Nitartha Digital Library
Tibetan
 
previousཉིན་བཅུ་བའི་དབང་དོན་ཟབ་ཁྲིད། no next

ཉིན་བཅུ་བའི་དབང་དོན་ཟབ་ཁྲིད།

དེ་ནི། རིག་འཛིན་ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་ཀྱི་དབང་ཡིན། བླ་མས་དངོས་གཞིའི་དབང་གསུངས་མཐར་མཇུག་མཐའི་ཞལ་གདམས། དེའི་ཡན་གྱིས་དངོས་གཞིའི་དབང་ཕུལ་གྲུབ་པ་རེད། དུས་ཚོད་ཟེར་རྒྱུ་དེ་འགྲོ་མགྱོགས་པ་ཡིན་ཞིང་། དུས་གསུམ་གྱི་དུས་ཀྱི་འཁོར་ལོ་འདི་སྐད་ཅིག་སྐར་མའི་ཡུན་དུ་མི་འདུག་པར། སྣོད་བཅུད་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད་ན། མིག་གཅིག་གིས་ལྟ་བསྒྱུར་འདྲ་བོའི་སྣང་བ་ལ། རང་རེ་ཆོས་གྲོགས་རྡོ་རྗེའི་མཆེད་ལྕམ་འདི་ན་མཉམ་དུ་འཚོགས་ནས་ཉི་མ་བཅུ་པོ་དེ་ཙམ་གྱིས་ཚང་སོང་པ་རེད། ཡིན་ན་ཡང་། རང་གཞན་ཐམས་ཅད་ཀྱི་མི་ཚེའི་ནང་ནས་ཉི་མ་བཅུ་ཅན་མང་པོ་སོང་ཚར་བར་མ་ཟད། ཉི་མ་བཅུ་མ་དགོས་ལོ་བཅུ་ལ་རང་གཞན་འཕྲལ་ཡུན་གཉིས་ཕན་གྱི། རླབས་ཆེན་དོན་ལྡན་གྱི་བྱ་ལས་བསྒྲུབ་པ་དང་འགྲུབ་པ་ནི། འདས་དོན་ལོ་རྒྱུས་ཀྱི་ཕྱོགས་བསྡོམ་བྱེད་དགོས་ནའང་ལས་སླ་མོ་མ་རེད། གནས་དུས་སྐལ་བའི་གཞན་དབང་ལ་བསྟུན་ན། ད་རེས་ཀྱི་ཉི་མ་བཅུ་འདི། བརྗེད་དུ་མེད་བའི་ཉི་མ་བཅུ། རིན་ཐང་ཅན་གྱི་ཉི་མ་བཅུ་ཡིན་པར་མ་ཟད། འདིར་བཞུགས་དགེ་འདུན་པ་སྟོང་ཕྲག་མང་པོས། ཡང་དར་བསྟན་པའི་ལོ་རྒྱུས་ཀྱི་ཐོག་ལ་བཞག་པའི། མི་ནུབ་དོན་གྱི་བསྟན་པའི་རྒྱལ་མཚན་བསྒྲེངས་པའི་ཟིན་ཐོ་གསར་བ་ཞིག་ཡིན་པའི་ངོས་ནས་ཞལ་ངོ་གནོང་མི་དགོས་རྒྱུ་ཞིག་རེད། དེ་ཡིན་ན་གསང་སྔགས་དབང་ཁྲིད་མན་ངག་གི་སྐོར་འདི་ཐོབ་སོང་པའི་མིང་གི་ཐོབ་ཡིག་གསོགས་པ་རྐྱང་པས་མི་ཆོག་པར། ཉམས་ལེན་ཚད་དུ་འཁྱོལ་བ་མཛད་རྒྱུ་དེ་དབང་ཁྲིད་གསན་པའི་དོན་གོ་ཡིན་པ་རེད། དེ་རིང་ཁར་རྩང་འཛམ་གླིང་ས་འདིའི་སྟེང་ན་ཆེའི་རིན་ཐང་ཅན་གཞན་ལ་མེད་པའི་ནོར་བུའི་གཏེར་མཛོད་ཅིག་ཡོད་པ་དེ་གང་ཡིན་ཟེར་ན། བོད་དུ་དར་ཞིང་ད་ལྟར་ཉམས་མེད་དུ་གནས་བཞིན་པའི་མདོ་སྔགས་གཉིས་ལྡན་གྱི་རང་ལུགས། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་དྲི་མ་མེད་པ་འདི་རེད། འདི་ནི། ཕྱི་ན་མི་བཞུགས་ནང་ན་བཞུགས། ནང་གང་ཟག་རང་རྒྱུད་ལ་བཞུགས་པ་ཞིག་ཡིན་དུས། རྣམ་པ་རེ་རེའི་ངོས་ནས་རང་རྒྱུད་ཀྱི་བསྟན་པའི་བྱི་དོར། སོར་བྱང་སྔགས་གསུམ་གྱི་སྡོམ་དང་དམ་ཚིག་དང་། ཁྱད་པར་དུ་གསང་སྔགས་ངེས་དོན་གྱི་ཉམས་ལེན། རང་བློ་རང་ལ་ཁེལ་བ་ཞིག་མཛད་ནས། རང་དོན་ཚགས་སུ་ཚུད་པའི་རྗེས་ཐོག་ལ། ཕྱིས་ནས་རླབས་ཆེན་གཞན་དོན་གྱི་མཛད་སྤྱོད་ལ་ཞུམ་པ་མི་དགོས་པ་ཞིག་གིས། དོན་གྱི་བསྟན་འཛིན་རེ་མཛད་གལ་ཆེ། ཡང་སྒོས་དེང་གི་དུས་འདིར། བོད་རང་གི་བསྟན་སྲིད་ཀྱི་དགོས་མཁོ་ཐུན་མོང་མ་ཡིན་པ་ནི། ཐུགས་མཐུན་གོང་བུ་གཅིག་གྱུར་གྱིས་རིས་མེད་བསྟན་པའི་སྙིང་པོ་ཕྱར་བ་གྲུ་འདེགས་ཀྱིས་འཛིན་ཐུབ་པར་བྱེད་རྒྱུ་དེ་རེད། དེ་ཡང་གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་དང་ཆོས་སྐལ་ཆོས་བརྒྱུད་གང་གི་བསྟན་ཞབས་སུ་སྐྱེས་ཡོད་ན། དེའི་རང་ལུགས་འཁྲུལ་མེད་འཛིན་ཐུབ་པའི་སྟེང་ནས་ཆོས་བརྒྱུད་གཞན་གྱི་གཞུང་དང་མན་ངག་གི་སྙིང་དོན་ཤེས་པར་བྱས་ཏེ། ཕྱོགས་མེད་དད་དང་དག་སྣང་གིས་ཐམས་ཅད་འགལ་མེད་གདམས་པའི་གནད་གཅིག་ལ་བསྡུས་ནས་རང་རྒྱུད་ཉོན་མོངས་པའི་ནད་ལ་ཕན་ཐོགས་ཅན་གྱི་སྨན་དུ་རང་གིས་བཟུང་། གཞན་ལ་ཡང་དེ་ལྟར་སྟོན་ཤེས་པར་བྱེད་རྒྱུ་དེ། རིས་མེད་ཀྱི་བསྟན་པ་འཛིན་ཟེར་བ་རེད། དེས་ན་རིས་མེད་ལ་རང་ལུགས་བོར་དགོས་པ་མ་རེད། རང་ལུགས་འཛིན་མི་ཤེས་མཁན་གྱིས་རིས་མེད་དེ་བས་མི་ཤེས་པས། ངས་ནམ་རྒྱུན་བཤད་ཀྱིན་ཡོད། བོད་དུ་དར་བའི་ཆོས་བརྒྱུད་ཆེན་མོ་ཁག་གི་ནང་ནས། གང་གི་བཟང་བ་རེད་ཟེར་ན། ཐམས་ཅད་བཟང་བ་རེད། ཐམས་ཅད་ལ་རང་རང་རང་གི་ཁྱད་ཆོས་ཕུལ་དུ་བྱུང་བ་རེ་ཡོད་པ་རེད། སྟོན་པ་གཅིག་གི་བསྟན་པ། མདོ་སྔགས་གཉིས་ལྡན་གྱི་རང་ལུགས་རྐྱང་རྐྱང་རེད། བརྒྱ་ཟོམ་འོ་མ་ལ་ཁ་མཐིལ་དང་། བུ་རམ་གོར་མ་ལ་དཀྱིལ་ཟུར་ཡོད་མ་རེད། ཡིན་ན་ཡང་རང་གང་ལ་མོས་ཤིང་ལས་ཀྱིས་འབྲེལ་བ་དེར་ཞུགས། དེའི་ཉམས་ལེན་གནད་ལ་སྨིན་པ་ཞིག་གྱིས་དང་། བྱིན་རླབས་དེའི་ཆེ་བ་རེད། དེ་རིང་ཁ་རྩང་ང་བཟང་ཁྱོད་ངན་གྱིས་ཕྱོགས་ཞེན་འཐེན་ཁྱེར་བྱེད་དུས་མ་རེད། ཁྱོད་ཀྱི་བཟང་དེ་ཁྱོད་ཀྱི་ལག་ནས་མ་ཤོར་དང་། ངའི་བཟང་དེ་ངའི་ལག་ནས་མི་མངགས་ཟེར་ནས། ལྷག་བསམ་དམ་བཅའི་མདུད་པ་གཅིག་ལ་དྲིལ་དགོས་དུས་རེད། ད་ཡང་བསྐལ་བ་རྟ་རྒོད་ཀྱི་འདྲེ་ལོག དུས་འགྱུར་ཡོ་ལང་གི་ཁུགས་སོ་གཅིག་ཐོན་ནས། ང་མ་གཏོགས་ཆོས་བཤད་པ་ཁེ་རུ་ཞིག་ས་འདིའི་སྟེང་ན་མ་ལྷག་ནའང་། དེའི་སྐབས་སུ་བསྟན་པ་ཆ་ཚང་ངས་འཛིན་ཐུབ་བསམ་པ་ཞིག་བྱེད་རྒྱུ་དེ་ནི། སྤྱིར་ཐུབ་པའི་བསྟན་པའི་རྗེས་ཞུགས། ཁྱད་པར་དུ་གངས་ཅན་བོད་ལ་སྐྱེས་པའི་མྱི། རིགས་ཀྱི་རུས་པ་དཀར་པོའི་རང་ཚུགས་ཡོད་པ། ཡང་སྒོས་མི་རབས་གསར་བའི་གཞོན་ཆུང་སྡེ་སྣོད་འཛིན་པ་ཚོའི་ཕྲག་ལ་བབ་པའི་དུས་རབས་ཀྱིས་སྤྲད་པའི་ལས་ཁུར་གཡོལ་ཐབས་མེད་པ་ཞིག་རེད། མདོར་ན་མཆོག་ཕལ་ཐམས་ཅད་ཀྱིས། དམ་པའི་ཆོས་ཕྱོགས་ནས། མདོ་སྔགས་ལམ་གྱི་གཞུང་རྟ། ཕན་དང་བདེ་བའི་གཞི་མ། འཇིག་རྟེན་མི་ལུགས་ནས། ཡ་རབས་བཟང་པོའི་བསམ་སྤྱོད། རང་གཞན་གཉིས་ཀ་བདེ་བའི་འབྱུང་རྩ། སྙིང་རྗེས་དྲངས་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་ཐབས་དང་ནི། སྐྱེས་ནས་དེ་དང་མི་འབྲལ་བ་བྱེད་རྒྱུའི་དམིགས་འདུན་འཛིན་པ་གནད་ཆེ། དེ་ཡང་བསམ་སྤྱོད་ཆོས་དང་མཐུན་པའི་ཡ་རབས་བཟང་པོའི་མིག་ལྟོས་ཤིག་ཡོང་དགོས་པ་རེད། ཡ་རབས་བཟང་པོའི་མིག་ལྟོས་ཡོང་རྒྱུ་དེ་ཡང་ཁ་ནས་ཁ་བཤད་མི་གཙོ་ལག་ལེན་གཙོ། བྱ་བ་དངོས་ཀྱི་དཔེ་སྟོན་གྱིས། རང་རྩིབས་ནས་འགོ་བཟུང་སྟེ་རྒྱ་བསྐྱེད་ལ་གཏོང་རྒྱུ་དེ། མི་རིགས་ཀྱི་ལ་རྒྱ་རེད་ལ། བསྟན་སྲིད་ཀྱི་དགོས་མཁོ་ཡང་ཡིན། གོང་ནས་ཀྱང་བཤད་ཡོད། དབང་ཁྲིད་ཀྱི་རྒྱུན་བླངས་བ་དེ། དང་པོར་རང་གིས་ཉམས་ལེན་ཞིག་བྱས། སྒྲུབ་པ་ཚད་དུ་འཁྱོལ་བའི་སྐབས་སུ། དེ་ནས་གཞན་ལ་སྤེལ་རྒྱུ་རེད། དམ་པའི་སྐྱེ་སྤྲུལ་གྱི་མིང་ཆེ་ཆུང་ལ་མ་ལྟོས་པར་ཡོད་ཀྱང་། དེ་རིང་ཐོབ་ཅིང་སོང་ཉིན་ནས་ཚོང་འདུས་ཀྱི་ཁྲོམ་ཅོག་ཐོག་གི་ཅ་ལག་འདྲ་ཞིག་བཟུང་ནས་ཁེ་བཟང་འཚོལ་སྤྱད་མ་བྱེད། དེས་ཁེ་མི་ལོན་པར་མ་ཟད། དོན་གྱིས་ཕམ་ཁ་ཉོས་པ་རེད། ཀ་ཁ་ག་ང་སྦྱོང་དགོས་ཐུག་ཨེ་ཐལ། གཞུང་སྡེ་སྣོད་རྒྱུད་སྡེ་ཚང་མ་མ་ཨ་མའི་པང་ན་ཐོན་མ་ཐག་སྦྱོང་མི་དགོས་ཤེས་ཤེས་ཁ་ཨེ་ཡོད། དེ་མེད་དུས་སྒྲུབ་པ་ཉམས་ལེན་གཞི་ནས་མ་བྱས་ན། མིང་རྐྱང་པས་འགྲིག་མེད་པའི་རྟགས་མཚན་རེད། འདུས་པ་མི་རྟག་འབྲལ་བའི་ཆོས་ཅན་ཡིན་པས། ད་སྟེ་ཡུན་རིང་མི་འགོར་ནས། རང་རེ་ཆོས་གྲོགས་ཐམས་ཅད། དང་པོ་གང་ནས་ཕེབས་པའི་རང་རང་གི་ས་ཕྱོགས་ལ་ཞལ་གྱེས་རྒྱུ་ཡིན་ན། ས་མདོ་དབུས་ཁམས་གསུམ་སྤྱི་ལེ་བརྒྱ་ཕྲག་དང་སྟོང་ཕྲག་གི་ས་ཐག་གིས་རྒྱང་། རི་ཆུ་ལ་ལུང་ཁྲི་སྟོང་མང་པོས་རང་རེའི་བར་དུ་ཆོད་ཡོད་ན་ཡང་། སེམས་བསམ་པ་འབྲལ་མེད་གམ་ན་གནས་པ་ཇི་བཞིན་དུ། ཆོས་དམ་གཅིག་གིས་སྦྲེལ་བའི་འདུན་མ་ལ་ཉེ་རིང་མེད་པར། མྱི་གཅིག་གི་ངོ་ལ་བལྟས། གནས་གཅིག་ལ་མཉམ་པོར་འདུས་བསྡད་པ་ཙམ་གྱིས་གང་ཡང་མི་ཕན། ནམ་ཞིག་ཤ་ཁྲག་གི་ལུས་ཀྱང་མི་བརྟན་འབྲལ་བའི་རང་བཞིན་རེད། དེ་བས་བོད་དང་བོད་ཆེན་པོའི་མཐོ་སྒང་གི་ལྗོངས། འཛམ་གླིང་ས་གཞིའི་རྩེ་མོའི་ཡང་ཐོག་ན་ཆགས་པའི། སྔར་གྱི་དུས་རབས་རིམ་བྱུང་ལ། དམ་པའི་སྐྱེས་བུ་གོང་མ་ཚོས་ཕྱག་བཏབས་པའི་རང་ས་རང་ཡུལ་གྱི་དགོན་པ་དང་གྲྭ་ཚང་། ཆོས་ཀྱི་བསྟི་གནས་ཡོད་ཚད་པོ་རང་ས་ནས་ཉམས་མ་འཇུག དགོས་པའི་དབང་གིས་ཕྱི་མཐར་གཟིགས་ནས། བསྟན་དང་འགྲོ་བར་ཕན་པའི་ཆེད་དུ་ས་གནད་ཀྱི་མེ་རྩར་བཏབ་པ་རྐྱང་རྐྱང་རེད། འདིའི་འཁོར་ཡུག་རང་བྱུང་གི་སྐྱེད་ཚལ་ལ་མི་མང་ཞིག་སྤུངས་ནས། དབེན་གནས་མི་དབེན་པ་ཞིག་ལ་བསྒྱུར། དགོན་གྲོང་འདྲེས་མའི་གྲོང་ཉོབ་ཅིག་ལ་ལོག་ནས། ཉིན་གཅིག་ཕུད་རྒྱུ་སྣུད་རྒྱུ་མི་ལོན་པ་ཞིག་ཡོང་དོགས་ཀྱིས་བཤད་འདུག་པ་མིན་ཡང་། གནས་གཅིག་གང་ནས་ཕུན་སུམ་ཚོགས་ཀྱང་། ཕྱོགས་གཞན་མང་པོ་ཞིག་ནས་སྟོང་སོང་ན། རྗེས་འགྱོད་ཕྱིས་ནས་རིག་རྒྱུ་ཅན་ཞིག་ཡིན་པས། མདོར་ན་ཚིག་གི་རྩ་བ་ཚུར་བསྡུས་ཡོང་ན། རྣམ་པ་ཐམས་ཅད་ཀྱིས། སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ། རང་རིགས་མེས་པོས་བཞག་པའི་ཕ་ནོར། རིན་བྲལ་ཆོས་དང་རིག་གཞུང་རང་ལག་ཏུ་ཡོད་རྒྱུ་འདི། གང་ཟག་རང་རྒྱུད་ནས་བྱི་དོར་གྱི་ཐོག་ཏུ། ཞུམ་མེད་སྤོབས་པའི་ཐུགས་སྟོབས་བཅངས་ཏེ། མིའི་རིགས་ནས་མཐའ་ཡས་འགྲོ་བའི་ཚོགས་ལ་ཕན་དང་བདེ་བའི་གཞི་རྩ་བསྐྲུན་རྒྱུ་དེ། འདིར་བཞུགས་མདོ་དབུས་ཁམས་གསུམ་གྱི་ཆོས་གྲོགས་ཡོངས་དང་། བོད་མི་བསམ་ཤེས་བློ་གཟུ་བོར་གནས་པ་ཐམས་ཅད། ཁྱད་པར་དུ་མ་མཐོང་འབྱུང་འགྱུར་ཕྱི་རབས་ཀྱི་རིགས་མཐུན་གྲོགས་པོ་ཚོ་ལ། ལྷག་བསམ་དཀར་པོའི་དྲོད་ཐིགས་མ་ཉམས་པའི་ལེགས་སྐྱེས་ཀྱི་ཆ་འཕྲིན་ཞིག གསོན་པོའི་གཟུགས་ཅན་ལ་བཞག་པ་ཡིན། ཐེངས་འདིའི་དབང་ལུང་ཁྲིད་གསུམ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ། ཐོག་མའི་འཆར་འགོད་ཀྱི་དུས་སྐབས་དེའི་སྟེང་ལ། འདི་བཞིན་བར་ཆད་ཅི་ཡང་མེད་པ་རྣམ་པར་རྒྱལ་བའི་ངང་ནས་ཡོངས་སུ་འགྲུབ་ལ་ཉེ་བ་རེད། འདི་ནི་འདིའི་ཚོགས་པའི་ཚོགས་གཙོ། མདོ་ཁམས་གཉིས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་བླ་ཆེན་རྣམ་པའི་ཐུགས་སྟོབས་དང་ནི། པདྨ་ཐང་གི་གཉུག་མར་གནས་པའི་གྲྭ་ཇོ་སེར་ཚང་མས་འབད་པ། ས་འདིའི་རྫོགས་ཆེན་ཚང་གི་བསྟན་པའི་བདག་པོ་ལྷན་རྒྱས་ཀྱིས་གཙོར་མཛད་པའི་བཤད་སྒྲུབ་ལས་གསུམ་གྱི་འགན་བཞེས་པ། སྡེ་དགོན་ཡུལ་གཉིས་ཀྱི་སེར་སྐྱ་ཐམས་ཅད་བློ་སེམས་བསམ་པ་གཅིག་སྒྲིལ་གྱིས་རམ་འདེགས་བྱས་པའི་ནུས་པ། ཁྱད་པར་དུ་ཁྱེད་རབ་སྔགས་འདུས་པ་སྟོང་ཕྲག་མང་པོའི་དད་དམ་འགྱུར་མེད་དང་། རྩ་གསུམ་སྲུང་མ་བཅས་པས་མཐུན་འགྱུར་གྱི་ཐོག་ནས། ཐེངས་འདིའི་ཆོས་ཕྱོགས་ཀྱི་མཛད་པ་དེ་གེགས་མེད་དུ་འགྲུབ་པ་ཡིན། དེ་བཞིན་སང་གནངས་ནས་ངས་ཀྱང་ངག་བཅད་རེད། འགའ་རེ་མཉམ་འཚོགས་བྱས་ཀྱང་གཏམ་བཤད་པའི་གོ་སྐབས་མེད་པས། མཇུག་མཐར་གཞིས་པ་བཀྲ་ཤིས། བྱེས་པས་དོན་འགྲུབ། གཞི་ལམ་བྱེས་གསུམ་བདེ། རྣམ་པ་ལྷན་རྒྱས་སྐུ་ཁམས་ཡུན་དུ་བརྟན་པའི་སྨོན་འདུན་ཚིག་གཅིག་དང་བཅས་ཏེ། དབང་ཐམས་ཅད་ཀྱི་མཐའ་རྟེན་བཀྲ་ཤིས་པའི་རྟགས་རྫས་བརྒྱད་དང་། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་མངའ་དབུལ་གྱིས་ཐེངས་འདིའི་བཀྲ་ཤིས་རྟེན་འབྲེལ་བཟང་པོའི་མཇུག་བསྡོམས་བྱེད་རྒྱུ་ཡིན། ཞེས་གསུངས་ཏེ་དབང་བསྐུར་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་ནས་འཚོགས་གྲོལ་ལོ།།

སླར་སྨྲས་པ།

དབང་དོན་ཟབ་ཁྲིད་གནད་ཀྱི་སྒྲོན་མེ་འདི།།

མདོ་རྒྱུད་རྒྱ་མཚོའི་སྙིང་བཅུད་ངོ་མ་དང་།།

དྲིན་ཅན་བླ་མའི་ཐུགས་ཀྱི་བདུད་རྩི་ཡིན།།

ལས་ཅན་དག་པའི་འཁོར་རྣམས་བརྩོན་པར་རིགས།།

འདི་ན་ཡང་ཟབ་ཐེག་པའི་ཉམས་ལེན་དང་།།

བརྒྱུད་གསུམ་བླ་མའི་གཅེས་ནོར་བགྲང་ཡས་པས།།

ཕ་ཆོས་སེངྒེའི་འོ་མ་འཐུང་འདོད་ན།།

དད་སྟོང་འཛུམ་པས་སྙིང་གི་རྒྱན་དུ་ལོངས།།

ཐུབ་པའི་མིང་ཅན་ཤེས་རིག་ན་ཕྲ་ཞིང་།།

སྐྱབས་མཆོག་བླ་མའི་བཀའ་ཆོས་གཏིང་ཟབ་པས།།

མ་ཤེས་མ་རྟོགས་ནོར་འཁྲུལ་གང་ཡོད་རྣམས།།

དམ་པའི་སྤྱན་སྔར་བཟོད་པ་སྙིང་ནས་གསོལ།།

འདི་ལས་བྱུང་བའི་དགེ་མཚན་འོད་དཀར་གྱིས།།

སྲིད་པའི་འགྲོ་ཀུན་གཏན་གྱི་བདེ་བ་ཐོབ།།

ཁྱབ་བདག་བླ་མས་དྲིན་གྱིས་སྐྱོང་བ་ང་།།

ཚེ་རབས་ཀུན་ཏུ་འཁོར་གྱི་ཐོག་མར་སྨོན།།

དེ་ལྟར་ཡང་གསང་བསྟན་པའི་ཤིང་རྟ་ཆེན་པོ། བཀའ་དྲིན་སུམ་ལྡན་གྱི་༧ཁྱབ་བདག་བླ་མ་རིན་པོ་ཆེས། བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོ་སྟེ་སྤྱི་ལོ་༢༠༡༥ལོར་སྙིང་ཐིག་དུམ་གཉིས་ཀྱི་དབང་གི་དོན་ཟབ་ཁྲིད་གནང་བ་རྣམས་ཡིག་ཐོག་ཏུ་བཀོད་པའི་མན་ངག་ལམ་གྱི་སྒྲོན་མེ་འདི། དམ་པ་གོང་གི་ཞབས་སློབ་གུས་དམན་ཐུབ་བསྟན་ཚེ་འཕེལ་གྱིས་ཡི་གེར་བཀོད་པ་འདིས་ཀྱང་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་རྒྱུར་གྱུར་ཅིག།


previousཉིན་བཅུ་བའི་དབང་དོན་ཟབ་ཁྲིད། no next