Nitartha Digital Library
Tibetan
 
previousཉིན་བརྒྱད་པའི་དབང་དོན་ཟབ་ཁྲིད། next

ཉིན་བརྒྱད་པའི་དབང་དོན་ཟབ་ཁྲིད།

དེ་ནི། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་དང་། སངས་རྒྱས་སྟོང་དབང་། དཔག་མེད་མྱུར་ལམ་གྱི་དབང་། ཡུམ་ཀ་བདེ་ཆེན་རྒྱལ་མོའི་དབང་སོགས་ཡིན། དབང་ཆོག་ལོ་རྒྱུས་གསུངས་རྗེས་ཀྱི་ཟུར་འཕྲོས་འདི་ལྟར་གནང་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་ནི། བསྐལ་བ་དཔག་མེད་མཐའ་ཡས་པའི་སྔོན་རོལ་ཞིག་ནས་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་པ་ཡིན་ཡང་། གདུལ་བྱའི་སེམས་ཅན་འདུལ་བྱེད་དུ་འགྲོ་དོན་ལ་སྐྱོ་དུབ་མེད་པར། སྐུ་གསུམ་གྱི་ཞིང་ཁམས། སྟོན་པ་འཁོར་དང་གདུལ་བྱར་བཅས་པ་བཀོད་ནས་གསང་བ་གསུམ་གྱི་སྒྱུ་འཕྲུལ་སྣ་ཚོགས་པ་བསྟན་པ་ཡིན་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པར་སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་བ་ལ་སོགས་པ། ཆུ་ཀླུང་སྣ་ཚོགས་པའི་མདོ་དང་། པུཎྜརི་ཀའི་མདོ། པདྨ་དཀར་པོའི་མདོ། སྙིང་རྗེ་རྣམ་པར་རོལ་བའི་མདོ་ལ་སོགས་པའི་མདོ་ཉི་ཤུ་ཐམ་པ་དང་། པདྨ་ཅོད་པན་གྱི་རྒྱུད་དང་བཅས་པའི་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་གཅིག སྟོན་པ་ཤཀྱཱའི་རྒྱལ་པོས་བཀའ་འཁོར་ལོ་ཐོག་མཐའ་བར་གསུམ་གྱི་སྐབས་སོ་སོ་ནས་གསུངས་པ་ལྟར་དང་། དེ་ལས་སངས་རྒྱས་སྣང་བ་མཐའ་ཡས་སོགས་ཀྱིས་ཕྱག་སྟོང་སྤྱན་སྟོང་དུ་ཇི་ལྟར་བྱིན་གྱིས་རླབས་ནས། བསྐལ་བ་འདིར་སངས་རྒྱས་སྟོང་དང་། རྒྱལ་པོ་སྟོང་། སྒྲོལ་མ་དཀར་སྔོན། ཨོ་རྒྱན་པདྨ་འབྱུང་གནས་ལ་སོགས་པ་ནས་དེང་གི་ཆོས་བརྒྱུད་ཁག་གི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་བར་དུ་སྤྲུལ་བ་མཛད་ནས། འགྲོ་དོན་མཛད་ཚུལ་གོང་དུ་དབང་གི་ཆོག་ཁྲིགས་ཀྱི་མཚམས་སྦྱོར་ལས་གསུངས་པ་ལྟར་ལགས། ལྷག་པར་དུ་བོད་འདི་འཕགས་པའི་གདུལ་ཞིང་གྱུར་ཚུལ་གྱི་ཐད་ནས་ཡིན་པས་ན། དུས་གདུལ་བྱ་འདུལ་བའི་སྐབས་ལ་བབས་པའི་དུས་ཤིག་ལ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས། འཕགས་པ་སྤྱས་རས་གཟིགས་ལ། བཅོམ་ལྡན་འདས་ཤཀྱཱ་ཐུབ་པའི་ཞིང་ཁམས་ཀྱི་རི་ཁ་བ་ཅན་གྱི་ས་ཆ་ན། བཅོམ་ལྡན་ཤཀྱཱའི་རྒྱལ་པོའི་སྐུ་དངོས་ཀྱི་གདུལ་བྱར་མ་གྱུར་ཀྱང་། ཁྱོད་ཀྱི་འདུལ་སྐལ་ཡོད་པས་ཞིང་དེར་སོང་ནས། ཁྱོད་ཀྱིས་གནས་དེའི་སེམས་ཅན་ཐམས་ཅད་དང་པོར་ཟང་ཟིང་གིས་བསྡུས། དེ་ནས་ཆོས་ཀྱི་སྦྱིན་པས་རྒྱུད་བསྐུལ་ཏེ། འདུལ་བ་མཛད་ནས་སྨིན་པར་མཛོད་གསུངས་བ་ལྟར་དུ། འཕགས་པ་སྤྱན་རས་གཟིགས་ནི། ཁོང་རང་གི་ཞིང་ཁམས་རི་བོ་ཏ་ལའི་རྩེ་མོ་རིན་ཆེན་སྣ་ཚོགས་ཀྱི་ཁང་བར་བྱོན་ནས། བོད་ལ་ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་གཟིགས་ཡོང་དུས། སངས་རྒྱས་བསྟན་པའི་སྣང་བ་མེད་པར་མུན་པ་མུན་ནག་གི་གནས་དེ་ན། སེམས་ཅན་སྐྱེས་ཚད་ཐམས་ཅད་མཚོ་ཐོག་ལ་ཁ་བ་བབ་པ་བཞིན་དུ། ངན་སོང་ངན་འགྲོར་མར་ཐིམ་འགྲོ་བ་མ་གཏོགས་ཡར་ཐར་དཀའ་བ། དཔེར་ན། ལྕགས་ཀྱི་ཟ་མ་ཏོག་ཁ་ལེབ་བཀབ་པ་ལྟར་གྱུར་ཡོད་པར་གཟིགས་སོ། དེ་བཞིན་དུ་སྟོན་པའི་དམ་ཆོས་དར་ན་ཡང་། དེའི་བསྟན་ལ་ཞུགས་མཁན་དེ་ཕྱི་མའི་མཐར་ཐོན་དུས་མདོ་སྔགས་ཀྱི་གཞུང་ལ་འཆད་ཉན་མི་བྱེད་པར། མན་ངག་ཐ་རེ་ཐོ་རེ་གཙིགས་སུ་བྱེད་པ་ཙམ་དང་། ཆོས་ལ་གསར་འགྲོགས་ཀྱི་ཨ་གསར་ཆེ་བའི་དབང་གིས། དང་པོའི་སྣ་ལ་དར་སླ་བའི་རྣམ་པ་ཞིག་ཡོད་ཀྱང་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་ཆུང་བས་ནུབ་མགྱོགས་པ། ཆོས་བརྒྱུད་རང་རང་གི་སྙིང་པོ་མི་ཤེས་པའི་ཐོག་ཏུ་ཕྱོགས་འཛིན་དང་ང་ཁྱོད་ཀྱི་འཐེན་ཁྱེར་བྱེད་དགའ་ཆེ་བ། བསྟན་འཛིན་སློབ་དཔོན་གྱི་མིང་རེ་ཐོག་མཁན་ཚོའི་སྙིང་ལ་བདུད་ཞུགས་ནས་གཅིག་གིས་གཅིག་ལ་སྨོད། གཅིག་ལ་གཅིག་གིས་རྩོད། སྔགས་པའི་སྙིང་ལ་དམ་སྲི་ཞུགས། བཙུན་པའི་སྙིང་ལ་རྒྱལ་འགོང་ཞུགས། བུད་མེད་སྙིང་ལ་འདྲེ་མོ་དང་། བྱིས་པའི་སྙིང་ལ་ཐེའུ་རང་ཞུགས། དེའི་སྐབས་སུ་ལྷ་ཀླུ་གཉན་གསུམ་པོ་འཁྲུགས་ཏེ་འབྱུང་བཞིའི་དགྲ་ཡོང་། མུ་གེ་ནད་མཚོན་དར་ནས་དུས་ངན་འབྱུང་རྒྱུ་ལ་སོགས་པའི་སྔོན་མཐའ་ཕྱི་མཐར་ཐམས་ཅད་གཟིགས་ནས། ཐོག་མར་སྤྲེལ་རྒན་བྱང་ཆུབ་སེམས་དཔས་མི་བརྒྱུད་སྤེལ་བ་ནས། བར་དུ་དམ་ཆོས་འཆད་ཉན་བསྒྱུར་གསུམ་དང་། རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ། ཐ་མར་དུས་ངན་སྙིགས་མའི་སྐབས་འདི་ལ་མ་ཐུག་གི་བར་དུ། སྤྱིར་ན་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ། ཁྱད་པར་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་བ་རྒྱུན་མི་འཆད་པ་ཞིག་གིས་བོད་ཡུལ་ཉིད་ཀྱི་གདུལ་ཞིང་འདི་ཉིད་ད་ལྟའི་བར་དུ་སྐྱོང་མཛད་པ་ཡིན་ན། ལྷ་གཅིག་ཆོག་སྤྱན་རས་གཟིགས་དབང་གི། ཆོས་གཅིག་ཆོག་སྙིང་པོ་ཡི་གེ་དྲུག་མ་འདིས། ཚེ་འདིའི་དགོས་འདོད་འབྱུང་། ཕྱི་མར་བྱང་ཆུབ་ཐོབ་པ་སོགས། འདི་ཕྱི་རང་གཞན་གཉིས་དོན་འགྲུབ་པའི་འདོད་འབྱུང་གི་ནོར་བུ་འདི་གནང་བ་རེད། སྤྱིར་ན་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་འདི་མདོ་རྒྱུད་ཐམས་ཅད་ན་མང་། ཁྱད་པར་དུ་སྔགས་རྒྱུད་སྡེ་བཞི་དྲུག་གི་སྐབས་ནས་འབྱུང་བ་མང་ཡང་། འདི་ནས་འཕགས་པའི་དགོངས་གཏེར་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས་བྱོན་པའི། ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པའམ་མཁྱེན་བརྩེའི་འོད་ཟེར། སློབ་དཔོན་པདྨ་ཡབ་ཡུམ་གྱིས་མཚན་གསོལ་བ་ནི། པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེ་དེ་ཉིད་ཀྱི་དགོངས་ཀློང་ནམ་མཁའ་མཛོད་ཀྱི་ཆོས་གཏེར་ལས་བྱོན་པའི། འཕགས་མཆོག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འདིའི་མཚན་ལ། འོད་དཀར་མཐས་ཡས་ཞུ་བ་རེད། དེ་ཉིད་བསྐུར་བའི་སྐབས་ཡིན་ན། འཕགས་པ་བཅུ་གཅིག་ཞལ། ཕྱག་སྟོང་སྤྱན་སྟོང་། འཕགས་མཆོག་ཁ་སར་པ་ཎི། སེང་གེའི་སྒྲ། འཕགས་པ་སེམས་ཉིད་ངལ་གསོ། ནམ་མཁའི་རྒྱལ་པོ། སྡུག་བསྔལ་རང་གྲོལ་ལ་སོགས་པ་མཚན་གྱི་རྣམ་གྲངས་མཐའ་ཡས་པ་ཐམས་ཅད། དགོས་པ་དང་འགྲོ་དོན་གྱི་ཆ་ནས་གསོལ་བར་མ་ཟད། ཞི་དང་ཁྲོ་དང་ཞི་མ་ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བའང་མང་པོ་ཡོད་ཀྱང་། མཚན་ཅི་འདྲ་གསོལ། རྣམ་པ་ཇི་ལྟར་སྣང་ཡང་དོན་འཕགས་པ་སྤྱན་རས་གཟིགས་རེད། སྤྱན་རས་གཟིགས་ཞེས་པའི་མཚན་གྱི་སྒྲ་བཤད་བྱས་ན། ཇི་ལྟར་མཁྱེན་པའི་སོར་རྟོག་ཡེ་ཤེས་ཀྱི་སྤྱན་གྱིས། རང་བཞིན་དག་པའི་ཆོས་ལ་རྟག་ཏུ་གཟིགས་པས་ན་སྤྱན་རས་གཟིགས་དང་། ཇི་སྙེད་མཁྱེན་པ་ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་བཞིན་དུ། འགྲོ་བའི་སྡུག་བསྔལ་སེལ་བ་ལྷུར་ལེན་པས་ན་ཡང་སྤྱན་རས་གཟིགས་གསུངས་ནས་འགྲེལ་ཚུལ་རྣམ་པ་གཉིས་ཡོད། མཚན་འདི་ནི། སྙིང་རྗེ་ཆེན་པོའི་ཡོན་ཏན་གྱི་སྒོ་ནས་སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས་བཏགས་པ་རེད། སྤྱིར་ན་རྒྱལ་བ་ཐམས་ཅད་ཀྱི་དམིགས་མེད་ཐུགས་རྗེ་དེ་མཁའ་དང་ཆོས་དབྱིངས་ལྟར་རྒྱ་ཆེ་བ་ཡིན། འཕགས་པ་འདི་ཉིད་ཀྱང་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་གཅིག་ཏུ་བསྡུས་ཏེ་མཚོན་པ་རྟགས་ཀྱི་ཕྱག་རྒྱ། རྟག་ཏུ་བྱང་ཆུབ་སེམས་དཔའི་སྐུར་སྣང་བ་ཡིན་པས་ན་སངས་རྒྱས་ཀྱི་སྲས། དེ་བཞིན་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་བཅོ་བརྒྱད། དབང་བཅུ་སོགས་རྫོགས་པར་མ་ཚད་སོ་རིག་བཞི་ལ་དབང་ཐོབ་པའི་འདྲེས་ཆོས་ཐམས་ཅད་པོའི་གནད་སྲོག་གང་ལ་ཐུག་ས་ཐུགས་རྗེ་ཆེན་པོ་ཡིན་པ་དང་། འབྲས་ཆོས་དེ་ཐམས་ཅད་སྙིང་རྗེ་ཆེན་པོའི་དབང་དུ་བྱས་ནས། གཞན་དོན་ཁོ་ནས་བསྒྲུབ་པ་ཡིན་པའི་ཕྱིར་ན། སྙིང་རྗེའི་རང་གཟུགས་ཀྱི་ལྷ་འཕགས་མཆོག་དེ་ལ་ཐུགས་རྗེ་ཆེན་པོ་ཞུ་བ་རེད། འདིའི་གསང་གསུམ་གྱི་སྒྱུ་འཕྲུལ་གཞན་ཡང་། བརྒྱ་བྱིན་དང་། ཁྱབ་འཇུག དྲག་པོ་དང་ཚངས་པ། ས་དང་། རྒྱ་མཚོ། ཉི་ཟླ། རླུང་གི་ལྷ་ལ་སོགས་པའི་གཟུགས་ཅན་གྱི་འཕགས་པའི་སྤྲུལ་པ་གྲངས་ཀྱིས་མི་ཆོད་པ་ཞིག་ཡོད་པས། འཕགས་པ་འཇིག་རྟེན་དབང་ཕྱུག་ཅེས་པའི་མཚན་དེ་ཡང་དེ་ལྟ་བུའི་ཐོག་ནས་ཞུ་བ་རེད། གཉུག་མ་མི་ཤིགས་པའི་སྒོ་གསུམ་འདི་གདོད་ནས་ཐུགས་རྗེ་ཆེན་པོའི་ངོ་བོར་བཞུགས་པ་དེ། ཡོངས་སུ་དག་པ་གཉུག་མའི་སྒྲུབ་གཞི་རེད། དེ་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་ཡོད་ཀྱང་། ཐ་མལ་པ་རགས་ཕུང་གི་ལུས་རྟེན་འདིའི་སྟེང་ནས་བཤད་ཡོང་ན། བོད་ཀྱི་མི་ཡི་སྒོས་ཆོས་ལ། ང་ཚོ་བོད་འབངས་ཐམས་ཅད་ཀྱི་ལུས་ཀྱི་རྫས་རྒྱུན་འདིའི་བྱུང་ཁུངས་ཡར་ཕུགས་གཏུགས་ན། འཕགས་པའི་སྤྲུལ་བ་སྤྲེལ་རྒན་དང་། ཇོ་མོ་ཁྲོ་ཉེར་ཅན་གྱི་སྤྲུལ་པ་བྲག་སྲིན་མོ་གཉིས་ཀྱི་རྒྱུ་རྐྱེན་ལ་ཐུག་ཡོད་པ་རེད། ལུས་འདིའི་སྐྲ་དང་། སེན་མོ། ཤ་རུས་པགས་གསུམ་གྱི་རྡུལ་ཕྲན་རེ་རེ་ནས། ནོར་བུ་པདྨོའི་དོན་ཅན་གྱི་མ་ཎི་པདྨེའི་རིགས་སྔགས་ཀྱི་བདུད་རྩིའི་རྒྱུན་ལས་བྱུང་བ་རེད། དེ་ལྟ་བུའི་སྔོན་འབྲེལ་གྱིས་རྒྱུ་བྱས། འཕགས་པའི་ཐུགས་བསྐྱེད་རང་གཙང་དུས་སྨིན་གྱིས་ད་ལྟའི་རྐྱེན་བྱས་ཏེ། རིགས་བརྒྱུད་འདི་ལ་སྐྱེས་པས། རང་གི་རིགས་ཆོས། ལས་དབང་བསོད་ནམས་ཀྱིས་བསྐོས་པ་འདིས་བསྒྲུབ་ན་འགྲུབ་ཐག་ལྷག་ཏུ་ཉེ་བ་རེད། སློབ་དཔོན་ཆེན་པོས། བོད་ཀྱི་བླ་མའི་སྐལ་བ་གུ་རུ་ཉིད། །ལྷ་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོ་ཡིན། །གསུངས་པ་རེད། ད་དུང་གུ་རུ་རིན་པོ་ཆེས། མཚན་མོ་བྱུང་དུས་པདྨ་ང་ཉིད་སྒོམས། །རང་གི་དོན་དུ་བཛྲ་གུ་རུ་བགྲོངས། །ཉིན་མོ་འཕགས་པ་ཐུགས་རྗེ་ཆེན་པོར་སྒོམས། །སེམས་ཅན་དོན་དུ་མ་ཎི་ཡིག་དྲུག་བགྲོངས། །ཞེས་གསུངས་ཡོད་པ་རེད། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དང་། ཡན་ལག་ལས་ཚོགས་རབ་འབྱམས་ཀྱི་སྙིང་པོ་བླ་རྫོགས་ཐུགས་གསུམ་ཡོངས་སུ་རྫོགས་པ་ཚང་བ་ཞིག་མིན་ན་ཁོང་གི་སྤྲུལ་བའི་གཏེར་ཆེན་ཚད་མ་མིན་གསུངས་ནས། གཏེར་ཆོས་ཐམས་ཅད་ཀྱི་སྲོག་གི་དབང་པོ་ལྟ་བུ་ལ་འདི་ཉིད་བསྔགས་པར་མཛད་པ་དང་། ཡང་སྒོས་ཟབ་པ་ལས་ཀྱང་ཆེས་ཟབ་པའི་གནད་བསྡུས། འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་ཐབས་དབང་ཆོག་དང་འབྲེལ་བ་འདི་ཉིད། གནས་བར་ཁང་གཡུ་ཞལ་འབར་བ་ནས། དུས་བོད་ཡུལ་གསང་ཆེན་གྱི་བསྟན་པ་དར་བའི་དུས། སྟོན་པ་རྗེ་བཙུན་མ་ཧཱ་གུ་རུས། འཁོར་མངའ་བདག་ཆོས་རྒྱལ་ཡབ་སྲས་ལ། ཆོས་གདམས་པ་སྙིང་མཛོད་ཀྱི་སྒྲོམ་བུར་སྩལ་བ་ཡིན་ན། གཏེར་སྟོན་སྤྲུལ་སྐུ་བརྒྱུད་པའི་བླ་མ་ལ། བརྒྱུད་པ་དྲུག་ལྡན་གྱི་སྒོ་ནས་བརྒྱུད་པའི་སྨོན་ལམ་གཏད་རྒྱའི་མཐུ་བཙན་པོས། དུས་བབ་ས་ཕོ་སྟག་གི་ལོར་གསུངས་བ་རེད། ཐུགས་རྗེ་ཆེན་པོའི་ཞལ་མཇལ་ཞིང་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དག་གཟིགས་ཀྱི་ངང་ན་ཡོད་པའི་དུས་སུ། གཏེར་བདག་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས། ཀློང་གསལ་བརྡ་རྟགས་ཀྱི་རི་མོ་བཀྲ་བའི་ཤོག་དྲིལ་སྤྲད་པ་དེ། རིག་འཛིན་འཇིགས་མེད་གླིང་པས་ཕ་ནོར་བུ་སྐལ་ལ་བླངས་ནས་བརྡ་དོན་གབ་སྦས་མེད་པར་བཀོད་དེ། ལོ་བདུན་གསང་རྒྱ་བྱས་ནས་སྐབས་དང་བསྟུན་ཏེ་གཏན་ལ་ཕབ་པ་ཡིན་གསུངས་པ་དེ་འདི་རེད། མཚམས་འདིར། ན་མོ། མཐའ་མེད་འཁོར་བ་སྡུག་བསྔལ་རང་བཞིན་ལ་སོགས་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་རྗེས་ཟློས་མཛད་རྗེས་ཀྱི་ཟུར་འཕྲོས། འདི་བླ་མེད་ཐུན་མོང་གི་དབང་སྤྱི་འགྲོས་ལྟར་སློབ་མ་ལྷར་བསྐྱེད་ཀྱི་མཚམས་འདིར། དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བྱིན་འབེབ་པ་ཞིག་རེད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མ་མཆིས་པའི་ཐུགས་ཀ་ནས་འོད་ཟེར་བྱུང་སྟེ། སློབ་མ་རང་ཉིད་རྣམ་སྨིན་གདོས་བཅས་ཀྱི་ཤ་ཁྲག་གི་ལུས་རྟེན་འདི་སྦྱངས། རྣམ་པར་ཤེས་པ་དེ་ཧྲཱི་ཡིག་དཀར་པོར་གནས་གྱུར་པ་གསུངས་ན། ཡི་གེ་ཧྲཱི་ཡིག་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་སྙིང་པོ། ཡི་གེའི་གཟུགས་སུ་བྱུང་བ། འདིས་ཁྱད་པར་དུ་པདྨའི་རིགས་ཐམས་ཅད་ལ་སྤྲུལ་ནས་རང་གི་རིགས་དང་མཐུན་པའི་ལས་མཛད་པ་ཡིན་པས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ཐམས་ཅད་བསྡུས་ཡོང་ན་པདྨའི་གཟུགས་སྣ་ཚོགས་པའི་སྙིང་པོ་དེ་ཧྲཱི༔ཡིག་འདི་ཡིན་གསུངས་ཡོད་པ་རེད། དེའི་དོན་ནི། འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་དབང་ཕྱུག་འགྲོ་ལ་བརྩེ་ཞིང་འགྲོ་བའི་སྡུག་བསྔལ་སེལ་ཆེད་ལ་འགྲོ་བ་སྣ་ཚོགས་ཀྱི་གཟུགས་སུ་སྣང་བ་ཡིན་ན་ཡང་། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་བཞིན་དུ། འཁོར་བའི་ཉེས་པས་མ་གོས་པས་ན་པདྨ་དང་། དེ་ལྟ་བུ་སྣང་བའི་སྙིང་པོའམ་ངོ་བོ་ཉིད་ནི་དག་པའི་ཆོས་ཉིད་དམ་ཡེ་ཤེས་ཡིན་པས། དེ་མཚོན་པར་བྱེད་པ་ལ་ཧྲཱི་ཡིག་བྱུང་བ་ཡིན་གསུངས་སོ། འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱི་དཀྱིལ་འཁོར་གྱི་གཙོ་བོའི་ཤར་དུ་རྗེ་བཙུན་སྒྲོལ་མ། ལྷོ་རུ་འོད་ཟེར་ཅན་མ། ནུབ་ཏུ་ཀུ་རུ་ཀུ་ལླེ། བྱང་དུ་ནོར་རྒྱུན་ལྷ་མོ་བཅས་རིགས་བཞིའི་མཁའ་འགྲོས་བསྐོར་བར་གསལ་བའི་རང་ཉིད་ཧྲཱི་ཡིག་དཀར་པོ་གྱུར་པ་དེ་ཉིད། གཙོ་བོའི་ཞལ་ནས་དྲངས་སྐུའི་དབྱིབས་བརྒྱུད་ནས། ཤར་མདུན་གྱི་སྒྲོལ་མའི་མཁའ་གསང་དུ་བབས་པ་བདེ་སྟོང་དགའ་བཞིའི་ཡེ་ཤེས་ལས་བསྐྱེད་པའི་སྲས་ཀྱི་རྣམ་པར་གྱུར་པ། སྔར་གྱི་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་ནས། རང་ཉིད་ཐུགས་རྗེ་ཆེན་པོར་གསལ། དེ་ཙམ་ཞིག་ལས་གསལ་བོར་མ་གསུངས་ཀྱང་། འདི་ཇི་ལྟར་གསལ་ཚུལ་ནི། ཐུགས་རྗེ་ཆེན་པོས་རིགས་མི་གཅིག་པའི་འགྲོ་བ་འདུལ་བའི་དོན་དུ་གཟུགས་སྣ་ཚོགས་ཀྱི་སྤྲུལ་བ་ཅིར་ཡང་སྟོན་པར་མ་ཟད། སྔགས་ཀྱི་དཀྱིལ་འཁོར་དང་ཆོ་ག་སོ་སོའི་སྐབས་སུ། སྤྱན་རས་གཟིགས་ཀྱི་སྐུ་མདོག་ལ། དཀར་པོ། དམར་པོ། དེ་བཞིན་དུ་ཕྱག་གི་པདྨ་དང་ཐུགས་སྲོག་གི་ཧྲཱི་ཡིག་ལ་དཀར་པོ་དམར་པོ་གཉིས་ཀ་བསྟན་པ་ཡོད། དཀར་པོར་སྣང་རྒྱུ་དེ་ནི། ལས་བཞིའི་ནང་གི་ཞི་བ་དང་། དམར་པོ་སྣང་རྒྱུ་དེ་དབང་གི་ཁ་དོག་རེད། ལས་བཞི་དེ་གསུམ་ལ་ཚུར་བསྡུས་ན། བྱ་བ་གྲུབ་པའི་ཕྲིན་ལས་དེ་དབང་གི་ནང་དུ་བསྡུ། གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལ་སོགས་དབང་སྡུད་དང་འབྲེལ་ན་དམར་པོ་སྣང་བ་དང་། ནད་གདོན་ཞི་ཞིང་སྡིག་སྒྲིབ་འཇོམས་པ་ངན་སོང་གནས་འདྲེན་སོགས་ལ་དཀར་པོ་སྣང་། དཀར་པོས་རང་བཞིན་དག་པའི་ཆོས་ལ་གཟིགས་པས་སོར་རྟོག་གི་ཡེ་ཤེས་མཚོན་པ་རེད། རྒྱུ་མཚན་དེའི་དབང་གིས། ཁྲུས་བྱས། གོས་དཀར་གྱོན་པ་གངས་རི་དཀར་པོར་འཛེག་པ་ལ་སོགས་པ་ནི། ཐུགས་རྗེ་ཆེན་པོར་འགྲུབ་པའི་ལྟས་དང་སྡིག་སྒྲིབ་འདག་པའི་ལྟས་ཡིན་གསུངས་ཡོད་པ་རེད། ད་རེས་འཕགས་མཆོག་སྡུག་བསྔལ་རང་གྲོལ་སྐུ་མདོག་དཀར་པོར་གསལ་བའི་དུས་ཡིན་ཡང་། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་དེ་སྐུ་མདོག་དཀར་དམར་དང་རྒྱན་ཆ་ལུགས། ཕྱག་སྟབས་ཕྱག་མཚན་ལ་སོགས་པའི་མཚན་མ་ཅན་ཞིག་བསྒོམས་ནས། དེ་ལ་དག་གྲོལ་དུ་འཛིན་རྒྱུ་གཙོ་བོ་མ་རེད། འདི་སྔགས་བླ་མེད་སྤྱི་མཚུངས་སློབ་མ་ལྷར་བསྐྱེད་མཚམས་ཀྱི་བྱིན་འབེབས་ཤིག་ཡིན་ན་ཡང་། ཐུན་མིན་ཨ་ཏིའི་སྒོམ་པ་བསྐྱེད་རྫོགས་ཟུང་དུ་འབྲེལ་བའང་ཡིན་པ་དང་། འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་རང་གཟུགས་ཡིན་པས་སྙིང་རྗེ་སྟོབས་ལྡན་རླབས་ཆེ་པའི་མངོན་རྟོགས་བསྒོམས་ནས་གོམས་པར་བྱ་བ་དེ་ནི་མ་ཧཱའི་ཆོས་སྐད་དང་བསྟུན་ན། ཏིང་འཛིན་རྣམ་གསུམ་དབྱེར་མེད་པའི་ཨ་ཏི་ཡི་ཀྲུང་བསྐྱེད་ཆོས་ཉིད་དོན་གྱི་ལྷའི་ང་རྒྱལ་འཛིན་པ་དེ་ཉིད་གནད་ཆེན་རེད། དེ་ཡིན་ན། དེ་ལས་ཀུན་སྣང་སྙིང་རྗེར་ཤར་བ་རྩལ་འདོན་བྱེད་རྒྱུ་འདི། འཕགས་པ་སྤྱན་རས་གཟིགས་སྒོམ་ལུགས་དང་། འཕགས་པ་ཐུགས་རྗེ་ཆེན་པོ་བསྒྲུབ་སྟངས་ངོ་མ་དེ་རེད། དྲང་དོན་ལ་འཕགས་པ་སྤྱན་རས་གཟིགས་སློབ་ལམ་པ་ཞིག་གིས། དང་པོར་འགྲོ་བ་བསྒྲལ་ནས་འཁོར་བ་སྟོང་པར་ཐུགས་ཤིག་བསྐྱེད། བར་དུ་སེམས་ཅན་ལ་མཐའ་མེད་པར་སྐྱོ་བས་སེམས་བསྐྱེད་ཉམས་ནས་སྔར་གྱི་དམ་བཅའ་བཞིན་དུ་སྐུ་ལུས་ཚལ་བ་སྟོང་དུ་གས་སོང་བའི་ཚེ་ན། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་ཕྱག་སྟོང་སྤྱན་སྟོང་དུ་བྱིན་གྱིས་བརླབས་ཚུལ་གསུངས་ཡོད་ཀྱང་། ངེས་པའི་དོན་ལ་ནི། རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་གཟུགས་སུ་ཤར་བ། དཔེར་ན་སྲས་བཞི་བསྐྱེད་པའི་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། རྣམ་པ་རྟགས་ཀྱི་ཕྱག་རྒྱར་གསེར་མདོག་ཕྱག་བཞི་མར་སྣང་བའི་མངོན་རྟོགས་དང་། འདི་ནས་ཀྱང་ཐུགས་རྗེ་ཆེན་པོའི་རང་བྱུང་གི་དཀྱིལ་འཁོར་གཞན་ནས་ཡུམ་ཡི་གེ་དྲུག་མ་ནོར་པད་འཛིན་པའི་རྣམ་པར་སྣང་བ་དག་གཅིག་མཚུངས་རེད། སྙིང་རྗེ་དེའང་བརྩེ་བ་ཙམ་དང་སྙིང་རྗེ་ཉི་ཚེ་བ་ཙམ་མིན་པར། མཐའ་ཡས་གྲངས་མེད་ཚད་མེད་པའི་སེམས་ཅན་ལ་སྙིང་རྗེ་ཡང་ཚད་མེད་པ་ཡོད་དགོས་པ་རེད། སྙིང་རྗེ་ཚད་མེད་སྟོབས་ལྡན་ཟེར་ན། འགྲོ་བ་སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་ནས། མ་ལག་ཆད་མའི་བུ་ཆུས་ཁྱེར་བ་ལྟ་བུའི་སྐྱབས་དགོས་སུ་མཐོང་བ་ཙམ་གྱིས་མི་ཆོག་པར། ཕ་དཔའ་བོའི་བུ་དགྲ་སྔོན་ལ་ལུས་པ་ལྟར། སྐྱབས་གནས་སུ་མཐོང་བའི་སྟོབས་དང་ལྡན་པ་ཞིག་དགོས་པ་རེད། སྟོབས་དང་ལྡན་ཟེར་བ་དེའང་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་གཉིས་ཀ་ཟུང་དུ་འབྲེལ་བ་ཞིག་དགོས། སྟོང་ཉིད་ཉན་རང་གིས་ཀྱང་རྟོགས་ཡོད་པས། སྟོང་ཉིད་རྟོགས་པའི་ཤེས་རབ་དེ་བདུད་རྩི་ལ་དཔེ་བཞག་ན། དེ་ཉན་རང་གི་ངེས་འབྱུང་དང་འདྲེས་སོང་ན་རང་དོན་གཏན་བདེ་འགྲུབ་པ། ཞི་བ་ཕྱོགས་གཅིག་པར་འགྱུར་རྒྱུ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་འདྲེས་སོང་ན། གཞན་དོན་འགྲུབ་པ་ཡིད་བཞིན་ནོར་མཆོག་ལྟ་བུ་ཞིག་ཡིན་པ་རེད། དཔེར་ན། ཀེ་ཏ་ཀ་ཡི་མེ་ཏོག་དེ་སྤོས་ཀྱི་གླང་པོའི་དྲོད་ཀྱིས་སྐྱོང་ན་གླ་རྩི་ལྟ་བུར་འགྱུར་བ་དང་། རྒྱ་མཚོའི་ཀླུ་མཁའ་ལྡིང་གི་ལྟོ་བའི་མེ་དྲོད་ཀྱིས་སྐྱོང་བཞག་ན་ནོར་བུ་ཏོག་གི་བློ་གྲོས་ལ་འགྱུར་ཡང་། གཞན་གྱིས་དེ་ལྟར་མ་ཡིན་པ་ལྟ་བུ་ཞིག་རེད། དེ་ཡིན་ན་སྟོང་ཉིད་སྒོམ་དུས་སྙིང་རྗེའི་རྩི་དྲག་པོས་ཟིན་པ་ཞིག་དང་། སྙིང་རྗེ་སྒོམ་དུས་སྙིང་རྗེ་ཕལ་བ་དམིགས་མེད་ཀྱི་སྙིང་རྗེ་མ་ཡིན་པ་ཞིག་འགྱུར་མི་ཉན། སྟོང་ཉིད་རྟོགས་པ་དེ་རིམ་བཞིན་དུ་སྙིང་རྗེའི་སྲོག་ལ་ཇེ་འགྲོ་དང་། སྙིང་རྗེ་དེའང་སྟོང་བའི་གྲོགས་ལ་ཇེ་འགྲོ་ཡིན་པ་ཞིག་དགོས། དེ་ནི་རིང་དུ་སོང་བ་བློ་ཡང་ལྷག་གྱུར་པས། །གསུངས་བ་ནི་སྟོང་ཉིད་སྙིང་རྗེར་འབྲེལ་བའི་ལག་རྗེས་རེད། དེ་ཡིན་ན་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་ཡིན་པར་མ་ཟད། སྙིང་རྗེ་སྟོང་ཉིད་ཀྱི་སྙིང་བོ་ཅན་དུ་གྱུར་ན། ཤིན་ཏུ་ཕྲ་བའི་སྟོང་ཉིད་ལ་དམིགས་པའི་ཤེས་རབ་དང་། ཆེས་རགས་པ་སྲིད་པའི་སྡུག་བསྔལ་ལ་དམིགས་པའི་སྙིང་རྗེ་གཉིས། གཅིག་གིས་ཟབ་པ་དང་། ཅིག་ཤོས་ཀྱིས་གསལ་བ་མཚོན་ཏེ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དེ་གསང་སྔགས་སྤྱི་ཡི་དགོངས་དོན། རང་སེམས་འདོད་དགུར་དབང་གྱུར་བའི་ཏིང་འཛིན་ཟབ་མོའི་དམིགས་གནད་ཀྱང་རེད། དེ་ཡིན་ན། གཞན་དོན་དེ་བྱ་བའི་ཁོག་གཞུང་ཞིག་དང་། རྫོགས་བྱང་སྒྲུབ་པའི་ལམ་ཐམས་ཅད་ནི་དེའི་ཆ་ལག་ཡིན་པ་དང་། དེ་བཞིན་དུ། ཐེག་ཆེན་མདོ་སྔགས་གཉིས་ཀ་འགལ་མེད་ལ་བཤད་ཆོག་པ་རེད། རྒྱལ་སྲིད་རིན་ཆེན་བདུན་གྱི་བདག་པོ་དེ་འཁོར་བསྒྱུར་ཡིན་པ་ལྟར། ཡོན་ཏན་ཐམས་ཅད་ཀྱི་རྩ་བའི་བདག་པོ་དེ་སྙིང་རྗེ་ཆེན་པོ་ཡིན་པ་རེད། དེ་ལྟ་བུའི་གོ་དོན་གྱི་གཞི་རྩར་གནས་པའི་སྟེང་ནས། གསང་སྔགས་ཀྱི་བསྐྱེད་རྫོགས་དང་སྦྲེལ་ནས། འཕགས་མཆོག་སྡུག་བསྔལ་རང་གྲོལ་རྣམ་པ་རྟགས་ཀྱི་ཕྱག་རྒྱར་སྒོམ་དུས། གསལ་བརྟན་དག་གསུམ་ཚང་བའི་སྒོ་ནས། འདིའི་དབང་གི་ཆོག་ཁྲིགས་ཀྱི་ནང་ལ་གསལ་བོར་མེད་ཀྱང་། སྒྲུབ་གཞུང་ལྟར་དུ། སྐུ་མདོག་དཀར་པོ། ཞལ་གཅིག་པ། ཕྱག་བཞི་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། རྩ་བའི་ཕྱག་གཉིས་ཀྱིས་ཐུགས་ཀར་ཐལ་སྦྱར་མཛད་པ། ལྷག་མ་གཉིས་ཀས་ཤེལ་དཀར་གྱི་བགྲང་ཕྲེང་དང་པདྨ་དཀར་པོ་བསྣམས་པ། ལོངས་སྐུའི་ཆ་ལུགས་ཅན། དར་དང་རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་མཛེས་པར་སྤྲས་པ། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དེ། ཤིན་ཏུ་ཞི་བའི་ཉམས་འགྱུར་ཅན་ཞིག དམིགས་བསལ་སྙིང་རྗེ་ཚད་མེད་ཀྱི་རྟགས་ལ་རི་དྭགས་ཨེ་ན་ཡའི་པགས་པའི་སྟོད་གཡོག་ཅན། སྐུ་མདོག་དཀར་པོ་ཡིན་པ་འདི་ནི་ཆོས་སྐུ་དྲི་མ་མེད་པའི་བརྡ། ཕྱག་བཞིའི་དང་པོ་གཉིས་ཀྱིས་སྟོང་ཉིད་ཀྱི་ཕྱག་རྒྱ་ཐལ་མོ་ཁོག་སྟོང་སྦྱར་མཛད་པ། འོག་མ་གཉིས་ཀས་གྲགས་སྟོང་སྔགས་སུ་སྒྲོགས་པའི་ཤེལ་ཕྲེང་དང་། སྐྱོན་གྱིས་མ་གོས་སྒྱུ་འཕྲུལ་དྲྭ་བར་འབྱེད་པའི་པད་དཀར་བསྣམས་པ། ཞབས་གཉིས་གོང་ནས་བཤད་པ་ལྟ་བུའི་མཉམ་པའི་ཚུལ་གྱིས་བཞེངས་པ་དེ་ཅི་ཞིག་གི་དོན་རེད་ཟེར་ན། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་དོན་ལ་རྟག་ཏུ་མཉམ་བཞག་ལས་མི་གཡོ་བ། དར་དང་རིན་པོ་ཆེའི་རྒྱན་ཆ་ནི་དགོས་འདོད་རེ་སྐོང་གི་བརྡ་དོན་ཡིན་པ། ཤིན་ཏུ་འཛུམ་ཞིང་ཞི་བའི་སྐུ་དེ་ནི་བྱམས་པས་འགྲོ་བ་སྐྱོང་བ་དང་། སྤྱན་མི་འཛུམ་པ་ཡོད་པ་དེ་ཉིད། འགྲོ་བ་སེམས་ཅན་ཀུན་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པ་དུས་རྟག་ཏུ་གཟིགས་པ་ལ་སོགས་པའི་དག་དྲན་དང་བཅས་ཏེ། གཙོ་བོ་གཅིག་གི་ཆོ་འཕྲུལ་ལས་འཁོར་གྱི་ལྷ་ཚོགས་ཐམས་ཅད། ཉི་མ་ལས་འོད་ཟེར་བཞིན་དུ། གནས་གསུམ་རྡོ་རྗེ་གསུམ་གྱི་ཡིག་འབྲུས་མཚན་པ་ལས་འོད་ཟེར་འཕྲོས་ནས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས་ཏེ། རང་ལ་ཐིམ། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་དམིགས་འདུན་དེ་ཉིད། ངས་འདོན་པ་དང་སྦྲགས་ནས་ཁྱེད་རྣམ་པས་གསལ་འདེབས་དེ་ལྟར་མཛོད། ཡང་མཚམས་འདིར། ཧཱུཾ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །སོགས་ཀྱི་དངོས་གཞིའི་དབང་བསྐུར། དེའི་རྗེས་ནས་སངས་རྒྱས་སྟོང་དབང་དང་དཔག་མེད་མྱུར་ལམ་གྱི་དབང་བསྐུར། དེ་ནས་ཡུམ་ཀ་བདེ་ཆེན་རྒྱལ་མོའི་དབང་གི་ལོ་རྒྱུས་ཀྱི་ཟུར་འཕྲོས་འདི་ལྟར་གནང་པ། སྤྱིར་མ་བརྒྱུད་མཁའ་འགྲོའི་ལྷ་ཚོགས་འདི་ཐམས་ཅད། ཆོས་དབྱིངས་ཀུན་ཏུ་བཟང་མོ་ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འབྱུང་གནས་དེའི་ཀློང་ནས་ཤར་བ་རྐྱང་རྐྱང་རེད། དབྱིངས་ལས་ཡེ་ཤེས་ཤར་བ་ལོངས་སྐུའི་ཞིང་ན་ཝཱ་རཱ་ཧཱི། དེ་ལས་ཡེ་ཤེས་ཀྱི་རང་རྩལ་སྤྲུལ་སྐུའི་མཁའ་འགྲོ་བདེ་ཆེན་རྒྱལ་མོར་སྣང་བ་ཡིན་ན། མཁའ་འགྲོ་མ་ཀུན་དགའ་མོའམ་མཁའ་འགྲོ་མ་ཉི་མ་དངོས་གྲུབ་ཅེས་གྲགས་པའི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱང་འདི་ཉིད་ཡིན་པ་དང་། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ན་སངས་རྒྱས་ཤིག་འབྱུང་བ་ཡོད་ཚད་པོའི་སྤྱི་ཡུམ། ཡུམ་སྒྱུ་འཕྲུལ་ལྷ་མོ་ཡང་འདི་ཉིད་ཡིན། དེ་ཐམས་ཅད་ཀྱང་འདི་ལས་གཞན་དུ་མ་གྱུར་བ་གཏེར་ལུང་མང་བོ་ལས་བསྔགས་པ་ལྟར་དུ་རེད། སྤྱིར་ན་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ། དེའི་ནང་ནས་གངས་ཅན་ས་ལའི་སྨན་ལྗོངས་འདི་ན། ངོ་མཚར་སྤྲུལ་བའི་སྒྱུ་འཕྲུལ་ལ་ཤར་བ་དེ་ནི། མཁའ་ཆེན་རིགས་ཀྱི་ཐིག་ལེ་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མ། གཟུགས་སྐུ་མི་མོའི་རྣམ་པར་བཞེངས་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དེ་བསམ་བཞིན་སྐྱེ་སྲིད་བཞེས་པ་རེད། གངས་ཅན་བོད་ཀྱི་ཡུལ་དབུས་ན་བོད་མོ་པདྨ་ཆེ་མཆོག་གི་གཟུགས་སུ་བཞུགས་དུས། མཚན་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ན་རིག་འཛིན་རྒྱལ་མོའི་རྣམ་པར་བཞུགས་དུས་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ། སྲིན་པོའི་ཡུལ་གྱི་ཁ་གནོན་མཛད་དུས་མཁའ་འགྲོ་མཐིང་འོད་འབར་མ། ཞེས་སྐུ་གཅིག་ལ་མཚན་གྱི་རྣམ་གྲངས་ཐ་དད་པས་འགྲོ་བ་འདྲེན་པ། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས། བོད་ཡུལ་འདིར་སྐྱེ་བ་བཞེས་པར་མ་ཚད་སྔོན་གྱི་སྐུ་རགས་པ་དེ་ཉིད་མ་བོར་པར། བོད་ཀྱི་སེམས་ཅན་ལ་དུས་གསུམ་ཀུན་ཏུ་གཟིགས་བཞིན་པ་ཡིན་པས་ན། ང་ཚོ་བོད་མིས་བསྒྲུབ་ན་གཞན་དང་མི་འདྲ་བའི་སྒྲུབ་ཐག་ཤིན་ཏུ་ཉེ་བ་རེད། དེ་ལྟ་བུའི་སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་ཀྱིས་བོད་ཀྱིས་གཙོས་པའི་འཇིག་རྟེན་གྱི་ཁམས་འདི་ན། རྗེ་བཙུན་མ་ཧཱ་གུ་རུའི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་ཉེ་བརྒྱུད་ཀྱིས་ཐོབ་པའི། བསྟན་ཞབས་གཏེར་གྱིས་གདམས་པའི་བཀའ་དྲིན་གུ་རུ་ཉིད་དང་མཚུངས་པ་ཞིག་ཡིན། མཆོག་བརྙེས་ཀྱི་རིག་འཛིན་ཐམས་ཅད་བྱིན་རླབས་ཆེ་ལུགས་འདྲ་ན་ཡང་། བཀའ་བབས་ཀྱི་ཁྱད་པར་ཐ་དད་ཡིན་པའི་དབང་གིས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་འདིས་གསང་སྔགས་ཀྱི་ཆོས་ཐོག་མར་གསུང་བར་བསྐུལ། བར་དུ་གཟུངས་ཀྱིས་གཟུངས། མཐའ་མར་བཀའ་ཡི་བསྡུ་བ་མཛད། ཡང་མཐར་གཏེར་དུ་སྦས་པར་མ་ཟད་ཀུན་མཁྱེན་འཇིགས་མེད་གླིང་པ་ལྟ་བུ་ཐུན་མིན་མཆོག་གི་སྐབས་བབ། གཏེར་སྟོན་སྤྲུལ་སྐུར་བརྒྱུད་པའི་བླ་མ་ལ། སྐུ་དངོས་ཀྱི་གཏེར་བྱང་གཏད་པའི་རྣམ་ཐར་མང་པོ་ཡོད་ལ། མཚོ་རྒྱལ་ཉིད་ཀྱི་སྒྲུབ་ཐབས་དང་། སྐུ་ཚབ་ཕྱག་བྲིས། ཕྱག་བཟོ། གཏེར་དཔེ། སྒྲུབ་རྫས་བྱོན་པ་སོགས་མང་པོ་ཡོད། མཁའ་འགྲོ་བདེ་ཆེན་རྒྱལ་མོ་ནི། པདྨའི་རིགས་ཀྱི་རྒྱལ་མོར་ངེས་པར་གཞིར་བཞག་གི་སྟེང་དུ། མཁའ་འགྲོ་སྙིང་ཐིག་གི་ནང་ནས་མཁར་ཆེན་གཟའ་དེ། རྟ་ཕག་པདྨའི་རིགས་ཀྱི་བཀའ་བབས་མཆོག་ཏུ་ཡང་བསྔགས་ཡོད་པ་རེད། རིགས་ལྔ་རིགས་གསུམ་གྱི་ནང་དུ་བསྡུས་ན། ལས་ཀྱི་རིགས་དེ་པདྨའི་རིགས་ཀྱི་ནང་ལ་བསྡུ་དགོས། འཕགས་ཡུལ་རིག་འཛིན་བརྒྱད་ལས་གུ་རུ་རིན་པོ་ཆེ་དང་བོད་ཡུལ་རིག་འཛིན་བརྒྱད་ལས་མཚོ་རྒྱལ་གཉིས་ཀ་ནི། ཕྲིན་ལས་ཕུར་བའི་བཀའ་བབས་ཀྱི་གཙོ་བོ་ཡིན་པ་རེད། རྗེ་འབངས་ཉི་ཤུ་རྩ་ལྔས་གྲུབ་རྟགས་བསྟན་ཡོང་དུས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བསད་པའི་མི་རོ་བསླངས་པ་དེ། ཕྲིན་ལས་ཕུར་བ་གྲུབ་པའི་དངོས་གྲུབ་ཀྱི་མཆོག་གྲུབ་པའི་རྟགས་རེད། དེ་བཞིན་དུ་གསང་འཛིན་གསང་བའི་བདག་མོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མཆོག་ལ་བརྟེན་ཏེ། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབས་པའི་སྒྲུབ་ཐབས། ཟབ་མོ་ལམ་གྱི་རིམ་པ་རྩོད་མེད་སྤྲུལ་བའི་གཏེར་སྟོན་མི་ཉུང་བ་ཞིག་གི་གཏེར་ཁ་སྔོན་རྗེས་མང་པོ་ནས་བྱོན་པ་རེད། དེ་ལས་གཏེར་ཁ་འགའ་རེའི་ནང་ལ་ཕྱི་མཚོ་རྒྱལ། ནང་སྒྲོལ་མ། གསང་བ་ཁྲོས་ནག་ལྟར་དུ་སྒྲུབ་ལུགས་དང་། ཡང་ལ་ལའི་ནང་དུ་ཁྲོས་ནག་རྐྱང་བ་ལྟར་དུ་སྒྲུབ་ལུགས། རྒྱལ་དབང་ལྔ་བ་ཆེན་པོས་ཀུན་འདུས་ནོར་བུའི་ལུགས་གསུངས་ནས། མཚོ་རྒྱལ་ཁོ་ནས་སྒྲུབ་པ་དང་དབང་བསྐུར་དུས་ཕྱི་ནང་གསང་གསུམ་སོགས་གསུངས་ཡོད་པ་རེད། འདི་ན་སྦྲགས་སྒྲུབ་བྱས་ནས་གསུངས་འདུག བསྙེན་པ་བྱེད་དུས་ཐུན་མིན་མཆོག་སྒྲུབ་ལ་ཟབ་པའི་རྡོ་རྗེ་ཕག་མོ་དང་སྦྲགས་ནས་སྒྲུབ་པ་དང་། འོད་གསལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བཙན་ཐབས་ལ་འབད་དུས་དང་། ཕྲིན་ལས་ཀྱི་ཁ་བསྒྱུར་དགོས་དུས། ཐུན་མོང་ལས་སྒྲུབ་ལ་མྱུར་བའི་ཐད་ཀྱི་འཕགས་མ་སྒྲོལ་མ་དང་སེང་གེའི་གདོང་ཅན་དང་སྦྲགས་ནས་སྒྲུབ་པ། བྱིན་རླབས་དབང་བསྐུར་གྱི་སྐབས་སུ་ཕྱི་ནང་གསང་གསུམ་དང་སྦྲགས་ཏེ་བསྒྲུབས་ནས། གསུམ་ཀའི་བཀའ་དབང་དུས་གཅིག་ལ་རྫོགས་པའི་ཆེ་བ་དང་ལྡན་པར་མཛད་དོ། སྐབས་སུ་བབ་པ་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་བཀའ་བབ་ཤིང་རྟ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་ཇི་ལྟར་བྱོན་པ་ནི། འདི་ནས་གསུངས་རྒྱུར། སྒྲགས་མདའ་མཚོ་རྒྱལ་བླ་མཚོ་ནས། མཁའ་འགྲོའི་ཚོགས་ཀྱི་རྗེ་མོ་ཉིད་ཀྱིས། ཡེ་ཤེས་ཀྱི་སྐུ་དངོས་སུ་བསྟན་ནས་གདམས་པར་མཛད་པ་གསུངས་པ་འདིས་ཕྱོགས་ཙམ་མཚོན་པར་བྱས་ནས་སྟོན་འདུག རང་རེ་རྗེས་འཇུག་གི་དད་པས་མོས་པའི་རྟེན་ལ་དེ་བས་གསལ་ཙམ་ཞིག་ཞུས་ན། བོད་ཡུལ་འདིར། ཨོ་རྒྱན་ཆེན་པོས་སྐུ་དངོས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ཆེན་ལྔ་ཡི་ནང་ནས། སྐུའི་དབེན་གནས་སྒྲགས་ཀྱི་ཡོངས་རྫོང་ནས། ཀུན་མཁྱེན་འཇིགས་མེད་གླིང་པས་ཚོགས་ཀྱི་འཁོར་ལོ་སྟོང་རྩ་ཞིག་དང་། མཁའ་འགྲོའི་མེ་མཆོད་ཆེན་མོ་ཞིག་མཛད་རྒྱུ་ཐུགས་འདུན་བསྐྱངས་ནས་བྱོན་བཞིན་པའི་སྐབས་སུ། སྒྲགས་མདའ་མཚོ་རྒྱལ་བླ་མཚོ་ལ་ཕེབས་དུས་མྱོང་གྲོལ་བདུད་རྩིའི་ཕུར་མ་དང་མཚོ་དར་ཞིག་ཁོང་གིས་ཕུལ་གསུངས་ཡོད་པ་རེད། དེ་འབུལ་བའི་སྐབས་ངོ་མཚར་གྱི་ལྟས་དང་བཅས་ཏེ་ཐ་མལ་གྱི་སྣང་བ་ལས་འདས་པའི་དག་སྣང་ཞིག་ལྷན་སྐྱེས་ཀྱིས་ཤར་ནས། བླ་མཚོ་རུ་གྲགས་པའི་བཀོད་མའི་ཆུ་དེ་ལས་ཉེ་རེག་གི་བྱིན་རླབས་ཤིག་ཞུ་བཞིན་ཡོད་པའི་སྐབས་སུ་གསུངས་འདུག གནག་སྣུམ་བུང་བ་གཞོན་ནུ་མེ་ཏོག་ཨུཏྤལའི་མདངས་འདྲེན་པ་ཞིག་གིས་འཕུར་ལྡིང་གཡོ་བའི་གར་སྟབས་དང་ལྷན་དུ། སྒྲ་སྐད་སྦོམ་ལ་འགྱུར་བའི་གླུ་དབྱངས་རྒྱུད་མང་གི་སྒྲ་ལྟ་བུ་ཞིག་ལན་གསུམ་གྲགས་པའི་རྐྱེན་གྱིས། ཁོང་གི་ཐ་མལ་གྱི་སྣང་བ་གཏན་མེད་ལ་སོང་ནས། ཀུན་མཁྱེན་འཇིགས་གླིང་ཁོང་རང་གིས་གསུངས་ལྟར་བྱས་ན། སྣང་སེམས་ཆོས་ཉིད་གསུམ་པོ་འདྲེས་པའི་ཀློང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་གསལ། རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གསོལ་བ། མེ་ཏོག་གི་དོ་ཤལ་འཕྱང་འཕྲུལ་དུ་གཡོ་བ་ཞིག་གིས། རང་གི་མངོན་པར་རྟོགས་པའི་སྙིང་པོ་དང་བཅས་པ་ལེགས་པར་བསྟན་ནས་ཞེས་གསུངས་ཡོད་པ་རེད། མངོན་རྟོགས་ཇི་བཞིན་དུ་གབ་སྦས་གསང་བའི་ཚིག་དང་སྦྲགས་ནས་རིམ་བཞིན་གསུངས་ཡོད། དེའི་འཕྲོར་མཁའ་འགྲོ་མ་དེའི་ཞལ་ནས། མཁའ་འགྲོ་ང་ནི་ཆོས་སྐུའི་ཀློང་ནས་ཡོང་། །འགྲོ་དང་འོང་བའི་རྣམ་རྟོག་ཡོད་མ་ཡིན། །བུ་མོ་ང་ནི་གནས་ཡུལ་ཉེར་བཞིའི་བདག། རྔ་ཡབ་དཔལ་རིའི་སྤྲུལ་བའི་ཞིང་ནས་ཡོང་། །ལ་སོགས་པ་དང་དེའི་འཕྲོ་ཞིག་ཏུ་ཡང་འདི་ལྟར་གསུངས་ཡོད། མཁའ་འགྲོ་ང་བསྒྲུབ་སྐུ་གསུམ་དངོས་གྲུབ་ཐོབ། །གདུལ་བྱའི་འགྲོ་དོན་ལྷོ་ནུབ་ཕྱོགས་ལ་ཡོད། །རྟེན་འབྲེལ་མ་འཆོལ་ལས་ཅན་སྐྱེས་བུ་ཚོ། །ཐིག་ལེ་དྲུག་གི་ཀློང་དུ་ངལ་གསོས་བཏབ། །ཅེས་གསུངས་པ་དང་མཉམ་དུ། མཁའ་འགྲོ་གསང་བའི་ཡི་གེ་རྫུ་འཕྲུལ་གྱིས་བཀོད་པ་ཟད་མི་ཤེས་པ་དང་གཉིས་སུ་མེད་པ་འདྲེས་ནས་སྙིང་དབུས་སུ་ཐིམ་པར་བྱས་བྱུང་གསུངས་ཡོད་པ་རེད། དེ་ནས་གསང་བའི་དམ་ཚིག་གི་ཞག་གྲངས་ཚང་པ་དང་ལྷན་དུ། དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་ཤིག་ལ། ཡང་རྫོང་དུས་སྒྲའི་དབང་པོའི་ཕོ་བྲང་ནས་རྟེན་འབྲེལ་ཟབ་མོའི་མཚམས་སྦྱོར་དང་བཅས་ཏེ། མཁའ་འགྲོ་གསང་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་འདི་ཉིད་རྒྱ་ཁྲོལ་བ་ཡིན་གསུངས་པ་རེད། སྤྱིར་ན་གཏེར་ཞེས་པའི་ཐ་སྙད་འདི་ལ་དཔྱད་པར་བྱས་ན། ནོར་གཏེར། རྫས་གཏེར། ཆོས་གཏེར་ལ་སོགས་པ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད། རེད་དེ་སྐབས་བབ་ཆོས་གཏེར་བཤད་པའི་དུས་ཡིན་དུས། ཆོས་གཏེར་སོགས་ཀྱི་གཏེར་གྱི་ཐ་སྙད་འདི་མདོ་སྔགས་གཉིས་ཀ་ནས་འབྱུང་བར་མ་ཚད། བོད་ཀྱི་གསར་རྙིང་གི་མཁས་གྲུབ་དམ་པ་མང་པོ་ཞིག་གིས་གཏེར་རིགས་བཞེས་མྱོང་བའི་ལོ་རྒྱུས་ཡོད་པའི་ནང་ནས་གཏེར་སྟོན་དང་གཏེར་ཆོས་མང་ཤོས་དེ་སྔ་འགྱུར་རྙིང་མ་པ་རེད། སྔ་འགྱུར་ཐུན་མིན་གྱི་ཆོས་སྐད་ལ། བཀའ་གཏེར་དག་སྣང་གི་བབ་སོ་ཆེན་པོ་གསུམ་དུ་གྲགས་པའི་ནང་ནས། ད་ལྟའི་དུས་འདིར་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་ཕྲིན་ལས་ཀྱི་དར་ཁྱབ་ཆེ་བའི་ཆོས་སྐལ་དེ་གང་ཡིན་ཟེར་ན། གཏེར་ཆོས་ལ་བཞག་ཅིང་གཏེར་ཆོས་ལ་བབ་པ་རེད། འདིའི་ཟབ་མོ་གཏེར་གྱི་བརྒྱུད་པ་འདི་ནི། བརྒྱུད་པ་དྲུག་ལྡན་ནམ་དགུ་ལྡན་གྱིས་ད་ལྟའི་བར་དུ་བརྒྱུད་པ་ཡིན། དེ་ཡང་ཀུན་བཟང་རྡོ་རྗེ་སེམས་དཔའ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བར་དགོངས་བརྡ་སྙན་བརྒྱུད་གསུམ་གྱིས་བརྒྱུད། དེ་ལྟར་བརྒྱུད་པའི་དབང་གི་ཆུ་བོ་ཐམས་ཅད་ཨོ་རྒྱན་པདྨ་ལ་བབ་སྟེ། དེ་ལས་རྒྱུན་མི་འཆད་པ་སྐབས་བབ་ལུང་བསྟན། སྨོན་ལམ་དབང་སྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང་བཅས་པས་བརྒྱུད་ནས་བཀའ་གཏེར་ཐུན་མོང་གི་བརྒྱུད་པ་གསུམ་དང་། གཏེར་གྱི་སྒོས་ཆོས་ཀྱི་བརྒྱུད་པ་གསུམ་མམ་དྲུག་བསྣན་ནས་བརྒྱུད་པ་དྲུག་ལྡན་ནམ་དགུ་ལྡན་ཞུ་བ་རེད། ཁྱད་པར་དུ་དགོངས་གཏེར་དག་གི་ཁྱད་ཆོས་ནི། གུ་རུ་རིན་པོ་ཆེའི་ཐུགས་ནས་དག་པའི་འཁོར་རམ་ལས་ཅན་སྐྱེ་བོའི་ཐུགས་ལ་བརྒྱུད་པའི་ཐུགས་བརྒྱུད་དེ། ལས་རླུང་གི་གཞན་དབང་ལ་བརྟེན་པའི་སེམས་ལ་ཆོས་ཀྱི་ཚིག་དོན་གྱིས་རྗེས་བཏབ་པ་ཞིག་མ་རེད། འོད་གསལ་གཉུག་མའི་རིག་པའམ་སེམས་ཉིད་མི་ཤིགས་པའི་ཐིག་ལེའི་དབྱིངས་སུ། ཆོས་ཀྱི་དངོས་གྲུབ་དེ་དག་ཅིས་ཀྱང་མི་འཕྲོག་པ་བརྟན་པར་མཛད་པ་ལ། དོན་བརྒྱུད་སྙིང་ལ་འཕོས་པ་ཐུན་མིན་གྱི་གཏད་རྒྱ་ཁྱད་པར་ཅན་ཞིག་རེད། ཡང་བརྡ་དང་མཚན་མར་བརྟེན་ནས་ངེས་པ་རྙེད་རྒྱུ། སྔོན་བྱུང་གི་མཚན་མས་ཐུགས་གཏེར་གྱི་སྒོ་འབྱེད་རྐྱེན་བྱས་པའང་ཡོད་དོ། དེ་བཞིན་བརྡ་ཡིག་འདི་དག་ལ་མཚོན་ན། སྔོན་འོད་གསལ་ཀློང་ཆེན་དགོངས་པའི་དབྱིངས་རིམ་ལ་སྦས་པའི་ཟབ་ཆོས་དེ་ཉིད། དུས་ལ་བབ་དུས་འདོན་རྒྱུ་ཅན་གྱི་གཏེར་བདག་མཁའ་འགྲོའི་ཡི་གེ་ཡིན་མིན་སྣ་ཚོགས་པ་བརྡ་རྟགས་ཡི་གེ་གཟུགས་ཀྱིས་མཚོན་པར་བྱེད་པ་ཞིག་རེད། གཏེར་ཆོས་འདི་ལ་ཐུན་མིན་གྱི་དགོས་པ་བཞི་ཡོད་པ་ནི། དམ་ཆོས་མི་ནུབ་པ། གདམས་ངག་མི་འཆུག་པ། བྱིན་རླབས་མི་གཡེལ་པ། བསྒྱུད་ཐག་ཉེ་བ་དང་བཞི་རེད། མདོར་ན། གཏེར་གནས་གསང་བའི་མཛོད་མཐར་ཐུག་པ་དེ་གང་ཡིན་ན། གཏེར་སྟོན་དག་གི་སེམས་ཉིད་འགྱུར་མེད་ཀྱི་དབྱིངས་དེ་རེད། དེ་ན་བཞུགས་པའི་གཏེར་ཆོས་དེ་ཉིད། སློབ་དཔོན་ཆེན་པོའི་གསང་གསུམ་འདུས་པའི་བྱིན་རླབས། བརྒྱུད་གསུམ་དགོངས་པའི་སྙིང་བཅུད། གསང་རྡོ་རྗེ་ཡེ་ཤེས་ཀྱི་ནུས་པས་སྦས་བཞག་པ་དེ་ཚོ། ཇི་ལྟར་གཏེར་ནས་གཏོན་པ་རེད་ཟེར་ན། འོད་གསལ་གཉུག་མའི་རིག་ཆ་ཕྱི་གསལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་རྗེན་པར་བསྐྱོང་བ་དེ་ཀུན་མཁྱེན་འཇིགས་གླིང་གིས་སྣང་སེམས་ཆོས་ཉིད་གསུམ་འདྲེས་པའི་ཀློང་ནས། མཁའ་འགྲོ་མའི་ཡེ་ཤེས་ཀྱི་སྐུ་དངོས་སུ་མཇལ་ནས། རང་གི་མངོན་པར་རྟོགས་པའི་སྙིང་པོ་བསྟན་གསུངས་པ་འདིས། བརྡ་ཚིག་བློ་ལས་འདས་པའི་སྙན་རྒྱུད་ཤོག་སེར་ཆེན་པོའི་དགོངས་དོན་དུ། རིག་རྩལ་ཤེར་རབ་ཀྱི་སྣང་ཆ་མངོན་སུམ་བཀྲ་ལམ་དུ་བྱུང་བ་དེ་བསྟན་ཡོད་པ་རེད། ད་རུང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཞལ་གཟིགས་དུས། མཁའ་འགྲོ་ང་ནི་ཆོས་སྐུའི་ཀློང་ནས་འོང་། ལ་སོགས་པའི་ཚིག་རྐང་བཞི་པོས། ཀ་དག་ཆོས་སྐུ་སྐྱེ་མེད་ཀྱི་ཀློང་ནས་ལྷུན་གྲུབ་འགག་མེད་ཀྱི་རང་མདངས་ལོངས་སྐུར་ཤར་བ་འདི། སྣ་ཚོགས་གང་འདུལ་སྤྲུལ་སྐུའི་སྒྱུ་འཕྲུལ་མཛད་ཀྱང་། དོན་ལ་གཤེགས་བཞུགས་འགྲོ་འོང་གི་རྣམ་རྟོག་མཚན་མ་མི་དམིགས་ན་ཡང་། རྟེན་རང་ལུས་རྡོ་རྗེའི་ཕུང་པོའི་གྲོང་ཁྱེར་གྱི་གནས་ཡུལ་ཉི་ཤུ་རྩ་བཞི། བརྟེན་པ་རྩ་རླུང་ཐིག་ལེའི་འགྲོས་དག་པ་དེ་ཉིད། གང་ལས་མཆེད་པའི་མཆེད་གཞི། ཡེ་ཤེས་ནམ་མཁའི་གཟུགས་ཅན། མཁའ་ཁྱབ་མཁའ་དང་མཉམ་པའི་སྐུ་མངའ་བ། སྟོང་ཆེན་དབྱིངས་ཀྱི་བདག་མོའམ་རྗེ་མོ་ཁོང་ཉིད་ཀྱིས། རང་སྣང་རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས། ལས་ཅན་དག་པའི་སྣང་ངོ་ལ། བརྡ་དང་རྟགས་ཀྱིས་མཚོན་པའི་ཆོས་གཏེར་ཟབ་མོའི་སྒོ་ནས། དབང་གི་ཆུ་བོ་རྒྱུན་མ་ཆད་པའི་བྱིན་རླབས་སུ་འཕོས་པར་མཛད་པའི་དོན་དེ་འདྲ་བ་ཞིག་རེད། ད་རུང་དེའི་འཕྲོར། མཁའ་འགྲོ་ང་སྒྲུབ་སྐུ་གསུམ་དངོས་གྲུབ་ཐོབ། །གདུལ་བྱའི་འགྲོ་དོན་ལྷོ་ནུབ་ཕྱོགས་ལ་ཡོད། །ལ་སོགས་པས་མཁའ་འགྲོའི་སྒྲུབ་པ་འདི་ཉིད། གཏེར་ཆོས་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་ཆེ་བ། ཚིག་ཕྱི་མ་གསུམ་གྱིས་དགོངས་གཏེར་ནམ་མཁའི་མཛོད་ཅན་བདག་གིར་བྱེད་པའི་ཀུན་མཁྱེན་མཁྱེན་བརྩེའི་འོད་ཟེར་ལ། དབུགས་དབྱུང་ལུང་བསྟན་གྱི་རྟེན་འབྲེལ་མ་འཆུག་བཞག་ན། ཁྱེད་ལས་ཅན་སྐྱེས་བུ་སྐུ་ཚེ་མི་ཤིགས་ཐིག་ལེ་དྲུག་གི་ཀློང་དུ་རྒྱས་བཏབ་ནས། ཕྲིན་ལས་ཁྱད་པར་ཅན་གྱིས་འབྲེལ་མཐུད་གསོས་བཏབ་བྱས་ནས། ཆོས་འདི་མི་ནུབ་མཐའ་རྒྱས་ཡོང་བའི་བདེན་ཚིག་དེ་ལྟར་མི་འགྱུར་རླུང་ལྔ་འདུས་པའི་དབྱིངས་ཆེན་པོར་མི་ཤིགས་སྟོང་བའི་ཐིག་ལེ་གཅིག་ལ་འདུས་སོང་པ་དེ། དབྱིངས་ཀྱི་མཁའ་འགྲོའི་བརྡ་ལུང་གིས་བསྒྲགས་པའི་སྟབས་ཀྱིས། དེ་རིང་ཁར་རྩང་དེའི་མཐུ་གྲུབ་སྟེ་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཆོས་འདི། འཛམ་གླིང་ཡངས་པའི་ཡུལ་གྲུ་མང་བོ་ཞིག་ལ། དཀར་འཇམ་ཡུག་གཅིག་ཏུ་བརྡལ་བ་མཐོང་ཆོས་ཡིན་པ་འདིས་ཀྱང་། རྟེན་འབྲེལ་གྱི་སྣ་ཁ་མ་ལོག་པར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་འཕགས་ཡོད་པའི་འཕགས་ཆོས་རང་ཤུགས་ཀྱིས་མཐོང་ཐུབ། ཡེ་ཤེས་མཁའ་འགྲོས་རྗེས་བཟུང་གི་རྟོགས་བརྗོད་འདི་མ་ཡིན་པར། དུས་གཞན་ཞིག་ལ་རྔ་ཡབ་དཔལ་རི་སྤྲུལ་བའི་ཞིང་ཁམས་ལ་མངོན་སུམ་དུ་ཕེབས་ནས། གུ་རུ་ཡབ་ཡུམ་གྱིས་རྗེས་སུ་བཟུང་། བྱིན་གྱིས་བརླབས་ཏེ། དབུགས་དབྱུང་། ལུང་བསྟན་གནང་བ་སོགས་ཀྱང་འདི་དང་རིགས་འདྲ་བ་ཡོད། དེ་ལྟ་བུའི་རིག་འཛིན་ཡུམ་ཀ་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་དཀྱིལ་འཁོར་དེར། དབང་དང་བྱིན་རླབས་རྗེས་གནང་གསུམ་པོ་དབང་ཆོག་གི་སྒྲོམ་གཞི་གཅིག་ལ་འདུས་སོང་བའི་སྨིན་བྱེད་ཀྱི་ཆོ་ག་སྒྲུབ་པ་ལ། ཐོག་མར་འདི་ནས་དབང་ཆོག་སྤྱི་འགྲོས་ལྟར་དུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པ་ལ་མཎྜལ་ཞིག་ཕུལ། མཚམས་འདིར། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་པ། །སོགས་དང་། གཞན་ཡང་སྐྱབས་འགྲོ་སེམས་བསྐྱེད་སོགས་རྗེས་ཟློས་མཛད་ནས་ཟུར་འཕྲོས་ཀྱི་བཀའ་གསུང་། འདི་དམིགས་པ་གསལ་འདེབས་པ་རེད། དམིགས་པ་གསལ་འདེབས་འདི་མཁའ་འགྲོའི་ལས་བྱང་གི་བསྐྱེད་ཆོག་དང་སྦྲེལ་བ་ཞིག་འདི་ནས་མར་གསུངས་འདུག སྤྱན་འདྲེན་འབེབས་སྔགས་དང་བཅས་པས་བསྟན་པ་རེད། དང་པོར་དམིགས་པ་ལ། ངས་དལ་མོ་བྱས་ནས་འདོན་ཡོང་དུས་དེ་བཞིན་དུ་ཁྱེད་རྣམས་པས་ཐུགས་དམིགས་མཛོད། འདི་ནས་ཨ་ཏི་རྫོགས་པ་ཆེན་པོ་ལ་ཡང་གོང་ནས་ཞུས་པ་ལྟར་དུ། ནང་ཚན་དགུ་རུ་ཕྱེས་ཏེ་དཔེར་ན། ཨ་ཏིའི་ཨ་ནུའམ་ཨ་ནུའི་ཨ་ཏི་ལའང་འབྲེལ་སྦྱར་ཆོག་པའི་ནང་ལུང་ཨ་ནུ་ཡོ་གའི་ལྟ་སྒོམ་སྤྱོད་འབྲས་དང་བསྟུན་དགོས་པ་རེད། དེ་ཡིན་ན་ཨ་ནུ་ཡོ་གའི་ལྟ་བ་དེ་སྣང་ཆ་ཡེ་ནས་དག་པ་ཀུན་ཏུ་བཟང་པོ་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང་། སྟོང་ཆ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་གཉིས། སྲས་བདེ་བ་ཆེན་པོ་དབྱིངས་དང་རིག་པ་སོ་སོ་མ་ཡིན་ཐ་མི་དད་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན་དུས། གནས་ལུགས་དག་མཉམ་བདེ་བ་ཆེན་པོའི་ངང་དེ་ལས་ཕྱིའི་སྣང་བ་ཇི་ལྟ་བ་དེ་བཞིན། ནང་རྣལ་འབྱོར་ལུས་ཀྱི་ཆ་ལ་ཚང་པའི་ནང་གི་རྩ་རླུང་ཐིག་ལེ་འདི་དག་ལམ་དུ་སློང་ཐུབ་པ་ཡིན་ན། དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་བ་དང་། ལམ་དུ་སློང་མ་ཐུབ་ན། མ་དག་འཁྲུལ་བའི་སྣང་བ་འཆར་བས་ཕྱི་སྤྲོས་བཅས་ཀྱི་བསྐྱེད་རིམ་སོགས་ལ་མི་ལྟོས་པར་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་སྣུན་པའི་ཐོག་ནས། རགས་སྣང་ཐམས་ཅད་འགྱུར་མེད་ཡེ་ཤེས་ཀྱི་དབུ་མའི་དབྱིངས་སུ་བསྟིམས་ཏེ་གཉུག་མ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་པ་རེད། དེ་ཇི་ལྟར་ཡིན་ན། རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པའི་ལུས་དབུས་དྭངས་མ་ལྔ་འདུས་ཀྱི་སྙིང་པོ་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སམ་མི་ཤིགས་པའི་བདེ་བ་ཆེན་པོའི་ཐིག་ལེ། ཡེ་ཤེས་ནམ་མཁའི་གཟུགས་ཅན་ཀུན་ཁྱབ་ཆོས་སྐུའི་རང་བཞིན་དུ། ལུས་གནས་ལུས་ལས་མ་སྐྱེས་པར་བཞུགས་པ་ཡིན་ན། འདི་ལ་རྫོགས་ཆེན་གྱི་རྒྱུད་དག་གི་ནང་ལ་གཞི་འཛིན་པའི་ཐིག་ལེའམ་ཀུན་ཏུ་བཟང་པོའི་ཐིག་ལེ་གསུངས་པ་རེད། འོད་ལྔའི་མུ་ཁྱུད་ལ་སྣང་བས་ན་རང་བཞིན་འོད་ཀྱི་ཐིག་ལེ་གསུངས་ས་ཡང་ཡོད། དཔལ་ལྡན་གསང་བ་འདུས་པའི་ནང་ནས་མི་ཤིགས་པའི་ཐིག་ལེ་དང་། དཔལ་བདེ་མཆོག་གི་སྐབས་ལ་མི་འགྱུར་བའི་ཐིག་ལེ་གསུངས་པ། ལམ་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས། བརྟེན་པ་རྩ་ཡི་རྫོགས་རིམ་དང་གཡོ་བ་རླུང་གི་རྫོགས་རིམ། བཀོད་པ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་རྣམས། མཚན་བཅས་མཚན་མ་མེད་པའི་ལམ་ལ་བརྟེན་ཏེ། དྭངས་མ་ཆེན་པོ་དྲུག་སྟེ། ས་ཆུ་གཉིས་ཀ་ཟུང་དུ་འཇུག་པ་སྐུ་རྡོ་རྗེ། མེ་རླུང་གཉིས་ཟུང་དུ་འཇུག་པ་གསུང་རྡོ་རྗེ། མཁའ་སེམས་གཉིས་ཀ་ཟུང་དུ་འཇུག་པ་ཐུགས་རྡོ་རྗེ་ཡིན་ན། དེ་ལྟ་བུ་ཤིན་ཏུ་ཕྲ་བའི་སྒོ་གསུམ་མི་ཤིགས་རྡོ་རྗེ་གསུམ་གྱི་མཆེད་གཞི་དེ་ཉིད། གནས་ཚུལ་ལ་ངོ་བོ་འཇིག་འབྲལ་མེད་པ། དུས་གསུམ་མཉམ་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ལས་མ་གཡོས་ཀྱང་། སྣང་ཚུལ་ལ་ཆོས་ཅན་སེམས་ཀྱི་ཆོས་ཉིད་དུ་བཞུགས་པ་དང་ནི། ཀུན་རྫོབ་རྒྱུའི་ཐིག་ལེ་དང་དོན་དམ་འོད་གསལ་གྱི་ཐིག་ལེ་གཉིས་ཀ་རྟེན་དང་བརྟེན་པའི་ཚུལ་གྱིས་འབྲེལ་བ་ཡིན་པས། ཁམས་དྲུག་ལྡན་པའི་མིའི་ལུས་རྟེན་འདི། རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་རྟེན་མཆོག་ཡིན་པའི་རྒྱུ་མཚན་དེ་རེད། དེའི་དབང་གིས་ཕུང་ཁམས་གྱི་འགྱུར་བ་ཐམས་ཅད་འགྱུར་མེད་བདེ་ཆེན་གྱི་དབྱིངས་སུ་བསྡོམས་པ་དེ། ཕྱི་ནང་གཞན་གསུམ་དེ་ཁོ་ན་ཉིད་དང་བཅས་པའི་ཉམས་ལེན་གྱི་གནད་འདུས་རེད། དེ་ལྟ་བུའི་འགལ་མེད་དོན་གཅིག་ལ་བསྡུས་པའི་ཉམས་ལེན་གྱི་གནད་དེ་ཟིན་པའི་སྟེང་ནས། སྤྱོད་པ་རང་ལུས་དང་གཞན་ལུས་ལ་བརྟེན་པའི་རྗེས་ཆགས་ཞུ་བདེའི་ཉམས་ལེན་གཙོ་བོར་བྱས་པའི་ཐབས་མཁས་ཟབ་མོ་དང་ལྡན་པས། འབྲས་བུ་སྙིགས་དུས་ཀྱི་ཚེ་ཐུང་འདིའི་རིང་ལ། ཚོགས་ལམ་འདུན་པ་སེམས་པ། སྦྱོར་ལམ་རིགས་ཆེན་འབྱེད་པ་ལ་སོགས་པའི་ལམ་ལྔ་དང་། ས་དང་པོ་འགྱུར་བ་མ་ངེས་པ་སོགས་ས་བཅུ་གཅིག་པོ། ནང་གི་ཐབས་མཁས་ཀྱིས་མྱུར་བར་བགྲོད་ནས། སྐུ་བཞིའི་ཡེ་ཤེས་ལྔ་ཡི་བདག་ཉིད་བདེ་བ་ཆེན་པོ་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་བྱེད་པ་དེ། ཨ་ནུའི་ལྟ་སྒོམ་སྤྱོད་འབྲས་རེད། དེ་ལྟ་བུའི་གོ་དོན་ངེས་པའི་སྟེང་ནས། དབྱིངས་ནས་ཡེ་ཤེས་འབེབས་པའི་དམིགས་གནད་ཇི་ལྟར་འཛིན་དགོས་ཟེར་ན། དོན་དམ་འོད་གསལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་བརྟེན་པའི་སྙིང་ཁའི་ཕྲ་མོའི་ཐིག་ལེ་ལ་བརྟེན་ནས། སྣང་སེམས་ལུས་ལྡོག་གི་ཤར་རིམ་དང་མཐུན་པའི་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས་ཏེ་སློང་བྱེད་སྐྱོན་གསུམ་བྲལ་བའི་ནམ་མཁའ་ལྟ་བུ། ཤིན་ཏུ་མཚོན་པར་དཀའ་བའི་འོད་གསལ་བྱང་ཆུབ་སེམས་ཀྱི་གནས་ལུགས་ཀྱི་ཐོག་ལ་མཉམ་པར་བཞག་པ་དེའི་ངང་ལས། རང་རིག་ཆུ་ལས་ཉ་ལྡིང་པ་ལྟར་དུ། སྣང་སེམས་ལུགས་འབྱུང་དུ་ཤར་བའི་ཉེར་ལེན་གྱིས་རྒྱུ་བྱས། རླུང་འོད་ཟེར་ལྔ་བས་ལྷན་ཅིག་སྐྱེས་པའི་རྐྱེན་བྱས་ནས། སྒྱུ་མའི་ལྷ་སྐུར་ལྡང་བའི་ཚུལ་དང་མཐུན་པ་ཞིག་གིས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ངོ་བོ་ཆོས་སྐུའི་ཡུམ་ཆེན་རྣམ་པ་བདེ་ཆེན་རྒྱལ་མོ་ཉིད་དུ་གསལ་བ། ཞལ་གཅིག་པ་ཆོས་སྐུ་འགྱུར་མེད། ཕྱག་གཉིས་པ་ཐབས་དང་ཤེས་རབ་དབྱེར་མེད། སྐུ་མདོག་དམར་བ་ཆགས་མེད་བདེ་ཆེན་མཚོན་བྱེད། སྐུ་གཅེར་མོ་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡ། ཟུང་འཇུག་མཉམ་པའི་དོར་སྟབས་ཀྱིས་འགྲོ་དོན་ལ་སྐྱོ་དུབ་མེད་པའི་ཚུལ་གྱིས་བཞེངས་ཏེ་ཡོད་པ། ཤིན་ཏུ་ཆགས་དང་བཞད་པའི་ཞལ། ཞེས་གསུངས་འདུག་མོད། དེ་ནི། ཆགས་པ་ཉིད་ནས་ཆགས་པ་མེད་པའི་འདོད་ཆགས་ཆེན་པོས་འགྲོ་ལ་བརྩེ་བས་ཡོངས་སུ་མི་འདོར་བའི་སོ་སོར་རྟོགས་པའི་ཡེ་ཤེས་མངའ་བ། བཞད་འཛུམ་དགྱེས་པའི་རྣམ་འགྱུར་ཅན། ཕྱག་གཡས་ན་བདེ་སྟོང་ཟག་མེད་མཚོན་པའི་ཐོད་པའི་ཅང་ཏེའུ་སྙན་པའི་དབྱངས་ཀྱི་ཆོས་སྒྲ་སྙན་གྱི་ཐད་ཀར་གཏོད་ཅིང་འཁྲོལ་བ་དང་། ཕྱག་གཡོན་ན་གཟུང་འཛིན་རྩད་ནས་གཅོད་པའི་གྲི་གུག་གི་ཡུ་བ་ནས་འཛིན་ཅིང་དཀུར་བརྟེན་པ། སྣང་སྲིད་དབང་དུ་སྡུད་བའི་བརྡ་རྟགས་སུ་མཆོག་ཏུ་འགྱིང་ཞིང་ཟིལ་གྱིས་གནོན་པའི་ཉམས་འགྱུར་དང་ལྡན་པ། དེའི་ཐོག་ཏུ་ལྷན་སྐྱེས་བདེ་བ་ཆེན་པོ་དང་ཞུམ་མེད་འདོད་དགུར་མངའ་དབང་བསྒྱུར་བའི་ཉམས་རྒྱས་པ། ལྷ་དང་མི་ཡི་རིན་པོ་ཆེའི་བརྒྱན་དང་མཚར་སྡུག་གཞོན་ནུའི་རྒྱན་ཆ། པུནྜ་རི་ཀའི་དོ་ཤལ་ཅན་གསུངས་ཡོད་པ། པུནྜ་རི་ཀ་ལྷའི་རིན་པོ་ཆེ་མཛེས་སྡུག་གི་མེ་ཏོག་ཏུ་སྣང་བའི་དོ་ཤལ་འཆང་ཞིང་། བརྟུལ་ཞུགས་རིག་པའི་རྒྱན་དྲུག་སྐུ་ལ་གསོལ་བས་མཛེས་པར་བརྒྱན་པ་དང་། གནག་སྣུམ་དབུ་སྐྲའི་ལན་ཚར་ཅན་གསུངས་པ་རེད། རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀྲ་ཞིང་། འགྲོ་བའི་རྒུད་པ་སེལ་ཕྱིར་དབུ་སྐྲ་ཐུར་དུ་འཕྱང་བ། དབུ་ལ་རིགས་ལྔའི་མཚོན་རྟགས་ཀྱི་རཏྣའི་རྩེ་བྲན་བརྗིད་པ། སྤྱན་གསུམ་གྱི་ནང་ནས་དབུ་མའི་སྤྱན་གྱིས་གྱེན་དུ་ཆོས་སྐུའི་དབྱིངས་ལ་གཟིགས་ཤིང་། ལོངས་སྐུའི་སྤྱན་གྱིས་འགྲོ་བ་འདུལ་བར་གཟིགས་སྟངས་སྙོམས་པ་དང་ནི། སྤྲུལ་སྐུའི་སྤྱན་གྱིས་ཁམས་གསུམ་འགུགས། ཞེས་གསུངས་པ་རེད། ཁམས་གསུམ་འགུགས་པ་དེ་རྗེས་སུ་ཆགས་པའི་མདངས་ཀྱིས་གཟིགས་པ། སྐུ་གཅིག་སྐུ་གསུམ་ཀུན་འདུས། རྩ་གསུམ་ཞི་ཁྲོའི་རང་བཞིན། རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་ཐམས་ཅད་སྐུ་ལ་རྫོགས་ཤིང་། སྒྲུབ་གཞུང་བདེ་ཆེན་དཔལ་ཕྲེང་གི་ནང་ནས་འབྱུང་བ་བཞིན་དུ། སྤྱི་བོ་ཛ་ལནྡྷ་ར་དང་། སྨིན་མཚམས་པུལླི་ར་མ་ཡ། སོགས་ཉེ་བའི་གནས་བརྒྱད། ཞིང་དང་ཉེ་བའི་ཞིང་། འདུ་དང་ཉེ་བའི་འདུ་བའོ། ཚནྡྷོ་ཉེ་བའི་ཚནྡྷོ་སྟེ། ད་དུང་འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་ཀྱིས་བསྡུས་པའི་གནས་ཡུལ་ཉེར་བཞིའི་མཚོན་པའི་གནས་གསུམ་མ་ཚོགས་མཁའ་འགྲོའི་འཁོར་གྱིས་སྐོར་བ། དེ་ལྟ་བུའི་དམ་ཚིག་སེམས་དཔའི་ཐུགས་ཀ་རུ། ཡེ་ཤེས་སེམས་དཔའ་རྗེ་བཙུན་ཨཱརྱ་ཏཱ་རེ་གསུངས་འདུག་པས་རྗེ་བཙུན་སྒྲོལ་མ་ལས་བཞི་ལྷུན་གྲུབ། འཇིགས་བརྒྱད་སྐྱོབས་པའི་སྐུ་མདོག་ལྗང་སྔོན། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་པས་མཆོག་སྦྱིན་མཛད་པ། གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་ཅན། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་ཕག་མོ་གསལ་དགོས་པ། གནག་སྣུམ་གྲི་ཐོད་ཅན་སེམས་དཔའ་སུམ་བརྩེག་གི་གོ་དོན་སྔར་ཡང་ཞུས་པ་རེད། རྒྱན་དང་ཕྱག་མཚན་སྤངས་པ་གསུངས་འདུག་བསམ་ནས་འདིའི་ཕྱག་མཚན་འགལ་བ་ཅན་དུ་འཛིན་མི་དགོས། ཕྱག་མཚན་མཚན་མ་ཅན་མ་ཡིན་པར། ཡེ་ཤེས་ཀྱི་རང་མདངས་ཐབས་ཤེས་ཟུང་འབྲེལ་རང་འོད་ཀྱིས་མཚོན་པའི་རྣམ་པ་ཙམ་ཞིག་རེད། རང་ཉིད་དེ་ལྟ་བུའི་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མ། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་རྣམ་པར་ཤར་བ། སྣང་སྟོང་སྒྲིབ་གཡོགས་དང་བྲལ་བ་ཞིག་ཏུ་བསྒོམས། གནས་ལྔར་ཕྱག་མཚན་ལྔའམ་ཡིག་འབྲུ་ལྔས་མཚོན་པ་དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པས། འོག་མིན་གནས་དང་མཁའ་སྤྱོད་ཞིང་། །གཡུ་ལོ་བཀོད་དང་པདྨ་འོད། །ལ་སོགས་པ་གསུངས་པ་ལྟར། ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོ་བཞུགས་པའི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་གནས་དང་། རིག་འཛིན་དཔའ་བོ་མཁའ་འགྲོའི་བཞུགས་གནས་མཁའ་སྤྱོད་ཞིང་ཁམས། རྗེ་བཙུན་འཕགས་མ་སྒྲོལ་མའི་གཡུ་ལོ་བཀོད་པའི་ཞིང་ཁམས། མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ། སྲིན་མོའི་རྒྱལ་མོ་མཐིང་འོད་འབར་མ་བཞུགས་པའི། ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་སོགས། ཕྱི་བསམ་ཡས་སྣོད་བཅུད་ཀྱི་བཀོད་པ། ནང་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་འདུས་པའི་གནས་ཡུལ་རབ་འབྱམས་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ནས། བདག་དམ་ཚིག་པ་དང་ཇི་ལྟར་ཆུ་ལ་ཆུ་བཞག་དང་མར་ལ་མར་བཞག་པ་བཞིན་དུ། གཉིས་མེད་གཅིག་ཏུ་འདྲེས་པར་བསམ་ནས། སྣང་སྟོང་སྐྱེ་འགག་བྲལ་བའི་ངང་ལ་དལ་ཅིག་མཉམ་པར་བཞག་བཞིན་དུ། རྩལ་སྣང་དབྱིངས་ནས་ཐུགས་རྒྱུད་བསྐུལ་བའི་དབྱངས་རྟ། སྤྱན་འདྲེན་གཏེར་གཞུང་གི་ཚིག་འདི་ལ་གསོན་བཞིན་ཐུགས་དམིགས་དང་ལྷན་དུ། ཁྱད་པར་དུ་མཇུག་གི་འབེབས་སྔགས་ཀྱི་དུས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་སྟེ་བྱིན་ཕེབས་པའི་ཐུགས་མོས་མཛད་དགོས། ཡིག་ཆུང་དུ་ཐོད་རྔ་བརྡུང་བའི་དབྱངས་ཀྱིས་སྐུལ་ཏེ། ཞེས་གསུངས་འདུག ཡང་མཚམས་འདིར། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནས། །སོགས་སྤྱན་འདྲེན་དང་། མེ་ཏོག་དོར། དངོས་གཞིའི་དབང་བསྐུར་སྐབས་ཀྱི་ཟུར་འཕྲོས། འདིའི་ཐུགས་ཀའི་ས་བོན་དེ་གང་ཡིན་ཟེར་ན། ཡི་གེ་བཾ་ཡིག་རེད། ཡེ་ཤེས་སེམས་མའི་ཐུགས་ཀར་དགའ་འཁྱིལ་དམར་པོ་ཡན་ལག་བཞི་བ་ཞིག་གཡོན་སྐོར་ལ་འཁོར་བའི་དབུས་ན་བཾ་ཡིག དེའི་མཐའ་སྐོར་རྩ་སྔགས་འགལ་མེའི་འཁོར་ལོ་ལྟར་འཁོར་གྱིན་ཡོད་པ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་ནས་སློབ་མ་རང་ཉིད་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་འཁོར་བར་བསམ་ནས་རྩ་སྔགས་བཟླ་དགོས། འདིའི་རྩ་སྔགས་དེ་པདྨོ་ཡོ་གི་ནི་ཛྙཱན་ཝཱ་རཱ་ཧཱི་ཧཱུྃ་རེད་མོད། འདིའི་བར་ན་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྦྱར་ཡོད་པ་འདི་ནི། གོང་ནས་ཞུས་པ་ལྟར་དུ་སྦྲགས་སྒྲུབ་རེད། སྣ་ཚོགས་ལས་ཀྱི་དངོས་གྲུབ་ཐོགས་མེད་དུ་བྱེད་པ་ལ་དགོངས་ནས་རྗེ་བཙུན་སྒྲོལ་མ་དང་སྦྲགས་ནས་སྒྲུབ་པའི་ཚུལ་མཛད་པ་རེད། འདིའི་རྩ་སྔགས་ཀྱི་ཐོག་མར་ཨོཾ་ཡིག་ཡོད་རྒྱུ་འདི་ནི། སྔགས་ཀྱི་འགོ་འདྲེན་མཆོག་གི་དངོས་གྲུབ་སྟེར་བའི་དོན་ལ་བསྒྱུར་ཆོག་པའི་ཡི་གེ་རེད། དཔལ་དང་གཡང་་སྟེར་བ་བྱེད་པས་ན་ནོར་བུ་འཛིན་པའི་སྔགས་ཡིན་གསུངས་ས་ཡང་ཡོད། པདྨོ་ཡོ་གི་ནི་ཞེས་གསུངས་པ་ནི། པདྨའི་རྣལ་འབྱོར་མ་ཞེས་པའི་དོན། བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མ་གསུངས་ཡོད་པ་ལྟར། མི་འགྱུར་པའི་བདེ་བ་ཆེན་པོ་སྟོང་ཉིད་དང་རོ་གཅིག་པ་མངོན་དུ་གྱུར་ཅིང་། པདྨ་ཆུ་དང་འདམ་ལས་སྐྱེས་ཀྱང་ཆུ་དང་འདམ་གྱི་དྲི་མས་མ་གོས་པ་བཞིན་དུ། ཟག་བཅས་འཕོ་བའི་བག་ཆགས་མཐའ་དག་སྤངས་བའི་བདེ་སྟོང་འབྱེར་མེད་ཀྱི་རྣལ་འབྱོར་ལས་སྐད་ཅིག་ཀྱང་གཡོ་བ་མེད་པར། འགྲོ་ཀུན་བདེ་ཆེན་དགའ་བཞིའི་ཡེ་ཤེས་ཀྱིས་བླ་མེད་རྫོགས་བྱང་ལ་སྦྱོར་བ། ཀུན་ཏུ་བཟང་པོའི་སྤྱོད་པ་ལས་གཞན་དུ་མི་འགྱུར་པ་དེ་ལ་གསུངས་པ་རེད། ཛྙཱ་ན་ཡེ་ཤེས། ཝཱ་རཱ་ཧཱི་གསུངས་པ་ནི། ཡེ་ཤེས་ཀྱི་ཕག་མོའི་དོན། འདིའི་རྒྱུན་འདེབས་ཀྱི་ནང་ན་གསུངས་པ་ལྟར། སྐྱེ་མེད་དབྱིངས་ཀྱི་མཁའ་འགྲོ་ཀུན་ཏུ་བཟང་། །འགག་མེད་ལོངས་སྐུའི་མཁའ་འགྲོ་ཝཱ་རཱ་ཧཱི། །གང་འདུལ་སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མ། །སོགས་ངོ་བོ་གཅིག་ལ་གདུལ་བྱ་འདུལ་ཐབས་ཕྲིན་ལས་ཀྱི་དབྱེ་བའམ་ངོ་བོ་དང་གདངས་རྩལ་གྱིས་ཕྱེས་པའི་སྐུ་གསུམ་གྱི་རྣམ་པ་སྣང་ཚུལ་ཙམ་ཞིག་རེད། ཕག་མོའི་དབུ་གཙུག་གི་རལ་བའི་གསེབ་ནས་ཕག་ཞལ་ནག་པོ་བྱུང་སྟེ་གྱེན་དུ་གཟིགས་པ་དེ། རྟོག་མེད་ནམ་མཁའ་ལྟ་བུའི་དགོངས་པ་ལ་དུས་རྟག་ཏུ་བལྟས་པའི་བརྡ་རྟགས། དོན་དམ་འོད་གསལ་རྟོག་མེད་མི་འགྱུར་རྟགས་ཀྱི་ཕྱག་རྒྱར་སྣང་བ་ལ་སོགས་པས་མཚོན་པ་ཞིག་ཡིན། གནས་ལུགས་དོན་གྱི་ཕག་མོ་ནི། རྟོག་ཚོགས་ཐམས་ཅད་སྙིང་དབུས་མི་ཤིགས་པའི་ཐིག་ལེས་ཟོས་པའི་འོད་གསལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་རེད། མཐའ་མར་ཧཱུྃ་ཞིག་ཡོད་པ་དེ། རྒྱལ་ཀུན་ཐུགས་ཀྱི་ཡི་གེ་ཡིན། ཧཱུྃ་འདི་འཇོམས་པར་བྱེད་པའི་དོན་ལ་འཇུག་དུས་ཀྱང་ཡོད་པས། འདི་ནས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་། རང་བྱུང་འོད་གསལ་གྱི་དབྱིངས་ནས། སངས་རྒྱས་ཀུན་གྱི་གསང་གསུམ་ཡེ་ཤེས་ཐུགས་ཀྱི་སྙིང་པོར་བསྡུས་ཏེ། ཡེ་ཤེས་ཆེན་པོའི་དབང་བསྐུར་ཅིག་གམ་ཡང་ན་དངོས་གྲུབ་སྩོལ་ཞེས་པའི་དོན་རེད། འདི་ནས་སྤྱི་དྲིལ་གྱི་སྔགས་ནི། ཨོཾ་གུ་ཧྱ་ཛྙཱན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་རེད། མ་ཧཱ་སུ་ཁ་ཡན་ཆད་དེ་ཞི་བའི་སྔགས། རུ་ལུ་ཁྲོ་བོའི་སྔགས་རེད། འདི་སྣང་སྲིད་ཡེ་རྫོགས་དཀྱིལ་འཁོར་གསུམ་དུ་ཕྱེས་པའི་ངང་ནས་བཟླ་རྒྱུ་རེད། འདིའི་སྔགས་དོན་རེ་རེ་བཞིན་མ་ཞུས་ན་ཡང་ཚང་མས་ཤེས་གསལ་རེད། འདི་ནས་གསང་བའི་དབང་གི་རྗེས་འབྲེལ་བཟླས་ལུང་ལ་སྔགས་ཀྱི་བགྲང་ཕྲེང་འདི་འདྲེན་བཞིན་རྩ་སྔགས་ལན་གསུམ་རེ་རྗེས་ཟློས་མཛོད། རྩ་སྔགས་རྗེས་ཟློས་ལན་གསུམ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །སོགས་རྗེས་ཟློས་མཐར་གསུང་འཕྲོས་འདི་ལྟར་ཕེབས་པ། དབང་གསུམ་པ་འདི་ཤེས་རབ་ཡེ་ཤེས་ཀྱི་དབང་རེད། འདི་ནས་ཆོག་ཁྲིགས་ཀྱི་ནང་དུ་གསལ་ཁ་ཆེར་བྱས་མེད་ཀྱང་། སློབ་མ་དཔའ་བོའི་ང་རྒྱལ་དུ་གོ་འཕོ་དགོས་པ་རེད། སྒྲུབ་པ་པོ་ལྷར་གསལ་བ་ལྷ་མོའི་རྣམ་པར་སྔོན་ནས་འཆང་བཞིན་དུ་ཡོད་པས། ལྷ་མོའི་གཟུགས་ཀྱིས་སྙོམས་འཇུག་གི་བདེ་བ་སྟེར་ཚུལ་ལ། རྒྱས་པ་ནི་རྡོ་རྗེ་བྱིན་རླབས་སོགས་ཀྱི་སྔགས་དང་། མཚོ་རྒྱལ་ཉིད་ཀྱིས་སམ་སློབ་མ་རང་ཉིད་དང་། རིགས་བདག་ཨརྱ་དཔའ་བོའི་གཟུགས་སུ་བསྒྱུར་བར་མོས་པའི་གོ་དོན་ཅན་ཞིག་རེད། གང་ལྟར་ཕྱག་རྒྱ་བཞི་ཡི་སྙོམས་པར་ཞུགས་པར་བསམ་ནས། དགའ་བ། མཆོག་དགའ། ཁྱད་པར་ཅན་གྱི་དགའ་བ། ལྷན་སྐྱེས་ཀྱི་དགའ་བ་སྟེ་དགའ་བཞིའི་ཡེ་ཤེས་ཀྱི་རྟོགས་པ་ཐོབ་པར་བསམ་དགོས། ཡང་མཚམས་འདིར། ཧོ ཡེ་ཤེས་རྣམ་པ་ཐམས་ཅད་པ། །དགའ་བ་བཞི་ལ་ཡང་དག་བརྟེན། ། སོགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་སྐབས་ཀྱི་གསུང་འཕྲོས། གང་ཟག་རིམ་གྱིས་པ་ཞིག་ལ་མཚོན་ན། འདིའི་དབང་བཞིའི་ཡེ་ཤེས་སྔ་ཕྱི་རྒྱུ་འབྲས་ཀྱི་ཚུལ་དུ་འབྱུང་བས་དབང་གསུམ་པའི་ལམ་གྱི་དཔེའི་ཡེ་ཤེས་ཟེར་རྒྱུ་བོ་དེ། ཆོས་ཐམས་ཅད་བསམ་དུ་མེད་པ་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་ཡིན་པ་གང་ཞིག བདེ་བས་ཐབས་བྱས་པའི་ལྷན་ཅིག་སྐྱེས་པའི་ཤེས་རབ་ལ་གོམས་པར་བྱས་པས་མཚོན་ནས། གང་མཚོན་བྱ་ནི་དབང་བཞི་བའི་སྐབས་སུ་དེའི་རང་བཞིན་ཇི་ལྟར་ཡིན་པ་མངོན་སུམ་དུ་མཐོང་བའི་ཐབས་བྱུང་འབྲས་བུའི་ལྷན་སྐྱེས་དངོས་སུ་སྐྱེ་པ་དེ་རེད། འདི་ཡང་ཞིབ་ཏུ་ཞུས་ན། ཡས་བབས་མས་བརྟན་གཉིས་ཀའི་ནང་གི་ཡས་བབས་ཀྱི་དགའ་བ་བཅུ་དྲུག་པོའི་མཐར་ཐུག་པའི་གནས་སྐབས་དེ་ཉིད། དབང་གསུམ་པའི་ཡེ་ཤེས་ལ་འདོད་དགོས། དེའི་རྒྱུ་མཚན། མས་བརྟན་གྱི་ཡེ་ཤེས་ལུགས་ལྡོག་ཏུ་ཉམས་སུ་མྱོང་བས་དཔེ་ལ་བརྟེན་ནས་དོན་འགྱུར་མེད་ཀྱི་བདེ་ཆེན་ཤེས་པའི་དགའ་བཞིའི་དོན་འོད་གསལ་ལ་ལྟ་བ་ཡིན་པས། ཡས་བབས་ཀྱི་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གོམས་པར་བྱེད་པ་ནི། དབང་གསུམ་པའི་དོན་པོར་ཡིན་དགོས་པ་རེད། མས་བརྟན་དགའ་བ་བཅུ་དྲུག་གི་མཐའ་མའི་རང་བཞིན་མི་ཤིགས་ཀྱི་དྭངས་མ་ཡིས། རྣམ་སྨིན་གྱི་ལུས་ཐམས་ཅད་ལ་ཁྱབ་པའི་རྐྱེན་གྱིས། སེམས་ལས་འདས་པའི་ཡེ་ཤེས་རྣམ་ཐར་བཞི་ལྡན་གྱི་བདེ་བ་ཆེན་པོའམ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ལྷུམས་སུ་ཞུགས་པ་ནི། དབང་བཞི་པའི་ངོ་བོ་ངོ་མ་དེ་ཡིན་དགོས་པ་རེད། འདིའི་ནང་ནས་དབང་གི་ཆོག་ཁྲིགས་ཀྱི་ཚིག་དེ་བསྡུས་པ་ངོ་མ་ཞིག་རེད། དེ་ཡིན་ན། དབང་བཞི་པ་དོན་དབང་འདི་ལ་ཡོངས་ཁྱབ་ཀྱིས་ཚིག་དབང་རིན་པོ་ཆེ་གསུངས་དར་བ་རེད། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཡིན་པས་ན་དེ་ལྟར་ཚིག་དབང་རིན་པོ་ཆེ་གསུངས་པ་རེད། ཞིབ་ཀྱིས་ཕྱེས་ན་འདི་ལ་ཚིག་གི་བཞི་པ། དོན་གྱི་བཞི་པ། རྟེན་ཅན་གྱི་བཞི་པ། ལམ་གྱི་བཞི་པ། འབྲས་བུའི་བཞི་པ་སོགས་ཀྱི་དབྱེ་བ་ཡོད་ཚུལ་གོང་ནས་ཞུས་པ་ལྟར་རེད། སྐབས་ཀྱི་དོན་ཞུ་བདེ་ལ་བརྟེན་ནས་ཡེ་ཤེས་འདྲེན་པའི་ཁྱད་པར། གནས་ཀྱི་སྒོ་ནས་ངོས་བཟུང་བ་འདི་ལ་བསམ་བློ་ཞིག་གཏོང་པ་ཡིན་ན། སྤྱིར་སྔགས་བླ་མེད་ཀྱི་རྫོགས་རིམ། དུས་འཁོར་དང་ཕྱག་ཆེན་ཐིག་ལེ་ལ་སོགས་པའི་སྐབས་ཀྱི་ངོས་འཛིན་སྟངས་ལ་ཁྱད་པར་ཅུང་ཟད་རེ་ཡོད་མོད། གཙོ་ཆེར་རྣམ་རྟོག་རགས་པ་དེ་ཉིད་ཆོད་པས་ན་དགའ་བ་གསུངས། རྣམ་རྟོག་ཆེན་པོ་ཆོད་པས་ན་མཆོག་དགའ། འབྲིང་པོ་ཆོད་པས་ཁྱད་པར་གྱི་དགའ་བ། རགས་པའི་ཆ་མེད་པས་ན་ལྷན་སྐྱེས་ཀྱི་དགའ་བར་འཇོག་པ་དེ་འདྲ་བ་ཞིག་རེད། འདི་དག་དབང་བཞི་དང་སྦྱར་དུས། དབང་སྔ་མ་གསུམ་རྟོག་བཅས་ཀྱི་དགའ་བ་དང་། ཕྱི་མ་རྟོག་མེད་ལ་འཇོག་དགོས་པ་རེད། འདིའི་དགའ་བཞིའི་འགྲོས་རེ་རེ་ལ་དགའ་ཆུང་བཞི་རེ་ཕྱེས་ན་དགའ་བ་བཅུ་དྲུག་རེད། དེ་ཡང་ཡས་བབས་རྒྱུ་དང་མས་བརྟན་འབྲས་བུའི་ས་ལ་སྦྱར་རྒྱུ། མས་བརྟན་གྱི་དགའ་བ་བཅུ་དྲུག་པོའི་དཀར་དམར་ཐུག་པའི་སྐད་ཅིག་ལ་རླུང་འགག་པས། འགྱུར་བ་ཉུང་པའི་ཤེས་རིག་ཀྱང་རྒྱུན་ཆད་ནས། སྐུ་བཞི་མངོན་དུ་བྱས་པའི་འབྲས་བུ་བཞི་བ་ལ་ངོས་འཛིན་པ་རེད། དེ་ལ་རྒྱུད་ཁུངས་མའི་ལུང་གིས་རྒྱབ་སྐྱོར་ཡོད་པ་རེད། རེད་དེ་གོ་བ་ཞིབ་ཆ་བྱས་ན། དོན་གྱི་ཡེ་ཤེས་བརྙེས་པའི་ཐ་སྙད་ཅན་གྱི་བདེན་མཐོང་སྔགས་ཀྱི་མཐོང་ལམ་ལ་འཇོག་པ། ས་དང་པོའི་ཡོན་ཏན་བརྙེས་པ་སོགས་ཀྱི་ཐད་ནས་སྒྲ་ཇི་བཞིན་པ་འཛིན་ཆོག་རྒྱུའི་ངེས་པ་མེད་པའི་འཐད་པ། དབང་བཞིའི་གོ་དོན་དང་སྦྲགས་ཏེ་བཤད་ཡོང་ན། ཁང་བུ་རྩེགས་པའི་རྒྱུད་ཀྱི་ནང་ན། བཞི་བ་ཉུང་བས་ལྷན་ཅིག་སྐྱེས། །ལྔ་བ་སྟོང་པ་ཉིད་ཀྱིས་སོ། །གསུངས་བས། དབང་བཞི་པོ་དཔེའི་ཡེ་ཤེས་སུ་བཞག་ནས་དེ་མཚོན་པའི་དོན་གྱི་ཡེ་ཤེས་དེ་གང་ལ་ངོས་འཛིན་པ་རེད་ཟེར་ན། དབང་བཞི་བའི་དུས་ན་སེམས་དང་ཡེ་ཤེས་གང་དུའང་མ་ཕྱེད་མི་འབྱེད། མཐའ་གཉིས་ལས་འདས་པར་སྦྱོར་བའི་ཆ་དེ་ལ་ལྔ་བའི་ཐ་སྙད་ཅེས་བསྟན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་མཐར་ཐུག་དེ་ཁོ་ན་ཉིད་དབང་བཞི་བའི་བླ་དྭགས་ལ་བཏགས་པ་དེ་གནས་སྐབས་ཚིག་གིས་མཚོན་ནས། སྨིན་པ་ལས་རུང་གི་རྟེན་འབྲེལ་ཞིག་སྒྲིག་པ་ཡིན་ན། མཐར་ཐུག་དེའི་དོན་དུ་གཉིས་སུ་མེད་པའི་ཡེ་ཤེས་ངོ་མ་དེ། དད་དང་བྱིན་རླབས་ཀྱིས་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལས་རྟོགས་དགོས་པ་ནི། ས་ར་ཧ་བའི་གསུང་གི་ནང་ན། བླ་མའི་བྱིན་རླབས་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །གསུངས་པ་ལྟར་རེད། འོན་ཀྱང་སྔོན་བྱུང་གི་བློ་མཐུ་ཅན་གཅིག་ཆར་པ་དབང་དུས་སུ་སྨིན་གྲོལ་གཉིས་ལྡན་དུ་གྱུར་པ་ཡང་བྱུང་དང་འབྱུང་སྲིད་པ་རེད། འདི་དག་ཟབ་མོ་འབྱེད་པའི་ཤེས་རབ་ཀྱིས་ངེས་པའི་རང་སྐད་མིན་ན་ཡང་། ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལ་ངེས་ཤེས་འདྲོངས་པའི་དད་པའི་མངོན་རྟོགས་ཙམ་ཞིག་ཡིན་དགོས་པ་རེད། དབང་གིས་སྨིན་པར་བྱེད་ཟེར་རྒྱུ་འདིའང་། གཅིག་གིས་བལྟས་ན། འདི་སྔར་ཡར་ནང་དུ་འཛུལ་དུས་དང་། ད་ལྟར་དབང་ཐོབ་སྟེ་ཕྱིར་ཡོང་དུས་གཉིས་ཀ་འདྲ་འདྲ་རེད་བསམ་པའི་མངོན་སུམ་ལྟར་མི་མངོན་པ་ཡིན་ཡང་། ཡེ་ཤེས་སྐྱེ་བའི་སྣ་འདྲེན་དེ་དབང་གི་ཐབས་ལ་བརྟེན་ནས་སྡོམ་དམ་ཚིག་རྣམ་དག་གིས་སྲུང་ན། ལམ་རིམ་པ་གཉིས་ཀྱི་རྟེན་འབྲེལ་ལས་འབད་པ་ཆུང་ཆུང་གིས་དོན་འབྲས་ཆེན་པོ་ཐོབ་སྟེ་ཚེ་འདི་སོགས་ལ་གྲོལ་བ་ཐོབ་ཆོག་པ་རེད། སྔགས་ཀྱིས་བཏབ་པའི་ས་བོན་དེ་ཡུད་ཙམ་གྱིས་སྨིན་པ་དཔེར་བཞག་ནས་གསུངས་ཡོད། རྒྱུད་སྨིན་པའི་ཚད་ནི་རང་ལུགས་ཕར་ཕྱིན་ཐེག་པའི་སྐབས་ནས་ཀྱང་། རྟེན་གང་ཞིག་ལ་མཐོང་སྤང་སྤང་རུང་དང་མཐོང་ལམ་སྐྱེ་རུང་ལ་སྨིན་པའི་འཐད་པ་བཞག་པ། མདོ་སྡེ་རྒྱན་གྱི་ལུང་། ཇི་ལྟར་རྨ་དང་ཟས་ལ་སོགས་ཀྱིས་བསྒྲུབས་ཡོད་པ་ལྟར་ཤེས་དགོས། ཡང་མཚམས་འདིར། བཀྲ་ཤིས་བརྗོད་དེ་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་དབང་དང་། གསང་སྒྲུབ་སེངྒེའི་གདོང་ཅན་གྱི་དབང་སོང་མཐར་ཕེབས་པའི་གསུང་འཕྲོས། སང་ཉིན་ཆོས་སྐྱོང་གི་སྲོག་གཏད་བྱེད་རྒྱུ་རེད། རྫོགས་ཆེན་ཨ་ཏི་ཡོ་གའི་གསང་བ་མན་ངག་སྡེའི་སྨིན་གྲོལ་ཟབ་དབང་གི་གདམས་པ་བས་ཀྱང་བཀའ་གཉན་རེད་ཟེར་ན་མིན་ཡང་། སྲོག་གཏད་ཞུས་ཟིན་རྗེས་སྲུང་མའི་གསོལ་ཀ་ཆགས་སོང་ན། ཡེ་ཤེས་པའི་ལྷ་ལ་ཐུགས་ཁྲོ་བ་མེད་ཀྱང་། འཁོར་གྱི་འཇིག་རྟེན་པའི་མ་མོ་དང་དྲག་ཚོགས་ཀྱིས་བཀའ་ཆད་འབྱུང་རྒྱུ་ཡོད་པས། བྱིས་པ་ཆུང་ཆུང་གསོལ་ཀ་འདོན་མི་ཐུབ་མཁན་གྱི་རིགས་དག་ཡོང་དགོས་ཡོད་མེད་རང་རང་གིས་བལྟ་རྒྱུ་དང་། བདག་བྱེད་མཁན་ཚོས་དེ་བཞིན་དུ་ལག་ལེན་མཛོད།


previousཉིན་བརྒྱད་པའི་དབང་དོན་ཟབ་ཁྲིད། next