Nitartha Digital Library
Tibetan
 
previousངག་འདོན་ཤིན་ཏུ་བསྡུས་པ་བྱིན་རླབས་གློག་ཞགས་མའི་ནང་དོན་གནད་བསྡུས། next

ངག་འདོན་ཤིན་ཏུ་བསྡུས་པ་བྱིན་རླབས་གློག་ཞགས་མའི་ནང་དོན་གནད་བསྡུས།

དེ་ཡང་ལམ་ལོག་པ་ལས་ལྡོག་པའི་ཆེད་དུ་སྐྱབས་འགྲོ་དང་ལམ་དམན་པ་ལས་ལྡོག་པའི་ཆེད་དུ་སེམས་བསྐྱེད། དེའི་སྟེང་ནས་ཚོགས་བསགས་སྒྲིབ་པ་སྦྱངས་བའི་ཐབས་ལ་མེད་དུ་མི་རུང་བ་བསོད་ནམས་ཀྱི་ཚོགས་བསགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་དགོས་པ། དཔེར་ན་ཤིང་རྟ་ཞིག་ལ་ཕང་ལོ་ཉིས་ལྡན་དང་། བྱ་ཞིག་ལ་གཤོག་པ་གཉིས་ལྡན་ན་ནམ་འཕངས་གཅོད་ཐུབ་པ། དེ་ལྟ་བུས་རྣམ་མཁྱེན་རྫོགས་བྱང་གི་ས་ལ་བགྲོད་བྱེད་ཡན་ལག་བདུན་པ། ཚོགས་བསག་སྒྲིབ་པ་སྦྱང་བའི་ལག་རྗེས་ལ་བརྟེན་ནས་རྟོགས་ལྡན་བླ་མའི་དགོངས་བརྒྱུད་ཀྱི་བྱིན་རླབས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པ་དེ་ནི་རང་རྒྱུད་ལ་བཙན་ཐབས་སུ་འཕོ་དགོས་པ་སྟེ་གནད་ཡོངས་རྫོགས་དེའི་ནང་ལ་འདུས་པར་བསྟན། དེ་ནས་བླ་མའི་རྣལ་འབྱོར་གསུང་ནས་ཁྱིམ་པ་ཕོ་མོ་ཁྱད་མེད་དུ་སྒོམ་རྒྱག་སྟངས་བསླབས། འོན་ཀྱང་ཆོས་ར་གཅིག་གི་ནང་ནས་ཆོས་མཉམ་པོར་ཉན་རུང་ཉམས་ལེན་ལག་ལེན་སྟེང་ནས་ཐམས་ཅད་གཅིག་འདྲ་ཞིག་ཡོང་དཀའ་བས། ཚེ་འདིར་ལུས་འདིའི་སྟེང་ནས་གྲོལ་བ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་འཁོར་ཚོམ་བུ་འབུམ་དང་བཅས་པ་ཐམས་ཅད་ཕྱམས་གཅིག་ལ་གྲོལ་རྒྱུ་དཀའ་རུང་། གལ་ཏེ་ཚེ་འདིར་མ་གྲོལ་ན་བདེ་བ་ཅན་དག་པའི་ཞིང་ཁམས་ཁྱད་པར་ཅན། བདེ་སྐྱིད་ལོངས་སྤྱོད་ཞིང་ཁམས་གཞན་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་བདེ་སྐྱིད་བསྡོམས་ཡོད་ས། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་བསྐྱེད་དང་ནི་སྨོན་ལམ་གྱིས་སོ་སོའི་སྐྱེ་བོ་ཡིན་རུང་སྐྱེས་ཐུབ་པའི་ས་ལ་འདུན་པ་ཡིན་གཅིག་མིན་གཅིག་གཏད་དགོས་པ་ནན་ཆེར་གསུང་ནས། བདེ་བ་ཅན་ལ་སྐྱེས་པའི་རྒྱུ་བཞི་མདོར་ཙམ་གསུངས་མཐར་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བའོ།།


previousངག་འདོན་ཤིན་ཏུ་བསྡུས་པ་བྱིན་རླབས་གློག་ཞགས་མའི་ནང་དོན་གནད་བསྡུས། next