Nitartha Digital Library
Tibetan
 
previousཉིན་དྲུག་པའི་དབང་དོན་ཟབ་ཁྲིད། next

ཉིན་དྲུག་པའི་དབང་དོན་ཟབ་ཁྲིད།

དེ་ནི། ཡང་དག་སངས་རྒྱས་མཉམ་སྦྱོར་གྱི་དབང་དང་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་དབང་སོགས་ཡིན། བླ་མས་ལོ་རྒྱུས་ཀྱི་དབང་ཆོག་གསུངས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱི་རྗེས་ཟློས་མཐར། འདི་ན་ཡང་དག་གསུངས་རྒྱུ་འདི་སྒྲིབ་པ་མི་མངའ་བའི་དོན་ཞིག་རེད། གང་ལ་སྒྲིབ་པའི་དྲི་མ་མི་མངའ་བ་དེ་སངས་རྒྱས་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་རེད། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། གཉིས་མེད་མཉམ་ཉིད་རང་བྱུང་གི་ཡེ་ཤེས། སྤྲོས་བྲལ་མ་བཅོས་ཐིག་ལེ་ཉག་ཅིག་ཏུ་གནས་པ་དེ། དུས་གསུམ་རྒྱལ་པའི་ཐུགས་ཡིན་པས། དེ་ནི་མ་སྐྱེས་པའི་ཆོས་སྐུ། མ་འགག་པའི་ལོངས་སྐུ། སྣ་ཚོགས་འཆར་བའི་སྤྲུལ་སྐུའི་རང་བཞིན་ཅན་ཞིག་ཡིན་ན། དེ་ལྟ་བུའི་ཆོས་ཉིད་མཉམ་པ་ཆེན་པོ་ཡང་དག་པའི་ཡེ་ཤེས་ཐིག་ལེ་ཉག་ཅིག་ལ་རྫོགས་པ་ཡིན་པ་ཤེས་པར་བྱ་རྒྱུ་དེ། ངེས་པར་དོན་གྱི་དཔལ་ཆེན་པོ་ཡང་དག་ཐུགས་ཀྱི་སྒྲུབ་པ་རེད། རྣལ་འབྱོར་སྒྲུབ་པ་པོ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་དང་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡེ་ནས་གཉིས་སུ་མེད་པ་དེ་མངོན་དུ་བརྙེས་དུས་དཔལ་ཆེན་ཡང་དག་ཧེ་རུ་ཀ་འགྲུབ་སོང་བ་རེད། དེས་ན། སྨིན་པར་བྱེད་པ་དབང་ནས་བརྩམས་ཏེ་གྲོལ་བྱེད་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་ལ་སློབ་དགོས་པ་ཡིན་ན། དབང་ཟེར་རྒྱུ་འདི་སྔར་མེད་གསར་དུ་ཐོབ་ཡོང་རྒྱུ་ཞིག་ལྷག་གི་མ་རེད། རང་གནས་རིག་པ་བྱང་ཆུབ་ཀྱི་སེམས། སྐུ་བཞི་རང་ཆས་སུ་གནས་པའི་ཡོན་ཏན་དེར་གློ་བུར་གྱི་སྒྲིབ་པས་བསྒྲིབས་ནས་མངོན་དུ་མ་གྱུར་པ་དེ། སློབ་དཔོན་མཚན་ཉིད་དང་ལྡན་པའི་ཤེས་རབ་དང་ཏིང་འཛིན་ཟབ་མོའི་སྔགས་ཀྱི་ཆོ་གས་བསྐུར་ཐབས་བྱིན་རླབས་ཀྱི་རྒྱུན་མ་ཉམས་པའི་དབང་མཆོག་ཞིག་ལ་བརྟེན་ཏེ། སློབ་མའི་རྒྱུད་ཀྱི་སྒྲིབ་པ་གློ་བུར་པ་རྣམས་དག་ཅིང་། འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་གྱི་ཡེ་ཤེས་དེ་ཉིད་ཐོབ་པའམ་མངོན་དུ་གྱུར་པ་ཞིག་ལ་དབང་གསུངས་པའོ། དབང་གསུངས་རྒྱུ་དེ་ནི། གཅིག་འབྲས་བུ་ཐོབ་པ་དང་། གཉིས་དེའི་ལམ་སྒོམ་པ་ལ་དབང་པས་ན་དབང་གསུངས་པ་རེད། དེ་ལྟར་ན་ནང་འཇུག་གི་ཐོག་མ་ལ་སློབ་མ་ལྷར་བསྐྱེད་དེ་བྱིན་འབེབ་པར་བྱས། བྱིན་ཕབ་ན་རང་འབྲས་ཡེ་ཤེས་པ་སྤྱན་དྲངས་པ་རེད། བྱིན་དབབ་ཟེར་རྒྱུ་དེ་ཡང་དོན་དམ་པར་ཆོས་སྐུའི་རང་བཞིན་དང་བདེ་བར་བཤེགས་པའི་ཡེ་ཤེས་ཀྱིས་མ་ཁྱབ་པ་མེད་ན། གཞན་ནས་གཞན་དུ་སྤྱན་དྲང་ཡོང་རྒྱུ་ཞིག་མེད་ཀྱང་། ཡེ་ཤེས་ཀྱི་ལྷ་ལ་དབང་མི་ཟ་རྒྱུ་དང་དེའི་རང་བཞིན་ཇི་ལྟར་ཡིན་པའི་ངེས་པ་སྐྱེ་ཆེད་དུ། དམ་ཚིག་པ་ལ་ཡེ་ཤེས་པ་དབྱེར་མེད་གནས་པའི་གསལ་འདེབས་སུ། སྐུལ་བ་གསུམ་གྱིས་ཐུགས་ཀྱི་རྒྱུད་བསྐུལ་ནས་སྤྱན་དྲངས་ཏེ། སྔགས་དང་ཕྱག་རྒྱར་བཅས་པའི་དམ་ཡེ་དབྱེར་མེད་དུ་བསྟིམས་པར་བྱས་པས་ན། གཟི་བྱིན་བསྐྱེད་ནས་མདངས་ཕྱུང་བ་ཞིག་རེད། དེའི་མཚམས་སུ་གསང་བའི་དེ་ཉིད་བསྟན་པ་ལ་དཀྱིལ་འཁོར་གྱི་སྒོ་ཕྱེས་པ་རེད། དཀྱིལ་འཁོར་གྱི་སྒོ་ཕྱེས་ནས་རྨོངས་པས་བསྒྲིབས་པའི་མིག་སྐྱོན་དེ་བསལ་ཏེ། ཤེས་རབ་ཀྱི་སྣང་བ་ཆེན་པོ་བྱིན་ནས་དཀྱིལ་འཁོར་གྱི་མཐོང་བ་བསྟན་པའི་སྐབས། ཧེ་རུ་ཀ་གལ་པོའི་རྒྱུད་ཀྱི་དགོངས་དོན་བཞིན་དུ། རང་སེམས་བྱང་ཆུབ་ཀྱི་སེམས་རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྙིང་པོ་རུ་ལུ་འབྲུ་བརྒྱད་རིན་ཆེན་གསེར་གྱི་ཕྲེང་བ་ལྟ་བུ་དེ། གཅིག་ནས་མང་པོར་འཕྲོས་ཏེ་དགུ་རུ་སྣང་བ་དེ། ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གསུངས་པ་ཡིན་ན། དེའི་ཟླ་གམ་དབང་གི་དཀྱིལ་འཁོར་གྱི་ཕོ་བྲང་དབུས་མའི་ཙཀྲ་རྩིབས་བརྒྱད་ཀྱི་ལྟེ་བར་གསུངས་པ་རེད། དཔལ་ཆེན་བཛྲ་ཧེ་རུ་ཀ་ཡང་དག་སངས་རྒྱས་མཉམ་སྦྱོར་གྱི་ཆེ་མཆོག་ཁྲོ་བོའི་རྒྱལ་པོ་དེའི་སྐུ་མདོག་མཐིང་ནག་དབུ་གསུམ། ཕྱག་དྲུག་ཞབས་བཞི་ད་ལྟར་གོང་དུ་གསུངས་མ་ཐག་པ་ལྟར། གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། རྩ་ཞལ་མཐིང་ནག་དབུ་སྐྲ་ཁམ་ནག་གི་རལ་བ་གྱེན་དུ་འཁྱིལ་བ། རྩེ་མོ་ན་ཡེ་ཤེས་ཀྱི་མེ་འབར་བ་རྩ་བ་ན་རཀྟའི་ཆུ་འབབ་པ། སྨིན་མ་གློག་སྟོང་དུས་གཅིག་ལ་འཁྱུག་པ་ལྟ་བུ་དང་། སྨིན་མཚམས་འཇིགས་རུང་ཁྲོ་གཉེར་གྱི་རླབས་དང་ལྡན་པའི་སྤྱན་གཡས་གསུམ་དུ་ཉི་མའི་དཀྱིལ་འཁོར། གཡོན་གསུམ་དུ་ཟླ་བའི་དཀྱིལ་འཁོར། དབུས་གསུམ་དུ་ཉི་ཟླ་ཆ་ལང་གདབ་པ་ལྟར་སྡང་མིག་གཡོ་བའི་འབྲུ་ཚུགས་ཀྱིས་གཟིགས་ནས། སྙན་ནས་འབྲུག་སྟོང་གི་སྐད་སྒྲ་ལྡིར། ཤངས་ནས་རླུང་ནག་གི་འཚུབ་མ་འཁྱིལ་བ། རྔམ་པའི་ཞལ་གསུམ་གདངས་ཏེ་ལྗགས་འདྲིལ་བ། རྐན་སྒྲ་དྲག་པོས་ཕཊ་སྒྲ་སྒྲོག་པ་དེ་འདྲ་ཞིག་ཡིན་པ་གསུངས་ཡོད། ཕྱག་དྲུག་ཡོད་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག་བསྣམས་པ། བར་མ་གཉིས་ཀྱིས་ཁ་ཊྭཱྃ་དང་རྒྱུ་ཞགས། ཐ་མ་གཉིས་ཀྱིས་གསང་བའི་རྔེའུ་ཆུང་དང་ཁྱུང་ཁྲ་བསྣམས་པ། འདི་ནས་གསུངས་པ་ལྟར་དུ་རེད། དཀྱིལ་འཁོར་མི་འདྲ་བ་སོ་སོའི་སྐབས་སུ་ཕྱག་མཚན་དང་དག་སྦྱོར་སོགས་ཁྱད་པ་སོ་སོར་ཡོད་ཀྱང་དེ་དག་འགལ་འདུ་ཅན་དུ་འཛིན་རྒྱུ་མ་རེད། ཞབས་བཞི་དེ་གཡས་བསྐུམ་གཡོན་བརྐྱངས་ཀྱི་དོར་སྟབས་ཀྱིས་བཞེངས་པའི་ཉི་མའི་གདན་ལ་ལྷ་ཆེན་ཕོ་མོ་ཞབས་འཐིལ་གྱིས་བརྫིས་ཡོད་པ། དབུ་ལ་ཐོད་པ་ཚར་གསུམ་དང་ཉི་ཟླ་སྤེལ་མ་བྱས་ཏེ་སྦྲུལ་ནག་ལ་བརྒྱུས་པའི་རྒྱན། དབུ་སྐྲའི་ཐོད་དུ་བཅིངས་པ་ལ་སོགས་པའི་དཔལ་དང་དུར་ཁྲོད་ཀྱི་ཆས་གཞན་ཐམས་ཅད་ཀྱང་མ་ཚང་བ་མེད་པ་སྐུ་ལ་གསོལ་ཞིང་རྫོགས་པ་ཡིན་པ་གསུངས་པ་ལྟར་དུ་རེད། རྡོ་རྗེའི་ཁྱུང་གཤོག་དང་། མེ་རུ་འབར་བས་ལྷག་པར་དུ་འཇིགས་རུང་རྔམ་པ་ཆེན་པོའི་མདངས་ཕྱུང་གི་ཡོད་པ་རེད། ཡུམ་ཆེན་ཀྲོ་དྷི་ཤྭ་རི་མ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཡིན་གསུངས་པ་དེ་རེད། ཕྱག་མཚན་བྷན་དྷ་འབར་བ་དམར་ཆེན་ཁྲག་གིས་གང་ཡོད་པ། བྷན་དམར་གཙོ་ལ་སྟོབས་བཞིན་དུ་ཧེ་རུ་ཀའི་སྐུ་ལ་གཉིས་མེད་དུ་འཁྲིལ་བ། ཕྱོགས་མཚམས་ཟླ་གམ་བརྒྱད་དུ་ཉི་མའི་གདན་གྱི་དབུས་ཚན་པ་རེ་རེའི་སྟེང་དུ། ཤར་ཕྱོགས་ན་འཁོར་བ་ལུགས་ལྡོག་ལ་སྦྱོར་བའི་ཀཽ་རི་མ་སྔོན་མོ་ཞིང་དབྱུག་དང་ཐོད་ཁྲག་འཛིན་པ། ལྷོ་ཕྱོགས་ན་ཀུན་འབྱུང་རྒྱུ་འབྲས་ཆོས་དབྱིངས་བདེ་བ་ཆེན་པོར་འབིགས་པར་བྱེད་པའི་ཙོ་རི་སེར་མོས་ཐབས་ཤེས་མཉམ་སྦྱོར་གྱི་མདའ་གཞུ་བསྣམས་པ། དེ་བཞིན་ནུབ་ཏུ་པྲ་མོ་ཧ། བྱང་ན་བེེ་ཏ་ལི། ཤར་ལྷོ་སོགས་ཀྱི་མཚམས་བཞི་ལ་པུཀྐ་གྷསྨ་སྨེ་ཤ་ཙཎ་ཌ་ལི་རྣམས་རང་མདོག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཅན། དབུ་སྐྲ་དམར་སེར་འབར་བ་སོགས། གཙོ་འཁོར་ཡོངས་རྫོགས་འདིའི་ལས་བྱང་བཞིན། འདི་ནས་དབང་གི་ཆོག་ཁྲིགས་མཚམས་སྦྱོར་ལས་གསུངས་བ་འདི་བཞིན་དང་ཡང་དག་སངས་རྒྱས་མཉམ་སྦྱོར་འདི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་འམ་དེ་ཉིད་ཁྲོ་བོར་སྣང་བ་བཛྲ་ཧེ་རུ་ཀ་རེད། བཛྲ་ནི་འགྱུར་བ་མེད་པ་སྟོང་ཉིད་དོན་གྱི་རྡོ་རྗེ། མཚན་མ་འཛིན་པའི་རྟོག་པ་ལ་ངང་གིས་ཁྲོ་བ་ཅན་རེད། ཧེ་རུ་ཀ་ཞེས་པའི་སྒྲ་འདི་ཐད་ཀར་བསྒྱུར་ན་ཁྲག་འཐུང་ལ་འཇུག ཁྲག་གི་ཁ་དོག་དམར་པོ་ཆགས་པའི་རང་བཞིན། ངོ་བོ་རླན་གྱིས་བརླན་པའི་མཚན་ཉིད་ཅན་ཞིག་ཡིན་པ་དེས། གདུལ་དཀའི་འགྲོ་ལ་ལྷག་པར་རྗེས་ཆགས་བརྩེ་བ་མི་འདོར་བའི་རང་བཞིན་ཅན་ཡིན་པ་མཚོན། ཁྲག་འཐུང་གསུང་དུས་འཐུང་བ་རོལ་བའི་དོན་ཅན་རེད། ཧེ་རུ་ཀའམ་ཁྲག་འཐུང་འདི་སྦྱོར་སྒྲོལ་གྱི་ཕྲིན་ལས་ཟབ་མོའི་ཤེས་རབ་དམིགས་པར་མེད་པ་དང་། ཐབས་སྙིང་རྗེ་ཆེན་པོ་སོགས་ཀྱི་རྨད་བྱུང་གི་ཡོན་ཏན་མཚོན་པའི་མིང་ཞིག་རེད། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡི། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་པ་ལྟ་བུའི་ངོ་བོ་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་བདག་ཉིད་དུ། རྣམ་པ་རྟགས་ཀྱི་ཕྱག་རྒྱར་བཞེངས་བ་དེ། འབར་བ་གར་དགུའི་ཉམས་དང་ལྡན་པ་སོགས་གོང་ནས་བྱུང་མ་ཐག་པ་དེ་ལྟར་ཏེ། མདོར་ན་འདི་ཉིད་དྲང་དོན་རྟགས་ཀྱི་ཧེ་རུ་ཀ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་མཆོག་གི་ཡེ་ཤེས། དངོས་གྲུབ་རྣམ་པ་གཉིས་ཀྱི་གཏེར་མཛོད་དུ། འབར་བ་ཁྲོ་བོའི་རྣམ་པ་ཅན་དུ་ཤར་བ་དང་། ངེས་པ་དོན་གྱི་ཧེ་རུ་ཀ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ། བདེ་མཆོག་བདེ་བ་ཆེན་པོའི་བདག་ཉིད་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ཅན་དེ་ཉིད་རེད། འོ་ན་ལམ་སྦྱོང་བའི་རྣལ་འབྱོར་ལ་སྒྲུབ་པ་པོ་གང་ཟག་ཐ་མལ་པ་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་རྒྱུད་ལ་སྐུ་གསུམ་འདུ་འབྲལ་མེད་པ་ཇི་ལྟར་འཇོག་ཟེར་ན། ཡུལ་དྲུག་དེ་ཤེས་པ་དྲུག་གིས་མ་བཟུང་རྟོག་མེད་སྤྲོས་བྲལ་གྱི་ངང་ལ་མ་བཅོས་མ་ལྷད་པ་མཉམ་པར་བཞག་ན། དེའི་སྐབས་སུ་གཞན་ནས་མ་ཡོང་པ་ཟབ་མོའི་ཆོས་ཉིད་རང་གི་ངོ་བོ་དེ། ནམ་མཁའ་ལྟ་བུའི་རྒྱ་ཆད་ཕྱོགས་ལྷུང་མེད་པར་གནས་པ་དེ་ཆོས་སྐུ་རེད། གང་སྣང་གང་ཤར་གྱི་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད། མ་འགག་འཛིན་བྲལ་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་རང་ཤར་བས་ན། སྲིད་དང་ཞི་བའི་ཆོས་ཀུན་ལ་མངའ་དབང་བསྒྱུར་བ་དེ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ངེས་མེད་རྩལ་དང་རོལ་བའི་འཆར་ཚུལ་སྣ་ཚོགས་སྣང་བ་དེ་སྤྲུལ་བའི་སྐུ་རེད། དེ་ལྟར་ཡིན་པས་གཞི་ཡེ་ཤེས་སུམ་ལྡན། ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་ཡིན་པ་གང་ཞིག རྣམ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུའི་དབྱིངས་ལས་ཡེ་ནས་གཡོས་མ་མྱོང་ཡང་། རྣམ་པ་མ་འགག་ཅིར་ཡང་འཆར་བ་དོན་འོད་གསལ་ཐིག་ལེ་ཐག་ཅིག་ལ་འདུས་པ་དེ་འདྲ་ཞིག་གི་གོ་དོན་རེད། ཡང་མཚམས་འདིར། ཧཱུྃ༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཆོས་དབྱིངས་ཡུམ་གྱི་བུམ་པ་ནས། །ལ་སོགས་པའི་དབང་གི་དངོས་གཞི་གསུངས་མཐར། ཡང་དག་ཐུགས་ཀྱི་སྐོར་འདི་རྒྱུད་སྡེའི་ཐད་ནས་འཇིག་རྟེན་འདས་མདོ་དང་ཧེ་རུ་ཀ་གལ་པོ་ལ་སོགས་པའི་རྒྱུད་དང་། རྒྱུད་དོན་དགོངས་པ་བཀྲལ་བའི་སྔོན་གྱི་གྲུབ་པའི་སློབ་དཔོན་ཚོས་མཛད་པའི་བསྟན་བཅོས་མང་པོ་ཡོད་པ་རེད། སྒྲུབ་སྡེའི་ཐད་ཀྱི་སྒྲུབ་པ་བཀའ་བརྒྱད་ཀྱི་ནང་ཚན་ཡང་དག་ཐུགས་ཀྱི་ལྷ་ཚོགས་རེད། འདིའི་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་སོ་སོའི་དཀྱིལ་ཆོག་གི་རྒྱས་བསྡུས་དང། དཀྱིལ་འཁོར་གྱི་སྤྲོ་བསྡུ་ཡང་རྣམ་པ་གཅིག་ཏུ་མ་ངེས་པ། དཔེར་ན་ཟླ་གམ་དྲུག་བཅུ་རྩ་བརྒྱད་ནས་དགུ་མ་དང་གཅིག་མ་སོགས་ཀྱི་རྣམ་བཞག་ཡོད་པ་ཡིན་ན། རིགས་བརྒྱ་རིག་སྟོང་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ་སྤྲོ་ཆོག་རྒྱུ་དང་། རིགས་གཅིག་རིགས་རྣམས་ཀུན་འདུས་གཅིག་ཏུ་འདུས་ཤིང་བསྡུ་ཆོག་པ་དེ། ཡེ་ཤེས་སྒྱུ་མའི་རྣམ་རོལ་གྱི་གོ་དོན་སྙིང་པོ་རེད། འདིའི་སྒྲུབ་ཐབས་མན་ངག་གི་ཕྱོགས་ནས་བསམ་བློ་བཏང་ན། ཡང་དག་ཐུགས་ཀྱི་སྒྲུབ་པ་ཐམས་ཅད་རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པར་འདུས། རུ་ལུ་འབྲུ་བརྒྱད་འདི་རེ་རེ་ནས་ལྟ་བ་དང་གཅིག ཕྲིན་ལས་དང་གཉིས། བསྐྱེད་རིམ་དང་གསུམ། རྫོགས་རིམ་བཞི་བོ་དང་སྦྱར་ཏེ་དོན་བཞིའི་ཐོག་ནས་བཤད་རྒྱུ་ཞིག་རེད། དེ་གང་ཡིན་ན། ལྟ་བའི་ལ་ཤན་དང་སྦྱར་ཏེ་བཤད་པ། ཕྲིན་ལས་ལག་ལེན་དང་སྦྱར་ཏེ་བཤད་པ། བསྐྱེད་རིམ་བསྙེན་སྒྲུབ་དང་སྦྱར་ཏེ་བཤད་པ། དེའི་སྟེང་གི་མན་ངག་རྫོགས་རིམ་དང་སྦྱར་ཏེ་བཤད་པ་བཞི་བོ་རེད། དེའི་ནང་གི་ལྟ་བའི་ལ་ཤན་དང་སྦྱར་ཏེ་བཤད་པ་ནི། འདི་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་བཤད་དགོས་པས། རུ་ལུ་འབྲུ་བརྒྱད་འདིས་གཞི་སེམས་ཀྱི་ཆོས་ཉིད་དག་པ་ཡེ་ཤེས་ཀློང་བརྒྱད་མཚོན། དེ་ཐམས་དབྱེར་མེད་གཅིག་འདུས་འདའ་དཀའ་རང་བྱུང་གི་ཡེ་ཤེས་ཡང་དག་ཧེ་རུ་ཀ་ཡིན་པ། དེའི་དཀྱིལ་འཁོར་གཅིག་པུར་ཡང་ཐམས་ཅད་འདུས་པ་དང་། དེ་བཞིན་དུ་མ་དག་འཁྲུལ་བའི་གཞི། འཁྲུལ་བ་བཏགས་པའི་ཆོས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཡང་དེས་མཚོན། དེ་གཞི་དུས་ཀྱི་སྐབས་རེད། ལམ་དུས་སུ་བཤད་ན། རུ་ལུ་འབྲུ་བརྒྱད་ཀྱི་ཡི་གེ་ཡིས་བསྐྱེད་རིམ་གྱི་བསྙེན་སྒྲུབ་ཡན་ལག་བཞི་དང་། རྫོགས་རིམ་གྱི་དགའ་བཞིས་དྲངས་བའི་སྟོང་བཞིའི་ཡེ་ཤེས་དང་བརྒྱད་པོ་མཚོན། དེ་ཡང་རང་བྱུང་ཡེ་ཤེས་ལྷན་སྐྱེས་ཀྱི་བདེ་ཆེན་ཉག་ཅིག་ལ་འདུས་པ་གཞི་ལམ་གཉིས་ཀ་རེད། འབྲས་དུས་ལ་བསམ་བློ་བཏང་ན། གཞི་འབྲས་དབྱེར་མེད་ཡེ་ཤེས་ཀློང་བརྒྱད། ཐུགས་ཡང་དག་ཡེ་ཤེས་འབྲས་བུ་དཔལ་ཆེན་དང་བཅས་པར་མཚོན། ལྟ་བའི་ལ་ཤན་དང་སྦྱར་ཏེ་བཤད་ན་དེ་འདྲ་བ་ཞིག་རེད། གཉིས་པ་ཕྲིན་ལས་ལག་ལེན་དང་སྦྱར་ཏེ་བཤད་ན། དཔལ་ཆེན་ཡང་དག་ཧེ་རུ་ཀའི་ཐུགས་ཡེ་ཤེས་འགྱུར་བ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེ། ནམ་མཁའ་ལྟར་དུ་འགྱུར་བ་མེད་ཅིང་དངོས་མཚན་དང་བྲལ་བའི་བདག་ཉིད་ཅན་ཡིན་ན། དེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་དང་ཡེ་ནས་གཉིས་སུ་མེད་པར་གྲུབ་པ། དེའི་རང་རྩལ་གསང་སྔགས་ཀྱི་རྒྱལ་པོ། རུ་ལུ་འབྲུ་བརྒྱད་ཀྱི་བཟླས་སྒོམ་དམིགས་གནད་ལ་བརྟེན་ནས། ཞི་རྒྱས་དབང་དྲག་གི་ལས་བཞི་འགྲུབ་པ་ཡིན་ན། རབ་འབྱམས་ཕྲིན་ལས་ཀྱི་ལག་ལེན་ཐམས་ཅད་དེ་རུ་ལུ་འབྲུ་བརྒྱད་ལ་འདུ་བ་སྟེ། ཕྲིན་ལས་ལག་ལེན་དང་སྦྱར་ནས་བཤད་ཚུལ་ཡིན་ན་དེ་འདྲ་ཞིག་རེད། གསུམ་པ་བསྐྱེད་རིམ་བསྙེན་སྒྲུབ་དང་སྦྱར་ནས་བཤད་ན། དཔལ་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་སྐུ་གསུམ་གྱི་ངོ་བོར་གྲུབ་པ་དེ། རིག་འཛིན་སྒྲུབ་པ་པོའི་སྒོ་གསུམ་གྱི་ཆོས་ཉིད་དང་མི་ཕྱེད་པ་ཡིན་པས། དེ་ཉིད་མངོན་དུ་འགྱུར་བའི་ཕྱིར་དུ་བསྐྱེད་རིམ་དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྐུ་རུ་གསལ་བ་དེ་བསྙེན་པ། ཡུམ་ཆེན་ཀྲོ་དྷི་ཤྭ་རི་མར་གསལ་བ་དེ་ཉེ་བསྙེན། ཐབས་ཤེས་གཉིས་མེད་བྱང་ཆུབ་སེམས་སྤྲིན་ལས་ཕྲ་མེན་བཅུ་དྲུག་བྱུང་བ་དེ་སྒྲུབ་པ། དེའི་ཐོག་ན་ཀུན་ཀྱང་སྐྱེ་མེད་ཆོས་དབྱིངས་ཆེན་པོར་མཉམ་པར་ཤེས་པ་དེ་སྒྲུབ་ཆེན་རེད། དེ་བསྐྱེད་རིམ་བསྙེན་སྒྲུབ་དང་སྦྱར་ནས་བཤད་པའི་ལུགས་རེད། བཞི་པ་དེ་སྒང་སྒྲིལ་མན་ངག་རྫོགས་ཆེན་དང་སྦྱར་ཏེ་བཤད་ན། མཚན་བཅས་དབྱིབས་ཀྱི་རྣལ་འབྱོར་སྐུའི་གསལ་སྣང་ལ་སེམས་བཟུང་བའི་རྫོགས་རིམ་ཐ་མལ་པ་དང་། ཟབ་པ་སྔགས་ཀྱི་རྣལ་འབྱོར་གསུང་ཟླས་པ་རླུང་གི་རྫོགས་རིམ། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་སྙིང་གའི་མི་ཤིགས་པའི་ཐིག་ལེར་སེམས་འཛིན་པ་སོགས་ཀྱི་མཚན་བཅས་ཀྱི་རྫོགས་རིམ་དང་། མཚན་མེད་དམིགས་པ་མེད་པའི་རྫོགས་རིམ་སྤྱི་དང་། ཁྱད་པར་དུ་རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་པོ་རྩོལ་བྲལ་རྫོགས་པ་ཆེན་པོའི་ལམ་ལ་བརྟེན་ནས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་མེད་ཀྱི་ཡེ་ཤེས། ཡང་དག་ཐུགས་ཀྱི་ངོ་བོར་འཚང་རྒྱ་བ་འགྱུར་པ། འདི་དབང་དང་སྦྱར་ན། གནད་ཀྱི་མན་ངག་མཐར་ཐུག་སྦྱིན་པ་འདི་ལ་རྫོགས་པའི་དབང་གསུངས་པ་རེད། འདི་སེམས་ཀྱི་སྟེང་ནས་ངོ་སྤྲད་ཡོང་ན། ཆོས་ཐམས་ཅད་སེམས་ལ་སྣང་། དེ་ལྟར་སྣང་བའི་སེམས་འདི་སྣང་བ་ཡུལ་ཐོག་ལ་མ་ལུས། འཛིན་པ་རང་སེམས་ལ་ཚུར་མ་བསྐོར་པར་བཅོས་མེད་རང་འོད་རང་སོ་ལ་བཞག་དུས། གཡོ་མེད་ནམ་མཁའ་དྭངས་གཙང་ལྟ་བུ་རྣམ་རྟོག་གི་སྤྲིན་གྱིས་མ་བསླད། དེར་འཛིན་གྱི་གདོན་གྱིས་མ་གནོན་པར་སོ་མ་རང་མདངས་ཀྱི་ངང་ལ་ལྷོད་ཅིང་ལྷོད་དེ་གསལ་ལ་གཡེང་བ་མེད་པ་དེའི་ངང་ལ་བཞག་དུས། གནས་མཉམ་ངོ་བོ་སྟོང་ལ་རང་བཞིན་གསལ་བའི་ལྷུན་གྲུབ་སྣང་སྟོང་ཟུང་འཇུག བརྗོད་བྲལ་ངག་གི་ལམ་ལས་འདས་སོང་བ། ཡོད་མེད་ཡིན་མིན་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་པ་དེ་ནི་ཆོས་སྐུ་རེད། ཆོས་སྐུ་དེའི་ངང་ལས་འགག་མེད་རང་སྣང་གི་དཔལ་ཆེན་ཡབ་ཡུམ། ཟུང་འཇུག་ཁ་སྦྱོར་བདུན་ལྡན་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་ཤར་བ་དེ་ལོངས་སྤྱོད་རྫོགས་སྐུ། དེ་ལས་ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཀྱི་ཀུན་ཁྱབ་སྤྲུལ་སྐུའི་རོལ་རྩལ། སངས་རྒྱས་ཀྱི་མཛད་པ་དང་ཕྲིན་ལས་ཆ་མཐུན་པར་སྣང་བའི་སྤྲུལ་སྐུ་སྟེ། མདོར་ན་རྣལ་འབྱོར་སྐུ་གསུམ་གྱི་རྟོགས་པའི་ཉམས་རྩལ་རྫོགས་དུས། ཕྱག་རྒྱ་ཆེན་པོའི་དབང་མཆོག་བླ་མས་གནང་བ་དེ། སློབ་མས་ཉམས་སུ་མྱོང་བས་ཐོབ་པ་ཡིན། དེ་ནི་དོན་གྱིས་ཐོབ་པའི་དབང་གི་ཚད་རེད། དེ་ལྟ་བུ་ལ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ལག་འཐིལ་ཙམ་དང་བུམ་རིལ་མཐེ་མགོ་འདྲ་ཞིག་མེད་ཀྱང་ཆོག་པ་རེད། འདི་རང་གི་རིག་པའི་མཐུ་ཡིས་རྟོགས་པ་མ་གཏོགས་གཞན་གྱིས་ཤེས་པར་བྱ་བ་མིན་པས་རང་རིག་རྩལ་གྱི་དབང་ཆེན་ཟེར། དེ་ལྟ་བུའི་དབང་དུས་ཀྱི་ཡེ་ཤེས་ཤར་བའི་སྟེང་དེར། སྣང་སྲིད་འཁོར་འདས་ཀྱི་ཆོས་གང་ཤར་གང་སྣང་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཀྱང་། དེ་ལས་གཞན་དུ་མི་ལྟ་པར་ཐག་ལྟ་བས་བཅད་དེ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བར་བྱ་བ་རེད། དེ་ལྟར་ན་རུ་ལུ་འབྲུ་བརྒྱད་ཀྱི་དོན་མན་ངག་དང་སྦྱར་དུས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿཞེས་གསུངས། ཨོཾ་ཡང་དག་དོན་གྱི་ཡེ་ཤེས། རུ་མཁའ་དབྱིངས་བདེ་བ་ཆེན་པོ། ལུ་རྣམ་དག་ཡུམ་གྱི་མཁའ་ཀློང་། བྷྱོ་བྱང་ཆུབ་སེམས་ཀྱི་སྤྲིན་ཆེན། མཐའ་མའི་ཧཱུྃཿདེ་ཧཱུྃཿརང་བྱུང་འདུས་མ་བྱས་པ་ཐམས་ཅད་ཀུན་ཁྱབ་ཆོས་དབྱིངས་ཐིག་ལེ་ཉག་ཅིག་དབྱིངས་དང་ཡེ་ཤེས་དབྱེར་མེད་ལ་འདུས་པ། མདོར་ན་སྒྲུབ་ཐབས་བསྐྱེད་རྫོགས་རིམ་གཉིས་ཀྱི་རྣལ་འབྱོར་བསྙེན་སྒྲུབ་རྣམ་བཞི་ཚུལ་བཞིན་མཐར་ཕྱིན་པའི་སྒོ་ནས་གྲུབ་པའི་འབྲས་བུ་དེ་གང་ཡིན་ན། གཞི་འབྲས་དབྱེར་མེད་ཀྱི་བདག་ཉིད་སྐུ་ཐུགས་ཟུང་འཇུག་གི་ངོ་བོ་དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྐུ་གསུམ་གསང་བ་གསུམ་དང་དབྱེར་མེད་པ་མངོན་དུ་བྱེད་པ་དེ་རེད། མཚམས་འདིར་ཡང་དག་སངས་རྒྱས་མཉམ་སྦྱོར་གྱི་དབང་གི་བཀྲ་ཤིས་མཐའ་རྟེན་དང་བཅས་པ་སོང་སྟེ། ཕུར་པ་བདུད་དཔུང་ཟིལ་གནོན་གྱི་དབང་རེད། དེ་ལ་ལོ་རྒྱུས་ཀྱི་དབང་ཆོག་གསུངས་རྗེས་ཀྱི་འཕྲོས་དོན་ནི། འདི་ལོ་རྒྱུས་ཀྱི་ནང་ནས་བྱུང་མ་ཐག་པའི་ནང་དོན་ལྟར་དང་། སྔར་ཡང་ཐེངས་འགའ་རེ་ལ་དབང་དང་ཁྲིད་སོ་སོའི་སྐབས་ནས་ཅི་རིགས་པར་གང་ལ་གང་འཚམ་རེ་ཞུས་མྱོང་བ་བཞིན་དུ། སྤྱིར་ན་ཆོས་ཉིད་བདེ་བ་ཆེན་པོ་དང་ཆོས་ཅན་རྟེན་འབྲེལ་བསླུ་མེད་ཀྱི་སྟོབས། དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་མཐུ། གསང་སྔགས་ཀྱི་དགོངས་སྤྱོད་ཁྱད་པར་ཅན་དང་འབྲེལ་བའི་སྔགས་དང་ཕྱག་རྒྱའི་མཐུ་རྣམས་ནི་བསམ་གྱིས་མི་ཁྱབ་པ་རེད། དེ་ཡིན་པའི་སྟོབས་ཀྱིས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བཞིའི་ཡེ་ཤེས་ལ། གོ་མྱོང་རྟོགས་གསུམ་ཅི་རིགས་པ་ཞིག་སྐྱེས་ནས། དེ་དོན་གོང་འཕེལ་ལ་སྤེལ་རྒྱུའི་ལམ་ལ་ཚུལ་བཞིན་དུ་འབད་ཐུབ་མཁན་ཞིག་གིས། ཚེ་འདིར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཐུབ་པ། གལ་ཏེ་བརྩོན་འགྲུས་ཆེ་བའི་རབ་ངོ་མར་མ་གྱུར་ཀྱང་། དམ་ཚིག་མ་ཉམས་པ་གཙང་མར་རྒྱུན་དུ་སྲུང་ཐུབ་མཁན་ཞིག་ཡིན་ན་ཡང་། རིང་པོར་མི་ཐོགས་ནས་འཚང་རྒྱ་ནུས་པ་དེ། གསང་སྔགས་ནང་རྒྱུད་བླ་མེད་ཀྱི་ཁྱད་ཆོས་རེད། དེ་ལྟ་བུའི་མཐར་འབྲས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་གོ་འཕང་མངོན་དུ་བྱ་ཐུབ་པའི་གནད་ཀྱི་རྩ་བ་གཅིག་ལ་དྲིལ་ཡོང་ན། རྩ་བ་དབང་ལ་རག་ལས་པ་རེད། དབང་སྲོག་རྒྱུད་ལ་འཛིན་པ་ཡང་དམ་ཚིག་ཡིན་པས་དམ་ལྡན་རིག་པ་འཛིན་པའི་རྣལ་འབྱོར་པ་ལ། དམ་ཅན་སྲུང་མ་སྤྲིན་ལྟར་དུ་འདུ་ཞིང་། དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་རྒྱུའི་དོན་ཡང་། གསང་བ་ཟབ་མོའི་དཀྱིལ་འཁོར་ལ་ཞུགས། བྱིན་རྒྱུད་ཀྱི་རྟོགས་པ་ཞིག་ནང་ནས་བརྙེས་ཏེ། བདེ་བར་བཤེགས་པའི་གདུང་འཚོབ་བའི་སྲས་བཅས་རྒྱལ་བའི་ཕྲིན་ལས་པར་གྱུར་སོང་བའི་སྟོབས་ཀྱིས་རེད། དབང་འདི་ལ་ཡང་ཐུན་མོང་ཐུན་མིན་གྱི་ཁྱད་པར་དང་དབྱེ་བསྡུ་མང་པོ་ཞིག་ཡོད་པའི་ནང་གི། སྐབས་འདིར་གངས་ལྗོངས་རྫོགས་ཆེན་བསྟན་པའི་སྔར་མེད་ཀྱི་སྲོལ་འབྱེད་ཆེན་པོ། གསང་འཛིན་དགའ་རབ་དཔའ་བོ་གཉིས་པ། རྒྱལ་བ་ཀློང་ཆེན་པའི་དགོངས་པའི་གསང་མཛོད་སླར་ཡང་གསལ་བར་འབྱེད་པའི་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་བདག་པོ། ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་བྲལ་གླིང་པ་ལ་བཀའ་བབས་པ། གཏེར་ལུང་མང་པོ་ནས་གསལ་བ་བཞིན་དེའི་དགོངས་ཀློང་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོ་ལས་བྱོན་པའི། རྩ་གསུམ་གཙོ་བོར་བྱས་པའི་དབང་མཆོག་ཕྱོགས་གཅིག་ཏུ་བསྡེབས་པ། སྙིང་ཐིག་རྩ་པོད་དམ། སྙིང་ཐིག་དུམ་གཉིས་ཀྱི་དབང་ཟེར་ནས་ཀུན་ལ་གྲགས་པ་འདི་ལྟར་ང་ཚོས་འབུལ་བཞིན་པ་ལས། ཡོངས་སུ་གྲགས་པའི་ཐ་སྙད་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཟེར་རྒྱུའི་རྣམ་འབྱེད་ཀྱི་སྡེ་ཚན་ལ་ཕྱེ་དར་རྒྱུ་ཞིག་ཡིན་ན། དེ་གཉིས་ཀ་ཡང་ཕན་ཚུར་གཅིག་དང་གཅིག་མ་འབྲེལ་པ་ཞིག་མ་ཡིན་པར། རྒྱུད་སྒྲུབ་ཐབས་དང་འབྲེལ། སྒྲུབ་ཐབས་མན་ངག་དང་འབྲེལ། མན་ངག་ཆོག་ཁྲིགས་དང་འབྲེལ། ཆོག་ཁྲིག་ཕྱག་བཞེས་དང་འབྲེལ། ཕྱག་བཞེས་ཕྲིན་སྒྲུབ་དང་འབྲེལ་བའི་འབྲེལ་བ་ལྔ་དེ། རང་ལུགས་བརྒྱུད་པའི་འཆད་སྲོལ་ཟུར་མ་ཉམས་པ་ཡིན་ཞེས་སྔར་ཡང་ཞུས་མྱོང་བ་ལྟར་ཡིན། རྒྱུད་དོན་ལུང་གིས་ཕྱེས། ལུང་དོན་མན་ངག་ལ་དྲིལ་ནས། སྐབས་བབས་སྒྲུབ་སྡེ་བརྒྱད་པོའི་སྒྲུབ་ཕྲིན་ཕྱག་བཞེས་ཀྱི་བར་དུ་གྲུབ་པ་རེད། དེ་ཡིན་དུས། རྒྱུད་སྡེ་སྒྲུབ་སྡེ་གང་བཤད་ཀྱང་། གཞི་ལམ་འབྲས་བུའི་རྒྱུད་གསུམ་གྱི་ནང་དུ་མ་བསྡུས་པ་ཞིག་དང་མ་འདུས་པ་ཞིག་མེད། དེ་ཡིན་སོང་ན། གཞི་རྒྱུད་བདེ་བཤེགས་སྙིང་པོ། ལམ་རྒྱུད་སྔགས་དང་ཕྱག་རྒྱ་ཏིང་འཛིན་ནམ་ལྟ་སྒོམ་སྤྱོད་པ་གསུམ། འབྲས་རྒྱུད་དངོས་གྲུབ་རྣམ་གཉིས་བསྒྲུབ་བྱའི་རྒྱུད་ལ་མངོན་དུ་འགྱུར་རྒྱུ་དེ། སྔགས་ཀྱི་སྤྱི་ཆིངས་རེད་ཟེར་ན་ཆོག་རྒྱུ་ཞིག་རེད། དེའི་ནང་དུ་འདུས་པ་རེད། སྐབས་འདིའི་སྨིན་གྲོལ་དབང་གི་རིམ་པ་འདི། རྒྱ་ཆེ་བ་རྒྱུད་སྡེ་དང་། ཟབ་པ་སྒྲུབ་སྡེའི་ལུགས་གཉིས་ཀ་མན་ངག་གིས་གཅིག་ཏུ་བསྡུས་ཡོང་པ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་གོང་དུ་ཞུས་པ་ལྟར་གསང་སྔགས་བཀའ་ཡི་ཐ་རམ་དང་། གསང་སྔགས་ལུང་གི་བང་མཛོད་ལ་སོགས་པ་ཕྱིའི་སྡོམ་ལྔ་ལ་གཞི་བཟུང་། དེའི་སྟེང་ལ་རྒྱུད་ཀྱི་ཆིངས་ལྔ། རྒྱུད་ཀྱི་ཆིངས་ལྔ་ཟེར་བ་གང་ཡིན་ན། ཁོག་དབུབ་སྟོང་ཐུན་གྱི་ཆིངས། ས་གཅོད་ཚོམ་གྱི་ཆིངས། འགྲེལ་བ་འབྲུ་གནོན་གྱི་ཆིངས། དེའི་སྟེང་ལ་ཊཱི་ཀ་བསྡུས་དོན་གྱི་ཆིངས་དང་། མན་ངག་ལག་ལེན་གྱི་ཆིངས་ལྔ་པོ་ཡིས་བཅིངས་ནས། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་སོགས་ཚང་བའི་ཐོག་ནས། ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག་དང་གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་སོགས་དང་འབྲེལ་བའི་དབང་འདི་ཐམས་ཅད། རྒྱ་ཆེ་བ་རྒྱུད་སྡེ་དང་ཟབ་པ་སྒྲུབ་སྡེ་གཉིས་ཀའི་གབ་པ་ཕྱུང་། སྦས་པ་སྟོན། གཅུས་པ་བསྲངས་ན་ཟབ་རྒྱས་ཀྱི་ཆོས་ཚུལ་གནད་གཅིག་ལ་འདུས་པ། འབྲས་བུ་ཐུས་ཀའི་སྨན་མཆོག་ལ་དྲིལ་ཏེ་གནང་བ་རེད། དེའི་ནང་ནས་ཀྱང་རྩ་བ་གསུམ་གཙོ་བོར་བྱས་པའི་དབང་གི་ཆོ་ག་དང་དཀྱིལ་འཁོར་གྱི་འགྲོས་འདི། ནང་རྒྱུད་སྡེ་གསུམ་རེ་རེ་ལ་ཡང་དགུ་རེ་ཕྱེས་པའི་ནང་ཚན་གྱི་མ་ཧཱའི་ཨ་ཏིའམ་ཨ་ཏིའི་མ་ཧཱ་དང་མཚུངས་པའི་རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བའི་དགོངས་དོན་དང་འབྲེལ་བའི། དཔལ་ཆེན་རྩ་བ་ཡན་ལག་གི་དབང་། ཨ་ནུའི་མདོ་ལུང་གི་སྙིང་པོ་ཞི་ཁྲོ་དམ་པ་རིག་བརྒྱ་དང་རིག་འཛིན་རྩ་དབང་། ཨ་ཏིའི་དགོངས་དོན་གྱི་བསྐྱེད་རྫོགས་དང་འབྲེལ་བའི་རིག་འཛིན་ཡུམ་ཀ རྫོགས་ཆེན་མན་ངག་སྡེའི་མཐར་ཐུག་གི་རྫོགས་རིམ་དང་སྦྱར་བ། ཡང་གསང་བླ་སྒྲུབ་ལ་སོགས་པ་ཡིན་ན། སྐབས་དོན་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཕྱེས་པའི་ནང་ཚན་གྱི་སྒྲུབ་སྡེ་ལ་སྒྲུབ་པ་བཀའ་བརྒྱད། དེ་ཡང་ཡེ་ཤེས་ལྷ་ཡི་སྒྲུབ་པའམ་འཇིག་རྟེན་ལས་འདས་པའི་སྒྲུབ་པ་ལྔ། ལྔ་པོ་གང་ཡིན་ན། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། ཆེ་མཆོག་ཡོན་ཏན། ཕུར་བ་ཕྲིན་ལས་རྣམས་རེད། དེའི་ཁར་འཇིག་རྟེན་པ་གསུམ་བསྣན་པས་བརྒྱད་རེད། འཇིག་རྟེན་པ་གསུམ་པོ་ནི། མ་མོ་རྦོད་གཏོང་དང་། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས་གསུམ་པོ་རེད། རིག་འཛིན་བླ་མའི་ལྷ་ཚོགས་ཀྱི་ཚོམ་བུ་དགུའི་དཀྱིལ་འཁོར་གྱི་དབྱེ་འབྱེད་ཡོད་པའི་ནང་གི། སྐབས་འདིར་ཕུར་བ་ཕྲིན་ལས་ཀྱི་ལྷ་ཚོགས་རྡོ་རྗེའི་ཕུར་བུའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དེའི་དབང་བསྐུར་བའི་སྐབས་ཡིན་ན། འདི་ཉིད་བཤད་དུས། སྔོན་བྱུང་བརྒྱུད་པའི་ལོ་རྒྱུས་ཤིག་དང་ཕྱིས་བྱུང་མན་ངག་གི་བབས་ཚུལ་རྣམ་པ་གཉིས་ཀྱིས་བཤད་དགོས། དེ་ཡིན་ན། སྔོན་བྱུང་བརྒྱུད་པའི་ལོ་རྒྱུས་ནི་སྔར་འོག་མིན་སྤྲུལ་བའི་གནས་མཆོག་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ནས་འཁོར་སེམས་དཔའ་དང་སེམས་མའི་ཚོགས་ལ་དམ་ཆོས་བདུད་རྩི་ཕུར་བའི་ཆོས་བསྟན་པ་དེ། གསང་འཛིན་ཕྱག་ན་རྡོ་རྗེས་ཚུར་བསྡུས་ཏེ། ཡང་སྙིང་འབྲུ་དགུ་པའི་ཚུལ་དུ་ཐུགས་ཀར་སྦས་པ་དེ། སླར་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བསྐུལ་བ་བཞིན་དུ། ཕྱག་ན་རྡོ་རྗེས་མི་ཡུལ་འདོད་ཁམས་ཀྱི་གནས་སུ་དར་བར་མཛད་པ། བརྒྱུད་གསུམ་དགོངས་པའི་བབ་ཚོད་སྤྱི་དང་མཐུན་པ་ཡིན། དེ་ནི་སྔོན་བྱུང་བརྒྱུད་པའི་ལོ་རྒྱུས་རེད། ཕྱིས་བྱུང་མན་ངག་གི་བབས་ཚུལ་དེ་གང་འདྲ་རེད་བསམ་ན། གྲུབ་པའི་རིག་འཛིན་བརྒྱད་ཀྱི་ནང་ཚན་གོང་དུ་གསུངས་པ་ལྟ་བུའི་སློབ་དཔོན་པྲ་བྷ་ཧིསྟི་དང་། པཎ་ཆེན་བི་མ་ལ། སློབ་དཔོན་ཆེན་པོ་པདྨ་སམྦྷཝ་སོགས་ཀྱིས། རྒྱུད་ལས་མན་ངག་དུ་བཏུས་པའི་ཆོས་ཀྱི་རྣམ་གྲངས་མང་པོ་བསམ་གྱིས་མི་ཁྱབ་པ་ཞིག འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་བོད་ཡུལ་ལ་སྣང་བར་མཛད་པ་རེད། དེ་ཡིན་ན་ཕུར་པ་ཕྲིན་ལས་ཀྱི་རྒྱུད་འདི་གོང་ནས་གསུངས་པའི་རྩ་བ་ལྟ་བུ་སྐུའི་རྒྱུད་སྡེ་ལས་འཕྲོས་པའི་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་དང་བཅས་པའི་དཔག་བསམ་ཤིང་ཆེན་ཞིག་ལ་དཔེ་བླངས་པའི་རྒྱུད། མ་ཚང་བ་ཁ་སྐོང་གི་རྒྱུད་དང་བཅས་པ་མང་པོ་ཞིག་དང་། དེའི་སྟེང་ལ་བི་ཏོ་ཏ་མ་འབུམ་སྡེ་རིག་པ་མཆོག་གི་རྒྱུད། ཀི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་ལ་སོགས་པ་མཐའ་ཡས་པ་ཞིག་ཡོད་ན། དེའི་རྒྱུད་སྡེ་སྒྲུབ་སྡེ་གཉིས་ཀའི་བརྒྱུད་ཚུལ། ཆོས་བཀའ་བབས་ལུགས་ཀྱིས། བོད་འདི་ནས་རྒྱལ་པོ་ལུགས་དང་། ཇོ་མོ་ལུགས། ལྕམ་ལུགས་ཟེར་རྒྱུ། འཁོན་ལུགས། སོ་ཟུར་གནུབས་གསུམ་སོ་སོར་ནས་བརྒྱུད་པའི་ལུགས་དང་། ད་རུང་རོང་ཕུར། རོག་ཕུར་ལ་སོགས་པ་མང་པོ་ཞིག་ཡོད་པའི་ནང་གི་རྒྱལ་པོ་ལུགས་དེ། སློབ་དཔོན་ཆེན་པོས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དམ་གྱི་སྐལ་བར་གནང་པ་དེ་དང་། ཇོ་མོ་ལུགས་ཞེས་པ་འདི་ཇོ་མོ་ཟེར་ན་རྗེ་མོའི་དོན་དག་རེད། ཇོ་མོ་མཚོ་རྒྱལ་ལ་སློབ་དཔོན་ཆེན་པོ་སྲིན་ཡུལ་དུ་བྱོན་རན་དུས་བསྟན་པ་དེ་རེད། ལྕམ་ལུགས་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་ཅོག་རོ་བཟའ་ལ་སློབ་དཔོན་ཆེན་པོས་གནང་བ་རེད། དེ་གནང་བའི་དབང་གི་སྐབས་སུ་སློབ་དཔོན་པདྨས་མདུན་གྱི་ནམ་མཁར་ཡི་དམ་གྱི་དཀྱིལ་འཁོར་སྤྲུལ་ནས་བསྐུར་དུས། ཅོག་རོ་གཟས་བླ་མ་ལ་ཕྱག་མ་འཚལ་ཡི་དམ་ལ་ཕྱག་འཚལ་ཏེ་དབང་ཡི་དམ་ལས་ཞུ་གྲབས་བྱས་པས། རྟེན་འབྲེལ་མ་འགྲིག་པར་དེ་མ་ཐག་ཡི་དམ་སློབ་དཔོན་གྱི་སྐུར་བསྡུས་ནས་དབང་བསྐུར་མ་ལོན། དེའི་རྗེས་ནས་ཇོ་མོ་མཚོ་རྒྱལ་ལ་གནང་། མཚོ་རྒྱལ་གྱིས་ཅོག་རོ་བཟའ་ལ་གདམས་པ་གནང་སྟེ་དེ་ནས་བརྒྱུད་པ་དེ་ལ་ལྕམ་ལུགས་ཟེར་རྒྱུ་འདི་རེད། དེ་བཞིན་དུ་བཀའ་གཏེར་གྱི་བརྒྱུད་ཚུལ་མང་པོ་ཡོད་པའི་ནང་གི་འདི་ནི། ཕུར་པ་རྒྱལ་པོ་ལུགས་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལེའུ་བཅོ་ལྔ་པའི་བཅུད་བསྡུས་རེད། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཕྱི་མའི་ནང་ན། ལུང་བསྟན་གསལ་བོར་བྱས་ནས་ཡོད་པ་ལྟར་དུ། འདིའི་ཆོས་སྐལ་དང་པོ་དེ་བི་མ་མི་ཏྲ་ལ་བབས། དེ་ནས་ཀུན་མཁྱེན་འཇིགས་མེད་གླིང་པ་ལ་བབས་པ་རེད། དེ་ལྟར་ཡིན་པས། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ནང་ན་འདི་ལྟར་གསུངས་ཡོད། འདི་ནི་ཀོ་ས་ལ་ཡི་གླིང་། །དེ་རིང་རིགས་ཅན་དེ་ལ་བབས། །གསུངས་ནས་དེས་བི་མ་མི་ཏྲ་བསྟན། སྤྲུལ་པ་འཇིག་རྟེན་མི་གནས་ཚེ། །གསུངས་ཏེ་བི་མ་དངོས་སུ་ཐུན་མོང་གི་ངོ་སྐལ་དུ་མི་སྣང་པར་གྱུར་སོང་དུས་གསུངས་པ་རེད། ཁྱོད་ཀྱི་སྤྲུལ་པ་པདྨའི་རྒྱལ། །དེ་ཡི་ནུས་པ་དོན་བྱེད་འགྱུར། །ཞེས་གསུངས་པ་ལྟར་དུ་པདྨ་ནི་པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེ་འཇིགས་མེད་གླིང་པ་ལ། མོན་གྱི་སྤ་གྲོ་སྟག་ཚང་ནས་རླངས་ཆེན་དཔལ་གྱི་སེངྒེ་སྐུ་དངོས་ཀྱིས་རྡོ་རྗེ་ཕུར་བུའི་དབང་རྫོགས་པར་བསྐུར་ནས་ཕྱི་མའི་དུས་འདིའི་ཕུར་བའི་བཀའ་བབས་ཀྱི་རིག་འཛིན་ཆེན་པོར་གྱུར་སོང་བ་རེད། ཁོང་རང་གིས་གསུངས་བ་བཞིན་བྱས་ན། ཚོགས་བདུན་རོལ་བའི་སྣང་ཆ་ན། མོན་གྱི་སྤ་གྲོ་སྟག་ཚང་ཡིན་རྒྱུའི་ཕུག་པ་ཁ་ཤར་ལྷོར་བསྟན་པ་ཞིག་གསུངས་ཡོད། ཁ་ཤར་ལྷོར་བསྟན་པ་ཞིག་གི་ནང་ནས། རླངས་དཔལ་སེང་གོས་དཀར་ཆས་ཞུགས་ཀྱི་ཚུལ་ཅན་ཞིག་མཛད་ནས་རྡོ་རྗེ་ཕུར་བའི་དབང་བསྐུར་ཆ་ཚང་ཡོངས་སུ་རྫོགས་པ་གསན་པ་ལ་སོགས། ཚིག་ངོ་མ་དེ་ལྟར་མིན་ཡང་། མདོར་ན་དོན་དེ་འདྲ་བ་ཞིག་གསུངས་འདུག་མོད། གང་ལྟར་དུས་བབས་རྟེན་འབྲེལ་མངོན་དུ་གྱུར་དུས་ཁོང་གིས་བཀའ་ཡི་བསྡུ་བ་བྱས་གསུངས་ཡོད། དེ་ལྟ་བུའི་བཀའ་བབ་ཉེ་བརྒྱུད་ཀྱིས་བརྒྱུད་པའི་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་དྲག་པོ་དཔལ་ཆེན་འདུས་པའི་ཕྲིན་ལས་ཀྱི་སྒོས་བཀའ། ཕུར་པ་བདུད་དཔུང་ཟིལ་གནོན་གྱི་ཕྱི་ཕན་པའི་དབང་གི་སྐབས་ནས། མཚམས་འདིར། ཨེ་མ་ཧོ། བདེ་གཤེགས་སྙིང་པོ་ལས། །སོགས་རྗེས་ཟློས་དང་ཡན་ལག་བདུན་པ་སོགས་སོང་མཐར། ཤར་དུ་རྣམ་རྒྱལ་ལ་སོགས་པ་ཁྲོ་བོ་བཅུའི་རིམ་པ་རིམ་བཞིན་དུ་གསུངས་ཡོད། དེ་ནས་ནང་འཇུག་གི་ཐོག་མར་ཡེ་ཤེས་པ་དབབ་པ་དེ། རིགས་ཀྱི་མེ་ཏོག་དཀྱིལ་འཁོར་གྱི་ལྷ་ལ་ཕུལ། དེའི་མཚམས་སུ་མིག་ཕྱེས་ཏེ་དཀྱིལ་འཁོར་གྱི་མཐོང་བ་བསྟན་པའི་སྐབས་འདིའི། གོང་ནས་གནམ་ལྕགས་ཀྱི་ཙཀྲ་རྩིབས་བཅུ་གསུངས་རྒྱུ་དེ། འཁོར་ལོ་ལེབ་མོའི་དབྱིབས་ཅན་གདན་ཐབས་སུ་བཀོད་པ་ལྟ་བུ་ཞིག་གི་དོན་མ་རེད། ཙཀྲ་རྩིབས་བརྒྱད་པ་སྟེང་འོག་གི་རྩིབས་གསུམ་ལྟེ་བ་གཉིས་དང་བཅུ་བྱས་ཏེ་གསལ་འདེབས་དགོས་པ་རེད། སྲུང་འཁོར་སྐབས་ཀྱི་གཙུག་ཏོར་འཁོར་ལོའི་བསྒྱུར་བ་གསུངས་རྒྱུ་ཞིག་ཡོད། བསྐྱེད་རྫོགས་ཀྱི་སྐབས་ཤིག་ལ་ཞིབ་ཏུ་བཤད་མྱོང་བ་རེད། བྷྲཱུཾ་ཡིག་གནས་འགྱུར་གྱི་སྐབས་དང་གཅིག་པ་རེད། སྟོང་ཁམས་ཟད་མཐའ་མེད་པའི་མུ་དང་མཉམ་པ་ནམ་མཁའི་རྒྱ་ཁྱོན་ཙམ་ལ་བསྐྱེད་རྒྱུའི་ཏིང་འཛིན་ཡིད་ཀྱི་སྒྱུ་འཕྲུལ་ལ། ལོ་དང་མི་ལོ་དང་ཤོང་དང་མི་ཤོང་གི་གུ་དོག་མི་དགོས། མ་ཧཱ་ཡོ་ག་བས་བསྐྱེད་རིམ་གཙོ་བོར་བྱས་པའི་ཏིང་འཛིན་གྱི་རྩལ་རྫོགས་ཡོང་དུས། མཚན་བཅས་ཀྱི་རྫོགས་རིམ་དང་བཅས་པས་དྲངས་ཏེ་མཚན་མེད་རྫོགས་པ་ཆེན་པོར་འཇུག་དགོས་པ་རེད། བདེ་ཆེན་ཀུན་ཏུ་བཟང་མོའི་ཨེ་ཀློང་། རྣམ་ཐར་གསུམ་ལྡན་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་གྱི་རྡོ་རྗེ་རྩེ་མོའི་མཁའ་ན། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་པའི་བརྡ་རུ། སྲ་འཐས་རྡོ་རྗེའི་བྲག་ཆེན་གྱི་སྟེང་དུ། མ་ཆགས་པདྨ་དང་ཐབས་ཤེས་ཉི་ཟླ། བདག་འཛིན་མཚོན་པའི་རུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་ན། འདི་སྐུ་ཞི་བ་ལྟར་ན། རིག་འདུས་རྡོ་རྗེ་སེམས་དཔའ་རིག་ཀུན་འདུས་པའི་བདག་པོ། ཁྲོ་བོ་ལྟར་ན། འཇིགས་མཛད་ཀརྨ་ཀཱི་ལ་ཡ་ལ་སྣང་བ་དེ། དཔལ་ཆེན་རྡོ་རྗེ་གཞོན་ནུ། སྙིང་རྗེ་རྔམ་དང་ཞི་བའི་ངང་ལས་མ་གཡོས་བཞིན་དུ། སྒེག་པ་དང་དཔའ་བ་འཇིགས་སུ་རུང་བ་དྲག་པོའི་སྐུ། ཆོས་ཉིད་འགྱུར་བ་མེད་པའི་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི། ཞལ་ཡང་གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོ་ལ་གཏུམ་པས་ཚར་བཅོད་རྗེས་འཛིན་སྤེལ་མ་དང་གསུམ་གྱི་ཕྲིན་ལས་ལ་མངའ་མཛད་པ་རེད། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་མེ་དཔུང་། བར་བ་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་དང་ཁ་ཊྭཱཾ་བསྣམས་པ། ཐ་མ་གཉིས་ཀྱིས་རི་རབ་ཀྱི་ཕུར་བུ་འདྲིལ་བ། ཞབས་བཞི་དེ་དྲག་པོའི་དོར་སྟབས་ཀྱིས་བགྲད་པ། སྐུ་ལ་དཔལ་གྱི་ཆས་བཅུ། དུར་ཁྲོད་རོལ་བའི་ཆས་བརྒྱད་ཀྱིས་བརྒྱན་པ། སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་དང་སྒྲོལ་ཡུམ་ཨེ་ཀ་ཙ་ཏི་གཉིས་ལས་ཡུམ་འཁོར་ལོ་རྒྱས་འདེབས་ཀྱིས་ཕྱག་ན་དྲིལ་བུ་དང་ཐོད་ཁྲག་གམ་དུང་དམར་འཛིན་པ། སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་ཐོད་སྦྲུལ་གྱིས་བརྒྱན་པ་ཡབ་ལ་འཁྲིལ་ནས་ཡོད་པ། ཡབ་ཡུམ་གཉིས་མེད་ཀྱི་ཚུལ་ཅན། ཡེ་ཤེས་བསྐལ་པའི་མེ་དཔུང་འབར་བའི་དབུས་ན། གཙོ་མཆོག་ཁྲོ་རྒྱལ་ཀཱི་ལ་ཡ་རྡོ་རྗེ་ཁྱུང་གཤོག་རྒྱངས་ཤིང་འགྱིང་པའི་གཡོན་ཕྱོགས་ན། སྒྲོལ་ཡུམ་ཨེ་ཀ་ཛ་ཏི་དེ་གྲི་ཐོད་བསྣམས་ཤིང་རེ་འགར་ཁ་ཊྭཱཾ་རྩེ་གསུམ་བསྣམས་པའི་སྐབས་ཀྱང་ཡོད། མ་མོ་དྲུག་བཅུའི་ཕོ་ཉ་འབྱེད་མཁན། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སྟེ་སྲས་མཆོག་ཀཱི་ལ་ཡ་རིགས་ལྔ། ད་རུང་ཕྱི་རོལ་གྱི་རྩིབས་བཅུ་ལ་ཁྲོ་བོ་བཅུ་ཡུམ་དང་བཅས་པ་དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོའི་ཕྱི་ནང་ཀུན་ཏུ། ཁྲོ་ཆེན་ཡབ་ཡུམ་སྲས་འཁོར་ཕྱག་བརྙན་སྤྲུལ་བ་ཡང་སྤྲུལ་ཕྲ་ཐབས་དང་བཅས་པ་མཆེ་བ་ཅན་དང་གཤོག་པ་ཅན། ཕྲ་མེན་མགོ་བརྙན་སྣ་ཚོགས་ཅན། སྒོ་བཞིར་སྒོ་སྐྱོང་སྒོ་མ་རྣམ་བཞི་དང་བཅས་པ་ཕྱོགས་མཚམས་སོ་སོར་རྔམ་པའི་སྟབས་ཀྱིས་འགྱིང་ནས་བཞུགས་ཡོད། དཀྱིལ་འཁོར་ཁྱམས་ཀྱི་མུ་རན་ལ་ཕུར་བའི་སྲུང་མ་བཅུ་གཉིས་ཏེ། ཤྭ་ན་མ་བཞི། ས་བདག་མ་བཞི། བདག་ཉིད་མ་བཞིའི་བཅུ་གཉིས་དང་བཅས་པ། དེ་ཐམས་ཅད་གཙོ་བོ་གཅིག་གི་ཆོ་འཕྲུལ་ལས་གཙོ་འཁོར་ཉི་མའི་ཟེར་བཞིན་དུ་ཡང་སྤྲུལ་འབུམ་ཕྲག་གྲངས་མེད་དང་བཅས་པ་གསལ་བ་འདི་ནས་གསུངས་པ་ལྟར་རེད། མཚམས་འདིར། སྨད་ལས་དགྲ་བགེགས་སྒྲོལ་བའི་དབང་ཆོག ཇི་ལྟར་བརྩམ་པའི་ཕྲིན་ལས་དམིགས་པའི་རིམ་པ་གསལ་འདེབས་གནང་བར་ཞུ། ཞེས་པའི་མཚམས་ནས། གསང་བ་སྔགས་ཀྱི་ལམ་ཐམས་ཅད་གསང་སྔགས་རང་གི་སྡེ་སྣོད་ལས་འབྱུང་བ་ཡིན་རྒྱུ་དང་། དེ་ཡང་སྔགས་ཀྱི་སྟོན་པ། རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་ལ་མ་བརྟེན་ན་མི་འབྱུང་རྒྱུ་ཞིག་རེད། རྒྱུད་ཟེར་དུས་གཞི་རྒྱུད། ལམ་རྒྱུད། འབྲས་རྒྱུད་ཀྱིས་བསྡུས་པའི་རྒྱུད་ཡིན། དབང་འདི་ཡང་གཞི་དབང་དང་། ལམ་དབང་། འབྲས་དབང་གི་རྣམ་བཞག གཞི་ལམ་འབྲས་བུའི་རྒྱུད་ཀྱི་རྣམ་བཞག་ལས་རང་ཤུགས་ཀྱིས་འབྱུང་། དེ་ཡིན་ན། གཞི་དབང་རང་ལ་ཡོད་པའི་གཞི་རྒྱུད་བདེ་བཤེགས་སྙིང་པོ་རང་བཞིན་ཇི་ལྟ་བ་བཞིན་དུ་གདམས་པ་ཟབ་མོའི་མན་ངག་དང་བླ་མ་དམ་པའི་ངོ་སྤྲོད་ཀྱིས་གནས་ལུགས་རྟོག་དཔྱོད་ཀྱིས་གཏན་ལ་ཕབ་ནས་དེ་དོན་སྤྲོས་པ་ཉེ་བར་ཞི་བ་མ་བཅོས་སྤྲོས་མེད་ཀྱི་རང་ངོ་ཤེས་པ་དེ་ཉིད་ཡིན། ལམ་དབང་ནི། ལྟ་སྒོམ་སྤྱོད་གསུམ་དང་འབྲེལ་བ། རྫས་སྔགས་ཏིང་འཛིན་ཚོགས་པའི་བྱེད་པ་ཞིག་གིས། ཕན་ནུས་ཟབ་མོའི་དབང་བསྐུར་ཐམས་ཅད་ནོད་པའི་དབང་སྲོག་དམ་ཚིག་དག་པ་དེ་དང་། འབྲས་དབང་ནི། ཐུན་མོང་མཆོག་གི་དངོས་གྲུབ་བརྙེས་ཏེ་རིག་འཛིན་རྣམ་བཞིའི་མྱུར་ལམ་མིག་འཕྲུལ་ལྟ་བུར་བགྲོད་ནས། ཟུང་འཇུག་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་བྱེད་རྒྱུ་དེ་ཡིན། དབང་ཟེར་རྒྱུ་འདི་ནི། རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་ཡིན། དེ་ཇི་ལྟར་ཡིན་ཟེར་ན། དབང་མ་ཐོབ་ལ་དངོས་གྲུབ་མེད་པས་ལམ་གྱི་འཇུག་སྒོ་དབང་ལ་ལྟོས་དགོས། དབང་ཐོབ་ན་དེ་དང་དེའི་སྒོམ་སྒྲུབ་ཉམས་ལེན་བྱེད་པ་ལ་དབང་བ་ཡིན། དབང་ནི་མཐར་གྱི་སྐྱེལ་སོ་ཡིན་ལ་དབང་ནི་མཐར་འབྲས་བླ་མེད་བྱང་ཆུབ་ཐོབ་བྱེད་ཡིན། ལམ་གྱི་མཐར་ཐུག་དབང་ལས་འབྱུང་བ་ཡིན། དེའི་ཕྱིར་ན་གསང་ཆེན་རྡོ་རྗེའི་ཐེག་པའི་གཞི་ལམ་འབྲས་བུའི་གནད་ཐམས་ཅད་དབང་གི་སྒྲོམ་ལ་མ་འདུས་པ་ཞིག་མེད། དབང་མེད་ན་བྱང་ཆུབ་ཆེན་པོར་སྒྲུབ་པའི་ཐབས་མེད་པས་མེད་ན་མི་འབྱུང་གི་རྒྱུ་རྐྱེན་ཡང་འདི་ལ་ཚང་བ་རེད། དེ་ལྟར་ན་སྐབས་དོན་ནི། རྡོ་རྗེ་ཕུར་བའི་ཆོས་སྐད་ལྟར་དུ་བྱས་ཏེ་བཤད་ཡོང་ན། ཡུལ་སྣང་ཆོས་དབྱིངས་ནམ་མཁའ་ལྟ་བུའི་ངང་ལ། སེམས་སྣང་རིག་པ་ཡེ་ཤེས་ཀྱི་དེ་ཉིད། དབྱེར་མེད་མཉམ་ཉིད་གཅིག་ལ་འདུས་པ་དེ་ཕུར་བའི་ལྟ་བ་རེད། ལྟ་བ་དེའི་སྟེང་ལ་བཙལ་དུ་མེད་པའི་ཆོས་ཉིད་དང་སྒོམ་དུ་མེད་པའི་མ་བཅོས་སྤྲོས་མེད་དུ་བཞག་པ་ནི་ཕུར་བའི་སྒོམ་པ། གདོད་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ཀྱི་སྤྲོས་མེད་རང་བྱུང་དོན་གྱི་འོད་གསལ། གཡོ་མེད་མི་འགྱུར་ཟང་ཐལ་ཐིག་ལེ་ཉག་གཅིག་ལ་དབང་འབྱོར་པ་ཕུར་བའི་འབྲས་བུ། བསྐྱེད་རྫོགས་བསྙེན་སྒྲུབ་ཀྱི་ལམ་ལ་དྲོད་རྟགས་གང་འཚམ་ཞིག་བརྙེས་དུས། སྣང་སྲིད་ཁྲོ་བོ་ཁྲོ་མོར་ཤར་བས་གང་འདོད་ལས་ཀུན་འགྲུབ་ཅིང་སྒྲུབ་ནུས་པ་དེ་ཕུར་བུའི་སྤྱོད་པ་རེད། དེ་ཡིན་སོང་ན། སྒྲུབ་པ་སྟོད་ལས་དང་སྨད་ལས་སུ་ཕྱེས་ཡོང་དུས། དེ་ཡང་དབང་དང་སྦྲེལ་ཏེ་སྟོད་ལས་བྱང་ཆུབ་སྒྲུབ་པ་ལྟ་བ་དང་རྗེས་སུ་འབྲེལ་བས་དབང་ལ་བཞག སྨད་ལས་དགྲ་བགེགས་སྒྲོལ་བ་དེ་སྤྱོད་པ་དང་འབྲེལ་བས་རྗེས་གནང་ལ་བཞག་པ་རེད། རེད་དེ་ལམ་རྒྱུད་ཐབས་ཀྱི་མཆོག་ཏུ་གྱུར་པ། དཀྱིལ་འཁོར། ཕྱག་རྒྱ། སྔགས་དང་མཆོད་པ་ལ་སོགས་པ་རྒྱུད་ཀྱི་དངོས་པོ་ཐམས་ཅད་ཀུན་ཀྱང་སྒོམ་མེད་སྒོམ་པ་ཀུན་གྱི་མཆོག་གྱུར། མི་འགྱུར་ཆོས་དབྱིངས་བདེ་ཆེན་གྱི་ཡེ་ཤེས་ལ་རང་བྱན་ཆུབ་པའི་དགོངས་པ་མི་འགྱུར་པའི་གཟེར་གྱི་དབང་དུ་མ་གྱུར་པ་ཞིག་མེད་པའི་རྒྱུ་མཚན་གྱིས། ཁམས་གསུམ་སྲིད་པ་གསུམ་པོ་དེ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཡེ་ཤེས་ཆེན་པོའི་རོལ་བར་དག་སོང་བའི་དོན་དེ་ཉིད་ཕུར་བའི་ངོ་བོ་ཉིད་དུ་གྲུབ་པ་རེད། དེ་ཇི་ལྟར་རེད་ཟེར་ན། ཁམས་གསུམ་སྲིད་པ་གསུམ་པོ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར། ཡེ་ཤེས་ཆེན་པོའི་རོལ་བར་དག་པའི་ཚུལ་དེ་ངོ་བོ་ཉིད་དུ་གྲུབ་པ་རེད་གསུངས་པ་རེད། སྣང་བ་འདོད་ཁམས་ཀྱི་སྲིད་པ་སྐུའི་ཕྱག་རྒྱ་ཆེན་པོ། ཕྱེད་སྣང་གཟུགས་ཁམས་ཀྱི་སྲིད་པ་གསུང་གྲག་སྟོང་རྡོ་རྗེའི་རོལ་མོ། མི་སྣང་གཟུགས་མེད་ཁམས་ཀྱི་སྲིད་པ་ཐུགས་རང་བཞིན་རྣམ་པ་མི་རྟོག་པའི་ཡེ་ཤེས། དེ་ལྟ་བུའི་རྡོ་རྗེ་གསུམ་གྱི་གསང་བ་ལས་མི་འདའ་པའི་ཡེ་ཤེས་ཆེན་པོ་གཅིག་ཏུ་གྱུར་སོང་དུས། འཁོར་འདས་མཉམ་ཉིད་དེ་ཁོ་ན་ཉིད་དོན་གྱི་ཕུར་བ་གྲུབ་སོང་བ་རེད། དེ་ལྟ་བུའི་ལམ་ལ་གོམས་པ་དེས་སྟོད་ལས་བྱང་ཆུབ་སྒྲུབ་པ་མཚན་ཉིད་པ་ཞིག་དང་། དེ་དང་རྗེས་སུ་འབྲེལ་བའི་སྨད་ལས་དགྲ་བགེགས་བསྒྲལ་བ་ཡང་མིང་དོན་མཚུངས་པ་གཟུགས་བརྙན་ཙམ་དུ་འགྱུར་མི་འགྲོ་པ་ཞིག་རེད་པ་ཡིན། འདིར་ལྟ་སྒོམ་སྤྱོད་པ་གསུམ་གྱི་ཐོག་ནས་བཤད་ན། ལྟ་བ་ཆོས་ཉིད་ཀྱི་རྫོང་ཟིན། སྒོམ་པ་ཏིང་ངེ་འཛིན་གྱི་འཕྲང་གི་གོལ་ས་ལས་གྲོལ། སྤྱོད་པ་སྙིང་རྗེའི་སྲོག་དང་ལྡན་པ་ཞིག་གི་ཐོག་ནས་དགྲ་བགེགས་བསྒྲལ་བའི་མངོན་སྤྱོད་ཀྱི་ལས་རྩོམ་དགོས་པ་ཞིག་རེད། དེ་ཡང་ཚིག་ཚུར་བསྡུས་ཡོང་ན་རྟོགས་པས་བདག་རྒྱུད་གྲོལ་ནས་ཐུགས་རྗེས་གཞན་རྒྱུད་སྒྲོལ་རྒྱུའི་གནད་དེ་ལ་ཐུག དེས་ན། དཀྱིལ་འཁོར་གསུམ་གྱིས་མཚོན་པའི་གང་ཞིག་བསྒྲུབས་ཤིང་གང་དུ་དབང་སྐུར་བ་རྡོ་རྗེ་ཕུར་བ་ཞེས་གསུངས་པའི་སྒྲ་ཐད་འཇུག་གི་སྐབས་ཀྱི་གོ་དོན་དེ་ཇི་ལྟར་རེད་སྙམ་ན། སྤྲོས་མཐའ་བཞིའམ་བརྒྱད་དང་བྲལ་བའི་སྟོང་པ་ཉིད། འདུས་མ་བྱས་པའི་ཆོས་ཉིད་དུ་ཡེ་ནས་འགྱུར་བ་མེད་པ་རྐྱེན་གང་གིས་ཀྱང་འཇིག་འབྲལ་བྱར་མི་ཐུབ་པས་ན་ཕུར་བ་ཕྲིན་ལས་ཀྱི་རྒྱུད་རྡོ་རྗེ་ཁྲོས་པའི་སྤྱི་སྡོམ་གྱི་ནང་ན། རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་གསུངས་པས་དེ་ལྟ་བུའི་རྡོ་རྗེའི་མིང་གིས་མཚོན་པའི་དོན་རྟགས་སུ་བྱུང་བ་དེ། དེ་ཉིད་ཤེས་པའི་ཤེས་རབ་ལ་སྒྲས་བསྙད་ཅིང་བཏགས་པ་ལ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བརྗོད་པ་རེད། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཆུ་དང་རླན་བཞིན་འབྲལ་མི་ཤེས་པའི་ངོ་བོ་དེར་གཟུང་དང་འཛིན་པའི་རྟོག་པ་ཐམས་ཅད་བཅད་ཅིང་འཇོམས་པའི་རང་བཞིན་དུ་ངང་གིས་ལྡན་པ་ནི། ཁྲོས་པའི་སྒྲ་རུ་བྱུང་ནས། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། ཅེས་གསུངས་ཡོད་པ་རེད། སངས་རྒྱས་ཀྱི་སའི་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཀྱི་གདངས་དེ་སྨོན་ལམ་གྱི་དབང་གིས་མ་རྟོགས་གདུལ་དཀའི་སེམས་ཅན་ལ། སྙིང་རྗེའི་རང་བཞིན་དུ་སྣང་བ་དེར་ཀུན་སྣང་གི་ཏིང་ངེ་འཛིན་གསུངས་པ་རེད། དེ་ལྟར་ལྷག་བསམ་དག་པའི་སེམས་བསྐྱེད་དང་། མོས་པས་སྤྱོད་པའི་སེམས་བསྐྱེད་ཡིན་རུང་བྱང་ཆུབ་འཇུག་པའི་སྤྱོད་པ་ལ་ཞུགས་ནས་གཞན་དོན་རྒྱ་ཆེན་ལ་དམིགས་པའི་སྙིང་རྗེ་ཆེན་པོར་འཆང་དུས། དེའི་ལྡོག་ཟླ་ཞེ་སྡང་དངོས་མཚན་པའི་སེམས། སྣང་མུན་ལྷན་ཅིག་ལ་འདུ་མི་ཤེས་པ་བཞིན་ཡིན་པས་ན། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད་པའི་སྒྲ་དེ་བྱུང་བ་རེད། ཁྲོས་གསུངས་པ་འདི། ཁྲོས་པ་རང་ག་བ་མིན། བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ། །འདུལ་བའི་དབང་གིས་རབ་རྔམ་མཆེ་བ་གཙིགས། ཞེས་གསུངས་པ་རེད། དེའི་ཀུན་སྣང་གི་ཏིང་ངེ་འཛིན་དེ་མཆེད་པའམ་ཕྲ་བ་རགས་པའི་རྣམ་པར་ལྡང་ནས་བསྐྱེད་པ་རྒྱུའི་ཡི་གེའི་རང་བཞིན་དུ་བྱུང་བ་དེ་ནི་རྒྱུའི་ཏིང་ངེ་འཛིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མཚོན་བྱེད། ཆོས་ཉིད་མི་འགྱུར་བའི་ཁ་དོག་ཅན་གྱི་ཧཱུྃ་ཡིག་སྔོན་པོར་ཤར་བ་ལ། མཚོན་ཆེན་སྔོན་པོ་འབར་བ་ཡི། །ཞེས་གསུངས་པ་རེད། དེ་ཇི་ལྟར་ཤར་ན། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་གསུངས་པས་བསྟན། ཆོས་ཉིད་ཅི་ཡང་མ་ཡིན་པ་ནམ་མཁའ་ལྟ་བུ་ལས་ཆོས་ཅན་ཅིར་ཡང་འཆར་བ་ནམ་མཁའ་ནས་ཆུ་ཐིགས་རྡོལ་བ་ལྟར་དུ། ཆོས་ཀྱི་དབྱིངས་ལས་ཆོས་ཅན་འཁྲུལ་བ་དུམ་བུར་ཞུགས་པ་ལ་ཉམས་ང་མེད་པ། དེ་ཉིད་འབར་བའི་སྒྲ་ཡིས་བསྟན་ཏེ། སྐུ་གསུམ་གསང་བ་གསུམ་དང་དབྱེར་མི་ཕྱེད་པའི་བསྐྱེད་རྫོགས་གཉིས་ཀྱི་གོ་དོན་བསྡུས་ཏེ་བསྟན་པ་རེད། སྲོག་གི་གོ་རུ་ཤར་བ་དང་། །ཞེས་གསུངས་བ་དེ་ནི། དེ་ལྟ་བུའི་ཧཱུྃ་ཡིག་མི་འགྱུར་ཐུགས་ཀྱི་ཡི་གེ་དེ་ཉིད། དྲོད་དང་རྣམ་ཤེས་ཀྱི་རྟེན་བྱས་པའི་སྲོག་གི་ངོ་བོའི་གོ་ས་རུ་ཐུགས་སྲོག་གི་སྙིང་པོར་ཤར་བ་དང་ཞེས་པའི་དོན་དང་། ད་རུང་ཕུང་པོ་རྡོ་རྗེར་གཏམ་བྱས་ལ། །གསུངས་པ་ཞིག་ཀྱང་ཡོད་མོད། ཕུང་པོ་རྡོ་རྗེར་ཇི་ལྟར་གཏམ་སྙམ་ན། རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཆེར་ཡེ་ནས་ལྷུན་གྲུབ། རྡོ་རྗེ་ཕུར་བ་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ཤར་བས། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་རྩ་རླུང་ཐིག་ལེས་ཁམས་ཀུན་ཏུ་ཁྱབ་ནས་རྒྱས་བཏབ་སོང་དུས། སྣང་སྲིད་བདེ་ཆེན་གདལ་བ་སྲིད་པ་ཕུར་བ་སྒྲུབ་པ་གོང་དུ་བཤད་མ་ཐག་པ་ལྟ་བུའི་གྲུབ་པ་རེད། དེ་ལྟ་བུའི་ཕུར་བ་ཕྲིན་ལས་ཀྱི་སྒྲུབ་པ་ཐམས་ཅད་དེ། ཐལ་འབྱིན་རྣམ་པ་བཞིའི་དགོངས་པའི་སྒྲོམ་དུ་འདུས་པར་བསྟན་ཡོད། ཐལ་འབྱིན་ཞེས་གསུངས་པ་དེ། རིག་པ་ཡེ་ཤེས་ཀྱི་ཕུར་བས་འཁྲུལ་སྣང་ཐལ་འབྱིན་ལ་ཐད་ཀར་ཕུག་ཅིང་གཞོམ་ནས་གཉིས་འཛིན་གྱི་འཁྲུལ་བ་གཉིས་མེད་དུ་ལ་བཟླ་བའི་དོན་ཞིག་རེད། འདིའི་དོན་འདི་མཐར་ཕྱིན་པའི་བཤད་པ་བྱས་ན། དབྱེ་བསྡུའི་རྣམ་བཞག་ཧ་ཅང་མང་པོ་རེད། དོན་བསྡུས་ཏེ་སྐབས་དང་བསྟུན་ནས་བཤད་ན། དེའི་ནང་གི་ཕུར་བའི་མཚན་ཉིད་རྣམ་པ་བཞིས་དོན་གྱི་ལ་ཤན་ཕྱེད་པ་རེད། མཚན་ཉིད་རྣམ་པ་བཞི་གང་ཡིན་ཟེར་ན། རིག་པ་ཡེ་ཤེས་ཀྱི་ཕུར་བ་དང་། གསང་བ་བྱང་ཆུབ་སེམས་ཀྱི་ཕུར་བ་དང་གཉིས། ཚད་མེད་སྙིང་རྗེའི་ཕུར་བ་དང་གསུམ། འདུས་བྱས་རྫས་ཀྱི་ཕུར་བ་དང་བཞིར་བྱས་ཏེ་དབྱེ་ཆོག་པ་རེད། དེའི་ནང་གི་དང་པོ། རིག་པ་ཡེ་ཤེས་ཀྱི་ཕུར་བ་དེ་དབྱིངས་སྤྲོས་མེད་དང་རིག་པ་རང་གསལ་གཉིས་ཀ་གཉིས་མེད་རང་བྱུང་གི་ཡེ་ཤེས་ཆེན་པོར་རང་ཤར་བ་དེ་ལ་གསུངས་པ་རེད། དེའི་ཐོག་གི་བྱང་ཆུབ་སེམས་ཀྱི་ཕུར་བ་དེ་གང་ཡིན་ན། ཐབས་ཤེས་མཉམ་སྦྱོར་ཞུ་བདེས་དྲངས་པའི་ལྷན་སྐྱེས་ཡེ་ཤེས་ཀྱི་བདེ་ཆེན་གྱིས་རྩ་རླུང་ཐིག་ལེའི་གྲོང་ཆེར་རྒྱས་གདབ་ནས་དག་པའི་ཡེ་ཤེས་མངོན་དུ་འཆར་བར་བྱེད་རྒྱུ་དེ་ལ་གསུངས་པ་རེད། གསུམ་པ་ཚད་མེད་སྙིང་རྗེའི་ཕུར་བ་ནི། སྙིང་རྗེ་ཆེན་པོས་རིགས་དྲུག་གི་སེམས་ཅན་མི་གཏོང་བ་འཁོར་བའི་གནས་ལས་སྒྲོལ་བར་བྱེད་རྒྱུ་དེ་རེད། འདི་གསུམ་པོས་རིམ་པ་བཞིན་དུ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་པོ་ཐོབ་པར་བྱེད། བཞི་པ་འདུས་བྱས་རྫས་ཀྱི་ཕུར་བ་རེད། འདི་ནི་བསྒྲལ་བ་ལས་ལ་སྦྱར་བའི་སྐབས་ཀྱི་སྒྲོལ་བྱེད་ཀྱི་ཕུར་བ་འདི་རེད། འདི་ལ་ཡང་ནང་གསེས་ཀྱི་དབྱེ་བ་ཕྱེས་ན། སྐུ་ཕྱག་རྒྱའི་ཕུར་བུ། ཕྲིན་ལས་ལས་བཞིའི་ཕུར་བུ། སྒྲོལ་བྱེད་སྲས་མཆོག་གི་ཕུར་བུ་དང་གསུམ་ཡོད། དེའི་ནང་གི་སྐུ་ཕྱག་རྒྱའི་ཕུར་བུ་ལ་ཡང་རང་བཞིན་གྱི་ཕུར་བུ་དང་ཏིང་ངེ་འཛིན་གྱི་ཕུར་བུ་གཉིས་སུ་ཕྱེས་ན། འོག་མིན་གྱི་ཞིང་ན་བཞུགས་པའི་ཕུར་བུའི་ལྷ་ཚོགས་རྟེན་བརྟེན་པ་བཅས་པ་དེ་བསྒོམ་དང་བསྒྲུབ་པ་བྱ་ཡུལ་རང་བཞིན་གྱི་ཕུར་བུ་རེད། བསྙེན་སྒྲུབ་ཡན་ལག་རྣམ་བཞིས་བསྐྱེད་རིམ་སྣང་སྲིད་ཕུར་བུའི་ལྷ་ཚོགས་སུ་ཤར་བའི་དངོས་གྲུབ་འགྲུབ་པའི་རྒྱུ་གང་ཡིན་པ་དེ་ཏིང་ངེ་འཛིན་གྱི་ཕུར་བུ་གསུངས་པ་རེད། དེ་ཡིན་ན། འདི་གཉིས་ཀ་འདུས་བྱས་རྫས་ཀྱི་ཕུར་བུའི་ཁོངས་སུ་བསྡུ་དོན་ཅི་ཞིག་ཡིན་སྙམ་ན། འདུས་བྱས་མཚན་མ་རྫས་ཀྱི་ཕུར་བུ་ལྷ་སྒྲོམ་ལ་བཀོད་ནས་དེ་ལ་དམིགས་རྟེན་བྱས་ཏེ། དམ་ཡེ་དབྱེར་མེད་ཀྱི་དཀྱིལ་འཁོར་སྒྲུབ་པ་ཡིན་པས། འདུས་བྱས་རྫས་ཀྱི་ཕུར་བུའི་ཁོངས་སུ་གཏོགས་པ་རེད། དེའི་ཡན་ཆད་ཀྱིས་སྐུ་ཕྱག་རྒྱའི་ཕུར་བ་བཤད་པ་རེད། ཕྲིན་ལས་ལས་བཞིའི་ཕུར་བ་གསུངས་པས། ལས་བཞིའི་ཕུར་བུ་དེ་རིགས་བཞིའམ་བསྡུ་ན་གཅིག་གི་ནང་ལ་འདུས་པ། འདི་སྒྲོལ་བྱེད་མཚོན་ཆའི་ཕུར་བུ་ངོ་མ་དེ་རེད། དེ་ནི་སྐུ་སྟོད་ལ་སྟོང་ཉིད་མཚན་མེད་སྨོན་མེད་གསུམ་མཚོན་པའི་ཁྲོ་ཞལ་གསུམ་ཡོད་པ། དེའི་འོག་ཏུ་ཕྱོགས་བཞི་དབུས་ལྔ་ལ་རིགས་ལྔ་ཡེ་ཤེས་ལྔ་ཡི་མཚོན་བྱེད་ཀྱི་རྒྱ་མདུད་ཅན། དེའི་འོག་ཏུ་རྣམ་ཐར་བརྒྱད་ཀྱི་རང་བཞིན་ལ་ལྕུམ་གཞོག་བརྒྱད། རྡོ་རྗེའི་དབྱིབས་ཅན་གྱིས་ཀྱང་ཆོག དེའི་འཕྲོར་ཚད་མེད་བཞི་མཚོན་གྱི་རྒྱ་མདུད་འོག་མ། དེའི་འོག་ལ་ཐུགས་རྗེས་འཛིན་པ་མི་ལྷོད་པའི་བརྡ་རུ། ཆུ་སྲིན་གྱི་ཁ་ནས་བྱུང་བའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་མཚོན་པའི་དབལ་གསུམ་ཟུར་གསུམ་རྩེ་རྣོན་པོ་ཅན་ཞིག་ དེ་སྲས་མཆོག་ཀཱི་ལ་ཡ་དངོས་སུ་ལྷ་སྔགས་ཏིང་འཛིན་གྱིས་བྱིན་གྱིས་རླབས་ནས་གང་ལ་གདབ་པའི་དགྲ་བོའི་སྙིང་དཀར་ནག་གཉིས་ཀྱི་མཚམས་སུ་བཏབ་པས་འགྲུབ་པར་བྱེད་པ། འདི་ལ་བྱིན་རླབས་རྟགས་ཀྱི་ཕུར་བ་ཡང་ཟེར། སྟོད་ཁྲོ་བོ་འོག་གི་ཁྲོ་ཞལ་མིན་ཡང་རྒྱ་མདུད་ཅན་དུ་བྱས་ཀྱང་རུང་བ་རེད། འདིར་གང་ལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་བརྩམས་ཏེ་བསྒྲལ་བ་བྱ་བའི་ཡུལ་དེ་ནི། ཉམས་པ་བདུན་ལྡན་ཞིག་ཡིན་དགོས། དཀོན་མཆོག་སྤྱི་དགྲ་དང་སློབ་དཔོན་གྱི་སྐུ་དགྲ། དམ་ཉམས་ལོག་ལྟ་འཁུ་བ་སོགས་ཀྱི་དགྲ་བའི་ཞིང་བཅུའི་ནང་གི་ད་རེས་ཀྱི་སྐབས་སུ་ཆེད་དུ་བྱ་བའི་གདུལ་བྱའི་ཡུལ་དེ་གང་ཡིན་ཟེར་ན། ངན་སོང་གསུམ་པོ་ཕར་ཕུད་ཤུལ་གྱི་སྔ་མ་བདུན་པོ་ཉམས་པ་བདུན་ལྡན་གསུངས་པ་དེ་རེད། བསྒྲལ་བྱའི་རྣམ་པ་ཤེས་པ་ཚོགས་བརྒྱད་དུ་ཚར་བཅད་པས། འཁོར་བ་མྱང་འདས་སུ་བསྒྲལ་བ་རེད། འདིའི་དཔལ་ཆེན་ཕུར་བུའི་བདག་རང་བཞིན་གྱི་དཀྱིལ་འཁོར། མཚན་མ་རྫས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་གསུམ་བསྙེན་སྒྲུབ་ལས་གསུམ་བྱས་པའི་སྙིང་པོ་ལ། རྩ་སྔགས་ཡི་གེ་འབྲུ་བཅུ་དྲུག་པ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ་གསུངས་རྒྱུ་འདི་རེད། འདིའི་སྔགས་དོན་ནི། ཨོཾ་བཛྲ་གསུངས་བ་དེ་དཔལ་ཆེན་ཡབ་ཡུམ་རེད། ཀཱི་ལི་ཀཱི་ལ་ཡ་གསུངས་པའི་ཀཱི་ལི་དེ་ཡེ་ཤེས་ཀྱི་ཁྲོ་བོ་དང་དབྱིངས་ཀྱི་ཁྲོ་མོ་རེད། ཀཱི་ལ་ཡ་ཕྱག་བརྙན་ཕྲ་ཐབས། ཟ་བྱེད་ཐབས་ཀྱི་མཆེ་བ་ཅན་དང་། གསོད་བྱེད་ཤེས་རབ་ཀྱི་གཤོག་པ་ཅན། སྒྲོལ་བྱེད་སྲས་མཆོག་ཆེན་པོ་རྣམས་རེད། ཧཱུྃ་ཕཊ་གསུང་རྒྱུའི་ཧཱུྃ་དེ་སྒོ་སྲུང་སྒོ་མ་བཞི། སརྦ་ནི་ཐམས་ཅད་འདུས་པ་རེད། བིགྷྣན་དགྲ་བགེགས་གནན་པ་རེད། བཾ་གྱིས་དབང་དུ་སྡུད་པ་ཧཱུྃ་གིས་བརླག་པར་བྱེད་པ། མཐའ་མའི་ཕཊ་ཀྱིས་སྒྲོལ་བའི་ཕྲིན་ལས་མཛད་པའི་དོན་རེད། སྤྱིར་ན་བསྟན་པ་སྲུང་བའི་ཕྱིར་དུ་བསྟན་དགྲ་སྒྲོལ་བ་སྔགས་པའི་ལས་རེད། ཡིན་ན་ཡང་། སྔགས་པའི་ལས་བྱེད་པ་ལ་ལས་བྱེད་མཁན་དེ་སྔགས་པ་ངོ་མ་ཡིན་དགོས་པ་རེད། སྔགས་པ་ཞིག་གི་མཚན་ཉིད་ཚང་དགོས་ན་ཁར་སང་རྟ་མགྲིན་གྱི་སྐབས་སུ་བཤད་པ་ལྟར། རྫོང་འཕྲང་སྲོག་གསུམ་གྱི་ཉམས་ལེན་ལ་རང་བྱན་གང་འཚམ་ཞིག་ཆུབ་པ་མིན་ན། སྔགས་པའི་མིང་ཡོད་ཀྱང་དོན་མེད་པ་རེད། རྫོང་ཟེར་རྒྱུ་དེ་ཡང་ལྟ་བའི་གདེང་དང་ལྡན་པ་ཞིག་ལ་གསུངས་སོ། ལྟ་བའི་རྫོང་དེ་ཟིན་ན་གང་ལ་ཡང་འཇིགས་པ་མེད་པའི་གཏན་སྲིད་ཟིན་སོང་བ་རེད། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་འདུས་རང་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བ་ཆོས་ཉིད་གདོད་མའི་ཡེ་ཤེས་དེ་ཐེ་ཚོམ་དང་བྲལ་བར་ངོ་འཕྲོད་པ་ལ་རྫོང་གསུངས་པ་རེད། ངོ་འཕྲོད་དུས་རྫོང་ཟིན་པ་རེད། ལྟ་ཐོག་ལ་མྱོང་བས་མ་སླེབས་ན་གོ་ཡུལ་ཚིག་གི་བཤད་པ་ཙམ་ཞིག་ཤེས་ཀྱང་གོང་དུ་བཤད་པ་ལྟར་དེས་གནས་ལུགས་དོན་གྱི་རང་བཞིན་མཇལ་བ་ལ་ཕན་ཐོགས་མི་འབྱུང་། དེ་ཡིན་ན་ལྟ་བའི་རྫོང་ཟིན་པ་ལ་སྒོམ་པའི་འཕྲང་བརྒྱུད་དགོས། སྒོམ་པའི་འཕྲང་ནི། གོལ་ཤོར་ནོར་གསུམ་སྒོམ་པའི་འཕྲང་རེད། དེ་ལྟ་བུའི་གོལ་ཤོར་ནོར་གསུམ་གྱི་འཕྲང་སྒྲོལ་ནས་ལྟ་བའི་རྫོང་དེ་ངོ་མ་ཟིན་ན། སྤྱོད་པའི་སྟེང་ནས་འཁོར་འདས་ཀུན་གྱི་སྟོང་སྲོག་ལ་དབང་ཐོབ་ཏེ། རྫོང་འཕྲང་སྲོག་གསུམ་གྱི་ཉམས་ལེན་རང་བྱན་ཆུད་ཟེར་རྒྱུ་དེ་རེད་སོང་བ་རེད། རྫོང་འཕྲང་སྲོག་གསུམ་ནི་རྣལ་འབྱོར་པ་ཞིག་གི་ལམ་ཡོངས་རྫོགས་ཀྱི་ཆིངས་ཡིན། འདི་བསྐྱེད་རྫོགས་ལ་སྦྱར་ནས་བཤད་ཡོང་ན། བསྐྱེད་རིམ་གྱི་རྫོང་། རྫོགས་རིམ་གྱི་སྲོག བྱིང་རྒོད་དང་རྔམ་སེམས་ཀྱི་འཕྲང་ལས་གྲོལ་བ་ཞིག་ཡིན་དགོས་པ་རེད། དེ་ཡང་ཚུར་བསྡུས་ཏེ་བཤད་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་བཅོས་ཐིག་ལེ་ཉག་གཅིག་གི་གནད་ཟིན་པ་ལ་ཐུག་ཡོད། འདིའི་སྐབས་དོན་བསྒྲལ་བའི་ཕྲིན་ལས་རེད། འདི་ལ་མཉམ་བཞག་གཡོ་མེད་ཆོས་སྐུའི་ངང་ཆེན་པོ་རྟོགས་པའི་སྒོ་ནས། གོང་དུ་ཞུས་པ་ལྟར་དུ་མཉམ་བཞག་གཡོ་བ་མེད་པ་རྟོགས་པས་བདག་སྔོན་ལ་བསྒྲལ། རྗེས་ཐོབ་སྙིང་རྗེའི་རྩལ་གྱི་ཐུགས་རྗེས་གཞན་སྒྲོལ་བ་དེ། གསང་སྔགས་རྡོ་རྗེ་ཐེག་པའི་སྒྲོལ་བའི་དགོངས་པ་བླ་ན་མེད་པ་རེད། དེ་མིན་པའི་ལྟ་སྒོམ་ཏིང་འཛིན་གཅིག་ཀྱང་མེད་པ་ཞིག་གིས་ཁོག་པ་གཟེར་གྱིས་གང་། སྙིང་རླུང་སྟོད་དུ་འཚང་སྟེ་རྔ་དྲག་རྡུང་། རྐང་གླིང་དྲག་འབུད། ཛྭ། བྷྱོ། ཕཊ་སོགས་ཀྱིས་འུར་འབོད་ཇི་ལྟར་བྱས་ཀྱང་བསྟན་དགྲ་སྒྲོལ་བ་ནི་ཕར་ཞོག དགྲ་བོའི་ལྷ་སྲུང་ཁ་མགོན་བྱེད་མཁན་ཚོའི་བ་སྤུ་ཙམ་ཡང་གཡོ་མི་ཐུབ། ཁྱད་པར་དུ་གསང་སྔགས་ཀྱི་ཕྲིན་ལས་ཟབ་མོ་ཐམས་ཅད་ཀྱི་རྩ་བ་དེ་དམ་ཚིག་གཉན་པོ་ཡིན་ན། རྣལ་འབྱོར་དམ་ཚིག་མ་གཙང་ན། སྲུང་མའི་ལྷ་ཡང་རང་གཤེད་ལ་བབས་ནས་བདུད་དུ་འགྱུར་བ་རེད། དམ་ཚིག་སྲོག་ལྟར་སྲུང་ནས་ཉམས་མ་ཤོར་ན། དེ་གཅིག་པུས་ཀྱང་རྔ་མ་བརྡུང་ན་ཡང་དམ་ཅན་རང་འཁོར་རེད། དངོས་གྲུབ་མ་བསྒྲུབས་ན་ཡང་རང་ཤུགས་ཀྱིས་འགྲུབ་ནས་གྲུབ་པའི་རྟགས་དང་མཚན་མ་མངོན་དུ་འགྱུར་བ་རེད། བསྟན་དགྲ་དྲག་པོས་སྒྲོལ་བའི་ཕྲིན་ལས་ཀྱི་དམིགས་པའི་རིམ་པ་གསལ་འདེབས་གནང་རྒྱུ་དང་། འདི་ནས་ཆོག་ཁྲིགས་ཀྱི་མཚམས་སྦྱོར་འདི་རེད། མཚམས་འདིར། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཨེ་ཁྲོམ་འབར་བའི་རང་བཞིན། སོགས་ཀྱི་དབང་གི་མཚམས་སྦྱོར་གྱི་ཟུར་འཕྲོས། འདི་ནས་ཐོག་མར་ཐུགས་དམ་བསྐུལ་བ་དང་། གསེར་སྐྱེམས། གཟི་དཔུང་། དགུག་གཞུག དེའི་འཕྲོར་སྒྲོལ་ཕུར་བྱུག་བདུག་བྲབ་གསུམ་སྔོན་དུ་སོང་ནས་ལྷ་དབྱེ་དང་གཅིག གཟུགས་ལ་དབབ་པ་དང་གཉིས། བྱད་གཞུག་དང་གསུམ། སྨྱོར་གཞུག་དང་བཞི། རྡུལ་དུ་བརླག་པ་དང་ལྔ། ཞལ་བསྟབས་དང་རྣམ་པ་དྲུག་གི་གདབ་ལས་དྲུག་པོ་རེ་རེ་བཞིན་འགྲོ་དགོས་མོད། འོན་ཀྱང་འདི་ནས་རྗེས་གནང་གི་དགོས་པ་གཙོ་བོར་བྱེད་སྐབས་ཕྱག་ལེན་ཟོར་ཡོང་བའི་ཆེད་དུ་གདབ་དྲུག་གི་སྔགས་ཚིག་ཁོལ་ཕྱུང་ཞིག་འོག་ནས་འབྱུང་བ་དེའི་འཐུས་རྒྱུ་བྱེད་དགོས། དེའི་འཕྲོར་ཁར་རྩང་ང་ཚོས་སྒྲུབ་དབང་དང་མཐུན་པའི་ཕྱག་ལེན་དང་བསྟུན་དུས་དུས་ཚོད་ཡུན་རིང་ཞིག་འགོར་སོང་བས། དེ་རིང་དབང་རྐྱང་གི་ལུགས་ལྟར་ཤར་འདོན་བྱེད་རྩིས་ཡིན། ཡང་མཚམས་འདིར། འགུག་པ་དང་། ཧཱུྃཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སོགས་ཀྱི་ཟུར་འཕྲོས། འདིའི་སྐབས་ལ་གདབ་ཕུར་དང་། དེའི་འཕྲོར་དབྱེ་བྱེད་བྱ་འུག་གི་སྒྲོ། གཟུགས་ལ་དབབ་པའི་ཐུན་རྫས། བྱད་བཅིང་འཆིང་བའི་བྱད་ཐག སྨྱོ་རུ་འཇུག་པའི་དུག་ཁྲག རྡུལ་དུ་བརླག་པར་བྱེད་པའི་ཐོ་བ། དེ་དག་སྔགས་པས་རྒྱུན་དུ་འཆང་དགོས་པའི་སྒྲུབ་རྫས་རེད། བསྟན་དགྲ་དྲག་པོའི་ཕྲིན་ལས་ཀྱིས་སྒྲོལ་བ་ལ་ཁར་རྩང་བཤད་པ་ལྟར་དུ། ཚེ་ལུང་ཁྲུས་ལུང་གནས་ལུང་གསུམ་གྱི་གནད་དང་ལྡན་དགོས། བསྒྲལ་བྱའི་ཚེ་བསོད་བཀྲག་མདངས་ཐམས་ཅད་ཀྱི་རྟེན་ལ་ཨ་དཀར་འོད་དུ་འཚེར་བ་ཞིག་གསལ་བདབ་ནས། ཕུར་རྩེའི་རྡོ་རྗེ་ཟུར་གསུམ་མཚོན་པའི་ཧཱུྃ་གསུམ་གྱིས་བསྡུས་ནས། རང་གི་ཐུགས་སྲོག་ལ་ཚེ་དཔལ་བསོད་ནམས་དབང་ཐང་གི་བཅུད་དུ་བསྟིམས་པ་དེ་ཚེ་ལུང་རེད། བསྒྲལ་བྱའི་རྣམ་ཤེས་ཉོན་ཡིད་ཀྱི་རྟེན་ནྲྀའམ་ཏྲི་ལ་གསལ་བ་དེར་ཕུར་རྩེ་གདབ་དུས་དྲན་མེད་དུ་རྒྱལ་བ་དང་མཉམ་དུ། རྟོག་ཚོགས་ཆོས་ཉིད་ལ་ཐིམ་ནས་ས་བོན་དེ་འོད་ཀྱི་ཐིག་ལེ་ཞིག་ཏུ་གྱུར་བ་ནི་ཁྲུས་ལུང་རེད། དེའི་ཐིག་ལེ་དེ་ཉིད་ཕུར་རྩེའི་ཧཱུྃ་གསུམ་ལ་བསྡུས་ཏེ་ཕཊ་གསུམ་གྱིས་འཕངས་ནས་ཧེ་རུ་ཀའི་ཐུགས་ཀར་བསྟིམས་ཏེ་རྒྱལ་བའི་སྲས་སུ་བསྐྲུན་པ་དེ་གནས་ལུང་རེད། དེ་ལྟར་ན་ཡུལ་གསུམ་གསལ་བ། དགྲ་གསུམ་བསད་པ། བདུད་བཞི་སྒྲོལ་བ། འཕྲང་གསུམ་བསལ་བ་བཅས་ཀྱི་བྱད་ལུགས་མངོན་དུ་གྱུར་རྒྱུ་དེ་བསྒྲལ་དབང་གི་ངོ་བོ་རེད། ཡུལ་གསུམ་པོ་ནི། ཕྱི་ཡུལ། ནང་ཡུལ། གསང་ཡུལ་གསུམ་ལ་མི་འབྱམས་མི་རྡུག་མི་ལྡོག་པ་བཅས་ཀྱིས་མི་འབྱམས་པའི་ཕྱིར་དུ་ཕྱིའི་སྣང་བ་རུ་ལོག་གི་ཚུལ་དུ་གན་རྐྱལ་ལ་བཞག་པའི་སྣང་བ་རུ་ཏྲ་རུ་གསལ། མི་རྡུགས་པའི་ཆེད་ནང་ཡུལ་ཕུར་བ་བདེ་གཤེགས་འདུས་པའི་ངོ་བོར་གསལ། མི་ལྡོག་པའི་ཆེད་དུ་གསང་ཡུལ་རྣམ་རྟོག་ལྷའི་ཕྱག་རྒྱར་གསལ་རྒྱུ་དེ་ཐུན་མིན་གྱི་ཡུལ་གསུམ་གསལ་ལུགས་རེད། དགྲ་གསུམ་གསད་པ་ནི། ཕྱི་དགྲ་ནང་དགྲ་གསང་དགྲ་གསུམ་ཚད་མེད་སྙིང་རྗེའི་ཕུར་བ་དང་། བྱང་ཆུབ་སེམས་ཀྱི་ཕུར་བ། རིག་པ་ཡེ་ཤེས་ཀྱི་ཕུར་བ་དག་གིས་ཕྱི་གཟུང་འཛིན་གྱི་དགྲ་བོ་དེ་ཚད་མེད་སྙིང་རྗེའི་ཕུར་བུས་སྤྲུལ་སྐུའི་དབྱིངས་སུ་བསད། ནང་དགྲ་ཉོན་མོངས་དུག་གསུམ་གྱི་ངོ་བོ་དེ་བྱང་ཆུབ་སེམས་ཀྱི་ཕུར་བུས་ལོངས་སྐུའི་དབྱིངས་སུ་བསད། གསང་དགྲ་བདག་འཛིན་གྱི་རྣམ་རྟོག་རིག་པ་ཡེ་ཤེས་ཕུར་བུས་ཆོས་སྐུའི་དབྱིངས་སུ་བསད་ན། དེའི་སྐབས་སུ་བདུད་བཞི་སྒྲོལ་བ་རང་ཤུགས་ཀྱིས་ཡོང་བ་རེད། དེ་ཇི་ལྟར་ཡོང་སྙམ་ན། ཕུང་པོ་དུར་ཁྲོད་དུ་བསྒྲལ་བས་ན་ཕུང་པོའི་བདུད་བཅོམ། ཡུམ་གྱི་མཁའ་ལ་བསྒྲལ་བས་ན་ཉོན་མོངས་པའི་བདུད་བཅོམ། རྡོར་སེམས་མཚན་རྫོགས་ཀྱི་ས་ལ་བསྒྲལ་བས་ན་ལྷའི་བུའི་བདུད་བཅོམ། རྣམ་ཤེས་འོག་མིན་དུ་བསྒྲལ་བས་འཆི་བདག་གི་བདུད་བཅོམ་པ་ཡིན། དེ་དང་མཉམ་དུ་འཕྲང་གསུམ་བསལ་བ། ལྟ་བ་ཐེ་ཚོམ་གྱི་འཕྲང་དང་། སྒོམ་པ་བྱིང་རྒོད་ཀྱི་འཕྲང་། སྤྱོད་པ་ཚུལ་འཆོས་ཀྱི་འཕྲང་རྣམས་ལས་གྲོལ་ཏེ་རྫོང་འཕྲང་སྲོག་གསུམ་གྱི་གནད་ལ་བོགས་ཐོན་ཆེན་པོ་ཐོབ་པ་རེད། དེ་ལྟ་བུའི་ཚུལ་ཤེས་པ་དང་མི་འབྲལ་བཞིན་འདི་ནས་གསེར་སྐྱེམས་གཟི་དཔུང་ཞིག་འདོན་དགོས། མཚམས་འདིར། བདག་ཉིད་དཔལ་ཆེན་པོ། ཕུར་བུ་སྲས་མཆོག ལིངྒ་དགྲ་བགེགས་ཀྱི་སྙིང་གར་ཚེ་སྲོག་གི་རྟེན་སོགས་གསུངས་རྗེས་ཀྱི་ཟུར་འཕྲོས། དེའི་ཡན་ཆད་ཀྱིས་བསྒྲལ་བ་མངོན་སྤྱོད་ཀྱི་ལས་སོང་། དབང་རྫས་འགྲིམ་རྒྱུ་རྗེས་ནས་ཡོང་རྒྱུ་རེད། གོང་ནས་ཞུས་པ་ལྟར་དུ། ཕུར་བུ་རྒྱུད་གསུངས་པ་འདི་བཅོམ་ལྡན་འདས་སྟོན་པ་རྡོ་རྗེ་ཆོས་དང་དབྱེར་མི་ཕྱེད་པ་ཟག་མེད་ནང་གི་བདེ་ཆེན་གྱི་ཡེ་ཤེས་ལ་མཉམ་པར་བཞག་པའི་ཚེ་ན། རྡོ་རྗེ་འཛིན་པས་བསྐུལ་ཏེ་ལོངས་སྤྱོད་རྫོགས་པ་འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ནས་དག་པའི་འཁོར་ཚོགས་ལ་ཕུར་བུའི་ཆོས་སྐོར་གསུངས་བ་རེད། དེ་ཕྱག་ན་རྡོ་རྗེས་བསྡུས་མཛད་དེ་ཐུགས་ལ་སྦས་པ་དེ་ཉིད། དུས་ལ་བབས་པའི་ཚེ་ན་རྡོ་རྗེ་སེམས་དཔའི་བཀའ་ཡིས་བསྐུལ་ནས་ཕྱག་ན་རྡོ་རྗེས་འདོད་ཁམས་ཀྱི་གནས་སུ་དར་བ་མཛད་པར་མ་ཟད། གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་དང་ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་ལས་བོད་འདིར་གཙོ་བོར་བརྒྱུད་པ་ཡིན། དེ་ཡིན་ན་རྒྱུད་སྡེའི་རང་ལུགས་ཟབ་ལ་རྒྱ་ཆེ་རྣམ་གྲངས་མང་པ་ཡིན་རྒྱུ་དང་། བརྒྱུད་ཚུལ་གྱི་རིམ་པ་ཡང་དེ་བཞིན་དུ་མང་པོ་རེད། དེ་ལས་གོང་དུ་ཞུས་པ་ལྟར། ཕུར་པ་རྒྱལ་པོ་ལུགས་འདི་གྲུབ་པ་ཐོབ་པའི་བརྒྱུད་པ་བར་མ་ཆད་པ་ཡིན་པ་དང་། འདི་དང་བརྒྱུད་པ་ཆུ་བོ་གཅིག་འདྲེས་སུ་ཀུན་མཁྱེན་འཇིགས་གླིང་ནས་བརྒྱུད་པའི་ཇོ་ལྕམ་གྱི་ལུགས་ལ་སོགས་པ་ཐམས་ཅད། བྱིན་རླབས་ཀྱི་ཚན་ཁ་གཅིག་ལས་གཅིག་ཆེ་ཡིན་པར་མ་ཟད། ཇོ་མོ་ལུགས་ཞེས་པ་འདི་ཚིག་ཉུང་ལ་དོན་འདུས་པ་མན་ངག་གནད་དུ་དྲིལ་བའི་གདམས་པ་ཡིན་པར་གསུངས་སོ། སྔགས་གསར་མ་མ་དར་གོང་གི་བོད་སྤྱིའི་ཡི་དམ་དེ་གང་ཡིན་སྙམ་ན། ཡང་དག་དང་ཕུར་བ་གཉིས་ཀ་རེད། ཁྱད་པར་དུ་ཡི་དམ་ཕུར་བ་འདི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་ཡིན་པས། ཕུར་བ་མཁན་པོ་ཚེ་རིང་། ལོངས་སྤྱོད་ལྡན། མཐུ་ཆེ་ཟེར་སྲོལ་ཡོད། ཙནྡན་གྱི་ནགས་ཚལ་ཆེན་པོ་ཞིག་མེ་ཡིས་འཚིག་བཞིན་པའི་ཚེ། གུ་རུ་རིན་པོ་ཆེས་སྡིག་མཛུབ་བསྟན་ཙམ་གྱིས་མེ་བསད་དེ་ནགས་ཚལ་སྔར་བཞིན་དུ་གྱུར་པ་དང་། བཱི་མ་མི་ཏྲས་ཕུར་བ་གདེངས་ནས་ཆུ་བོ་གངྒཱ་ཡར་བཅད་མར་བཅད་བཏང་བ་དང་། བལ་བོ་ཤི་ལ་མཉྫུ་ཡིས་ཕུར་བ་བཏབ་ཙམ་ཞིག་གིས་བྲག་རི་དུམ་བུ་དུམ་བུར་བྱས་ཏེ་འཐོར་སོང་བ། དེའི་ཐོག་ཏུ་ཇོ་མོ་མཁར་ཆེན་གཟའ་ཡེ་ཤེས་མཚོ་རྒྱལ་གྱིས་སྤྱང་ཀིའི་རྗེས་ཞིག་ལ་ཕུར་བ་བཏབ་པས་སྤྱང་ཀི་མངོན་སུམ་དུ་རྦབ་ཏུ་འདྲིལ་བ་ལ་སོགས་པ། ཕུར་བུའི་སྒོ་ནས་གྲུབ་པ་ཐོབ་པའི་གྲུབ་ཆེན་རྣམས་ཀྱིས་གྲུབ་རྟགས་བསྟན་པའི་གྲངས་ཀ་གླེང་ཚོད་མེད་པ་ཞིག་ཡོད། ད་རུང་གྲུབ་རྟགས་ཀྱི་མཆོག་ངོ་མ་དེ་གང་ཡིན་ཟེར་ན། ཆོས་ཉིད་དོན་གྱི་ཕུར་བ་དེ། ནང་རང་རྒྱུད་ཀྱི་ཉོན་མོང་དུག་ལྔ་ལ་ཐེབས་ནས་འཁྲུལ་སྣང་དབྱིངས་སུ་ཞི། མ་འཁྲུལ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་ཏེ་རྟོགས་པ་མངོན་གྱུར་ས་ལམ་ཆིག་ཆོད། མཆོག་གི་དངོས་གྲུབ་ཐོབ་པ་སོགས་ཅི་འདྲའི་གྲུབ་ཆེན་གོང་མ་དམ་པ་ཡོད་རྒྱུ་རེད། གནའ་དང་པོར་ཕུར་བའི་གླེགས་བམ་དེ་བོད་ལ་སྤྱན་དྲང་བའི་སྐབས་སུ། གླེགས་བམ་བོད་ཀྱི་ས་སྣེ་ལ་ཕེབས་མ་ཐག་ཏུ། གདོན་བགེགས་དང་བར་ཆད་ཞི་སྟེ་དུས་འཁྲུགས་མང་པོ་རང་བཞིན་གྱིས་བཟློག་སོང་བའི་ལོ་རྒྱུས་ཀྱང་ཆོས་འབྱུང་དག་གི་ནང་དུ་གསུངས་ཡོད་པ་རེད། འདི་ཆོས་ཟབ་མོ་གཞན་ལས་ཁྱད་འཕགས། སྒྲུབ་ལ་བར་ཆད་མེད་ཅིང་མཆོག་ཐུན་གྱི་དངོས་གྲུབ་ཐོབ་སླ་བའི་ཆོས་ཞལ་དྲོན་པོ་ཡིན་པ་དང་། ཆོས་གཞན་སྒྲུབ་པ་ལ་ཡང་བར་ཆད་བཟློག་བྱེད་ཕུར་བ་འདི་སྐྱེལ་མ་ལྟ་བུར་ཡིན་གསུངས་སོ། དེ་ལྟ་བུའི་ཕྱི་ཡུལ་ཀུན་གྱི་མཐུན་སྣང་ལ་མངོན་སུམ་དབང་པོའི་ཡུལ་དུ་མཐོང་ཐུབ་པའི་མཐུ་རྩལ་ནུས་པ་ལ་དབང་ཐོབ་པ་དང་། ཡུལ་ཅན་ཆོས་ཉིད་དུ་བཙན་གྱིས་གྲོལ་བའི་ཆོས་བྱིན་རླབས་ཁྱད་པར་དུ་འཕགས་པ་ཅན་ཡིན་པས། སློབ་དཔོན་ཆེན་པོ་པདྨས་ཀྱང་ཐུགས་དམ་གྱི་སྙིང་པོ་ངོ་མ་ཕུར་བ་འདི་ཉིད་མཛད་པའི་ལོ་རྒྱུས་ཡོད་དོ། ཕྱི་མའི་དུས་འདི་ན་བརྒྱུད་གསུམ་ཀུན་འདུས་ཀུན་མཁྱེན་འཇིགས་མེད་གླིང་པ་ལ་འདིའི་བཀའ་བབས་ནས་བཀའ་བསྡུ་མཛད་པའི་སྐབས་སུ། ས་སྐྱའི་བདག་ཆེན་གོང་མ་དབང་སྡུད་སྙིང་པོ་ཁོང་གི་གཟིམས་ལམ་ལ། གཟིམས་ལྟས་རྟགས་ཆེན་ཡ་མཚན་ཅན་ཞིག་ཡོང་ནས་ཕྱི་ཉིན་བང་ཆེན་པ་རྫོང་སྟེ། ད་རེས་ས་སྐྱའི་ཕུར་ཁང་གི་ནང་དུ་བླ་མ་རྫོགས་ཆེན་པའི་མདུན་ནས་ཡང་ཕུར་གྱི་དབང་ཞུ་དགོས་གསུངས་པ་སོགས། རྟགས་དང་ལྟས་བཟང་པོ་མང་པོ་ལ་བརྟེན་ཏེ་འདིའི་དབང་གི་སྒོ་འཕར་དང་པོ་དེ་དུས་ཕྱེས་ཚུལ་གྱི་ལོ་རྒྱུས་ཡོད། ད་དུང་དེ་ཙམ་གྱིས་མ་ཚད་བསྟན་སྲིད་ཀྱི་བདེ་ཐབས་རྒྱ་ཆེན་འགྲུབ་པའི་རྟེན་འབྲེལ་གྱི་ཐོག་མར་དེ་ནས་བྱུང་གསུངས་པ་རེད། དུམ་གཉིས་རྒྱུད་ཕུར་དང་བཅས་པའི་དབང་འདི་རྫོགས་སྤྲུལ་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་མདུན་ནས་ང་ལ་ཐོབ་ཚུལ་ཁར་རྩང་སྔོན་དུ་ཞུས་པ་ལྟར། འདི་ཉེ་བརྒྱུད་ཁྱད་པར་ཅན་རེད། ཐེངས་འདིའི་ཕུར་བུའི་དབང་འདི་ཅུང་རྒྱས་པར་བྱེད་དོན་ཅི་ཞིག་ཡིན་སྙམ་ན། སྤྱིར་ན་པདྨ་བཛྲ་ལ་མཚོན་ན་དཔལ་ཆེན་གྱི་གྲུབ་ཐོབ་ཡིན་པ་ཡོངས་ལ་གྲགས་པ་རེད། ཆིབས་པ་ལ་བཅིབ་གྲབས་མཛད་ནས་ཞབས་གཅིག་ཆིབས་ཡོབ་ཀྱི་ནང་དུ་བཞག་པའི་དུས་ཡུན་ཙམ་ལ། དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་བདུན་བརྒྱ་ཉེར་གཉིས་ཀྱི་ལྷ་ཚོགས་དག་གི་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་ཐུབ་གསུངས་པས། བསྐྱེད་རིམ་ལ་དབང་འབྱོར་བ་ཞིག་རེད། རྫོགས་རིམ་ལ་ཡང་དེ་བཞིན་མངའ་བརྙེས་པ་ཞིག་རེད། སྐབས་ཤིག་ཏུ་སྦྱིན་བདག་གིས་ཚོགས་འཁོར་ལ་བཤས་ཤ་མང་པོ་ཞིག་ཁྱེར་ཡོང་བ་ལ། ཁོང་གིས་ངན་སོང་སྦྱོང་པའི་ཐུགས་མོས་མཛད་དེ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རུ་བསྒྱུར་ཏེ། དེའི་བཅུད་ནི་རྩ་གསུམ་གྱི་ལྷ་ཚོགས་ལྷག་སྡུད་དང་བཅས་པ་ལ་མཉེས་ཟས་སུ་ཕུལ་ཟིན་པས། རྗེས་མར་ཚོགས་ཤ་ལ་རོ་བཅུད་མེད་པ་ཞིག་ཏུ་གྱུར་པ་ན། ཐམས་ཅད་ཡིད་མ་ཆེས་པར་ཅིའི་ཕྱིར་འདི་འདྲ་ཞིག་ཏུ་གྱུར་སོང་བ་རེད་ཞུས་པས། ཁོང་གིས་དེའི་སྔོན་ནས་ངས་བཅུད་ཐམས་ཅད་མཆོད་ཚར་གསུངས་བ་རེད་ཟེར། དེ་དག་ནི་ས་འདིའི་རྫོགས་ཆེན་པའི་གནའ་མྱི་བན་རྒན་དག་གི་ངག་རྒྱུན་ལ་ཡོད། ཡང་སྐབས་ཤིག་ལ་ཡུལ་ཁམས་གཞན་གྱི་རྒྱལ་འཁྱམ་སྡུག་རྩུབ་ཅན། ཐམས་ཅད་ལ་གནོད་སྐྱེལ་མཁན་ཞིག་ཡོད་པ་དེ་བྱ་ཆེན་ཞིག་ལ་སྤྲུལ་ཏེ་པདྨའི་ཐང་འདི་ན། པདྨ་བཛྲར་ཉམས་ཚོད་ལེན་དུ་ཡོང་ནས་མདུན་གྱི་ཇོ་ཤིང་རྩེ་ལ་བབས་ཏེ་ཟིལ་ཤུགས་བསྐྱེད་ཡོང་དུས། པདྨ་བཛྲས་བསྐྱེད་རིམ་གྱི་ཏིང་ངེ་འཛིན་གྱིས་དཔལ་ཆེན་པོའི་སྐུ་རི་བོའི་གཏོས་དང་མཉམ་པ་གཅིག་ལ་གསལ་མཛད། ཡང་ཁོས་ཡི་དམ་གྱི་སྐུ་དེ་ལས་ཀྱང་ཆེ་བ་ཞིག་བསྐྱེད་དེ་ཚུར་རྔམ་ཟིལ་བསྟན་པས། ཁོང་གི་ཐུགས་དགོངས་ལ་སྙིང་རྗེ་ཤས་མི་བཟོད་པ་ཞིག་སྐྱེས་ནས། འདི་འདྲའི་བསྙེན་སྒྲུབ་ཀྱི་བཟླས་གྲངས་མང་པོ་སོང་ཡང་བསྐྱེད་རིམ་ཨ་འཐས་ལ་གོལ་སོང་བའི་ལས་ངན་འདི་འདྲ་འདུག་དགོངས་ཏེ། རྫོགས་རིམ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ངང་དུ་བཞུགས་ཚེ། དེ་ཁོ་ལ་མེད་ཟེར་ནས་ཉམས་ཞུམ་སྟེ་ཁ་ཕྱིར་བལྟས་ཙམ་ཡང་མ་བྱས་པར་འབྲོས་སོང་བ་སོགས་ཀྱི་ལོ་རྒྱུས་མང་པོ་ཡོད། དེ་དག་ནི་པདྨའི་ཐང་འདི་ནས་བྱུང་བའི་ལོ་རྒྱུས་དངོས་རེད། མཁན་ཆེན་པདྨ་བཛྲ་ས་ཐོབ་ཀྱི་སེམས་དཔའ་ཡིན་ན་ང་ལ་དེའི་མཚན་བཏགས་པ་དེ་དུས་ལ་དགོངས་ནས་ཕྱི་རབས་དེ་དང་དེ་ལྟ་བུར་འགྱུར་རྒྱུའི་ཐུགས་བསྐྱེད་དང་། ཁོང་ཚོགས་སྦྱོར་གྱི་ལམ། ཁྱད་པར་དུ་ཚོགས་ལམ་པ་འདྲ་ཡིན་ན་ཅི་འདྲ་ཡིན་ན་སྟེ། ཡང་ན་ལམ་མ་ཞུགས་པའི་གང་ཟག་ལས་ཅན་ཞིག་ཡིན་ན། ང་དེའི་སྐྱེ་བ་གསུམ་པ་ཡིན་མི་ཆོག་རྒྱུ་མེད་པ་རེད། དེ་དག་བཤད་པའི་གཏམ་གྱི་འཕྲོས་གཞི་གང་ནས་བྱུང་བ་ནི། ངས་དཔལ་ཆེན་གྱི་བསྙེན་ཚད་ལས་རུང་ཞིག་བཞག་མྱོང་ལ། ཕུར་བུའི་བསྙེན་ཚད་འདི་ཚད་ལྡན་ཞིག་རེད་ཡོད་བསམ་པ་ཡིན། གནའ་སྔ་མོ་ང་དགུའི་དུས་འགྱུར་གྱི་རྗེས་རིག་གསར་མཇུག་རྫོགས་པའི་རྗེས་ཤིག་ནས་རེད། ཤྲཱི་སེང་གི་བཞེངས་བསྐྲུན་ལ་མ་འཐམ་པའི་སྔོན། ས་ལས་རྡོ་ཁུར་གྱི་ངལ་རྩོལ་སྒྱུར་བཀོད་དང་ཁ་བྲལ་མ་ཐག་ལ། དེ་དུས་རྫོགས་ཆེན་དགོན་ཤུལ་གྱི་ཨ་ཐུབ་བླ་བྲང་གི་གྱང་ཆག་ཤིང་ཁང་ཐབས་ཆག་ཅིག་གི་ནང་ནས། ཕུར་བུ་བསྙེན་ཚད་ཚད་ལྡན་ཞིག་བཞག་པ་དེ་དང་། སྔོན་རྗེས་ཚང་མ་བསྡོམས་ན་འཇམ་དཔལ་ཞི་བ་དང་ཕུར་བསྙེན་གཉིས་ཀ་ང་རང་གི་ཚོད་ཀྱིས་སྐྱོན་མེད་ཅིག་ལ་བརྩིས་ཡོད། བསྙེན་སྒྲུབ་ཀྱི་སྐོར་འདི་གསང་དགོས་པའི་དམ་རྒྱ་ཅན་རེད་མོད། འོན་ཀྱང་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་རྐྱང་རྐྱང་གི་ནང་ནས་དེའི་ལྷག་མཆོག་དབང་གོང་མ་རྣམ་གསུམ་ལ་དོན་འགྲེལ་བྱེད་པའི་ཉམས་ཤིག་སྟོན་བཞིན་ཡོད་པས། དེའི་ཞོར་དུ་ལོ་རྒྱུས་དང་འབྲེལ་ནས་ཞུས་པ་ཙམ་ཡིན། དེའི་ཡན་ཆད་ཀྱིས་ཕུར་བ་བདུད་དཔུང་ཟིལ་གནོན་གྱི་དབང་བསྐུར་རྒྱས་པའི་ལུགས་བཞིན་དུ་དངོས་གཞི་སོང་སྟེ། སང་ཉིན་ཞིག་ལ་འདིའི་མཚམས་ནས་ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྱི་དབང་བསྐུར་དགོས་རྒྱུ་ཡིན་མོད། འོན་ཀྱང་དབང་བཅུའི་དུས་ཚོད་ཉིན་བཅུར་བྱས་ན། ཉིན་བཅུ་དེ་ལ་སྙོམས་སྒྲིག་བྱེད་དུས། ཡང་གསང་བླ་སྒྲུབ་དེ་སྔོན་ལ་འདོན་དགོས་པ་ཞིག་ཏུ་གྱུར་འདུག འདིའི་མཚམས་ནས་དབང་གི་མཐའ་རྟེན་འདོན་དགོས། དེ་རིང་ཚེས་པ་དགུ་དང་སང་ཉིན་ཚེས་པ་བཅུ་ཡིན་ས་ཡོད། ད་རེས་ཚེས་བཅུའི་ཚོགས་འཁོར་རྒྱས་པ་ཞིག་འཚོགས་རྒྱུའི་དུས་ཚོད་མ་བྱུང་བ་རེད། གཙོ་བོར་དབང་འདོན་རྒྱུ་གལ་ཆེན་བྱས་ན་ཉིན་བཅུས་འདང་མི་འདང་ས་ལ་ཐུག་འདུག དེ་ཡིན་ན་སང་ཉིན་གྱི་ཚེས་བཅུའི་དུས་ཆེན་དང་བསྟུན་ནས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་དགེ་ལས་ཤིག་སྒྲུབ་མཛད་ན་བསམ། ང་ཚོའི་ཁོར་ཡུག་གི་ནགས་རིའི་གསེང་ལ་བྱ་དང་། རི་དྭགས། རི་ཁྲོད་མཚམས་པའི་ཁྱིམ་མཚེས་ཀྱི་གྲོགས་པོ། འགྲོགས་ན་མི་མཐུན་པ་མེད་པ། རྩྭ་གཙང་ཆུ་གཙང་གིས་འཚོ་བའི་བག་ཕེབས་ལ་རྒྱུ་བཞིན་ཡོད་པ་འདི་ཐམས་ཅད་ལ། མཚམས་རེར་རྔོན་པས་དགྲ་ཆེན་པོ་ཞིག་ལྐོག་ནས་བྱེད་ཡོང་གིན་ཡོད་རེད། སྤྱིར་ན་ས་འདིའི་འབྲོག་རུ་བསོད་ནམས་ལྷ་སྡེའི་ཚོ་ཁག་བཅུ་གསུམ་གྱིས་རི་རྒྱ་རྔོན་ཁྲིམས་བཞག་ཡོད་པ་རེད། དེའི་ཐོག་ཏུ་ངས་ཀྱང་ལོ་རྟག་པར་ཆོས་ཁྲིད་ཀྱི་བར་གསེང་ནས་དགེ་འདུན་པ་ལ་ཐེངས་རེར་ལྟ་རུ་འཇུག་གི་ཡོད། ཡིན་ན་ཡང་། དབྱར་ལོ་གསུམ་ལ་ང་འདི་ན་མ་བསྡད་པ་རེད། དེའི་དབང་གིས་དེང་སང་བལྟས་ན། རི་དྭགས་རྣམས་ཅུང་ཇེ་ཉུང་ལ་འགྲོ་གི་ཨེ་ཡོད་སྙམ་པའི་ཚུགས་ཀ་ཞིག་འདུག་པས། སང་ཉིན་གནམ་གཤིས་ཡག་བཞག་ན། སྔ་དྲོའི་དུས་ཚོད་དགུ་པ་ཙམ་ཞིག་ནས་ཉིན་གུང་གི་གུང་ཚིགས་གསོལ་མ་རན་གྱི་བར་དུ། གཙོ་བོར་པདྨའི་ཐང་གི་གཡས་གཡོན་ན་བཞུགས་ཡོད་པའི་དགུང་ལོ་གཞོན་པ་ཚོ། ནགས་གསེང་དང་རྫ་ཁྲོད་གངས་ཁྲོད་ལ་རི་གཟིགས་སྤྲོ་གསེང་མཛད་ཞོར་ལ། ལྕགས་རྙི་བཞག་ཨེ་ཡོད་གཟིགས་ཡོང་ན་བསམ། ཡང་ཕྱོགས་གཅིག་ནས་སང་ཉིན་ཡང་གསང་བླ་སྒྲུབ་ཀྱི་གསང་བ་མན་ངག་སྡེའི་ཐོད་རྒལ་གྱི་དབང་ཡང་བསྐུར་རན་པ་ཡིན་པས། ཉམས་ལེན་པ་རྙིང་པ་ཞིག་ལ་མཚོན་ན་སྔོན་འགྲོ་རི་ཤན་གྱི་སྤྱོད་པ་ཞིག་ལམ་དུ་བྱེད་ཆོག་གི་ཡོད། རི་དྭགས་གསོད་ཆེད་ཀྱི་ལྕགས་རྙི་དེ། རོང་ཁུལ་ནས་ཕེབས་པ་ཚོར་ཐུགས་རྒྱུས་ཡོད་རྒྱུ་རེད་མོད། འོན་ཀྱང་འབྲོག་ཁུལ་ནས་ཕེབས་མཁན་ཚོ་ལ་ཆ་རྒྱུས་དེ་ཙམ་མེད་ན་ཐང་། ལྕགས་སྐུད་ཕྲ་བའི་ཨ་ལོང་ཞིག་གཙོ་བོར་གླ་བ་དང་ཤ་བ་སོགས་འགྲོ་ལམ་ལ་བཞག་དར་བ་རེད། ཁྱེད་རྣམ་པས་ལྕགས་རྙི་ལོན་པའི་གྲངས་ཀ་ལྟར་ངས་དམ་རྫས་ཨ་ཐམ་ཅན་གྱི་དཔའ་དར་འདོགས་རྒྱུ་ཡིན། དེ་ཡང་ཨང་དང་འབྲིང་ཕྱེས་ཏེ་ཚོགས་ཐོག་ནས་མར་ཁྱབ་བསྒྲགས་བྱེད་པའི་སྲོལ་ཞིག་སྔོན་ནས་ཡོད། དེའི་ཐད་ནས་ཚོགས་གཙོ་རྣམ་པ་ལ་ཕྱག་ལས་འཕར་མ་ཞིག་རེད་ཀྱང་ཐབས་མེད་ཡིན་པས་ཐུགས་ཁུར་མཛད་རོགས། དེ་བཞིན་ཕྱོགས་སོ་སོར་འགྲོ་ལུགས་སོགས་ཀྱི་བཀོད་སྒྲིག་ཇི་ལྟར་དགོས། ཚོགས་གཙོ་རྣམ་པས་མ་མཁྱེན་པ་མེད། དེའི་འཕྲོར་ཞུ་འོས་པ་ཞིག་ལ། ད་རེས་དབང་འདིར་ཕྱོགས་ནས་ཕེབས་པའི་འདུས་པ་མང་ཚོགས་ཀྱིས་འོ་བརྒྱལ་བྱས་པ་དེ་སྟོང་པར་མི་འགྲོ་པའི་ཆེད་དུ་ངས་གཟབ་རྒྱུ་ཡོད་ཚད་གཟབ་ནས་ནན་ཏུར་ཆེན་པོས་དབང་འདོན་ཁུལ་ཡིན། རེད་དེ་ཉི་མའི་རྗེས་སུ་ཉིན་མ་མཐུད་ནས་འདོན་དགོས་དུས། ལོ་ཉུང་སྐབས་དང་མི་འདྲ་པ་གཟུགས་པོས་ཐུབ་མི་ཐུབ་ཀྱི་ཚོར་སྣང་ཅུང་ཟད་རེ་ཡོང་གི་འདུག་པས། དེའི་བབས་བསྟུན་རེ་བྱེད་དགོས་ཐུག་པ་ཨེ་ཡིན་ན་བསམ་གྱིན་ཡོད། གཙོ་ཆེར་ལུང་འདོན་རྒྱུའི་ཕྱོགས་ནས་རེད། ངས་དུམ་དགུའི་ལུང་འདི་སྔར་ཡང་ཐེངས་གཉིས་ལ་འདོན་མྱོང་། དེའི་རྒྱུན་ཡོད་མཁན་མང་པོ་ཞིག་ཡོད་ས་ཡོད། དེ་མིན་ན་ཡང་འདིའི་ལུང་འདི་ཡོད་མཁན་མང་རྒྱུ་རེད། དེའི་འཕྲོར་བཤད་རྒྱུ་ཞིག་ལ། དེང་སང་ནམ་ཟླ་སྟོན་མཇུག་རེད། སྟོན་དགུན་མཚམས་སུ་སླེབ་པར་ཐག་རིང་པོ་མ་རེད། དེ་ཡིན་དུས་གནམ་གཤིས་ཇེ་འཁྱགས་ལ་འགྲོ་བཞིན་ཡོད་པས། རྣམ་པ་ཐམས་ཅད་ཀྱིས་སྐུ་འཚོའི་འཕྲོད་བཞེས་ཀྱི་ཕྱོགས་ལ་རང་རང་གིས་ལྷོད་གཡེང་མ་ཤོར་ཟེར་རྒྱུ་ཡིན། དེ་ནས་མཚམས་འདིར་དབང་རྫས་འབུལ་རྒྱུ་བྱེད།


previousཉིན་དྲུག་པའི་དབང་དོན་ཟབ་ཁྲིད། next