Nitartha Digital Library
Tibetan
 
previousཉིན་བདུན་པའི་དབང་དོན་ཟབ་ཁྲིད། next

ཉིན་བདུན་པའི་དབང་དོན་ཟབ་ཁྲིད།

དེ་ནི། ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་དབང་སོགས་ཡིན། དབང་གི་ལོ་རྒྱུས་མཚམས་སྦྱོར་མཛད། སྐྱབས་སེམས་སོགས་རྗེས་ཟློས་སྐབས་ཀྱི་ཟུར་འཕྲོས། ཡང་གསང་བླ་མའི་སྒྲུབ་པ་འདི་ཨ་ཏིའི་བསྐྱེད་རྫོགས་ཀྱི་དགོངས་དོན་དང་འབྲེལ་བ་བསྟན་པ་རེད། སྤྱིར་ན་གོང་ནས་གསུངས་པ་ལྟར་བླ་སྒྲུབ་འདི་ལ་ཕྱི་ལྟར་དུ་སྒྲུབ་པ་སྐྱབས་འགྲོའི་ཚོགས་ཞིང་གི་གཙོ་བོར་གསལ་བ་ཞིག་དང་། ནང་ལྟར་དུ་སྒྲུབ་པར་སངས་རྒྱས་ཀུན་འདུས་སུ་སྤྱི་གཙུག་ཏུ་སྒོམ་རྒྱུ། གསང་བ་ལྟར་དུ་བྱིན་རླབས་གཅིག་ཆར་འཇུག་བྱེད་སྙིང་ཁར་སྒོམ་རྒྱུ། ཡང་གསང་ལྟར་ན་བླ་མ་རྩ་གསུམ་ཀུན་འདུས་སུ་བཞེངས་པ་དང་ཐུགས་ཡིད་དབྱེར་མེད་དུ་སྒོམ་པ་དག་གི་ནང་ནས། འདི་ཨ་ཏི་རྫོགས་པ་ཆེན་པོའི་སྡེ་གསུམ་ཐུན་མོང་གི་དགོངས་པ་དང་མཐུན་ཞིང་། ཡང་གསང་མན་ངག་སྡེའི་འབད་མེད་རང་གྲོལ་རིག་པ་རྗེན་ཅེར་མ་སྒོམ་པར་འཚང་རྒྱ་བ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དང་། འབད་བཅས་བརྩོན་འགྲུས་ཅན་གྱི་འོད་གསལ་སྣང་བཞིའི་ཉམས་ལེན་ལ་བརྟེན་ནས། ཚེ་འདིའི་སྟེང་གི་གདོས་བཅས་འོད་ལུས་སུ་དག་པ་ཐོད་རྒལ་གཉིས་ཀྱི་ཁྱད་པར་དུ་བྱས་པའི་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་གནད་དང་བསྟུན་ནས་གསུངས་པ་ཞིག་རེད། འདི་ནས་དབང་གི་ཆོག་ཁྲིགས་ཀྱི་ནང་དུ། འདི་ལྟར་རང་ངོ་ཉམས་སུ་མྱོང་ཡང་། བསམ་བརྗོད་ཀྱི་སྤྲོས་པ་ལས་འདས་པའི་རིག་སྟོང་རྗེན་པ་སྐད་ཅིག་མའི་གསུངས་བ་འདིས་ཁྲེགས་ཆོད་སྟོང་བའི་ཡེ་ཤེས་བསྟན་པ་ཡིན། དེའི་མཚམས་ཀྱི་རང་རྩལ་འོད་གསལ་སྒྲོན་མ་དྲུག་ལྡན་གྱི་སྣང་བའི་ཉམས་ཀྱི་འཕེལ་ཁ་ཡོངས་སུ་རྫོགས་པས་གསུངས་རྒྱུ་འདིས། ཐོད་རྒལ་སྣང་བའི་འོད་གསལ་བསྟན་པ་རེད། རང་ངོར་ཉམས་སུ་མྱོང་ཡང་གསུངས་པའི་རང་ངོ་ཞེས་པའི་ཚིག་འདི་ནུས་པ་ཆེན་པོ་འདུག་བསམ་གྱིན་ཡོད། ཨ་ཏིའི་བསྐྱེད་རྫོགས་ཀྱི་དགོངས་དོན་ཞེས་པའི་སྐབས་སུ། འབྲས་བུའི་ཐེག་པ་ཀུན་བཟང་ཆོས་སྐུའི་དགོངས་པའི་ཀློང་ལ་ཐད་ཀར་འཇུག་པ་ཡིན་པས། རྒྱལ་བའི་དགོངས་པ་དེ་སོ་སོ་རང་གི་རིག་བྱ་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བ་ཡིན་པས། དེ་ཉིད་མྱ་ངན་ལས་འདས་པའི་མཚན་ཉིད་མཐའ་ཐུག་ཡིན་པར་མ་ཟད། དུས་གསུམ་བྱ་བཞག་འབྱོན་འགྱུར་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་བླ་མའི་ཐུགས་ཀྱང་རེད། དེ་ལྟར་ཡིན་པ་གང་ཞིག་རང་རྒྱུད་ལ་ཡོད་པའི་གཞི་རྒྱུད་བདེ་གཤེགས་སྙིང་པོའི་ངོ་བོ་དང་ཐ་མི་དད་པ་ཡིན་པས། དེ་ནི་དབྱིངས་དང་ཡེ་ཤེས་གཉིས་མེད་དེའི་ངོར་སྒྲིབ་པའི་གཤིས་སླེབས་མ་མྱོང་བ་ཡིན་ན། དེ་མངོན་དུ་གྱུར་དུས་དག་པ་གཉིས་ལྡན་གྱི་མཐར་ཐུག་སངས་རྒྱས་ཞེས་མཚན་གསོལ་ས་ཡང་དེ་རེད། སྨྲ་བསམ་བརྗོད་མེད་སོ་སོར་རང་གི་རིག་པའི་ཡེ་ཤེས་དེ་ཉིད་ཀྱི་སྤྱོད་ཡུལ། ཡུམ་དོན་མཐའ་ཐུག་གི་དགོངས་པ་དང་གཅིག་ཡིན་པས། དེ་ནི་རྣམ་རྟོག་དང་རྫས་འགལ་བ་ཞིག་རེད། དེའི་ཕྱིར་ན་ཉམས་སུ་མྱོང་ཡང་གསུངས་རྒྱུ་འདིས། ཉམས་སུ་མྱོང་བྱ་ཞིག་ཡོད་དུས་མྱོང་བྱེད་མྱོང་མཁན་ཞིག་ཡོད་དགོས་རྒྱུ་ཡིན་ན། སེམས་ཀྱིས་ནི་ཡེ་ཤེས་མི་རིག སྣང་མུན་གཉིས་ཀ་ལྷན་གཅིག་ཏུ་མི་གནས་པ་ལྟ་བུ་རེད། དེའི་སྟབས་ཀྱིས་བསམ་བརྗོད་ཀྱི་སྤྲོས་པ་ལས་འདས་གསུངས་རྒྱུའི་ཚིག་དེ་བསྣན་པ་རེད། ཡེ་ཤེས་རང་གིས་རང་རིག་ཟེར་ན་རང་གིས་རང་ལ་བྱ་བྱེད་འགལ་བ་རེད། རལ་གྲིས་རང་གི་སོ་རང་ཉིད་ཀྱིས་མི་གཅོད་པ་ལྟ་བུ་དང་། གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ལ་སོགས་པ་ཐེག་པ་འོག་མའི་བློ་སྐྱོན་རྣམས་ལ་ཡང་སྒོས་གོལ་མི་རུང་བ་རེད། དེས་ན་རང་ངོ་ཉམས་སུ་མྱོང་མཁན་དེ་སུ་དང་གང་རེད་ཟེར་ན། གཞི་ངོ་བོའི་རིག་པ་མ་ལྟ་བུ་དེ་ལས་རྩལ་ཐུགས་རྗེའི་རིག་པ་བུ་ལྟ་བུ་དེ་ཤར་ཡོང་དུས། རང་གི་རྩལ་གྱིས་རང་གི་ངོ་བོ་མཐོང་བ་རེད། མཐོང་ལུགས་ཅི་འདྲ་བྱས་ནས་མཐོང་ཟེར་ན། མཐོང་བྱ་མཐོང་བྱེད་གཉིས་མེད་ཀྱི་ཚུལ་གྱིས་མཐོང་ཞིང་། མ་མཐོང་སྒྲིབ་པའི་ཆ་དང་བྲལ་བ་དེ་ལ་མཐོང་བ་ཞེས་པའི་བརྡ་ཆད་སྦྱར་མཛད་པ་ཙམ་ཞིག་རེད། དེས་ཕྱིར་ན་ཡིད་དཔྱོད་དང་བྲལ་བའི་སྒོམ། མ་བཅོས་ཟོལ་མེད་རང་བབ་ལ་ད་ལྟ་ནས་ལྷོད་ཅེས་ནན་གྱིས་བསྐྱར་ཟློས་འདུག་རྒྱུ་འདི། མན་ངག་གནད་དུ་དྲིལ་བའི་ཟབ་གནད་ཀྱི་གདམས་པ་རེད། འདི་ཡང་བསྐྱར་བཤད་ན། སྟོང་བའི་གདངས་ཀྱིས་ཡེ་ཤེས་ཀྱི་གོ་འབྱེད་པའི་ངོས་ནས། འདི་སོ་སོ་རང་གི་རིག་པ་གསུངས་པ་རེད་ལ་འདི་དྲན་བསམ་རང་རྒྱུད་པར་གནས་པ་ཞིག་མ་ཡིན་པས་ན། རྟོག་པ་དང་གཉིས་ཀ་རྫས་འགལ་བ་ཞིག་རེད། དེའི་རྒྱུ་མཚན་ནི། རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་གསལ་ཞིང་རིག་པ་རྣམ་ཤེས་ཀྱི་མཚན་ཉིད་དང་། རྣམ་པ་མི་རྟོག་པའི་གནས་ལུགས་སོ་སོ་རང་གི་རིག་པའི་རང་བཞིན་འོད་གསལ་བ་ཡེ་ཤེས་ཀྱི་མཚན་ཉིད་རེད། དེ་ཡིན་ན། དེ་གཉིས་ཀ་རྫས་འགལ་བ་གནམ་ས་འདྲ་ཞིག་གི་ཁྱད་པར་ཕྱེས་སོང་བས། འཁོར་བ་མྱང་འདས་སུ་གྲོལ་བ་མི་འཐད་དོ་བསམ་ན། རྣམ་ཤེས་ཀྱི་ཆོས་ཉིད་ཡེ་ཤེས་རེད། མདོ་དགོངས་པ་འགྲེལ་པ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། ཞེས་གསུངས་པ་རེད། གཉིས་འཛིན་འཁྲུལ་རྟོག་དག་ནས་གཉིས་མེད་ཆོས་ཉིད་ཀྱི་གནས་ལུགས་ཡང་དག་མངོན་དུ་གྱུར་བའི་ཡེ་ཤེས་མཐར་ཐུག་སངས་རྒྱས་ཀྱི་མཚན་ཉིད་རེད། འོ་ན་དེ་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་དུ་ཅི་འདྲ་བྱས་ཏེ་འགྱུར་བ་རེད་ཟེར་ན། བདེ་བར་གཤེགས་པའི་སྙིང་པོའི་ཚུལ་ངོ་མ་དེ་ནི་ས་བཅུའི་སེམས་དཔའ་ཆེན་པོ་ཡིན་ཡང་མཚན་མོའི་གཟུགས་ལ་སྤྱོད་པ་ལྟ་བུ་མ་གཏོགས་ཇི་བཞིན་མཐོང་བ་མིན་ཡང་། བླ་མའི་མན་ངག་སྙིང་པོར་བྱས་ན་སོ་སོའི་སྐྱེ་བོའི་ས་འདི་ནས་ཀྱང་ཡིད་ཆེས་པའི་ཐོག་ཏུ་རྣལ་འབྱོར་དུ་བྱེད་རྒྱུ་ཡོད་པ་རེད། འདི་ཡང་གསང་སྔགས་ཀྱི་ཁྱད་ཆོས་རེད། དེ་བཞིན་དུ། སྔགས་ལམ་ཟབ་ཅིང་མྱུར་བ་འགྲུབ་བར་མ་ཟད་དབང་རྣོན་གཅིག་ཅར་པས་བརྡ་ཙམ་གྱིས་སམ་ཡང་ན་དབང་དུས་སུ་གྲོལ་བའི་འཐད་པ་ཡང་རང་ཤུགས་ཀྱིས་གྲུབ་པ་རེད། ཡང་གསང་བླ་མའི་སྒྲུབ་པ་འདི་ཨ་ཏིའི་བསྐྱེད་རྫོགས་ཀྱི་དགོངས་པ་དང་འབྲེལ་བ་རེད་ཅེས་སྨྲས་པ་རེད། ཨ་ཏིའི་སྐབས་སུ། བསྐྱེད་པའི་ལྷ་མེད། སྒོམ་བྱའི་ཆོས་ཀྱང་མེད་གསུངས་པ་མིན་ནམ་བསམ་ན། མ་བསྐྱེད་རང་བྱུང་ཡང་གྲུབ། སྐད་ཅིག་དྲན་རྫོགས་ཀྱི་གསལ་སྣང་ལ་ཨ་ཏིའི་བསྐྱེད་རིམ་གསུངས་བ་རེད། དེ་ཡིན་ན། འོད་གསལ་རིག་པའི་ཡེ་ཤེས་ལ་གནད་དུ་བསྣུན་ན་རིག་སྟོང་ཟུང་འཇུག་ཡིན་པའི་དབང་གིས། སོ་སྐྱེ་ལའང་རིག་གདངས་དངོས་སུ་འཆར་རྒྱུ་ཡོད་པ་དེ་ནི། མཐོང་ཆོས་རེད། ཡིན་ན་ཡང། འདི་ཉམས་སུ་ལེན་པ་པོ་སོ་སོས་ཞིབ་ཅིང་ཕྲ་བའི་རྣམ་འབྱེད་བྱེད་དགོས་པ་ཞིག་ཡིན། སྣང་བཞིའི་ནང་གི་སྣང་བ་དང་པོ་གཉིས་ཀ་སོ་སྐྱེས་རྟེན་ལ་མཐོང་ཐུབ། འོན་ཀྱང་ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོའི་ངང་ལས་གཡོས་ནས་ཡིད་དཔྱོད་ཀྱི་ཞེན་འཛིན་ལ་ཞུགས་སོང་ན། ས་རྡོ་མཐོང་བ་དང་ཁྱད་པར་མེད་པར་ངོ་ཤེས་པའི་ཐོག་ནས། སྣང་བ་ཕྱི་མ་ཚད་ཕེབས་དང་ཆོས་ཟད་གསུངས་ཡོང་དུས། འཕགས་ས་མ་ཐོབ་པས་མཐོང་དཀའ་བ་ཡིན་པས། ངའི་མིག་སྔར་ཤར་འདུག་གི་ཟེར་བ་ཙམ་གྱིས་གང་ཡང་མི་ཕྱིན། ལོངས་སྐུའི་ཞིང་སྣང་འཆར་དུས་དག་སྣང་འབའ་ཞིག་འབྱམས་ཀླས་འགྲོ་བ་རེད། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པའི་རྟགས་ཚད་ལ་བསམ་བློ་བཏང་ནའང་ཤེས་རྒྱུ་ཡོད། ཁྱད་པར་དུ་བསྐྱེད་རྫོགས་ཐུན་མོང་གི་ལམ་ལ་བརྟེན་ནས་ལྷ་སྐུ་རེ་ཤར་ན་ཡང་། དེ་རླུང་སེམས་ཀྱི་ལྷ་སྐུ་ཙམ་ཡིན་རྒྱུའི་ངོས་འཛིན་ཆོག་དང་མི་ཆོག་ཐེ་ཚོམ་རེད་སྙམ། འོ་ན། ཀ་དག་སྟོང་བའི་ཡེ་ཤེས་དང་ལྷུན་གྲུབ་སྣང་བའི་འོད་གསལ་གཉིས་ཀ་ཐ་མི་དད་པའི་ཐོག་ནས་འདི་ན་སྒྲོན་མ་དྲུག་གསུངས་འདུག་མོད། འདིའི་ཆོག་ཁྲིགས་ཀྱི་ཚིག་དོན་མང་པོ་ཞིག་གྲོལ་ཐིག་གི་དགོངས་པ་རེད། སྒྲོན་བཞི་དང་ཁྱད་པར་ཅི་ཡོད་སྙམ་ན། བཤད་པའི་སྐབས་ན་སྒྲོན་མ་དྲུག་གི་མི་ཚད་དགུར་བྱས་ཏེ་བཤད་ཆོག རེད་དེ་ཉམས་ལེན་དངོས་ལ་སྒྲོན་མ་བཞིའི་ནང་དུ་འདུས་པ་རེད། འདིའི་སྐབས་ལ་ཙིཏྟ་ཤ་ཡི་སྒྲོན་མས་གཞིར་བྱས། དཀར་འཇམ་རྩ་ཡི་སྒྲོན་མས་ལམ་བྱས། རྒྱང་ཞག་ཆུ་ཡི་སྒྲོན་མས་སྒོ་བྱས། དག་པ་དབྱིངས་ཀྱི་སྒྲོན་མ་ཞིང་ཁམས་ཀྱི་སྣང་བ་དང་། ཐིག་ལེ་སྟོང་སྒྲོན་གཞལ་ཡས་ཁང་དང་ཤེས་རབ་རང་བྱུང་གི་སྒྲོན་མ་རིག་གདངས་རྡོ་རྗེའི་ལུ་གུ་རྒྱུད། ནང་དབྱིངས་རིག་གི་གོམས་པ་བརྟན་ཕྱིན་བརྟན་ལ་འགུལ་འཕྲིག་མེད་པར། དབྱིངས་ཐིག་གི་ར་བར་ཚུད་ནས་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཤེས་རབ་སྐུ་རུ་སྨིན་པའི་རང་རྩལ་རྫོགས་པ་ཡིན་ན། རྣམ་པར་འོད་སྐུའི་རྟགས་ཀྱི་ཕྱག་རྒྱར་ཤར་བ་རེད། སྐབས་འདིར་བསྟན་རྒྱལ་ཀུན་འདུས་པའི་ངོ་བོ་པཎ་ཆེན་བི་མ་མི་ཏྲ་དང་གཉིས་སུ་མེད་པའི་ཀུན་མཁྱེན་ཆེན་པོ་གསུངས་འདུག་མོད་དེ། འདིའི་འཕྲོ་འདི་ནས་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་གསུངས་རྒྱུའི་མཚན་བཅས་ཀྱི་བསྐྱེད་རིམ། མ་ཧཱ་ཡོ་གའི་ཏིང་འཛིན་གསུམ་བསྐྱེད་དང་འབྲེལ་བ་ཞིག་འབྱུང་རྒྱུ་འདི་ཅི་ཞིག་རེད་སྙམ་ན། སྤྱིར་རྒྱུད་སྒྱུ་འཕྲུལ་དྲྭ་བ་འདི་རྒྱུད་སྡེ་ཐམས་ཅད་ཀྱི་སྤྱིའི་ཁོག་དབུབ་རེད། མ་གཞི་ཐེག་མཆོག་ཐེག་པའི་རྒྱལ་པོ་འདི་ལ་འོག་མའི་ཡོན་ཏན་ཐམས་ཅད་ཡར་ལྡན་ནམ། འོག་མར་དགོས་པའི་དབང་གིས་གབ་པའི་སྦས་དོན་མཐའ་དག་དང་། གནད་ཟབ་མོ་ཁྱད་འཕགས་བསྟན་པ་ཐམས་ཅད་གོང་མའི་ཁྱད་ཆོས་ཀྱང་ཡིན་རྒྱུ་དང་། འོག་མ་ཡོད་པའི་ལྟོས་འཇོག་གི་དབང་གིས་གོང་མ་ཞེས་གྲུབ་པ་དེ་འབྲས་བུ་ལ་ཉེ་རིང་གི་ལམ་ཁྱད་ཙམ་ཞིག་རེད། བསྐྱེད་རིམ་ཏིང་འཛིན་རྣམ་གསུམ་ཟེར་བ་ཙམ་གྱིས་ཨ་ཏི་ནས་མར་མ་ཧཱ་ལ་ལྷུང་ཨེ་ཐལ་བསམ་དགོས་མ་རེད། སྐབས་འདིའི་བསྟན་བྱ་དེ་རྫོགས་ཆེན་མན་ངག་སྡེ་དང་བསྟུན་ཡོང་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ངོ་བོ་ཀ་དག་གཞིའི་སྐབས་དང་། ཀུན་སྣང་རང་བཞིན་ལྷུན་གྲུབ་གཞན་སྣང་གི་ཡེ་ཤེས། རྒྱུའི་ཏིང་ངེ་འཛིན་ཀ་དག་ལྷུན་གྲུབ་ཟུང་འཇུག་ཐུགས་རྗེའི་རིག་པ་ཤེས་རབ་ཀྱི་ཆ་ཐོད་རྒལ་གྱི་སྣང་ཆ་ལུག་རྒྱུད་གཡོ་མེད་དུ་འཆར་བ་དེ་རེད། དཀྱིལ་འཁོར་དང་ལྷར་བསྐྱེད་རྒྱུ་དེ་ཤེས་རབ་སྐུ་རུ་སྨིན་པ། ཞིང་ཁམས་དང་གཞལ་ཡས་ཁང་ལྷ་ཚོགས་གཙོ་འཁོར་ལ་སྦྱར་ཆོག་རྒྱུ་ནི་གོང་ནས་བཤད་མ་ཐག་པ་ལྟར་རེད། མཚན་བཅས་བསྐྱེད་རིམ་དང་མཚན་མེད་རྫོགས་རིམ་ཟེར་རྒྱུ་ཞིག་སྤྱིར་བཤད་དར་བ་རེད། རེད་དེ་སྒོམ་མཁན་རྣལ་འབྱོར་བའི་བློས་དངོས་པོ་དང་མཚན་མ་འཛིན་པའི་སྐབས་སུ་གང་ཅན་པོ་བསྒོམས་ཀྱང་མཚན་བཅས་ལས་མི་འདའ་བ་ཡིན་ཤས་ཆེ་བ་དང་། རྟོགས་པ་མཆོག་ལྡན་གྱི་གང་ཟག་ཞིག་གིས་ནི་བསྐྱེད་རིམ་གྱི་སྤྲོས་པ་བསྒོམས་ཀྱང་ཡེ་ཤེས་ཀྱི་རང་རྩལ་ལས་མི་འདའ་བ་རེད། སྐུ་སྒོམ་པ་བསྐྱེད་རིམ་གྱི་མདོ་ཆིངས་དང་། རིག་པའི་ངོ་བོར་སྒོམ་པ་རྫོགས་རིམ་གྱི་སྤྱི་ཆིངས་རེད། ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟ་བུའི་བསྐྱེད་རིམ་གསལ་སྟོང་འཛིན་བྲལ་དུ་ཤར་བ་དང་། སྒོམ་བྱའི་ལྷ་དང་བླ་མའི་ཐུགས། རང་གི་སེམས་ཀྱི་ངོ་བོ་གསུམ་པོ་དབྱེར་མེད། བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་གནད་དང་མ་བྲལ་པར་མཛད་ན། གང་ལྟར་བྱས་ཀྱང་གཡེང་པ་མེད་པའི་ལྟ་སྒོམ་ཟུང་འབྲེལ་ལས་འདའ་བ་མི་འདུག དེའི་ངང་སྐྱོང་ན། གོ་མྱོང་རྟོགས་པ་ཅི་རིགས་པ་ཉམས་སུ་མྱོང་བ། ཉིན་མོར་མིག་ལྡན་གྱིས་གཟུགས་ལ་བལྟས་པ་ཇི་བཞིན་དུ། རང་མྱོང་གིས་མཐོང་ཡོང་བ་རེད། དེ་མཐོང་ཡོད་མེད་ནི་རྟགས་སྤྱོད་པས་འཛིན་ཆོག་རྒྱུ་དང་། སྔགས་ཀྱི་སྐབས་ནས་ལྟ་བ་རྟོགས་ཟེར་རྒྱུ་དེ་ཡང་། མཚན་ཉིད་ཐེག་པའི་ནང་ནས་ཐོས་བསམ་གྱིས་གཏན་ལ་ཕབས་པའི་གོ་ལྟ་དང་མི་འདྲ། ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བར་དབང་ཐོབ་པ་ལ་གོ་དགོས་པ་ཡིན་པས། ཞི་གནས་དང་ལྷག་མཐོང་གསུངས་རྒྱུ་འདི་ཡང་ལམ་མངོན་རྟོགས་ཀྱི་རིམ་པ་རེད་ཟེར་ན་མ་རེད་ཀྱང་། བཤད་པའི་གོ་རིམ་རིམ་ཅན་དུ་མི་བྱེད་ཐབས་མེད་ཀྱིས་སོ་སོའི་ལྡོག་པ་ནས། ཐ་སྙད་ཚིག་མི་འདྲ་བ་གཉིས་ཀྱིས་བཤད་ན་ཡང་། དོན་ལ་ཞི་ལྷག་ཟུང་འཇུག་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ངོས་གཟུང་དགོས། ཡིན་ན་ཡང་། སེམས་རྣམ་པར་མི་རྟོག་པ་རིག་པའི་གསལ་ངར་མེད་པ་ལ་ཞི་གནས་དང་། གསལ་ཆའི་ངར་ཡོད་པ་དེ་ལྷག་མཐོང་དུ་བཤད་ན་ཡང་མི་འགྲིག་ས་ཡོད། རྒྱུ་མཚན་ནི། ཏིང་ངེ་འཛིན་ལ་བྱིང་རྒོད་ཡོད་མེད་ཡོང་ཆོག་ཀྱང་། ཞི་ལྷག་ཟེར་ཚོད་དེ་གཅིག་མིན་པར་ཤེས་དགོས། ཐུན་མོང་ཕྱི་ནང་གི་ལམ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གི་མིང་ཙམ་མེད་རྒྱུ་ཞིག་མ་རེད། སྟོང་ཉིད་རྟོགས་པའི་ཞི་གནས་ཡོད་ཆོག་ལ་སྟོང་ཉིད་མ་རྟོགས་པའི་ལྷག་མཐོང་ཡང་ཡོད། འོ་ན་དེའི་ཁྱད་པར་དེ་ཇི་ལྟར་འབྱེད་དགོས་སྙམ་ན། སྟོང་ཉིད་ལ་དམིགས་པའི་ཏིང་འཛིན་དང་ཤེས་རབ་ཡིན་མིན་དེ། ཡུལ་བདག་མེད་གང་ཡང་རུང་བ་བློ་དེས་རྟོགས་དང་མ་རྟོགས་ཀྱིས་ངོས་གཟུང་དགོས་པ་ལས། ཡུལ་དེ་བཞིན་ཉིད་དང་དེ་ཁོ་ན་ཉིད་ལ་བློ་ཁ་ཙམ་ཡང་ཕྱོགས་མ་མྱོང་པའི་བདེ་གསལ་མི་རྟོག་གི་ཏིང་འཛིན་ཙམ་ཞིག་ནི། མུ་སྟེགས་པ་དང་འཇིག་རྟེན་པའི་ལམ་ལ་ཡང་ཡོད་པ་ཞིག་རེད། རྗེ་བཙུན་བྱམས་མགོན་གྱིས། ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་འཇོག་པ་ཞི་གནས་དང་། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ལ་ལྷག་མཐོང་གསུངས་པ་དག་ལ་གཞིར་བཟུང་ནས། མདོ་སྔགས་གང་དང་སྦྱར་ནས་བཤད་ན་དམ་བཅའ་ཚུགས་བརྟན་པ་རེད་སྙམ། རེད་དེ། རང་གི་མྱོང་བ་ངེས་པའི་རྟགས་མེད་ན། མཐོ་ས་དམའ་ས་གང་ནས་བཤད་ཀྱང་ཁ་བའི་འོག་གི་འབར་འབུར་ལ་ལྟས་པ་འདྲ་ཞིག་ལོས་ཡིན། དོན་ལ་བླ་མ་རང་སེམས་གཉིས་མེད་ཀྱི་ཤེས་པ་རིག་རྩལ་ཤེས་རབ་ཀྱི་རྣམ་མཁྱེན་ཤར་བ་དེའི་ངང་ལ། སྤྲོ་བསྡུ་བྲལ་བར་བཞག་ན་བླ་སྒྲུབ་ཐམས་ཅད་ཀྱི་རྒྱལ་པོ་བྱིན་འབེབས་ཀུན་གྱི་མཆོག་ཡིན། བསྐྱེད་རིམ་ཀྱི་གནད། རྫོགས་རིམ་ཀྱི་བཅུད། གནས་ལུགས་ཀྱི་འཚང་། མན་ངག་གི་མདུད་དེ་ཡིན་པས། སྔགས་ཀྱི་ཉེ་ལམ་ཁྱད་འཕགས། དབང་བསྐྱེད་རྫོགས། བཤད་པ་དང་བཅས་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་ཆེན་པོ་བཞི་ཡི་ཐུན་མིན་ཉེ་བརྒྱུད་ཁྱད་པར་བ་འདི། རྒྱུན་མ་ཆད་པར་དམ་པ་གོང་མའི་བྱིན་རླབས་ཀྱི་བབས་སོ་རུ་རང་གཞན་ཚང་མས་ཡིད་རྟོན་མཛད་ཆོག་པ་རེད་སྙམ། འདིའི་དབང་གི་ཆོག་ཁྲིགས་ཀྱི་བྱིན་འབེབས་མཚམས་སྦྱོར་དངོས་འགོ་ནས་མར་བསྐྱར་འདོན་ཞིག་བྱེད། མཚམས་འདིར། ཧཱུཾ༔ རྣམ་རྟོག་བྲལ་བའི་ཕོ་བྲང་སོགས་ཀྱི་སྤྱན་འདྲེན། རྣམ་བུམ་དབང་བསྐུར་རྗེས་ཀྱི་ཟུར་འཕྲོས། སྤྱིར་རྫོགས་ཆེན་ཨ་ཏི་ཡོ་གའི་གསང་བ་མན་ངག་སྡེའི་ལུགས་འདི་ལ། དབང་དང་བྱིན་རླབས་ཆུ་བོའི་རྒྱུན་ལྟར་སྟོན་པ་ཆུ་བོ་ལྟ་བུའི་རྒྱུད། རྫོགས་པ་རང་བྱུང་གི་དགོངས་པ་དང་བསྟུན་པ་རེད། དེའི་རྩ་བའི་ལུང་བརྒྱད་ལ་བརྟེན་ནས། དབང་བཞི་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་བཞི་བོའི་ཁོངས་སུ། འོག་མའི་བླ་མེད་ཐུན་མོང་གི་བུམ་གསང་ཤེར་དབང་ཚིག་དབང་དང་བཅས་པ་ཡོངས་རྫོགས་འདུས་པར་མ་ཟད། དབང་བཞི་བའི་ཡེ་ཤེས་ལས་འཕྲོས་པའི་འོག་མའི་ཐེག་པར་མིང་ཙམ་ཡང་མི་གྲགས་པའི། སྐལ་ལྡན་དབང་རྣོན་གྱི་སྤྱོད་ཡུལ་དུ་གྱུར་བའི་ཐུན་མོང་མ་ཡིན་པའི་ངོ་སྤྲོད་ཀྱི་དོན་དབང་། འོག་མར་གབ་ཅིང་གསང་བའི་དོན་གྱི་ཡེ་ཤེས་ཇི་བཞིན་མ་འདྲེས་ཐད་ཀར་སྟོན་ཡོད་པ་རེད། དེ་ལྟར་བསྟན་ཅིང་མན་ངག་སྡེའི་སྐོར་ཚོ་སྔ་མ་གསུམ་ལས་ཀྱང་རྫོགས་པར་མ་བསྟན་པའི། འོད་གསལ་སྣང་བཞི་མཐར་སོན་པའི་དབང་དང་གདམས་པས་རླུང་ལྔ་ཡི་གཡོ་གཟིར་ཟད་ནས་ནམ་ཡང་འཁྲུལ་མི་ཤེས་པའི་ནང་དབྱིངས་ལ། གཞི་ཉིད་འབྲས་བུར་སྨིན་པའི་རང་གསལ་ཡེ་ཐོག་དང་པོའི་མགོན་དང་སྐལ་བ་མཉམ་པ་བྱེད་པ་རེད། དེ་ཡིན་ན་སྐབས་འདིར་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་ཟླས་ཕྱེས་པའི། ཨ་ཏིའི་རང་ལམ་གྱི་བུམ་གསང་ཤེར་དབང་བཞི་བའི་དབང་དང་བཅས་པའི། ཕྱིའི་སྒྲོམ་གཞི་དེའི་སྟེང་ནས་གོང་མའི་གནད་ཚང་བར་བྱས་ནས་སྟོན་ཡོད་པ་རེད། དེ་ཡིན་ན་སྐུ་རྡོ་རྗེ་བུམ་པའི་དབང་། གསུང་རྡོ་རྗེ་གསང་བའི་དབང་། ཐུགས་རྡོ་རྗེ་ཤེས་རབ་ཡེ་ཤེས་གྱི་དབང་། ཡེ་ཤེས་རྡོ་རྗེ་ཚིག་དབང་རིན་པོ་ཆེ་དང་བཅས་པའི་བཞི་བོ་དེས། འདག་བྱ་སྒོ་གསུམ་ཆ་སྙོམ་བཞི་དང་། སད་རྨི་གཉིད་འཐུག་སྙོམས་འཇུག་སྟེ་གནས་སྐབས་བཞིའི་སྒྲིབ་པ་དང་བཅས་པ་ཐམས་ཅད་སྦྱོང་། དེ་དང་ཆབ་ཅིག་ཏུ་བདུད་བཞི་དབྱིངས་སུ་ཆོམ། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས། ད་ལྟ་ལྟར་མི་མངོན་པའི་རང་གནས་ཀྱི་ཡེ་ཤེས་སྒྲིབ་ཆ་མཐའ་དག་ལས་གྲོལ་ཏེ། གཞི་འབྲས་དབྱེར་མེད་གདོད་མའི་མགོན་པོའི་ས་ལ་སྐྱེལ་བར་བྱེད་པའི་དབང་གི་གནད་དེ་ཉིད་ཟིན་པའི་ཐོག་ནས། སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དབང་བཞི་ཚིག་འགྲོས་དང་སྦྲེལ་ཏེ་གསུངས་ཡོད་པ་ཞིག་རེད། དེ་ཡང་སྒྲ་མཐུན་དོན་གྱིས་འཕགས་པའི་བརྗོད་ཚུལ། གོང་ནས་ཀྱང་བཤད་པ་ལྟར་རེད། དེའི་ནང་གི་བུམ་པའི་དབང་འདི་རྣམ་རྒྱལ་བུམ་པའི་དབང་རྗེས་འབྲེལ་དང་བཅས་པ་གསུངས་པ་རེད། དེ་ཡང་ཕྱི་རྫས་དབང་བུམ་པ་སྐུ་ལྔ་ཡོངས་རྫོགས་ཡེ་ཤེས་ལྔ་ལྡན་གྱི་དཀྱིལ་འཁོར་ནས། ནང་སྒོ་གསུམ་ཡེ་ནས་དག་པ་གདན་གསུམ་ཚང་བའི་ངོ་བོ་ལ། གསང་བ་ནང་གསལ་ཀ་དག་ལྷུན་གྲུབ་དབྱེར་མེད། ཟུང་འཇུག་སྣང་སྟོང་གི་རོལ་བ་མ་འགག་བླ་མའི་དཀྱིལ་འཁོར་དུ་ཤར་བ། བྱིན་རླབས་ཀྱི་བདུད་རྩིའི་རྒྱུན་དང་འགྲོགས་པའི་དབང་བསྐུར་བ་འདི་ཐོབ་པས། གཙོ་བོ་སྐུ་ཡི་བྱིན་རླབས་ཐོབ་པ་རེད། སྐུ་ཡི་བྱིན་རླབས་ཐོབ་པས་ལུས་རགས་པ་བསྐྱེད་བྱེད་རྩ་ཡི་འགྲོས་འདི་དག་ནས། བསྐྱེད་རིམ་སྒོམ་པ་ལ་དབང་བའི་གོ་དོན། འདི་ནས་ཨ་ཏིའི་དགོངས་པ་རྩལ་འདོན་གྱིས་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་གཙོ་བོ་དེ་ཀུན་མཁྱེན་ཆེན་པོའི་གསལ་སྣང་ལ་སེམས་འཛིན་རྒྱུ་ནི། བླ་སྒྲུབ་དང་བསྟུན་པའི་སྐུའི་དབང་གི་སྒོས་ཆོས་རེད། གསང་གསུམ་བླ་མའི་རོལ་བ་ལས་མི་འདའ་བའི་དོན་དབང་། སྨིན་དང་གྲོལ་བ་གཉིས་ལྡན་གྱི་ངོ་སྤྲོད་དང་བཅས་པས་རྫོགས་པར་ཆ་ཚང་བར་བསྟན་ཡོད་པ་རེད། ཆོས་ཅན་སྤྲོས་པ་ཅན་གྱི་མཚན་འཛིན་གྱི་སྣང་བ་ཐམས་ཅད་དེ། ཆོས་ཉིད་སྤྲོས་པ་ཀུན་བྲལ་ཀ་དག་སྟོང་གསལ་གྱི་ནང་དབྱིངས་ལ་ཐིམ་པའི། སྣང་ཆ་མ་འགག་ལྷུན་གྲུབ་སྣ་ཚོགས་ཀྱི་རོལ་བར་ཤར་བ་དེ། ད་ལྟར་རྣལ་འབྱོར་ལམ་དུས་ཡིན་ཡང་བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་གཅུན་པའི། གཞི་སྣང་སྒྲོན་དྲུག་གི་འཆར་སྒོའི་ངོ་བོ་གདངས་སུ་ཤར་བ་དེ་ཉིད་མངོན་སུམ་དབང་པོའི་སྒོར་སྣང་བ་འདི་ཉིད། ཤེས་ཉམས་ཀྱི་བློ་ཡིས་མ་སྦག་པར། སྣང་ཉམས་གོང་འཕེལ་དུ་གྱུར་བ་དང་བསྟུན་ཏེ། སྣང་བའི་འཕེལ་དེ་ཉིད་ཡར་ཚད་ལ་ཕེབས་ཏེ་མཐའ་རུ་འཁྱོལ་བ་དེ། རིག་པ་སྐུ་རུ་སྨིན་པའི་ཚུལ་ཅན་ལ་སྦྱར་ནས་གསུངས་འདུག། འདི་རེད། སྣང་སྲིད་སྣོད་བཅུད་ཐམས་ཅད་དཔལ་མགོན་རིག་འཛིན་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་གསུངས་རྒྱུ་འདིས། སྣང་གྲག་རིག་གསུམ་གསང་གསུམ་རྒྱལ་བའི་དཀྱིལ་འཁོར་དུ་ཡེ་ནས་གྲུབ་པའི་དག་མཉམ་ཆེན་པོ་སྤྱི་རྒྱུད་ཀྱི་དགོངས་པ་ལྟར་དུ་བསྟན་པའི་གཞི་དེའི་སྟེང་ནས། སྐུ་དང་ཐིག་ལེ་ལུ་གུ་རྒྱུད་འཇའ་འོད་ཟེར་སྤྲིན་འཁྲིགས་པའི་དབུས་སུ་གསུངས་རྒྱུ་འདིས། གསང་བ་མན་ངག་གི་སྡེའི་ཡང་གསང་བླ་ན་མེད་པའི་བསྟན་དོན་གྱི་སྣང་བ་སྔ་མ་གསུམ་དེ་བསྟན་པ་རེད། དེ་ཡིན་ན། ཐོད་རྒལ་རང་གི་འཆར་སྣང་གི་རིམ་པ་ལ་དང་པོ་ཆོས་ཉིད་མངོན་སུམ་གྱི་འཇའ་འོད་དང་ཐིག་ལེ་སུམ་སྦྲེལ་ཚུན་ཆད། དེའི་འཕྲོར་གོང་འཕེལ་དག་པ་དབྱིངས་ཀྱི་སྒྲོན་མའི་གཞི་དེར་ཐིག་ལེ་སྟོང་སྒྲོན་གྱི་ར་བ་ལ། ལུག་རྒྱུད་འགུལ་འཕྲིག་མེད་པར་བརྟན་པ་ནས་ཚད་ཕེབས་ཚོམ་བུ་དང་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྣང་བ་འབྱུང་རྒྱུ་དེ་རེད། ཡིན་ན་ཡང་། རྫོགས་པ་ཆེན་པོ་མན་ངག་སྡེའི་སྐུ་གསུམ་ལམ་སྣང་ལ་འཆར་ཚུལ་དང་། ཁྲེགས་ཆོད་ཐོད་བརྒལ་གཉིས་ཀ་ལ་ལུགས་འབྱུང་ལྡོག་གི་ཁྱད་པར་མཛད་པ་བཞིན་དུ། འདིའི་གོ་རིམ་འགལ་མེད་དུ་བཀྲལ་ཆོག་རྒྱུ་དང་ནི། སྐབས་འདིར་རང་རྒྱུད་ཀྱི་བདེ་བར་གཤེགས་པའི་ས་བོན་ལ་གསོས་འདེབས་པ་སྨིན་བྱེད་དབང་བསྐུར་གྱི་སྐབས་ཡིན་ན། རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་བར་མི་བསླུ་པའི་དགོས་དོན་གྱིས། སྣང་བཞིའི་ཕ་མཐར་སོན་པའི་བརྡ་དང་རྟགས་ཀྱི་རྣམ་པ་ཡིས། ཚད་ཕེབས་སྐུའི་སྣང་བ་གསལ་བཞིན་པར་སྣང་བ་སྔ་མ་གཉིས་ཀྱི་འཇའ་འོད་ཐིག་ལེ་ལུག་རྒྱུད་དང་བཅས་པ་གསལ་ཆོག་རྒྱུ་གོང་གི་ཡེ་ཤེས་རོལ་བའི་སྒྲོན་མེའི་སྤྲིན་ཕུང་འབྱམས་ཀླས་པ་གསུངས་རྒྱུ་འདིས་གོ་ཐུབ་སྙམ། རིག་སྟོང་སྐད་ཅིག་མ་དྲན་རིག་འཛིན་མེད་ཁྱབ་བརྡལ་དུ་གྲོལ་ཏེ་གསུངས་རྒྱུ་ཞིག་ཡོད་པ་འདིས་ཆོས་ཟད་ཀྱི་སྣང་བ་བསྟན་པར་གོ་དགོས། ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་ཐིམ་པ་ལ་ཟབ་པ་ཞེས་པའི་བརྡ་ཆད་སྦྱར་རྒྱུ་འདི་ནི། གང་བ་མེད་ཅིང་བྲི་བ་མེད་པ་ཐ་སྙད་ལས་འདས་པ་སྟོན་པའི་ཚིག་རེད། རིག་སྟོང་འཕོ་འགྱུར་དང་བྲལ་བ་སྐད་ཅིག་རང་ངོ་ཤེས་པའི་ཟག་མེད་ཀྱི་དགེ་ཚོགས་དེས་ལྟ་སྒོམ་ཆིག་ཆོད་དུ་སོང་། ཡེངས་ཡུལ་ཆོས་ཉིད་དུ་གྲོལ་ནས། དྲན་རིག་འཛིན་མེད་གསུངས་རྒྱུ་འདི་བློ་ཟད་ཆོས་ཟད་ལ་གོ། ཁྱབ་བརྡལ་དུ་གྲོལ་གསུངས་རྒྱུ་འདི། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་གདོད་མའི་ནང་དབྱིངས་ཀྱི་བཙན་ས་ཟིན་པར་གོ་དགོས་སྙམ། རྫོགས་ཆེན་མན་ངག་སྡེའི་སྐུ་གསུམ་ལམ་སྣང་དུ་བཞེད་པ་འདིས་རང་སྣང་ཡེ་ཤེས་ཀྱི་ལམ་དེ་ལུགས་ལྡོག་ལ་སྣང་ན། གཞན་སྣང་ཐུགས་རྗེའི་ངོས་ནས་ལུགས་འབྱུང་དུ་འཆར་བ་གསུངས་པའི་ཚུལ་ལྟར་དུ། ཀ་དག་ཐིམ་ལ་མ་རྨུག་ཆོས་སྐུའི་དབྱིངས་ལས། མདངས་ནང་གསལ་ལོངས་སྐུར་ཤར་བ་དེ་ཉིད། གདངས་བྱ་རྩོལ་སྤྲུལ་སྐུའི་རོལ་རྩལ། སྐུ་གསུམ་ངོ་བོ་གཅིག་ལ་ལྡོག་ཆས་བསྟན་པའི་གོ་དོན་ཚགས་སུ་ཚུད་པའི་སྟེང་ནས། བདག་ཉིད་རིག་འཛིན་བླ་མའི་སྐུ་རུ་སྨིན་པ་ཡིན་རྒྱུ་དེ་འདྲ་ཞིག་གི་གོ་དོན་ལ་འབྱོར་དགོས། སྤྱིར་ན་དབང་འདོན་དུས། དཀའ་གནད་འགྲོལ་བའི་བཤད་པ་མང་པོ་ཞིག་རྒྱ་ཆེར་འགྲེལ་ནས་བཤད་པའི་དུས་མ་རེད། གཙོ་བོར་བརྒྱུད་པའི་བྱིན་རླབས་དང་། སྔགས་དང་། ཏིང་འཛིན་དག་པའི་བྱིན་རླབས་འཕོ་བའི་དགོས་དོན་ཅན་ལོས་ཡིན་ཏེ། མཚམས་རེ་རྒྱུད་ཚིག་བརླིང་པ་སྲ་མོ་མང་པོ་ཞིག་ནག་བསྒྲིག་བྱས། དེའི་སྟེང་ལ་ཆོས་སྐད་གོང་འོག་འདྲེས་མ་ཆ་རེ་བསྣན་བཞག་དུས་ཅི་གོ་འདི་གོ་མེད་ཀྱང་། ནང་དོན་ཚབ་ཆེན་ཞིག་ལོས་ཡོད་ཅན་པོ་བྱས་ཏེ་ལྟ་འདུག་རྒྱུ་མ་གཏོགས་མེད་པ། ཡང་བསམ་མ་དགོས་ཡང་ཟེར་མི་བདེ་པ་ཞིག་ལ་ལོག་འགྲོ་བས་ན། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཡང་འདོན་ཡང་ཟེར་བྱས་པ་ཡིན། འོག་ནས་འབྱུང་མ་རག་པའི་དབང་བཞི་པ་ཚིག་གིས་མཚོན་དུ་མེད་པས། སྨྲ་བསམ་བརྗོད་བྲལ་ཡིན་ཡང་དེའི་དོན་ཚིག་གིས་མཚོན་པར་མཛད་པའི་རྒྱུ་མཚན་གྱིས་ཚིག་དབང་རིན་པོ་ཞེས་བཏགས་པ་རེད། དེ་སྔོན་རང་གཞན་མང་པོ་ཞིག་གིས་ནང་རྒྱུད་བླ་མེད་ཀྱི་དཀྱིལ་འཁོར་གཉེན་པོའི་ཞལ་རེ་ཕྱེས། དབང་ཆོག་རྟ་རྒྱུག་མ་རེ་བློ་ཕྱེད་ཡིག་ཕྱེད་ལ་བྱང་སོང་བས་ངག་འགུག་ཞོར་ལ་བུམ་རིལ་ཙཀ་ལི་མང་པོ་ཞིག་གཡུགས་མྱོང་བ་རེད། ཡིན་ན་ཡང་། དེ་ལ་དེ་ཙམ་བློ་མ་ཁེལ་བར་དབང་དོན་བཤད་པ་འདི་ལ། དབང་འདོན་པའི་བླ་མ་མང་པོ་ཞིག་རིག་མྱོང་ཡང་སུས་ཀྱང་དབང་འགྲེལ་མི་དར། མི་དར་ཀོ་བའི་ཇོ་དར་རེད་བསམ་མཁན་ཡང་ཡོད་སྲིད་རྒྱུ་རེད། དབང་འདོན་ཟེར་ན་དོན་ལ་མི་འབྱོར་རྒྱུ་མི་འདུག སྒྲ་ལོག་མི་ཟེར་བར་སྒྲའི་སྦྱོར་ལུགས་ཀྱི་གོ་དོན་ཕྱིན་ཅི་ལོག་ལ་བསྒྱུར་མ་བཏང་ན། འདོན་རྒྱུ་ངོ་མ་འདོན་འགྲོ་བ་རེད་མོད། འོན་ཀྱང་འདོན་ཚད་དེ་དབང་བསྐུར་ཟེར་རྒྱུའི་དབང་བསྐུར་མཚན་ཉིད་པའི་བརྡ་ཆད་སྦྱར་ཆོག་མིན་དང་། བསྐུར་ཚད་དག་སློབ་མའི་ངོས་ནས་ཐོབ་པའི་ཐ་སྙད་སྦྱར་ཆོག་མིན་མི་ཤེས་པས། ཚིག་དོན་གྱི་སྒྲོག་མ་འཁྲོལ་ན། དབང་བསྐུར་བའི་མྱིང་ཡོད་ཀྱང་དོན་མེད་པ་རེད། དཔེར་ན། སྐད་བརྡ་ཚིག་གཅིག་མི་འཇག་པའི་ས་ཆ་ཞིག་ལ་ཐོན་སོང་ན་ཇ་དཀར་ཡོལ་གང་ཙམ་འཐུང་རྒྱུ་ལ་ཡང་དཀའ་ངལ་ཧ་ཅང་ཆེ་བ་རེད། དེ་བཞིན་དུ། དབང་ཚིག་གི་ནང་དོན་སྣེ་གཅིག་མ་གོ་ན། རྒྱུད་སྨིན་པར་བྱེད་པའི་དབང་དོན་གྱི་ཡེ་ཤེས་བརྙེས་ཟེར་རྒྱུ་དེ་དཀའ་བར་མ་ཟད་སྨིན་གྲོལ་གཅིག་ཆར་དུ་འབྱུང་བ་དེ་བས་ཀྱང་དཀའ། འབྲུག་པ་ཀུན་ལེགས་ཀྱིས་འདི་འདྲ་ཞིག་གསུངས་འདུག བླ་མས་དབང་བསྐུར་ཆོས་བཤད་བྱེད། །ཐུགས་ལ་མེད་དོ་སཱ་མཱ་ཡཱ། །སློབ་མས་མིག་བཙུམ་ཐར་མོ་སྦྱར། ། ཡིད་ལ་མེད་དོ་སཱ་མཱ་ཡཱ། །གསུངས་པ་ལྟ་བུའི་ཕྱོགས་ལ་བུད་ཨེ་འགྲོ་བསམ་ནས་བཤད་འདུག་པ་ཡིན། ཁྱད་པར་དུ་འདི་ལྟར་ཆོས་གྲོགས་སྡེ་སྣོད་འཛིན་པ་མང་པོ་ཞིག་ལོའི་ལོ་གྲངས་ལ་ཆོས་གྲྭ་འདིར་བཞུགས་འདུག་དུས། རང་ཉམས་དང་བསྟུན་ནས་རང་འདྲའི་གྲོགས་ལ་འདི་འདྲ་ཨེ་རེད་ཞུ་རྒྱུའི་ཚིག་འགོ་རེ་མ་བསྟན་ན། མིན་ན་ཡིན་མདོག་མེད་ན་ཡོད་མདོག་རྐྱང་རྐྱང་བསྟན་ན་ཡང་། རྨོངས་པ་འགའ་རེ་མགོ་གཡོག་ཐུབ་ཀྱང་། དེ་ནི་ཕ་མགོ་བུས་གཡོགས། བུ་མགོ་དགྲས་གཡོག། མཐའ་དོན་རང་མགོ་རང་གིས་གཡོགས་པ་ཞིག་ལ་འགྱུར་སྲིད་པ་རེད་བསམ་ནས་ཞུས་བསྡད་པ་ཡིན། གཞན་ཡང་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་བཀའ་བབས་ཆུ་བོ་རྣམ་བཞིའི་འགྲོས་དང་བསྟུན་ན་ཡང་། ཚིག་ཆ་རེའི་མན་ངག་གི་གནད་གྲོལ་རེ་བསྣན་བཞག་ན་ཡང་འགལ་བ་ཅི་ཡོད་བསམ་ས་ནས། ང་དང་ང་འདྲའི་རྟ་ཐོག་གི་བླ་མ་ཚོས་དབང་བསྐུར་བ་ནི་རྟ་རྒྱུག་མ་རེད་མ་གཏོགས། ངའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་ཚང་དང་། ཡང་ངས་བཀའ་གཏེར་གཉིས་ཀྱི་སྨིན་དབང་མང་ཆེ་བ་ཞིག་ཞུ་ས་ནི། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཆོས་ཀྱི་བློ་གྲོས་ཡིན། ཁོང་རྣམ་པས་དབང་ཁྲིད་སྦྲགས་མ་མཛད་དེ་གལ་ཆེ་ས་ཐམས་ཅད་ཞིབ་འགྲེལ་དང་རྒྱས་འགྲེལ་མཛད་སྲོལ་ཡོད། རིས་ཆོད་དང་གཟུ་ལུམ་གྱི་དབང་དུ་མི་འགྲོ་བའི་གདེང་ཚད་དང་ལྡན་པར་བཤད་པའི་ཚུགས་ཀ་ཡིན། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་ནང་ན། རང་རིག་གསལ་བའི་རང་ངོ་སྤྲད། །བརྡ་འགྲོལ་མན་ངག་མཁས་པས་བསྒྱུར། །གསུངས་བ་རེད། མན་ངག་དུམ་བུའི་ལུགས་བྱས་ན། མན་ངག་སྡེའི་དབང་བཞི་རེ་རེའི་བར་ན་ལོ་དང་ཟླ་བས་བཅད་དེ་སྨིན་གྲོལ་གཉིས་ལྡན་གྱི་དབང་ཁྲིད་སྦྲགས་མ་མཛད་པའི་ཕྱག་སྲོལ་ཡང་ཡོད། མཚམས་འདི་ནས་ཨ་ཏིའི་བསྐྱེད་རིམ་དང་སྦྲེལ་ནས་གསུངས་པ་ཡིན་པས་འདི་རེད། མཚམས་འདིར། རྡོ་རྗེ་ནམ་མཁའི་ཡེ་ཤེས་ཀྱི་ཞིང་ཁམས་རབ་འབྱམས་སུ་ཁྱབ་པ་ཅན་དུ་གསལ་ཐོབ་ལ་སེམས་འཛིན་གནང་མཛོད། གསུངས་སའི་ཟུར་འཕྲོས། རྡོ་རྗེ་ནམ་མཁའི་ཡེ་ཤེས་ཟེར་དུས་ངས་ཡག་པོ་ཞིག་གོ་མི་ཐུབ་གི། ཡེ་ཤེས་རྡོ་རྗེ་ནམ་མཁའི་མཐའ་ཁྱབ་ཀྱི་ཞིང་ཁམས་ཟེར་བཞག་དུས་ང་རང་གིས་གོ་མོ་འདྲ་ཞིག་རེད། གཞན་ཡང་འདི་ནས་སེམས་འཛིན་ཞེས་པའི་བརྡ་ཆད་ཀྱིས། གསལ་སྟོང་འཛིན་པ་དང་བྲལ་བའི་ཨ་ཏིའི་བསྐྱེད་རྫོགས་གང་ཞིག་གི་ངང་ལ་དལ་གྱིས་བཞག་དགོས་པ་ཡིན་ས་རེད། དར་ཅིག་སེམས་བཟུང་དུ་གཞུག་གསུངས་འདུག་གསུངས་ཏེ། བླ་མས་ཀྱང་མཉམ་པར་ཅུང་ཙམ་བཞག་ནས། དེ་ལྟ་བུའི་བསྐྱེད་རིམ་གསལ་བརྟན་དག་གསུམ་དང་ལྡན་པས་རིམ་པ་དང་པོའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱས་ཤིང་། སོགས་གསུངས་རྗེས་ཀྱི་འཕྲོས་དོན། བསྐྱེད་རིམ་གསལ་བརྟན་དག་གསུམ་དང་ལྡན་པའི་རིམ་པ་དང་པོའི་ཏིང་ངེ་འཛིན་མཐར་ཕྱིན་པ་བྱ་དགོས་ཤིང་སོགས་གསུངས་འདུག སྔགས་བླ་མེད་ཐུན་མོང་བསྐྱེད་རིམ་གྱི་སྐབས་འདིར་གསལ་བརྟན་གྱི་ཚད་བརྒྱད་གསུངས་ཡོད། སལ་ལེ། སེང་ངེ་། ལྷག་གེ། ལྷང་ངེ་། སྟེ་གསལ་བའི་ཚད་བཞི། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཀུན་ཏུ་མི་འགྱུར་བ། ཡང་ན་རབ་ཏུ་བརྟན་པས་ཅི་ཡང་བསྒྱུར་དུ་བཏུབ་པ་ལ་སོགས་གསལ་བརྟན་གྱི་ཚད་བརྒྱད། དེའི་ཐོག་ལ་ཕྱི་ནང་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་སོགས་སུ་དག་པའི་དག་སྦྱོར་དང་བཅས་པ། གསལ་བརྟན་དག་གསུམ་དང་ལྡན་པས་འདི་ནས་རིམ་པ་དང་པོའི་བསྐྱེད་རིམ་མཐར་ཕྱིན་པ་བྱ་གསུངས་རྒྱུ་འདི། ཕ་རྒྱུད་གསང་བ་འདུས་པའི་རིམ་ལྔའི་ཆོས་སྐད་དང་སྦྱར་བའི་ཚིག་ཅིག་རེད་སྙམ། འདིའི་ཁོངས་དེད་ཡོང་ན། པྲཛྙ་རསྨྲིས་ལས། བསྐྱེད་རིམ་ཚོགས་སྦྱོང་སྲུང་འཁོར་སྔོན་འགྲོ་བས། རིམ་པ་ལྔ་དང་རྗེས་མཐུན་ལམ་གྱི་འགྲོས། །གསུངས་བ་དག་ལ་གཞི་བཅོལ་བ་ཞིག་རེད་སྙམ། རིམ་པ་ལྔ་ནི། རྡོ་རྗེ་གསུམ་དང་བདེན་གཉིས་ཀྱིས་བསྡུས་པའི་སྒྱུ་ལུས། འོད་གསལ་དང་ལྔ་བོ་རེད། ལུས་ལྷ་རུ་གསལ་བ་སྐུ་རྡོ་རྗེ། ངག་སྔགས་སུ་ཤེས་པ་གསུང་རྡོ་རྗེ། སེམས་དེ་ཁོ་ན་ཉིད་ལ་སྦྱོར་བ་ཐུགས་རྡོ་རྗེ་སྟེ་སྒོ་གསུམ་རྡོ་རྗེ་གསུམ་དང་། ཀུན་རྫོབ་བདེན་པ་སྒྱུ་ལུས། དོན་དམ་བདེན་པ་འོད་གསལ་དང་ལྔ་རེད། དེས་ན་རིམ་པ་དང་པོའི་བསྐྱེད་རིམ་སྐུའི་གསལ་སྣང་ཡིན་པས། དེ་དང་སྦྲེལ་ནས་སྦྱང་གཞི་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་སྐུ་རྡོ་རྗེའི་དཀྱིལ་འཁོར་དེ་ཉིད། སྦྱོང་བྱེད་ཐུན་མོང་ཁྱད་པར་གཉིས་བསྟན་པ་ལས། ཐུན་མོང་ལ་ཡོངས་གྲུབ་གདན་གསུམ་ཚང་པའི་བསྐྱེད་རིམ་སྤྱི་རྒྱུད་སྒྱུ་འཕྲུལ་དང་སྒོ་བསྟུན་པ་དང་། ཁྱད་པར་བ་གང་ཡིན་ན། ཡང་གསང་མན་ངག་སྡེའི་ཆོས་ལོངས་སྤྲུལ་སྐུའི་བཞུགས་སྟངས་རྣམ་གསུམ་གྱི་གནད་གཅུན་ཡོང་དུས། ལུས་ཡོང་ལ་ཁྱབ་པའི་རྩ་གནད་དུ་གཅུན། རྩ་གནད་དུ་ཆུན་དུས་རྩ་དེའི་ནང་ནས་རྒྱུ་བའི་རླུང་གནད་དུ་ཆུན། དེ་ཆུན་པ་ན་རླུང་རིག་གཉིས་གནད་གཅིག་པས་རིག་པ་གནད་དུ་ཆུན། ཡང་འདི་ནས་རླུང་རིག་གཉིས་གནད་གཅིག་དང་ཁ་ཁར་བྱས་ཏེ་རྩི་སྲོལ་འདྲ་མི་འདྲ་ཡོད་ཀྱང་། དོན་ལས་རླུང་རང་སར་དག་པའི་ཡེ་རླུང་དབྱིངས་སུ་འཁྱིལ་ནས། རིག་པ་རང་ངོའི་གནད་དང་མི་འབྲལ་བར་ཡིན་པས་ན། གནས་ལུགས་དོན་གྱི་འོད་གསལ་འཆར་ནུབ་རྙོག་པ་དང་བྲལ་བ་རེད། སྦྱངས་འབྲས་མཐར་ཐུག་དེ་གང་ཡིན་ན། ཆོས་དབྱིངས་ཐིག་ལེ་ཉག་གཅིག དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་སྐུ་གསུམ་དགོངས་པའི་རྒྱལ་ས་ཟིན་པ་དེ་ཡིན། དེའི་རྟེན་འབྲེལ་དེ་ལུས་ལ་བསྒྲིག་པའི་ཆེད་དུ། འདི་ནས་ཆོས་སྐུའི་བཞུགས་སྟངས་མཛོད་གསུངས་ཡོད་པ་འདི་རེད། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུར་མཛོད་ཅིག ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུར་མཛོདཅིག སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུར་མཛོད་ཅིག་གསུངས་པ་རེད། ད་འདི་ནས་ང་ཚོས་ཀྱང་བཞུགས་སྟངས་རྣམ་པ་གསུམ་པོ་མཛད་དགོས་རེད། དང་པོར་རྣམ་པ་ཐམས་ཅད་ཀྱིས་ཆོས་སྐུའི་བཞུགས་སྟངས་མཛད་རྒྱུ་བྱེད། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུར་གསུངས་རྒྱུ་འདི། སེང་གེ་དཀར་མོ་གངས་ནས་འགྱིང་བའི་ལུས་ཚུགས་ལྟ་བུས་འཁྲུལ་བའི་འཇིགས་པ་རྩད་ནས་གཞོམ་ཞིང་། ཆོས་སྐུ་བདེ་ཆེན་གྱི་རྣལ་འབྱོར་ལ་ཉམས་ང་མེད་པ་སྤྱོད་པའི་དོན་ཅན་ཞིག་རེད། འཕང་ས་ལ་བཞག་བཞིན་པ་དེའི་ཐོག་ནས་འགྱིང་ཚུགས་བྱས་ཏེ་བསྡད། ཙོག་པུར་བྱས་ཏེ་བཞུགས། རྐང་མཐིལ་གཉིས་ཀ་མདུན་དུ་སྤྲད་པའམ་ས་ལ་ཕབ། དེ་ནི་འཕྲོ་བ་ལས་ཀྱི་རླུང་ལྡོག་པའི་ཆེད་དུ་རྐང་མཐིལ་གཉིས་ས་ལ་ཕབ་དགོས་རེད། མགོ་རྩལ་མཇིང་པ་ལ་བསྐུར་གསུངས་ཡོད་པས། སྐེ་ཡར་ཅུང་ཟད་དགྱེ་དགོས། ལག་སོར་གཉིས་ནང་དུ་བསྒོངས་ཏེ་རྐང་མཐིལ་གཉིས་སྤྲད་པའི་ནང་དུ་བཙུགས་དགོས། མགོ་རྩ་འགྱིང་པ་དེ་དབྱིངས་རིག་འདུ་འབྲལ་མེད་པའི་གནད། རོ་སྟོད་ཡར་སྲིང་རྒྱུ་དེ་ཉམས་སྣང་མྱུར་དུ་འཆར་བའི་གནད། དེ་ནི་ཆོས་སྐུའི་བཞུགས་སྟངས་རེད། འདིའི་མཚམས་ནས་ལོངས་སྐུའི་བཞུགས་སྟངས་བྱེད་དགོས་གསུངས་པ་རེད། ལོངས་སྐུའི་བཞུགས་སྟངས་དེ་གླང་ཆེན་ཉལ་བ་ལྟ་བུ་རེད། ཚང་མས་ལོངས་སྐུའི་བཞུགས་སྟངས་མཛོད། ཁ་སྦུབ་ཏུ་ཉལ་ནས་པུས་བྲང་གཉིས་སྦྱར། གྲུ་མོ་གཉིས་ཀ་ས་ལ་བཙུགས། ལག་པའི་ཐལ་མོ་གཉིས་ཀས་ཨོལ་ཀོ་ཡར་བརྟེན། རྐང་པའི་སོར་མོ་ཕྱིར་འཕུལ་ཏེ་བསྐུམ་དགོས། མཇིང་བ་ཡང་ཡར་གྱེན་དུ་བཏེག པུས་བྲང་སྦྱར་བ་དེས་འབྱུང་བའི་དྲོད་འབེབས་པ་ཡིན་གསུངས། རྐང་པའི་སོར་མོ་ཕྱིར་ཕུལ་པས་གཡོ་བ་ལས་ཀྱི་རླུང་འཛིན་གསུངས། མཇིང་བ་སྐེ་ཡར་ཅུང་ཟད་བཀྱགས་པ་དེས། དབྱིངས་རིག་གཉིས་ཀ་མི་འབྲལ་བའི་གནད་ལ་སོགས་པ་ཡོད་གསུངས་སོ། ད་ནི། སྤྲུལ་སྐུའི་བཞུགས་སྟངས་མཛད་དགོས། སྤྲུལ་སྐུའི་བཞུགས་སྟངས་ཀྱང་འཕང་ས་ལ་བཞག་ནས་དྲང་སྲོང་ཙོག་པུར་བཞུགས་སྟངས་རེད། ལུས་ཙོག་པུར་བཞུགས། རྐང་མཐིལ་གཉིས་ཀ་ས་ལ་ཕབ། སྒལ་ཚིགས་མདའ་ལྟར་དྲང་། རྒྱུ་ཞབས་ཡིད་ཙམ་ནང་ལ་འཐེན་ནས་སྒལ་བར་བཅར་དགོས། ལག་པ་རེའུ་མིག་ལྟར་བསྣོལ་ཏེ་པུས་མོའི་སྟེང་དུ་འགེབས་དགོས། འདི་ལ་མཇིང་བ་དགྱེ་མི་དགོས་ཐད་ཀར་བསྲང་ན་ཆོག་པ་རེད། རྐང་མཐིལ་གཉིས་ཀ་ས་ལ་ཕབ་པ་དེས་ཉོན་མོངས་དང་ལས་ཀྱི་རླུང་གཉིས་ཀ་ནོན། པུས་བྲང་སྦྱར་བ་དེས་ལུས་ཀྱི་འབྱུང་བ་ཆ་སྙོམ་པར་བྱེད། ལུས་སྤྱི་དྲང་མོར་བྱས་ནས་བསྡད་པ་དེས་རྩ་མི་འཆུག་པའི་ཕན་ཐོགས་ཡོད་གསུངས་ཡོད། ལག་པ་བསྣོལ་རྒྱུ་དེ་དབྱིངས་རིག་འདྲེས་པའི་གནད་དང་། མཇིང་བ་ཐད་ཀར་བསྲང་པ་དེས་སྒྲོན་མ་བཞི་རང་ཡུལ་ལ་འཕུལ་བའི་གནད་སོགས་ཡོད་གསུངས་སོ། འདིའི་མཚམས་ནས་སྔར་བཞིན་བདེ་ལུགས་སུ་བཞུགས་མཛོད། ཡང་མཚམས་འདིར། ཨོྃཿ རིག་པ་ཆོས་ཉིད་མངོན་སུམ་གཞལ་ཡས་སུ། སོགས་ཀྱི་ཟུར་འཕྲོས། བུམ་པའི་དབང་འདི་ལུས་ལ་བསྐུར་བ་རེད། བུམ་དབང་ལུས་ལ་བསྐུར་བ་དེས་རྟེན་ལུས་ཀྱི་མཚན་འཛིན་བག་ཆགས་དང་བཅས་པ་དག་སྟེ། སྣང་སྲིད་གཞིར་བཞུགས་ཡེ་ནས་ཆོས་ཉིད་དོན་གྱི་ལྷ། སྣང་སྟོང་གཉིས་མེད་འཕོ་ཆགས་དང་བྲལ་བ་དེ་ཉིད། སྣང་སྲིད་གཞིར་བཞེངས་དག་པ་ལྷ་ཡི་འཁོར་ལོ་ལ། འཁོར་འདས་མཉམ་ཉིད་དུ་སངས་རྒྱས་པ་དང་མངོན་དུ་གྱུར་པའི་མཐུ་དང་། འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གསང་ལམ་ནས་རྩ་རླུང་དག་པ་ལམ་དུ་བྱས་ཏེ། རྡུལ་བྲལ་སྒྱུ་མའི་འཁོར་ལོ་འོད་ལུས་འཕོ་ཆེན་གྱི་སྐུ་ཐོབ་པའི་རྟེན་འབྲེལ་མཐུ་ཅན་དུ་བྱས་པ་རེད། འདིའི་མཚམས་ནས་གསང་བའི་དབང་རེད། མཚམས་འདིར། གཉིས་པ་གསང་བའི་དབང་གི་སླད་དུ་བླ་མ་ཧེ་རུ་ཀ་དཔལ་དུ་གནས་གྱུར་བའི་རང་འོད་དབྱིངས་ཀྱི་ཕྱག་རྒྱ་དང་སོགས་གསུངས་བའི་ཟུར་འཕྲོས། གསང་དབང་གསུངས་རྒྱུ་འདི། སྣོད་མིན་ལ་གསང་བར་འོས་པས་ན་གསང་དབང་རེད། གསང་དབང་འདི་ངག་ལ་བསྐུར་བས་གསང་བའི་བདུད་རྩིས་མགྲིན་པར་བརྒྱུད་ནས་ལུས་གང་སོང་དུས། ཆང་ལ་ཕབས་བཏབ་པ་ལྟར། བྱིན་རླབས་ཐོབ་ནས་ངག་གི་དྲི་མ་རགས་པ་སྦྱངས་གསུང་རྡོ་རྗེའི་སྤང་རྟོགས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའི་དབང་རེད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་མེད་བརྟུལ་ཞུགས་སྤྱོད་པའི་རྟགས་ཀྱི་ཕྱག་རྒྱས་སྤྲས་པའི་རང་འོད་དབྱིངས་ཀྱི་ཕྱག་རྒྱ་གསུངས་དུས། ཕྱག་རྒྱ་འདི་བདེ་བ་ཆེན་པོའི་དཔེའི་ཡེ་ཤེས་བསྒྲུབ་རྟེན་དུ་གསུངས་བའི་ལས་ཀྱི་ཕྱག་རྒྱ་ལ་ཡང་སྒྲ་འཇུག་པ་རེད། རེད་དེ། དབྱིངས་ཀྱི་ཕྱག་རྒྱ་ཞེས་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོ་རྒྱུ་དང་། མཉམ་སྦྱོར་བྱང་སེམས་ཀྱི་བདུད་རྩི་གསུངས་དུས། མཚོན་བྱེད་རྟགས་ཀྱི་བདུད་རྩི་འདིས་བགྲེས་རྒུད་འཆི་བའི་སྡུག་བསྔལ་སེལ་བ་བཞིན་དུ། མཚོན་བྱ་དོན་གྱི་བདུད་རྩི་ཆོས་ཐམས་ཅད་ཡེ་ནས་རྣམ་དག་བདུད་རྩི་རང་བྱུང་གི་ཡེ་ཤེས་ཐབས་ཤེས་འདུ་འབྲལ་མེད་པ་ལ་མཉམ་སྦྱོར་ཞེས་གསུངས་པ་རེད། བྱང་སེམས་ཞེས་པའི་སྒྲ་ནི། སྐབས་འདིར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ལ་གོ་ཆོག་གི། འདི་ནས་རང་བཞིན་བརྒྱད་ཅུའི་རྟོགས་ཚོགས་དབྱིངས་སུ་ཐིམ་གསུངས་རྒྱུ་འདི། སྣང་མཆེད་ཐོབ་པའི་ཡེ་ཤེས་ཀྱི་རིམ་པ་བཞིན་དུ། རྫོགས་རིམ་པའི་དགའ་བཞི་སྟོང་བཞི་དང་སྦྱར་བའི་ཡེ་ཤེས་སྐྱེ་པའི་རིམ་པ་ལྟར། མཆོག་དབང་གོང་མ་གསུམ་པོ་དང་སྦྱར་རྒྱུ་བྱེད་དགོས་སྙམ། གོང་ལྟར་གསང་དབང་བྷནྡྷའི་བདུད་རྩི་ལ་མྱོང་བའི་སྐབས་སུ་ཐུགས་མོས་འདི་བཞིན་མཛད་དགོས། མཚམས་འདིར་ཡང་། ཧྲཱིཿ ཕྱི་སྣོད་རྩ་གསུམ་འཁོར་ལོའི་བྷནྡྷ་རུ། །ནང་བཅུད་བདེ་ཆེན་བྱང་སེམས་བདུད་རྩི་བསྐྱིལ། །སོགས་ཀྱི་ཟུར་འཕྲོས། གསང་བའི་དབང་འདིས་ངག་གི་སྒྲིབ་པ་དག་ཅིང་གསུང་གི་བྱིན་རླབས་ཐོབ། རླུང་སྔགས་ཀྱི་རྣལ་འབྱོར་ལམ་དུ་བྱེད་པའི་མཐུ་ཅན་དུ་བྱས་པ་ཡིན་གསུངས་བ་རེད། དེ་ཡིན་ན་རླུང་ཟེར་རྒྱུའི་གཡོ་ཞིང་འཕོ་བར་བྱེད་པའི་བྱེད་ལས་ཅན་འདིས། ཡེ་ཤེས་བླ་མའི་ནང་ན་གསུངས་ཡོད། བདེ་གཤེགས་སྙིང་པོའི་ཆོས་ཉིད་ཀྱི་གདངས་ཡང་བསླུས་ནས། རྩལ་འཁྲུལ་བའི་རྣམ་རྟོག་ལ་གཡོ་བར་བྱེད་པ་ཞིག་ཡིན་ན། འདིས་སྦྱང་གཞི་གསུང་རྡོ་རྗེའི་དཀྱིལ་འཁོར། སྦྱང་བྱ་ལས་ཀྱི་རླུང་ལས་ཉོན་གྱི་བྱེད་ལས་ཅན་དེ་ཉིད། སྦྱོང་བྱེད་གང་ཡིན་ན། ཐུན་མོང་ཐུན་མིན་ཁྱད་པར་གསུམ་འདི་ནས་གསུངས་བ་ལྟར་དུ་རེད། དེའི་ལམ་གསུམ་གྱི་སྦྱངས་འབྲས་དེ། མཐར་ལས་རླུང་དབྱིངས་སུ་དག་པར་བྱས་ནས། ཡེ་ཤེས་ཀྱི་དབྱིངས་ན་དཱ་བདེ་སྟོང་གསུང་རྡོ་རྗེ་མི་ཤིགས་པའི་དྲ་བར་བསྡོམས་པར་བྱེད་པ་རེད། དེ་ཡང་ཐུན་མོང་པས་ཡེ་ཤེས་སེམས་པའི་ཐུགས་ཀར་སྔགས་ཕྲེང་འཁོར་བ་སོགས་ཀྱི་དམིགས་པས་བསྙེན་བསྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་པར་བྱ་བ་དང་ནི། ཐུན་མིན་པས་སྲོག་ཚོར་རྡོ་རྗེའི་བཟླས་པ། འབྱུང་འཇུག་གནས་གསུམ་རླུང་སྔགས་དབྱེར་མེད་ཀྱི་བཟླས་དམིགས་བྱ་རྒྱུ། ཁྱད་པར་ཅན་གྱིས་རྫོགས་རིམ་ཀུན་གྱི་རྒྱལ་པོ། རླུང་འཕེལ་བ་ལམ་དུ་མི་བྱེད་པར་དག་པ་ལམ་དུ་བྱས་ཏེ། འབྱུང་བ་རང་སར་དག་པའི་བྱར་མེད་རྫོགས་ཆེན། འོད་སྐུ་འཕོ་ཆེན་དུ་འགྲུབ་པར་བྱེད་པའི་མན་ངག་དང་གསུམ་པོའི་ནང་འདི་ནས། ཐོག་མར་འབྲས་བུའི་ཐེག་པའི་བསྟན་དོན་ལྟར་དུ་འདི་ནས་བསྟན་པ་རེད། བརྩོན་འགྲུས་ཅན་ལམ་ཐོག་ནས་གྲོལ་བར་བྱེད་པ། ཐོད་རྒལ་གྱི་ལམ་དེ་ནས། མན་ངག་ཁྲིད་སྦྱོང་དང་སྒོ་བསྟུན་ཡོང་ན། འདི་མི་འགུལ་པ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་བཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ་ནས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་བྱེད་ན། གོང་ནས་བུམ་དབང་དང་འབྲེལ་ཏེ་ཁྱད་པར་བཞུགས་སྟངས་ཀྱི་མི་འགུལ་བ་གསུམ་གྱིས་ལས་རླུང་གི་འགྲོ་འོང་འགག་པ་དང་། འདི་ནས་གསང་དབང་གི་སྐབས་འདིར་འཆར་བྱེད་གཟིགས་སྟངས་ཀྱི་མི་འགུལ་བ་གསུམ་གྱིས། ལས་རླུང་ཡེ་ཤེས་ཀྱི་རླུང་དུ་དག་སྟོབས་ཀྱིས། སྒྲོན་མ་རྣམ་བཞིའི་རྩལ་རྫོགས་ནས། འབྲས་བུ་སྐུ་གསུམ་ལམ་སྣང་དུ་བྱེད་པའི་གནད་ཟབ་མོ་བསྟན་ཡོད་པ་རེད། འདིའི་འོག་ནས་འབྱུང་བ་ལྟར། དབང་གོང་མ་གཉིས་ཀྱིས་སྡོད་པ་གསུམ་གྱི་ཚད་དང་ཐོབ་པ་གསུམ་གྱི་གཟེར་ལ་སོགས་པ་མན་ངག་ཟབ་མོའི་ཉམས་ལེན་ལ་དབང་བར་བྱེད་པའི་རྟེན་འབྲེལ་གྱི་བྱེད་པ་ཅན། དབང་རྣོན་ཞིག་ཡིན་ན། དབང་དུས་དེ་ཉིད་དུ་ཅིག་ཆར་གྲོལ་བ་འགྱུར་བ། དགོངས་བརྒྱུད་རྟོགས་པའི་ཕ་ཕོག་འཕོ་བར་བྱེད་ཅིང་ཐོབ་པར་བྱེད་པ་རེད། འདི་ནས་དང་པོར་ཆོས་སྐུའི་གཟིགས་སྟངས་མཛད་དགོས། སྤྱིར་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་པོ་འབྲེལ་མར་གནང་ན་བཟུང་བ་རེད་དེ། དུས་རྒྱུན་གྱི་མཉམ་བཞག་ཐུན་ལ་བཅད་ནས་བཞུགས་དུས་ལུས་མི་གཡོ་བར་རི་རྒྱལ་ལྟར་བུར་བཞུགས་སྟངས་གྱིས་གཟིགས་སྟངས་གང་འོས་བབས་བསྟུན་མཛད་ན་ཆོག་རྒྱུ་ཞིག་རེད། ཁྱད་པར་དུ་འཆར་སྣང་ཐམས་ཅད་རང་བྱན་ཆུད་ནས་སྡོད་པ་གསུམ་གྱི་ཚད་ལ་ཐོན་དུས། བཞུགས་སྟངས་གཟིགས་སྟངས་ལུས་ངག་གི་རྩོལ་བར་མི་ལྟོས་པའི་དུས་ཀྱང་ཡོད། དེ་དུས་བུམ་པའི་དབང་གིས་ལུས་དག རྫོགས་ཆེན་བྱ་རྩོལ་དང་བྲལ་བ་དེ་ལུས་ཀྱི་ཡན་ལག་ལ་ཞུགས་གསུངས་ཡོད་པ་དང་། གསང་དབང་དང་ཤེར་དབང་གིས་ངག་དག་བརྗོད་ཚིག་རང་དག་ལ་སོང་ནས། རྫོགས་ཆེན་སྨྲ་བསམ་ལས་འདས་པའི་དོན་ངག་ལ་ཞུགས་པ་ཡིན། ཚིག་དབང་གིས་སེམས་དག རྫོགས་ཆེན་སྐད་ཅིག་མྱུར་བྱེད་ཀྱི་ཚད་སེམས་ཀྱི་འགྲོས་ལ་ཞུགས་པ་ཡིན་གསུངས་སོ། ཐུན་མོང་དབང་བཞིའི་འགྲོས་དང་མཐུན་པ། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་རྫོགས་པ་དང་ཆབ་ཅིག་ཏུ་སྣང་བཞི་ཚད་དུ་ཕྱིན་པ་རེད། དེའི་སྐབས་སུ་རྟགས་སྒོ་གསུམ་ལ་འཆར། ཚད་རྨི་ལམ་གྱིས་འཛིན་ཐུབ་པའི་དུས་ལ་ཐོན་པ་ཡིན། དེ་དུས་སྐྱེ་འཇུག་གཉིས་རླུང་སེམས་ལ་དབང་ཐོབ་པའི་ཐོབ་པ་གསུམ་གྱི་གཟེར་བརྟན་པོ་ཡིས་ཐེབས་ནས། ཁམས་གསུམ་དུ་རྟོག་པ་མི་སྲིད་པའི་གཏན་སྲིད་ཟིན་པ་ཡིན་ནོ། གཞི་སྣང་ཐུགས་རྗེའི་ངོས་ཀྱི་སྐུ་གསུམ་ལུགས་ལྡོག་གི་ཚུལ་གྱིས། འགྲོ་དོན་འཁོར་བ་ཇི་སྲིད་ལ་འབྱུང་བ་རེད། བསྒྲུབ་བྱ་དེ་དང་མཚུངས་པའི་སྒྲུབ་བྱེད་ཐབས་ཀྱི་ལམ། རང་ནུས་ཀྱི་ཡེ་ཤེས་རང་གདངས་འོད་གསལ་གྱི་འཆར་སྣང་བརྒྱུད་ནས། གཞི་འབྲས་གཉིས་ཀྱི་བར་ཐག་དེ་ལམ་གྱིས་སྦྲེལ་ཏེ། རླུང་ལྔའི་གཡོ་ཟོལ་ཟད་དེ་ཆོས་སྐུ་སྣང་མེད་རོལ་གཅིག་ལ་བཞུགས་དུས། ནམ་ཡང་འཁྲུལ་མི་ཤེས་པའི་གཞི་ཉིད་འབྲས་བུར་སྨིན་པའི་རང་ས་ཟིན་པ། གཞི་འབྲས་དབྱེར་མེད་དག་ཆེན་ཡེ་ཤེས་ཀྱི་གཟིགས་པ་མངོན་དུ་གྱུར་དགོས་པ་ཡིན་དུས། དེའི་ཆེད་དུ་འདི་ནས་གཟིགས་སྟངས་རྣམ་གསུམ་ལ་བསླབ་དགོས་པ་རེད། དེས་ན་རྣམ་པ་ལྷན་རྒྱས་ཀྱིས་བཞུགས་སྟངས་ཆོས་བདུན་དང་མི་འབྲལ་བར་བདེ་ལུགས་སུ་རང་བབས་ཀྱིས་བཞུགས་བཞིན་དུ། དང་པོ་ཆོས་སྐུའི་གཟིགས་སྟངས་མཛད་རྒྱུད་བྱེད། འདི་རེད། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་མིག་གཉིས་གཟིགས་སྟངས་གྱེན་ལ་ལྡོག་པས་གཙུག་ཏོར་རྣམ་པར་བལྟ་བའི་ཚུལ་གྱིས་ལྟོས་ཤིག་གསུངས་འདུག ཆོས་ཐམས་ཅད་ཀྱི་ཆོས་ཉིད་དབྱིངས་སྟོང་ཉིད་ཀ་དག་སྤྲོས་བྲལ་སྤྲོས་མཚན་ཀུན་དང་བྲལ་བ་རེད་མོད། དེ་མཁའ་ལྟར་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཞིག་ཡིན་པས། མིག་གཉིས་གཟིགས་སྟངས་གྱེན་ལ་གཏད་པ། ཕྱོགས་བྲལ་མཁའ་མཉམ་གྱི་གཟིགས་ཚུལ་ཟེར་ཆོག་པ་རེད། འདིའི་སྐབས་སུ་མིག་གཉིས་མཉམ་པོར་ཡོད་པ་དེ། ཡུད་ཙམ་གྱེན་ལ་རང་ཉིད་ཀྱི་སྨིན་མཚམས་རྫི་མ་གཉིས་ཀའི་བར་སངས་རྒྱས་ཀྱི་མཛོད་སྤུ་ཡོད་སའི་ཕྱོགས་ལ་ཡར་གཏད་ནས། གཟིགས་ས་ནམ་མཁའི་མཐོངས་ལ་གཟིགས་དགོས་པ་རེད། གཙུག་ཏོར་རྣམ་པར་ལྟ་བའི་ཚུལ་གསུངས་བ་དེ་མིང་བཏགས་ལུགས་ཤིག་རེད། ངས་གོང་ནས་ཕྱོགས་བྲལ་མཁའ་མཉམ་གྱི་གཟིགས་ཚུལ་ཟེར་ཆོག་ཟེར་བ་དང་གཅིག་མཚུངས་རེད། གཟིགས་སྟངས་གྱེན་ལ་ལྡོག་པས་ངན་སོང་གསུམ་གྱི་སྐྱེ་རྒྱུན་ཆོད་པའི་རྟེན་འབྲེལ་གྱི་སྒོ་མོ་དང་། སྨིན་མཚམས་ལ་བསྐྱོད་པས་རིག་པ་ལ་འཁྱོར་ས་མེད། ནམ་མཁའི་མཐོངས་ལ་བལྟས་པས་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་དེ་དག་ཡོད། དེ་ལྟར་དལ་གཅིག་ཆོས་སྐུའི་གཟིགས་སྟངས་གྱིས་གཟིགས་རྒྱུ་མཛད། གཉིས་པ་ལོངས་སྐུའི་གཟིགས་སྟངས་གྱིས་གཟིགས་དགོས། ཆོག་ཁྲིགས་ནང་འདིར་འདི་ལྟར་གསུངས་འདུག ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་གཟིགས་སྟངས་ཟུར་ལ་གཏད་པ་མདའ་མཁན་སྙུག་མ་བསྲངས་བ་བཞིན་དུ་ལྟོས་ཤིག་གསུངས་འདུག ལོངས་སྐུའི་ཡེ་ཤེས་ཀྱི་སྤྱན་དེ་གཟིགས་པ་དག་པའི་སྤྱན་རེད། གོང་གི་ཆོས་སྐུའི་སྤྱན་ལ་གཟིགས་པ་མི་དག་པ་མ་རེད་ཀྱང་། དག་མ་དག་གི་མཐའ་ལས་འདས་པ་སྟོང་ཉིད་བསམ་ངོ་དང་བྲལ་བའི་ཆོས་ཉིད་ཀྱི་རང་ངོར་གནས་པའི་རང་ཚུལ་ལ་སྤྱན་ཞེས་བཏགས་བཞག་པ་རེད། ལོངས་སྐུའི་དག་པའི་གཟིགས་ངོ་ལ་མ་དག་པའི་འཁྲུལ་བ་མེད་པས་དེ་ཉིད་མངོན་དུ་འགྱུར་ཆེད་དང་འཁྲུལ་སྣང་འགག་ཐབས་ལ་ལུས་པོ་མི་ཀྱུ་མིག་གཉིས་ཀྱི་ཟུར་གྱིས་མདའ་མཁན་གྱི་སྙུག་མ་བསྲངས་བ་ལ་དཔེ་བཞག་དུས། གཡས་གཡོན་གང་ལ་བལྟས་ན་མིག་གཉིས་ཀྱིས་མཉམ་པོར་བལྟ་རྒྱུ་དང། ཡང་དབྱིངས་ཐིག་གི་གནད་ལ་བསྣུན་ནས་བཅུད་དུ་དྲིལ་བའི་སྐབས་སུ་ཡིན་ན། མདུན་དང་ཟུར་གཉིས་གཅིག་དུ་དྲིལ་བའི་མདུང་ཚུགས་ཀྱིས་མཉམ་པོར་བལྟ་རྒྱུ་ཡང་རིག་པ་རང་སྣང་སྤྱི་དྲིལ་གྱི་གནད་ཀྱི་ཞལ་ཕྱེས་རེད། སྐུ་ལུས་མི་དཀྱུ་ཞིང་དབུ་ཡང་མི་འགུལ་བའི་ཟུར་གྱི་གཟིགས་སྟངས་ཀྱིས་དལ་ཅིག་གཟིགས་མཛོད། མཚམས་འདི་ནས་སྤྲུལ་སྐུའི་གཟིགས་སྟངས་མཛད་དགོས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་གཟིགས་སྟངས་ཐུར་ལ་ཕབ་ནས་དྲང་སྲོང་བསམ་གཏན་སྒོམ་པ་བཞིན་དུ་ལྟོས་ཤིག་གསུངས་འདུག འདི་བཞིན་གསུང་པའི་སྐབས། ཆོས་སྐུས་གྱེན་ལ་གཟིགས། ལོངས་སྐུས་ཐད་ལ་གཟིགས སྤྲུལ་སྐུས་ཐུར་དུ་གཟིགས་ཡོད་པས་དེའི་ལད་མོར་གྱིས་གསུངས་པའི་དོན་མ་རེད། སྐུ་གསུམ་གྱི་དགོངས་པ་དང་འབྲེལ་བའི་འོད་གསལ་གྱི་འཆར་སྣང། ཤར་བདེ་ཞིང་ངོས་ཟིན་བདེ་ཆེད་ལ་གསུངས་བ་རེད། གཞི་ལས་གཞིར་སྣང་ཤར་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར་དུས། སྟེང་ན་ཀ་དག་གི་སྣང་བ་ནམ་མཁའ་དྲི་མེད་ལྟ་བུ། བར་ན་ལོངས་སྐུའི་ཞིང་སྣང་དག་པ་སྐུ་དང་ཞིང་ཁམས་ཀྱི་རྒྱན་བཀྲམ་པ། འོག་ན་འགྲོ་དྲུག་གི་སྣང་བ་འདུལ་བྱེད་སྟོན་པ་དང་བཅས་པ། འཆར་ལུགས་དྲུག་དང་སྒོ་གཉིས་ཀྱི། དང་པོ་འཆར། ཐ་མར་ཐིམ་དུས་ཀྱི་བར་དུ། གྲོལ་ལུགས་ཀྱི་ཁྱད་པར་འཁོར་འདས་བར་ལག་འགྱེལ་བའི་གནད་ཀྱི་སོ་མཚམས་ཐུན་མིན་གྱི་གདམས་པ། རང་ལུགས་སྙིང་ཐིག་བརྒྱུད་པའི་གཞན་ལ་མེད་པའི་ཁྱད་ནོར་ཡིན། འདིའི་གཟིགས་སྟངས་གསུམ་པོའི་གནད་ཀྱང་དེ་ལ་འབྲེལ་བ་ཞིག་རེད། སྤྲུལ་སྐུའི་གཟིགས་སྟངས་ཐུར་ལ་གཟིགས་པ་འདི། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུའི་སྐབས་ལ་ལྷག་པར་བདེ་བ་རེད། ལས་དང་པོ་པས་ཐོད་རྒལ་གྱི་འཆར་སྣང་གཟིགས་དུས། སྤྲུལ་སྐུའི་བཞུགས་སྟངས་མཛད་རྒྱུའི་ཕྱག་ལེན་ཡང་རེད། འདིའི་སྐབས་ལ་མིག་གཡོ་འགུལ་མེད་པར་ཅུང་ཟད་ཐུར་ལ་ཕབ་ནས་གཟིགས་ན། མཚན་མའི་རྣམ་རྟོག་གིས་མི་གཡོ་བ་དང་། མཉམ་པར་གཟིགས་པས་ཡང་སྒོས་ཉོན་མོངས་ཀྱི་དབང་དུ་མི་འགྱུར་བའི་དགོས་པ་སོགས་ཡོད་པར་གསུངས་ཡོད། མཚམས་འདི་ནས་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཐུར་ལ་གཟིགས་ཀྱིན་དལ་ཅིག་བཞུགས་མཛོད། དེ་ནས་འདིའི་ཡིག་ཆུང་གི་ནང་ན། ཅེས་བལྟ་སྟངས་བྱར་གཞུག་གསུངས་འདུག

མཚམས་འདིར། རང་ཉིད་ཀུན་མཁྱེན་བླ་མ་འོད་གསལ་མའི་སྐུ་འཇའ་ཚོན་སྒྲིབ་གཡོགས་དང་བྲལ་བ་ལྟ་བུའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གསལ་བའི་ཐུགས་ཙིཏྟ་རིན་པོ་ཆེའི་སྦུབས་སོགས་གསུངས་སྐབས་ཀྱི་ཟུར་འཕྲོས། གསང་བའི་དབང་འདི་ཁྱད་པར་དང་ཐུན་མིན་ཐུན་མོང་གསུམ་གྱི་ལམ་གྱིས་རིམ་བཞིན་གསུངས་པའི་ནང་གི། དང་པོ་ཁྱད་པར་གྱི་ལམ་རེད། གང་ལས་ཁྱད་པར་འཕགས་ཟེར་ན་སྔགས་བླ་མེད་ཐུན་མོང་ལས་འཕགས། འཕགས་ཆོས་གང་གིས་འཕགས་ན། རྫོགས་པ་ཆེན་པོའི་འོད་གསལ་ཐོད་རྒལ་གྱིས་འབྲས་བུ་ལམ་དུ་བྱེད་པའི་ཁྱད་ཆོས་ཀྱིས་འཕགས། དེ་ལྟ་བུའི་ཁྱད་པར་གྱི་ལམ་བཤད་པ་གོང་ནས་སོང་མ་ཐག་པའི་མཚམས། གཉིས་པ་ཐུན་མིན་གྱི་ལམ་འདི་གང་དང་ཐུན་མིན་རེད་ཟེར་ན། སྔགས་གོང་འོག་སྤྱི་དང་ཐུན་མོང་མ་ཡིན་པ། བླ་མེད་ཀྱི་རྫོགས་རིམ་རྡོ་རྗེའི་བཟླས་པ་སྲོག་རྩོལ་གྱི་མན་ངག་དང་སྒོ་མཐུན་པ་ཞིག་རེད། འདི་ནས་རང་ཉིད་ཀུན་མཁྱེན་བླ་མ་འོད་གསལ་མའི་སྐུ་གསུངས་དུས། སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་རོལ་བ། དྭངས་མ་འོད་གསལ་གྱི་ལུས། སྐུ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟར་དུ་སྒྲིབ་གཡོག་བྲལ་བའི་ཐུགས་ཀ་ན། ཡེ་ཤེས་སེམས་དཔལ་ཀུན་བཟང་ཡབ་ཡུམ། དེའི་ཐུགས་ཀ་རུ་ཐུགས་སྲོག་གི་སྙིང་པོ་པདྨ་ཉི་ཟླའི་གདན་སྟེང་ལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན། ཡི་གེ་ཨཱོཾ་ཨཱ་ཧཱུྃ་གསལ་བ་ལ། རིག་པ་གཡོ་མེད་དུ་གཏད་དེ་རླུང་རོ་སུམ་ཕྲུག་ཏུ་གསལ་བའི་རྗེས་འབྲུ་གསུམ་རྡོ་རྗེའི་བཟླས་པ་མཛོད་ཅིག་གསུངས་ཡོད་པས། འདིའི་སེམས་དཔའ་སུམ་བརྩེག་གི་ཚུལ་གསུངས་བ་འདི་ཡང་། ཁར་རྩང་སྔོན་ནས་ཀྱང་འདིའི་སྐོར་ནས་ཞུས་ཟིན་ཡང་། གཅིག་གི་ནང་ལ་གཅིག་སྐུ་འདྲའི་ནང་ལ་གཟུངས་གཞུག་བཞག་པ་ལྟར་བུའི་ལྷ་དང་སྔགས་ཕྱི་ནང་གསུམ་ཅན་ཞིག་གཟུགས་ཅན་དུ་སྒོམ་རྒྱུ་མ་རེད། རགས་པ་གནས་སྐབས་ཀྱི་ལུས་དང་ཆོས་མཐུན་པ་ཞིག་ལ། རང་ཉིད་ཀུན་མཁྱེན་བླ་མའི་སྐུ། འོད་གསལ་དྭངས་མའི་ལུས་ཅན་ལ་བསམ་པ་དེ་དམ་ཚིག་སེམས་དཔར་ཆགས་བཞག་ན། ཕྲ་བ་གཉུག་མའི་ལུས་དེ་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་དུ་གནས་པ་ཀུན་ཏུ་བཟང་པོའི་རང་བཞིན་ལ། ཡེ་ཤེས་སེམས་དཔའི་བརྡ་ཆད་སྦྱར། དེ་ལས་ཀྱང་ཤིན་ཏུ་ཕྲ་ཞིང་ཟབ་པའི་སེམས་ཉིད་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེའི་རྣམ་པ་ཤར་བ། ཨཱོཾ་ཨཱ་ཧཱུྃ་གསུམ་གྱི་ངོ་བོར་གནས་པ། དེ་ཇི་བཞིན་ཤེས་པ་ལ་གསལ་འདེབས་ཀྱི་མིང་གི་ཐོག་ནས་ཏིང་འཛིན་སེམས་དཔའི་དོན་མཚོན་པར་བྱས་པའི་གོ་རིམ་ཙམ་ཞིག་རེད། རྡོ་རྗེ་གསུམ་མཚོན་གྱི་ཡི་གེ་འབྲུ་གསུམ་འདི། སྣང་དང་སྟོང་དང་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་དུ་གནས་པ། སྣང་བ་ཨཱོཾ༔ སྟོང་བ་ཨཱ༔ གཉིས་མེད་ཧཱུྃ༔དུ་གནས་པ། ཡང་ཨཱ༔སྟོང་བ་ཆོས་སྐུ། ཨཱོཾ༔སྣང་བ་ལོངས་སྐུ། ཧཱུྃ༔སྣ་ཚོགས་སྤྲུལ་སྐུའི་རང་བཞིན། སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བ། སྣང་དང་སྟོང་བ་གཉིས་མེད་ཀྱི་བདག་ཉིད། སྐུ་གསུམ་ངོ་བོ་དབྱེར་མེད་ཀྱི་དོན་ཅན་རེད། དེ་ཡང་། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །གསུངས་བ་ལྟར་དུ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ཡེ་ནས་སྟོང་བ་གཅིག་གི་ངང་ལས་བྱུང་བ་དེ་རྒྱུ་གཅིག་པ་ཞེས་གསུངས་པ་དང་། ཡིག་འབྲུའི་ཚུལ་དུ་རང་བཞིན་གྱིས་མ་སྐྱེས་པའི་ངོ་བོ་སྣང་སྟོང་གཉིས་མེད་ལ་གནས་པ་ཡིན་པས་ཡིག་འབྲུའི་ཚུལ་གསུངས་སོ། མེའི་རང་བཞིན་ནི་ཚ་བའི་བྱིན་བརླབས་དང་མི་འབྲལ་བ་ལྟར། ཆོས་རྣམས་ལ་དག་པ་འབའ་ཞིག་གིས་མ་ཁྱབ་པ་མེད་པས་ན་བྱིན་གྱིས་བརླབས་གསུངས་པ་རེད། གཟུགས་སྒྲ་དྲན་རྟོག་ཐམས་ཅད་དང་པོ་མ་དག་པ་ཞིག་གསང་བ་གསུམ་གྱི་དཀྱིལ་འཁོར་དུ། རྗེས་ཤིག་ནས་དག་པར་གྱུར་སོང་བ་མ་ཡིན་པར། སྣང་དུས་ཉིད་ནས་མཉམ་ཉིད་དག་པའི་དགོངས་པ་ལས་མི་འདའ་བས་མངོན་སུམ་པ་གསུངས། འདི་བསྐྱེད་རྫོགས་སོ་སོ་དང་སྦྱར་ནས་བཤད་རྒྱུ་ཡོད་ཀྱང་། བསྐྱེད་རྫོགས་ཟུང་འཇུག་ལྟར་དུ་རགས་རིམ་ཙམ་ཞིག་ཞུས་ན། རྒྱུ་གཅིག་པ་བསྐྱེད་རྫོགས་དང་བདེན་གཉིས་སུ་གཅིག་པ། ཡིག་འབྲུའི་ཚུལ་ངོ་བོ་རྟག་ཆད་ལས་འདས་པ། བྱིན་གྱིས་རླབས་པ་དབྱིངས་རང་བཞིན་གྱིས་དག་པའི་ངང་ལས་བསྐྱེད་རྫོགས་རང་སྣང་བ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་། །བྱིན་གྱིས་རླབས་དང་མངོན་སུམ་པ། །ཞེས་གསུངས་པས་མངོན་སུམ་པ་ཟེར་ན། དེའི་སྟེང་ལ་རིག་པས་ཐག་བཅད་ཅིང་བསྐྱེད་རྫོགས་འགལ་མེད་རྟོགས་ནས་དེར་བརྩོན་པ་དེ་ཉིད་རེད། རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །གསུངས་ན། དེ་ལྟ་བུའི་གོང་དུ་བཤད་པའི་རབ་ཏུ་རྟོགས་པ་རྣམ་པ་བཞི་བོ་དེ་ཡིས། ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པ་བྱང་ཆུབ་པ། མ་གྲོལ་པའི་ཆོས་མེད་པའི་བྱང་ཆུབ་མཆོག་གི་རྒྱལ་པོར་གྱུར་པ་ལ་ཆེན་པོའི་སྒྲས་བསྟན་པ་ཡིན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རོལ་བར་འཆར་དུས། གསང་ཆེན་དོན་གྱི་གནས་ལུགས་རྟོགས་སོང་བ་རེད། དེ་ལྟར་གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཤེས་པར་བྱས་ནས། ལམ་ཐབས་དང་ཤེས་རབ་ཀྱིས་ཉམས་སུ་ལེན་པ་ལས། སྐབས་འདིའི་རྡོར་བཟླས་བྱ་དགོས་རྒྱུ་ལ། ཐོག་མར་རླུང་གི་རྣལ་འབྱོར་ལ་རང་བྱན་ཆུབ་པའི་ཐོག་ནས། སྲོག་རྩོལ་གཉིས་ཀ་དང་འོད་གསལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་གནད་དུ་བསྣུན་ནས། སེམས་དང་སེམས་བྱུང་གི་སྤྲོས་པ་ཐམས་ཅད་དབྱིངས་སུ་ཞི་བའི་ལམ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་རང་བྱུང་གི་ཡེ་ཤེས་ངོ་འཕྲོད་ན། སྦྱོར་དྲུག་ཞི་བྱེད་དང་བཅས་པའི་མིང་དོན་ཚང་པར་མ་ཟད། གནས་ལུགས་དོན་གྱི་ཤེར་ཕྱིན་རྫོགས་པ་ཆེན་པོའི་སྒྲས་སྙད་པ་ཡང་དེ་ཡིན་གསུངས་ཡོད། སྤྱིར་བཏང་རྡོར་བཟླས་དང་འབྲེལ་བའི་རླུང་བྱིན་རླབས་ཙམ་ཞིག་ལ། རྩ་འཁོར་ལོ་བཞིའི་དམིགས་པ་སྲོག་རྩོལ་གྱི་སྦྱོར་བ་ལྷག་གིས་མ་བཤད་ན་ཡང་ཆོག་ཀྱང་། འདི་ནས་འདི་ལྟར་འབྱུང་འཇུག་གནས་གསུམ་དང་སྦྱར་བ་བུམ་ཅན་དང་སྦྲགས་པའམ། གང་ཤེས་ལན་བདུན་ནམ། གསུམ་བྱར་གཞུག་ཅེས་ཆོག་ཁྲིགས་མཁན་པོས་འདིའི་དབང་གི་ཆོག་ཁྲིགས་ཀྱི་དབུས་སུ་ཕྱག་མཆན་བཏབ་འདུག་པ་འདི་ཡང་། གྲོལ་ཐིག་གི་དགོངས་པ་ཡིན་རྒྱུ་རེད་བསམ་ནས་གལ་ཆེན་རྩི་བཞིན་ཡོད། སྤྱིར་ན་སྔགས་བླ་མེད་ཀྱི་གསར་རྙིང་ལ་མ་ལྟོས་པའི་ཐུན་མོང་གི་རྫོགས་རིམ་ལ། ཕ་རྒྱུད་ཀྱི་རིམ་གཉིས། མ་རྒྱུད་ཀྱི་ཕྱག་རྒྱ་བཞི། གཉིས་མེད་རྒྱུད་ཀྱི་སྦྱོར་དྲུག་ལ་སོགས་པ་དང་། ཁྱད་པར་གྱི་རྫོགས་རིམ་ལྔ་སོགས་བཤད་པའི་སྐབས་འདིར། བསྐྱེད་རིམ་ལ་བརྟེན་པ་ལྷའི་རྫོགས་རིམ། དེའི་འཕྲོར་བྱང་ཆུབ་སེམས་ཀྱི་རྫོགས་རིམ། རྩའི་རྫོགས་རིམ། རླུང་གི་རྫོགས་རིམ་དེ་དག་ཡོད་པ་རེད། སེམས་ཉིད་ལ་བརྟེན་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ། ལུས་ལ་བརྟེན་པ་རྩའི་རྫོགས་རིམ། དབུགས་ལ་བརྟེན་པ་རླུང་གི་རྫོགས་རིམ། བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་སོགས་བཤད་པའི་རྣམ་གྲངས་མང་པོ་ཡོད་ཀྱང་། སྐབས་འདིར་འབྱུང་འཇུག་གནས་གསུམ་དང་སྦྱར་དགོས་པས། སྦྱོར་དྲུག་གི་ནང་ནས་སྲོག་རྩོལ་གྱི་གནད་དང་མ་བསྟུན་ཐབས་མེད་ཅིག་ཡིན། དེའི་ཞོར་ལ་སྦྱོར་དྲུག་ཟེར་བ་གང་དག་ཡིན་སྙམ་ན། སོར་སྡུད་བསམ་གཏན་གཉིས། སྲོག་རྩོལ་གཉིས་ཀ་གཅིག་ལ་རྩིས་པའི་སྲོག་རྩོལ་འཛིན་པ་གཉིས་ཀྱིས་བཞི། རྗེས་དྲན་དང་ཏིང་འཛིན་གཉིས་ཀྱིས་དྲུག་རེད། འདི་གསར་རྒྱུད་རྐྱང་པའི་ལུགས་སྲོལ་མ་རེད། ཧེ་རུ་ཀ་གལ་པོའི་དགོངས་དོན་ཡང་རེད། ད་ནི་སྐབས་དོན་སྲོག་རྩོལ་བཤད་རྒྱུ་བྱེད། སྲོག་ཟེར་ན་རླུང་ཞིག་རེད། རླུང་ཟེར་ན་གཡོ་བའི་རང་བཞིན་ཅན་ཞིག་ཡིན་པ་ནམ་རྒྱུན་དུ་ཞུ་མྱོང་། རླུང་བཅུ་རགས་པའི་རྩ་བ་གྱུར་པ་སྲོག་གི་རླུང་ཤིན་ཏུ་ཕྲ་བ་དེ་ཉིད། དབུ་མར་འཕོ་མེད་དུ་བཅིང་ཞིང་ཐིམ་པའི་སྟོབས་ཀྱིས་ལས་རླུང་གི་འཕོ་བ་ཐམས་ཅད་འཕོ་བྲལ་གཞོམ་མེད་ཀྱི་དབྱིངས་སུ་ཐིམ་ནས། ཤིན་ཏུ་རྣམ་དག་ཡེ་ཤེས་ཀྱི་སྐུ་ནམ་མཁའ་ལྟར་འཕོ་འགྱུར་མེད་པ་དེ་ཐོབ། ལུས་ཟེར་རྒྱུ་འདི་དང་པོར་ཆགས་དུས། ཀུན་གཞི་སྲོག་གི་རླུང་དང་བཅས་པ་མ་ཡི་མངལ་དུ་ཞུགས་ཏེ་ཐོག་མར་ལུས་འཕེལ་བ། བར་དུ་ལུས་གནས་པ། མཐར་རྩ་ཐམས་ཅད་རླུང་གིས་དོར་ཞིང་སྐྱུར་ནས། དབུ་མའི་སྲོག་རླུང་ཉིད་དུ་བསྡུས་སོང་བའི་རྐྱེན་གྱིས་སྲོག་དེས་ལུས་བཏང་སྟེ་སྲིད་པ་གཞན་དུ་འཕོ་བར་བྱེད་པ་སྟེ་བརྒྱུད་རིམ་དེ་ལྟ་བུ་ཞིག་རེད། རྣལ་འབྱོར་བས་འདི་ལམ་དུ་བྱས་ན། འཕོ་མེད་ཡེ་ཤེས་ཀྱི་སྐུ་ཐོབ་པ་གོང་ནས་བཤད་མ་ཐག་པ་ལྟར་ཡིན། འདི་དུས་འཁོར་གྱི་ཆོས་སྐད་དང་བསྟུན་ན་ཡང་། སྲིད་པ་གསུམ་གྱི་སྐྱེ་འཇིག་ལས་རྒྱལ་བ་ཕྱི་ནང་གཞན་གསུམ་གྱི་ནང་ནས་གཞན་དུས་ཀྱི་འཁོར་ལོ། ཐབས་རྡོ་རྗེའི་རྣལ་འབྱོར་ལ་གོམས་པའི་སྟོབས་དེས། ཐབས་ཤེས་ཉི་ཟླའི་བགྲོད་པ་ཁུ་རྡུལ་ལྟར་སྲོག་ཐར་གྱི་འཕོ་བ་ཐམས་ཅད་གཞོམ་མེད་དྷུ་ཏུའི་དབྱིངས་སུ་རྫོགས་པར་བྱས་ནས། འཆི་བའི་སྒྲ་ལས་གཏན་དུ་སྒྱུལ་བ་དེ། དེ་ཁོ་ན་ཉིད་དུས་ཀྱི་འཁོར་ལོའི་གོ་འཕང་རེད། རྡོ་རྗེ་ལུས་ཀྱི་དབུས་ན་རྩ་དབུ་རྐྱང་རོ་གསུམ་གསལ་ཡོད་པ། ལྟེ་བ་སྤྲུལ་བའི་འཁོར་ལོའི་སྟེང་ཕྱོགས་ལ་སྲོག་གི་རླུང་གནས་པ། ལྟེ་བའི་འོག་ཏུ་ཐུར་སེལ་གྱི་རླུང་གནས་པ་རེད། སྟེང་ནས་སྲོག་གི་རྒྱུ་བ་དབུ་མར་འགོག་རྒྱུ་དང་། འོག་ནས་ཐུར་སེལ་གྱི་རྒྱུ་བ་དུང་ཅན་ལ་འགོག་རྒྱུའི་རྩ་ལ་བརྟེན་པའི་རླུང་གི་སྦྱོར་བ་དེ་སྲོག་རྩོལ་གྱི་དོན་རེད། སྲོག་དང་ཐུར་སེལ་གྱི་རྒྱུ་བ་དེ་སྲོག་རྩོལ་འཛིན་པའི་སྦྱོར་བའི་སྟོབས་དེ་ལ་བརྟེན་ཏེ། ལྟེ་བ་སྤྲུལ་བའི་འཁོར་ལོའི་བདེ་ཆེན་མཆོག་གི་གནས་ལ་བུམ་ཅན་བཟུང་བཞག་ན། སྦྱོར་དྲུག་དང་བསྟུན་ན་རྗེས་དྲན་དང་ཏིང་འཛིན་གྱི་སྟོབས་ཀྱིས་ཁུ་རྡུལ་རླུང་གསུམ་འགག་པའི་རྣམ་ཤེས་ཡེ་ཤེས་འདྲེས་པ་དེ་ལས། འཕོ་ཆགས་འཁོར་བའི་རྩ་བ་འགོག་པ་དང་ཆབ་ཅིག་ཏུ། འཁོར་བའི་ཡན་ལག་བཅུ་གཉིས་ལོག་ནས་བདེན་དོན་རྣམ་པ་བཅུ་གཉིས་ཀྱིས་སྒྲིབ་བྲལ་གྱི་ཡེ་ཤེས་མངོན་དུ་བྱེད་པ་རེད། སྤྱིར་རྫོགས་རིམ་གྱི་ངོ་བོ་དེ་རྣམ་རྟོག་གི་རང་བཞིན་ཤེས་ནས་དེ་ཉིད་མི་རྟོག་པའི་ལམ་དུ། དམིགས་པ་དང་བཅས་པའམ་དམིགས་པ་མེད་པའི་ཤེས་རབ་ཀྱིས་འགོག་པ་ཞིག་ཡིན། འདི་བླ་མེད་ཕ་རྒྱུད་ཀྱིས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དམིགས་རྒྱུ་དང་། མ་རྒྱུད་ཀྱིས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས། གཉིས་མེད་རྫོགས་ཆེན་གྱིས་ཆོས་ཉིད་མི་རྟོག་པའི་ཡེ་ཤེས་ལ་གཙོ་བོར་དམིགས་ནས། མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པ་རེད། རླུང་གི་གནད་འདི་ཕར་ལ་མདའ་ལྟར་འཕངས་པ། ཚུར་ལ་གཞུ་ལྟར་དགུག་པ། ནང་དུ་རྫོང་ལྟར་བསྐྱིལ་བ་གསུམ་ལ་འདུས་པ་རེད། དམིགས་པའི་གནད། ལུས་དབུས་ན་རྩ་དབུ་མ་ཁ་དོག་མཐིང་སྐྱ་ཞིག་ལ། ཁོག་སྟོང་ཡེ་ཤེས་ཀྱི་རྩ་ཡོད་པ། དེའི་གཡས་ན་སྐྱེས་པ་ལ་རོ་མ་དཀར་མོ། གཡོན་ན་རྐྱང་མ་དམར་པོ། བུད་མེད་ལ་དེ་གཉིས་ཀ་གོ་ལྡོག་ནས་ཡོད་རྒྱུ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་བའི་འཁོར་ལོ་ཡི་རྩ་འཁོར་བཞི་པོ་ཡང་རོབ་ཙམ་ཞིག་གསལ་མཛད་ན། གཙོ་བོར་འདི་ནས་དབང་གི་རྗེས་འབྲེལ་གྱི་ཕྱག་ལེན་ལ། དང་པོར་རྣམ་པ་ཚོས་བཞུགས་སྟངས་ཆོས་བདུན་བདེ་ལུགས་སུ་བཅས་ཏེ་བཞུགས་ཡོད་པ་བཞིན་ལ། རླུང་རོ་སུམ་ཕྲུག་གམ་དགུ་ཕྲུག་ཏུ་བསལ་མཛད་དགོས། ཕྱག་གཉིས་ཀྱི་སྲིན་མཛུབ་ཀྱི་རྩ་གཉིས་ཀ་མཐེ་མོས་གནོན་པའི་ཁུ་ཚུར་གྱིས་བརླ་རྩ་གཉིས་ཀའི་སོ་སོའི་རྩ་མནན་ནས་བཞུགས། འདིའི་སྐབས་ལ་དབུགས་སྣ་ནས་རྒྱུ། ཐོག་མར་ཕོའི་ལག་གཡས་སྲིན་མཛུབ་ཀྱིས་སྣ་ཁུང་གཡས་པ་འདན་ནས་སྣ་བུག་གཡོན་ནས་འདོད་ཆགས་ཀྱི་རླུང་དམར་པོ་ཁ་དོག་མི་གཙང་བའི་རྣམ་པ་ཅན་གྱི་རླུང་རོ་ཐེངས་གསུམ་ལ་འབུད། བུད་མེད་ལ་གཡས་གཡོན་གོ་ལྡོག་རེད། དེ་བཞིན་དུ་གཡོན་ཞེ་སྡང་དང་དབུས་གཏི་མུག་གི་རླུང་རོ་བསལ་དགོས་པ་མཁྱེན་བཞིན་པ་ལྟར་དུ་རེད། དང་པོར་རླུང་རོ་མཉམ་དུ་བསལ་རྒྱུ་བྱེད། འདིའི་མཚམས་ནས་འབྲུ་གསུམ་རྡོ་རྗེའི་བཟླས་པར་བྱེད་རྒྱུ་ལ། ཡིག་འབྲུ་ༀ་དཀར་པོ། ཨཱ་དམར་པོ། ཧཱུྃཿམཐིང་ག་གསུམ་པོ་དེ། དབུགས་ནང་དུ་ཡར་འབྱིན་དུས། ཨོཾ་དཀར་པོ། ཁོག་པོའི་ནང་དུ་གནས་དུས་ཨཱ་དམར་པོ། ཕྱི་ར་འབྱིན་དུས་ཧཱུྃ་སྔོན་པོར་སྒོམ་ནས། དེ་ཡང་གོང་ནས་ཞུས་པ་ལྟར་དུ་བུམ་ཅན་དང་སྦྲགས་དགོས་པ་རེད། སྟེང་རླུང་གིས་མར་མནན། འོག་རླུང་གིས་ཡར་སྡོམ། རླུང་ཁ་སྦྱོར་གྱི་ལྟེ་བར་བུམ་ཅན་འཛིན་དགོས། དེས་ན་འབྲུ་གསུམ་རྡོ་རྗེའི་བཟླས་པ་དེ་ཚར་ཉེར་གཅིག་ཙམ་མཛད་རྒྱུ་བྱེད། ད་འདི་ནས་རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་བའི་དགོས་དོན་རེད་མ་གཏོགས་དུས་ཚོད་ཀྱིས་འདང་དཀའ་འདུག སྤྱིར་རླུང་གི་གྲངས་དང་ཁ་དོག་རེག་བྱ་སོགས་ལ་བསླབ་དུས། རླུང་ཐུབ་ཐང་དུ་འཛིན་དགོས་པ་རེད། བུམ་ཅན་འཛིན་དུས་ཁ་སྣའི་དབུགས་དང་མཉམ་དུ་བུམ་ཅན་མི་ཟིན་པར་ཤོར་འགྲོ་རྒྱུ་ཅན་རྐྱལ་བ་ཁ་ཞིག་སོང་བ་འདྲ་ཞིག་མ་ཡིན། གཙོ་བོ་དམིགས་པའི་ཞི་གནས་ཅན་ཞིག་རེད། རླུང་ལ་བྱང་སོང་ན་མི་ཕལ་བ་ཞིག་གིས་དབུགས་ཀྱི་རྒྱུ་བ་བརྒྱ་ཕྲག་མང་པོའི་ཚེ་ལ། དབུགས་ཀྱི་རྒྱུ་བ་རེ་རེས་ཆོག་རྒྱུ་དང་དབུགས་ཀྱི་རྒྱུ་བ་མི་ཚོར་རྒྱུ་སོགས་ཀྱི་རྟགས་ཡོང་བ་རེད། འདི་ནས་གཙོ་ཆེ་བར། བུམ་ཅན་གྱི་དམིགས་པ་བཟུང་ནས་རྩ་འཁོར་ལོ་བཞི་དང་བཅས་པ་ཡེ་ཤེས་ཀྱི་རླུང་གིས་གང་བར་བསྒོམས། ཁྱད་པར་ལྟེ་བའི་ནང་དུ་བསྐྱོད་དུས་ནང་དུ་འཛུལ་ཡུན་ཇེ་རིང་བྱས། ཕྱིར་འཕེན་དུས་ལྷག་མོར་ཅུང་ཟད་འཛིན་དགོས། དགུག་དུས་ཤིན་ཏུ་དལ་མོར་བྱེད་རྒྱུ་ནི་མན་ངག་གི་གནད་དམ་པ་རེད། འབྱུང་འཇུག་གནས་གསུམ་ལ་རྡོ་རྗེའི་བཟླས་པ་ཚར་གཅིག་ཡིན་པས། རང་རང་ལ་བྱང་ཆ་ཡོད་མེད་དང་བསྟུན་ནས་ཚར་གསུམ་རེ་ལས་མི་ཉུང་བ་མཛད་བཞག་ཡོད་པ་རེད། འདི་བཞིན་ཞིབ་ཆ་བྱས་ཏེ་འདོན་དུས། དུས་ཚོད་ཡུན་རིང་འགོར་ཡང་ཐབས་མི་འདུག ཁྱེད་རྣམ་པ་ནི་ཆོས་འདོད་དོན་གཉེར་ཅན་མ་འོངས་བསྟན་རྒྱུན་འཛིན་མཁན་རེད། ང་ལ་མཚོན་ན་ལོ་གྲངས་བདུན་ཅུ་དོན་གྲངས་ཀྱི་རིང་ལ། འདི་དག་གི་མང་དང་མང་གི་དུས་ཚོད་སྟོང་ཟད་དུ་བྱས་པ་རེད། ད་ལྟའི་ཐེངས་འདི་ཚོ་ནི་བྱས་པ་དོན་ལྡན་དང་ངལ་བ་འབྲས་ཅན་ཞིག་རེད་བསམ་ནས། སྤྲོ་བཞིན་དུ་གཟབ་གཟབ་བྱས་ཏེ་འདོན་གྱིན་ཡོད་པར་མ་ཚད། འདི་བཞིན་དུ་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ན། སྨིན་གྲོལ་དབང་གི་དཀྱིལ་འཁོར་བྱེ་བ་ཕྲག་བརྒྱའི་ཞལ་ཕྱེས་ཤིང་། སྐལ་ལྡན་འདུས་པའི་འཁོར་ཚོགས་དེ་བས་མང་བ་ལ་སྨིན་ཅིང་གྲོལ་བ་བྱེད་པའི་འདུན་པ་སྨོན་ལམ་ཡང་བྱེད་ཀྱིན་ཡོད། འདི་ལ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་སོགས་མང་པོ་ཞིག་གསུང་རྒྱུ་ཡོད་ཀྱང་། དུས་ཚོད་མི་འདུག མཚམས་འདིར། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ༔ སོགས་རྗེས་ཟློས་དང་མིག་དར་བསལ་རིག་ཙཀ་ཀྱི་དབང་བསྐུར་བ་སོགས་ཀྱི་ཟུར་འཕྲོས། ཤེས་རབ་ཡེ་ཤེས་ཀྱི་དབང་འདི་བླ་མེད་ཐུན་མོང་གི་གོང་མའི་དབང་ཐམས་ཅད་ལ་འབྱུང་བ་རེད། མཆོག་དབང་གོང་མ་གསུམ་གྱི་ནང་ནས་གཅིག་ཡིན། ཤེས་རབ་ཡེ་ཤེས་ཀྱི་དབང་འདི། རྟེན་ལས་རིགས་ཆོས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཤེས་རབ་མའི་སྒྲ་ཡིས་མཚོན་པ་རེད། དེ་ལྟར་མཚོན་པ་ལས་བརྟེན་པ་དགའ་བཞིའི་ཡེ་ཤེས་བསྐྱེད་པའི་དབང་ཡིན་པས་ན། ཤེས་རབ་ཡེ་ཤེས་ཀྱི་དབང་གསུངས་སོ། འདི་མཚོན་བྱེད་དཔེ་ཡི་ཡེ་ཤེས་ལ་བརྟེན་ཏེ་མཚོན་པར་བྱ་བ་དོན་གྱི་ཡེ་ཤེས་རྟོཊ་པའི་ཐབས་སམ་ལམ་དུ་གྱུར་བ་ཞིག་རེད། གསང་སྔགས་བླ་མེད་ཀྱི་ལམ་འདི། ངོ་བོའི་ཆ་ནས་བསྐྱེད་རྫོགས་གཉིས། ཉམས་ལེན་ཚུལ་གྱི་སྒོ་ནས་ཐབས་གྲོལ་གྱི་ལམ་གཉིས་ལ་འདུས་གསུངས་བ་ནི། ཐབས་ཀྱིས་ངེས་པའི་ལམ་དང་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ཐབས་གྲོལ་གྱི་ལམ་གཉིས་ཀ་ནི། དཔེ་བཞག་ནས་གསུང་དུས། མཀྵི་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་དང་རིན་པོ་ཆེ་ཀོ་སྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོ་ཁམས་རིམ་གྱིས་གསེར་དུ་འགྱུར་བའི་དཔེ་དེ་གཉིས་ཀྱིས། རིམ་དང་གཅིག་ཆར་གྱི་དབྱེ་བ་ཕྱེས་ནས་གསུངས་ཡོད་པ་རེད། དེ་ཡིན་ན། ཐབས་གྲོལ་གྱི་ལམ་ཟེར་དུས། ཐབས་ཤེས་ཀྱི་བྱེད་པ་གཙོ་ཆེ་ཆུང་གིས་དེ་ལྟར་བཞག་པ་མ་གཏོགས། གཅིག་ཤོས་ལ་གཅིག་གི་གནད་མ་ཚང་པ་མིན་གསུངས་ཡོད། སྤྱིར་རྫོགས་རིམ་འདི་ལ་རྣམ་གྲངས་མང་ཡང་། ཉམས་སུ་ལེན་ལུགས་ཀྱི་ཐད་ནས་ཡིད་ཀྱི་དམིགས་པ་དང་། ལུས་ངག་གི་རྩོལ་བ་ལ་བརྟེན་ནས་མཚན་བཅས་ཀྱི་རྫོགས་རིམ་ཞིག་དང་། དེ་ལྟ་བུའི་རྩོལ་བ་མི་དགོས་པའི་མཚན་མེད་ཀྱི་རྫོགས་རིམ་གཉིས་སུ་འདུས། ཉམས་སུ་བླང་བྱའི་ཐད་ནས་ཡིན་ན། འོད་གསལ་སྒྱུ་ལུས་ཟུང་འཇུག་གསུམ་ཡིན་པས། རྟེན་རྩ་རླུང་ཐིག་ལེ་ལ་གནད་དུ་སྨིན་པའི་བུམ་ཅན་དང་། ཕྲ་མོའི་ཐིག་ལེ་ཞི་བདེ་འབར་འཛག་ལ་སོགས་དང་། བརྟེན་པ་འོད་གསལ་གྱི་ཐིག་ལེ་ལ་གནད་དུ་སྣུན་པ་ནི། སྟོང་གཟུགས་དང་ཐོད་རྒལ་སོགས་ཐམས་ཅད་པོས་མཐར་རྡོ་རྗེ་བཞི་ཡི་ཡེ་ཤེས་མངོན་དུ་བྱས་ནས། ལས་ཀྱི་རླུང་དེ་ཉིད་དབུ་མར་སྟིམ་སྟེ། དག་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ་དངོས་རྒྱུད་ཐམས་ཅད་ནས་འཇུག་གིན་ཡོད་པ་རྐྱང་རྐྱང་རེད། དེ་ཡིན་ན། ཐིག་ལེ་འཇུ་འདུལ་གྱི་ཐད་འདི་ནས། ཀུན་རྫོབ་རྒྱུའི་ཐིག་ལེ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་རེ་དང་། སེམས་གནས་ཀྱི་ཏིང་འཛིན་རེ་ལམ་དུ་བྱེད་ཐུབ། དེ་ནི་དེའི་ཐབས་ཙམ་ཞིག་བསྟན་པ་ཡིན་རྒྱུ་དང་། དོན་དམ་འོད་གསལ་གྱི་ཐིག་ལེ་དེ་ཡིས་མཆོག་གི་དངོས་གྲུབ་ཐོབ། དེ་ནི་དེའི་ལམ་ཡིན་པས་རེད། མཆོག་གི་དངོས་གྲུབ་ཟེར་བ་དེ་གང་རེད་སྙམན། འབྲས་བུ་ཆོས་སྐུ་དང་ནི་ཡེ་ཤེས་རང་བབ་ཀྱི་བསམ་གཏན་མངོན་དུ་གྱུར་རྒྱུ་དེ་རེད། རྫོགས་ཆེན་མན་ངག་སྡེ་ལས། ཀུན་རྫོབ་ཀྱི་ཐིག་ལེའི་བྱེད་པ་ལམ་གྱི་ངོ་བོར་མི་འཛིན། ལམ་གྱི་ངོ་བོ་ནི་དོན་དམ་གྱི་ཐིག་ལེ་ལ་བརྟེན་ནས་འོད་གསལ་སྒོམ་པ་དེ་ལམ་གྱི་ངོ་བོ་ལ་འཛིན་པ་རེད། དེས་ན་ཐབས་ལམ་གྱི་སྐབས་སུ་རིག་མར་བསྟེན་རྒྱུ་ལ་སོགས་པ་ཅིའི་ཕྱིར་གསུངས་བ་རེད་བསམ་ན། འདི་ཀུན་རྫོབ་ཀྱི་ཐིག་ལེ་ལ་ཞེན་པ་ཆེ་བའི་གང་ཟག་དེ། ཐབས་དེ་ལ་བརྟེན་ནས་འདུལ་བའི་སྒོ་མ་འགག་ཙམ་མམ། སྐལ་བ་མ་ཆད་ཙམ། སྐལ་དམན་ནམ་སྐལ་ཆད་རྗེས་འཛིན་ཙམ་གྱི་ཆེད་དུ། ཐབས་ཀྱི་བྱེ་བྲག་གི་ནང་དུ་ཚུད་ཙམ་ཞིག་ལ་གསུངས་པ་རེད། དེ་ཙམ་མ་གཏོགས་ལམ་བཟང་ཆེ་ནས་བདམས་ཡོང་བ་མ་རེད། དེ་མིན་དོན་གང་ཡིན་ཟེར་ན། ཤེས་ནས་དོན་དམ་གྱི་ཐིག་ལེ་ལ་འཇུག་པའི་རིམ་པར་བརྟེན་པས་ཀྱང་གསལ་བོར་ངེས་ཐུབ་རྒྱུ་ཞིག་ཡིན། འདི་ཀུན་མཁྱེན་ཆེན་པོས་སྒྲ་ཐལ་འགྱུར་གྱི་ལུང་དྲངས་ནས། ཚིག་དོན་མཛོད་ཀྱི་རྡོ་རྗེའི་གནས་ལྔ་བའི་ནང་གསུངས་ཡོད་པ་དེར་ཞིབ་པར་གཟིགས་དང་མཁྱེན་ཡོང་། དེས་ན་འདི་གཅིག་ཆར་བའི་ལམ་རེད་དཔེ་མཀྵིའི་སྦྱོར་བ་ལ་བཞག་ནས་གོང་དུ་བཤད་མ་ཐག་པ་ལྟར་དུ། ལྕགས་ཡུད་ཙམ་གསེར་དུ་བསྒྱུར་བ་ལྟ་བུ་འདི་ལམ་མཆོག་མིན་དོན་ཅི་རེད་བསམ་ན། གང་ཟག་དབང་རྣོན་ཅིག་ཆར་བས་དེ་ལྟར་འགྲུབ་ཐུབ། རྨ་བྱར་དུག་གིས་གཟི་མདངས་བསྐྱེད་པ་ཅན་པོ། གོང་ནས་ཐབས་གྲོལ་གྱི་ལམ་གཉིས་གཅིག་ལ་ཅིག་ཤོས་ཀྱི་གནད་མ་ཚང་པ་མིན་ཟེར་མ་ཐག་པ་ལྟར་དུ། ཀུན་རྫོབ་ལ་བརྟེན་ཏེ་དོན་དམ་གྱི་ཡེ་ཤེས་མངོན་དུ་བྱས་པས་ན་ཅིག་ཆར་བ་གསུང་པ་རེད། བརྩོན་འགྲུས་ཅན། དབང་རབ། རྟོགས་སྒོམ་ཆིག་ཆོད་ཅན་གྱི་ཅིག་ཆར་བའི་ལམ། ཐབས་ཀྱི་སྤྱོད་པ་རྨད་བྱུང་གིས་རང་གནས་ཀྱི་ཡེ་ཤེས་བཙན་ཐབས་སུ་འཆར་ཏེ། བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་སོང་བའི་དཔལ་ས་ར་ཧ་པ་དང་སློབ་དཔོན་པད་མ་འབྱུང་གནས་ལྟ་བུ་ཡིན་ན། སྨྲོས་མ་དགོས་པ་རེད། དེ་ཙམ་མིན་རུང་། རིག་འཛིན་འཇིགས་མེད་གླིང་བ་ལྟ་བུ་ཀུན་རྟོག་བཞོན་པ་ལས་རླུང་དང་བཅས་པ་བདེ་སྟོང་དྷུ་ཏུའི་དབྱིངས་སུ་སིམ་པའི་སྣང་ཆ་གསུངས་ཡོད་པ་ལྟར། རྩ་ཡི་འགྲོས་དག་རླུང་སེམས་ལས་སུ་རུང་། མགྲིན་པའི་རྩ་མདུད་གྲོལ། གང་སྣང་བརྡ་དང་དཔེ་ཆར་ཤར་པ་དེ་འདྲ་ཡིན་ན་མ་གཏོགས། མཀྵི་ཀིའི་སྦྱོར་བ་བྱེད་ཁུལ་བྱས་ཀྱང་སྦྱོར་སྟངས་མ་ཤེས། ལྕགས་གསེར་དུ་བསྒྱུར་རྒྱུ་ཕར་ཞོག ལྕགས་ནག་བཙའ་ཁོ་མ། སྔར་བས་ཇེ་ངན་དུ་སོང་སྟེ་གྲོང་མཐའི་ཉོབ་ལུད་ཀྱི་ནང་ན་གཡུག་འཇོག་རྒྱུ་ཅན་པོ་རེད་ན། འཇིག་རྟེན་པའི་རྒན་པོ་རྒན་མོ་བཟང་བ་དག་གི་ངོ་ཡ་མི་ཡོང་པ་ཞིག་ཀྱང་རེད་མི་སྲིད་པ་མ་རེད། དེ་དུས་མིང་དང་རུས་སོགས་ཀྱིས་མི་སྐྱོབས། དེ་བས་རིམ་གྱིས་པ་བརྟན་ཤག་ཤག་ཡིན་པས། རིན་པོ་ཆེ་ཀོ་སྟུ་བྷ་དང་ལྷན་ཅིག་ཏུ་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་ཐབས། ཤེས་རབ་ཅན་གྱིས་ཐོག་མར་ཐོས་པ་ནས་འགོ་བཟུང་སྟེ་ཚུལ་གནས་ཐོས་དང་བསམ་ལྡན་གྱིས་སྒོམ་པ་ལ་སྦྱོར་བ། ལྟ་བས་གཏན་ལ་ཕབ། ལྟ་དོན་ཏིང་འཛིན་གྱིས་རྩལ་སྦྱང་རྒྱུ་སོགས་ལ་གོམས་པར་བྱས་ན། མཉམ་བཞག་དང་རྗེས་ཐོབ་ཀྱི་རྣལ་འབྱོར་ལ་བརྟེན་ནས་འཁྲུལ་རྟོག་རང་ཞིག་ལ་འགྲོ། ཀུན་རྟོག་གི་སེམས་གྲོལ་རིམ་བཞིན། དེ་དང་མཉམ་པོར་འགྲོགས་ནས། རླུང་ཁམས་ཀྱི་འཕོ་བ་ཐམས་ཅད་ཡེ་ཤེས་ཀྱི་དབྱིངས་སུ་གྲོལ་བ་ཆོས་ཉིད་ཡིན་པས་མཐར་གྱིས་མཐར་བྱུང་འཕོ་བའི་བག་ཆགས་མ་ལུས་ལོག་པ་འབྲས་བུའི་མཐར་ཐུག་ལ་གནད་གཅིག་ཏུ་འདུས་པར་བཞག་ཐུབ། འོད་གསལ་དོན་གྱི་ཡེ་ཤེས་ད་ལྟར་ངོས་ཟིན་ཐབས་བྱེད་པ་ལྟ་བ་མ་རྨོངས་བའི་ཁྱད་པར་རེད། ད་ལྟ་ནས་ངོས་འཛིན་པ་རྫོགས་ཆེན་ཁོ་ནའི་ཁྱད་ཆོས་རེད། མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་གཉིས་ཀ་མཐར་ཐུག་མཚོན་བྱ་དོན་གྱི་ལྷན་སྐྱེས་ལ་ཐུག་ཀྱང་། གོལ་ས་ཡོད་མེད། དཀའ་སླ། མྱུར་བ་སོགས་ཀྱི་ཁྱད་པར་ཧ་ཅང་ཆེ། དེ་ལྟར་རིང་ལམ་ཞིག་ལ་བཟུང་ནས་རྩ་ཐིག་ལམ་དུ་བྱེད་པ་མཚོན་བཅས་དཔེའི་ཡེ་ཤེས་མྱུར་ལམ་དུ་འཛིན་པ་ནི། ཡུམ་གྱི་ནང་ན། གླང་པོ་རྙེད་ནས་གླང་རྗེས་འཚོལ། །ནོར་བུ་བཞག་ནས་འཆིང་བུར་རེ། །ཞེས་གསུངས་བ་དང་གཅིག་མཚུངས་རེད། སྣང་གསུམ་འཕོ་བའི་བག་ཆགས་སྦྱང་རྒྱུ་དེ་ཡང་། མཐའ་ཅིག་ཏུ་ཐབས་ལམ་ཕྱོགས་གཅིག་པ་ཁོ་ནར་ལ་ལྟོས་པ་ཞིག་མ་རེད། མཚན་མེད་ཀྱི་འོད་གསལ་དོན་གྱི་ཡེ་ཤེས་ལམ་དུ་བྱེད་དུས་མཚན་བཅས་ཀྱི་ལམ་མི་དགོས། རིག་པའི་ཡེ་ཤེས་གདོད་ནས་འཕོ་འགྱུར་བྲལ་བ་དེའི་ངང་ལ་གོམས། གོམས་པ་ཀློང་དུ་གྱུར་སོང་ན་སྣང་བ་གསུམ་གྱི་འཕོ་བ་ཐམས་ཅད་རང་དག་ལ་སོང་ནས་འཕོ་མེད་དོན་གྱི་ཡེ་ཤེས་ཀྱི་སྐུ་འགྲུབ་པ། བསྐྱེད་རྫོགས་ཐབས་གྲོལ་མཚན་བཅས་མཚན་མེད་སོགས་ལམ་ཐམས་ཅད་ཀྱི་གནད་དེར་འདུས། འདི་ནས་དམིགས་བསལ་བོག་འབྱིན་ལས་ཀྱི་ཕྱག་རྒྱའི་ལམ་དང་སྦྱར་ཏེ་འདུ་ཤེས་གསུམ་ལྡན་གྱི་སྙོམས་འཇུག་གསུངས་པའི་སྐབས་འདི་ལ། འདོད་ཆགས་ཆེན་པོ་ཞེས་པའི་སྒྲ་ཡིས་བདེ་བ་དང་སྟོང་པ་དབྱེར་མེད། མཐའ་བཞི་གྲོལ་བའི་དེ་ཁོ་ན་ཉིད། སོ་སོར་རང་གི་རིག་པས་མྱོང་བྱ་དེ་བསྟན་པ་རེད། དེ་འདུས་བྱས་འགྱུར་བདེ་ཞིག་དང་ཕུང་པོ་རྣམ་དཔྱད་ཀྱིས་སྟོང་པ་ཞིག་དང་གཉིས་སྦགས་ཨེ་ལོ་ལྟས་པ་དང་མི་འདྲ་བར། འདི་ཡས་བབས་དང་མས་བརྟན་གྱི་རྒྱུ་འབྲས་གཉིས་སུ་ཕྱེས་ཏེ་ལུགས་འབྱུང་ལྡོག་གི་དགའ་བཞིའི་གནས་ཀྱི་ཆ་ནས་ངོས་བཟུང་བའི་སྟོང་བཞི་དང་རེ་རེ་བཞིན་དུ་སྦྱར་བ་བརྒྱད་ཉིས་བཅུ་དྲུག དེ་ཉིད་རྣམ་པ་བཅུ་དྲུག་གི་རང་བཞིན། ཐིག་ལེ་བཅུ་དྲུག་དང་དགའ་བ་བཅུ་དྲུག་ལ་ཤར་བ། རྡོ་རྗེའི་ལུས་ཀྱི་གནས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ལ་འཇུག་པའི་ཆ་དེ། སྲོག་རྩོལ་གྱི་ནུས་པས་འཆིང་ཡོང་དུས། ཏིང་འཛིན་གྱི་སྟོབས་ཀྱིས་རྩ་འཁོར་ལོ་སོ་སོ་ལས་གྱེས་པའི་རྩ་ཕྲན་བདུན་ཁྲི་ཉིས་སྟོང་གསུངས་པ་རེད། དེའི་རྩ་ཕྲན་མང་པོ་དེ་རླུང་ཟིན་པ་དང་མཉམ་དུ་དྭངས་མ་གསུམ། དྭངས་མ་གསུམ་པ་དང་མཉམ་དུ་བདེ་བ་ཟིན་ནས་འཕོ་བྲལ་ཟག་མེད་ཀྱི་བདེ་བ་མངོན་དུ་གྱུར་ནས། འཁོར་ལོ་སོ་སོའི་གནས་ཐམས་ཅད་འཕེལ་ཞིང་གང་བས། ལམ་རྟགས་ཀྱི་ཡོན་ཏན་ཡང་དེ་བཞིན་མངོན་དུ་གྱུར། རེད་དེ་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བ་ལྷན་སྐྱེས་འཕོ་མེད། ཀུན་རྟོག་བརྒྱད་བཅུའི་རྣམ་རྟོག་ཐམས་ཅད་འགག་པའི་མཐའི་འོད་གསལ། སྟོང་ཉིད་དོན་གྱི་ཡེ་ཤེས་དངོས་སུ་བརྙེས་པ་དེ། དབང་བཞི་བའི་སྐབས་སུ་རེད། དེས་ན་དབང་གསུམ་པའི་དཔེའི་ཡེ་ཤེས་འདིས། དབང་བཞི་བའི་དོན་གྱི་ཡེ་ཤེས་མཚོན་དགོས་པས། དཔེ་དོན་རྣམ་པ་འདྲ་རུང་གི་ཐོག་ནས་འདི་ན་དོན་གྱི་ཡེ་ཤེས་ཇི་བཞིན་མངོན་དུ་གྱུར་བའི་མོས་པ་མཛོད་གསུངས་པ་རེད། དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་འདིའི་དབང་རྟེན་ལས་ཀྱི་ཕྱག་རྒྱ་སྒྲ་ཇི་བཞིན་པ་ལ། ཚངས་པར་སྤྱོད་པའི་རྟེན་ཅན་ཞུགས་རུང་མི་རུང་གི་བཞེད་ཚུལ་མང་ན་ཡང་། གང་ལྟར་གྲོལ་བ་དོན་གཉེར་གྱི་གང་ཟག་ཡིན་ཕྱིན་རྟེན་ཁྱིམ་སྔགས་པ་ཡིན་ཡང་ཐབས་ཀྱིས་མ་ཟིན་པའི་ཉོན་མོངས་རང་གར་སྤྱད་ན་ནི། མིང་ལ་སྔགས་པ་ཐོགས་བྱེད་སྔགས་སྡོམ་དབང་གི་སྐབས་ནས་ཞུས་པ་ཡིན་དུས། དབང་གི་སྔོན་འགྲོའི་སྡོམ་བཟུང་གི་སྐབས་ནས་རྩོམ་སྟེ་སྡོམ་གསུམ་ཡར་ལྡན་དུ་སྒྲུབ་པ་ཡིན་ན། གང་ཞིག་ཉམས་ཀྱང་སྡོམ་པ་དེ་ཚོའི་རང་བཞིན་ཡེ་ཉམས་ལ་འགྱུར་མི་སྲིད་རྒྱུ་མ་རེད། སྡོམ་པ་ཞུ་རྒྱུའི་ཐད་ནས་ཐ་མལ་པ་ཞིག་དང་མ་འདྲ་བའི་སྔགས་ཀྱི་སྡོམ་པ་སྡོམ་གསུམ་ཡར་ལྡན་ཞིག་ཞུས་ན་ཡང་། སྤྱོད་པ་ཐ་མལ་པ་དང་འདྲ་འདྲ་བྱས་ཏེ་སྔགས་པའི་བསྲུང་བྱ་གཅིག་ཀྱང་མ་སྲུང་ན། ཉེས་ལྟུང་ལ་རིན་པ་བྱིན་ནས་རང་གིས་ཉོས་པ་དང་གཅིག་མཚུངས་རེད། དེས་ན་རྟེན་ཁྱིམ་པ་སྔགས་པ་ཡིན་ཆོག་དུས། རབ་བྱུང་སྨོས་མ་དགོས་པ་རེད། གལ་ཏེ་གསེར་འགྱུར་གྱིས་ལྕགས་གསེར་ལ་དེ་མ་ཐག་བསྒྱུར་བའི་ནུས་པ་མེད་ན། མིང་ལ་ཅིག་ཆར་ཟེར་ཡང་། མཐར་དགོས་རྒྱུའི་དོན་ལ་དེ་ལྟར་མིན་པས་ན། བརྟན་ཤག་ཤག་རིམ་གྱིས་པ་མང་ཆེ་བའི་ཚོད་རེད་ཟེར་བ་ཡིན། འཁོར་འདས་མཉམ་ཉིད་ལ་རྟོགས་པའི་ལྟ་བས་ཐག་ཆོད། སྒོམ་པས་འདུ་ཤེས་གསུམ་ལྡན་གྱི་ཏིང་འཛིན་གནད་ཐོག་ལ་ཕེབས། སྤྱོད་པ་བླང་དོར་དྲིལ་བའི་རྨད་བྱུང་བརྟུལ་ཞུགས་ཀྱི་སྤྱོད་པ་གཏན་འགན་ལམ་དུ་བླངས་ཏེ། གོང་ནས་བཤད་པ་ལྟར་དུ་ས་ར་ཧ་པ་དང་པདྨ་ཀ་ར་སོགས་མཚན་གཞིར་བཞག་པ་ཅན་པོ་འདྲ་འདྲ་ཡིན་ན་ནི། ཕྱི་རོལ་ངུར་སྨྲིག་རྟགས་ཀྱི་ཆ་ལུགས་ཙམ་འཆང་བའི་རྟེན་ལ་ལྟོས་ནས། དེ་ཟབ་ལམ་བསྒྲུབ་སར་ཞུགས་པའི་སྐལ་བ་མེད་པ་ཞིག་ལ་གོ་སོང་ན། གོ་ནོར་རེད། ལམ་གོང་འོག་ཐམས་ཅད་ཉོན་མོངས་རང་མཚན་སྤོང་བར་མཁས་གྲུབ་ཐམས་ཅད་ཞལ་མཐུན་པ་ཡིན་པས་ན། དེ་ནི་ཐབས་ཀྱི་མཐར་ཕྱིན་པའི་ཚངས་སྤྱོད་ཀྱི་རྒྱལ་པོ་ཡང་ཡིན་པ་དེ་འདྲ་ཞིག་རེད། མཚམས་འདིར། ཧྲཱིཿ གཞི་དབྱིངས་ཀ་དག་གཉུག་མའི་དྭངས་ཤེལ་ལས། །སོགས་ཚིག་དབང་རིན་པོ་ཆེ་གཙོས་པའི་དངོས་གཞིའི་དབང་བསྐུར་གྱི་ཟུར་འཕྲོས། ཉམས་སུ་ལེན་པ་ལ་དབང་ཞིང་སྣང་བཞི་མཐར་ཕྱིན་ནས་འཇའ་ལུས་འཕོ་ཆེན་གཞོན་ནུ་བུམ་པའི་སྐུར་བྱང་ཆུབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། གསུངས་པ་དེས་ཅི་ཞིག་བསྟན་ཡོད་ན། དབང་བཞི་བ་ཚིག་དབང་རིན་པོ་ཆེ་རང་གཞུང་ཆོག་ཁྲིགས་ཀྱི་ངོ་སྤྲོད་དང་བཅས་པ་སོང་བ་རེད། འདིའི་དབང་བཞིའི་ནང་གི་དང་པོ་བུམ་པའི་དབང་དེ། སྐུ་རྡོ་རྗེ་སྤྲུལ་སྐུའི་ངོ་བོ་བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ལྷ། གདན་གསུམ་ཚང་པའི་རྣམ་པར་བཞུགས་པའི་མདུན་ནས་ཞུས་པ་ཡིན། གཉིས་པ་གསང་བའི་དབང་ནི། གསུང་རྡོ་རྗེ་ལོངས་སྐུའི་ངོ་བོ། བླ་མ་ཡབ་ཡུམ་གྱི་སྐུ་ལས་སམ། རྩ་ཡིག་བདུད་རྩིའི་དཀྱིལ་འཁོར་ནས་ཞུས་པ་དང་། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། གོང་དུ་སོང་མ་ཐག་པ་ཐུགས་རྡོ་རྗེ་ཆོས་སྐུའི་ངོ་བོ། ལྷ་དང་བླ་མའི་རྣམ་པར་ཤར་བ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་ཞུས་པ་ཡིན། དབང་བཞི་བ་འདི། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་བདག་ཉིད་ཅན་གྱི་བླ་མ་ལས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བསྐུར་ཐོབ་བྲལ་བའི་གནས་ལུགས་དོན་གྱི་དབང་དེ། མ་སྩལ་རང་ལ་རྫོགས་པའི་དབང་རང་རྫོགས་སུ་ངོ་སྤྲད་ནས་ཐོབ་དགོས་རྒྱུ་ཞིག་རེད། འདིའི་དབང་བཞི་བ་ཚིག་དབང་རིན་པོ་ཆེ་འདི་ལ་ནང་གསེས་ཀྱི་དབྱེ་བ་ཕྱེས་ནས་ཞིབ་ཏུ་བཤད་ཡོང་ན། འདི་ལ་དབྱེ་བའི་རྣམ་པ་འགའ་ཞིག་ཡོད། ཚིག་གི་བཞི་པ། དོན་གྱི་བཞི་པ། རྟེན་ཅན་གྱི་བཞི་པ། ལམ་གྱི་བཞི་པ། ད་དུང་དེའི་ཐོག་ཏུ་འབྲས་བུའི་བཞི་པ་ཟེར་རྒྱུ་ཞིག་དང་རྣམ་པ་ལྔ་ཡོད། དེའི་ནང་ནས་ཚིག་གི་བཞི་པ་གསུངས་པ་དེ། སྔར་དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཡས་བབས་ཀྱི་དགའ་བཞི་རྫོགས་པའི་མཐའ་དེར། ཐབས་ཀྱིས་ལྡོག་པའི་མས་བརྟན་གྱི་དགའ་བཞི་རྫོགས་པའི་མཐའ་མར་ཉམས་སུ་མྱོང་བའི་དཔེའི་ཡེ་ཤེས་དེ་དང་། རང་སེམས་ལྷན་ཅིག་སྐྱེས་པའི་དོན་གྱི་ཡེ་ཤེས་དེ་གཉིས་ཀ་རོ་གཅིག་གཉིས་མེད་དུ་མངོན་དུ་གྱུར་བ་དེ་ཉིད། ཚིག་གིས་བརྡ་འམ་ངོ་སྤྲད་པ་རེད། དེ་ལ་ཚིག་གི་དབང་བཞི་པ་གསུངས་སོ། དེའི་འཕྲོར་རྟེན་ཅན་གྱི་བཞི་པ་གསུངས་རྒྱུ་དེ། གལ་ཏེ་རང་བབ་ཀྱི་ཡེ་ཤེས་ངོས་མ་ཟིན་ཐབས་ཟད་ན། ལས་རྒྱར་རྟེན་པའི་ཐབས་ལམ་དང་འབྲེལ་བ་དེ་རྟེན་ཅན་གྱི་བཞི་པ་ཡིན། གང་ལྟར་ཡང་བརྩོན་པའི་ཤུགས་ཀྱིས་ཚོགས་སྦྱོར་ལ་སོགས་པའི་ལམ་གྱིས་གོམས་པར་བྱེད་པ་དེ་ལམ་གྱི་བཞི་པ་རེད། འབྲས་བུའི་བཞི་པ་ནི། མས་བརྟན་དགའ་བ་བཅུ་དྲུག་གི་མཐའ་ལ་ས་ལམ་རྫོགས་པའི་སྐད་ཅིག་ལ་སྐུ་བཞི་ཡེ་ཤེས་མངོན་དུ་བྱེད་པ་དེ་ཡིན། འདི་ནས་ཚིག་གི་བརྡ་ཡིས་དོན་གྱི་ཡེ་ཤེས་ལ་སྦྱོར་བ་འམ་དབང་རྣོན་གཅིག་ཆར་པ་དབང་དུས་འདི་ཉིད་ལ། ས་ལམ་གདན་ཐོག་གཅིག་ཏུ་ཆོད་ཅིང་གྲོལ་བ་བྱེད་པ་ཡོད་དགོས་པ་ཡིན་པས། འདི་རིག་པ་རྩལ་གྱི་དབང་ཆེན་ནམ་ཡེ་ཤེས་རྒྱལ་ཐབས་ལུགས་ཀྱི་དབང་ཡང་རེད། འདིའི་དབང་གི་ངོ་བོ་དེ་གང་ཡིན་ན། རང་གི་སེམས་ཉིད་ངོས་བཟུང་དང་བྲལ་བའི་སེམས་ཀྱི་རང་ངོ་མཐོང་བ་དེ་ཉིད་རེད། ཇི་ལྟར་བསྐུར་བ་དེ། ཐབས་ལ་བརྟེན་པའི་ཤེས་རབ་ཁྱད་པར་ཅན་གྱིས་ངོ་སྤྲད་པ་སྟེ་བརྡ་རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་པར་བྱས་ཏེ། ཆོས་དབྱིངས་བློ་འདས་ཁྱབ་གདལ་ཆེན་པོའི་དོན་དབང་དེ་བསྐུར་བ་ཡིན་པས། བརྡ་རྡོ་རྗེ་སེམས་དཔའི་མེ་ལོང་གིས་དོན་ཆོས་དབྱིངས་སྐྱེ་འགག་བྲལ་བ་ཇི་ལྟར་མཚོན་ཟེར་ན། དབྱིངས་ཀ་དག་དྭངས་ཤེལ་ལྟ་བུ་ལ། འོད་གསལ་ལྷུན་གྲུབ་རང་ཆས་སུ་ཡོད་པ་དེ་རང་མདངས་འཇའ་ཟེར་གྱིས་མཚོན་པར་བྱས་པ་རེད། འདིར་རྡོ་རྗེ་སེམས་དཔའ་ཞེས་པའི་སྒྲ་དོན་ཇི་ལྟར་འབྱོར་སྙམ་ན། དབྱིངས་ཀ་དག་གི་གདོད་མའི་གནས་ལུགས་གང་དུ་ཡང་འགྱུར་བ་མེད་པས་ན་རྡོ་རྗེ་དང་། དེ་ཉིད་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་དྭངས་ལ་སྒྲིབ་པ་མེད་པས་ན་སེམས་དཔའ་གསུངས་པ་རེད། ཡེ་ཤེས་ཀྱི་རང་མདངས་སྣ་ཚོགས་འཆར་ནུབ་ལ་འགག་པ་མེད་པར་མེ་ལོང་ལྟ་བུ་ཞིག་ཡིན་པས་ན་མེ་ལོང་སྟེ། དཔེ་གཅིག་དང་བརྡ་གཅིག་གིས་མཚོན་པའི་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་། ཡེ་ཤེས་མིག་གཅིག་དྲི་མ་མེད། །གསུངས་རྒྱུའི་དོན་དང་ལྡན་པའི་ངོ་སྤྲོད་མཛད་ན། གཞི་དབྱིངས་ཀ་དག་གཉུག་མའི་ཡེ་ཤེས། གཞི་གནས་ཡེ་ཤེས་གསུམ་ལྡན་དུ་བཞུགས་པ། མན་ཤེལ་རིན་ཆེན་ཟུར་བརྒྱད་གསུངས་པ་རེད། རང་བཞིན་གྱིས་དག་ཅིང་སྒྲིབ་གཡོག་བྲལ་བ། ཕྱི་ནང་མེད་པར་གསལ་བ་འདིས། ནང་གསལ་སྐུ་གསུམ་འདུས་པའི་ཆོས་སྐུ་དེ་མཚོན་པ་རེད། དེའི་ནང་གསལ་གྱི་རང་མདངས་ཤེས་རབ་སྲོག་ཏུ་གྱུར་བའི་རླུང་ཡན་ལག་བཞི་ལྡན་ལ། གདངས་ཕྱི་གསལ། གཞི་སྣང་ལྷུན་གྲུབ་རིག་པའི་འཇའ་ཟེར་ཤར་ཡོང་དུས། གཟུགས་སྐུ་གཉིས་གདུལ་ཞིང་དང་བཅས་པ་སྣང་བའི། མཚན་ཉིད་འཛིན་པའི་ཡེ་ཤེས་དང་། ཡུལ་ལ་ཁྱབ་པའི་ཡེ་ཤེས། དེ་རྐྱེན་ལས་ཤར་བའི་འཇའ་འོད་ཁ་དོག་ལྔ་ལྡན་དུ་སྣང་བ་འདིས་མཚོན་པ་ཡིན་ན། གཞི་ཀ་དག་དང་ལྷུན་གྲུབ། ལམ་ཁྲེགས་ཆོད་དང་ཐོད་རྒལ། འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ། འདི་བླ་མེད་ཐུན་མོང་དང་སྒོ་བསྟུན་ཡོང་ན། སྦྱང་གཞི་བདེ་གཤེགས་སྙིང་པོ་ཡེ་ནས་དྲི་མས་མ་གོས་པ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པའི་ཀློང་དུ། སྦྱང་བྱ་གློ་བུར་གྱི་འཁྲུལ་རྟོག་བག་ཆགས་དང་བཅས་པ། སྦྱོང་བྱེད་ཀ་དག་སྟོང་བའི་འོད་གསལ་དང་། ཐོད་རྒལ་སྣང་བའི་འོད་གསལ་ལ་བརྟེན་ནས། སྦྱངས་འབྲས་སྐུ་གསུམ་ལྷུན་རྫོགས་ཀྱི་གདོད་མའི་གཞི་ཀློང་གཞི་འབྲས་དབྱེར་མེད་ཀྱི་ངོ་བོར། སྐད་ཅིག་གཅིག་གིས་ཀུན་བཟང་ཆོས་དྲུག་གི་སངས་རྒྱས་པ་དེ་རེད། འདི་བཤད་ཚུལ་གཞན་ཞིག་ནི། གཞི་ཀ་དག་གིས་བྱས་ན། ལམ་ཁྲེགས་ཆོད་ཀྱིས་བསྐྱོང་པས་འབྲས་བུ་རགས་ལུས་རྡུལ་ཕྲན་དུ་དེངས་རྒྱུ་ཞིག་དང་། གཞི་ལྷུན་གྲུབ་གྱིས་བཟུང་ན། ལམ་ཐོད་རྒལ་ལ་བརྟེན་ནས་འབྲས་བུ་འོད་ལུས་འཕོ་ཆེན་གྱི་སྐུར་བཞེངས་བ། མདོར་ན་སྟོང་བའི་འོད་གསལ་དང་། སྣང་བའི་འོད་གསལ་གྱི་ལྡོག་ཆའི་ཕྱེས་པའི་ཉམས་ལེན་རྩལ་འདོན་དང་ནི། སྣང་བཞིའི་བགྲོད་པ་ལུགས་འབྱུང་ལྡོག་གི་ཁྱད་པར་མ་གཏོགས། སྐུ་གསུམ་ལམ་སྣང་དུ་ཤེས་ཏེ་སེམས་ཉིད་ཆོས་སྐུར་དྲིལ་བ་ངོ་བོ་གཅིག་གི་སྣང་ཚུལ་ཙམ་ཞིག་རེད། ཀ་དག་དང་ལྷུན་གྲུབ་གཉིས་ཀ་ཡང་། གདུལ་བྱར་བསྟན་དུས་སྣང་སྟོང་གི་ཆ་ནས་ཕྱེས་པ་ལས། ཀ་དག་སྟོང་བ་ཆེན་པོའི་དགོངས་པ་ངོ་མའི་ཆ་ནས་གཞལ་ཡོང་ན། ལྷུན་གྲུབ་དེ་ལོགས་སུ་ཐ་དད་པ་ཞིག་མེད། དེས་ན་གཞི་ཀ་དག་ལྷུན་གྲུབ་ཐ་དད་མ་ཡིན་དབྱེར་མེད་ཡིན་པས། ལམ་ཁྲེགས་ཆོད་ཐོད་རྒལ་ཟུང་དུ་འབྲེལ་བས། འབྲས་བུ་གང་ཞིག་མངོན་དུ་གྱུར་བྱ། རིག་པ་གསལ་སྟོང་བརྗོད་མེད་ཡུལ་དང་ཡུལ་ཅན་གཉིས་མེད་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཡིན་པས། འདི་ལ་སྐུ་བཞི་བོ་ཚང་ཞིང་། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཐམས་ཅད་མ་ཚང་བ་མེད་པར་འདུས་པ་རེད། འདི་གཞི་ལམ་འབྲས་གསུམ་དུ་ཕྱེས་ཡོང་ན། འོད་གསལ་གཉུག་མ་འཕོ་འགྱུར་དང་བྲལ་བའི་ཡེ་ཤེས་དེ་ཉིད། ཡེ་ནས་སྐད་ཅིག་ཀྱང་འབྲལ་མ་མྱོང་པ་རང་རྒྱུད་ལ་བཞུགས་པས་གཞི་དང་། དེ་ཉིད་མཚན་ལྡན་བླ་མས་རྒྱུད་ལུང་མན་ངག་གི་ཉེར་མཁོའི་གདམས་པས་གནད་བཀྲོལ་ནས། ངོ་སྤྲད་པ་ཇི་བཞིན་དུ་ཉམས་སུ་བླངས་བའི་ཆ་ནས་ལམ། ཉམས་སུ་བླངས་ཏེ་འཁྲུལ་བ་རང་དག་ལ་སོང་། སྒྲིབ་གཉིས་གཞི་ཀློང་ལ་ཐིམ། འོད་གསལ་མ་དང་དབྱེར་མེད་དུ་གྱུར་པ་ལ་འབྲས་བུར་བཞག་པ་རེད། འདི་ལ་དགའ་རབ་རྡོ་རྗེའི་མན་ངག་ཚིག་གསུམ་གནད་བརྡེག ཛྙ་ན་སུ་ཏྲའི་བཞག་ཐབས་བཞི། ཤྲཱི་སེང་ཧའི་གཟེར་བུ་བདུན་པ་དང་བཅས་པ། སློབ་དཔོན་པདྨ་ཀ་རས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་མཚོན་པར་ངོ་སྤྲད་པ། རྒྱལ་བ་ཀློང་ཆེན་པས་གནད་འགྲོལ། འགག་སྡོམ། ཆིངས་སུ་བཅིངས་པ་དང་། ལ་བཟླ་བ་གང་ནས་གསུངས་ཀྱང་དགོངས་པ་གཅིག་གྱུར། མ་བཅོས་བཟོ་མེད། སྣང་སྟོང་མཐའ་བྲལ་གྱི་རིག་པ་རྗེན་པའི་རང་ངོ་རང་བབ་ཀྱིས་སྐྱོང་རྒྱུ་ལ་གནད་འདུས་པ་རེད། དེའི་མ་ཚད་དབུ་ཕྱག་རྫོགས་གསུམ་གང་ནས་བཤད་ཀྱང་། མཐར་འབབ་ས་རྫོགས་པ་ཆེན་པོར་ཡིན་པ་ནི་རྒྱལ་བ་ཀློང་ཆེན་པས་ཐེག་མཆོག་མཛོད་ཀྱི་ནང་ན། གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད། གསང་ཆེན་འདིའི་སྒོ་ནས་སངས་རྒྱས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི་དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། གསུངས་སོ། དེའི་འཕྲོ་ཞིག་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་ཡང་འདི་སྐད་དུ། དེ་ཡང་སྔོན་བསྐལ་བ་དུ་མ་ནས་ཚོགས་བསགས་པའི་མཐུས་བསྟན་པ་འདི་དང་གདོད་འཕྲད་ནས་རིང་པོར་མི་ཐོགས་པ་འཚང་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་འཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་ཐོབ་སྟེ་གསུངས་ནས། འབྲས་བུའི་ཐུས་ཀ་དང་འཕྲད་པའི་ཕྱིར་རོ་ཞེས་རྟགས་བཀོད་ཡོད། ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལ་ཡང་། སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་ལ་སོང་ཡོད་ངེས་པ་ཡིན་ན། ཐུན་མིན་ཚེ་འདིར་མངོན་འཚང་རྒྱ་བའི་སྨིན་གྲོལ་གྱི་ལམ་འདི་འདྲའི་ཟབ་མོ་དང་འཕྲད་པ་ལ། སྔོན་བསགས་བསོད་ནམས་ཁྱད་པར་ཅན་ནམ་སྔོན་སྦྱོང་གི་ལས་འཕྲོ་ཡོད་པར་སྨོས་མ་དགོས་པ་རེད། དེའི་ཕྱིར་ན་རྫོགས་ཆེན་གྱི་གདུལ་བྱ་ཡིན་ན་དབང་རྣོན་ཡིན་པས་ཁྱབ་གསུངས་པ་ཡང་དོན་ལ་གྲུབ་པ་རེད། དེ་ལྟ་ན་གོང་དུ་སྒྲ་གཅན་འཛིན་གྱི་ཡུམ་སྟོད་དུ་ལུང་འདི་དྲངས་པ་ལྟར། རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་ངོ་བོ་གཅིག་ཅིང་། སྦས་དོན་ཡང་འབྱེད་ཀྱི་མན་ངག་གིས་གསལ་བར་བྱས་པའི། སྨྲ་བསམ་བརྗོད་བྲལ་བློ་འདས་རྫོགས་པ་ཆེན་པོ་སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བ་དེ་ཉིད། ལྟ་བ་ལུང་རིགས་དང་འབྲེལ་བས་གཏན་ལ་ཕབ། སྒོམ་པ་ཅོག་བཞག་བཞིས་ངང་སྐྱོང་། འབྲས་བུ་སྐུ་དང་ཡེ་ཤེས་མངོན་དུ་བྱ་བ་ལ། ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི་ལམ་ནས་སྣང་བཞི་མཐར་ཕྱིན། ཟག་པ་དབྱིངས་སུ་ཟད། སྐུ་གསུམ་ལམ་སྣང་ལ་རྫོགས། གདོས་བཅས་འོད་དུ་དག་སྟེ། འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་ནས། ཀུན་བཟང་ཆོས་དྲུག་དང་། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལས་མ་བྱུང་བའི་མན་ངག སེམས་ལས་མ་བྱུང་བའི་སངས་རྒྱས་ཏེ་རང་བྱུང་གི་ཆོས་གསུམ་གྱིས། ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས། ཚོགས་ཆེན་ཡེ་རྫོགས་ལ་གྱུར་ནས་སངས་རྒྱས་པ་རེད། སངས་རྒྱས་ཏེ་སླར་ཡང་འགྲོ་དོན་འཁོར་བ་མ་སྟོང་གི་བར་དུ། ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་ལྟར། རྒྱ་ཆེ་ལ་རྒྱུན་མི་ཆད་པར་མངོན་སུམ་དུ་འགྲོ་བའི་དོན་ལ་སྤྲུལ་བ་སྣ་ཚོགས་ཀྱི་བྱིན་རླབས་བྱུང་ནས་དབུགས་མ་ཕྱིན་པ་དབུགས་འབྱིན་པར་མཛད། མ་གྲོལ་པ་གྲོལ་བར་མཛད། མ་བསྒྲལ་པ་བསྒྲལ་བར་མཛད་པ་རེད། དེ་ཡིན་ན། དབང་བཞི་བ་ཚིག་དབང་འདི་ནི། རྟོགས་པ་ཡེ་ཤེས་ཀྱི་དབང་རེད། དེ་ཡང་ཕྱི་ལྟ་བ། ནང་སྒོམ་པ། གསང་བ་རིག་པ་གསུམ་གྱི་ནང་ནས་རིག་པ་རྩལ་འདོན་གྱི་དབང་བསྐུར་བ་རེད་ཟེར་ན་ཡང་ཆོག་པ་ཞིག་རེད། ངོ་སྤྲོད་ཀྱིས་རང་ངོར་སྤྲད། མངོན་སུམ་གྱིས་དོན་ལ་བལྟ། ཤར་གྲོལ་གྱིས་གནད་ལ་བརྒལ་བ་སྟེ་གསུམ་ལ་ཕྱེ་ནས་ངོ་སྤྲད་པ་འདི་ལ། རིག་པའི་རྩལ་དབང་ཡང་ཟེར་བ་རེད་ལ། མན་ངག་ཆིག་ཆོད་ཆིག་རྫོགས་ཀྱིས་བྱིན་རླབས་བཙན་ཐབས་ཀྱིས་འཕོ་བའི་ཆ་ནས། རིག་པ་ཡེ་ཤེས་སྤྱི་བླུག་གི་དབང་གི་གོ་དོན་ཡང་འདི་ལ་ཚང་བ་རེད། མཚམས་འདི་ནས་རྣམ་པ་ཚང་མས་ལུས་གནད་སྐྱིལ་ཀྲུང་དྲང་པོར་མཛད་ནས་བཞུགས། རླུང་གི་གནད་དབུགས་ཁ་ནས་སོ་མཆུ་མ་རེག་གི་བར་དུ་འབྱིན་འཇུག་དལ་མོར་མཛད་དགོས། གོང་དུ་དབུགས་སྣ་ནས་མངགས་རྒྱུ་དེ་བླ་མེད་སྤྱི་འགྲོས་ལྟར་དུ་རེད། འདི་ནས་ཐུན་མིན་རྫོགས་པ་ཆེན་པོའི་ལུགས་ཀྱི་དབུགས་ཁ་ནས་འབྱིན་འཇུག་དལ་མོས་ཐད་ཀར་གློ་བའི་ནང་དུ་རླུང་འཇུག་དགོས་པ་རེད། ཕྱག་གཉིས་ཀས་གསལ་མཉམ་གཙོ་འདོན་གྱི་ཆེད་དུ་ངལ་གསོ་ཡེ་ཤེས་ཀྱི་བཞུགས་སྟངས་ཀུན་མཁྱེན་ཀློང་ཆེན་པའི་ཕྱག་སྟབས་མཛད་རྒྱུ་དང་ནི། མིག་མི་གཡོ་བ་ཐད་ཀའི་བར་སྣང་ལ་གཏད་མེད་དུ་བཞག་ནས། ཚོགས་དྲུག་གང་ཤར་བཟོ་མེད་ལ་བཞག་སྟེ་དབང་པོའི་དུང་སྟོན་ནས། སེམས་ཀྱི་གནད་མ་བཅོས་རིག་པ་སྟོང་གསལ་མཁའ་ལྟར་སྒྲིབ་གཡོག་དང་བྲལ་བའི་ངང་ལ། བཅས་བཅོས་མེད་པར་དལ་ཅིག་མཉམ་པར་བཞག་ནས་བཞུགས་མཛད་དགོས་པ་རེད། ཅེས་བླ་མས་ཨ་ཨ་ཞེས་དལ་གྱིས་གསུངས་མཐར། ཕཊ ཞེས་ཧིག་ཀ་བརྗོད། སེམས་གང་ཡིན་སོགས་གསུངས་ཟིན་རྗེས་ཀྱི་འཕྲོས་དོན། སྨིན་གྲོལ་གཉིས་ཀ་བཤད་པ་གཅིག་མཚུངས་རེད། གང་སྨིན་པར་བྱེད་པ་དེ་ཉིད་གྲོལ་བའི་ཆེད་དང་ནི། གྲོལ་བའི་ཆེད་དུ་སྨིན་པར་བྱ་དགོས་པར་མ་ཟད། དབང་དུས་སུ་གྲོལ་བ་ཅིག་ཆར་བས་ཀྱང་ལྟ་བ་ལུང་རིགས་དང་འབྲེལ་བའི་དོན་ལ། ཐོས་བསམ་སྒོམ་པར་བརྒྱུད་མི་དགོས་མཁན་ཞིག་མིན་པ། རྟོགས་པ་མངོན་གྱུར། ས་ལམ་བགྲོད་པ་མྱུར་བའི་རྩལ་གྱིས་ཆིག་ཆོད་སྐད་ཅིག་གིས་གྲོལ་བ་ཡིན། དེས་ཀྱང་མངོན་སུམ་རིག་པའི་རང་ངོ་རྗེན་ཅེར་དུ་ཡོད་པ་དེ། སྒྲིབ་མེད་མངོན་སུམ་མཐོང་བ་ལས་ལྷག་གང་ཡང་མེད། དེ་ཡིན་ན་ཐོག་མའི་ཉམས་ལེན་གྱི་སྒོ་ཆེན་ལ་ཞུགས་པའི་གང་ཟག་སྤྱིར་བཏང་པ་ཞིག་ལ་མཚོན་ནས་བཤད་ན། རྣམ་རྟོག་ངོ་ཤེས་པ་དང་ནི། རིག་པ་ངོ་ཤེས་པ་གཉིས་ཀ་ཁ་ཁ་རེད། སེམས་དང་ཡེ་ཤེས་གཉིས་ཀ་ཡང་དེ་བཞིན་དུ་སོ་སོར་ཡིན། ཡིན་ན་ཡང་སེམས་ཀྱི་ཆོས་ཉིད་ཡེ་ཤེས། སེམས་དང་རིག་པ་གཉིས་ཀ་གང་ཞིག་གང་གི་ཁྱབ་བྱེད་དུ་འགྲོ་མི་འགྲོའི་ཐད་ནས་ཡིན་ན། རིག་པ་ལ་སེམས་ཀྱི་སྒྲིབ་བྱེད་ཡོད་དུས་སེམས་ཅན་རེད། སེམས་དེ་ཉིད་རིག་པར་གྲོལ་དུས་སངས་རྒྱས་ཟེར་བ་རེད། གཞི་གཅིག་ལམ་གཉིས་འབྲས་བུ་གཉིས་གསུངས་པ་ལྟར། གཞི་མཐུན་པར་གནས་པས། རིག་པས་མ་རིག་པ་ལ་ཕར་ཁྱབ་སྟེ། སེམས་ཀྱི་རང་བཞིན་མ་རིག་པ་ཅན་ལ་ཡང་ཆོས་ཉིད་ལྡང་དུ་རུང་བ་ཡིན་པས་སོ། འོན་ཀྱང་མ་རིག་པས་རིག་པ་ལ་ཚུར་ཁྱབ་པ་ཞིག་མི་སྲིད། དེ་ཡིན་པ་མི་སྲིད་པའི་ཤེས་བྱ་རེད། མ་རིག་པ་གློ་བུར་གྱི་དྲི་མ་ཡིན་པས། དེ་ཉིད་སྤངས་ཟིན་པའི་སངས་རྒྱས་ལ་དེ་ཡོད་མི་སྲིད་པ་རེད། དེས་ན་སེམས་འགག་དུས་རང་དང་ངོ་བོ་རྫས་གཅིག་པའི་མ་རིག་པ་ཆ་དང་བཅས་པ་འགགས་ཀྱང་། རིག་པ་ནི་འགག་གཞི་ཡིན་པའི་དབང་གིས་ནམ་ཡང་མི་འགག མ་རིག་པ་སེམས་ཀྱི་ཆ་དང་བཅས་པ་འགག་པས། རིག་པའི་ཆ་སྐུ་དང་ཡེ་ཤེས་སུ་རང་ཤུགས་ཀྱིས་རྒྱས་ཏེ། ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་གཉིས་ལ་ལོངས་སྤྱོད་པ་རེད། གཉིས་ཆོས་ཀྱི་འཁྲུལ་བ་སངས་ནས། གཉིས་མེད་ཀྱི་ཡེ་ཤེས་རྒྱས་པ་ལ་སངས་རྒྱས་ཞུ་བ་ལས་དེ་མིན་པའི་ཁ་ཁ་ཞིག་ན་སངས་རྒྱས་ཟེར་རྒྱུ་ཞིག་མེད་དོ། དེ་ཡང་འཁྲུལ་བ་ཟེར་བའི་ཡོད་པ་ཞིག་མེད་པར་གྱུར་ཏེ་སངས་སོང་བ་དང་། གཉིས་མེད་ཟེར་བའི་མེད་པ་ཞིག་གསར་དུ་ཡོད་པ་རེད་ནས་རྒྱས་སོང་བ་ཞིག་ག་ན་ཡིན། གཤིས་ལ་འཁྲུལ་བ་མ་གྲུབ་པ་གང་ཞིག་ངོ་བོ་གཉིས་མེད་ཡེ་ཤེས་སུ་ཡེ་ནས་རྒྱས་ཏེ་ཡོད་པ་ལ་ཡེ་ནས་སངས་རྒྱས་པ་གསུངས་པ་རེད། གཤིས་ལ་འཁྲུལ་བ་མེད་པ་ལ་སྤང་བ་ཕུན་ཚོགས་དང་། ངོ་བོ་གཉིས་སུ་མེད་པ་ལ་རྟོགས་པ་ཕུན་ཚོགས་ཞེས་བརྗོད། དེ་བཞིན་དུ་ཡེ་ནས་སངས་རྒྱས་པ་མིན་ན་བསྒོམས་ཀྱང་སངས་རྒྱས་འགྲུབ་པའི་ཐབས་མེད། དཔེར་ན། ས་ལེ་སྦྲམ་ཡེ་ནས་གསེར་མིན་ན་གསེར་ཡིན་ཟེར་བ་ཙམ་གྱིས་གསེར་དུ་མི་འགྲོ་བ་བཞིན་ནོ། ཞེས་གུ་རུ་རིན་པོ་ཆེས་གསུངས་སོ། ཁྲེགས་ཆོད་སྟོང་བའི་འོད་གསལ་རྩལ་འདོན་གྱིས་བཤད་ན་དེ་འདྲ་ཞིག་རེད། ཐོད་རྒལ་སྣང་བའི་འོད་གསལ་ལ་བསམ་བློ་བཏང་ན། གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་དུ་སེམས་ཀྱི་ཆོས་ཉིད་ལ་གཞོན་ནུ་བུམ་སྐུའི་ཚུལ་དུ་བཞུགས་པ་རེད། ཡིན་ན་ཡང་ཐ་མལ་ཕུང་ཁམས་སྐྱེ་མཆེད་ཀྱིས་སྒྲིབ། ཟག་བཅས་ལས་ཉོན་གྱི་འཆིང་བས་བཅིངས་ནས། ཡེ་ཤེས་དང་ཆོས་ཉིད་ལྐོག་གྱུར་བག་ལ་ཞ་བར་གྱུར་ཏེ། ཡེ་ཤེས་རང་འོད་ཀྱི་སྐུ་དང་ཁ་དོག་གི་སྣང་བའི་རང་ཞལ་མཐོང་མི་ཐུབ་པ་རེད། རྫོགས་པ་ཆེན་པོའི་མན་ངག་གིས་སོ་སྐྱེས་ཐ་མལ་པས་ལྷུན་གྲུབ་འོད་གསལ་གྱི་སྦུབ་ནས་རང་བྱུང་ཡེ་ཤེས་ཀྱི་རང་ཞལ་དེ་མཐོང་བྱེད་དུ་ལྷུན་གྲུབ་ཐོད་རྒལ་གྱི་གནད་འདི་ལ་ཐུག་ཡོད་པ་རེད། མདོར་ན་མ་དག་ལས་རླུང་གིས་བསྐྱེད་པའི་སྣང་བ་ཐམས་ཅད་གཞོམ་མེད་ཡེ་ཤེས་ཀྱི་ཀློང་དུ་སྦྱངས་ནས་འཇའ་ལུས་འཕོ་ཆེན་གྱི་སྐུ་འགྲུབ་པ་རེད། རིག་པ་ཀུན་ཏུ་བཟང་པོ་དེ་ཐོག་མའི་སངས་རྒྱས་ཡིན་ཞིང་། དེ་རང་ལ་ཡོད་པའི་གདངས་རང་སྣང་རྡོ་རྗེ་ལུ་གུ་རྒྱུད་དངོས་སུ་མཇལ་བ་དེ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་འདྲ་འདྲ་བྱས་ཏེ་མཉམ་སོང་བ་ཡིན། ཀུན་ཏུ་བཟང་པོས་ཀྱང་རང་ངོ་མཐོང་། དེ་ལ་གནས་པ་ལས་ལྷག་གི་མགྱོགས་དར་བླངས་བཏང་བ་ཞིག་གང་ཡང་ཡོད་པ་མ་རེད། སུ་ཡིན་རུང་མ་འཁྲུལ་གཞིའི་གནས་ལུགས་མངོན་དུ་གྱུར། གཞི་འབྲས་དབྱེར་མེད་རེད་དུས་སངས་རྒྱས་སོང་བ་ཡིན། ཡང་གསང་བླ་སྒྲུབ་ཀྱི་སྨིན་བྱེད་ཡེ་ཤེས་རྒྱ་ཅན་འདི་ནི། རྫོགས་ཆེན་གསང་བ་མན་ངག་སྡེའི་ཡང་གསང་བླ་མེད་ལྟར་དུ་བསྟན་པས་ན། བསྟན་དོན་ཇི་བཞིན་དུ་མ་བཀྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣལ་དུ་འབྱོར་རྒྱུ་དེ་ཡིན་ན། དེ་རྟོགས་ལྡན་བླ་མའི་ཐུགས་ཀྱི་ངོ་བོ་ཡིན་པས། བླ་མ་དང་ཐུགས་ཡིད་དབྱེར་མེད་དུ་འདྲེས་པ་གཅིག་པུས་རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེ་པ་རེད། བླ་མའི་རྣལ་འབྱོར་བསྒོམས་ཤིང་སྒྲུབ་པས་བསོད་ནམས་དམ་པའི་ཚོགས་རྫོགས། ཐུགས་ཡིད་འདྲེས་པའི་ཆོས་ཉིད་ལ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན་པས་ན། ཚོགས་གཉིས་ནི་འབྲས་བུའི་ཐུས་ཀ་འམ་ངོ་བོ་ཡིན་པའི་ཕྱིར་ན། འདི་ལ་བརྟེན་པ་མྱུར་ལམ་ཁྱད་པར་བ་ཡིན་པའི་རྒྱུ་མཚན་དེ་དག་རེད། དབང་བཞི་བ་ཚིག་དབང་རིན་པོ་ཆེ་འདི་གདོད་མའི་གྲོལ་ཚུལ་མཐར་ཐུག་གི་དབང་ཞིག་རེད། རྟོགས་པ་སྐྱེ་བ་བླ་མའི་བྱིན་རླབས་དང་ནི། བྱིན་རླབས་འཇུག་པ་མོས་གུས་ཀྱི་རྟེན་འབྲེལ་ལ་རག་ལས་པ་ཡིན་པས། དད་པའི་ཉེར་ལེན་སུ་ལ་ཡོད་ན། དེ་ལ་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་ཡོད་པ་ནི་མཚན་ཉིད་ཐེག་པ་ལས་ཀྱང་གསུངས་ཡོད་དེ། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བ་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་བའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་གསུངས་སོ། དེ་བཞིན་དུ། བླ་མ་ཟེར་ཚད་བླ་མ་མིན་ཡང་སློབ་མ་ཟེར་ཚད་ཀྱང་སློབ་མ་མ་རེད། རྒྱལ་བའི་ཡུམ་ལས། ཕྱིར་མི་ལྡོག་པའི་བྱང་སེམས་ཕྱིར་མི་ལྡོག་པའི་ཆོས་བརྗོད་པའི་ངག་ལས་དཔོག་གསུངས་བས། ངག་ལས་བརྗོད་པ་ཙམ་གྱིས་མ་ཚད། ངག་ལས་བརྗོད་པ་ཇི་བཞིན་དོན་མཐུན་དོན་སྤྱོད་ཀྱི་མཛད་པ་མངའ་བས་དཔོག་རྒྱུ་ཡང་ཤུགས་བསྟན་ལོས་ཡིན་རེད། དེའི་མ་ཚད་བཅོམ་ལྡན་འདས་ཀྱིས། མ་འོངས་ཕྱི་མའི་དུས་ན་ཁོང་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས་བྱོན་ཡོང་། དེ་ཡང་ད་ལྟ་ང་དང་ཚུལ་མཐུན་པ་ཡོད་གསུངས་པ་རེད། དེའི་དབང་གིས་ཕྱི་ཚུལ་གྱི་རྣམ་པ་བཟང་ངན་དང་འཇིག་རྟེན་མཐུན་འཇུག་ལ་མཁས་དང་མི་མཁས་ལ་མ་ལྟོས་པར། སངས་རྒྱས་ཀྱི་བཀའ་བཞིན་བསྒྲུབས་ཤིང་དེ་བཞིན་སྲུང་པ་ཞིག་ཡིན་ན་བླ་མ་ངོ་མ་ཡིན་པ་དང་། དེ་ལྟ་བུའི་བླ་མ་དེའི་གསུངས་བཞིན་སྒྲུབ་མཁན་ཞིག་ལ་སློབ་མ་ངོ་མ་ཟེར་བ་དང་། དེའི་མཐུན་རྐྱེན་སྦྱར་མཁན་དེ་ལ་བསྟན་པའི་སྦྱིན་བདག་ཟེར་བ་རེད། དེ་ལྟ་བུ་དག་གང་དུ་ཡོད་ན་གནས་དེར་སངས་རྒྱས་ཀྱི་བསྟན་པ་ངོ་མ་ཡོད་རྟགས་རེད། དེས་ན་དཀོན་མཆོག་གི་སྣང་བ་ཡོད་པའི་ས་ཕྱོགས་སུ་གནས་པའི་སྐྱེ་བོ་ཚོས་འབད་པར་བྱས་ན། འདི་ཕྱི་རང་གཞན་འཕྲལ་ཡུན་ལ་བདེ་བའི་ལམ་རྙེད་ཐུབ་པ་རེད། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །སོགས་ཀྱི་སྨོན་ལམ་ས་དེ་དག་ནས་འདོན་ན་དམིགས་གཏད་ཅན་གྱི་སྨོན་ལམ་ལ་འགྲོ་བ་རེད་སྙམ། དེ་སྔོན་ཡན་ཆད་ལ་རང་གཞན་མང་ཆེ་བ་ཞིག་གིས་ཆོས་ཁ་ནས་བཤད་རྒྱུ་དང་། རྣ་བས་ཉན་རྒྱུ་ཁོ་ནར་རེད་སོང་བ་ཡིན་ན་ཡང་། ད་ནི་སེམས་ཀྱིས་བསམ་ནས་ཡིད་ཀྱིས་སྒོམ་རྒྱུ་ཞིག་བྱེད་དགོས། ཆོས་ཉིད་མངོན་སུམ་གྱི་གནད་དེ། བླ་མས་བསྟན་ཅིང་རང་གིས་ཉམས་སུ་མ་བླངས་ན། བེད་མེད་ཚུལ་གོང་ནས་ཞུས་མ་ཐག་པ་ལྟར་ཡིན། ད་ལྟར་འུ་ཚོ་ལ་མཚོན་ན། ང་བླ་མ་ཡིས་བརྩོན་འགྲུས་ཅན་གྱི་སློབ་མ་ལ་ཉམས་མྱོང་སྒོམ་པའི་སྟེང་ནས་ངོ་སྤྲད་རྒྱུ་ཞིག་མ་ཡོད་པ་རེད། རེད་དེ་ཁྱེད་སློབ་མ་རྣམ་པ་བཟང་བའི་དབང་གིས་དད་པ་ཅན་ལ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ་དང་། ཤེས་རབ་ཅན་ལ་གནས་ལུགས་ལྟ་བའི་ཐོག་ནས་ངོ་སྤྲད་པའི་ཕྱག་ལེན་དེ་བརྒྱུད་དོན་བླ་མས་མཛད་སྲོལ་ཇི་བཞིན་དུ་ཉམས་སུ་བཏབ་པ་བྱས་དང་བྱེད་བཞིན་པའི་ཁུལ་རེད། ཉམས་ལེན་སྤྱིར་བཏང་པ་རིམ་འཇུག་རྩོལ་བ་ཅན་གྱི་གང་ཟག་ཞིག་ཡིན་ན། སེམས་ཉིད་གནས་ལུགས་ཀྱི་དོན་དེ་གོ་མྱོང་རྟོགས་གསུམ་གྱི་རིམ་པ་བརྒྱུད་དགོས་པ་རེད། གོ་མྱོང་རྟོགས་གསུམ་པོ་ཅི་འདྲ་ཞིག་ལ་ཟེར་སྙམ་ན། སྤྱི་མཚན་མ་ནོར་པ་ཇི་བཞིན་དུ་གོ་བ་ལ་གོ་དང་། རང་མཚན་མངོན་སུམ་དུ་མྱོང་བ་ལ་མྱོང་བ། མྱོང་ཞེན་ཉམས་ཀྱི་དྲི་མ་དང་ངེས་ཤེས་ཡུལ་འཛིན་གྱི་དྲི་མ་ཐམས་ཅད་དག་ནས་རང་མཚན་མ་གྲུབ་པ་མངོན་སུམ་དུ་རྟོགས་པ་ལ་རྟོགས་ཟེར་བ་རེད། འདི་ཡང་ཤེས་བྱ་ཤེས་བྱེད་ཀྱི་ཐོག་ནས་བཤད་སོང་ན། ཤེས་བྱ་ཤེས་བྱེད་གཉིས་མེད་དུ་གོ་བ་གོ་དང་། གཉིས་མེད་མངོན་སུམ་དུ་མྱོང་བ་དེ་མྱོང་། དེའི་མྱོང་ཞེན་དེ་དག་ནས་གཉིས་མེད་མཉམ་ཉིད་དུ་སོང་བ་དེ་རྟོགས་པ་ཡིན་དགོས་པ་རེད། འདི་རྣམས་ལ་ནོར་ས་ཡོད་ཀྱང་མི་ནོར་བའི་ཐབས་སུ། གོ་བ་ཡིན་པའི་རྟགས་ལ་ཉམས་ལེན་གཏན་ལ་ཕབ་དཀའ་བ་སོགས་དང་། མྱོང་བ་ཡིན་པའི་རྟགས་ལ་ཉམས་ལེན་འཕེལ་འགྲིབ་ཅན། རྟོགས་པ་ཡིན་པའི་རྟགས་ལ་འཕེལ་འགྲིབ་མེད་པར་འཕེལ་མེད་འགྲིབ་མེད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ནམ་མཁའི་དཀྱིལ་ནས་མདུང་སྐོར་བྱས་པ་དང་། བྱ་ཁྱུང་ཆེན་གྱིས་མཁའ་ལམ་བཅད་པ་ལྟར་དུ། ཐོགས་ས། ཁེན་ས། ལྷུང་ས། འཐོར་ས་སོགས་གང་ཡང་མེད། གང་ལྟར་ཇི་སྲིད་གཟུང་འཛིན་སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་མ་ཡལ་པ་དེ་སྲིད་དུ་ཀུན་རྫོབ་ལས་དང་ལས་ཀྱི་འབྲས་བུ་བསླུ་མེད་སྙོན་མེད་དུ་ཡོད་པས། འཛིན་མེད་སྒྱུ་མ་ལྟ་བུས་རྩིས་ཟིན་པའི་ངང་ནས། ཐབས་ཤེས་ཟུང་འཇུག་གི་ལམ། ཐེག་པ་ཆེན་པོའི་དགེ་རྩ། དམ་པ་གསུམ་ལྡན་གྱིས་བསྒྲུབ་པ་སོགས་བླང་དོར་ཚུལ་བཞིན་དུ་མཛད་པ་མ་གཏོགས། སྟོང་ལྟ་ཧད་པོས་ལས་འབྲས་ཁྱད་གསོད་མི་བྱེད་པར། ཧ་ཅང་གལ་ཆེན་ཚིག་གིས་ནན་ཞུས་ཡིན་ལ། མཐའ་མའི་གཏམ་ལ་ཡང་སྐྱོར་བྱས་ནས་ཞུས་པ་ཡིན།

མཚམས་འདིར། ཨོཾ་ཨཱ་ཧཱུྃ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲཱི་སི་ཧ་དང་། །འོད་གསལ་སྙིང་པོའི་ཤིང་རྟ་བཱི་མ་ལ། །སོགས་དབང་བསྐུར་རྗེས་ཀྱི་ཟུར་འཕྲོས། ད་ལྟར་ང་ཚོས་དབང་བསྐུར་རྒྱས་པའི་ལུགས་ལྟར་བྱེད་ཀྱིན་ཡོད་པ་རེད། འདིའི་འཕྲོ་དེ་མ་ཐག་ཏུ་མཐའ་རྟེན་མྱོང་གྲོལ་དམ་རྫས་རིལ་བུའི་དབང་དང་། རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུའི་བཏགས་གྲོལ་གྱི་དབང་གཉིས་ཀ་འབྱུང་བ་རེད། ད་རེས་ཤིན་ཏུ་རྒྱས་པའི་ལུགས་བྱས་ཏེ་བསྐུར་བའི་སྐབས་ཡིན་པས། འདི་གཉིས་ཀ་ཡང་རིམ་པ་བཞིན་དུ་འབུལ་རྒྱུ་བྱེད་དགོས། སྤྱིར་ན་རིལ་བུམ་གྱི་དབང་འདི་བུམ་དབང་གི་རྗེས་འབྲེལ་དང་། བཏགས་གྲོལ་གྱི་དབང་འདི་དབང་བཞི་བ་དང་འབྲེལ་ནས་བསྐུར་བའི་གོ་དོན་ཡོད་ཀྱང་། རིལ་བུམ་འདི་ཀུན་གྱི་མཐའ་རྟེན་གྱི་བྱིན་རླབས་རྗེས་གནང་གི་ཚུལ་དང་། བཏགས་གྲོལ་ནི། དབང་བཞི་པ་དང་བཀའ་ལུང་ཡོངས་རྫོགས་གཏད་རྒྱ། འདིའི་གླེགས་བམ་གྱི་དབང་དང་རིམ་ཅན་བསྐུར་ན་ཡང་དོན་དང་མི་འབྲེལ་པ་ཞིག་མ་རེད། ཡང་མཚམས་འདིར། དབྱིངས་ཀྱི་བུམ་པ་རིག་པའི་ལྷ་ཚོགས་རྣམས། །ཡེ་ཤེས་ཐུགས་རྗེའི་གཟི་བྱིན་རབ་འབར་བས། །སོགས་ཀྱི་དབང་བསྐུར་རྗེས། དེའི་ཡན་ཆད་ཀྱིས་དམ་རྫས་མྱོང་གྲོལ་མཐའ་རྟེན་རིལ་བུའི་དབང་སྦྱིན་པ་སོང་ནས། ད་ནི་རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུའི་དབང་བསྐུར་བྱེད་པ་ལ་འདི་ནས་ཐོག་མར། ན་རག་སྐོང་བཤགས་སམ་བརྗོད་མེད་དོན་བཤགས་གང་རུང་སྔོན་དུ་འགྲོ་བས་ཡིག་བརྒྱ་བཟླ་བ་དང་བཅས་གསུངས་འདུག་ཀྱང་ཡིག་བརྒྱ་ཚར་གསུམ་གསུངས་ན་འཐུས་རྒྱུ་བྱེད། ཅེས་ཀུན་གྱིས་ཡིག་བརྒྱ་ཚར་གསུམ་གསུངས་མཐར་བླ་མས་རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུའི་དབང་མཐའ་རྟེན་དང་བཅས་པ་བསྐུར་ནས་འཚོགས་གྲོལ་ལོ།།


previousཉིན་བདུན་པའི་དབང་དོན་ཟབ་ཁྲིད། next