Nitartha Digital Library
Tibetan
 
previousཉིན་ལྔ་པའི་དབང་དོན་ཟབ་ཁྲིད། next

ཉིན་ལྔ་པའི་དབང་དོན་ཟབ་ཁྲིད།

དེ་ནི། གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་བ་སོགས་ཀྱི་སྨིན་དབང་ཡིན། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་དང་རྗེས་ཟློས་འགའ་སོང་བའི་ཟུར་འཕྲོས། འདིའི་དྲག་པོ་དུར་ཁྲོད་སྒྲོལ་བའི་ཞིང་དང་། ཁྲོ་མཁར་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་པའི་དག་སྦྱོར། སྤྱིར་བཏང་གི་དཔལ་ཆེན་རྩ་བའི་དཀྱིལ་འཁོར་དང་འདྲ་བ་ལས། གཤིན་རྗེ་འཆི་བདག་ཟིལ་གནོན་འདི་སྒྲུབ་པ་བཀའ་བརྒྱད་ཀྱི་ནང་ནས་འཇམ་དཔལ་སྐུ་ཡི་སྒྲུབ་པ་རེད། གཤིན་རྗེའི་དཀྱིལ་འཁོར་ཡང་གདུལ་བྱ་འདུལ་བའི་དགོས་དབང་གིས། འདུལ་ཐབས་སྣ་ཚོགས་ཀྱིས་དཀྱིལ་འཁོར་ཡང་སྣ་ཚོགས་སུ་སྣང་བ་དང་། ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའ་གཅིག་གི་ཡེ་ཤེས་སྒྱུ་མའི་རྣམ་རོལ། གཞི་ལམ་འབྲས་བུའི་ཡོན་ཏན་མ་ལུས་པ་ལྷུན་གྱིས་གྲུབ་ཅིང་རྫོགས་པའི་བདག་ཉིད་ཆེན་པོ་ཞིག་ཡིན། དེ་ལྟར་ཡིན་པ་གང་ཞིག་གོང་དུ་སྨོས་མ་ཐག་པ་ལྟར་དུ་གདུལ་བྱ་འདུལ་བའི་དགོས་དབང་གིས། དཀྱིལ་འཁོར་དང་ལྷ་ཚོགས་ཀྱི་རྣམ་པ་དང་སྤྲོ་བསྡུ་ཚད་ཀྱིས་གཞལ་དུ་མེད་པ། སེམས་ཅན་གྱི་རྟོག་ཚོགས་མཐའ་ཡས་པ་བཞིན་དུ། རྒྱལ་བའི་ཐུགས་རྗེའི་རྣམ་པར་བཀོད་པའི་ཡེ་ཤེས་སྒྱུ་མའི་རྣམ་རོལ། སྐྱེ་བ་མེད་པའི་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་སྣང་བའི་མཐའ་ཡང་ཚད་ཡོད་པ་མ་ཡིན། འདི་ནས་སྒྱུ་མའི་རྣམ་རོལ་ཞེས་པའི་སྐབས་སུ། དཔེ་དང་སྦྲེལ་ནས་དཔེའི་གཟུགས་ཀྱིས་དོན་བསྟན་པའི་ཚིག་ཡིན་པས། སྒྱུ་མ་དཔེ་རུ་བཀོད་པའི་དཔེ་ཅན་དེ་ཅི་འདྲ་ཞིག་རེད་ཟེར་ན། འདི་ལ་ཀུན་རྫོབ་སྒྱུ་མ། ལྷར་སྣང་སྒྱུ་མ། ལྷུན་གྲུབ་སྒྱུ་མ་གསུམ་གྱི་རྣམ་དབྱེ་དང་གོ་དོན་ཡོད། ཀུན་རྫོབ་སྒྱུ་མ་སྣང་བའི་སྣང་གཞི། གདོད་མ་ཉིད་ནས་ཡེ་དག་འཕོ་འགྱུར་དང་བྲལ་བ་ལ། ལྷར་སྣང་སྒྱུ་མ་བསྐྱེད་རིམ་གསལ་བརྟན་དག་གསུམ་གྱི་ལམ་ལ་བརྟེན་ཏེ། ལྷུན་གྲུབ་སྒྱུ་མ་དེ་རྫོགས་རིམ་གཉུག་མའི་ཡེ་ཤེས་སྟོང་གསལ་འགག་པ་མེད་པ། གཞི་འབྲས་དབྱེར་མེད་ཀྱི་ས་ལ་སྦྱོར་རྒྱུའི་གཞི་ལམ་འབྲས་གསུམ་གསང་གསུམ་རྡོ་རྗེ་གསུམ་དང་འབྲལ་མེད་ཀྱི་སྐུ་གསུམ་འདུས་པའི་གོ་དོན་ཅན་ཞིག་རེད། སྐབས་དོན་འདིའི་མཐོང་བ་བསྟན་པའི་དག་སྦྱོར་གྱི་གཤིན་རྗེ་འཆི་བདག་ཟིལ་གནོན་གྱི་དཀྱིལ་འཁོར་འདིའི་སྒོས་ཆོས་འཆི་བདག་གཤིན་རྗེའི་ལྷ་ཚོགས་བསྟན་པ་རེད། གཙོ་བོའི་ཐུགས་ཀ་གཤིན་རྗེ་ཡ་མ་ར་ཛ་དང་དེའི་ཐུགས་ཀར་ཕྱག་རྡོར་གསུངས་པ་འདི། སེམས་དཔའ་སུམ་བརྩེགས་ཀྱི་ཚུལ་ཅན་བྱས། ཡང་དེའི་ཐུགས་ཀ་རུ་རུས་སྦལ་རྔམ་པ་མི་ཟད་སོགས་རྒྱན་གྱི་ལྷ་བརྒྱད་གསལ་འདེབས་རྒྱུ་དེ་འདྲ་མ་རེད། དེ་མིན་པའི་ཐོག་ལ་སེམས་དཔའ་བཞི་བརྩེགས་ལྔ་བརྩེགས་སོགས་དེ་བས་ཀྱང་མིན་པར་བཤད་མ་དགོས་པ་རེད། དེའི་རྒྱན་བརྒྱད་དེ་ཁྲོ་བཅུའི་གོ་ཆ་དང་བཅས་པ། གཙོ་བོའི་སྤྱི་བོ་དང་ཕྲག་གོང་སོགས་ལ་གསལ་ནས་མཐའ་སྐོར་ལ་རྩ་བའི་ལྷ་གཞན་སྒོམ་ཡོང་དུས། སྤྱིར་ན་གཤིན་རྗེ་འཆི་བདག་ཟིལ་གནོན་གྱི་དཀྱིལ་འཁོར་ཕོ་བྲང་དབུས་མ་དེ་དཀྱིལ་འཁོར་གྲུ་གསུམ་རེད། ཡིན་ན་ཡང་དེའི་ཕྱི་ཡི་ཕྱོགས་བཞིའི་ལྷག་པའི་བདེ་ཆེན་གྱི་ཡེ་ཤེས་བཞི་མཚོན་པའི་ཐོད་མཁར་བཞིའམ་ཐོད་མཁར་གྱི་གློ་འབུར་བཞི་ལ་ཤར་དུ་ཡ་མ་ར་ཛ། ལྷོར་ཡ་ཝ་ཏི་ལ་སོགས་པ་གོང་ནས་གསུངས་པ་ལྟར་དུ། འདིའི་གསུངས་ལུགས་ལ་ཆ་མཚོན་ན། ཤར་དེ་དཀྱིལ་འཁོར་གྱི་མདུན་ངོས་བྱས་ནས་གོང་གི་གཙོ་བོའི་ཐུགས་ཀ་ཡ་མ་ར་ཛ། དེའི་ཐུགས་ཀར་དྲེགས་པ་ཕྱག་རྡོར། དེའི་ཐུགས་ཀར་རུ་སྦལ་གསུངས་རྒྱུ་དེ། ལ་ལས་ཐུགས་ཀའི་ཐད་ཀྱི་ཁྱམས་ལྟ་བུ་མ་གོ་ནས་དེ་ལྟར་འགྲེལ་སྲིད་མོད། འོན་ཀྱང་འདི་ནས་ཡེ་ཤེས་ལྔའི་རང་བཞིན་རྩ་བའི་ལྷ་ལྔ་གསལ་ཡོང་དུས། ལྔ་པོ་ཚང་རྒྱུ་ལ་ཐོད་མཁར་གྱི་གློ་འབུར་བཞིའི་ཤར་ཡ་མ་ར་ཛ། ལྷོའི་ཡ་ཝ་ཏི། ནུབ་ཀྱི་ཨ་ཝ་གླང་མགོ། བྱང་གི་རལ་པ་ཚར་དགུ་སྟེ་བཞི་མ་གཏོགས་མེད། དེ་མེད་ན་དབུས་ཀྱི་ཆེ་མཆོག་ཧེ་རུ་ཀ་ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཡབ་ཡུམ་གཉིས་སུ་མེད་པ། དེའི་ཐུགས་ཀའི་དྲེགས་པ་འཇོམས་བྱེད་རུས་སྦལ་ལ་སོགས་རྒྱན་བརྒྱད་ཀྱིས་བརྒྱན་པའི་གཙོ་བོ་དང་། གོང་གི་རྩ་བའི་ལྷ་ལྔ་རྩིས་ཡོང་ན་ཐམས་ཅད་ཚང་ཡོད་པ་རེད། དེ་ལྟར་ན་གཙོ་བོའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཡ་མ། དེའི་ཐུགས་ཀར་ཐུགས་སྲོག་ཏིང་འཛིན་སེམས་དཔའ་ཉི་སྟེང་ཧཱུྃ་ཡིག་གིས་མཚོན་པའི་སྔགས་ཕྲེང་འཁོར་རྒྱུ་དང་བཟླས་དམིགས་བྱ་རྒྱུ་དེ་ལྟར་ཡིན་དགོས་ཀྱང་། སྤྱིར་བཏང་སེམས་དཔའ་སུམ་བརྩེགས་ཀྱང་དངོས་པོ་གཅིག་ནང་གཅིག་བཙུད་ཕྱི་ནང་གསུམ་ལྟ་བུ་ཞིག་ཡིན་མི་དགོས། དམ་ཚིག་སེམས་དཔའ་ཟེར་རྒྱུ་དེ་རགས་པ་གནས་སྐབས་པའི་ལུགས་དང་ཆོས་མཐུན་པ་ལས། འདིའི་ངེས་ཚིག་གི་ཐོག་ནས་བཤད་ན་རང་གི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་བསྐྱེད་ཅིང་དེ་ལས་མི་འདའ་པས་དམ་ཚིག་དང་། ལྷ་གསལ་གྱི་དག་དྲན་མ་གཏོགས་ཐ་མལ་གྱི་ལོག་ལྟ་མེད་པས་སེམས་དཔའ་ཟེར། ཡེ་ཤེས་སེམས་དཔའ་དེ་ཕྲ་བ་གཉུག་མའི་ལུས་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་ལ་གནས་པ་བླ་མེད་ཐུན་མོང་གི་ཆོས་སྐད་བྱས་ན་རླུང་འོད་ཟེར་ལྔ་བ་དང་ཆོས་མཐུན་པ་ཞིག་དང་། ཏིང་འཛིན་སེམས་དཔའ་ནི་དེ་ལས་ཀྱང་ཤིན་ཏུ་ཕྲ་བ་སེམས་དང་ཆོས་མཐུན་པའི་བདག་ཉིད་ཅན་ཞིག་ཡིན་པས། འདི་ལྟར་བཤད་སྐབས་བརྡ་སྤྲོད་པའི་ཐ་སྙད་ཕྲ་བ་ཟེར་རྒྱུ་འདི་ཡང་། རྡུལ་དང་སྐད་ཅིག་མས་གཞལ་རྒྱུའི་ཕྲ་བ་མ་ཡིན་པར། ཕྲ་རགས་ཟབ་ཁྱད་ཀྱིས་ཕྱེས་པ་ཞིག་རེད། ཡ་མ་ར་ཛ་གཅིག་གཙོ་བོའི་ཐུགས་ཀར་དང་གཅིག་ཐོད་མཁར་ཤར་མའི་དབུས་ལ་ཡོད་རྒྱུ་ལ་འགལ་བར་ལྟ་མི་དགོས། ང་ཚོའི་ཞི་ཁྲོའི་དཀྱིལ་འཁོར་གྱི་སྐབས་ནས་གཙོ་བོའི་ལྷར་གནས་ཀྱི་ཀུན་བཟང་དང་ཁྱམས་ཀྱི་ཀུན་བཟང་མ་ཟློས་པ་བཞིན་རེད། དཀྱིལ་འཁོར་དབུས་ཀྱི་ཐོད་མཁར་ཕྱི་ནང་ལ། རྩ་བའི་ལྷ་ལྔ་རྒྱན་དང་བཅས་པ་དེ་ལྟར་བྱས་ཏེ་གསལ་བའི་མཐའ་སྐོར་གྲུ་ཆད་དང་། འོབ་ཆེན་རྣམས་ལ་གཤེད་ཆེན་གཙོ་འཁོར་བཅུ་དྲུག ཟླ་གཤེད་འཆི་བདག་བཅུ་གཉིས། ཞག་གཤེད་སུམ་ཅུ་སོ་གཉིས། དེའི་ཐོག་ལ་ཕོ་གཤེད་མོ་གཤེད་སྒོ་བ་དང་བཅས་པ་བསྐྱེད་དགོས་པ་རེད། འདིའི་སྒོ་བ་ཡང་ལས་བྱང་གི་ནང་ལྟར་དུ། ཤར་སྒོ་དཀར་པོ་སྙིང་འབྱིན་དང་། ལྷོ་སྒོར་མགོན་པོ་ནག་པོ། ནུབ་སྒོ་བདུད་རེད། བྱང་སྒོར་གནོད་སྦྱིན་ཁྲབ་ཅན་དག་རེད། མདོར་ན་གཙོ་བོ་གཅིག་གི་ཆོ་འཕྲུལ་ལས་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ལས་མཁན་དང་བཅས་པ་ཤར་ནས། ཁམས་གསུམ་སྐྱེ་འགྲོའི་སྲོག་གི་བདག་པོ་འཇིགས་བྱེད་གཤིན་རྗེ་རོལ་པའི་ཆོ་འཕྲུལ་ལ་བརྟེན་ཅིང་། དོན་སྲིད་གསུམ་རྔམ་ཟས་སུ་ཟ་བའི་དུས་ཀྱི་དགྲ་ཆེན་སྲིད་དང་ཞི་བ་དབྱིངས་གཅིག་ཏུ་གསལ་བའི་དུས་དགྲའི་དབང་པོ་རེད། འདི་རྣལ་འབྱོར་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་རྩ་རླུང་ཐིག་ལེའི་རང་བཞིན་ལ་ཚང་བ། རང་རང་གི་བློ་ཁྱད་དང་བསྟུན་ནས། ཕྱི་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་དུ་དང་། ནང་རང་གི་ཕུང་པོའི་དལ་ལ་བརྟེན་ཏེ་རྫོགས་པ་ཨ་ནུ་ཡོ་ག་ལྟར། གསང་བ་རིག་པ་སེམས་ཀྱི་དལ་ལ་བརྟེན་ནས་རྫོགས་ཆེན་ཨ་ཏི་ཡོ་ག་ལྟར་རམ་ཡང་ན་ཐམས་ཅད་གཅིག་ལ་ཚང་བའི་དེ་ཁོ་ན་ཉིད་ཀྱི་ལམ་རིམ་ལ་བརྟེན་ཏེ་སྒྲུབ་པ་ཕྲིན་ལས་དང་བཅས་པ་ཡོངས་སུ་རྫོགས་པའི་ཚུལ་ཅན་གང་དང་འབྲེལ་དགོས་རང་གི་བློ་དང་སྦྱར་རྒྱུ་རེད། འཇམ་དཔལ་གཤིན་རྗེ་གཤེད་སྐོར་འདིའི་རྩ་བའི་རྒྱུད་དེ་གང་ཡིན་ན་འཇམ་དཔལ་གསང་རྒྱུད་དང་མེ་ལྕེའི་ཕྲེང་རྒྱུད་ལ་སོགས་པ་རེད། དེ་ཚོ་ལ་ཕུགས་གཏུགས་ནས་ཐུན་མིན་གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པ་དབང་དང་དམ་ཚིག་སྒྲུབ་པ་ཕྲིན་ལས་སྔགས་དང་ཕྱག་རྒྱ་ལ་སོགས་པའི་གོ་དོན་བརྡར་ཤ་ཞིབ་ཀྱིས་བཅད་ནས། དབང་བསྐུར་ཐབས་འདི་གནད་ལ་སྨིན་པ་ཞིག་བྱེད་དགོས། འདྲ་ལ་མ་ཡིན་སྣང་ལ་མ་ངེས་པའི་ཆོས་འཆད་ཉན་དོན་བྱེད་ནུས་སྟོང་གི་གཟུགས་བརྙན་རེད། དེ་བཞིན་དབང་བསྐུར་བའི་ཐབས་དེ་ཡང་ཡ་ལེ་ཡོ་ལེ་རེད་སོང་ན་དེ་ལས་ཀྱང་གཟུགས་བརྙན་ནང་གི་ཡང་བརྙན། ཕ་མགོ་བུས་གཡོག་བུ་མགོ་དགྲས་གཡོག་རེད་མི་འགྲོ་ཐབས་མེད་ཡིན་པས། གསང་བ་ཟབ་མོར་རིས་ཆད་གཟུ་ལུམས་དང་ཆོས་ལ་དབང་ཟའི་ཉེས་ལྟུང་རིན་གྱིས་ཉོ་དགོས་དོན་མི་འདུག དེ་བས་ཁ་རོག་བསྡད་ན་ཁེ་མེད་ཀྱང་ཉེན་ཡང་མེད་པ་རེད། དེའི་དབང་གིས་དཔྱད་པ་ཞིབ་མོར་བྱས་ཏེ་ངེས་ཤེས་བརྟན་པོར་སྐྱེ་དགོས། དཔྱད་པ་བཟང་པོས་མ་དྲངས་ན། །ངེས་ཤེས་བཟང་པོ་ག་ལ་སྐྱེ། །ངེས་ཤེས་བཟང་པོ་མ་སྐྱེས་ན། །སྒྲོ་འདོགས་ངན་པ་ག་ལ་ནུབ། །གསུངས་པ་ལྟར། ངེས་ཤེས་བཟང་པོ་སྐྱེས་པའི་མཐར་ཐུག་ལ་སྒྲོ་འདོགས་ངན་པ་ནུབ་པའི་དོན་འབྲས། འཁོར་འདས་མཉམ་ཉིད་རང་རིག་ཆེ་མཆོག་ཡ་མན་ཏ་ཀ་ཟིལ་གནོན་ཁྲོ་རྒྱལ་འབར་བའི་ངོ་བོར་རྟོགས་སོང་ན། གོང་གི་ངེས་ཤེས་སྒྲོན་མེའི་ལུང་དེའི་མཇུག་ཏུ། བཟང་ངན་མེད་པའི་མཉམ་ཉིད་དེ། །རྟོགས་པ་ངེས་ཤེས་བཟང་པོ་ཡིན། །གསུངས་པའི་ཚོད་ལ་ཐོན་སོང་བ་རེད་སྙམ། འཇམ་དཔལ་ཡ་མན་ཏ་ཀའི་སྒྲུབ་ཐབས་ཀྱི་མན་ངག་ལ་བསམ་བློ་བཏང་ན། འཇམ་དཔལ་སྐུའི་སྒྲུབ་པ་ཐམས་ཅད་འཁོར་ལོ་རྣམ་པ་བཞིའི་དགོངས་པར་འདུས། འཁོར་ལོ་རྣམ་པ་བཞི་པོ་གང་ཡིན་སྙམ་ན། གནས་པའི་འཁོར་ལོ། སྲིད་པའི་འཁོར་ལོ། སྤྲུལ་པའི་འཁོར་ལོ། གཅོད་པའི་འཁོར་ལོ་དང་བཞི་པོ་རེད། གནས་པའི་འཁོར་ལོ་དེ་ལྟ་བ་བྱས་ནས་བཤད་ཡོང་ན། ཇི་ལྟར་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར་དུ་འཇམ་དཔལ་ཡ་མཱན་ཏ་ཀའི་ཐུགས་ཡང་དག་ཡེ་ཤེས་ལས་ཡང་དག་པའི་ཆོས་ཐམས་ཅད་འབྱུང་ཞིང་། དེ་ཉིད་འཕོ་འགྱུར་མེད་པར་གནས་པས་ན་གནས་པའི་འཁོར་ལོ་གསུངས་པ་རེད། གཉིས་པ་སྲིད་པའི་འཁོར་ལོ་དེ་སྒོམ་པར་བཤད་ཡོང་ན། ཕྱི་ལྟར་ན་ཁམས་གསུམ་སྲིད་པ་གསུམ་པོ་འཇམ་དཔལ་ཡ་མཱན་ཏ་ཀའི་སྐུ་ལ་རྫོགས་པའམ་དབང་བྱེད་པ། སྲིད་གསུམ་སྲོག་དབུག་གི་བདག་པོ། གཤིན་གྱི་རྗེ་བོ་ཐ་མལ་པ་ཐམས་ཅད་ཀྱི་རྗེ་བོ་འང་ཡིན་པས་ན་ཆེན་པོའམ་དབང་པོ་འཁོར་འདས་ཐམས་ཅད་ཀྱི་བདག་པོ། སྲིད་གསུམ་ཟ་བའི་དུས་ཀྱང་འཇོམས་བྱེད་དུས་དགྲའི་དབང་པོ་ཟེར་བའི་མཚན་ཐོགས་རྒྱུ་དང་། ནང་ལྟར་མངལ་སྐྱེས་ཀྱི་སེམས་ཅན་ཐམས་ཅད་ལས་རླུང་འཕོ་པའི་གཞི་དེ་ལྟེ་བ་སྤྲུལ་པའི་འཁོར་ལོར་བརྟེན་ཅིང་འཆོར་མེད་དུ་འཛིན་ཏེ་འཕོ་ཞིང་འཇོམས་པར་བྱེད་པ། གསང་བ་ལྟར་དུ་བྱས་ཡོང་ན། ཡེ་རླུང་གི་བྱེད་པ་ཡིས་ལས་རླུང་གི་རྒྱུ་བ་དག་སྟེ་དུས་ཀྱི་དགྲ་ཡང་འཕོ་མེད་དུ་འཇོམས་པ་འཇམ་དཔལ་ཡ་མཱན་ཏ་ཀའི་དགོངས་པ། དེ་ལ་སྲིད་པའི་འཁོར་ལོ་ཟེར་དགོས། གསུམ་པ་སྤྲུལ་བའི་འཁོར་ལོ་རེད། སྤྲུལ་པའི་འཁོར་ལོ་འདི་ལྟ་སྒོམ་སྤྱོད་པའི་ནང་ནས་སྤྱོད་པར་བཤད་ན། གདུལ་བྱ་འགྲོ་བ་དྲུག་ལ་འདུལ་བྱེད་ཐུབ་པ་དྲུག་སོགས་དཔེ་སྒྱུ་མ་མཁན་གྱི་སྤྲུལ་པ་བཞིན་དུ། འགྱུར་མེད་བྱང་ཆུབ་སེམས་ཀྱི་དབྱིངས་ལས་འགག་མེད་ཐུགས་རྗེའི་རྩལ་སྣང་སྣ་ཚོགས་སུ་ཤར་བ་དེ་རེད། བཞི་པ་གཅོད་པའི་འཁོར་ལོ་རེད། འདི་འབྲས་བུར་བཤད་ན། སྤྱིར་འཁོར་ལོ་ཟེར་རྒྱུ་འདི་འཕར་བ་བྱེད་པའམ་གཅོད་པར་བྱེད་པ་སྟེ་ལམ་མཐོན་པོར་འདེགས་བྱེད་ཡིན་པར་མ་ཚད་གཅོད་པར་བྱེད་པའི་མཚོན་ཆ་ཞིག་ཀྱང་རེད། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཕྱག་མཚན་གཙོ་བོར་ཡང་འཁོར་ལོ་རེད། དེས་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་བསྒྲུབས་ཅིང་། ཁྱད་པར་བསྟན་དགྲ་ཚར་གཅོད་པར་བྱེད་པས་ན་གཅོད་པའི་འཁོར་ལོ་གསུངས་པ་རེད། འདིའི་ངོ་བོ་ཕྲིན་ལས་ཡིན་པ་ལ་རྣམ་པ་འཁོར་ལོར་ཤར་བ། དཔེ་མཚོན་ཆ་རྣོན་པོས་གང་ལ་བཏབ་ན་དེ་ཐོགས་མེད་དུ་གཅོད་པ་ལྟར་དུ། སྤྱིར་ན་ལས་རབ་འབྱམས། ཁྱད་པར་དུ་བསྟན་དགྲ་ཚར་གཅོད་ལ་བསྔགས་པ་ཡིན་པས། ཕྲིན་ལས་སྣ་ཚོགས་ལ་འཕྲུལ་ཞིང་འཁོར་བས་ན་འཁོར་ལོའི་ངེས་ཚིག་ཏུ་གྲུབ་པ་དེ་འདྲ་ཞིག་རེད། འདིའི་འཁོར་ལོ་བཞི་པོ་འདི་དོན་རྟགས་གཉིས་ལ་བསྡུས་ནས་བཤད་ན། དོན་ལྟ་བ་གནས་པའི་འཁོར་ལོ་ལ་རྟགས་ཕྲིན་ལས་འཁོར་ལོ་ཕྱི་མ་གསུམ་པོ་ཡིན་རྒྱུ་དང་། ངེས་དོན་རྫོགས་ཆེན་དང་སྦྱར་ན། གནས་པའི་འཁོར་ལོ་དེ་གནས་ལུགས་རང་བྱུང་གི་ཡེ་ཤེས། དེ་སྦྱོང་གཞི་ངོ་བོ་ཉིད་ཀྱི་གཞི་བྱས་ན། སྲིད་པའི་འཁོར་ལོ་དབྱིངས་མ་འཁྲུལ་པ་ལས་གློ་བུར་འཁྲུལ་པ་བྱུང་ནས་འཁྲུལ་པ་བཏགས་པའི་གཞི། གང་སྦྱང་བྱ་དྲི་མའི་ཆ་ལ་བཞག་དུས། སྤྲུལ་པའི་འཁོར་ལོ་དེ་མཚན་བཅས་མཚན་མ་མེད་པའི་རྫོགས་རིམ་དང་། ཁྱད་པར་འཁོར་འདས་དབྱེར་མེད་ཆེན་པོའི་ལྟ་དོན་དེ་སྒོམ་སྤྱོད་གཉིས་ཀྱིས་བསྡུས་པ་ཞིག་འཁྲུལ་པ་སྦྱོང་བྱེད་ཀྱི་ལམ། གཅོད་པའི་འཁོར་ལོ་དེ། ངེས་དོན་ཡ་མཱན་ཏ་ཀའི་གསང་གསུམ་རྒྱན་གྱི་འཁོར་ལོར་གྲུབ་ནས་སྦྱོང་འབྲས་སྒྲིབ་གཉིས་བག་ཆགས་ དེ་ལྟ་བུའི་འཇམ་དཔལ་ཡ་མཱན་ཏ་ཀ་གཤིན་རྗེ་གཤེད་ཀྱི་ཡེ་ཤེས་སྒྱུ་མའི་རྣམ་རོལ། གཞི་ལམ་འབྲས་བུའི་ཡོན་ཏན་མ་ལུས་པར་རྫོགས་པའི་བདག་ཉིད་ཆེན་པོ་གང་ཟེར་རྒྱུའི་གོ་བ་རེད། ཡང་མཚམས་འདིར། རྟ་མགྲིན་ཁམས་གསུམ་རོལ་བའི་དབང་ཡིན། དེའི་ལོ་རྒྱུས་དབང་ཆོག་ཡན་ལག་བདུན་པ་སོགས་རྗེས་ཟློས་གསུངས་མཐར། ཡེཤེས་དབབ་པ་འདི་ནང་འཇུག་རེད། ནང་གང་ལ་འཇུག་པ་རེད་ཟེར་ན། དབང་ཆེན་པདྨ་གསུང་གི་རྟ་མགྲིན་ཁམས་གསུམ་རོལ་པ་རྩ་བའི་དཀྱིལ་འཁོར་གྱི་ནང་ལ་དང་། འཇུག་སའི་སྒོ་གང་ནས་འཇུག་ན་དབུས་ཤར་གྱི་སྒོ་ནས་འཇུག་དགོས། ཡི་དམ་ལྷ་ཡི་དཀྱིལ་འཁོར་དང་སློབ་མ་རང་ཉིད་མདུན་སྤྲད་བྱས་པའི་དཀྱིལ་འཁོར་གྱི་མདུན་ཕྱོགས་རང་ལ་གཏད་ས་དེ་ཤར་དུ་བྱས་པའི་ཤར་སྒོ་ནས། དང་པོ་ཕྱི་འཇུག་གི་སྐབས་གཡས་བསྐོར་གྱི་སྒོ་རེ་རེ་ནས་ཕྱག་དང་བཅས་ཞུགས་ཏེ། སླར་ཡང་ཤར་སྒོ་ལ་ཐོན་པའི་དེ་མ་ཐག་ཏུ་ནང་འཇུག་གི་ཐོག་མ་ཡེ་ཤེས་དབབ་པའི་སྐབས་འདིར། དཀྱིལ་འཁོར་གྱི་ཤར་སྒོའི་དབང་སྟེགས་པདྨ་འདབ་བརྒྱད་ཀྱི་གདན་རེ་རེ་ལ། སློབ་མ་རང་ཉིད་འཁོད་པའི་མོས་པ་བྱས་པ་དང་མཉམ་དུ། སློབ་དཔོན་གྱི་ཞལ་འདོན་ཚིག་དོན་དང་སྦྲགས་ནས། སྔགས་དང་ཏིང་འཛིན་གྱི་གསང་གཞུང་ཤེས་པ་དང་མཉམ་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་། རང་གི་རྣམ་སྨིན་ལུས་རྟེན་གྱི་མ་དག་པའི་ཆ་ཐམས་ཅད་སྦྱངས། མ་དག་པའི་ཆ་སྦྱོང་རྒྱུ་དེ་ཡང་རང་གི་སེམས་རྣམ་ཤེས་སྦྱངས་པའི་འབྲས་བུ་ལ་རྣམ་ཤེས་ཧཱུཾ་ཡིག་ཏུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས་ཡུམ་གྱིས་མཉམ་པར་སྦྱོར་བའི་རྗེས་ཆགས་བདེ་སྟོང་གི་རོལ་མོའི་ཞུ་བདེའི་ཐིག་ལེར་གྱུར་པ་ནི། ཡུམ་གྱི་མཁའ་གསང་ནས་གཙོ་བོ་རང་ཉིད་དང་རྣམ་པ་འདྲ་བར་བརྙེས་པའི་སྲས་སུ་སྨིན་པ་དེ་ཉིད། སྔར་གྱི་དབང་སྟེགས་ལ་བཞུགས་པའི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ནས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་གང་བསྒྲུབ་བྱ་རྟ་མགྲིན་ཁམས་གསུམ་རོལ་པའི་དཀྱིལ་འཁོར་གྱི་ལྷའི་རྣམ་པ་སྤྱན་དྲངས་པ་དེ། རང་དང་རོ་གཅིག་དུ་འདྲེས་པར་བསམ་ནས་དམིགས་མེད་ལྟ་བའི་ངང་མདངས་བསྐྱང་དགོས། འདིའི་སྟོད་ལས་ཐམས་ཅད་ལྟ་བ་དང་། སྨད་ལས་ཐམས་ཅད་སྤྱོད་པ་གཙོ་བོར་འདོན་པའི་མན་ངག་གནད་ལ་འཛིན་དགོས། རང་ལ་བསྟིན་བྱའི་ལྷ་ཟེར་རྒྱུ་དེ་ཡང་། དོན་ལ་དབྱིངས་དང་ཡེ་ཤེས་དབྱེར་མེད་སྟོང་གསལ་མཐའ་དབུས་དང་བྲལ་བའི་ཆོས་སྐུའི་ངང་གཅིག་ལ། ཞལ་ཕྱག་མཚན་མའི་སྤྲོས་པ་མི་མངའ་ཡང་སྟོང་པ་གསལ་བའི་སྙིང་པོ་ཅན། འོད་གསལ་ལྷུན་གྲུབ་གྱི་རང་མདངས་དེ་ལས། སྐྱེ་མེད་ཀྱི་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ། འགག་མེད་རང་རྩལ་གྱི་ཡེ་ཤེས་རོལ་བ་སྣ་ཚོགས་ལ་ཤར་བ་དེ། རྣམ་པ་རྟགས་ཀྱི་ཕྱག་རྒྱ་རིག་པའི་དཔའ་བོ་ཁྲོ་མཆོག་རྟ་མགྲིན་འབར་བའི་སྐུ་རུ་བཞེངས་པ་རེད། རྟའི་འགྲོས་དགུ་ནི་ཐེག་པ་རིམ་དགུ་ལ་སྦྱར་བ་དང་། རྟ་སྐད་བཅུ་གསུམ་ས་ལམ་གྱི་རྣམ་བཞག་དང་སྦྲེལ་ནས་གསུངས་ཡོད་པ་རེད། དབྱིངས་དང་ཡེ་ཤེས་གཉིས། སྣང་བ་དང་སྟོང་པ་གཉིས། དོན་དམ་དང་ཀུན་རྫོབ་ཐམས་ཅད་རིམ་པ་བཞིན་དུ། དབྱིངས་དང་། ཤེས་རབ། སྟོང་པ། དོན་དམ་བཞི་པོ་རང་བཞིན་ངོ་བོ་དོན་དམ་གྱི་རྟ་སྐད་དང་། ཡེ་ཤེས། ཐབས། སྣང་བ། ཀུན་རྫོབ་བཞི་པོ་རིག་པ་ངོ་བོ་དོན་གྱི་རྟ་སྐད་ལ་བཤད་ནས། ཐུན་མོང་མ་ཡིན་པའི་ཐབས་ཤེས་གཉིས་ལ་རྟ་ཞལ་དུ་གསུངས་ཡོད་པ་རེད། སྔོན་དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀས་བདུད་རུ་ཏྲ་འདུལ་བའི་གནས་སྐབས་ན། དཔལ་རྟ་མགྲིན་འབར་བའི་སྐུ་རུ་བཞེངས་ནས་རུ་ཏྲ་བཏུལ་བ་རེད། དམ་སྲི་མ་རུང་པའི་སྨོན་ལམ་ལོག་པའི་རྟེན་འབྲེལ་ལས་ཤར་ཞིང་། དུག་གསུམ་དུག་ལྔའི་མཐུ་བདོ་ཞིང་བསྟན་ལ་འཚེ་བ་ཅན་གྱི་བསམ་སྦྱོར་ལོག་པའི་མི་དང་མི་མ་ཡིན་པའི་གཉེན་པོ་ཡང་འདི་ཆེ་བ་རེད། འདི་ནས་ཡེ་ཤེས་དབབ་པའི་སྐབས་སུ་སློབ་མ་རང་ཉིད་རྟ་མགྲིན་སྐུ་རུ་གསལ་གདབ་རྒྱུ་དེ། མ་ཡིན་པ་ཞིག་ཡིན་པར་འདི་ཤེས་པ་ཙམ་མ་ཡིན་པར། ཡེ་ནས་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་ཡིན་པས། ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པའི་དབང་ཆེན་རྟ་མཆོག་རོལ་པ་སྐུ་མདོག་དམར་ནག་དབང་དྲག་གཉིས་འཛོམས་ཅན། དུས་མཐའི་མེ་ཡི་ཁ་དོག་ཅན། འཇིགས་བྱེད་ཡེ་ཤེས་ཀྱི་སྐུ་ལ་རྔམ་བྱེད་དུར་ཁྲོད་ཀྱི་རྒྱན་གྱིས་སྒེག་པ། འདུལ་བྱེད་ཐབས་ཀྱི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས་པ་དེ་འདྲ་ཞིག་ཏུ་བསྒོམ་དགོས། དེ་ཡང་རྟ་ཞལ་གཅིག་ཏུ་རྩིས་པའི་དབུ་ལྔ། ཕྱག་བཅུ་དྲུག ཞབས་བརྒྱད་དོར་སྟབས་སུ་བགྲད་ཅིང་ཁྱུང་ཆེན་རྡོ་རྗེའི་གཤོག་པ་ནམ་མཁའ་ལ་བསྒྲེངས་པ། གཤོག་རྩེ་བྱ་ཁྱུང་དང་ཉི་མ་ཟླ་བས་མཚོན་པ། རྩ་བའི་ཞལ་གསུམ་གྱི་གཡས་ཞལ་སྔོན་པོ། གཡོན་ཞལ་སེར་པོ། རྩ་ཞལ་དམར་པོ། སྟེང་ཞལ་ཡང་རྩ་ཞལ་དང་འདྲ་བའི་དམར་ནག་ཡིན་པར་གསུངས་ཡོད། དེ་ཡང་རྔམ་ལ་གཏུམ་ཞིང་བཞད་པའི་ཉམས་དང་ལྡན་པའི་ཞལ་བརྒྱད་དེས་བདུད་བརྒྱད་འདུལ་བ། སྤྱི་གཙུག་གི་རལ་བའི་གསེབ་ནས་རྟ་མགོ་ལྗང་ཞུར་ལྔ་ཡིས་རྟ་སྐད་རྔམ་པའི་སྒྲ་དབྱངས་སུ་འཚེར་བའི་བཞད་སྒྲ་དེས། ཁམས་གསུམ་གཡོ་ཞིང་སྲིད་གསུམ་འདར་བ་བྱེད་པ་རེད། རྟ་ཞལ་ལྔས་རིགས་ལྔའི་དབུ་རྒྱན་ཡང་མཚོན་པ་ཡིན། དེ་ལྟ་བུའི་གདན་གསུམ་ཡོངས་རྫོགས་སྐུ་ལ་ཚང་བ། དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་སོགས་རིགས་མཐུན་གྱི་དཀྱིལ་འཁོར་གཞན་ནས་སྔོན་ཡང་ཞུས་མྱོང་བ་བཞིན་དུ་ཕྱག་མཚན་ལ་གཡས་ན་རྡོ་རྗེ་ཁ་ཊྭཱཾ་སོགས་བརྒྱད། གཡོན་ན་ཐོད་ཁྲག་པདྨ་ལ་སོགས་པ་བརྒྱད་དང་ཕྱག་བཅུ་དྲུག་ན་ཕྱག་མཚན་མཚོན་ཆ་ལ་སོགས་པ་བཅུ་དྲུག་བསྣམས་པ། ཡུམ་ཆེན་པདྨ་གཟི་ལྡན་སྐུ་མདོག་སྔོ་ནག་ཕྱག་གཡས་པས་ཡིད་བཞིན་ནོར་བུ་དང་། གཡོན་པས་རིན་ཆེན་ཟ་མ་ཏོག་བསྣམས་པས་འཁྱུད་པ་ཡབ་ཡུམ་གཉིས་མེད་མཉམ་པར་སྦྱོར་བ། འདིའི་ཞབས་གནོན་གཙོ་བོ་དེ་ཀླུ་བརྒྱད་དང་རྒྱལ་བསེན་ཕོ་མོ་རེད། སྣང་སྲིད་དྲེགས་པའི་ཚོགས་ཐམས་ཅད་དྲེགས་པ་ཕོ་རྒྱུད་མོ་རྒྱུད་གཉིས་དང་ཀླུ་རྒྱུད་གསུམ་ལ་འདུས། དེའི་ནང་གི་སྟོབས་ཆེ་ཤོས་དེ་གང་ཡིན་ཟེར་ན་ཀླུ་རྒྱུད་འདི་རེད། གླེན་པ་ཀླུ་ཡི་དམོད་པ་དེ་སྦྲུལ་ནག་དུག་ལྕེའི་དམོད་པ་སོགས་ཁ་སྔོན་བཤད་ཟིན་པ་ལྟར་རེད། ཀླུ་བདུད་ནག་པོས་དུག་རིགས་བཀྱེས་པ་དེ་སྦྱར་དུག་ཁོང་དུ་སོང་པ་ལྟ་བུ་ཡིན་པས། ཀླུ་འདུལ་གཉེན་པོ་སྟོབས་ཀྱི་ལྷ་ལ་དབང་ཆེན་རྟ་མགྲིན་དམར་པོ་འདི་བསྔགས་པ་རེད། གཉན་དང་ས་བདག་གི་རིགས་ཐམས་ཅད་ཀྱང་ཀླུ་རྒྱུད་ལ་འདུས་པ་རེད། འདིའི་དཀྱིལ་འཁོར་དེ་རྩིབས་འཁོར་བཅུ་དྲུག་ཡོད་པ་དེའི་ནང་ཁང་བརྒྱུད་དེ་མདུན་ནས་གཡས་བསྐོར་དུ་རྩོམ་པའི་གོང་དུ་གསུངས་བ་ལྟ་བུའི་གོ་ལ་མ་དྲུག གསང་བའི་ཡུམ་ཆེན་བཞི། ཁམ་བརྒྱ་མོ་དྲུག་དང་། མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱི་སྤྲུལ་པ་ལོང་བ་རྒྱབ་འབྲེལ་སུམ་ཅུ་སོ་གཉིས་རྣམས་ཕྱོགས་བཞི་ལ་བརྒྱད་རེ་བརྒྱད་རེ་ཡོད་པ་རེད། སྒྲ་མེད་ཁོང་ནས་འབྲུག་སྟོང་ལྡིར་ཞིང་། སྙིང་མེད་དབྱིངས་ལས་ཡེ་ཤེས་གསལ་བ། ད་རུང་སྙན་མེད་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་པ་ལ་སོགས་པ་མཚན་ཉིད་དང་ལྡན་པ་རྐྱང་རྐྱང་གིས། སྟག་དང་ཆུ་སྲིན་གླང་པོ་ཁྱུང་ཆེན་དག་ཆིབས་ནས་རྔམ་སྟབས་ཀྱིས་ལྡིང་བ་དེ་འདྲ་རེད། དཀྱིལ་འཁོར་གྲུ་ཆད་ཕྱི་ནང་གཉིས་ལ། ལས་མཁན་ཁྱི་བརྒྱད་དང་སྤྱང་བརྒྱད། ཐམས་ཅད་ཀྱིས་མཆེ་བ་གཙིགས་ཤིང་ང་རོ་སྒྲོག་པ། བྱུ་རུ་དམར་པོའི་ཨ་ལོང་བཅིངས་ཡོད་མཁན་ཤ་སྟག་དང་། བར་ཁྱམས་སུ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྔམ་ཞིང་འཇིགས་ལ་ཁྲོ་ཞིང་གཏུམ་པ་གློག་ལྟར་མྱུར་བའི་རྩལ་ཤུགས་ཅན་ཡིན་པ་གོང་དུ་གསུངས་པ་བཞིན་རེད། སྒོ་བཞི་ལ་ཁྲོ་བོ་རྐང་གཅིག་བཞི་ཡོད་པ། ཤར་ཕྱོགས་ལ་མགོ་དགུ་ཅན། ལྷོ་ཕྱོགས་ལ་མགོ་བདུན་ཅན། ནུབ་ཕྱོགས་ལ་མགོ་ལྔ་ཅན། བྱང་ཕྱོགས་ལ་མགོ་གསུམ་ཅན། ཐམས་ཅད་ཀྱང་འཁོར་མང་པོས་བསྐོར་ནས་བཞུགས་ཡོད་པ། སྒོ་སྐྱོང་ཁྲོ་ཆེན་བཞི་ལ་ཕྱག་གཡས་བཞིས་དགུག་འཆིང་སྡམ་མྱོས་ཀྱི་ཕྱག་མཚན་བཞི་བསྣམས་ཤིང་། གཡོན་པས་ཐོ་ཆེན་འབར་བ་རེ་རེ་བསྣམས་པ། ལྷ་ཚོགས་དེ་དག་རེ་རེ་ལའང་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ། མཁའ་དང་ས་གཞིའི་ཁྱོན་ཀུན་འགེངས་ཤིང་ཁྱབ་པ། ཀུན་ཀྱང་གཙོ་བོ་གཅིག་གི་ཆོ་འཕྲུལ་ལས་ཤར་བའི། གཙོ་འཁོར་མ་འདྲེས་ཡོངས་རྫོགས་གསལ་བའི་འདུན་པ་དེ་འདྲ་མཛད་དགོས། འདིའི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་ཡུམ་པདྨ་གཟི་ལྡན་ཞི་མ་ཁྲོ་གསུངས་ས་དང་། ཕྱག་མཚན་མེད་དེ་འཛིན་འཛིན་འདྲ་བ་གསུངས་པ་རེད། ཡེ་ཤེས་སེམས་དཔར་རྒྱན་དང་ཕྱག་མཚན་སྤངས་པ་སྤྱིར་འགྲོས་ལྟར་རེད། འོན་ཀྱང་མཚམས་རེ་ལ་ཕྱག་མཚན་ཡོད་ས་ཡང་ཡོད་རེད། གང་ལྟར་འཛིན་འཛིན་འདྲ་གསུངས་བའི་གོ་ཕྱོགས་འདིའི་རིགས་འགྲེས་ཤེས་དགོས། ཐུགས་སྲོག་ཏིང་འཛིན་སེམས་དཔའ་རེད། སྙིང་ཁར་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་དུ་ཉི་མའི་གདན་ལ་ཐུགས་སྲོག་ཧྲཱི་ཡིག་གི་མཐའ་རུ་སྔགས་ཕྲེང་གིས་བསྐོར་བ་བསམ་དགོས། སློབ་དཔོན་ཆེན་པོས། སྒྲུབ་པ་ལུང་གི་ཀ་མགོའི་ནང་ན། ལུས་དབང་ཆེན་གྱི་སྐུར་གསལ་ན། སྐུ་ལ་བགྲེས་རྒུད་མི་མངའ། རང་རིགས་པདྨ་དབང་ཆེན་གྱི་སྐུ་ཡིས་ཁམས་གསུམ་དབང་དུ་འདུས་པ་ཡིན། ངག་པདྨ་དབང་ཆེན་གྱི་གསུང་དེ་བསྒྲུབ་ན། གསུང་དྲི་མ་མེད་པ་ཆགས་ཐོགས་དང་བྲལ་བ་ཐོབ་འགྲོ། ཡིད་པདྨ་དབང་ཆེན་གྱི་ཐུགས་ལ་བསྲེ་ཐུབ་ན། ཐུགས་མི་རྟོགས་ཡེ་ཤེས་ཆེན་པོ་ལ་མངའ་བརྙེས་པ་ཡིན། དེ་བཞིན་དུ་ཡོན་ཏན་འཕེལ་འགྲིབ་མི་མངའ་བ་དང་། ཕྲིན་ལས་སྣང་སྲིད་དབང་དུ་འདུས་པར་གསུངས་པར་མ་ཟད་སྒྲུབ་པ་བཀའ་བརྒྱད་པོ་འདིའི་དཀྱིལ་འཁོར་གཅིག་ལ་འདུས་ཚུལ་ཡང་གསུངས་ཡོད། དབང་ཆེན་འདུས་པའི་རྒྱུད་ཀྱི་ནང་ན་ཡང་། ང་ནི་བདེ་གཤེགས་ཀུན་གྱི་ཡབ། །ང་ནི་གཤིན་རྗེ་ཀུན་གྱི་གཤེད། །ང་ནི་མ་མོ་ཀུན་གྱི་རྗེ། །ལ་སོགས་པ་གསུངས་ཡོད་པས། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་དཔལ་དབང་ཆེན་རྟ་མགྲིན་རོལ་པའི་དཀྱིལ་འཁོར་གཅིག་ལ་འདུས་པ། དོན་ལ་ཡེ་ཤེས་ཉག་གཅིག་གི་བདག་ཉིད་དུ་རྣམ་པར་དག་པ་དང་། ལྷག་པར་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་བྱེད་དུ་བྱས་ཏེ་དབང་བསྐུར་ཞིང་ངོ་སྤྲད་ནས་ལམ་སྦྱོང་བས། གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་གདན་གསུམ་བཀོད་པའི་གྲོང་ཁྱེར་ཡེ་ནས་རང་ལ་ལྷུན་གྲུབ་དུ་བཞུགས་པའི་རང་ངོ་འཕྲོད་དགོས་པ་རེད། ཡང་མཚམས་འདི་ནས། ཧོ། ཕུང་པོ་ཁམས་དང་སྐྱེ་མཆེད་ནི། སོགས་དབང་དངོས་གཞི་བསྐུར་རྗེས་ཀྱི་ཟུར་འཕྲོས། འདིའི་དྲག་པོ་སྒྲོལ་བའི་དབང་འདི་དབང་དང་བྱིན་རླབས་རྗེས་གནང་གསུམ་གྱི་ནང་ནས་སྔ་མ་དབང་བྱིན་རླབས་གཉིས་ཀྱི་གནད་ཚང་བའི་ཞོར་དུ་ཕྱི་མ་རྗེས་སུ་གནང་བ་རྩལ་འདོན་གྱི་ཕྱག་སྲོལ་ཞིག་རེད། འདི་ལྟ་བ་གཏན་ཚིགས་ཀྱིས་བཤད་ན། སྒྲུབ་པ་ལག་ལེན་གྱིས་བཤད་དགོས་རེད། རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བ་ལ། རྫོང་འཕྲང་སྲོག་གསུམ་གྱི་གནད་ལ་རང་བྱན་ཆུབ་པ་ཞིག་ངེས་པར་དུ་དགོས། དང་པོར་རྫོང་གང་རེད་ཟེར་ན་ལྟ་བའི་རྫོང་རེད། འཕྲང་སྒོམ་པའི་འཕྲང་། སྲོག་འཁོར་འདས་གཉིས་ཀྱི་སྟོང་སྲོག་རང་ལག་ལ་ཡོད་པ་དེ་ཐམས་ཅད་ལ་དབང་འབྱོར་བ་ཞིག་དགོས་པས། ལྟ་བའི་རྫོང་ཟིན་པ་ལ་སྒོམ་པའི་འཕྲང་སྒྲོལ་དགོས། དེ་བཤད་ན་ཐེ་ཚོམ་སྐྱེ་རྒྱུ་ཞིག་ལ། སྒོམ་རྒྱུ་དེ་ཐོག་མར་ལྟ་བས་ཐག་ཆོད་དགོས་པ་མ་ཡིན་ནམ། རིག་པ་དང་རྐང་བར་ལྡན་གསུངས་དུས། ལྟ་བ་མིག་ལྟ་བུ་དེས་བལྟས་ནས་བལྟ་ས་དེར་སྒོམ་པ་རྐང་པ་ལྟ་བུས་གོམ་པ་བརྟན་པོར་སྤོ་དགོས་པ་མ་རེད་དམ་སྙམ་ན། དེ་དགོས་ཀྱང་ལྟ་བ་གོ་ཡུལ་བཤད་ཡུལ་ཙམ་ལ་ལུས་ནས་མྱོང་བས་དེའི་ཐོག་ལ་མ་ཕེབས་ན། སྒོམ་པའི་འཕྲང་ལས་མི་ཐར། དྲང་པོར་བཤད་ན། དེ་ལྟ་བ་ངོ་མ་མ་རེད། དཔེར་ན། མཛུབ་མོས་ཟླ་བ་སྟོན་ཚེ། དོན་གྱི་ནམ་མཁའི་ཟླ་བ་མ་རིག་སྟོན་མཁན་གང་ཟག་གི་མཛུབ་རྩེ་ལ་དོགས་དཔྱད་བྱས་པ་འདྲ་འདྲའི། ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་མ་མཇལ་བར་བཤད་པ་ཚིག་གི་སྦུན་པ་ཞིག་ལ་མགོ་འཁོར་ན། དེ་ལྟ་བུས་འཕྲང་བགྲོད་པའི་ཕྱོགས་ལ་གོམ་ཁ་གཏན་ནས་སྤོས་ཡོད་མ་རེད། དེའི་ཕྱིར་ན། སྒོམ་པའི་འཕྲང་བརྒྱུད་ནས་ལྟ་བའི་རྫོང་ཟིན་པའམ་ཡང་ན་ལྟ་དོན་བཞིན་དུ་སྒོམ་པ་ཀློང་དུ་གྱུར་རྒྱུ་དེ་གལ་ཆེན་རེད། སྒོམ་པའི་འཕྲང་བརྒྱུད་དེ་ལྟ་བའི་རྫོང་ཟིན་དུས། ལྟ་སྤྱོད་གཉིས་ཀ་ཟུང་དུ་འབྲེལ་བས་ན། སྤྱོད་པའི་སྒོ་ནས་སྲོག་འཕྲོག་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་དབང་བསྒྱུར་ཐོབ་པའི་རྣལ་འབྱོར་དབང་ཕྱུག་གི་དགོངས་པ་ཟེར་རྒྱུ་བོ་བརྙེས་སོང་བ་རེད། དེ་ལྟ་བུའི་བསྐྱེད་རྫོགས་སྨིན་གྲོལ་རིམ་གཉིས་ཀྱི་ལམ་མཐར་ཕྱིན་པ་ལ། གཟེར་བཞིའི་མན་ངག་གི་གནད་ཟིན་རྒྱུ་དེ་མེད་ན་ཐབས་མེད་རེད། གཟེར་བཞི་པོ་དེ། གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ནས་བཤད་ཡོང་ན། གཞི་ལྟ་བ་དགོངས་པ་མི་འགྱུར་བའི་གཟེར། ལམ་སྒོམ་པ་ཏིང་འཛིན་ལྷའི་གཟེར་དང་སྙིང་པོ་སྔགས་ཀྱི་གཟེར་འདི་ནི་ཏིང་འཛིན་དང་འབྲེལ་བའི་སྒོམ་པ་ཡིན་ལ་ཕྲིན་ལས་དང་འབྲེལ་བའི་སྤྱོད་པ་ཡང་ཡིན། འབྲས་བུ་ནི་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་འཇོག་པ་རེད། འདི་འབྲས་བུ་ཡིན་དོན་གང་རེད་ཟེར་ན། ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པ་ལས་རབ་འབྱམས་ཐམས་ཅད་སངས་རྒྱས་ཀྱི་ཕྲིན་ལས་རེད། དེ་ཡིན་ན། དེ་ཉིད་ད་ལྟ་ནས་ལམ་དུ་བྱེད་ཀྱིན་ཡོད་པའི་ཆ་ནས་འབྲས་བུར་བཞག་ཀྱང་མི་འཐད་པ་མེད། འབྲས་བུར་བགྲོད་པའི་ལམ་འབྲས་བུ་དངོས་ལ་འཇུག་པ་ཡི་འབྲས་བུའི་ཐེག་པ་ཞེས་གསུངས་པ་བཞིན་རེད། དེ་ཡིན་དུས། དགོངས་པ་ཆོས་ཉིད་མི་འགྱུར་པའི་གཟེར་གྱིས། རང་སེམས་སྐྱེ་འགག་བྲལ་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་རིག་སྟོང་མཚན་མ་ཀུན་བྲལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་དེ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་གནད་འདུས་པར་ངོ་འཕྲོད་ནས། མཚན་ལྡན་བླ་མའི་དགོངས་བརྒྱུད་ཀྱི་བྱིན་རླབས་གཅིག་ཆར་འཕོས་ན་ལྟ་བའི་རྫོང་ཟིན་སོང་བ་རེད། དེའི་སྐབས་སུ་ནམ་མཁའི་ཟླ་བ་གཅིག་སྒྲ་གཅན་གྱིས་ཟིན་དུས་ས་གཞིའི་ཆུ་སྣོད་སྟོང་གི་ཟླ་གཟུགས་ཐམས་ཅད་མཉམ་གཅིག་ཏུ་ཟིན་པ་ལྟར། འཁོར་འདས་གཉིས་ཀའི་སྟོང་སྲོག་དུས་གཅིག་ལ་འཕྲོག་པའི་གནད་ཀྱི་རྩ་བ་དེ་ལ་ཐུག་ཡོད་པ་རེད། དེའི་རྒྱུ་མཚན་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་ལ་འདུས། སེམས་ཀྱི་རང་བཞིན་གཉུག་མའི་ཡེ་ཤེས་ཡིན་པས། ཀུན་ཁྱབ་མཁའ་དང་མཉམ་པའི་ཡེ་ཤེས་དེའི་ཕ་རོལ་ན། བསྒྲུབ་བྱའི་འཇིག་རྟེན་ལས་འདས་པའི་ལྷ་དང་། གོལ་བྱའི་འཇིག་རྟེན་པའི་དྲེགས་པ་ལ་སོགས་པ་མདོར་ན་སྣང་སྲིད་ཀྱིས་བསྡུས་པའི་ཆོས་གཅིག་ལ་ཆོས་ཉིད་དེ་བཞིན་ཉིད་ཉག་གཅིག་ཐིག་ལེ་ཆེན་པོའི་ཁུངས་སུ་མ་བསྡུས་པ་ཞིག་མི་སྲིད། དེ་ཡིན་ན་སྐབས་དོན་མ་ཧཱའི་ཨ་ཏིའི་སྒྲུབ་པ་ཕྲིན་ལས་དང་སྦྱར་ན། སྒོམ་པ་ཏིང་འཛིན་རྣམ་གསུམ་དང་འབྲེལ་བའི་སྲོག་སྡོམ་གཟེར་བཞི་བོས། བསྙེན་སྒྲུབ་ཡན་ལག་བཞིའི་ལམ་ལ་ཇི་ལྟར་སློབ་དགོས་ཟེར་ན། ཏིང་འཛིན་ལྷའི་གཟེར་བསྙེན་པའི་ཡན་ལག་དང་། སྙིང་པོ་བསྔགས་ཀྱི་གཟེར་ཉེ་བསྙེན་གྱི་ཡན་ལག དགོངས་པ་མི་འགྱུར་པའི་གཟེར་སྒྲུབ་པ། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་དེ། སྒྲུབ་པ་ཆེན་པོའི་ཡན་ལག་ཏུ་བཞག་ཆོག་པ་རེད། དག་རྫོགས་སྨིན་གསུམ་ཡང་དེའི་ཞོར་དུ་ཚང་། དེ་ཚང་ཚུལ་ནི། ཏིང་འཛིན་ལྷ་ཡི་གཟེར་གྱིས་བསྐྱེད་རིམ་ཏིང་འཛིན་རྣམ་གསུམ་བསྒོམས་པས། མར་འཁོར་བའི་སྐབས་ཀྱི་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱངས་ཤིང་དག ཡར་སངས་རྒྱས་ཀྱི་ཐུགས་ཀྱིས་གང་འདུལ་སྤྲུལ་སྐུའི་བཀོད་པ་སྣང་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་ཡིན་ན་རྩ་དག་པ་རྡོ་རྗེའི་ལུས་ལ་གནད་དུ་སྨིན་རྒྱུའི་རྫོགས་རིམ་གྱི་སྨིན་བྱེད་ལ་འགྲོ་བ་རེད། སྙིང་པོ་སྔགས་ཀྱི་གཟེར་ལ་མཚོན་ན། སེམས་དཔའ་སུམ་བརྩེག་བསྒོམས་ཏེ། ཐུགས་སྲོག་སྔགས་ཕྲེང་ལ་དམིགས་པ་གཏད་ནས་བཟླས་པ་བྱེད་དུས། མར་འཁོར་བའི་དུས་ཀྱི་འཁྲུལ་གཏམ་ངག་གི་བག་ཆགས་སྦྱངས་ཤིང་དག ཡར་སངས་རྒྱས་ཀྱི་དུས་ཀྱི་སྣ་ཚོགས་ཆོས་ཆར་འབེབས་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་ཡིན་ན་ངག་དག་པ་རླུང་སྔགས་ལ་བརྟེན་ནས་རླུང་ལ་བརྟེན་པའི་རྫོགས་རིམ་གྱི་སྨིན་བྱེད་ལ་འགྲོ་རྒྱུ་དེ་འདྲ་རེད། དགོངས་པ་མི་འགྱུར་པའི་གཟེར་གྱིས། སྣང་སྲིད་འཁོར་འདས་ཆོས་ཐམས་ཅད། དག་མཉམ་སྟོང་པ་ཆེན་པོ་གཉིས་མེད་མཉམ་ཉིད་གྱི་ཀློང་དུ་གདོད་ནས་ཡེ་སངས་རྒྱས་པའི་ཆོས་ཉིད་ཀྱི་ལྟ་བ་ཡིས་རྩིས་ཟིན་སོང་དུས། མར་འཁོར་བའི་འཁྲུལ་སྣང་སེམས་ཀྱི་བག་ཆགས་ཐམས་ཅད་སྦྱངས་ཤིང་དག་པ་རེད། ཡར་སངས་རྒྱས་ཀྱི་དུས་ཐུགས་རྣམ་པ་མཁྱེན་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་གྱི་དུས་སུ་སྣང་བ་སྐུ། གྲག་པ་གསུང་། དྲན་རྟོག་ཐུགས་ཀྱི་ངོ་བོར་ཤར་བའི་སྨིན་བྱེད་ཀྱི་ཆ་རྐྱེན་ལ་སོང་ནས། དམིགས་པའི་སྤྲོ་བསྡུ་སྣ་ཚོགས་ཀྱི་ཡེ་ཤེས་སྒྱུ་མའི་རོལ་པ་དེས། ཞི་རྒྱས་དབང་དྲག་ལ་སོགས་པའི་ཕྲིན་ལས་བསྒྲུབས་ཤིང་འགྲུབ་པ་ཡིན་ན། མར་འཁོར་བའི་དུས་ཀྱི་སྒོ་གསུམ་གྱི་བྱ་བཞག་དང་བྱེད་པ་ཐམས་ཅད་སྦྱངས་ཤིང་དག ཡར་སངས་རྒྱས་ཀྱི་དུས་རྒྱལ་བའི་རྣམ་པ་ཐམས་ཅད་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་མཚན་བཅས་དང་མཚན་མ་བྲལ་བའམ་སྣང་བཅས་དང་སྣང་བ་མེད་པའི་ཡེ་ཤེས་ཀྱི་དགོངས་པ་ཐམས་ཅད། འོད་གསལ་འགྲོ་འོང་དང་བྲལ་བའི་མངོན་སུམ་གྱི་རྣལ་འབྱོར། སྣང་སྲིད་ཆོས་སྐུར་བཞེངས་པའི་སྨིན་བྱེད་ལ་འགྲོ་རྒྱུ་རེད། དེ་ལྟར་ན་ཏིང་འཛིན་ལྷ་ཡི་གཟེར་གྱིས་གཟུགས་སྣང་ལྷ་རུ་དག སྙིང་པོ་སྔགས་ཀྱི་གཟེར་གྱིས་ནུས་པའི་རྩལ་ཐོབ། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་གྱིས་ལས་བཞི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་མཐུ་ཐོབ། དགོངས་པ་མི་འགྱུར་བའི་གཟེར་ཟེར་ན་རྫོགས་རིམ་ཆོས་ཉིད་ཀྱི་ལྟ་བས་སྒོ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བར་ཤར་སོང་དུས་འཁོར་འདས་ཀྱི་སྟོང་སྲོག་དངོས་སུ་འཕྲོག་པའི་དུས་ལ་ཐོན་སོང་བ་རེད། དེ་དུས་གོང་དུ་བཤད་པའི་སྒོམ་པའི་འཕྲང་ལས་བུད་ནས་ལྟ་བའི་རྫོང་ཟིན་ཏེ་ཕྱི་དགྲ་འབྱུང་བཞི་སོགས་ཀྱི་གནོད་པ་དང་། ནང་དགྲ་ནད་དང་ཉོན་མོང། གསང་དགྲ་ང་བདག་བཟུང་འཛིན་གྱི་ཞེན་པ་ཐམས་ཅད་ཆོད་ནས། གསང་བའི་དགྲ་གསུམ་སོད། འཇིགས་པའི་བདུད་བཞི་ཆོམ། འགྲོ་དྲུག་གི་གཡང་ས་ཆོད་སོང་པ་རེད། དེ་ལྟ་བུའི་རྟོགས་པས་བདག་བསྒྲལ་དེ་སྔོན་ལ་སོང་ནས། གདུལ་བྱ་ཞི་བའི་ཕྲིན་ལས་ཀྱིས་མ་ཐུལ་པ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་འདུལ་དགོས་པ་དག་ལ། ཚར་གཅོད་དྲག་པོའི་ལས་ཀྱིས་ཐུགས་རྗེས་གཞན་སྒྲོལ་བའི་རྗེས་སུ་གནང་བ་འདི་ལྟར་བྱིན་གསུངས་པ་རེད། ཡིན་ན་ཡང་གོང་དུ་བཤད་པ་དེ་ལྟར་ཐོག་མ་ཉིད་ནས་ཀློང་དུ་གྱུར་པ་ཤ་སྟག་ག་ལ་ཡིན་ཏེ་མིན། གལ་ཏེ་ཡིན་ན་ལམ་ལ་འབད་པས་སློབ་དགོས་དོན་མི་འདུག་མོད། འདས་པའི་སངས་རྒྱས་ཐམས་ཅད་ཀྱང་ཐོག་མར་རང་རེ་དང་སེམས་ཅན་ཡིན་པའི་ཆ་ནས་འདྲ་ཡང་སངས་རྒྱས་ཐམས་ཅད་ལམ་ལ་བསླབས་ཏེ་རྟོགས་པ་མངོན་དུ་གྱུར་སོང་བ་ཡིན་ན། རྒྱུ་འབྲས་བཤད་པ་གཅིག་མཐུན་ཡིན་དུས་འདྲ་བ་ལམ་དུ་བྱས་འབྲས་བུ་དེ་བཞིན་འཐོབ་དགོས་པ་རེད། སེམས་བསྐྱེད་རྣམ་པ་དག་པས་ཟིན་པར་བྱས་ནས། སྙིང་རྗེ་ཁྲོས་པའི་ཞེ་སྡང་གིས། སྡིག་ཅན་ཉམས་པ་བདུན་ལྡན་ནམ་ཞིང་བཅུ་ཚང་པའི་འགྲོ་བ་སྒྲོལ་བར་རྩོམ་རྒྱུ་དེ་ཡང་། སྤྱིར་ན་སྲས་བཅས་རྒྱལ་བ་སྤྱི་ཡི་བསླབ་བྱ། ཁྱད་པར་དུ་རིག་པ་འཛིན་པ་གོས་དཀར་ལྕང་ལོ་འཆང་ནས་བསྟན་པ་སྲུང་བའི་ཁུར་ཆེན་སྣོམ་མཁན་ཚོས། འདི་ལ་བསྙེན་སྒྲུབ་མཐར་ཕྱིན་གྱི་སྒོ་ནས་འབད་དགོས་པ་རེད། འབད་པར་བྱས་ན་རང་རེ་སྔ་འགྱུར་བའི་སྔོན་དུས་ཀྱི་སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ་དང་། དུས་ཕྱིའི་རང་རེའི་ཆོས་བརྒྱུད་ལ་བྱོན་མྱོང་པའི་རྡོ་རྗེའི་གདུང་ཆེན་བཞི་ལ་སོགས་པའི་རྗེས་མི་ཟིན་རྒྱུ་ཅི་ཡོད། དུས་ངན་རེད་ཟེར་ནས་ངན་སྐྱོན་ཚང་མ་དུས་ཀྱི་མགོ་ལ་བསྒྱུར་ཐུབ་རྒྱུ་མ་རེད། ལྷག་པར་ཁར་རྩང་བཤད་པ་ལྟར་མུན་པ་ནག་ཅིང་ནག་ལ་སྒྲོན་མེའི་འོད་ལྷག་པར་གསལ་བ་བཞིན་དུ་དུས་སྙིགས་མར་གྱུར་ཕྱིན་གྱུར་ལ་གསང་སྔགས་ཀྱི་བྱིན་རླབས་ལྷག་ཏུ་ཆེ་བར་མ་ཚད་བཀའ་མའི་རིང་བརྒྱུད་ཀྱི་བྱིན་རླབས་ཉམས་དང་འདྲེས་ཁྱེར་གྱིས་སླད་པའི་སྐབས་སུ་གཏེར་མའི་ཉེ་བརྒྱུད་ཀྱི་བྱིན་རླབས་ལྷག་པར་མྱུར་ལ་རྣོ་ངར་ཆེ་བ་རེད། སྔགས་པ་ལ་ནུས་མཐུ་ཡོད་མེད་དང་དམ་ཅན་སྲུང་མ་འགོ་དང་མི་འགོ་དེ་ཡང་། རྩ་བ་ངོ་མ་དམ་ཚིག་གཙང་མ་ཞིག་རང་རྒྱུད་ནས་བསྲུངས་ཡོད་མེད་ཀྱི་གནད་གཅིག་པུ་ལ་ཐུག་ཡོད། མཚམས་འདི་ནས་བསྒྲལ་བ་དངོས་ལ། མི་ལྡོག མི་རྡུགས། མི་འབྱམས་པ་གསུམ་གྱི་ཆེད་དུ་གསལ་བ་གསུམ་གྱི་ཏིང་འཛིན་དང་མ་བྲལ་པར་བསྒྲལ་བའི་ལས་ལ་འཇུག་དགོས་གསུངས་ཡོད་པས། དང་པོར་མི་ལྡོག་གསུངས་པ་ནི། དམོད་པའི་དྲག་སྔགས་དགྲ་ལ་བསྐོར་རྒྱུ་དེ་མཐུ་ཕྱིར་རུ་ལོག་མི་ཡོང་པ་ལ་གསུངས་པ་རེད། མི་རྡུགས་གསུངས་པ་ནི། རྣོ་སོ་རྡུགས་སོང་བའི་མཚོན་ཆ་ལྟ་བུ་བཏབ་པའི་མཚོན་ཆའི་རྣོ་སོ་ནུས་མེད་ལ་མི་རྡུགས་རྒྱུ་རེད། དེའི་སྟེང་དུ་མི་འབྱམས་གསུངས་པ་ནི། བཟང་མེད་ངན་མེད་རྒྱུན་འབྱམས་ལ་ལོག་ནས་ཕབ་པའི་དྲག་པོའི་ཕྲིན་ལས་རྟགས་ཐོན་རྒྱུ་མེད་པར་རེད་མི་འགྲོ་བའི་ཆེད་དུ་ཡིན། དེ་ནས་གསལ་བ་དང་པོ་ནི། སྒྲོལ་མཁན་སློབ་མ་རང་ཉིད་དབང་ཆེན་རྟ་མཆོག་རོལ་བར་དངོས་སུ་གསལ། སྒྲོལ་བྱེད་ཀྱི་ལག་གི་ཕུར་པ་དེ་སྲས་མཆོག་ཡཀྵ་ཀྲོ་དྷ་ཡིན་པར་གསལ། མདུན་དུ་ཡོད་པའི་བསྒྲལ་བྱ་མཚན་མ་རྫས་ཀྱི་རྟེན་དེ་དགྲ་བགེགས་དངོས་ལ་གསལ་ནས་དེའི་གསལ་བ་གསུམ་པོ་ཚང་དགོས། དྲག་པོ་སྒྲོལ་བའི་ལས་སྦྱོར་བྱེད་རྒྱུ་ལ་གོང་ནས་བཤད་མ་ཐག་པའི་རྫོང་འཕྲང་གཉིས་ཀའི་ལྟ་སྒོམ་དག་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་ནུས་པ་རྫོགས་དགོས། དེ་མ་རྫོགས་ན་གསང་བའི་དགྲ་གསུམ་གྱིས་རང་རྒྱུད་ཚུར་བསྲེག འཇིགས་པའི་བདུད་བཞིས་རང་སྲོག་ལ་རྒོལ། དེའི་སྐབས་སུ་འགྲོ་དྲུག་གི་གཡང་ས་ཆོད་ཐབས་མེད་པའི་མཐའ་ལ་ལྷུང་སོང་བ་རེད། དེ་ལྟར་མ་ཡིན་པའི་རྫོང་འཕྲང་གཉིས་ཀྱི་གནད་ཟིན་དུས་འཁོར་འདས་གཉིས་ཀྱི་སྟོང་སྲོག་འཕྲོག་ཟེར་རྒྱུ་དེ་གང་འདྲ་ཞིག་རེད་ཟེར་ན། སྲོག་ཅེས་པའི་སྒྲ་གཅིག་ལ་མི་འདྲ་བའི་སྲོག་གི་དབྱེ་བ་མང་པོ་ཡོད་རེད། ཆགས་པ་ཁྲག་གི་སྲོག གནས་པ་དོན་གྱི་སྲོག འཁྲུལ་པ་ཡིད་ཀྱི་སྲོག རྩ་རླུང་ཐིག་ལེའི་སྲོག་སོགས་ཀྱི་དབྱེ་བ་མང་པོ་གསུངས་ཡོད། རྩ་རླུང་བྱང་ཆུབ་སེམས་ཀྱི་སྲོག་ལ་དབང་ཐོབ་པ་བརྒྱུད་ནས། གནས་པ་དོན་གྱི་སྲོག་གམ་གཉུག་མ་རྡོ་རྗེའི་སྲོག་ལ་དབང་འབྱོར་བ་དེ་བདེ་བར་གཤེགས་པའི་སྲོག་རེད། དེ་ཡང་ཆོས་དང་ཆོས་ཉིད་རོ་གཅིག་འཁོར་འདས་ཡོངས་ལ་ཁྱབ་པའི་ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ཡིན་ན། དེ་ནི་ལྟ་བས་གཏན་ལ་དབབ་བྱ་ཞིག་ཡིན་པས་དེ་ཉིད་ལ་འཕྲོག་བྱ་འཕྲོག་བྱེད་མི་སྲིད་པ་རེད། ཆོས་ཉིད་དེ་ལྟ་བུ་ལས་ཆོས་ཅན་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་བྱུང་བ་ཡིན་ན། གཉུག་མའི་སྲོག་ལ་དབང་ཐོབ་པའི་སངས་རྒྱས་ཐམས་ཅད་ཀྱི་འཕོ་བྲལ་འཆི་མེད་རྡོ་རྗེའི་སྐུ་བརྙེས་སོང་བའི་སྟབས་ཀྱིས་སྐྱེ་འཆི་མཚན་མ་མི་མངའ་བ་རེད། ཆོས་ཉིད་ཟབ་མོའི་དོན་མ་རྟོགས་ཤིང་གདེང་དུ་མ་གྱུར་པའི་ཆགས་པ་ཁྲག་གི་སྲོག་ཅན། ལུས་ལ་ཆགས་ཤིང་དེ་ལ་སེམས་བརྟེན་པའི་སེམས་ཅན་སྲོག་ཆགས་གཟུགས་ཅན་ཐམས་ཅད་དང་། འཁྲུལ་བ་ཡིད་ཀྱི་སྲོག་ཅན་ནི། ཡིད་ལུས་ལ་བརྟེན་པའི་མི་མ་ཡིན་ཚོའི་སྲོག་དེ་རེད། དེའི་སྲོག་དེ་གཅད་རྒྱུ་དང་དབང་དུ་བྱེད་རྒྱུ་ཡོད། དེའི་ནང་གི་ཁྱད་པར་དུ་ཆགས་པ་ཁྲག་གི་སྲོག་ལྡན་རིགས་དྲུག་གང་གི་རྟེན་ཅན་ཡིན་ཡང་ཚང་མ་ཉམས་ཤིང་འཕོ་བའི་ཚེ་དང་ལྡན་པས་སྐྱེ་འཆིའི་འཇིགས་པ་ལས་མ་ཐར་པ་རེད། མི་ལ་སོགས་པའི་ལུས་ཅན་ཕལ་ཆེར་བའི་སྲོག་ནི་རང་རང་གི་སྙིང་ཁ་ལ་སྲོག་གི་ས་བོན་ཡིག་འབྲུའི་རྣམ་པར་གནས་ཡོད་པ་རེད། དེས་ན་ཤིན་ཏུ་གདུལ་དཀའི་འགྲོ་བ་ལ་ལྷག་པར་བརྩེ་བའི་སྙིང་རྗེའི་ཀུན་ནས་བསླངས་ཏེ་མཉམ་ཉིད་གདེང་དུ་གྱུར་ཅིང་རྟེན་འབྲེལ་སྒྱུ་མའི་རང་བཞིན་ལ་བློ་བྱང་ཆུབ་ནས་ཤེས་རབ་དང་ལྡན་པ་དང་། དགོངས་སྤྱོད་ཏིང་འཛིན་ཟབ་མོ་ལ་དབང་འབྱོར་བའི་ཐོག་ནས་ལས་རུང་སྔགས་ཀྱི་མཐུ་དང་། ཐབས་མཁས་ལྡན་པའི་རྣལ་འབྱོར་པས་གདུལ་བྱའི་ལས་ངན་རྒྱུན་གཅད་པའི་ཆེད་དུ། སྙིང་རྗེའི་དབང་གིས་བསྒྲལ་བའི་ལས་སྦྱོར་མཛད་པ་རེད། དེ་དུས་ལ་བབས་ཀྱང་ད་རུང་དང་དུ་མ་བླངས་ན་དམ་ཚིག་ཉམས་པའི་རྒྱུར་ཡང་འགྱུར་གསུངས་ཡོད། དྲག་པོ་བསྒྲལ་བའི་དབང་ངམ་རྗེས་གནང་འདིའི་ཐོག་མ་ཐུགས་དམ་བསྐུལ་བ་དང་གཟུ་དཔང་བསྐྱེད་པ་འབྱུང་བས་དང་པོར་དེ་འདོན་རྒྱུ་བྱེད་དགོས།

མཚམས་འདིར། ཧཱུྃ། ཁྱབ་བདག་གདོད་མའི་མགོན་པོ་མན་ཆད་ནས། །མངོན་པར་བྱང་ཆུབ་དཔལ་མགོན་བླ་མའི་བར། །སོགས་གསེར་སྐྱེམས་གཟུ་དཔང་དང་བཅས་པ་གསུངས་མཐར། བསྒྲལ་བའི་ལས་ཚོགས་འདི་གདབ་ལས་དང་བསྟབ་པའི་ཆོ་ག་གཉིས་ཀྱི་ཁོངས་སུ་འདུས་པ་རེད། གདབ་ལས་ཀྱི་ཐོག་མར་གཙོ་དམིགས་འབྱུང་། གཙོ་དམིགས་དེ་ནི། ཨེ་ལས་གནམ་ལྕགས་འབར་བའི་ལྕགས་སྒྲོམ་གྲུ་གསུམ་སྒོ་མེད་མུན་པ་ཅན། ཡ་ང་འཇིགས་སྐྲག་སྐྱི་གཡའ་བ་ཞིག་གི་ནང་དུ་ནྲྀ་དང་ཡང་ན་ཏྲི་ལས་གནོད་བྱེད་ཉམས་པ་བདུན་ལྡན་གྱི་དགྲ་བགེགས་དེ་ཡན་ལག་ལྕགས་སྒྲོག་གིས་བཅིངས་བ་ཉམ་ཐག་པའི་གཟུགས་ཅན་མངོན་སུམ་བཞིན་དུ་གསལ་དགོས་པ་རེད། དེ་ཡང་དགྲ་བོའི་གཟུགས་རྟེན་མཚན་མ་རྫས་ཀྱི་འདུ་ཤེས་པ་དེ་ཉིད། འཁོར་བ་རུ་ལོག་གི་རྟེན་འབྲེལ་ལ་མགོ་བོ་རྒྱབ་བསྟན། རྐང་པ་རང་བསྟན་ལ་གན་ཀྱལ་དུ་བཞག་ནས་དགུག་འཆིང་སྡམ་མྱོས་བཞིའི་སྔགས་ཕྱག་རྒྱ་དང་བཅས་པས་ལས་ལ་སྦྱོར་དགོས་པ་རེད། མཚམས་འདི་ནས། བཛྲ་ཀྲོ་དྷའི་སྔགས་ཀྱིས་ཕུར་བསྐོར་མཛད་མཐར། གོང་དུ་བསྒྲལ་བའི་སྐབས་སུ་ཕུར་བསྐོར་བྱེད་རྒྱུ་དེ་ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་དང་སྦྲགས་ནས་སྲུང་བའི་ཕྱིར་དུ་ལན་གསུམ་ནང་དུ་བསྐོར། དེའི་འཕྲོར་པདྨ་ཀྲོ་དྷཱི་ཤྭ་རཱི་དང་སྦྲགས་ནས་རང་ལ་མི་ལྡོག་པ་བྱ་བའི་ཕྱིར་དུ་སྐེད་པར་ལན་གསུམ་ཕྱིར་ལ་བསྐོར། བཛྲ་ཀཱི་ལི་ཀཱི་ལ་ཡ་དང་ལྷན་དུ་གཟིར་བའི་ཕྱིར་དུ་ལན་གསུམ་མདུན་དུ་སྒྲིལ། མ་ཧཱ་ཡཀྵ་དང་སྦྲགས་ནས་ཕོ་རྒྱུད་དགུག་པའི་ཕྱིར་དུ་གཡས་སུ་ཚམ་རྔམ་ལན་གསུམ་བྱས། ཀཱ་ལ་རཱུ་པ་དང་སྦྲགས་ནས་ལན་གསུམ་མདུན་དུ་སྒྲིལ། ཀརྨ་རྃ་རྃ་དང་ལྷན་དུ་མོ་རྒྱུད་དགུག་པའི་ཕྱིར་དུ་གཡོན་དུ་ཚམ་རྔམ་ལན་གསུམ་བྱས། དེའི་འཕྲོའི་ཛྭ་ལ་རྃ་དང་སྦྲགས་ཏེ་མདུན་དུ་ལན་གསུམ་སྒྲིལ། མ་ར་ཡ་ཧཱུྃ་ཡང་ན་ཧཱུྃ་ཕཊ་དང་ལྷན་དུ་གར་པད་ཀྱིས་ཕུར་དར་ནམ་མཁའ་ལ་ཡར་ཕྱར་ཏེ་ཉ་བོ་ལ་བཏབ་ནས་བསྒྲལ་བ་དངོས་ཀྱི་ལག་ལེན་ལ་འཇུག་རྒྱུ་འདི། སྔ་འགྱུར་གདན་ས་དྲུག་གི་ནང་ནས་དུས་ཕྱིས་ཀྱི་གཤིན་རྗེའི་ལས་ཚོགས་ལ་བརྟེན་ཏེ་མངོན་སྤྱོད་ཀྱི་ལས་ལ་མཐུ་གྲུབ་པའི་རིག་འཛིན་པདྨ་ཕྲིན་ལས་ལ་སོགས་པའི་ཕྱག་རྒྱུན་ལྟར་དུ་རེད། མཚམས་འདི་ནས་བསྒྲལ་དབང་བསྐུར་བ་དངོས་ལ་ཐུག་འདུག ཡང་འདི་ནས། ཁྱེད་རྣམས་དབང་ཆེན་རྟ་མཆོག་རོལ་བར་གསལ་བའི་ལག་གཉིས་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཧཱུྃ་ལས་སྐྱེས་པའི་སྒྲོལ་བྱེད་ཡཀྴ་ཀྲོ་དྷ་སྐུ་སྟོད་ཁྲོ་བོ་སྐུ་སྨད་རྣོ་དབལ་ཕུར་པའི་མཚོན་ལྡན་བསྒྲིལ་ཞིང་གསུངས་པ་སོགས་ཀྱི་དབང་བཤད་མཛད་མཐར། འདི་ནས་བསྒྲལ་བའི་ལས་མཐའི་བསྒྲལ་དབང་དངོས་ལ་ཐུག་པ་རེད། ཡིན་ན་ཐོག་མ་རང་ཉིད་འཇིགས་མེད་རྡོ་རྗེ་སྲུང་བའི་གཙོ་འཁོར་ལ་ཞུགས་ནས། ཟློག་པ་ཆོས་ཉིད་ཟབ་མོའི་བདེན་མཐུའི་རྒྱབ་དཔུང་དང་བཅས་པའི་སྲུང་ཟློག་གཉིས་ཀྱི་གནད་དང་ལྡན་པའི་སྒོ་ནས། གོང་དུ་བཤད་པའི་རྫོང་འཕྲང་སྲོག་གསུམ་གྱི་སྒོ་ནས་བསྒྲལ་ལས་ལ་འཇུག་དགོས། འདིའི་སྐབས་སུ་གསལ་བ་གསུམ་གྱི་ངར་དང་ལྡན་པའི་སྒོ་ནས་རང་བཞིན་གྱིས་སྒྲོལ་བའི་ལྟ་བ་དང་། སྙིང་རྗེས་སྒྲོལ་བའི་སྒོམ་པ། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ་སྟེ། དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་དང་ལྡན་ཞིང་། ཚད་མེད་བཞིའི་བློ་དང་མ་བྲལ་བཞིན། མཚན་མ་རྫས་ཀྱི་ཕུར་པ་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་དེས། གང་བསྒྲལ་བྱ་དེ་ཉིད་ཚེ་ལུང་ཁྲུས་ལུང་གནས་ལུང་གསུམ་གྱི་དགོངས་པ་ཡིས་ཚར་གཅད་པར་བྱ་དགོས། ཚེ་ལུང་གང་ཡིན་ན། ཕུར་བུ་སྒྲིལ་བའི་འོད་ཟེར་གྱིས་ཕྱོགས་དུས་རྒྱལ་པའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་བཀུག་ནས་ཕུར་བར་ཐིམ་པས་ཕུར་བ་གདེང་བ་ཙམ་གྱིས་སྲིད་པ་གསུམ་ཡང་བརླག་ཐུབ་པའི་ནུས་མཐུ་ཅན་དུ་གྱུར་པར་བསམ་ནས། ཟུར་གསུམ་ཕུར་བུའི་རྩེ་དེ་དམིགས་བྱའི་སྙིང་ཁར་བསྣུན་དུས། ཁོའི་སྙིང་ཁྲག་གི་དྭངས་མའི་དཀྱིལ་གྱི་ཚེ་ཡི་རྟེན་ཨ་དཀར་འོད་ཀྱི་ཐིག་ལེའི་ནང་ན། སྲོག་གི་སྤྱི་དཔལ་ནྲི་ཡིག་ལྗང་གུ་ཡོད་པ་དེར་ཐེབས་ནས་ཕུར་རྩེའི་གཤོང་གསུམ་དུ་ཕཊ་གསུམ་དང་ཟུར་གསུམ་སུམ་འདུས་ཀྱི་རྩེ་མོ་ངོ་མ་ན་ཧཱུྃ་གསུམ་ཡོད་པ་དེས་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བྱས་ཏེ། ཨ་དཀར་ཕུར་རྩེར་དྲངས་ནས་རང་ཉིད་ལ་བསྟིམས་པས་རང་གི་ཐུགས་སྲོག་འདྲེས་པ་དང་མཉམ་དུ་དགྲ་བོའི་བླ་ཚེ་སྲོག་གསུམ་དབང་ཐང་བསོད་ནམས་ཐམས་ཅད་རང་ལ་ཐོབ་པར་བསམ། རང་ཉིད་སྐྲག་མདངས་གཟི་བྱིན་འབར་བར་གྱུར་ནས་རྡོ་རྗེའི་སྲོག་ལ་དབང་ཐོབ་པར་བསམ་དགོས། དེ་ཚེ་ལུང་རེད། དེ་དང་ཆབས་ཅིག་ཏུ་དགྲ་བོའི་རྣམ་ཤེས་ནྲི་ཡིག་ལྗང་གུའི་རྣམ་པ་གནས་པ་དེ་ལ་ཕུར་པ་ཐེབས་སོང་དུས། དགྲ་བོའི་དྲན་པ་ནག་འཐུམ་གྱིས་ཉམས་སོང་བ་དེས་སྒོ་གསུམ་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཕུར་རྩེ་མཁའ་ལ་གདེང་བ་དང་བཅས་པས་ཕཊ་གསུམ་གྱིས་བསྐུལ་ཏེ་ཧཱུྃ་གསུམ་དང་དབྱེར་མེད་དུ་འདྲེས་པ་ལ་དམིགས་པ་དེ་ཁྲུས་ལུང་རེད། དེའི་མཚམས་ན་དེ་ལྟར་འདྲེས་པའི་རྣམ་ཤེས་དེ་ཉིད་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམས་པས་བདེ་བར་གཤེགས་པའི་སྲས་སུ་བསྐྲུན་པ་དེ་གནས་ལུང་ཡིན། སླར་ཡང་གནས་སོ་སོར་ཕུར་པ་གདབ་སྟེ་ནན་གྱིས་བསྐྱར་ནས་ཕྱིར་མི་ལྡོག་པའི་འཁོར་རྒྱུན་བཅད་ནས། སྲིད་པ་རྒྱུན་གཅོད་ཀྱི་ཕྱག་རྒྱ་ཡིས་རྒྱས་བཏབ་པ། དེ་ལྟ་བུའི་བསྒྲལ་ལས་བྱེད་དུས་འཚེངས་པ་གསུམ་ལྡན་དུ་འགྱུར་དགོས། སྒྲོལ་མཁན་རྣལ་འབྱོར་པ་ཚེ་ལུང་གིས་འཚེངས། ཚེ་བསོད་ཁ་རྗེ་དབང་ཐང་རང་གི་བཅུད་དུ་བྱུང་། བསྒྲལ་བྱ་གཟས་པོ་གང་ཡིན་པ་དེ་ཉིད་ཁྲུས་ལུང་དང་གནས་ལུང་གིས་འཚེངས། མ་དག་འཁོར་བའི་སྡུག་བསྔལ་རྒྱུར་བཅས་ཀྱི་རྒྱུན་བཅད་ནས་དག་པའི་ཞིང་དུ་བདེ་བར་གཤེགས་པའི་སྲས་སུ་འགྱུར། གནས་ལུང་དང་ཁྲུས་ལུང་གིས་བསྒྲལ་བྱའི་གཟས་པོ་དེ་ཉིད་འཚེངས་པ་གྱུར། རྒྱལ་བ་སྲས་བཅས་མཆོད་པས་འཚེངས། སྦྱོར་སྒྲོལ་ཏ་ན་ག་ཎའི་མཆོད་པ་ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཟག་མེད་གསང་བའི་བདེ་ཆེན་གྱིས་མཉེས་པར་གྱུར། ད་དུང་དེའི་སྟེང་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་སྙིགས་མའི་ཤ་ཁྲག་གིས་འཚེངས། རགས་པའི་ཤ་ཁྲག་རུས་གསུམ་གང་འདོད་བདུད་རྩིའི་སྤྲིན་དུ་རོལ་པས་ཚིམ་པར་གྱུར། དེའི་དབང་གིས་སངས་རྒྱས་ཀྱི་བསྟན་པ་བར་ཆད་དང་བྲལ་བས་འཚེངས་པར་གྱུར་པ་རེད། དམ་དགྲ་ངན་པའི་ངང་ཚུལ་ཅན་ཕྱི་ནང་གཉིས་ཀའི་མཚམས་འདི་ནས། སྒྲུབ་ལ་བར་དུ་བཅད་ཅིང་དངོས་གྲུབ་ལ་གེགས་བྱེད་པའི་མ་རུང་གནོད་བྱེད་དེ་མེད་སོང་བས། བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་སོང་བའི་ཐོག་ལ་དབང་དང་རྗེས་གནང་འདི་ལ་བརྟེན་ཏེ། རྣལ་འབྱོར་པའི་ནུས་མཐུ་བསྐྱེད་དེ། ནུས་མཐུ་གོང་ནས་གོང་དུ་སྤེལ་བའི་ཕྱིར་དུ། ཤུགས་སྒྲོལ་དྲག་པོའི་ཕྲིན་ལས་ཉམས་ང་མེད་པ་སོགས་དེ་ལྟ་བུའི་དགོས་པ་མང་པོ་དང་ལྡན་པ་རེད། བསྒྲལ་བའི་ལས་ཀྱི་མཐའ་མ་དེ་བསྟབ་པ་རེད། དེ་གང་ཡིན་ཟེར་ན། ལྷ་ཚོགས་ཀྱི་ཞལ་དུ་འབུལ་བ་གཞུང་ནས་འབྱུང་བ་ལྟ་བུ་ཡིན། ད་ནི་བསྒྲལ་དབང་དངོས་ལ་འཇུག་རྒྱུ་རེད། ཁྱེད་རྣམ་པས་ཕུར་པ་དེ་ལན་གསུམ་དུ་བསྒྲིལ་ནས་དེའི་འཕྲོའི་གཟས་པོའི་སྙིང་ཁར་གཏད་ནས་ཚེ་བསོད་ཨ་དཀར་གྱི་རྣམ་པ་རང་ལ་བསྟིམས་པའི་མོས་པ་ཡིས་ཚེ་ལུང་། སླར་ཡང་ཕུར་པ་སྙིང་ཁར་གཏད་པས་གཟས་པོའི་རྣམ་ཤེས་བདེ་བར་གཤེགས་པའི་ཐུགས་ཀར་བསྟིམས་པ་ཁྲུས་ལུང་དང་གནས་ལུང་། དེའི་མཐར་གནས་སོ་སོར་གདབ་པ་ཕྱིར་མི་ལྡོག་པའི་བྱ་བ་དང་བཅས་པའི་བསྒྲལ་ལས་མཛད་དགོས།


previousཉིན་ལྔ་པའི་དབང་དོན་ཟབ་ཁྲིད། next