Nitartha Digital Library
Tibetan
 
previousཉིན་དགུ་བའི་དབང་དོན་ཟབ་ཁྲིད། next

ཉིན་དགུ་བའི་དབང་དོན་ཟབ་ཁྲིད།

དེ་ནི། བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་དབང་དང་། སྨན་བཙུན་ཚེ་རིང་མཆེད་ལྔའི་དབང་སོགས་ཡིན། དབང་དེ་དག་མཇུག་ཡོངས་སུ་རྫོགས་མཐར་ཟུར་འཕྲོས་འདི་ལྟར་ཕེབས་པ། ད་ཞག་སྔོན་མ་ཚེས་པ་བཅུ་ཡི་ཉིན་མོར། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་དགེ་ལས་མཛད་སྐབས་ཀྱི་ལྕགས་རྙི་ལོན་མཁན་ཨང་དང་པོ་དེ། འབའ་གླིང་དཀར་གཤིས་པའི་ལོ་གསུམ་མཚམས་པ་བསམ་གཏན་ཚང་རེད། ཁོང་གིས་དཔལ་སྤྲུལ་སྒྲུབ་ཕུག་གི་རི་ངོས་ནས་ལྕགས་རྙི་ཉི་ཤུ་རྩ་གསུམ་ལོན་འདུག ཁོང་ཨང་དང་པོ་རེད། ཁོང་ལ་དཔའ་དར་དུ། ཨ་ཐམ་རིལ་བུ་གསུམ་དང་ནི། དཔེ་ར་གཅིག བདུད་རྩི་རིལ་བུ་སྒམ་ཆུང་གཅིག དེ་བཞིན་ངས་བཤད་པའི་དེབ་ཆ་ཚང་ཞིག་དང་། ངས་ལག་བྲིས་བྱས་པའི་གསེར་ཡིག་གི་ཤོག་བྱང་ཞིག་འབུལ་རྒྱུ་ཡིན། དེའི་འཕྲོར་ཨང་གཉིས་པ་དཔོན་རུའི་མཁན་པོ་འཆི་མེད་བཟོད་པ་རེད། ཁོང་གིས་ལྕགས་རྙི་གསུམ་ལོན་འདུག དེ་ལ་ཨ་ཐམ་རིལ་བུ་གཉིས་དང་། བདུད་རྩི་རིལ་བུ་གཅིག་འབུལ་རྒྱུ་རེད། ཨང་གསུམ་པ་ལ་རྣམ་པ་དྲུག་ཡོད་པས་རེ་རེས་ལྕགས་རྙི་གཉིས་རེ་ལོན་འདུག དེ་རྣམས་ནི། ཉག་རོང་ཨ་སེའི་གྲྭ་བསོད་ནམས་སྦྱིན་པ་དང་གཅིག རྫ་རྒྱལ་དགོན་པའི་ཉི་མ་ཚེ་རིང་དང་གཉིས། རྟའུ་རང་ཤར་དགོན་པའི་བསོད་ནམས་དཔལ་འཕེལ་དང་གསུམ། དེའི་འཕྲོར་མཁར་འདའ་དགོན་པའི་བྱང་ཆུབ་རང་གྲོལ་དང་བཞི། རྫོགས་ཆེན་དགོན་པའི་མཆོད་ཆེན་བསོད་ནམས་ཆོས་འཕེལ་དང་ལྔ། དཀར་མཛེས་གླང་སྣ་དགོན་པའི་དབང་དྲག་ཚེ་རིང་དང་དྲུག་པོ་རེད། ཁོང་རྣམ་པ་ལ་བདུད་རྩི་རིལ་བུ་རེ་རེ་འབུལ་རྒྱུ་ཡིན། དེ་མ་ཡིན་པའི་རེ་རེ་ལོན་མཁན་དྲུག་ཅུ་ལྷག་འདུག་པས། དེ་རྣམས་ལ་བདུད་རྩི་རིལ་བུ་སྒམ་ཆུང་རེ་འབུལ་རྒྱུ་ཡིན། འདིའི་ཕྱག་རྟགས་འདི་ཐམས་ཅད་གཞུང་ལས་ཁང་ནས་མེ་ཉག་གི་སྟག་རོང་མཁན་པོ་པདྨ་གཞན་ཕན་གྱི་ཕྱག་བརྒྱུད་ནས་བཞེས་རྒྱུ་ཡིན། གཞན་ཡང་རྫོགས་གྲྭ་སྐལ་བཟང་རྣམ་གྲོལ་གྱིས་ལྕགས་རྙི་བཞི་བཅུ་ཞེ་བཞི་ཁུག་མ་དང་བཅས་པ་དེའི་ཅུང་ཟད་སྔོན་ཞིག་ནས་རྙེད་དེ་བསྣམས་ཡོང་པ་རེད། དེ་དག་གི་དཔའ་དར་ཞིང་སྒྲུབ་ཀྱི་སྐབས་ནས་གཞན་དེའི་རིགས་འབྲེལ་ཚོ་དང་མཉམ་དུ་འབུལ་རྒྱུ་བྱས་པ་ཡིན། ཞེས་དབང་བསྐུར་ལུང་གསུངས་ཏེ་འཚོགས་གྲོལ་ལོ།།


previousཉིན་དགུ་བའི་དབང་དོན་ཟབ་ཁྲིད། next