་སྨིན་དབང་བསྐུར་དུས་ཞིག་ལ་ཚིག་ཟུར་དུ་ཐོན་པའི། ཆོས་ཀྱི་བདུད་རྩི། དོན་གྱི་བདུད་རྩི། རྟགས་ཀྱི་བདུད་རྩི། རྫས་ཀྱི་བདུད་རྩི་སྟེ་དེ་བཞི་པོ་རེད། དེ་ཡང་ཞིབ་ཀྱིས་བཤད་ན། ནང་གསེས་བརྒྱད་རེ་བརྒྱད་རེ་བྱས་ནས་གསུངས་འདུག་མོད། ཆེ་ལོང་གི་རྩ་བ་ནས་བཤད་དུས། ཆོས་བདུད་རྩི་ཞེས་པ་དེ། འཆི་མེད་གཏན་གྱི་བདེ་བར་འགོད་བྱེད་ཀྱི་དམ་པའི་ཆོས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ངམ་ཡང་ན་ལྟ་བ་རང་བྱུང་གི་ཡེ་ཤེས་རང་ངོ་སྤྲོད་རྒྱུ་བོ་དེར་འདུས་པ་ཡིན། གཉིས་པ་དོན་གྱི་བདུད་རྩི་ནི། ཆོས་ཐམས་ཅད་དོན་དངོས་པོ་གཤིས་ཀྱི་བཞུགས་ཚུལ་ལ་ཡེ་ནས་དག་པ་ཡིན་རྒྱུ་དང་། ཁྱད་པར་དུ་དུག་ལྔ་ཡེ་ཤེས་ལྔ་ལམ་དུ་བྱེད་པའི་རྫོགས་རིམ་གྱི་ཆོས་ལ་གཙོ་བོ་གོ་ཆོག་རྒྱུ་ཞིག་རེད། གསུམ་པ་རྟགས་ཀྱིབདུད་རྩི་ནི། འདིའི་ཆོས་ཉིད་དག་པ་ཡིན་པའི་རྟགས་ཀྱིས་དེའི་ཆོས་ཅན་དུ་མཚོན་པའི་སྒོ་ཡིན་པར་གྲུབ་པ་དང་། གོང་གི་དེ་རྫོགས་རིམ་ལ་སྦྱར། འདི་བསྐྱེད་རིམ་ལ་སྦྱར་ན་འཐུས་པ་རེད། སྲོག་སྡོམ་གཟེར་བཞིའི་ཚུལ་གྱིས་རྒྱུད་སྦྱང་བ་ལ་གོ་བ་བླངས་ན་ཆོག བཞི་པ་རྫས་ཀྱི་བདུད་རྩི་ནི། འཇིག་རྟེན་གྱི་ཁམས་ན་བདུད་རྩིར་གྲགས་པའི་དངོས་པོར་ཡོད་ཚད་ཐམས་ཅད་འཆི་བ་མེད་པའི་བཅུད་ལེན་ལ་སྒྲུབ་ལུགས་དང་། ཁྱད་པར་དུ་གོང་དུ་བཤད་པ་ལྟར་གྲོལ་བ་བཞི་ལྡན་གྱི་ཐབས་ཤེས་ཀྱི་རྫས་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་བྱས་པའི་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་རྫས་འདུ་བྱས་ཏེ། ཁྲོལ་སྒྲུབ་ཏུ་བསྒྲུབ་རྒྱུ་ལ་སོགས་པ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས་བསྒྲུབས་པ་དེ་ཡིན་པས། ལམ་འདི་ལ་བརྟེན་ནས་གནས་སྐབས་ལམ་གྱུར་གྱི་རིག་འཛིན་བཞི་དང་། མཐར་འབྲས་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་བླ་ན་མེད་པ་འགྲུབ་པའི་དངོས་གྲུབ་ཐོབ་པར་བྱེད་རྒྱུ་དེ་ཡིན། བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས་ཟེར་ན་གོ་དོན་དེ་འདྲ་ཞིག་རེད། འདིའི་འཕྲོར་དཔལ་ཆེན་བཀའ་བརྒྱད་ཀྱི་ནང་གི་སྐུ་འཇམ་དཔལ་གཤིན་རྗེ་གཤེད། གསུང་དབང་ཆེན་རྟ་མགྲིན་དམར་པོ། ཐུགས་དཔལ་ཆེན་ཡང་དག་ཧེ་རུ་ཀ་རེད། ཡོན་ཏན་ཆེ་མཆོག་གི་དཀྱིལ་འཁོར་དང་སྒྲུབ་ལུགས་སོགས་ད་ལྟར་གོང་དེར་བཤད་མ་ཐག་པ་ལྟར་ཡིན། ཕྲིན་ལས་ཕུར་པ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞི་ཡི་སྒྲུབ་ལུགས་དེ། འདིའི་རྩ་སྒྲུབ་དཔལ་ཆེན་འདུས་པའི་དམིགས་བསལ་ཡན་ལག་གི་སྒོས་བཀའ་གོང་དུ་བཤད་པ་ལྟར་དུ། གཤིན་རྗེ་འཆི་བདག་ཟིལ་གནོན་དང་། རྟ་མགྲིན་ཁམས་གསུམ་རོལ་བ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་བ་བདུད་དཔུང་ཟིལ་གནོན་དང་བཞི་པོ་སོ་སོའི་སྒོས་དབང་གི་དཀྱིལ་འཁོར་མཐོང་བ་བསྟན་པའི་སྐབས་སུ་བཤད་ཆོག་གི། འདིར་ཤར་ལྷོ་མངོན་རྫོགས་རྒྱལ་པོ་གསུངས་ནས་མ་མོ་རྦོད་གཏོང་གི་དཀྱིལ་འཁོར་རམ་དེའི་ལྷ་ཚོགས་བསྟན་པ་རེད། འདིའི་རྒྱུད་སྡེ་ལ་མཚོན་ན་མ་མོ་སྲིད་པའི་བེ་བུམ་གསུངས་རྒྱུ་ཞིག་དང་མ་མོ་གསང་བའི་གཏན་ཚིག་གི་རྒྱུད་ལ་སོགས་པ་མང་པོ་རེད། མ་མོ་རྦོད་གཏོང་གི་སྒྲུབ་ལུགས་སྒྲུབ་ཐབས་ཐམས་ཅད་ཀྱི་དགོངས་དོན་ཚུར་བསྡུས་ཡོང་ན། མ་མོ་རྩ་རླུང་གི་དགོངས་པར་འདུས། མ་མོའི་དགོངས་པའི་གནད་དེ་རྩ་རླུང་ལ་འདུས་རྒྱུ་དེ། འདི་མིན་ན་ཡང་མ་རྒྱུད་སྤྱིའི་ལུགས་རེད། སྣང་སྲིད་ཀྱི་མ་མོ་ཐམས་ཅད་ཀུན་ཏུ་བཟང་མོ། ཉིད་ཞི་མུ་ཁ་ལེའི་མཁའ་དབྱིངས་ལས་ཤར་བ་ཡིན་དུས། བསྡུས་བཞག་ན་གཅིག་ལ་འདུས་ཀྱང་དབྱེ་བཞག་ན་འབུམ་ཕྲག་ཡངས་པའི་ལས་དང་ཡེ་ཤེས་ཀྱི་མ་མོ་འབུམ་ཕྲག་ཏུ་སྣང་བ་རེད། དེ་ནི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་རྩ་བཞི་བརྒྱ་རྩ་བཞི་ལ་གནས་ཤིང་འདུས་པ་དང་། དེ་ཡང་རྩ་ཆེན་བཞི་ལ་འདུས་པ་ནས་སྙིང་རྩ་ཆེན་ཙིཏྟ་འོད་ཀྱི་གུར་ཁང་ན་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ལ་བརྟེན་ནས་གནས་པ་ཡིན་ན། རྣལ་འབྱོར་པས་ནང་རླུང་ཁམས་ཀྱི་བྱེད་པ་དབུ་མའི་དབྱིངས་སུ་བསྡུ་དུས། ཕྱིའི་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་གྱིས་མ་མོ་ཐམས་ཅད་རང་དབང་མེད་པར་དབང་དུ་བྱེད་པ་རེད། མ་མོ་རྩ་རླུང་གི་དགོངས་པ་འདི་སྒྲུབ་ལུགས་ནང་གསེས་ཀྱིས་དབྱེ་ན་དོན་བཞིའི་ཐོག་ནས་བཤད་པ་རེད། དོན་བཞི་དེ་གང་ཡིན་ན། མ་མོའི་རིགས་བརྒྱུད་ཆོ་འབྲང་དང་བཅས་པའི་བཤད་པ་དང་། མ་མོའི་སྦས་པ་མངོན་ཕྱུངས་ཀྱི་བཤད་པ། སྦྱོར་སྒྲོལ་ལམ་དུ་བྱས་ནས་བཤད་ལུགས། དྲག་པོའི་ངན་སྔགས་དང་སྦྱར་ནས་བཤད་པ་སྟེ་བཞི་རེད། དེའི་ནང་གི་མ་མོའི་རིགས་བརྒྱུད་ཆོ་འབྲང་དང་བཅས་པས་བཤད་རྒྱུ་དེ་གང་འདྲ་རེད་སྙམ་ན། མ་མོ་ཐམས་ཅད་འཇིག་རྟེན་གྱི་སྣང་ཚུལ་དང་སྦྱར་ནས་རིགས་བརྒྱུད་ཀྱིས་བཤད་དུས་ཕ་སུ་ཡིན་མ་གང་ཡིན་སྡེ་རིས་དང་ཆོ་འབྲང་གང་ལ་གཏོགས་པ་ཡིན། མིང་དང་གཟུགས་གང་འདྲ་ཡིན། དབང་གང་གི་ཆེ། འདུལ་སྐལ་སུ་ལ་ཡོད་ལ་སོགས་པ་ཕན་གནོད་ཀྱི་ཁུངས་ལུང་ཐམས་ཅད་བཤད་ནས། གནས་སྐབས་ལས་གང་ལ་གང་རྦད་བཞག་ན་དོན་གང་འགྲུབ་རྒྱུ། དེའི་གནད་ངོ་མ་མཐར་ཐུག་དབྱིངས་ཀྱི་མ་མོ་ཡུམ་ཆེན་ཤེར་ཕྱིན་གྱི་དོན་ལ་མཁས་ན། མཆོག་གི་དངོས་གྲུབ་ཐོབ་པ་སྟེ། སྲིད་པ་མ་རྒྱུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་འདི་ལ་ཐུག་པ་རེད། དེ་ནི་འཇིག་རྟེན་སྣང་ཚུལ་དང་སྦྱར་ནས་བཤད་པ་རེད། གཉིས་པ་གབ་སྦས་གཏེར་གྱི་ལུགས་མངོན་དུ་ཕྱུངས་ནས་བཤད་རྒྱུ་ཡོད་པ་རེད། དེ་ནི། དུས་གསུམ་དུས་མེད་དུས་བཞི་མཉམ་པ་ཆེན་པོའི་དུས་ན་དཔལ་ཆེན་མངོན་རྫོགས་རྒྱལ་པོས་སྣང་སྲིད་ཀྱི་མ་མོ་ཐམས་ཅད་ཡུམ་གྱི་མཁའ་དབྱིངས་ལས་དབང་དུ་བསྡུས་ནས། ཡབ་མངོན་རྫོགས་རྒྱལ་པོའི་རྩ་རླུང་གི་དཀྱིལ་འཁོར་ལ་གབ་པའི་གཏེར་དུ་སྦས་པ་དེ། སྦས་པ་མངོན་ཕྱུངས་ཀྱི་སྐབས་སུ་ཡབ་ཡུམ་གཉིས་མེད་ཀྱི་རོལ་པས་སྣང་སྲིད་ཀྱི་མ་མོ་རུ་ཤར་བ་ཡིན་ན། ཆེ་མཆོག་མངོན་རྫོགས་རྒྱལ་པོའི་ཞལ་ནས་ཧཱུྃ་སྒྲ་དང་སྤྱི་གཙུག་རྟ་ཞལ་གྱིས་ཧྲཱི་སྒྲ་རྟ་སྐད་ཐེངས་གསུམ་གྱིས་ཐམས་ཅད་དབང་དུ་བསྡུས་ནས་སྲོག་སྙིང་ཐམས་ཅད་འཕྲོག་སྟེ་མ་མོ་རྦོད་གཏོང་གི་ཕྲིན་ལས་རབ་འབྱམས་འགྲུབ་པར་མཛད་པ་ཡིན། དེའི་བཤད་ལུགས་དེ་ནི་མ་མོ་སྦས་པ་མངོན་ཕྱུངས་ཀྱི་བཤད་ལུགས་ཟེར་རྒྱུ་དེ་རེད། གསུམ་པ་ལྟ་བ་དོན་དང་སྦྱར་ནས་སྦྱོར་སྒྲོལ་ལམ་དུ་བྱས་པའི་བཤད་ལུགས་རེད། འདི་གྲོལ་ལམ་དང་སྦྱར་ནས་བཤད་རྒྱུ་ཡིན་ན་མ་མོའི་ངེས་ཚིག་ལྟར་དུ། མ་ཆོས་ཀྱི་དབྱིངས་ལས་མོ་རིག་པའི་ཡེ་ཤེས་སུ་ཤར། མ་སྐྱེ་མེད་ཀྱི་དབྱིངས་ལས་མོ་འགག་མེད་ཀྱི་རོལ་པར་ཤར་བ་སྟེ་རྣལ་འབྱོར་རང་གི་སྒོ་གསུམ་མ་མོ་རྦོད་གཏོང་གི་དཀྱིལ་འཁོར་དུ་ཤེས་ཤིང་དེའི་ཐོག་ལ་གནས་དུས། སྣང་གྲགས་དྲན་རྟོག་ཐམས་ཅད་མ་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདག་ཉིད། མི་ཟད་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་རྒྱུ་དེ་རེད། དེ་ནི་མ་མོ་སྦྱོར་སྒྲོལ་ལམ་དུ་བྱས་པའི་བཤད་ལུགས་རེད། བཞི་པ་ནི་བསྟན་སྲུང་ཕྲིན་ལས་དང་སྦྱར་ནས་དྲག་པོ་ངན་སྔགས་གྱི་ལུགས་སུ་བྱས་ཏེ་བཤད་ན། དང་པོ་མ་མོའི་སྤྱི་སྔགས་གཅིག་ཏུ་དྲིལ་ནས་བསྙེན་པ་དང་སྒོས་སྔགས་སོ་སོར་ལ་ཕྱེས་ནས་བསྙེན་པའི་ལས་རིམ་སོང་དུས། མ་མོ་དམག་ལ་དྲངས་ན་དམག་དཔོན་ལས་མཁན་དེ་རེ་མ་ཏི་བསྐོས་ཏེ་དབང་དུ་བསྡུས་ནས་བསད་པ་བཞི་ཡི་ལས་སྦྱོར་རྩོམ་དགོས་པ་རེད། བསད་པ་བཞི་པོ་གང་རེད་ཟེར་ན། མདོས་དང་། ཕུར་བུ་དང་། ཉེ་འབྱེད། ཐུན་དང་བཞིས་བསད་ལུགས་བཞི་རེད། དེ་ཡིན་ན། མདོས་དང་གཏོར་བཟློག་ལ་བརྟེན་ནས་བསད་པ་ཞིག་དང་། དབང་དྲག་ཕུར་བུས་བསད་པ། ཕྲ་མེན་ཉེ་འབྱེད་ཀྱིས་བསད་པ། ནད་མཚོན་གྱི་ཐུན་ཕབས་ནས་བསད་ལུགས་ཞིག་དང་བཞི་ཡོད། དེ་བཞིའི་རྗེས་ལ་མན་ངག་མནན་སྲེག་འཕང་གཏད་བཞི་པོ་རྫོགས་ནས་ལས་ཀྱི་ལྷག་མ་བསྡུ་དགོས་པ་རེད། ད་རུང་ལས་ཀྱི་ཤི་ས་བསྟན་པ་གསུངས་རྒྱུ་ཞིག་དང་ལྟོ་དཀྲུག་གི་རིམ་པ་འབྱུང་བ་རེད། མདོར་ན་མ་མོ་རྩ་རླུང་གི་དགོངས་པ་དེ་ཕྱི་ནང་གསང་བ་གསུམ་དུ་ཕྱེས་ཡོང་དུས། ཕྱི་ལྟར་འཇིག་རྟེན་སྲིད་པའི་ཆགས་ལུགས་དང་བསྟུན་ནས་འཇིག་རྟེན་ཆགས་གནས་ཀྱི་རྩ་བ་དེ་མ་མོའི་ཐོག་མའི་སྐྱེ་རྒྱུད་ནས་ད་ལྟ་གང་ན་གནས། ལས་གང་ལ་དབང་། བསྙེན་སྒྲུབ་ལས་སྦྱོར་བྱེད་སྟངས་ཀྱི་ཚུལ་ཐམས་ཅད་ཤེས་པར་བྱས་ཏེ་ཕྱི་ལྟར་ན་སྲིད་པ་མ་མོའི་སྣང་ཚུལ་ལ་བརྟེན་ནས་སྒྲུབ་རྒྱུ་དང་། ནང་ལྟར་ན་རང་གི་རྩ་རླུང་ལས་སུ་རུང་བའི་རླུང་སེམས་དབང་དུ་འདུས་སྐབས། ནང་རང་གི་རྩ་རླུང་གི་ཆོ་འཕྲུལ་གྱིས་ཕྱིའི་མ་མོ་ཐམས་ཅད་དབང་དུ་འདུས་པར་ཤེས་རྒྱུ། གསང་བ་ལྟར་ན་སྲིད་ཞི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་དབྱིིངས་ཀུན་ཏུ་བཟང་མོའི་ཀློང་ལས་མ་གཡོས་པ་མ་མོའི་ངོ་བོ་ཡིན། དེའི་རྩལ་སྣང་དུ་ཤར་བ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་སེམས་སྐྱེ་འགག་བྲལ་བའི་ཆོས་ཉིད་དུ་འདུས་པར་ཤེས་ན། མ་མོའི་དོན་རྟོགས་པ་རེད། དེ་སྒྲུབ་ལུགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན། དེའི་ཡན་ཆད་ཀྱིས་ཤར་ལྷོའི་མ་མོ་རྦོད་གཏོང་གི་ལྷ་ཚོགས་བཤད་ཟིན། སྤྱིར་ན་གསང་སྔགས་སྔ་འགྱུར་བའི་བསྟན་པ་འཛིན་སྲུང་སྤེལ་གསུམ་ཞིག་བྱེད་དགོས་དུས། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་ཆེན་པོ་བཞིའི་སྒྲོམ་དེ་ནས། སྨིན་གྲོལ་བསྐྱེད་རྫོགས་ཀྱི་རིམ་པ་བརྒྱུད་ནས་མཐར་འབྲས་མི་ཚེ་འདིར་མངོན་དུ་བྱེད་པ་ལ། རྒྱུད་སྡེ་ཡིས་ཁོག་ཕུབ་སྒྲུབ་སྡེ་ལ་རང་བྱན་ཆུད་པ་ཁྱད་པར་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ། ལས་ཀྱི་ཁ་ཚར་དང་བཅས་པ་ལ་བྱང་ཆུབ་པ་དེ། དཔེར་བཞག་ན་ཀ་ཁ་སུམ་ཅུ་བློ་ནས་འདོན་པ་ལྟ་བུ་དང་། མཚན་མོ་ཉི་ཤུ་དགུའི་སྨག་རུམ་ཡིན་ཡང་ལག་འཛུབ་མོ་ལྔ་པོ་ལ་རྩིས་གྲངས་ཐེབ་པ་ལྟར་དུ། བསྙེན་སྒྲུབ་ཏིང་འཛིན་ལས་སྦྱོར་སོགས་ལ་ཐོགས་པ་མེད་པ་ཞིག་མ་བྱས་ན། སྔ་འགྱུར་རྙིང་མ་པ་ཡིན་ཟེར་ཡང་རྙིང་མའི་སྒོ་བྱང་བཏགས་པ་ཙམ་ཞིག་དང་། རྙིང་མའི་འབག་མགོ་ཞིག་གྱོན་ནས་མིན་ན་ཡིན་མདོག་སྟོན་པའི་གཟུགས་བརྙན་ཙམ་རེད་འགྲོ་བ་རེད། དེས་ན་གསར་བུ་རྣམ་པས་རྒྱུད་དང་སྒྲུབ་ཐབས་འབྲེལ་བའི་ཕྱག་ལེན་དོན་ཐོག་ལ་ཁེལ་བ་གནང་དགོས་པ་གལ་ཆེན་རེད། དེའི་ཡན་གྱིས་སྒྲུབ་པ་བཀའ་བརྒྱད་ཀྱི་ནང་གི་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཡན་ཆད་རགས་རིམ་ཞིག་ཞུས་པ་ཡིན། ལྷོ་ནུབ་ཏུ་རིག་འཛིན་རྡོ་རྗེ་ཆོས་རབ་ཡབ་ཡུམ་གསུངས་རྒྱུ་འདི་རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་ལ་གསུངས་པ་རེད། དེ་ཡང་རྒྱུད་ལུང་མན་ངག་མང་པོ་ལས་བསྟན་ཡོད་པའི་རིག་འཛིན་བླ་མའི་སྒྲུབ་ཐབས་ཀྱི་དགོངས་པ་འདི། བསྙེན་སྒྲུབ་ཡན་ལག་བཞིའམ་ཡང་ན་བསྙེན་སྒྲུབ་ལས་གསུམ་གྱི་ཐོག་ནས་བཤད་ན་ཡང་འཐུས། རིག་འཛིན་བླ་མའི་སྒྲུབ་པ་འདི་གནད་ཆེ་ལུགས་ལ་མཚོན་ན། དུས་རྒྱུན་དུ་བཤད་འདུག་པའི་དཔེར་ནམ་མཁའི་ཉི་མ་དང་ས་ཐོག་གི་སྤྲ་བ་སྐམ་པོ་གཉིས་ཀ་འཛོམས་རུང་། རྐྱེན་མེ་ཤེལ་ཞིག་གིས་དེའི་བར་ལ་མཚམས་མ་སྦྱར་ན་མེ་འབྱུང་བའི་ཐབས་མེད་པ་བཞིན། དུས་གསུམ་སངས་རྒྱས་བཞུགས་ཡོད་ཀྱང་སློབ་མའི་རྒྱུད་ལ་བྱིན་རླབས་དང་ཟབ་མོའི་རྟོགས་པ་སྐྱེ་བ་ལ་བླ་མ་མེད་ན་རང་འབྱར་རེད་ཐབས་མེད། དེའི་དབང་གིས་བླ་སྒྲུབ་འདི་ནམ་ཡང་གནད་ཆེ་བ་རེད། དེའི་ནང་ནས་རྩ་བ་གསུམ་གྱི་དཀྱིལ་འཁོར་གང་བསྒྲུབ་ན་བླ་སྒྲུབ་དང་འབྲེལ་རྒྱུ་དེ་ལྷག་པར་གལ་ཆེ། དེ་སྒྲུབ་ལུགས་ལ་དབྱེ་ན་སྤྱི་དང་ཁྱད་པར་གཉིས་ཕྱེས་ནས་བཤད་ཡོང་ན། དང་པོ་སྤྱི་ནི། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་ལུགས་ཡིན་ན། ཐོག་མར་མཚན་ཉིད་ཀུན་ལྡན་གྱི་བླ་མ་ཞིག་བསྟེན་ནས་སྒོ་གསུམ་གུས་པས་མཉེས་པར་བྱས། སྨིན་གྲོལ་གྱི་གདམས་པ་ཚུལ་བཞིན་ནོད་རྒྱུ་དེ་བསྙེན་པ་རེད། དེའི་ཐོག་གི་སེམས་ཉིད་ཆོས་སྐུར་ངོ་སྤྲད་པའི་མན་ངག་ཟབ་མོ་ཞིག་ཐོབ་ནས་དགོངས་རྒྱུད་རྟོགས་པར་འཕོ་བའི་བྱིན་རླབས་ཞུགས་རྒྱུ་དེ་སྒྲུབ་པ་རེད། སེམས་ཉིད་གཉུག་མའི་རང་ཞལ་དོན་གྱི་ཡེ་ཤེས་ཇི་བཞིན་རྟོགས་ནས། བསྟན་པ་དང་སེམས་ཅན་ཀྱི་དོན་བྱེད་རྒྱུ་ནི་ལས་སྦྱོར་ཡིན་པས་བསྙེན་སྒྲུབ་ལས་གསུམ་ཟེར། དེ་དག་ནི་སྤྱི་བསྙེན་སྒྲུབ་ལས་གསུམ་གྱི་བཤད་ལུགས་རེད། གཉིས་པ་ཁྱད་པར་བསྙེན་བསྒྲུབ་ཡན་ལག་བཞིའི་སྟེང་ནས་བཤད་ན། རིག་འཛིན་བླ་མའི་སྒྲུབ་ཐབས་གང་རུང་ལ་བརྟེན་ནས་དེའི་དཀྱིལ་འཁོར་བསྒྲུབ་པའི་དབང་དུ་བཏང་ན། དེ་བྱིན་རླབས་གསོལ་འདེབས་ཀྱི་ཚུལ་གྱིས་བྱེད་རྒྱུ་དེ་བསྙེན་པ་དང་ཉེ་བསྙེན། རང་དང་དབྱེར་མེད་ཐུགས་ཡིད་གཅིག་འདྲེས་ཀྱིས་རིག་འཛིན་བླ་མའི་གོ་འཕང་སྒྲུབ་པ་དེ་སྒྲུབ་པ་དང་སྒྲུབ་ཆེན་སྟེ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བའི་བཤད་ལུགས་རེད། མདོར་ན་ཚིག་དང་དཔེ་ལས་འདས་པའི་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེས་ནས་ལྟ་བ་ཆོས་ཉིད་ཀྱི་རྫོང་ཟིན་དགོས་དུས། དོན་རྒྱུད་ཀྱི་བྱིན་རླབས་འཕོ་བ་ཁོ་ན་མ་གཏོགས་ཐབས་གཞན་མེད་པས་བླ་མའི་མན་ངག་གིས་ངོ་འཕྲོད་པར་བྱ་རྒྱུ་ནི་གནད་ཀྱི་ནང་ནས་གནད་ཆེན་རེད། དེའི་ཡན་ཆད་རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་སོང་པ་རེད་ད་ནི་ནུབ་བྱང་དུ་བཅོམ་ལྡན་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་དེ་རེད། འདི་ལ་འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཀྱང་གསུངས་པ་རེད། འདི་ལ་སྐུ་གསུང་ཐུགས་ཀྱི་དྲེགས་པའི་རྒྱུད་མང་པོ་བཞུགས་ཡོད་ཀྱང་། འདིའི་སྒྲུབ་ཐབས་ཐམས་ཅད་ཀྱི་དོན་ཚུར་བསྡུས་ཡོང་ན། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཡོངས་རྫོགས་རིགས་ཚུར་བསྡུ་ན་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ནང་དུ་འདུས། འདུས་པ་དེ་ཡང་བརྟེན་ཐབས་རྣམ་པ་བརྒྱད་ཀྱིས་བརྟེན། སྒྲུབ་ཐབས་རྣམ་པ་བརྒྱད་ཀྱིས་བསྒྲུབ་རྒྱུ་རེད། འཇིག་རྟེན་གྱི་སྣང་སྲིད་ལྷ་མ་སྲིན་ཡོད་ཚད་སྡེ་བརྒྱད་ཀྱི་ནང་ལ་ཇི་ལྟར་འདུས་སྙམ་ན། སྡེ་བརྒྱད་ཟེར་ཡོང་དུས་འདིའི་རྩི་ལུགས་ཀྱང་མི་འདྲ་བ་ཡོད་མོད། གིང་དང་། བཙན། བདུད། གནོད་སྦྱིན། གཟའ། ཀླུ། སྲིན་པོ། མ་མོ་རྣམས་རེད། དཀར་པོ་ཡོད་ཚད་གིང་གི་ནང་དུ་འདུས། དམར་པོ་ཐམས་ཅད་བཙན་དང་ནག་པོ་ཐམས་ཅད་བདུད་སེར་པོ་ཡོད་ཚད་གནོད་སྦྱིན་དུ་འདུས། སྨུག་པོ་ཐམས་ཅད་སྲིན་པོ་དང་དེའི་སྟེང་གཟའ་ཀླུ་མ་མོ་གསུམ་གྱིས་བརྒྱད་རེད། སྟེང་ཕྱོགས་ཀྱི་དབང་ཆེན་ཡོད་ཚད་གཟའ་དང་འོག་ཕྱོགས་ཀྱི་དབང་ཆེན་ཡོད་ཚད་ཀླུ། མོ་རྒྱུད་ཡོད་ཚད་མ་མོར་བསྡུས་ན། སྣང་སྲིད་ཀྱི་ལྷ་མ་སྲིན་ཐམས་ཅད་སྡེ་བརྒྱད་ཀྱི་ནང་དུ་དེ་ལྟར་འདུས་པ་རེད། དེའི་སྡེ་བརྒྱད་པོ་དེ་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ནས་མཆོད་བསྟོད་བྱ་ཡུལ་རེད། དེ་ཡིན་ན་གོང་དུ་བཤད་པ་ལྟར་དུ་བརྟེན་ལུགས་བརྒྱད་ཀྱིས་བརྟེན་དགོས། སྒྲུབ་ལུགས་བརྒྱད་ཀྱིས་བསྒྲུབ་དགོས་གསུངས་པ་བཞིན། བརྟེན་ལུགས་བརྒྱད་ཀྱིས་ཇི་ལྟར་བརྟེན་དགོས་སྙམ་ན། དང་པོ་གིང་བྱུང་བ་རེད། གིང་ཐམས་ཅད་ཀྱི་བརྟེན་ལུགས་དེ་རྒྱལ་པོ་ལྟ་བུ་བརྟེན་དགོས་རེད་ལ། བདུད་བཙན་གནོད་སྦྱིན་གསུམ་གྱི་ནང་ནས་བདུད་ཐམས་ཅད་ཕ་ལྟར་དུ་བརྟེན་གསུངས་བ་དང་། བཙན་ཐམས་ཅད་གྲོགས་ལྟར་དུ་བརྟེན་པ་རེད། གནོད་སྦྱིན་ཐམས་ཅད་ལྷ་ལྟར་དུ་བརྟེན། དེའི་འཕྲོར་སྲིན་པོ་གཟའ་ཀླུ་གསུམ་ལས་སྲིན་པོ་ཐམས་ཅད་ཁོལ་བོ་ལྟར་བརྟེན། གཟའ་ཐམས་ཅད་རྗེ་བོའི་ཚུལ་དུ་བརྟེན། ཀླུ་ཐམས་ཅད་བྲན་གཡོག་གི་ཚུལ་གྱིས་བརྟེན། མ་མོ་མ་ལྟར་བརྟེན་དགོས་པ་རེད། ད་ནི་སྒྲུབ་ལུགས་བརྒྱད་རེད། དང་པོ་གིང་ཆིངས་ཀྱིས་བཅིངས་ནས་སྒྲུབ་གསུངས་པ་རེད། བདུད་བཙན་ཀླུ་གསུམ་གྱི་བདུད་བཀུག་ནས་སྒྲུབ་དགོས། བཙན་སེ་ལོང་གིས་སྒྲུབ་དགོས། གནོད་སྦྱིན་ཆུན་གྱིས་གཅུན་ནས་ཆུམ་པར་བྱས་ཏེ་སྒྲུབ་དགོས། སྲིན་པོ་གཟའ་ཀླུ་གསུམ་གྱི་སྲིན་པོ་ཨར་གཏད་ཀྱིས་སྒྲུབ་དགོས། གཟའ་རྒོད་ལྟོ་དཀྲུག་གིས་སྒྲུབ་དགོས། ཀླུ་ལོག་ནོན་གྱིས་སྒྲུབ་དགོས། མ་མོ་དབང་སྡུད་ཀྱིས་སྒྲུབ་དགོས་པ་རེད། དེ་ལྟར་བརྟེན་ལུགས་བརྒྱད་དང་སྒྲུབ་ལུགས་བརྒྱད་དེ་བཞིན་དུ་མཆོད་ལུགས་བརྒྱད་ཡོད་གསུངས་པ་རེད། མཆོད་ལུགས་རྣམ་པ་བརྒྱད་ཀྱིས་མཆོད་ནས་མཆོད་བརྟེན་སྒྲུབ་རྣམ་པ་གསུམ་པོ་དེ་ཚུལ་དང་མཐུན་པ་ཞིག་བྱས་ཏེ་སྡེ་བརྒྱད་གང་ཡིན་ཡང་། གོང་གནོན་གཉེན་པོའི་ལྷ་དང་སྔགས་གལ་ཆེ། དེའི་ལྷ་དང་སྔགས་ཀྱིས་གཟིར་ནས་སྡེ་བརྒྱད་དབང་དུ་སྡུ་དགོས་པ་རེད། མདོར་ན་སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གང་ཡིན་ཟེར་ན། ལྷ་སྲིན་རང་སེམས་སུ་ཤེས་པའི་ལྟ་བས་ཟིན་རྒྱུ་དེ་ཧ་ཅང་གལ་ཆེ། དེའི་ཡན་ཆད་ཀྱིས་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་སོང་ནས། ད་ནི་བྱང་ཤར་དུ་དཔལ་ཆེན་སྟོབས་ལྡན་ནག་པོ་གསུངས་པ་དེ་རེད། འདི་འུ་ཚོས་བཤད་ན་དམོད་པ་དྲག་སྔགས་གྱི་ལྷ་ཚོགས་རེད། འདིའི་རྒྱུད་ལ་མཚོན་ན་སྐུ་གསུང་ཐུགས་གསུམ་དུ་ཕྱེས་པའི་དྲག་སྔགས་ཀྱི་རྒྱུད་སྡེ་མང་པོ་ཡོད། འདིའི་སྒྲུབ་ཐབས་ཀྱི་དགོངས་པ་དེ་རྫོང་འཕྲང་སྲོག་གསུམ་ལ་བསྡུས་ན་ཆོག་ཀྱང་གཙོ་བོའི་ཆ་ནས་འབོད་རྦད་བསད་གསུམ་དུ་བསྡུ་དགོས་རེད། དེ་ནི། དྲག་སྔགས་བསྐྱངས་བའི་ནུས་པས་དམོད་པ་སྲོག་དམར་དོང་འབྱིན་གཙོ་བོར་བརྗོད་པའི་སྐབས་རེད། དེ་ཡང་སྔགས་ཀྱི་སྤུ་གྲིའི་མན་ངག་གི་ལུགས་ལྟར་ན་དམོད་དང་དྲག་དང་སྔགས་ཟེར་རྒྱུའི་དོན་གསུམ་གྱི་ནང་དུ་འདུས། དམོད་པ་ཐམས་ཅད་ལྷ་སྲིན་སྡེ་བརྒྱད་ཀྱི་རང་སྐད་དུ་གང་འདྲ་ཡིན་ན་དེར་བསྡུས་ནས་བཤད་པ་དང་། དྲེགས་པ་ཐམས་ཅད་རྣོ་མྱུར་ཆེ་ལུགས་ཀྱིས་རྣོ་བའི་དཔེ་བརྒྱད་དུ་བསྡུས་ནས་བཤད། སྔགས་ཐམས་ཅད་མཚོན་ཆ་བརྒྱད་དང་སྒྲུབ་པ་མན་ངག་བརྒྱད་དུ་བསྡུས་ཏེ་བཤད་རྒྱུ་རེད། དམོད་པ་སྡེ་བརྒྱད་ཀྱི་རང་སྐད་ལ་ཇི་ལྟར་བཤད་དགོས་སྙམ་ན། འཆི་བདག་གཤིན་རྗེའི་དམོད་པ་ནི། ཡ་ང་འཇིགས་སྐྲག་ཅན་ཤུགས་རིང་སྨྲེ་སྔགས་འོ་དོད་ཀྱི་དམོད་པ་ཅན་ཞིག་ཡིན། ནད་བདག་མ་མོའི་དམོད་པ་ནི་སྙིང་ལ་ཚེར་མ་ཟུག་པ་འདྲ་འདྲའི་ཉམ་ཐག་མ་ཡི་ངུ་འབོད་ཀྱི་དམོད་པ། ཆེ་དྲེགས་ལྷ་ཡི་དམོད་པ་དེ་ཐོག་དམར་མགོ་ལ་བབ་པ་བཞིན་དཀའ་ཆད་དྲག་རྩལ་ཅན་དེ་འདྲ་རེད། སྡུག་རྩུབ་གནོད་སྦྱིན་གྱི་དམོད་པ་དེ་བསམ་ལོང་དྲན་ལོང་མི་སྟེར་པའི་གནོད་སྦྱིན་དྲག་པོ་ལྕེ་མདུང་གི་དམོད་པ་གསུངས་བ་རེད། མྱུར་མགྱོགས་སྲིན་པོའི་དམོད་པ་སྲིན་པོ་དུང་བ་རོ་ལེན་གྱི་དམོད་པ་དང་། ཁྱབ་འཇུག་གཟའ་ཡི་དམོད་པ་འབྲུག་སྒྲ་གློག་འབྱིན་པ་ལྟ་བུ་དང་། གླེན་པ་ཀླུ་ཡི་དམོད་པ་སྦྲུལ་ངན་དུག་ལྕེའི་དམོད་པ་དང་། ཁྲམ་བདག་བདུད་ཀྱི་དམོད་པ་མུན་གླིང་སུམ་ཁུགས་ཀྱི་དམོད་པ་སྟེ། དེ་ལྟར་བརྒྱད་དང་དེའི་ཐོག་ལ་རྣོ་བའི་དཔེ་བརྒྱད་ཡིན་ན། འཆི་བདག་གཤིན་རྗེའི་ཁྲམ་ཤིང་དེ་རི་དྭགས་རྙི་ཡིས་བཟུང་བ་ལྟ་བུའི་ཐར་བ་མེད་པ་ཞིག ནད་བདག་མ་མོའི་ནད་རྐྱལ་དེ་ནད་དྭངས་མེད་ཁོག་ལ་ཞུགས་པ་བཞིན་དུ་སོས་པའི་རེ་བ་མེད་པ་ཞིག སྣང་སྲིད་ལྷ་སྲིན་གྱི་དལ་ཡམས་དེ་མཚོན་རྣོན་པོ་ཁོག་ལ་ཤོར་བ་འདྲ་འདྲའི་གསོན་པོར་འཚོ་ཐབས་མེད་པ་ལ་སོགས་པའི་འདི་དག་གི་བཤད་པ་རེ་རེ་བཞིན་དུ་རྒྱུད་དང་སྒྲུབ་ཐབས་བསྟན་བཅོས་དག་གི་གཞུང་ན་གསལ་བ་རེད། གསུམ་པ་སྔགས་ཐམས་ཅད་མཚོན་ཆ་བརྒྱད་ལ་བསྡུས་པའི་མཚོན་ཆ་བརྒྱད་པོ་གང་ཡིན་སྙམ་ན། འཆི་བདག་གཤིན་རྗེའི་དྲག་སྔགས་དེ་མཚོན་ཆའི་འཁོར་ལོ་སྐོར་བ་འདྲ་འདྲའི་འཁོར་ཞིང་འཁོར་ལ་གཅོད། སྲིད་པ་མ་མོའི་དྲག་སྔགས་དེ་གྱད་རྩལ་ཆེན་གྱིས་མདའ་མོ་འཕངས་བ་འདྲ་འདྲའི་གར་གཏད་ས་ལ་རྒྱག ཆེ་བཙན་ལྷ་སྲིན་གྱི་དྲག་སྔགས་དེ་རྣོན་པོའི་དུག་མདུང་གཡུགས་པ་འདྲ་འདྲའི་སོ་ཁ་གར་གཏད་དུ་འབིགས། ཁྱབ་འཇུག་གཟའ་ཡི་དྲག་སྔགས་དེ་སྟོབས་ཆེན་གྱི་མགྱོགས་རྡོ་འདྲ་འདྲའི་དྲག་ལ་མྱུར། གླེན་པ་ཀླུ་ཡི་དྲག་སྔགས་དེ་ས་འོག་གི་རལ་གྲི་ལྟར་མ་གོ་མ་ཚོར་ས་ནས་གཅོད་པར་བྱེད་རྒྱུ་ལ་སོགས་པ་དང་། གཞན་ཡང་སྒྲུབ་ལུགས་བརྒྱད་ཀྱི་མན་ངག་ལ་མཚོན་ན། འཆི་བདག་གཤིན་རྗེའི་སྒྲུབ་ལུགས་ཀྱི་མན་ངག་དེ་ཕོ་སྐྱེས་དར་མའི་སྙིང་ཤུན་ལ་བརྟེན་ནས་སྒྲུབ་དགོས་གསུངས་པ་དང་། འདོད་ཁམས་མ་མོའི་དྲག་སྔགས་དེ་གྲི་ཤི་མོ་ཡི་སྙིང་ཤུན་ལ་བརྟེན་ནས་སྒྲུབ་དགོས་གསུངས་རྒྱུ། གདུག་རྩུབ་གནོད་སྦྱིན་གྱི་དྲག་སྔགས་དེ་ར་ཁམས་པ་དར་མའི་སྙིང་ཤུན་ལ་བརྟེན་ནས་སྒྲུབ་དགོས་གསུངས་རྒྱུ་སོགས། དེ་ལྟ་བུའི་སྒྲུབ་ལུགས་མང་པོས་བསྟན་ཡོད་པ་ཡིན་ན། དེ་ཚོ་དགྲ་བོའི་རང་གཤེད་རང་ལ་བབས་རང་སྲོག་རང་གིས་གཅོད་པའི་མན་ངག་རྐྱང་རྐྱང་ཡིན། དོན་ཚུར་བསྡུས་ཡོང་ན། སྡེ་བརྒྱད་ཀྱི་རང་སྐད་བརྒྱད་དེ་དྲག་སྔགས་ཀྱི་ངོ་བོ་རེད། རྣོ་བའི་དཔེ་བརྒྱད་དེ་སྔགས་ཀྱི་མཐུ་དང་། སྔགས་ཀྱི་མཚོན་ཆ་བརྒྱད་དེ་སྔགས་བདག་གི་མཐུ་རེད། སྒྲུབ་ལུགས་མན་ངག་བརྒྱད་པོ་དེ་གནད་ཀྱི་སྙིང་བསྡུས་རེད། མདོར་ན་དྲག་སྔགས་ལག་ལེན་གྱི་སྐབས་སུ། གོང་གནོན་གཉེན་པོ་སྟོབས་ཀྱི་ལྷ་ཡི་བསྙེན་སྒྲུབ་ཚད་ལྡན་ཞིག་ཡོད་བཅུག་རྒྱུ་དེ་གནད་དེ་བས་ཆེ་མེད་པ་རེད། དེའི་སྟེང་ནས་འཁོར་འདས་གཉིས་ཀྱི་སྟོང་སྲོག་འཕྲོག་ནས་ལྟ་བའི་གདེང་ཡོད་པ་ཞིག་གི་སྒོ་ནས། སྡེ་བརྒྱད་གང་། ལས་ཅི་ཞིག་གི་དོན་ལ་རྦད་དགོས་ན། ཐོག་མར་འབོད་དགོས། བར་དུ་རྦད་དགོས། མཐར་ལས་ལ་དངོས་སུ་སྦྱར་ནས་ལས་བསྒྲུབ་རྒྱུ་སྟེ་འབོད་རྦད་བསད་གསུམ་དེ་ལྟར་གོ་རིམ་བཞིན་དུ་ཚང་དགོས་པ་རེད། དེ་དག་གཅིག་ལ་ཡང་མི་ལྟོས་པའི་གློ་བུར་ཅོག་བརྡུང་ནག་པོ་ཟེར་རྒྱུ་བོ། རལ་གྲི་འཕྱར་བ་དང་གཡུགས་པ་དུས་གཅིག་གིས་དྲག་སྔགས་ལས་ལ་སྦྱར་ཚུལ་གྱི་མན་ངག་ཡང་ཡོད་རྒྱུ། འདི་ཚོ་སྐབས་སུ་བབས་དུས་སོ་སོའི་རྒྱུད་དང་མན་ངག་གི་གཞུང་བེ་བུམ་ལ་བལྟས་ནས་ཉམས་མྱོང་ལག་ལེན་གྱི་རྒྱུན་ལ་བརྟེན་རྒྱུ་དེ་གལ་ཆེན་རེད།


previousཉིན་བཞི་པའི་དབང་དོན་ཟབ་ཁྲིད། next