Nitartha Digital Library
Tibetan
 
previousཉིན་དང་པོའི་ཆོས་ཁྲིད། next

ཉིན་དང་པོའི་ཆོས་ཁྲིད།

སྔོན་དུ་འགྲོ་བའི་གཏམ།

ང་ཚོའི་ཆོས་ར་འདི་ཧ་ཅང་ཆུང་བ་མ་རེད་མོད། འདུས་ཚོགས་ཧ་ཅང་མང་བཞག་དུས་ཤོང་མིན་གྱི་གནས་སྟངས་ལ་མཚམས་རེ་ཐུག་གི་ཡོད་པ་རེད་མོད། ཆོས་ཁྲིད་ཀྱི་སྐབས་སུ་འདུག་དུས་བཙིར་ནས་མི་འདུག་པར་ཅི་ཐུབ་གང་ཐུབ་ཀྱིས་ཐར་ཐར་བྱས་བསྡད་ན་བཟང་རྒྱུ་རེད། ཆོས་ཁྲིད་ཀྱི་སྐབས་ལ་ཐར་ཐར་བཀྲམ་ནས་བསྡད་ན་ངག་བཅད་དང་ཉན་རྒྱུ་ལ་སོགས་པ་སྟབས་བདེ་བའི་དགོས་པ་ལྡན་པ་དགེ་འདུན་པས་མཁྱེན་ནི་རེད། དེས་ན་ཆོས་ར་འདིར་ཞུགས་ནས་བཟུང་སྟེ་སྔོན་གྱི་སྲོལ་བཞིན་ཁྱིམ་པ་ཕོ་མོས་ཞེ་ལ་ངེས་རྒྱུར་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་ངག་བཅད་བྱེད་དགོས། ད་སྔ་ད་ཡི་བར་དུ་བཤད་པ་རེད་ད་རེས་མི་བཤད་པར་ཐུན་གཅིག་ལ་སྨྲ་བ་བསྡམས་བཞག་ན། ཆོས་ཚུལ་བཞིན་ཉན་པའི་བསོད་ནམས་རང་ཉིད་ལ་འབྱུང་བས་མི་ཚད་གཞན་གྱི་ཐོས་པ་ལ་གེགས་བྱེད་པའི་ཉེས་པ་འགོག་ཐུབ་པ་རེད། དེའི་མི་ཚད་རང་གི་ཐོས་དོན་བསམ་སྒོམ་ལ་དྲིལ་ཐུབ་རྒྱུའི་གནད་ཀྱི་དོན་སྒོ་ཡང་ལག་ཏུ་ལོན་ཞིང་། ཆོས་རའི་ནང་དུ་ཡོང་ནས་ཆོས་ཞིག་ཉན་པས་ཉན་གོ་ཆོད་པའམ་ཡོང་གོ་ཆོད་པ་ཞིག་རེད་རྒྱུ་རེད། ཚང་མ་དང་འདི་འདྲའི་མཉམ་དུ་འཛོམས་ས་ཞིག་ནས་མ་ཐུག་པར་ལོ་གཅིག་གི་དུས་ཡུན་འགོར་སོང་ན། མྱི་མ་ཤི་བ་རྣམས་ལོ་རེའི་ནང་དུ་ཐེངས་རེར་འདི་ལྟར་ཐུག་ཙམ་རེ་ཡོང་རྒྱུའི་དུས་ཐོག་ཏུ་ཐོན་སོང་དུས། ངོ་མ་ཡིན་ན་འདིར་ཡོད་ཀྱི་མྱི་རེ་རེ་དང་རེ་རེ་བཞིན་དུ་བདེ་སྡུག་གི་ཁ་བརྡ་ཡོང་དགོས་རྒྱུ་ཅན་པོ་ཡིན་ནི་རེད། ས་འདིའི་མྱི་ཐོག་སྔོན་རྗེས་ཚང་མ་སྐྱིད་སྡུག་མཉམ་ཁུར་བྱས་པ་མང་ཆེ་བ་ཡིན་ནི་རེད། ཤོག་ཁག་ཡར་མར་གྱི་མི་ཡིན་རུང་དེ་དང་དེ་མཚུངས་རེད། མིན་རུང་གཞན་འབྲེལ་ཡོད་ཀྱི་ས་ཆ་སོ་སོ་ཐག་རིང་གི་མྱི་སྣ་ཡང་། སྔར་འབྲེལ་ལས་དང་སྨོན་ལམ་ཡོད་པའི་སྟབས་ཀྱིས་ཕྱི་འབྲེལ་ཆོས་དང་དམ་ཚིག་གིས་འདི་བཞིན་དུ་འབྲེལ་ཡོད་པ་རེད་མོད། ད་དུས་ཚོད་ཟེར་བའི་སྲིད་གསུམ་རྔམ་ཟས་སུ་ཟོས་ནས་ཁྱུད་མིད་ལ་གཏོང་འགྲོ་བའི་དུས་ཟེར་རྒྱུའི་དབང་ཆེན་འདིའི་དབང་འོག་ནས། རང་རོགས་ཐམས་ཅད་ཀྱི་མྱི་ཚེའི་དུས་ཚོད་སྐད་ཅིག་སྐར་མའི་ཆ་ཤས་རེ་རེ་བཞིན་དུ་ཟད་འགྲོ་གི་ཡོད་དུས། ད་དོན་ཆེན་རང་གཞན་འདི་ཕྱིའི་བདེ་དོན་རེ་འགྲུབ་རྒྱུའི་གནད་བས་ཆེ་ཞིག་བཤད་ལོངས་དང་ལས་ལོངས་གཉིས་ཀ་མེད་པའི་སྟབས་དང་བསྟུན་ནས། ཚང་མ་ཡོངས་རྫོགས་ལ་ཁམས་བདེའི་འཚམས་འདྲི་གཅིག་གིས་འཐུས་བཞག་རྒྱུ་མི་བྱེད་ཐབས་མེད་ལ་ཁེལ་བ་རེད། འདིར་ཡོད་མང་ཆེ་བ་ས་ཆ་འདིའི་གཏན་སྡོད་ཀྱི་ཡུལ་མི་འབྲོག་རུ་བསོད་ནམས་ལྷ་སྡེའི་སྡེ་ཤོག་ཚོ་བ་བཅུ་གསུམ་གྱི་མི་སྣ་ཡིན་པ་རེད། དེའི་སྟེང་ལ་གདན་ས་ཆོས་འཁོར་འདི་དང་གནའ་ནས་ད་ལྟའི་བར་དུ་འབྲེལ་བའི་ཆོས་བརྒྱུད་གཅིག་པ་ལྟ་བུའི་མི་སྣ་དང་ཤོག་ཁག་སྡེ་འདྲིས་རུ་འདྲིས་ཀྱི་སྡེ་ཤོག་ཡར་མར། དེ་མིན་རིས་མེད་བསྟན་ལ་དད་པའི་མི་སྣ་ས་ཐག་རིང་ལེ་བར་སྟོང་ཚོ་བརྒལ་ནས་ཆེད་གཏད་ཀྱིས་ཡོང་བའི་དད་ལྡན་སེར་སྐྱ་ཕོ་མོ་དང་བཅས་པ་ཡིན་ན། ཆོས་ར་འདིའི་ནང་ལ་ལོ་ལྟར་ཆོལ་གསུམ་བོད་ཀྱི་མི་སྣ་འཛོམས་པའི་མི་གྲངས་སྟོང་ཚོ་ཁྲི་ཚོའི་ཁ་གྲངས་ཅན་འདི་ལྟར་ཚོགས་པ་ཡིན་ན། ད་འདི་བོད་གངས་ཅན་ཆོས་ལྡན་གྱི་ཡུལ་དུ་སྐྱེས་པའི་མྱི། ཕ་ཨ་མྱེ་དང་ཡང་མྱེས་ཀྱི་རིང་ཚུན་ཆད་ལ་ཆོས་ཀྱིས་སྐྱེས་ནས་ཆོས་ཀྱིས་རྒས་པའི་སྲོལ་རྒྱུན་བཟང་བོའི་ཤུལ་བཞག་ཕ་ནོར་ཆང་ལ་མ་བརྗེ་བར། རང་ལ་ཡོད་པའི་རིན་ཐང་ཅན་གྱི་ཆོས་དང་རིག་གཞུང་གི་ནོར་བུ་དེ་རང་གི་ཉར་ཚགས་ཐེངས་ཀྱིན་ཡོད་པ་དང། ཚེ་འདི་ཕྱིའི་རང་གཞན་གཏན་གྱི་འདུན་མ་མ་ཉེས་པར་ཡོད་པའི་རྟག་མཚན་གྱི་ངོ་མཚར་ཞིག་དང་། མྱི་སོ་སོའི་བསམ་པ་མི་གཅིག་བསམ་ལུགས་སྤྱོད་སྟངས་ཁ་ཁ་ཡིན་རུང་། ཚེ་འདི་ཕྱི་གཉིས་ཀྱི་བློ་རྩེ་ཆོས་ལ་དད་ལུགས་གཅིག་པ་ཡིན་པས་ཆོས་གཅིག་གིས་བསྡུས་ཏེ་ཆོས་ར་གཅིག་ལ་མཉམ་དུ་འདི་ལྟར་འཛོམས་ཀྱིན་ཡོད་པ་རེད། འཇིག་རྟེན་ཡང་དག་གི་ལྟ་བར་དད། རྒྱུ་འབྲས་བསླུ་མེད་ཀྱི་རྣམ་བཞག་ཁས་ལེན་པའི་མི་ཡིས་ལས་སྐྱིད་སྡུག་ཡག་ཉེས་བཟང་ངན་གང་བྱུང་ན། དེ་རྒྱུ་མེད་ཀྱི་འབྲས་བུ་ཞིག་མིན་པར་སྔོན་བསགས་ཀྱི་ལས་ཤིག་གི་མཐུ་ཡིན་པར་ཡིད་ཆེས་བྱེད་པ་ཡིན་ན། ད་རང་རེ་ཆོས་ར་གཅིག་ལ་འདི་ལྟར་ཚོགས། ཐེག་ཆེན་མདོ་སྔགས་ཀྱི་ཆོས་དང་འབྲེལ་བའི་ཆོས་གདམས་པ་རེ་འདི་ལྟར་འཆད་ཉན་བྱེད་པ་འདི་ཡང་། སྔར་སྤྱི་མཐུན་གྱི་བསོད་ནམས་ཤིག་མཉམ་དུ་བསགས། ལས་སྨོན་ལམ་གཅིག་གིས་འབྲེལ་བའི་དབང་གིས་མིན་ན་ཅི་ཡིན། དེ་ཡང་ང་ཚོའི་འཇིག་རྟེན་པའི་ཁ་སྐད་ལྟར་ན། ལྷ་ཡུལ་གྱི་དམ་ཚིག་གཅིག། མྱི་ཡུལ་གྱི་འདུན་མ་གཅིག་པས་འདི་བཞིན་མཉམ་དུ་ཆོས་གཅིག་ལ་སྤྱོད་བཞིན་ཡོད་པ་རེད་ཟེར་རྒྱུ་ཅན་པོ་རེད། འདིའི་ཚོགས་གྲལ་ལ་བཞུགས་པའི་མཁན་སྤྲུལ་སྐྱེས་ཆེན་རྣམས་ཀྱི་གཙོས་སྡེ་སྣོད་འཛིན་པའི་བཞུགས་གྲལ་ཡར་ལ་ཕུད་ཤུལ་ནས། མྱི་མང་འདིའི་ནང་ན་ཡང་ཕལ་བའི་ཚུལ་བཟུང་བའི་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་མེད་ཟེར་ཤེས་པ་མ་རེད། ཐབས་ལ་མཁས་པའི་འགྲོ་དོན་གང་ལ་གང་འདུལ་གྱི་སྤྲུལ་བསྒྱུར་གྱི་རོལ་གར་ཇི་ལྟར་སྟོན་བཞིན་ཡོད་སུས་ཤེས། གང་ཟག་གི་ཚོད་གང་ཟག་གིས་སུས་ཟིན་མོད། གནས་སྐབས་ཀྱི་སྣང་ཚུལ་ལ་སྐྱ་སེར་གྱི་ཁྱད་ཐང་ཙམ་གྱི་གནས་བབས་དང་། དགེ་འདུན་པ་ཡིན་ན་ཡང་སྐྱེས་སྔ་ཕྱིའི་དུས་རབས་བརྒྱུད་ལན་ཞིག་གིས་ཆོས་ཀྱི་བརྒྱུད་པ་འགའ་རེའི་རྒྱུན་རེ་འབུལ་རྒྱུའི་གོ་སྐབས་བཟང་བོ་ཐོབ་ཀི་བསྡད་པས། ངས་ཡིན་ཡིན་གྱིས་ཁ་མར་འཁོར་ནས། སྔུན་ཐུར་དུ་ཅིག་བཤད་དགོས་རྒྱུ་ཞིག་གི་རྒྱུན་འདྲ་ཞིག་འཇགས་སོང་བ་ཡིན་དུས། དེ་ཡང་ཉིན་ལྟར་བཟང་མདོག་གིས་ད་རེས་ང་མིན་ཟེར་རྒྱུ་འདྲ་འདྲ། ཁྱིམ་པ་ཕོ་མོའི་ཕྱག་མགོ་ཚོར་མི་འདུག་ཁ་བྱེད་ཀྱིན་མེད། མཚམས་རེར་རང་རྒྱུད་ཀྱི་བསླབ་པ་ལ་ཡང་གུས་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད། རྫོགས་ཆེན་པདྨ་ཐང་འདི་ནས་ཆོས་དུང་ཞིག་བུས་ནས་ད་ལོ་དང་མྱི་ལོ་བཅུ་གསུམ་གྱི་མི་ཚད་བཅུ་བཞི་རེད་ཀི་ཡོད་ཀི །རང་ལོ་དྲུག་ཅུ་ལོན་དུས་དགོན་སྡེ་འདིའི་བསྟན་དགོན་གྱི་སྒྲིག་ཡིག་ལྟར་དུ་དྲུག་ཅུ་རེ་གཅིག་ཆུ་མོ་ལུག་གི་ལོ་ནས་དོན་གསུམ་ལ་མ་ཐོན་གྱི་བར་ལ་ཆོས་རེ་བཤད་རྒྱུའི་སྐལ་བ་བཟང་པོ། མྱི་ངའི་མིང་དང་དོན་མཚུངས་པའི་སྐལ་བ་བཟང་པོ་ཐོབ་ཀི་བསྡད་པ་དེ། ངའི་རྩ་བའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་དང་རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། མཁན་ཆེན་ཐུབ་བསྟན་སྙན་གྲགས་ཚང་རྣམ་པ་གསུམ་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཡིན། གནའ་མྱི་འདིའི་ཁ་བརྡ་བཤད་དུས་གནའ་གཏམ་དང་འབྲེལ་ནས་རང་ཤུགས་ཀྱིས་བཤད་པ་རེད། ངས་ནམ་ཡིན་ན་བཤད་ཀི་འདུག་རྒྱུའི་གནའ་དུས་རབས་སྔོན་མའི་དུས་སྐེད་ཀྱི་ང་དགུའི་དུས་འགྱུར་ཆེན་མོ་ཟེར་བ་ཚེས་རན་ཁའི་ཡར་སྔོན། བསྟན་དགོན་ཉམས་ཉེས་སུ་འགྲོ་རན་ཁར། སྡེ་དགེའི་བཙོན་ཁང་ལ་མ་དེད་པའི་ཉི་མ་ཁ་ཤས་ཀྱི་སྔོན་ལ། འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ཚང་གིས། དེ་རིང་ནི་ཐུགས་ཁོང་ལ་མ་གཏད་པར་འདི་ལ་གཏོད་གསུངས་ནས་རྣམ་པ་གསུམ་པོས་སྐྱ་མོའི་མདུན་ལུང་ཁའི་མཁན་པོ་ཐུབ་སྙན་ཚང་གི་གཟིམ་ཁང་གི་ནང་ནས། ལོ་བཅོ་ལྔ་ཅན་གྱི་མྱི་ང་ལ་ཚེ་དབང་ལོ་གྲངས་ཞིག་བསྐུར་བཞག་ཐལ། ངས་དེང་སང་བསམ་བློ་གཞི་གཏོང་བྱེད་དུས་ང་ལ་མཚོན་ན་བླ་བརྒྱུད་མི་བརྒྱུད་གང་ཐད་ནས་བསམ་ན་ཚེ་འཕྲང་སྲི་གེགས་མེད་པ་ཞིག་མིན་མོད། ཁོང་རྣམས་ནི་དབང་བཅུ་ཐོབ་པའི་སྐྱེས་ཆེན་ཏག་ཏག་རེད། ཁོང་རྣམ་པའི་སྐུ་ཚེའི་ལྷག་མ་ང་ལ་བསྟིམས་མཛད་ཨེ་བཏང་ཟིག་གོ་བསམ་གིན་ཡོད། དེ་ཡང་རྒས་ཕྱིན་རྒས་ན་ལུས་ཁམས་ཇེ་བདེ་ཡིན་པ་ཞིག་མི་སྲིད་མོད་དེ། ཆོས་འདི་བཤད་པ་ཚུན་ཆད་དུ་འབྱུང་ཁམས་བདེ་ཐང་ཡིན་པས་ཇེ་དགའ་རེད། འདི་ལ་བལྟས་ན་དེ་དུས་ཐུགས་དགོངས་གཏད་རྒྱུ་དེ་མན་ངག་ཟབ་ཁྲིད་ཀྱི་རྒྱུན་རེ་སྤེལ་རྒྱུའི་གོ་ཞིག ཆོད་ཀི་དགོངས་པ་ཡིན་ས་རེད་བསམ་ནས་རང་གིས་རང་ལ་སྤོབས་པ་དང་སྤྲོ་སྣང་བསྐྱེད་བཞིན་ཡོད། ད་རུང་ཨ་བུ་ལྷ་སྒང་ཚང་གིས་སྔོན་རྗེས་ཀྱི་གསུངས་ཞལ་ཆེམས་དེ་ཚོ་རེ་རེ་དྲན་དུས་སྙིང་སྟོབས་ཀྱི་ཤུགས་རེ་རང་གི་སྙིང་དབུས་ནས་དད་མོས་དང་མཉམ་དུ་སད་ཐུབ་པ་རེད། ང་ཕོ་ལོ་བཅོ་ལྔ་བཅུ་དྲུག་གི་སྟེང་ནས་བསྐལ་བ་རྟ་རྒོད་ཀྱི་འགྲེ་ལོག་ཡོང་། དུས་འགྱུར་ཡོ་ལང་གི་ཁུགས་སོ་ཚེས་པ་རེད། དེའི་སྐབས་ཁེར་འཁྱར་ལ་ལུས་པ་རེད། ཁེར་འཁྱར་ལ་ལུས་ན་མགོ་རྡོ་ལོག་གིས་བརྡུང་ནའང་མ་ཤི་བར་ལྷག་སོང་བ་རེད། དུས་བསྐལ་བ་ཅུང་ཟད་ཇེ་བཟང་ལ་སོང་བ་ཚུན་ཆད་ནས། དེ་དུས་ཀྱི་ཁ་ཡ་ན་ཟླའི་རྒན་རབས་པ་རྣམས། ད་དེང་སང་བལྟས་ན་ཅང་ལྷག་མེད་ཀི་མོད། དེ་དུས་ཀྱི་བྱིས་པ་རྣམས་ཀྱིས་མི་ཚད་དེ་དག་གི་བྱིས་པ་རྣམས་ཀྱང་ད་རྒས་ས་ལ་ཐོན་ཡོང་དུས་རང་སྡེའི་མི་ཡིན་རུང་གཅིག་ངོ་གཅིག་གིས་མི་ཤེས་ས་ཐོན་པ་རེད་མོད། དེ་ལྟར་ཡིན་དུས་ངའི་མི་ཐོག་སྔོན་མའི་གང་ལ་ལས་ཀྱིས་བསྐོས་པའི་གདན་ས་ཆོས་འཁོར་འདིའི་བསྟན་པ་འཇིག་ཤུལ་དུ། ས་ར་རྡོ་ཁང་ལས་ས་ནས་འགོ་བཙུགས་ཏེ་འདི་སྔ་འགྱུར་བསྟན་པའི་ཆུ་འགོ་གནད་ཆེན་ཞིག་རེད། ཁྱད་པར་དུ་མདོ་ཁམས་སྨད་ཕྱོགས་ནས་བསམ་བློ་བཏང་ན་འདུལ་བསྟན་དར་བའི་ལྟེ་གནས་ཡིན་ན་སངས་རྒྱས་བསྟན་པའི་གཞི་མ་དམ་ཆོས་འདུལ་བ་ཡིན་ནི་རེད། བཤད་སྒྲུབ་ཐུན་མོང་མ་ཡིན་པའི་རྒྱུན་བཞུགས་ས་ཡང་འདི་རེད་བསམ། ད་འདི་མ་ཉམས་པར་རྐང་ཞིག་ཚུགས་དུས་ཡོངས་རྫོགས་བསྟན་པའི་ཆ་ཤས་ཆེ་བ་ཞིག་མ་ཉམས་པ་རེད། འདི་བཞིན་དུ་རང་སྐལ་གྱི་ལས་སྒོ་རེ་ཐམས་ཅད་ཀྱིས་འགྲུབ་ཡོང་ན་ཡོངས་རྫོགས་བསྟན་པའི་མངའ་ཐང་ཁྱོན་ཡོངས་ནས་དར་ཞིང་རྒྱས་པ་རེད་བསམ་ནས། མྱི་ཤུལ་དུ་མྱི་བསྡད་པའི་དོན་སྒོ་འདྲ་བོ། ཕ་ཤུལ་བུ་ཡིས་མ་ཟིན་རུང་ཕ་མཚེར་དུ་བ་ལང་ལོང་ཆད་མི་ཉན་པར་བསམ་ནས། ངེད་ཤི་འཕྲོ་ལྷག་དུམ་གྱི་ནང་ནས་དེ་དུས་རྫོགས་ཆེན་ཀུན་འབྲུག་གཉིས་ཀ་དགུང་ལོ་ཆེ་བ་རེད། ཁོང་རྣམ་པ་ཡར་གཙོ་བོ་ཀླད་ནས་བཞུགས་སའི་སྟེང་ནས་ང་ཚོས་ས་ར་རྡོ་ཁང་གི་རྟེན་གཞི་མཛུབ་མོས་འཛུགས་ས་འདྲ་རེ་འཛུགས་རྒྱུ་དང་། དཔལ་གྱི་སེང་གེ་རིའི་ཆོས་གྲྭའི་འཆད་ཉན་གྱི་རྒྱུན་རེ་བསྐྱར་གསོ་རྒྱ་བསྐྱེད་བྱེད་རྒྱུ་དེ་འདྲའི་བྱ་བའི་གཙོ་བྱས་ནས། དགོན་མ་ལག་ཆོས་བརྒྱུད་དང་བཅས་པར་འབྲེལ་བའི་བྱ་བཞག་དེ་ལོ་ནས་ལོ་མཐུད་དེ། ལོ་ཉུང་ལུས་སྟོབས་དར་བའི་དུས་ཚོད་དེ་དུས་ངན་གྱི་ནང་ནས་ས་རྡོ་གཉིས་ཀྱི་ངལ་རྩོལ་བསྒྱུར་བཀོད་ཀྱི་འཕྲོ་ནས་དེ་ལ་བུད་སོང་བ་རེད། དེ་ནས་ས་འདིའི་ལྷག་བསམ་ཅན་གྱི་སེར་སྐྱ་མང་ཚོགས་ཀྱི་སྟོབས་ཤུགས་དང་བཅས་ཏེ་རྟེན་གཞི་བཞེངས་བསྐྲུན་གནས་དུས་དང་མཐུན་པ་ཞིག རེད་ཞོར་མི་རེད་ཞོར་ལ་དོན་གྱི་བསྟན་པའི་མདོ་ཕྱོགས་ཀྱི་བཤད་རྒྱུན་མ་ནུབ་པ་ཞིག་ཚུགས་ཐལ་ཟེར་དགོས་པ་རེད། དུས་དེང་སང་འདི་རྣམ་པའི་ཕྱག་ལ་མ་ཐོན་གྱི་བར་དུ་མི་ལོ་བཅུ་ཕྲག་ཁ་གྲངས་ཅན་ལ་ཆོས་དུང་མ་ཆད་པ་རེད། བསྟན་འཛིན་གྱི་སྐྱེས་བུ་མ་མང་མི་ཉུང་། དགོན་མ་ལག་དང་བཅས་པར་ད་ལྟའི་སྐབས་ལ་མཁན་སྤྲུལ་དྲག་གྲས་ག་ཚོད་ཡོད་ན། མང་ཆེ་བ་མ་ཡུམ་ཆོས་གྲྭ་ཆེན་མོའི་ཐོག་དང་བོའི་སློབ་གྲྭ་དེ་ནས་བུད་ནི་ཏག་ཏག་ཡིན། དེ་ལྟར་ཡིན་དུས་མདོ་ཕྱོགས་ཀྱི་བཤད་རྒྱུན་ཞིག་དེའི་ཚུགས་སོང་བ་རེད། ད་སྔགས་ཕྱོགས་དང་ནི་ཁྱད་པར་དུ་རྫོགས་པ་ཆེན་པོའི་ཐུན་མིན་གྱི་ཆོས་རྒྱུན་འདིའི་གདམས་ཁྲིད་ཀྱི་རྒྱུན་སྤེལ་རྒྱུ་གལ་ཆེན་ལ་ཐུག་ཡོང་དུས། ངའི་ཆོས་གྲོགས་རྒན་པ་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་ཚང་ལ་ཁྱེད་བྱོན་ཤོག་ཁྲིད་རྒྱུན་ཞིག་སྤེལ་དགོས་ཞུས་ཏེ། ངས་ཁོང་ལ་ཡི་གེ་མང་བོ་བསྐུར་བསྡད་པ་དེང་སང་ངའི་རྩོམ་ཡིག་དེབ་ཀྱི་ནང་ན་ཡོད་པ་དེ་ཚོ་ཡིན། ཁོང་བྱོན་ཡོང་ནས་མི་ལོ་བཞི་ལ་རྫོགས་པ་ཆེན་པོའི་གདམས་ཁྲིད་གསུངས་པ་རེད། ཁྱེད་ཀྱིས་དེའི་སྔོན་ལ་མ་གསུང་བ་ཞེས་ང་ལ་འཁང་རའང་ཅི་མང་མཛད་སོང་། དེ་ནས་ཁོང་དགོངས་པ་རྫོགས་པ་དེ་ནས་བཟུང་སྟེ་ད་ལྟའི་བར་དུ་ངས་ཁྲིད་རྒྱུན་རེ་སྤེལ་བ་ཡིན། ཁྱད་པར་དུ་བླ་མ་ཡང་ཏིག་འདི་ཚོ་ཆིག་བརྒྱུད་དམ། མང་དུས་ཡིན་ན་སློབ་མ་བདུན་གྱི་ཡན་ན་ངའི་བླ་མས་སྤྱིར་བཏང་གསུང་དར་མ་རེད། བླ་མ་རྟོགས་ལྡན་ཚང་དེ་དུས་འདིར་བྱོན་དུས་བླ་མ་ཡང་ཏིག་དང་རྒྱུད་བཅུ་བདུན་ཡིན་ན་མིན་ན་གསུང་དགོས་ཞེས་ཞུས་བསྡད་དུས། ཁོང་གིས་ཇི་ལྟར་སློབ་མ་ཇི་ཙམ་ལ་གསུང་ཞེས་ང་ལ་དྲི་བ་མཛད་ཐལ། དེ་ལ་ངས་དེང་སང་ཆོས་རྒྱུན་ཆད་ལ་ཉེ་བའི་དུས་ཚོད་ཡིན་པས། དུས་ཚོད་ད་རུང་བཟང་ངན་ཅི་འདྲ་ཡོང་ཅི་ཤེས། གཅིག་ཤི་ཀུན་རྫོགས་རེད་དུས་མི་བཟང་། དུས་ཀྱི་འགྱུར་བ་མིན་རུང་གང་ཟག་རེ་རེའི་ངོས་ནས་འགལ་རྐྱེན་སྣ་ཚོགས་དང་འཕྲད་རྒྱུ་ཡོད་ན། ང་ཚོའི་ཆོས་བརྒྱུད་ཀྱི་ཆོས་སྒོའི་བཀའ་རྒྱ་དམ་པ་རེད་མོད། སློབ་མ་མཁན་སྤྲུལ་ཉི་ཤུ་རྩ་གཅིག་ལ་གསུང་དགོས་ཞུས་པས། ཁོང་གིས་རྫོགས་ཆེན་ཚང་རང་གི་བཀའ་ཡིན་ཞེས་གསུངས་པ་རེད། ངས་ཀྱང་དེ་བཞིན་དུ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་འདི་ད་ལོ་རེར་ཐེངས་རེར་མ་མཐར་བྱས་ནས་འདོན་ཆག་ཡིན། ཐེངས་རེར་འདུས་པའི་ཞལ་གྲངས་ཉི་ཤུ་རྩ་གཅིག་རེ་ལ་འདོན་བཞིན་ཡོད། ཡེ་ཤེས་བླ་མ་འདི་རྟེན་རབ་སྔགས་གང་ཡིན་གྱི་དགེ་འདུན་གྱི་སྡེར་ཞུགས་པའི་དམ་ཚིག་ལ་སེལ་དང་ཉམས་ཆགས་མ་སོང་བ། ཀློག་པ་ཐོས་བསམ་པ་འཆད་ཉན་མཛད་བཞིན་པའི་སྒང་ཅན་འདྲ་མིན་ན། འབུམ་ལྔའི་བསགས་སྦྱངས་སྔོན་སོང་ཅན་ཐམས་ཅད་པོ་མ་འོངས་ལོ་གསུམ་གྱི་ཁྲིད་སྦྱངས་ཟླ་མཚམས་ལ་བཞུགས་ངེས། དེ་ཡང་དམ་བཅའ་དང་ལྡན་པ་དགོས་རྒྱུ། ཐོབ་མི་ཐོབ་ཀྱི་ས་མཚམས་དེ་འདྲ་ཡིན་ཞེས་བཤད་པ་རེད། དེང་སང་ཕལ་ཆེ་བ་སློབ་ཚོགས་སྟོང་ཕྲག་ལྷག་ཡོད་དུས་ཏག་ཏག་རེད་མོད། ད་གསན་མཁན་ཚོའི་ནང་ནས་མང་ཆེ་བའི་དམ་བཅའ་ཚད་ལྡན་རེད་ཀྱི་ཡོད་ཅན་པོ་རེད། དེ་འཕྲོར་པདྨ་ཐང་འདི་ན་ཡོད་པའི་རྒྱུན་བཞུགས་ཀྱི་ཉིན་སྲིབ་ཇོ་སེར་མཚམས་པ་ལ་མཚོན་ན། ལོ་རེའི་ཕྱེད་ཞག་བརྒྱ་གཉིས་སྔོན་འགྲོ་དངོས་གཞི་གཉིས་ཀའི་མཚམས་ལ་བཞུགས་པ། ཆོས་ཁྲིད་དང་ཚོགས་འཛུགས་སོགས་ཀྱི་དབྱར་ཆོས་ཞག་བརྒྱ་གཅིག་གི་རྩིས་འདེབས་ལོ་གཅིག་གི་ཞག་པོ་སུམ་བརྒྱ་དེ་ལྟར་སོང་ནས། དེའི་ཤུལ་གྱི་ཞག་མ་དྲུག་ཅུ་དེ་གུང་གསེང་བྱས་ནས་བསྡད་ན། ལོ་སར་ཉི་མ་ཁ་ཤས་ཀྱི་ངལ་གསོ་མིན་པ་ལོ་འཁོར་མོ་གཅིག་ལ་ཆོས་མཛད་ཀྱིས་རྒྱུན་འདའ་རྒྱུའི་འཆར་འགོད་དེ་འདྲ་ཡིན། ས་ཆ་འདི་ལ་ཐོན་བཞག་དུས། ས་དེའི་ཁོར་ཡུག་གི་གནས་ཚུལ་དང་བསྟུན་པའི་རྒྱབ་ལྗོངས་ཤིག་རང་ཤུགས་ཀྱི་མཐོང་ཐོས་མྱོང་ཚོར་ཡོང་བ་ཡིན་པས་ན་དེ་ལྟར་བཤད་པ་ཡིན། གདན་ས་ཆོས་འཁོར་ཆེན་པོའི་ཉེ་འཁྲིས་ཡིན་མིན་མེད་པར། ཆོས་སྐལ་མེད་ན་རྒྱ་མཚོ་ཆེན་པོའི་འགྲམ་ནས་ཁ་སྐོམ་ནས་ཤི་བའི་དཔེ་ཡོད་པ་རེད། དེ་བས་སྡེ་མང་ཚོགས་འདི་དང་སྐྱིད་སྡུག་མཉམ་མྱོང་བྱས་དྲག་པས་འདི་རྣམས་ཀྱི་བདེ་སྡུག་ཆ་ཚང་ཤེས་པ་རེད། དགོན་ཚུགས་ཞིག་འཛིན་ཆོག་ཚུན་ཆད་ནས་བླ་རྒན་རྣམ་པ་དཀོར་གྱིས་བརྒྱག་ནས་ངོ་ཚོ་མི་ཤེས་པར་འདུག་ཁུལ་བྱས་པ་དེ་འོས་མེད་རེད་སྙམ་ནས། ཡི་གེའི་ཤོག་མཐའ་རེར་རེག་མྱོང་དང་མ་མྱོང་གི་ཁྱད་པར་རེ་ཡོད་སྲིད་པས་ཁྱེད་ཚོ་ཤོག་དང་ང་ཚོའི་ཞིང་སྒྲུབ་འཚོགས། ཞིང་ཁྲིད་བཤད། མྱི་རྒྱུ་ཆོས་གསུམ་རང་ལ་ཡོད། མགོ་རང་ལ་ཡོད་དུས་ལྕེ་གཞན་ལ་གཡར་རྩ་བ་ནས་མི་དགོས་པར་ཆོས་ལུང་དཀར་པོ་རང་གིས་བྱེད་འཇོག དུས་སྙིགས་མ་ཡིན་རུང་སངས་རྒྱས་ཀྱི་བསྟན་པ་ངོ་མ་སྤྲིན་བར་ཉི་མའི་གསལ་མཐོང་མགོ་གང་མ་ཞིག་རང་གིས་ཤར་ཁ་བཞག་གཏོང་ཞེས་བཤད་ནས། ང་ཚོའི་ཞིང་སྒྲུབ་ཞིང་ཁྲིད་སོགས་ཀྱི་ཆོས་ཁྲིད་དང་སྦྲགས་མ་བྱས་ནས་འཚོགས་པ་ད་ལོའི་འདི་ཐེངས་དགུ་བ་རེད།།

ད་ཁྱིམ་པ་ཕོ་མོ་ཡིན་རུང་མྱི་རེད། སངས་རྒྱས་ཀྱི་གོ་འཕང་བླ་མ་གྲྭ་བ་མིན་རུང་ཐོབ་དགོས། གཞི་རྒྱུད་བདེ་གཤེགས་སྙིང་པོས་ཐམས་ཅད་ཀུན་ལ་ཁྱབ་པས་ན་སུས་བསྒོམ་ན་དེ་སངས་རྒྱས་རེད། ཚེ་ཕྱི་མ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་མཐར་ཐུག་གི་དོན་ཆེན་སྒྲུབ་པའི་ཆོས་དགོས་པ་དང་། དེ་མ་ཐོབ་ཀྱི་སྔོན་དུ་ཚེ་འདིའི་རྐྱེན་དང་བར་ཆད་སེལ། བསམ་དོན་ལམ་དུ་འགྲོ། ཚེ་བསོད་ནམས་ལོངས་སྤྱོད་འབྱོར་བ་འཕེལ་རྒྱུ་ལ་ཡང་ཆོས་དགོས་པ་རེད། རྣམ་དཀར་གྱི་དགེ་བ་ལུས་ངག་གཉིས་ཀྱིས་སྒྲུབ་ན་བཟང་རུང་། སེམས་ཀྱིས་སྒྲུབ་ཤེས་ན་དེ་བས་ཀྱང་ཆོད་ཆེ་བ་ཡིན་པ། དཔེ་ཆག་བཞག་ན་ཟས་ཟོས་པ་ཁ་ཡི་བྲོ་བ་མྱངས་རྒྱུ་རྐྱང་པའི་ཆེད་དུ་མ་ཡིན་པར། གཙོ་ཆེ་བ་ལྟོ་ཕོ་བའི་ནང་དུ་བབས་ནས་ལུས་ཀྱི་འཚོ་བཅུད་ལ་ཡོང་དགོས་པ། དེ་བཞིན་དུ་ཆོས་ཁ་ནས་བཤད་པ་དང་ནི་རྣ་ཅོག་རྐྱང་བས་ཉན་པས་བེད་མ་ཆོད་པ་རེད། སེམས་ཀྱི་བཅུད་ལ་བབས་ནས་ཉམས་ལེན་རང་རྒྱུད་དང་སྦྱར་ཤེས་དུས་དེ་དུས་ཕན་ཞིག་ཐོག་གི་ཡོད་པ་རེད། སེམས་དང་ཆོས་འདྲེས་ནས་ཆོས་ཀྱིས་རང་རྒྱུད་དུལ། བསམ་སྤྱོད་ཆོས་དང་མཐུན་པའམ་བསམ་སྤྱོད་ཆོས་དང་མི་འགལ་བ་ཞིག་རེད་དུས། མྱི་དེའི་བསམ་སྤྱོད་གཉིས་ཀ་བཟང་པོའི་ཕྱོགས་སུ་འགྱུར། མྱི་བཟང་ཡ་རབས་ཡོན་ཏན་ཅན་རེད། ཚེ་འདི་ཕྱི་གཉི་གའི་རྒྱང་མིག་རིག་པའི་མྱི་དེ་འདྲ་རེ་རེ་ཡོད་ནའང་ཡུལ་གྱི་རྒྱན་རེད་བསམ་རྒྱུའི་ཀུན་གྱི་སྨོན་སའི་ཡུལ་དུ་གྱུར་དུས་ཆོས་སྒྲུབ་གོ་ཆོད་ཡོང་གི་ཡོད་པ་རེད། མཐོ་རིས་ལྷ་མིའི་གནས་སུ་སྐྱེས་ཏེ་འཇིག་རྟེན་མྱི་ལུས་ཤིག་བླངས་ཡོད་པ་རེད། ཁྱིམ་པ་ཕོ་མོར་རྒྱུ་ཕྱུག་དགོས། བུ་ནོར་ལོངས་སྤྱོད་འཛོམས་དགོས། །མྱི་རྒྱུ་ཆོས་གསུམ་པོ་དགོས་པ་རེད། ཆོས་ནོར་འདོད་དང་ཐར་བ་བཞི་པོའི་མིང་ལ་ཕུན་ཚོགས་སྡེ་བཞི་ཟེར་བ་ཡིན། ཕུན་ཚོགས་སྡེ་བཞི་བོ་དེ་མ་འཛོམས་དུས་མངོན་མཐོའི་འབྱོར་བ་ཚོགས་པའི་མིང་ཡོད་པ་མ་རེད། མྱིས་རང་སྟོབས་ཀྱིས་སྒྲུབ་མི་ཐུབ་པ་ཚང་མ་བསོད་ནམས་ཀྱི་ཚོགས་བཟང་པོ་ཆོས་སྒྲུབ་པ་ལ་བསྟེན་ནས་འགྲུབ་དགོས་དུས། ཆོས་ངོ་མ་སྒྲུབ་ལུགས་ཤེས་རྒྱུ་དེ་ཚེ་ཕྱི་མའི་དོན་གྱིས་མི་ཚད་ཚེ་འདིའི་བདེ་ཐབས་སྐྱིད་ཐབས་ལ་མེད་ཐབས་མེད་པ་རེད། ཆོས་སྒྲུབ་རྒྱུ་དེ་ནི་འཚོ་བའི་ཆ་ཤས་གལ་ཆེན་མེད་མི་རུང་བ། མི་དང་དུད་འགྲོ་གཉིས་ཀའི་ཁྱད་པར་འབྱེད་བྱེད་ཀྱང་དེ་ལ་ཐུག་ཡོད་པས་ན། ང་ཚོ་ལོ་རེའི་ནང་ལ་ཐེངས་རེར་འདི་ལྟར་བྱས་ནས་འདུག་ཙམ་རེ་བྱས་ཏེ་ཆུ་ཚོད་རེ་ཙམ་ལ་ཁ་བརྡ་རེ་བྱེད་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་ཆོས་ཕྱོགས་ཀྱི་གླེང་མོལ་ལམ། ཚེ་འདི་ཕྱི་གཉིས་ཀའི་སྐྱིད་སྡུག་གི་གྲོས་འགོ་རེ་འདོན་རྒྱུའི་ཕྱོགས་ལ་དམིགས་ཡུལ་གཏད་པ་ཡིན་ན། ཆོས་འཇིག་རྟེན་གཉིས་ཀའི་དོན་བྱ་བ་གང་བསྒྲུབ་ན་ཡང་། མི་མགོ་བསྐོར་བྱེད་ཙམ་གྱིས་མི་ཆོག་པར་སྒྲུབ་ན་སྒྲུབ་པ་འདྲ་ཞིག་གིས་འགྲུབ་ནི་ཞིག་དགོས་པས་ན། ཆོས་སྒྲུབ་དུས་ཆོས་ངོ་མ་སྒྲུབ་སྒྲུབ་བྱེད་དགོས་པ་རེད། ཆོས་བཤད་དུས་ཀྱང་དེ་བཞིན་དུ་ཆོས་ངོ་མ་བཤད་བཤད་བྱེད་དགོས་པ་རེད། ད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་བློ་རིམ་དང་བསྟུན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད། སོར་བྱང་སྔགས་གསུམ་གྱི་ལམ་གྱི་རིམ་པ་ཡང་དེ་ལས་བྱུང་བ་ཡིན་ན། དེ་བས་ང་ཚོ་ཐེག་ཆེན་མདོ་སྔགས་ཀྱི་ཆོས་སྒོར་ཞུགས་པ་ཙམ་གྱིས་ཐམས་ཅད་ཡར་ལྡན་དུ་ཚང་བ། ཐུབ་པའི་བསྟན་པ་རིན་པོ་ཆེའི་ཐེག་པ་རིམ་ཞུགས་ཀྱི་སྐས་ཐེམ་དང་པོ་ནས་གཉིས་པ་ལ་སོགས་པའི་རིམ་པ་བརྒྱུད་ནས་མཐར་ཁང་ཐོག་ལ་ཐོན་སོང་བ་བཞིན། མགོ་རྔ་ཆ་ཚང་དགོས་རྒྱུའི་གནད་དང་བསྟུན་ཏེ། ང་ཚོས་ཀྱང་ལོ་ལྟར་སྐྱབས་འགྲོའི་རྨང་གཞི་བྱས་ནས། དགེ་བསྙེན་གྱི་སྡོམ་པ་སྦྱིན་གྱིན་ཡོད་པ་རེད། འདིའི་ནང་གི་མང་ཆེ་བ་སྐྱབས་གསུམ་འཛིན་པའི་རྨང་གཞིར་བྱས་པའི་དགེ་བསྙེན་གྱི་སྡོམ་པ་མ་བླངས་པ་ཕལ་ཆེར་མེད་པ་ཙམ་ཡིན། དེ་ཡང་བསམ་པ་སེམས་བསྐྱེད་དང་སྦྲེལ་ཏེ་བླངས་པ་ཡིན་པས་ཐེག་ཆེན་སོ་ཐར་གྱི་སྡོམ་ལྡན་ཡིན། བྱང་ཆུབ་སེམས་བསྐྱེད་འབོག་ནས་སྨོན་པ་བྱང་ཆུབ་མཆོག་ཏུ་ཁས་བླངས་ཞིང་དེའི་བསླབ་བྱ་ལ་ཡང་སློབ་བཞིན་པ། བྱང་ཆུབ་སེམས་སྡོམ་ཡང་ཐོབ་ལ་མ་ཉམས་པ་ཡོད་པའི་དབང་དུ་བྱས། སྔགས་ཕྱི་ནང་གཉིས་ཀའི་དཀྱིལ་འཁོར་ལ་ཞུགས་ནས་དབང་མ་ཞུས་མ་ཐོབ་བསམ་པ་ཅི་ཡོད། སྔགས་ཀྱི་དམ་ཚིག་སྲུང་རྒྱུ་དེ་དབང་དུས་སུ་ཁས་བླངས་པ་ཡིན་དུས། སོར་བྱང་སྔགས་གསུམ་གྱི་ཐད་ནས་ཐོབ་དགོས་རྒྱུ་མང་པོ་ཐོབ། སྨིན་བྱེད་དབང་གིས་ཀྱང་རྒྱུད་སྨིན་པར་བྱས་པ་ལ་ཆགས་བཞག་ནས། ད་གྲོལ་བྱེད་ཀྱི་ཁྲིད་ཀྱིས་སྨིན་པ་དེ་གྲོལ་བར་བྱེད་དགོས་པ་ཡིན་དུས། ད་སྐབས་རང་རེ་ལ་མཚོན་ན་ས་རྫོགས་ཆེན་གྱི་ས་ཐོག་རེད། མྱི་རྫོགས་ཆེན་པ་མང་ཆེ་བ་རེད། དེ་དང་འབྲེལ་བའི་གང་ཟག་ཡང་ཡོད་པ་རེད། ཆོས་རྫོགས་པ་ཆེན་པོའི་ཆོས་བརྒྱུད་རང་རྐང་གི་ཉམས་ལེན། ཞེ་ལ་བཟུང་རྒྱུའི་ཚིག་ཅིག་དང་རུམ་ལ་བཅུག་རྒྱུའི་གྲོ་ཞིག ད་ཐེངས་ཉི་མ་བཞི་ལ་ཆོས་ཞུ་རུ་སོང་ནས་ཡོང་སྒོ་རེ་འདི་ཡོད་ཐལ་བསམ་པས། ས་གར་སོང་ཟེར་ན་འདིར་སོང་དང་དོན་ཅི་ཆོད་ཅེ་ན་འདི་ཆོད་ཞིག་ཡོད་དགོས་པ་རེད། རབ་ཡིན་ན་ཚེ་གཅིག་གཏན་གྱི་འདུན་མ། མྱི་ཚེ་གཅིག་ལ་བརྒྱུག་བསྡད་པའི་ཡོང་སྒོ་ལས་དགའ། མྱི་ལུས་བླངས་པས་དོན་གོ་ཆེན་པོ་ཞིག་དེ་རིང་ཆོད་ཐལ་བསམ་པ་ཞིག འབྲིང་ཡིན་ན་རྐྱེན་ངན་བར་ཆད་ཀྱི་རུ་འཛིང་། དཀའ་སྡུག་སྣ་ཚོགས་ཐོག་ལ་བབས་དུས་བྱིའུ་ཕྲུག་ལ་རྡོས་ཕོག་པ་འདྲ་འདྲ་རེད་མི་འགྲོ་བར། ཆོས་ལ་བརྟེན་ནས་རྐྱེན་ངན་གྲོགས་ལ་བསྒྱུར། ལྟས་ངན་གཡང་དུ་འགུག་རྒྱུར་འབད་ཤེས་པ་ཞིག ཐ་མ་སྡུག་ཤོས་ཡིན་རུང་སྐྱིད་སྡུག་གང་བྱུང་དཀོན་མཆོག་གསུམ་ལ་ཕུགས་གཏོད་ཤེས་པ་ཞིག ལས་དགེ་ངོ་དང་སྡིག་ངོ་འཁྲོལ་བ། ཤེས་བཞིན་དུག་འཐུང་མི་བྱེད་པ། རྒྱུ་མེད་རུང་ཁྱིམ་ཚང་ཆོས་ཡོད། བག་དྲོ། བཟའ་ཚང་ཁ་སེམས་མཐུན་པོ། ཕོ་མོ་ཆེ་ཆུང་ཚང་མ་ཁ་ངོ་འཛུམ་གྱིས་གང་། སེམས་ལ་སྤྲོ་སྣང་ཡོད་པ། མི་ཚེ་སྐྱིད་ལ་སྐྱེལ་པ་ཞིག་རེད་རྒྱུའི་རེ་བ་དེ་བྱེད་ཀི་ཡོད་པ་རེད། རྫོགས་པ་ཆེན་པོའི་ཆོས་འདི་ལ་སྔོན་འགྲོ་དངོས་གཞི་གཉིས་ཡོད་པ་ཡིན། མྱི་ཞིག་ལ་ཆ་བཞག་ན་ཁོག་སྟོད་སྨད་གཉིས་འདྲ་ཞིག་རེད། འུ་ཅག་གིས་ད་རེས་སྔོན་འགྲོ་བཤད། དེ་དང་འབྲེལ་ནས་བདེ་ཆེན་ཞིང་ཁྲིད་ཀྱང་ཚང་བསྡད་ཡོད་པ་ཞིག་བྱས་ནས་བཤད་ཆགས་རེད། ད་སྔ་ཆོས་ར་འདིའི་ནང་ནས་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་བཤད་མྱོང་བ་རེད། ཡང་དེའི་ནང་ནས་བློ་ལྡོག་རྣམ་བཞི་ཟུར་བཀོལ་གྱིས་བཤད་མྱོང་བ་རེད། སྔོན་འགྲོའི་ངག་འདོན་རྒྱས་བསྡུས་གཉིས་ཀ་བྱས་ནས་ཁྲིད་པ་རེད། དེ་བཞིན་ཞིང་ཁྲིད་ཆགས་མེད་བདེ་སྨོན་གྱི་སྟེང་ནས་སྔོན་རྗེས་ཚར་གཉིས་རྒྱས་ཁྲིད་དང་། ན་ནིང་བདེ་སྨོན་བསྡུས་པའི་སྟེང་ནས་ཡང་གཅིག་ཁྲིད་པ་ཡིན། དེ་ཚོ་ལ་བསྐྱར་ཉན་རེ་བྱེད་རྒྱུ་ཡོད། འགའ་རེས་བསྐྱར་ཉན་བྱས་ན་ཕན་ཐོག་ཅུང་ཙམ་རེ་འབྱུང་ཤས་ཆེ་བ་རེད། སྤྱིར་མི་སྐྱ་ཕོ་མོ་ལ་ཆོས་རྒྱ་ཆེན་གྱི་ཐོས་པ་བརྟེན་རྒྱུའི་གོམས་འདྲིས་ཆེ་མ་རེད། དེའི་སྟེང་ནས་ལོ་ཡར་རྒས་ཀྱི་ལོ་ལོན་ཡིག་ངོ་བལྟ་རྒྱུའི་བྱང་ཆ་དེ་འདྲ་མེད་པ་ཡང་ཡོད་པས་ན། ཡི་གེ་ལྡེབ་བུ་མང་བོ་ཅན་ཞིག་གི་སྟེང་ནས་ཆོས་སྐད་དམ་པོ་གོ་མི་བདེ་བ་ཏག་ཏག་བཤད་ནས་དགོས་པ་མེད་བསམ་བཞིན་ཡོད། སྤྱིར་ཟབ་དང་རྒྱ་ཆེའི་ཆོས་ཚུལ་གྱི་ཆོས་སྒྲ་ཞིག་གོ་བསྡད་དུས། དོན་གྱི་ཐད་ནས་གཏིང་ནས་དེ་ཙམ་ཞིག་གོ་མ་སོང་རུང་། རྒྱུད་ལ་བག་ཆགས་བཟང་པོ་ཞིག་བཞག་ན། དད་པ་དག་སྣང་གི་སྟོབས་ཀྱིས་མ་འོངས་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་བྱེད་ཀྱི་དགོས་པ་དང་ཡང་ལྡན་པ་རེད། བར་དོའི་ཁྲིད་ཡིག་ཚོའི་ནང་ན་ལུས་རྒྱ་འདི་དང་བྲལ་བའི་བར་དོའི་རྣམ་ཤེས་དེ་སྔར་བས་རིག་པ་ལྡབ་འགྱུར་གྱིས་གསལ་བ་ཞིག་ཡིན། སྔར་ཐོས་པའི་ཆོས་ཀྱི་རྣམ་གྲངས་མང་པོའི་དོན་རྒྱུད་ལ་ཤར་ཡོང་གསུང་ཡོད་མོད། ད་ལྟ་ཐད་ཀ་ཐད་ཀར་གོ་དོན་རྒྱུད་ལ་འབྱོར་བར་བྱེད་པ་ལ་ཡི་གེ་ཉུང་ཉུང་ཞིག དེ་ཡང་ཁ་སྐད་ཀྱིས་ཟ་སྐད་འཐུང་སྐད་བྱས་ནས་སྒྲོག་བཀྲོལ་ཏེ་གོ་སླ་ཉན་བདེ་ཞིག་བསམ་ནས། ད་ལོ་ཡང་ང་ཚོས་འདི་ནས་ངས་ན་ནིང་གཞིས་ནིང་ཞིག་ལ། ཆོས་དད་མང་ཚོགས་ལ་འབབ་སྐལ་སྦྱིན་རྒྱུ་ཡིན་ཞེས། ག་ཤེད་ནས་ཐོན་རན་ཁར་བསུ་མཁན་མང་པོ་ཞིག་ཐོན་བཞག་པ་དེ་དག་ལ། ལག་སྟོང་མིན་ཙམ་སྤྲད་རྒྱུ་ཞིག་བྲིས་པའི་སྔོན་འགྲོའི་རྒྱུན་འདོན་བླ་རྣལ་གཙོ་བོར་བྱས་པའི་ཚིག་ག་རྡོག་མ་ཁ་ཤས་ཅན་པོ་འདི་ཁྱེད་ཚོའི་ལག་ཏུ་ཡོང་ཡོད་རྒྱུ་རེད། འདི་འདོན་ཆགས་ཡིན། བླ་མའི་རྣལ་འབྱོར་འདི་སྔོན་འགྲོ་བྱས་ན་སྔོན་འགྲོ་རེད། ཐུན་མིན་སྔོན་འགྲོའི་ཁྲིད་རྐང་གི་ནང་ལ་བཞག་ཡོད་མོད། དངོས་གཞི་བྱས་ན་དངོས་གཞིའི་ཆ་ལག་གིས་མ་ཚད་པའི་རྫོགས་པ་ཆེན་མོའི་དངོས་གཞིའི་གནད་ཐམས་ཅད་པོ་འདིའི་ཉམས་ལེན་གྱི་ནང་དུ་འདུ་བ་རེད། དེས་ན་ཆོས་ཟབ་མོ་གསང་སྔགས་ཀྱི་གདམས་པ་ཡིན། སྔོན་འགྲོའི་ཁྲིད་ལུང་ཐམས་ཅད་ཐོབ་མྱོང་བའི་སྡོམ་གསུམ་ཡར་ལྡན་དུ་རྫོགས་པའི་གང་ཟག་སྣོད་ལྡན་ཏག་ཏག་ཡིན་ཆག་བྱས་ནས་ད་རེས་འདོན་ཀི་ཡོད་པ་ཡིན། དུས་ཚོད་ཐུང་ཐུང་ལ་བསྟུན་ཡོང་ན་ང་ཚོས་ཆ་ལེ་ཆོལ་ལེ་བཤད་རྒྱུ་མང་ཐལ། དེ་ཡན་ཆད་ཀྱིས་ལོ་གཅིག་གི་ནང་དུ་འུ་ཅག་གསར་དུ་ཐུག་པོའི་སྤྱིར་བཏང་གི་ཁ་བརྡ་རེད། དེ་དང་འབྲེལ་ནས་ཆོས་སྒྲུབ་ལུགས་ཆོས་སྒོར་ཞུགས་སྟངས་ཀྱི་སྤྱི་ཁོག་གི་སྒྲོམ་གཞི་འདྲ་བོ་ངོས་སྦྱོར་བྱས་པ་ཡིན་ན། འདིའི་མཚམས་ནས་ང་ཚོའི་ཆོས་ཁྲིད་ངོ་མ་ལ་འཇུག་རྒྱུ་བྱེད། ད་རེས་ང་ཚོའི་འཆད་ཉན་བྱ་རྒྱུའི་ཚིག་ག་ཁ་ཤས་འདི་ཡིན་རྒྱུ་ངས་བྲིས་པ་ཞིག་ཡིན་མོད། ནང་དོན་ཟབ་དང་རྒྱ་ཆེའི་བཀའ་མདོ་རྒྱུད་ཀྱི་སྙིང་དོན་དྲིལ་བཞག་པ། དམ་པའི་གསུང་གི་སྔོན་འགྲོའི་ཚིག་དོན་གཉིས་ཀྱི་གནད་བསྡུས། རྫོགས་ཆེན་གསང་སྔགས་ཀྱི་ཆོས་རེད། བཅུད་བཟང་པོ་བླུགས་སར་སྣོད་གཙང་མར་བྱེད་དགོས་པ་ལྟར། དང་བོའི་མགོ་ནས་རྡོར་སེམས་སྒོམ་བཟླས་དང་སྦྲེལ་ཏེ་ཐོག་མེད་ནས་ད་ལྟའི་བར་དུ་བསགས་པའི་སྡིག་པ་དང་སྒྲིབ་པ། ཁྱད་པར་དུ་བྱིན་རླབས་དང་དངོས་གྲུབ་ཐོབ་པའི་གེགས་དམ་ཚིག་ཉམས་ཆག་བཤགས། དེའི་འཕྲོར་ཤེས་བྱར་ཐོགས་མེད་ཀྱི་མཁྱེན་རབ་ཁྱད་པར་ཅན་ནང་ནས་རྒྱས་ཤིང་། ཆོས་ཀྱི་ཚིག་དོན་བདེ་བླག་ཏུ་རྟོགས་པའི་མི་ཟད་གཟུངས་དང་སྤོབས་པ་ཐོབ་པའི་ཆེད་དུ། སྔར་པཎྜི་ཏ་ལྔ་བརྒྱས་མགྲིན་དབྱངས་གཅིག་གྱུར་གྱིས་བསྟོད་པའི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་རང་གཟུགས། འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ་གང་བློ་མ་འདོན་ལོངས་ཡོད་ན་ཚར་གསུམ་འདོན་རྒྱུའི་བརྒྱུད་པའི་ཕྱག་ལེན་ལྟར་དུ་ངེད་ཅག་གི་ཆོས་ཁྲིད་དངོས་ལ་འཇུག་རྒྱུ་བྱེད། དེ་འཕྲོར་གོང་དུ་འགོ་ནས་བཤད་པ་ལྟར། སྔར་གྱི་རྒྱུན་སྲོལ་བཞིན་དུ་ཆོས་རའི་ནང་དུ་འཛུལ་བ་དང་ཚང་མས་ངག་བཅད་བྱེད་རྒྱུ་རྒྱུན་འཁྱོངས་བྱོས། ད་སྔ་ཉི་མ་ཡན་ཆད་དུ་འཇིག་རྟེན་མྱི་ལུས་ཤིག་བླངས། འདིའི་སྣང་བ་སྐྱ་རིབ་པོ་འདི་ཤར་ཚུན་ཆད་གསོན་གྲང་ང་ཁམས་ལ་ཐོན་ཚུན་ཆད་དུ་གཉིད་ཐུན་གཅིིག་གི་ཚེ་མིན་པ་མྱི་གཅིག་གི་ཚེ་གང་བོར་བཤད་བཤད་ནས། ད་མ་བཤད་པར་ཆུ་ཚོད་གཅིག་གི་ཚེ་ལ་བསྡད་བཞག་ན། དེའི་ཚོར་སྣང་གསར་བའི་བྲོ་བ་དེ་ཅི་འདྲ་ཞིག་ཡིན་གཅིག་བལྟས་ན། ངག་གི་ཉེས་པ་དེ་ངག་བཅད་བྱས་ནས་བཀག་བཞག་དུས་ལུས་སེམས་གཉིས་ཀྱི་སྡིག་པ་ཕལ་ཆེར་དེས་ཁོག་རྒྱུའི་ཆོད་སྒོ་ཕན་ཡོན་དེ་ཙམ་ཞིག་ཆེ་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུང་དུས། དགེ་སློང་དག་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ་ཞེས་གསུངས་ཡོད་པ་ལྟར། ཆོས་ཉན་དུས་སྣོད་ཀྱི་སྐྱོན་གསུམ་པོ་སེལ་དགོས་པ་རེད། སྣོད་ཀྱི་སྐྱོན་གསུམ་གང་ཡིན་ཞེ་ན། སྣོད་ཞབས་རྡོལ། སྣོད་ཁ་སྦུབ། སྣོད་དུག་ཅན་གསུམ་གྱི་ནང་ལ་བཅུད་བླུགས་པ་ལྟ་བུ། དེ་གསུམ་གྱི་ནང་ལ་བཅུད་བླུགས་ན་ཡག་པོ་རེད་ནི་མ་རེད། དེའི་སྐྱོན་ཆ་དེ་རྣམས་བསལ་ཆེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད། ལེགས་པར་ཉན་པས་ཅིའི་ཕན་ཐོགས་ཡོད་པ་རེད་ཅེ་ན། སྣོད་དུག་ཅན་གྱི་སྐྱོན་སེལ། རབ་ཏུ་ཉན་པས་ཁ་སྦུབ་ཀྱི་སྐྱོན་སེལ་བ་རེད། ཡིད་ལ་བཟུང་བས་ཞབས་རྡོལ་གྱི་སྐྱོན་སེལ་ནི་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་པ་ལས། ཁྱེད་ཚོས་ཡག་པོ་མ་ཉན་པས་ཁོང་ལ་གནོད་ཡོང་གི་རེད་གསུང་ཡོད་པ་མ་རེད། ཁྱེད་ཚོས་ཡག་པོ་བྱས་ནས་མ་ཉན་པས་ཁྱེད་རང་ཚོའི་ཉན་གོ་ཆོད་པ་མ་རེད་གསུངས་པ་རེད། དེས་ན་ང་ཚོས་ཆོས་ཉན། དཔེ་བལྟས་བྱེད་ན། སེམས་རྣལ་དུ་ཕབས་ནས་ཆོས་གང་ཡིན་ནའང་དེའི་ཚིག་དོན་ལས་གཞན་དུ་མ་ཡེངས་པར་བྱེད་དགོས་པ་རེད། ཆོས་བཤད་མཁན་ཉན་མཁན་གཉིས་ཀས་འཆད་ཉན་ཚུལ་བཞིན་དུ་བྱས་ན། ཆོས་འཆད་ཉན་གཅིག་གི་སྟེང་ནས་སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ་ཕར་ཕྱིན་དྲུག་ག་ཚང་བ་ཞིག་བྱེད་ཀྱང་ཆོག་ལ་བྱེད་དགོས།།

ཚོགས་ཀྱི་ཞལ་འདོན།

དེ་བས་ང་ཚོས་དུས་ཚོད་དང་བསྟུན་ནས་རྡོར་སེམས་བསྒོམ་བཟླས་མཉམ་དུ་འདོན་རྒྱུ་བྱེད།

ཨཱཿ བདག་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་དབུས༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ རྡོ་རྗེ་དྲིལ་འཛིན་སྙེམས་མར་འཁྲིལ༔ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོང་༔ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ༔ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང་༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ག་བུར་རྡུལ་ལྟར་འཛག་པ་ཡིས༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ༔ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ༔ མ་ལུས་བྱང་བར་མཛད་དུ་གསོལ༔

ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ

མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ༔ སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའིཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་ཐུགས་སྲོག་ཧཱུྃ་གི་མཐའ་མར་ཡི་གེ་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་བསམས་ལ།

ཨོཾ་བཛྲ་ས་ཏྭ་ཧཱུྃ༔

དགེ་བ་འདི་ཡིས་མྱུར་དུ་བདག། རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག།

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །ཚར་གསུམ།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གང་གི་ཞལ་བཟང་བལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས། །བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས། །འཛམ་བུའི་གླིང་འདིར་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་། །སྐུ་གསུམ་མཛད་པའི་ངོ་བོར་གཅིག་སྟེ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །གངས་ལྗོངས་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་བརྩེའི་འོད་ཟེར་ཅན་ལ་འདུད། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡཱ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མི་འམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག །བསྐལ་པ་སྟོང་དུ་ཐོས་པ་རབ་དཀའ་ཞིང་། །གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ། །བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ། །བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན། །གང་ཞིག་གཏན་གྱི་སྐྱབས་གནས་མཆོག་གྱུར་པ། །དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །དེ་ལ་དད་བྱས་རྣམ་སྨིན་ཡང་དེ་བཞིན་ཏེ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བགྲང་ན་ཡང་། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ཞིང་། །རྣམ་པར་གྲོལ་བ་རིན་ཆེན་སྣ་ཚོགས་དང་། །ཟབ་མོ་རྒྱལ་བའི་བཀའ་འདི་གུས་པས་ཉོན། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག།

ཆོས་འཆད་ཉན་གྱི་ཀུན་སློང་དང་ཀུན་སྤྱོད།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མར་བྱས་མ་མྱོང་བ་གཅིག་ཀྱང་མེད། དེ་ཡང་ཐེངས་གཅིག་མིན་པར་ལན་གྲངས་བརྩིས་བཞག་ན་གྲངས་ཚད་རྩིས་གྲངས་ལ་མི་ཐེབས་པའི་ཚད་དུ་ཕ་མར་བྱས་མྱོང་ན། ཕ་མ་བྱས་དུས་ཡིན་ན་ད་ལྟའི་ཕ་མ་བཞིན་དུ་དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན། འོན་ཀྱང་ཕ་མ་སེམས་ཅན་འདི་ཐམས་ཅད་མ་རིག་རྨོངས་པའི་གཞན་དབང་དུ་གྱུར་སོང་བས་བདེ་བ་འདོད་ནའང་སྡུག་བསྔལ་གྱི་རྒྱུ་དག་དག་སྒྲུབ་ནས་མྱེ་ཆེ་ཐོག་ལ་ཤིང་བསྣན་པ་བཞིན་དུ། ཟད་རྒྱུ་མེད་པའི་འཁྲུལ་སྣང་སྡུག་བསྔལ་རྒྱུ་འབྲས་གཉིས་ཀ་ལ་འཁོར་མོ་ཡུག་ཏུ་སྤྱོད་བཞིན་པ་ཡིན་ན། ད་རེས་བདག་གིས་དལ་འབྱོར་གྱི་རྟེན་བཟང་ཐོབ། དམ་པའི་ཆོས་དང་འཕྲད་པའི་སྐབས་འདིར་བདག་རང་ཉིད་གཅིག་པུ་འཁོར་བ་ངན་སོང་གི་གནས་ནས་ཐར་བ་ཞིག་གིས་མི་ཆོག་པར་མཐའ་ཡས་སེམས་ཅན་དེ་དག་ཐམས་ཅད་པོ་གཅིག་ཀྱང་འཁོར་བ་ངན་སོང་གི་གནས་ནས་མི་ལུས་པར་ཐར་ཐབས་བྱེད་དགོས། དེ་ཡང་རང་ཉིད་ལ་ནུས་པ་ཞིག་མེད་ན། རང་མགོ་རང་གིས་མི་ཐོན་པ་ཞིག་གིས་གཞན་ཇི་ལྟར་སྐྱོབ་ཐུབ། དེས་ན་ད་རེས་དམ་པའི་ཆོས་འདི་ལ་བརྟེན་ནས་མ་སེམས་ཅན་ཐམས་ཅད་སྐྱོབ་ཆེད་དུ་མཁྱེན་བརྩེ་ནུས་གསུམ་དང་ལྡན་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་། སྲིད་པ་འཁོར་བའི་མཐའ་དང་ཞི་བ་མྱ་ངན་འདས་པའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་དམ་པ་ཞིག ངེས་པར་སྒྲུབ་དགོས་བསམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པས་ཆོས་ཉན་དགོས་པ་རེད། ཀུན་སློང་དེ་ལྟ་བུ་སྔོན་ལ་སོང་བ་ཡིན་ན། ཆོས་འཆད་ཉན་ལ་སོགས་རྣམ་དཀར་དགེ་བའི་བྱེད་ལས་ཆེ་ཆུང་ཅི་ཞིག་སྒྲུབ་པའམ་གང་སྒྲུབ་ཡོད་ནའང་ཆེ་ཆུང་ལ་མ་ལྟོས་པར་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་རྩ་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་རུ་འགྲོ་བ་རེད། ཆོས་ལྟར་སྣང་ལ་ཐེག་དམན་གྱི་ཆོས་ཞིག་ཡིན་རུང་ཀུན་སློང་སེམས་བསྐྱེད་དེས་ཟིན་སོང་ན་ཐེག་ཆེན་གྱི་ཆོས་གོ་ཆོད་འགྲོ་བ་རེད། དེ་མིན་པར་ང་གནས་སྐབས་བདེ་བྱེད་ཅིག་དང་། ངེད་ཚང་ལ་ན་ཤི་རྐྱེན་ཆག་མེད་སྤྱད་ཅིག ང་ཤི་དུས་ངན་སོང་ལ་ལྷུང་མི་འགྲོ་བའི་ཆེད་དེ་འདྲ་བསམ་བསྡད་དུས། དེའི་མྱིང་ལ་རང་དོན་ཡིད་བྱེད་ཀྱི་ཀུན་སློང་ཟེར་བ་རེད། རང་དོན་ཡིད་བྱེད་ཀྱི་ཀུན་སློང་གུ་དོག་པོ་དེས་བསླད་སོང་དུས། ཆོས་ཐེག་ཆེན་གྱིས་མི་ཚད་ཡང་ཆེན་ཡིན་ཡང་ཐེག་དམན་གྱི་ཆོས་གོ་ཆོད་ལ་མི་ཆོད་པ། དེ་ཡང་ད་རུང་བརྟག་པར་བྱ་བ་རེད། ད་རེས་ང་ཚོའི་འཆད་ཉན་བྱེད་རྒྱུ་འདི་གསང་སྔགས་རྫོགས་ཆེན་ལ་གཏོགས་པའི་ཆོས་ཡིན་པས། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དེའི་སྟེང་ལ་ད་རུང་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་དགོས་པ་རེད། འདིའི་སྣོད་བཅུད་ཀྱི་སྣང་བ་འདི་ཐམས་ཅད་པོ་མ་དག་འཁྲུལ་བའི་ངོ་ཁ་ལ་འདི་འདྲའི་མ་དག་པ། མཁྲིས་ནད་ཅན་གྱི་ངོ་ཁ་ལ་དུང་དཀར་བོ་སེར་བོར་སྣང་བ་འདྲ་འདྲ་ལོག་རྟོག་གི་སྣང་བ་ཤར་ཀི་འདུག་པ་རེད་མ་གཏོགས། དོན་ལ་ལས་དག་པས་གཟིགས་ན་དག་པ་ཏག་ཏག་ཡིན་པ་རེད། སྣོད་དག་པ་ལྷ་ཡི་ཞིང་ཁམས། བཅུད་དག་པ་ལྷ་དང་ལྷ་མོ། སྣང་སྤྱོད་ཐམས་ཅད་པོ་དག་པ་རབས་འབྱམས་རེད་བསམ་སྟེ་རང་གིས་ཀྱང་དེ་ཉིད་ཡིན་པར་བསྒོམ། ཆོས་འཆད་པ་པོ་ཡང་དཀྱིལ་འཁོར་གང་ཡིན་གྱི་གཙོ་བོ་ལ་བསྒོམ་དགོས་པ་རེད། ད་རེས་ཀྱི་སྐབས་འདིར་མཚོན་ན་བླ་མ་དང་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་གཉིས་མེད་ཀྱི་རྣམ་པར་བསམ་ནས། ཆོས་གསུང་པ་པོའི་ཞལ་དང་ལྗགས་ནས་འོད་ཟེར་འཕྲོས་ཡོང་བ། རང་ཉིད་ཀྱང་འཁོར་དཔའ་བོ་མཁའ་འགྲོ་གང་རུང་ཞིག་ལ་བསམ་པའི་སྙིང་ལ་འོད་ཟེར་དེ་ཕོག་པས་མ་རིག་པའི་མུན་པ་སེལ། ཤེས་རབ་ཡེ་ཤེས་ཀྱི་སྣང་ཆེན་རྒྱས། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ཀྱི་བྱིན་རླབས་ཐོབ་པར་བསམ་ནས་ཆོས་ཉན་དགོས་པ་རེད། ཆོས་ཉན་དུས་ཀྱི་ཀུན་སྤྱོད་ཀྱི་ཐད་ནས་ཀྱང་སེམས་ཆོས་ལས་གཞན་དུ་མི་གཡེང་། ངག་གི་སྨྲ་བ་བསྡམ། ལུས་གུས་པའི་རྣམ་འགྱུར་དང་བཅས་ཏེ་དགའ་བཞིན་སྤྲོ་བཞིན་ཉན་དགོས་པ་རེད།།

ཐོག་མར་དགེ་བ་ཀླད་ཀྱི་དོན།

ཀ བསྟན་བཅོས་ཀྱི་མཚན་ནས་སྨོས་པ།

སྐབས་འདིར་གང་ཞིག་འཆད་པར་བྱ་བ་དེབ་ཆུང་གི་མགོར་ལྟོས་དང་ངག་འདོན་ཤིན་ཏུ་བསྡུས་པ་བྱིན་རླབས་གློག་ཞགས་ཞེས་བྱ་བ། ད་ལྟ་རང་རེའི་འཆད་བྱའི་ཆོས་འདི་ཡིན་པ་རེད། ཆོས་བཤད་དུས་ཆོས་བཤད་ལུགས་ཀྱི་རྣམ་གྲངས་ལ། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་ལུགས་ཡོད་པ་ནི། ཆོས་གང་ཡིན་བསྟན་བཅོས་ཀྱི་མཚན་གྱི་ཐོག་ནས་གཞུང་དོན་གྱི་བརྗོད་བྱ་ཆ་ཚང་གསལ་ནུས་པ་ཡིན། མདུང་ལྟར་སྐེད་པ་ནས་བཤད་ལུགས་ནི། གཞུང་དངོས་གཞིའི་ས་བཅད་སྤྱི་ཁོག་ལྟར་བྱས་ཏེ་བཤད་ལུགས་དང་། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་བཤད་ལུགས་ནི། དོན་མདོ་སྔགས་གཅིག་ལ་དྲིལ་ཏེ་གནད་ནས་བཟུང་སྟེ་བཤད་ལུགས་ཡོད་པ་ཡིན་ན། ང་ཚོའི་འདི་ཇི་ལྟར་བཤད་ཅེ་ན། བཀའ་བསྟན་བཅོས་འདི་རེད་ཟེར་རྒྱུ་ཞིག་འདི་ལ་མེད་མོད་རང་གིས་བྲིས་པ་ཡིན་ཡང་། བཀའ་བསྟན་བཅོས་ལ་མི་ཐེ་ཡང་ཟེར་རྒྱུ་མེད་ཀི། གཞུང་བཟང་སྟོང་གི་ཆུ་བོ། ལེགས་བཤད་གདམས་ཟབ་གྱི་བདུད་རྩི་རུ་གཅིག་འདུས་སུ་འཁྱིལ་བའི་ཀློང་ནས་སྐྲ་རྩེའི་ཉག་མས་བླངས་པའི་ཆུ་ཐིགས་ཆུང་ཆུང་ཞིག་ཡིན་རུང་དེར་མི་གཏོགས་ཟེར་མི་ཤེས་མོད། ད་འཆད་ཉན་བཟང་ངན་ཟེར་བ་དེ་ཡང་བཤད་མཁན་ཁ་སྟབས་དང་ཉན་ནི་བོའི་ཉན་ལུགས་བཟང་ཞན་གཉིས་ལ་རག་ལས་པ་ཞིག་ཡིན། ད་འདིར་ཐོག་མཐའ་བར་དགེའི་ཆིངས་ཆེན་པོ་གསུམ་དུ་བཅིངས་ནས་བཤད་པའི་དབང་དུ་བྱས་ན། ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་ཐོག་མར་མཚན་སྨོས་པ་ཞེས་པ་ཞིག་འབྱུང་བ་རེད། མཚན་ཞེས་པ་མིང་རེད། འདིའི་མིང་ལ་ངག་འདོན་ཤིན་ཏུ་བསྡུས་པ་བྱིན་རླབས་གློག་ཞགས་ཞེས་བྱ་བ་ཟེར་ནས་བཏགས་ཡོད་པ་ནི་ངས་བཏགས་པ་ཞིག་རེད། འདི་ལྟར་ཅིའི་ཕྱིར་བཏགས་པ་ཡིན། དོན་ཅི་ཡོད་དོན་དེ་ཤོད་དང་ཞེ་ན། ད་འདིའི་དོན་འགྲེལ་བ་ཡིན་ན། འདིའི་ཐོག་མའི་ཚིག་ངག་འདོན་ཟེར་བ་དེ་སྔོན་འགྲོའི་ངག་འདོན་ལ་གོ་ན་ཡང་ཆོག རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཀུན་མཁྱེན་འཇིགས་མེད་གླིང་བའི་གསུང་ལ་གཞིར་བཞག རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་ཞལ་བསྐང་མཛད་པ་ང་ཚོའི་དུས་རྒྱུན་ཕོ་མོ་ཆེ་ཆུང་ཚང་མས་རྒྱུན་འདོན་བྱེད་རྒྱུའི་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་གི་དོན་ཚུར་ལ་བསྡུས་པ། རྒྱུན་འདོན་ནམ་ཞོར་འདོན་འཁྱེར་བདེར་སྤེལ་བ་ཡིན། ཆོས་བརྒྱུད་ཀྱི་ཐད་ནས་དེ་ཡིན་ཡང་དགོས་པ་རེད། དེའི་ཕྱིར་ན་འདི་སྔོན་འགྲོའི་ངག་འདོན་གྱི་དོན་ཅན་གྱི་ངག་འདོན་གྱི་གོ་དོན་བྱེད་ན་ཆོག་གི དེ་ན་འདི་ལ་སྔོན་འགྲོ་ཞེས་པའི་ཚིག་དངོས་སུ་མི་སྦྱོར་བ་ཅི་ཡིན་ཞེ་ན། འདི་ན་སྔོན་འགྲོ་ངག་འདོན་གྱིས་མི་ཚད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་བྱིན་རླབས་ཅན་བདེ་བ་ཅན་སོགས་ཀྱི་ཞིང་ཁམས་སུ་སྐྱེ་བའི་སྨོན་ལམ་ཁྱད་པར་ཅན་ཚུར་ལ་བསྡུས་ཏེ་བཀོད་ནས། དེ་ལ་བརྟེན་ཏེ་གཟུངས་སྔགས་བཟླ་བ་སོགས་དགེ་སྦྱོར་གང་སྒྲུབ་རུང་སྦྱར་ཆོག་པ་གསོལ་འདེབས་སྨོན་ལམ་གཅིག་འདུས་ཀྱི་ཆོ་ག་དང་ཡང་འབྲེལ་བའི་ཕྱིར་ན། འདིའི་སྤྱི་མིང་ལ་ངག་འདོན་ཞེས་བརྗོད་པ་ཡིན། ཁ་ཏོན་ཁ་ནས་འདོན་རྒྱུ་ཐམས་ཅད་ངག་འདོན་ཡིན་ན། འདིར་དམིགས་གསལ་གྱིས་ངག་འདོན་ཞེས་སྦྱར་བ་ཅི་ཡིན་སྙམ་ན། ཉིན་མཚན་དུས་དྲུག་ནམ་དྲན་ན། འགྲོ་ཞོར་འདུག་ཞོར་ཡན་ཆད་ལ་རྒྱུན་འདོན་ནམ་ཞོར་དུ་འདོན་བདེ་མོ་ཚིག་ཉུང་ཉུང་ཁ་གང་མ། ངེད་ཚོའི་ཁ་སྐད་ཡིན་ན་ཁ་ཐོག་འཁོར་ལོ་ཟེར་བ་ལྟར་བྱེད་ཆོག་པ། ཆོས་དང་བླ་མ་ནམ་དྲན་ལ་འདོན་ཆོག་རྒྱུའི་གོ་དོན་ཅན་ཞིག་རེད།།

ད་ཁ་ནས་ངག་འདོན་བྱེད་དུས་སེམས་ནས་དེའི་དོན་དྲན་དགོས་པ་དང་། དམིགས་པ་གསལ་འདེབས་དེ་འདོན་པ་གང་བཏོན་རུང་དགོས་པ་དེ་ཤེས་བཞིན་པ་ཡིན་ན། འདི་གསང་སྔགས་ལུང་གི་སྒོ་བཞི་སྟེ། དོན་རྣམས་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡ་རྟགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་གསུངས་པ་རེད། ཆོ་ག་བསྐྱེད་རྫོགས་བཟླས་སྒོམ་ཅན་ཞིག་ལ་ཁྱད་པར་དུ་འདི་བཞི་བོ་མ་ཚང་ཐབས་མེད་པ་རེད།།

དེ་ཡིན་ན་དོན་རྣམས་གསལ་འདེབས་བརྗོད་པ་ཚིག་གི་སྒོ་གསུངས་དུས་ཅི་ཟེར་བ་རེད་ཅེ་ན། ངག་འདོན་ངག་ནས་འདོན་རྒྱུའི་བརྗོད་པ་ཚིག་གི་སྒོ་དེ། དེའི་དོན་ཡིད་ལ་གསལ་འདེབས་བྱེད་སྤྱད། གསལ་འདེབས་ཟེར་ན་དོན་དྲན་པའི་ཆེད་དུ་ཁ་ནས་འདོན་བཞིན་ཡོད་གསུངས་པ་རེད།།

གཉིས་པ་ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །ཞེས་སྔགས་བཟླ་རྒྱུ་དེ་ཐུགས་ཀྱི་དམ་བཅའ་གནད་ནས་བསྐུལ་བའི་སྒོ་རེད། དེ་ཇི་ལྟར་ཡིན་ན། སྔགས་ཞེས་པ་དེ་མ་གཞི་མཐའ་གཅིག་ཏུ་རྒྱ་གར་གྱི་གནའ་སྔ་མོའི་སྐད་རིགས་མཆོག་ལ་བརྩི་རྒྱུའི་སཾ་སྐྲྀ་ཏའི་སྐད་ཡིན་དགོས་པའི་ངེས་པ་མེད་དེ། སྔགས་འདིའི་ནང་དུ་འགྲོ་ལྡིང་བའི་སྐད་དང་ཨོ་རྒྱན་གྱི་སྐད། མཁའ་འགྲོའི་བརྡ་སྐད་ལ་སོགས་པ་ཡོད་པར་མ་ཟད། བོད་སྐད་ཀྱང་ཡོད་དེ། པདྨ་ཐོད་ཕྲེང་རྩལ་ཞེས་པའི་ཐོད་ཕྲེང་རྩལ་བོད་སྐད་རེད། དེ་ལྟར་ན་ཁ་ནས་བརྗོད་ཚད་པོ་དང་སྔགས་ལ་ཅི་ཡི་ཁྱད་ཡོད་ཅེ་ན། དེ་རླུང་སྔགས་ཡི་གེ་འཁོར་ལོར་དག་སོང་དུས། དེའི་ངོ་ཁར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་བཞིན་མངོན་གྱུར་ཡིན་ན་ཐང་མ་གཏོགས། དེ་མིན་གྲགས་ཚད་པོ་སྔགས་མ་རེད། དེ་ཡང་གྲུབ་པ་བཞི་ལྡན་གྱི་སྔགས་ཀྱི་ངོ་བོར་གསུངས་པ་རེད། གཙོ་ཆེ་བ་རྒྱལ་བས་བྱིན་གྱིས་བརླབས་པའི་སྒྲ་ཚིག་ཡི་གེའི་གཟུགས་སུ་གྲུབ་པ་ཞིག་ཡིན་པ་རེད། །སྔགས་ལ་ནང་གསེས་སུ་གསང་སྔགས། རིགས་སྔགས། གཟུངས་སྔགས་སོགས་ཀྱི་རྣམ་དབྱེ་དང་། རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས་སོགས་ཀྱི་རྣམ་གྲངས་ཡོད་པའི་ནང་ནས། ངེད་ཚོའི་མ་ཎི་སིདྡྷི་བཟླ་རྒྱུ་འདི་བཟླས་པ་ལས་ཀྱི་སྔགས་ལ་གསུང་པ་རེད། ཐུགས་སྲོག་གི་སྙིང་པོ་སྔགས་ཀྱིས་བསྐུལ་ནས་འབོད་བཞིན་ཡོད་པ་རེད། ཐུགས་སྲོག་གི་སྙིང་པོར་གྱུར་བའི་སྔགས་དེས་ཐུགས་རྒྱུད་བསྐུལ་ནས་འབོད་པ་ཡིན། མ་ཎི་སིདྡྷི་བཟླ་དུས། མང་པོ་བཟླ་མང་པོ་བཟླས་པས་ཐེངས་གཅིག་མ་ཡིན་པར་བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་དུང་ཕྱུར་གྱིས་ཐུགས་རྒྱུད་བསྐུལ་ནས་སྲོག་སྔགས་ཀྱི་མཚན་ནས་བོས་དུས། སངས་རྒྱས་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་དང་བཅས་པའི་མཛད་པ་ཡོད་ཚད་ཚུར་བསྡུ་ན་གཞན་དོན་ཁོ་ན་ཡིན་པ་རེད་མོད། དེ་ཡང་རྒྱལ་བའི་ཐུགས་སྙིང་རྗེ་ཆེན་པོ་གཞན་དོན་མཛད་པའི་དམ་བཅའ་ལ་ཐུགས་དམ་ཟེར་བ་ཡིན་ན། ང་ཚོའི་ལུས་ངག་ཡིད་གསུམ་ལས་གཙོ་བོ་གོང་ནས་བཤད་པ་ལྟར་སེམས་འདི་རེད་ཅེས་སྨོས་པ་བཞིན་དུ། རྒྱལ་བའི་གསང་གསུམ་གྱི་རྩ་བ་ཐུགས་རེད་མོད། དེས་ན་གནད་ངོ་མ་ཐུགས་རྒྱུད་བསྐུལ་བས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་ཟེར་བཞིན་ཡོད་པས་ན་ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ་གསུངས་པ་རེད།།

གསུམ་པ་དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །ཞེས་དམིགས་པ་ལ་ཡང་ཁྱད་པར་ཡོད་པ་ཡིན་ཏེ། བསྐྱེད་རྫོགས་སོ་སོའི་འགྲོས་དང་བསྟུན་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར། དམིགས་པ་ལ་བརྟེན་ཏེ་མི་དམིགས་པར་འཇོག་ལུགས་ལ་སོགས་པ་མང་བ་ཡིན་མོད། འདོན་པ་རྐྱང་བ་མ་ཟད་གང་ལ་གང་འོས་ཀྱི་མ་ཡེངས་རྩེ་གཅིག་གིས་འདུན་པའི་གཞུར་ལ་དྲངས་པའི་དམིགས་གཏད་དགོས་པ་རེད་གསུངས་པ་རེད། དེ་ནི་དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ་ཞེས་པ་དེ་ཡིན།།

གསང་སྔགས་ལུང་གི་སྒོ་བཞི་ལས་རྗེས་མ་བཞི་པ་ནི། མཚོན་པ་བརྡ་རྟགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་ལུས་ཀྱི་ཕྱག་རྒྱའི་སྟངས་སྟབས་ནི། ང་ཚོའི་འཆམ་འཆམས་ནས་ལྷ་འཆམ་འཆམས་རྒྱུ་འདི་རིགས། རང་བཞིན་ཅི་མཚར་གང་འདོད་དང་གང་ཡག་གི་ཟློས་གར་འཁྲབ་པ་ལྟ་བུ་མ་ཡིན་པར་པད་སྐོར་རེ་རེ་དང་ནི་སེ་གོལ་རེ་རེ། རྐང་བའི་སྟངས་སྟབས་རེ་རེ་དང་ནི་ལག་པའི་ཕུར་དར་རེ་གཡུག་ལུགས་ཚུན་ཆད་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། དེ་ལ་རྒྱུ་མཚན་རེ་དང་འགྲེལ་བཤད་རེ་ཡོད་པ་རེད། བརྒྱུད་པའི་བྱིན་རླབས་མ་ཉམས་པ་ཡིན་པས་ན་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་ནོར་འཆུག་འགྲོ་མི་ཉན་པའི་རྩ་བ་དེར་ཐུག་པ་རེད། འདིའི་སྟངས་སྟབས་ཕྱག་རྒྱ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་དག་པ་དང་སྦྱར་བ་དག་དག་ཡིན་པ་རེད། དེ་ཡིན་ན་ལྷ་ཉིད་སྔགས་དང་ཕྱག་རྒྱར་ཤར་བས་སྔགས་ཕྱག་རྒྱ་ལྷ་དང་གཉིས་མེད་དུ་གྲུབ་པ་རེད། འདི་ལ་ཡང་ནང་གསེས་ཀྱི་དབྱེ་བ་ཕྱེ་ན། དམ་ཚིག་གི་ཕྱག་རྒྱ། ལུས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་བཞི་ཚང་དགོས་པའི་བསྐྱེད་རིམ་ཞིབ་ཏུ་བཤད་རྒྱུ་ཡོད་པ་ཞིག་རེད། །དེ་ལྟ་བུའི་གསང་སྔགས་ལུང་གི་སྒོ་བཞི་དང་འབྲེལ་བའི་ངག་འདོན་རྒྱས་སྤྲོས་ཀྱི་ཚིག་ཚོགས་མང་བོ་ཅན་མ་ཡིན་པས་བསྡུས་པ། བསྡུས་པའི་ནང་ནས་ཀྱང་ཉུང་བསྡུས་སུ་བཀོད་པ་ཡིན་པས་ན་ཤིན་ཏུ་བསྡུས་པ་ཞེས་པ་ཡིན།།

ད་བྱིན་རླབས་གློག་ཞགས་ཞེས་པ་ཞིག་ཡོད་པ་དེ་མིང་ངོ་མ་བོ་རེད། མིང་ལ་བཏགས་ལུགས་མང་བོ་ཞིག་ཡོད་པ་ལས་འདི་བྱེད་ལས་ལ་ལྟོས་ཏེ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་བཏགས་པ་ཡིན། འདི་འབྲི་བ་པོ་ངས་བྲིས་པ་ཡིན་མོད། ནང་དོན་ཆོས་ཡིན་པས་ན་ཆོས་བཤད་བཤད་བྱེད་དུས་མཚན་ཞེས་བརྗོད་དགོས་ན་མཚན་བཏགས་པའི་དགོས་པ། རབ་ཀྱིས་དབུ་མཚན་མཐོང་བ་དང་དབུ་ཞབས་ཀྱི་ནང་དོན་ཤེས་སྤྱད། འབྲིང་གིས་འདི་ཅི་ཞིག་གི་སྐོར་ཡིན་པ་རྟོགས་སྤྱད། ཐ་མ་ཡིན་ཡང་ངག་འདོན་མང་བོའི་ནང་ནས་འདི་གང་ཡིན་བཙལ་བདེ་བའི་དགོས་པ་དང་ལྡན། འདི་འདི་ཅན་པོ་རེད་བསམ་རྒྱུ་དེ་ཤེས་པའི་ཆེད་དུ་ཡིན་པ་རེད། དེ་ཚོ་གཅིག་ཡིན་ན་བཤད་རྒྱུའི་དགོས་པ་མི་ཆེ། འདི་ཟུར་བཀོལ་གྱི་ངག་འདོན་བསྡུས་བཀོད་ཅིག་རེད། གཞུང་བཤད་བྱེད་ཡོང་ས་ཞིག་མེད་མོད། གཅིག་ཐང་ན་མི་སྐྱ་ཕོ་མོ་འདི་ཙམ་གྱི་སྣེ་ཁྲིད་ནས་ཐོས་པ་ལ་ཁ་ཕྱོགས་སྤྱད་དང་། ཆོས་ཐོས་བསམ་གྱིས་དེ་ལྟར་བྱས་ནས་གཏན་ལ་ཕབས་བསམ་རྒྱུའི་རྒྱུད་ལ་བག་ཆགས་བཟང་བོ་ཞིག་འཇོག་སྤྱད་ཨེ་ཡོང་བསམ་ནས་དེ་ལྟར་བཤད་པ་ཡིན། དེ་ནས་བྱིན་རླབས་ཞེས་པ་དེ་ཅི་འདྲ་ཞིག་ལ་གོ་དགོས་ནི་རེད་བསམ་ན། བྱིན་རླབས་ཞེས་པའི་བྱིན་དེ་མིང་ཚིག་ཅིག་རེད། རླབས་ནི་བྱ་ཚིག་ཅིག་རེད། བྱིན་ནི་རྒྱལ་བའི་ཐུགས་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་བྱིན་ནམ་ཡོན་ཏན་རང་བཞིན་ཅན་གྱི་མཐུ་ནུས་ཤིག་ལ་གོ་དགོས། དེས་ཇི་ལྟར་རླབས་པ་ཡིན་ཞེ་ན། དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་དུ། རང་རྒྱུད་ལྕགས་ནག་གི་གོང་བུ་ལྟ་བུ་དམན་པ་ལ་རྒྱལ་བའི་གསང་གསུམ་གྱི་བྱིན་ནུས་གསེར་འགྱུར་གྱི་རྩི་ལྟ་བུ་དེ་ཐེབས་སོང་དུས། ལྕགས་གསེར་ལ་འགྱུར་བ་ལྟར་འགྱུར་སོང་བ། རྒྱུད་སྡུག་པོ་དེ་བཟང་པོར་འགྱུར་བ་དེ་བརླབས་པའི་གོ་དོན། སེམས་ཅན་སངས་རྒྱས་སུ་འགྱུར་བའམ་འགྱུར་རུང་གི་མཆོག་གི་དངོས་གྲུབ་ཀྱི་ནུས་པ་ཐོབ་པ་ལ་བྱིན་རླབས་ཐོབ་པ་ཞེས་གོ་དགོས་པ་རེད། གློག་ཞགས་ཞེས་པ་ནི་འདིར་དཔེ་བཞག་པ་རེད། གློག་ཞགས་དེ་མྱུར་བའི་དཔེ་ཞིག་དང་མགྱོགས་པའི་དཔེ་ཞིག་ཡིན་པས་ན་མྱུར་མགྱོགས་ཅན་གྱི་དཔེ་ཞིག་ཡིན། གློག་འདི་དེ་འདྲའི་མགྱོགས་དོན་ཅི་རེད། དེ་བས་མགྱོགས་པ་ཞིག་མེད་པ་ཡིན་ནམ་ཞེ་ན། མི་ཚོས་སྒྲ་མགྱོགས་པའི་ཚད་ལ་འཇོག་མོད་སྒྲ་ལས་ཀྱང་གློག་གི་འཇུག་པ་མྱུར་བ་རེད། དེ་མྱུར་ས་ཨེ་ཡོད་ཀི་འབྲུག་གློག་གཉིས་ལས་གློག་འཁྱུག་པ་དང་མཐོང་བ་འདི་སྒྲ་བས་གློག་མྱུར་བའི་རྟགས་རེད། དོན་ངོ་མས་བཤད་ན། འབྲུག་སྒྲ་གློག་གི་སྒྲ་ཡིན་པས་གཉིས་ཀ་དུས་མཉམ་ཡིན་མོད། ཐུགས་རྗེ་གློག་ལྟར་མྱུར་བའི་ཐོད་ཕྲེང་རྩལ་ཟེར་བ། སློབ་དཔོན་ཆེན་པོ་ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་ཐོད་ཕྲེང་རྩལ་གྱི་སྐུར་བཞུགས་པ་ལ་ཐད་ཀར་མཚན་ནས་བོས་པ་ལྟ་བུ། ངག་འདོན་འདི་ཡང་། བླ་མ་མཚོ་སྐྱེས་རྡོ་རྗེའི་དགོངས་ཀློང་དུ་ཐུགས་ཡིད་དབྱེར་མེད་རོ་གཅིག་ཏུ་འདྲེས་པའི་བྱིན་རླབས་ཐོབ་བྱེད་ཀྱི་བྱེད་པ་མྱུར་བའི་ཐད་ནས་གློག་གི་ཞགས་པ་དང་ཆོས་མཚུངས་ཀྱི་དཔེར་སྦྱར་བ་རེད། ཞགས་པ་དེ་རྒྱང་རིང་ན་ཡོད་ཀྱང་གམ་ན་གནས་པ་ཇི་བཞིན་འཛིན་སྤྱད་ཞིག་རེད། འདི་ནས་སྙན་ངག་པའི་དཔེའི་གཟུགས་རྒྱན་གྱི་རྒྱན་དུ་བཞག་ནས་བྱིན་རླབས་གློག་གི་ཞགས་པ་ཞེས་དོན་འདུས་ཞིང་འཛིན་བདེ་བ། འདི་ལ་སྒྲ་བཤད་འཇུག་གཉིས་ཀ་ཡོད་པའི་མིང་ངམ་མཚན་སྨོས་པ་ཡིན། དེ་ཉིད་འདི་ན་བཞུགས་ཞེས་པ་ཞེ་སར་བྱས་པའི་ཚིག་གྲོགས་སྦྱར་ནས་འདི་ན་ཡོད་ཅེས་པ་རེད། དེ་ཡན་ཆད་ཐོག་མར་དགེ་བ་ཀླད་ཀྱི་དོན་རེད།།

དེ་ནས་རྩིས་མགོ་ཡན་ལག་ལྔ་དང་དགོས་འབྲེལ་ཡན་ལག་བཞི་ལ་སོགས་པ་བཤད་རྒྱུ་ཡོད་པ་རེད་དེ། ད་རེས་ཀྱི་སྐབས་སུ་བཤད་གལ་མི་ཆེ། མི་ཆེ་རུང་འདི་ཨབ་བྲ་ཆུང་རུང་སུག་བཞི་ཚང་ཡོད་པ་རེད། དེ་དག་འདིའི་མཇུག་བྱང་ཡན་ཆད་ནས་གསལ་ཞིང་ཚང་བ་ཞིག་ཡིན་པ་རེད། དེས་ཆོག་མོད། དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་ཞེས་གསུངས་ཡོད་པ་དེའི་ནང་ནས་བརྒལ་ལན་གྱི་ཐད་ནས་ངག་འདོན་བྱིན་རླབས་གློག་ཞགས་འབྲེལ་མི་ཆགས། རྒྱལ་བའི་ཐུགས་རྗེ་བྱིན་རླབས་གདུལ་བྱར་འཇུག་དགོས་དུས། ངག་འདོན་ལ་དེ་བཏགས་པ་མི་འཐད་དོ་ཟེར་ན། དེ་ནི་ཆེས་འཐད་དེ། ཅིས་ཕྱིར་ན་དང་པོ་མགོ་ལེན་དུས་ནས་བྱེད་ལས་ལ་ལྟོས་ཏེ་བཏགས་པའི་མིང་ཡིན་ཞུས་པ་ཡིན་པས། ངག་འདོན་གྱི་བརྗོད་པ་ཚིག་གི་སྒོ་ཡིད་ཀྱི་མོས་གུས་གདུང་ཤུགས་དང་འགྲོགས་པས། རྒྱལ་བའི་ཐུགས་རྗེའི་ཐུགས་དམ་གྱི་གནད་ནས་བསྐུལ་བ་དང་ནི། རྣམ་པ་གཅིག་ཏུ་ན་འདིའི་ཚིག་དོན་དག་ཀྱང་རྡོ་རྗེའི་གསུང་སྡུད་པར་བྱེད་པའི་ཚིག་ཕྲེང་ཡིན་པས་ན། གང་ལྟར་བྱས་ཀྱང་འཐད་པར་གྲུབ་པ་རེད།།

བར་དུ་དགེ་བ་གཞུང་གི་དོན།

ཧཱུྃ། ལམ་ལོག་པ་ལས་ལྡོག་པའི་ཆེད་དུ་སྐྱབས་འགྲོ།

ཀ ཕྱི་ནང་གསང་བའི་སྐྱབས་འགྲོ་བཤད་པ།

༡ ཐུན་མོང་ཕྱི་ཡི་སྐྱབས་འགྲོ

བར་དུ་དགེ་བ་གཞུང་དོན་དངོས་ལ། ཐུན་དང་ཐུན་མཚམས་གཉིས་ཀྱི་ཆོས་སྤྱོད་ལ་དབྱེ་ཡོང་དུས། དང་པོ་ཐུན་གྱི་སྐབས་ལ་ཡང་། ནང་གསེས་སུ་སྐྱབས་འགྲོ། སེམས་བསྐྱེད། ཡན་ལག་བདུན་པ། བླ་མའི་རྣལ་འབྱོར་དངོས་ཏེ་དངོས་བསྟན་ས་བཅད་བཞིའི་ཁུངས་སུ་བསྡུ་རྒྱུ་རེ་ཡོད།།

དེའི་ནང་ནས་དང་པོ་སྐྱབས་འགྲོ་ཡིན། དེའི་སྔོན་ལ་སྐྱབས་འགྲོ་སེམས་བསྐྱེད་ཐུན་མོང་གི་ཚོགས་ཞིང་གསལ་འདེབས་སེམས་བསྐྱེད་ཀྱི་སྒོས་ཆོས་དགོངས་གསོལ་དང་སྦྲགས་ཏེ་ཡོང་གི་ཡོད་པ་རེད། དེ་དག་ཚིག་རྐང་རེ་རེའི་བསྟན་ཡོད་པ་རེད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་དགོངས། །ཞེས་པས་ཚོགས་ཞིང་གསལ་འདེབས་པའི་དགོངས་གསོལ་དང་བཅས་པ་བསྟན་པ་ཡིན། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །ཞེས་པས་སྐྱབས་འགྲོ་དངོས་བསྟན་པ་ཡིན།།

དེ་ནས། སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་པས་ངག་འདོན་འདིའི་སེམས་བསྐྱེད་བསྟན་པ་རེད། ངག་འདོན་འདིའི་དངོས་བསྟན་སྐྱབས་འགྲོ་སེམས་བསྐྱེད་གཉིས་བླ་མའི་རྣལ་འབྱོར་དང་གསུམ་གྱིས་ཐུན་མིན་ནང་གི་སྔོན་འགྲོ་རྡོར་སེམས་སྒོམ་བཟླས་དང་མཎྜལ་གཉིས་ཀ་ཡང་བསྡུས་ཡོད།།

ཅི་ལྟར་བསྡུས་ཞེ་ན། བླ་རྣམ་གྱི་སྔོན་ལ་མ་སོང་ཐབས་མེད་ཀྱི་ཡན་ལག་བདུན་པའི་བསགས་སྦྱང་གི་ཁོངས་སུ་དེ་གཉིས་འདུས་པར་མ་ཟད། ཤུགས་བསྟན་ཐམས་ཅད་ཀྱི་སྔོན་ལ། ཐུན་མོང་ཕྱིའི་སྔོན་འགྲོའི་ཁྲིད་རྐང་ཐམས་ཅད་ཀྱང་ཡིད་ལ་ངེས་པ་གཞིར་བཞག་གི་སྟེང་ནས། ཐུན་བཞིའི་རྣལ་འབྱོར་གྱི་སྐབས་ཀྱི་རླུང་དང་ངག་བྱིན་རླབས་ལ་སོགས་པ་དག་ཀྱང་ཤུགས་ནས་གོ་རྒྱུའམ། ཉིན་དང་མཚན་མོར་རྣལ་འབྱོར་གཅིག་པུར་བརྩོན་པའི་ཁོམ་ལོངས་ཅན་གྱིས་ངག་འདོན་རྒྱས་པར་འཇུག་པ་དང་ནི། སྔོན་འགྲོའི་ངག་འདོན་རྒྱས་བསྡུས་ཐམས་ཅད་ཀྱི་རྒྱབ་ཆོས་སུ་གྱུར་བ་དེ་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་། དེ་ལས་ཉམས་ལེན་བློ་སྦྱོང་གི་གནད་ཞིབ་ཕྲ་ངེས་རྒྱུ་ཅན་པོའི་སྒོ་ཡང་འདིའི་འབྱེད་བཞིན་ཡོད་པ་རེད། དེས་ན་ཐོག་མར་ངེས་དགོས་རྒྱུའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་སོ་བཞིའི་ཐད་ནས་ཆོས་སྒྲུབ་པའི་མཐུན་རྐྱེན་ཚོགས་པ་དཀོན་པོ་ཡིན་རྒྱུ། ད་རེས་དལ་རྟེན་རྙེད་ཀྱང་ཚེ་ལ་ངེས་པ་མེད་ལུགས། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པ་ཡིན་ཚུལ། བདེ་སྡུག་ཐམས་ཅད་པོ་ལས་ལས་བྱུང་བ་ཡིན་པས་དགེ་སྡིག་སྤང་བླང་འདོར་ལེན་གྱི་གནད་ཤེས་དགོས་ལུགས། དེ་ལྟ་བུའི་བློ་ལྡོག་རྣམ་བཞིའི་འཁོར་བ་ལས་ཡིད་འབྱུང་བའི་ཞེན་ལོག་གཅིག་པུ་རྐྱང་རྐྱང་གིས་མི་ཆོག་པར་འཁོར་བའི་གནས་ལས་བྲོས་ནས་གང་དུ་ཐར་བའི་ཐར་བ་མཆོག སྲིད་ཞིའི་མཐའ་ལ་མི་གནས་པའི་གཏན་བདེ་བྱང་ཆུབ་དམ་པའི་གོ་འཕང་ཡིན་པས། དེ་ཐོབ་དགོས་ན་དེའི་ལམ་རྒྱུས་ཅན་གྱི་ལམ་ཁྲིད་དགེ་བའི་བཤེས་གཉེན་མིང་དོན་གཉིས་ཀ་མཚུངས་པ། བློ་ཧྲིལ་སེ་བཀལ་བཏང་ཆོག་པའི་བླ་མ་མཚན་ཉིད་ལྡན་པ་ཞིག་བསྟེན་དགོས་པ་དང་། བསྟེན་ལུགས་དང་བསྟེན་པའི་དགོས་དོན་དང་བཅས་པ་ངེས་དགོས་པའི་སྟེང་ནས་ཐུན་མིན་ནང་གི་སྔོན་འགྲོའི་ངག་འདོན་གྱི་དངོས་བསྟན་ལ་འཇུག་དགོས་པ་ཡིན། དེ་བས་འདི་ཁྲིད་བྱས་ནས་རྒྱས་རྒྱས་བྱས་ནས་བཤད་པ་དང་རྒྱུན་འདོན་བྱས་ནས་ངག་ཐོག་ནས་མགྱོགས་འདོན་བྱས་ནའང་མདོར་ན་གཅིག་ཡིན་ནི་རེད། དེ་རིང་ང་ཚོའི་འགོའི་ཚིག་རྐང་གསུམ་པོ་བཤད་པར་བྱ་བ་དང་། སང་ཉིན་དེའི་འཕྲོར་ཚིག་གསུམ་ཡན་ལག་བདུན་པ་བཤད། གནངས་ཉིན་བླ་མའི་རྣལ་འབྱོར་བཤད་ན། དེའི་ཕྱི་ཉིན་ཐམས་ཅད་ཀྱི་རྗེས་མ་ཆོས་ཉིད་མི་འགྱུར་སོགས་བདེ་ཆེན་ཞིང་ཁྲིད་དངོས་དང་འབྲེལ་ནས་བཤད་ན་བསམ་པ་ཡིན།།

ཚོགས་ཞིང་གསལ་འདེབས་སེམས་བསྐྱེད་ཀྱི་སྒོས་ཆོས་དགོངས་གསོལ།

དེ་རིང་གི་ཚིག་རྐང་དང་པོ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་དགོངས། །ཟེར་བ་འདི་རེད། འདིའི་སྐྱབས་འགྲོའི་ཚོགས་ཞིང་དང་ནི་སེམས་བསྐྱེད་ཀྱི་ཚོགས་ཞིང་གཉིས་ཀ་སྟབས་གཅིག་ཏུ་བསྟན་པ་ཡིན་ན། མཇུག་དེ་ན་དགོངས་ཞེས་པའི་ཚིག་ཞིག་ཡོད་པ་དགོངས་ཟེར་བ་སེམས་བསྐྱེད་ཀྱི་དཔང་པོར་དགོངས་སུ་གསོལ་བའི་ཚིག་རེད།།

སྤྱིར་ན་བླ་མ་བསྒོམ་དུས་བྱིན་རླབས་ཀྱི་འཇུག་པ་མྱུར་དགོས་བསམ་ན་ཚོགས་ཞིང་གི་སྐབས་སུ་བརྒྱུད་པའི་བླ་མ་ཐོ་བརྩེགས་སུ་སྒོམ་དགོས་གསུང་ཡོད་པ་རེད། ཡང་ཁྲོམ་ཚོགས་སུ་བསྒོམ་པ་གསོལ་འདེབས་དང་འཕོ་བ་སོགས་ཀྱི་དགོས་དོན་གློ་བུར་བའི་དགོས་པ་ཡོད་པ་རེད། ཡང་བླ་མའི་རྣལ་འབྱོར་སྐབས་ལ་ཀུན་འདུས་ནོར་བུའི་ལུགས་སུ་གཅིག་ཆོག་ཏུ་བསྒོམ་ལུགས་ཀྱང་ཡོད། གང་ཟག་ཕལ་བས་བླ་མ་མི་རུ་བཟུང་བའི་རྣམ་པ་བཟློག་སྤྱད་དུ་བླ་མ་ཉིད་རྣམ་པ་མཚོ་སྐྱེས་རྡོ་རྗེ་སོགས་སུ་བསྒྱུར་བ་མ་གཏོགས། བླ་མ་སངས་རྒྱས་དངོས་མཐོང་གི་དད་པ་བཅོས་མིན་ངོ་མ་ཡོད་ན། རྣམ་པ་བསྒྱུར་མི་དགོས་པར་བླ་མ་ཇི་ལྟ་བ་བཞིན་བསྒོམ་ན་ཡང་ཆོག་པར་གསུངས་པའི་ལོ་རྒྱུས་ཡོད་པ་རེད། དེ་ལྟ་བུའི་བྱིན་རླབས་འཇུག་པའི་རྒྱུ་མཚན་ཡང་བཤད་རྒྱུ་ཡོད་པ་རེད། ཕྱག་ལེན་དང་ཞལ་རྒྱུན་ལ་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ཀྱི་ཚོགས་ཞིང་སྐྱབས་འགྲོའི་ཚོགས་ཞིང་ལྟར་བསྒོམ་ནས། མཐར་ཐུན་བསྡུ་དུས་སྐྱབས་འགྲོའི་སྐབས་ལ། རང་གཞན་སེམས་ཅན་ཐམས་ཅད་སྐྱབས་ཡུལ་ལྷ་ཚོགས་ནས་བླ་མའི་ཐུགས་ཀར་ཡར་ལ་ཐིམ་དགོས་རྒྱུ་དེ་ནི་དགོངས་ཀློང་དབྱེར་མེད་དུ་འདྲེས་དགོས་པའི་དོན་ཅན་དང་། སེམས་བསྐྱེད་སྐབས་སུ། སྐྱབས་ཡུལ་ལྷ་ཚོགས་ཐམས་ཅད་མཐའ་ནས་འོད་དུ་ཞུ་ནས་དབུས་ཀྱི་བླ་མར་ཐིམ། བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པས། སེམས་བསྐྱེད་རྒྱུད་ལ་འཇུག་པའི་ཐིམ་ལུགས་ཀྱི་ཁྱད་པར་གྱིས་དེ་གཉིས་ཀྱི་ཐུན་བསྡུ་ལུགས་འདྲ་བ་མ་ཡིན། ད་སེམས་བསྐྱེད་ཀྱི་ཐུན་བསྡུ་དུས། ལྷ་ཚོགས་ཐམས་ཅད་མཐའ་ནས་རིམ་བཞིན་འོད་དུ་ཞུ་སྟེ་དབུས་ཀྱི་བླ་མར་ཐིམ་པ་ནས། བླ་མ་ཡང་འོད་དུ་ཞུ་ནས། རང་ལ་ཐིམ་རྒྱུའི་ཚིག་འགྲོས་དེ་དེད་ན་ཁྲོམ་ཚོགས་སུ་གསལ་ན་འགལ་བ་མེད་པའི་གནད་དེ་ཨི་རེད་ཀོ་བསམ་རྒྱུ་ཡིན་རུང་། ཕྱག་ལེན་ལ་གཉིས་ཀའི་སྐབས་ལ་བརྒྱུད་གསུམ་བླ་མ་ཐོ་བརྩེགས་སུ་གསལ་པ་དེ་འདྲ་རེད། སྐྱབས་འགྲོའི་ཚོགས་ཞིང་བསྒོམ་དུས་རང་ཉིད་འདུག་པའི་ས་ཕྱོགས་ཐམས་ཅད་ཀྱང་ཐ་མལ་གྱི་མ་དག་པའི་འཇིག་རྟེན་གྱི་ཁམས་འདི་ལྟ་བུ་མ་ཡིན་པར་མཛེས་ཞིང་ཡིད་དུ་འོང་བའི་ཞིང་ཁམས་རྒྱ་ཁྱོན་དཔག་པར་དཀའ་བ་ཞིག་ལ་བསྒོམ་ནས་མདུན་ན་རིན་པོ་ཆེའི་སྣ་ཚོགས་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལྔ་བ་ཞིག་ཡོད་པ། དེའི་དཔག་བསམ་གྱི་ལྗོན་ཤིང་དེ་ཉིད་རྒྱ་དང་དཔང་ཚད་དུ་མེད་པ། དེའི་དབུས་ཀྱི་ཡལ་ག་ལ་བླ་མ་དང་གུ་རུ་མཚོ་སྐྱེས་རྡོ་རྗེ་དབྱེར་མེད། དེའི་སྤྱི་བོ་ན་བརྒྱུད་པའི་བླ་མ་ཐམས་ཅད་ཐོ་བརྩེགས་སུ་གཅིག་གི་གདན་ལ་གཅིག་གི་དབུ་མ་རེག་པར་ཡོད་པ། དེའི་མཐའ་བསྐོར་ཐམས་ཅད་དུ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་དེ་ལྟར་བསྒོམ་དགོས། དཔག་བསམ་གྱི་ལྗོན་པ་ཡལ་ག་ལྔ་བ་བསྒོམ་དུས་མདུན་གྱི་ཡལ་ག་ན་སངས་རྒྱས་སྤྲུལ་བའི་སྐུ་ཤཱཀྱ་ཐུབ་པ་ལ་སོགས། གཡས་ཀྱི་ཡལ་གར་བྱང་སེམས་ཀྱི་དགེ་འདུན། གཡོན་གྱི་ཡལ་གར་ཉན་རང་དགྲ་བཅོམ་པ། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པར་བཞུགས་པ་ལ་སོགས་ཀུན་བཟང་ཞལ་ལུང་གི་གསུངས་བ་ལྟར་བསྒོམ་དགོས། །འདིའི་ནང་ན་ཀུན་བཟང་ཞལ་ལུང་མང་བོ་བལྟ་རྒྱུའི་ཁས་ལེན་བྱེད་མཁན་ཡོད། མང་པོས་བལྟས་ཀྱང་ཚར་བ་རེད། དེ་འདྲ་ཁས་མ་བླངས་པ་རྣམས་ཀྱིས་ཀུན་བཟང་བླ་མའི་ཞལ་ལུང་དུས་རྒྱུན་ལ་བལྟ་དགོས་པ་ཡིན། ཚར་གཅིག་བལྟས་པས་མི་འོང་བས་ཚར་མང་བོ་བལྟ་དགོས་པ་རེད། ཚར་མང་བོ་ཅི་ཙམ་བལྟས་ན་རང་ལ་ཡོང་སྒོ་དེ་བས་ཆེ་བ་རེད། ད་ང་ཚོས་འདིའི་ཚིག་དེད་ན་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་དགོངས་ཟེར་བ། ཕྱོགས་བཅུ་ཟེར་དུས་ཅི་ཟེར་བ་ཡིན་མི་སྐྱ་ཕོ་མོས་དེ་ཡང་ཤེས་དཀའ་བ་རེད། ཕྱོགས་བཞི་མཚམས་བཞི་དང་བརྒྱད། སྟེང་འོག་གཉིས་དང་བཅུ་ལ་ཕྱོགས་བཅུ་ཟེར། དེ་ལས་འདས་པའི་ཕྱོགས་ཞིག་མེད་མོད་ཕྱོགས་མེད་ཕྱོགས་དང་བྲལ་བའི་ཤར་ཕྱོགས་ན། ཞེས་སོགས་གྲོང་ཆོག་པའི་འདོན་པ་དེ་ཚོ་གོ་ན། འདོན་ཆོག་གི་ནང་ན་ཡོད་པ་དེ་ནི་སྤྱིར་བཏང་གི་ཕྱོགས་སུ་བཅད་པ་འདི་ཡིད་ངོར་མོས་པའི་གསལ་འདེབས་ཀྱི་བརྡ་སྟོན་པ་ཙམ་གསུང་གི་ཡོད་པ་རེད། དེ་འདྲ་རེད་མ་གཏོགས་ཤར་ཕྱོགས་ཀྱི་ཤར་ལ་སོགས་པ་ངོ་མས་དེད་ན་ཕྱོགས་ཀྱང་དོན་ལ་མ་གྲུབ་པ་མཐའ་མེད་ཡིན་རེད། དེ་ལྟར་ཡིན་པས་ན། ཕྱོགས་མེད་ཕྱོགས་བྲལ་གྱི་དོན་དུ་སངས་རྒྱས་བྱང་སེམས་བླ་མ་ཐམས་ཅད་ཅེས་སྨོས་རུང་། དོན་ལ་མཁའ་ཁྱབ་མཁའ་དང་མཉམ་པའི་སྐུ་ལྔའི་སངས་རྒྱས། དེ་ཐམས་ཅད་ཀྱང་རང་བཞིན་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་ན་དགོངས་ཀློང་ཐ་མི་དད་པར་བཞུགས་པ་ཡིན། ཇི་སྙེད་སངས་རྒྱས་ཐམས་ཅད་དང་བླ་མ་རྡོ་རྗེ་འཛིན་པ་གསང་སྔགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། རིགས་ཀུན་འདུས་པའི་སྤྱི་བདག་གམ་ཁྱབ་བདག རིགས་རྣམས་ཀུན་འདུས་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔའི་ངོ་བོ་རུ་བཞུགས་པ་ལ་རྡོ་རྗེ་འཛིན་པ་ཞེས་གསང་བ་སྔགས་ཀྱི་དཀྱིལ་འཁོར་གྱི་གཙོ་བདག་ཆེན་པོ་ཞེས་པའི་དོན། སེམས་བསྐྱེད་ཀྱི་སྐབས་ལ་དགོངས་སུ་གསོལ་བ་གསུམ་སྔོན་དུ་འགྲོ་བ་ཅི་ཞིག་གི་དོན་དུ་རེད་ཅེ་ན། སངས་རྒྱས་དང་གཅིག བྱང་སེམས་དང་གཉིས། བླ་མ་གསུམ་པོ་རེ་རེ་བཞིན་དུ་དགོངས་གསོལ་ལན་གསུམ་རེ་བརྗོད་རྒྱུ་དང་སྟབས་གཅིག་ཏུ་བརྗོད་པའི་ཁྱད་པར་སྲོལ་གཉིས་སོ་སོའི་ཕྱག་ལེན་གྱི་སྐབས་ནས་འབྱུང་བ་ལྟར་དུ་རེད། སྐབས་དོན་དགོངས་ཟེར་བ་འདིས་དགོངས་སུ་གསོལ་ཞེས་སྙན་གསན་དབབ་པ། ཁྱེད་རྣམ་པའི་ཐུགས་ང་ལ་གཏོད་ཅེས་ཟེར་བ་ལྟ་བུ་རེད།།

དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་འགྲོ་བ།

ཚིག་རྐང་གཉིས་པ། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །ཞེས་སྨོས་ན། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི་ཞེས་པས་སྐྱབས་འགྲོ་བསྟན་ན། དཀོན་མཆོག་གསུམ་ཁ་ནས་བརྗོད་པས་མི་ཡོང་གི་དཀོན་མཆོག་གསུམ་གང་ཡིན་རེ་རེ་བཞིན་དུ་ངོས་ཟིན་ནས་ཤེས་དགོས་པས། དཀོན་མཆོག་གསུམ་གང་ཡིན་ངོས་མ་ཟིན་གོང་ནས་དེ་རྣམ་པ་གསུམ་པོ་ཚད་དུ་བཙུགས་ནས་མནའ་བསྐྱལ་བ་ཚོས་ཁ་གྲངས་རང་གིས་ཀྱང་མི་ཤེས་རྒྱུ་ཁ་ནས་ནམ་ཇི་ལྟར་འགྲོ་བ་མི་ཤེས་པར་སྡིག་ཆེན་དོན་མེད་དུ་བསགས་ཚར་བ་ཡིན་མོད། ད་ནི་བསམ་བློ་རིག་པ་གཏན་ལ་ཕབས་ནས་ཡང་བལྟ་བྱས་ན་རེད་མེད་ཀི་བསམ་རྒྱུའི་གོ་རྟོགས་དེའི་སྟེང་ནས་དཀོན་མཆོག་གསུམ་ཞིབ་ཅིང་ཕྲ་བའི་རྣམ་དབྱེ་ནས་བཟུང་མ་ཤེས་ནའང་རགས་རིམ་ཙམ་ཞིག གཏད་ཡུལ་འདི་ཡིན་བསམ་རྒྱུ་མ་ཤེས་དུས་ནང་པ་སངས་རྒྱས་པའི་ཆོས་ལ་གཏན་ནས་ཚུད་ཀི་ཡོད་པ་མ་རེད། རལ་བས་མ་ཡིན་དབྱུག་པས་མིན། །གསུངས་ཡོད་ནི་རེད། དེ་ཅི་རེད་ཅེ་ན། ཆོས་པ་དང་ནང་པ་ཡིན་ཉམས་བསྟན་ནས་ཚུགས་ཀ་ཞིག་བཏོད་ནས་ཕྲེང་བ་སྐེ་ལ་གོན་པ་ཙམ་གྱིས་ཡོང་མ་རེད་གསུངས། མུག་མུག་མུག་ཁ་ཞིག་འགུལ་བ་ཙམ་གྱིས་ཡོང་མ་རེད་གསུངས། ང་ཕྱི་རོལ་པ་ནི་མིན་ནང་བ་སངས་རྒྱས་པ་མིན་ན་སུ་རེད་ཅེ་ན། ཁྱེད་ཕྱི་པ་མིན་ནའང་ནང་བ་མ་རེད་ཟེར་རྒྱུ་ཡིན།།

སྐྱབས་འགྲོའི་རྣམ་བཤད་ཞིབ་ཅིང་ཕྲ་བ་མཐར་ཕྱིན་པ་ཞིག་ཤེས་དགོས་ན། སོ་སོ་རང་རིག་པའི་ཤེས་རབ་ཁྱད་པར་བ་མ་བརྙེས་པར་རང་གཞན་སུས་ཀྱང་བཤད་ཤེས་དཀའ་མོད། ད་རང་རང་གི་རྒྱུད་ཚོད་དང་བསྟུན་པའི་སྐྱབས་ཡུལ་གང་ཡིན་ན། སྐྱབས་སུ་འགྲོ་ཚུལ་གང་ཡིན། སྐྱབས་སུ་སོང་བའི་དགོས་པ་དང་ཕན་ཡོན་ཤེས་དགོས་པ་རེད། སྐྱབས་འགྲོ་ཐེངས་གྲངས་མང་བོར་བཤད་པ་ཡིན་པས་ད་ནི་ཅུང་ཟད་ཙམ་ངེས་ཚོད་ཡིན་ཡང་། དཀོན་མཆོག་གསུམ་ཞུ་དུས། དཀོན་མཆོག་གསུམ་དེ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་རེད། སྐྱབས་འགྲོ་བཞི་སྐོར་མ་སུ་ཡིན་རུང་འདོན་ཤེས་ནི་ཡིན་ན། འུ་ཅག་གིས་བོད་ཆོས་མདོ་སྔགས་གཉིས་ལྡན་གྱི་ལུགས་ཀྱིས་བླ་མ་མགོར་འཇོག་པ་དེ། བླ་མ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་པའི་ཕྱིར་ན། དཀོན་མཆོག་གསུམ་གྱི་ཁར་བླ་མ་དང་བཞིའི་སྐྱབས་འགྲོ་བཞི་སྐོར་མ་རེད་སོང་བ་རེད། དཀོན་མཆོག་གསུམ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་རེད་ཟེར་སླ་མོད། ད་སངས་རྒྱས་གང་རེད། ཆོས་གང་རེད། དགེ་འདུན་གང་རེད་ཅེ་ན། དེའི་ནང་དུ་ཤེས་དགོས་རྒྱུ་མང་། དེ་ཨེ་ཤེས་ངེས་པར་དུ་བལྟ་དགོས། དེ་ལ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་ཐམས་ཅད་ནས་སྐྱབས་སུ་འགྲོ་བའི་ཡུལ་དང་། སྐྱབས་སུ་ཡུན་ཅི་འདྲ་ཞིག་ལ་འཛིན་པའི་དུས་དང་། གང་ལ་ཇི་ལྟར། ཅིའི་དོན་དུ་སྐྱབས་སུ་འགྲོ་བའི་བསམ་པའི་ཁྱད་པར་ཏེ་དེ་དག་གི་དབྱེ་བ་མང་བ་རེད། སྐྱེས་བུ་ཆུང་འབྲིང་ཞེས་པ་བློ་ཆུང་འབྲིང་ངམ་བློ་སྟོབས་ཆེ་ཆུང་གིས་བཞག་པ་ཡིན། སྐྱེས་བུ་ཆུང་ངུ་བློ་སྟོབས་ཆུང་ངུས་ཡུལ་གྱི་ཁྱད་པར་ཇི་ལྟར་ཡིན་ན། སངས་རྒྱས་ཞེས་པ་སངས་རྒྱས་ཀྱི་སྐུ་གཟུགས་སྐུ་འདྲ་ཐང་ག་འདྲ་འདྲ་དང་། ཆོས་ཞེས་པ་པོ་ཏི་གླེགས་བམ་དུ་བཞུགས་པའི་ཡི་གེ་པོ་ཏི་རྣམས། དགེ་འདུན་ཚུལ་ཁྲིམས་དང་ལྡན་པ་གྲྭ་བ་བཞི་ཚོགས་ལ་དགེ་འདུན་དུ་འཛིན་པ་ལས་འཕགས་པ་དང་མི་འཕགས་ཅང་ཤེས་ནི་མ་རེད། དུས་ཀྱི་ཁྱད་པར་ཡང་ཐ་མས་ནི་ཚེ་འདིར་མ་ཤི་ཚུན་ཆད། ཅུང་ཟད་བཟང་བས་ཚེ་ཕྱི་མ་ངན་སོང་ངན་འགྲོ་མིན་པའི་ལྷ་མིའི་ལུས་ཞིག་ཐོབ་ཚེ་གཉིས་ཀྱི་བར་ལ། བསམ་པའི་ཁྱད་པར་ཡང་ཚེ་འདིར་བསམ་དོན་འགྲུབ་པ་དང་ཕྱི་མ་ངན་སོང་ལ་མི་ལྷུང་རྒྱུའི་དོན་དེ་ཙམ་རེད། དེ་ནས་སྐྱེས་བུ་འབྲིང་ཉན་རང་རེད་ལ། དེ་ཚང་གིས་ཡུལ་གྱི་ཁྱད་པར་གང་ལ་འཛིན་ན་སངས་རྒྱས་ཞེས་པ་ཉན་རང་དགྲ་བཅོམ་པ་ཞིག་ལ་ངོས་འཛིན། སངས་རྒྱས་ཤཱཀྱ་ཐུབ་པར་མཁྱེན་པའི་ཡེ་ཤེས་དང་མཚན་དཔེའི་ཡོན་ཏན་ཡོད་པ་དེ། བསྐལ་བ་གྲངས་མེད་མང་བོར་ཚོགས་ལྷག་པར་བསགས་པའི་འཁོར་བསྒྱུར་གྱི་རྒྱལ་རིགས་ཡིན་པས་རེད་ཟེར་བ་དང་། སྐྱབས་སུ་འགྲོ་ས་ངོ་མ་དེ་དེའི་ཐུགས་ཀྱི་འགོག་པ་དམ་པ་མ་གཏོགས་པའི་སྐུ་རྣམ་སྨིན་སྡུག་བདེན་གྱི་ཕུང་པོ་ཡབ་ཡུམ་གྱི་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་བ་སྐྱབས་ཡུལ་ལ་མི་བརྩི། དུས་ཀྱི་ཁྱད་པར། གནས་སྐབས་ཇི་སྲིད་འཚོ་སྟེ་མ་ཤིའི་བར་དུ་དང་མཐར་ཐུག་རང་ཉིད་དགྲ་བཅོམ་པའི་གོ་འཕང་མ་ཐོབ་ཀྱི་བར་ལ་སྐྱབས་སུ་འགྲོ་བ་རེད། དེ་ནས་བསམ་པའི་ཁྱད་པར་ནི། ཁམས་གསུམ་སྲིད་པ་རིགས་དྲུག་གི་གནས་ཡུལ་གང་དུ་སྐྱེ་རུང་སྡུག་བསྔལ་མ་གཏོགས་མེད་པས་ན། རང་ཉིད་དེ་ལས་ཐར་འདོད་ཀྱི་བསམ་པས་དེ་ལས་ཐར་ཆེད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རེད། དགྲ་བཅོམ་པ་ཞེས་པ་དེ་ཇི་ལྟ་བུ་རེད་ཅེ་ན། ཐར་བ་ལ་སྒྲིབ་པར་བྱེད་པ་ཉོན་མོངས་པའི་སྒྲིབ་པ་དང་ཐམས་ཅད་མཁྱེན་པ་ལ་སྒྲིབ་པར་བྱེད་པ་ཤེས་བྱའི་སྒྲིབ་པ་སྟེ། སྤྱིར་བཏང་སྒྲིབ་པ་གཉིས་ཡོད་པ་ལས་ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་ཐམས་ཅད་བཅོམ་པས་དགྲ་བཅོམ་ཟེར་བ་ཡིན། ཟད་དང་མི་སྐྱེས་ཤེས་པའི་ཡེ་ཤེས་གཉིས་ལྡན་ཞིག་ལ་སྤང་དང་རྟོགས་པའི་སྒོ་ནས་དགྲ་བཅོམ་ཟེར་བ་ཡིན། ཆོས་ཐེག་པ་ཆེན་པོ་ཁས་ལེན་ནི་མ་རེད། ཐེག་དམན་རང་ལམ་གྱི་རྗོད་བྱེད་སྡེ་སྣོད་གསུམ་དང་བརྗོད་བྱ་བསླབ་པ་གསུམ། དེ་ཡང་འགོག་ལམ་གཉིས་སུ་ཕྱེ་བའི་འགོག་པའི་བདེན་པ་དེ་ཆོས་དཀོན་མཆོག་ལ་འཛིན་རྒྱུ་དེ་ལྟར་རེད། དགེ་འདུན་འཕགས་པའི་དགེ་འདུན་ལ་འཇོག་པ་རེད། དེ་ཡང་རྒྱུན་ཞུགས་ནས་ཕྱིར་མི་འོང་བར་གྱི་ཐུགས་རྒྱུད་ན་བཞུགས་པའི་འགོག་པ་དམ་པ། སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་དེ་ལྟར་བརྩི་བ་རེད། སྐྱེས་བུ་ཆེན་པོ་ཟེར་དུས་གང་ཡིན་ཞེ་ན། ཐེག་ཆེན་པ་ཡིན་ལ། ཐེག་ཆེན་ལ་ཡང་མདོ་སྔགས་གཉིས་ཀྱི་དབྱེ་བ་ཡོད་པ་རེད། ཐེག་ཆེན་ཐུན་མོང་གི་སྤྱིའི་སྐྱབས་ཡུལ་སངས་རྒྱས་སྐུ་བཞིའི་ཡེ་ཤེས་ལྔ་ལྡན། སྐུ་བཞི་བོ་གང་རེད་ཅེ་ན། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ། ངོ་བོ་ཉིད་སྐུ་དང་བཞི་རེད། ཡེ་ཤེས་ལྔ་གང་ཡིན་ན། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོགས་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ལྔ་བོ་རེད། ཆོས་ཇི་ལྟ་བུ་ཞིག་ལ་ངོས་འཛིན་ན། ཐེག་པ་ཆེན་པོའི་ལུང་རྟོགས་གཉིས། དགེ་འདུན་བྱང་སེམས་འཕགས་པ་ས་དང་བོ་ནས་བཅུ་བའི་བར་བཞུགས་པ། དུས་བྱང་ཆུབ་སྙིང་བོ་སྐྱབས་ཡུལ་སངས་རྒྱས་ཉིད་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་དང་། བསམ་པའི་ཁྱད་པར་བདག་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་བའི་ཆེད་དུ་སྐྱབས་སུ་འགྲོ་བ་དེ་འདྲའི་དབྱེ་བ་ཡོད་ནི་རེད། དེ་ཐུན་མོང་ཕྱིའི་སྐྱབས་ཡུལ་དང་སྐྱབས་སུ་འགྲོ་ཚུལ་དེ་ལྟར་ངོས་བཟུང་བ་ཡིན་ན།།‘

༢ ཐུན་མིན་གསང་བ་སྔགས་ཀྱི་སྐྱབས་འགྲོ།

ད་ནི་ནང་ཐུན་མིན་གསང་སྔགས་ཀྱི་སྐབས་ལ་མཚོན་ན་སྐྱབས་ཡུལ་རྩ་བ་གསུམ་རེད། རྩ་བ་གསུམ་པོ་གང་རེད་ཅེ་ན། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ། མཆོག་གསུམ་རྩ་གསུམ་འདུས་པའི་རང་བཞིན་ཅན་དང་། གསང་བ་ཐབས་མཆོག་རྡོ་རྗེ་སྙིང་བོའི་འོད་གསལ་རྫོགས་པ་ཆེན་པོའི་སྐབས་ཀྱི་སྐྱབས་ཡུལ་ལ། གནས་པ་རྩ་དག་པ་སྤྲུལ་སྐུ་དང་དགེ་འདུན། གཡོ་བ་རླུང་དག་པ་ལོངས་སྐུ་དང་ཆོས། བཀོད་པ་བྱང་ཆུབ་ཀྱི་སེམས་སམ་ཐིག་ལེ་དག་པ་ཆོས་སྐུ་དང་སངས་རྒྱས་ཏེ། ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་རང་བཞིན། ང་རང་ཚོ་འདི་ན་འབུམ་ལྔ་བསགས་མཁན་མང་བོ་ཡོད་པས་འབུམ་ལྔ་གསོག་དུས། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ། །རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ལ་སོགས་པའི་དོན་རེད།།

༣ ཡང་གསང་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ།

ཡང་གསང་མཐར་ཐུག་ལ་བསམ་བློ་བཏང་ན། བསླུ་མེད་གནས་ལུགས་རྡོ་རྗེའི་སྐྱབས་ཡུལ། མདོ་ལྟར་ན་བདེ་གཤེགས་སྙིང་པོ། སྔགས་ལྟར་ན་སྟོང་གསལ་མཐའ་དབུས་དང་བྲལ་བ། སྣང་སྟོང་དབྱེར་མི་ཕྱེད་པའི་ནང་རང་བྱུང་གི་ཡེ་ཤེས། ཐིག་ལེ་ཆེན་པོ་ཉག་གཅིག་ཏུ་རྣམ་གསུམ་དབྱེར་མེད་ཆེན་པོར་ཟླུམ་པ་དེའི་རང་རིག་རང་ངོ་ཤེས་པ་དེ་ལ། དེའི་རང་གནས་ཀྱི་ཡེ་ཤེས་མངོན་དུ་མ་གྱུར་བ་དེ་སྲིད་དུ་སྐྱབས་བྱ་སྐྱོབ་བྱེད་གཉིས་མེད་ཀྱི་ངང་ནས་སྐྱབས་སུ་འགྲོ་བ་ཡིན། །དེ་ལ་ལུང་དྲངས་ན། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་གྲུབ་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །གསུངས་པ་ལྟར་དུ་ཡིན།།

ཁ། སྐྱབས་འགྲོའི་དབྱེ་བ།

རྒྱུའི་སྐྱབས་འགྲོ་དང་འབྲས་བུའི་སྐྱབས་འགྲོ་གཉིས་ཡོད་པ་ལས།

༡ རྒྱུའི་སྐྱབས་འགྲོ།

རྒྱུའི་སྐྱབས་འགྲོ་ལ་ཡང་བཏགས་པ་བ་ཁས་ལེན་གྱི་སྐྱབས་འགྲོ་དང་ནི་ཁྱད་པར་བ་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་ཟེར་བ་གཉིས་ཀྱི་ཁྱད་པར་ཡོད་ན།

དེ་ཡང་བཏགས་པ་བ་ཁས་ལེན་གྱི་སྐྱབས་འགྲོ་ཟེར་བ་ནི། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་ཤེས་པ་ཙམ་གྱི་སྒོ་ནས་སྐྱབས་འགྲོའི་ངག་འདོན་ལ་འབད་པ་བྱས།།

ཁྱད་པར་བ་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་ནི་སྟོན་པ་དང་ལམ་དང་གྲོགས་སུ་སྦྱོར་བའི་ཁྱད་པར་གསུམ་ལྡན་དུ་ཉམས་ལེན་ལག་ལེན་གྱི་སྟེང་ནས་དངོས་སུ་སྒྲུབ་པ་རེད།།

༢ འབྲས་བུའི་སྐྱབས་འགྲོ།

དེ་ནས་འབྲས་བུའི་སྐྱབས་འགྲོ་གང་ཡིན་ཞེ་ན། མཚན་ཉིད་ཐེག་པས། གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་དམིགས་ནས་དེ་རང་རྒྱུད་ལ་ཐོབ་འདོད་ཀྱི་དམ་བཅའ་དང་། སྔགས་ཀྱི་སྐབས་སུ། སྔགས་ལམ་དེ་ཇི་ལྟར་བྱས་ཀྱང་འབྲས་བུ་ལམ་བྱེད་ཡིན། དེ་ཡིན་པས་གཟུགས་སྐུ་ལམ་བྱེད་ཐབས་བསྐྱེད་པའི་རིམ་པ་དང་ཆོས་སྐུ་ལམ་བྱེད་ཤེས་རབ་རྫོགས་པའི་རིམ་པ་སྟེ། རིམ་གཉིས་ལམ་གྱི་སྒོ་ནས་སྐུ་གསུམ་ཡེ་ཤེས་འཕྲིན་ལས་དང་བཅས་པ་ལམ་དུ་བྱེད་རྒྱུ་སོགས་དེ་ཙམ་རགས་རིམ་དུ་བཤད་པ་ཡིན། ཞིབ་ཕྲའི་དབྱེ་བ་མཐའ་ཡས་པ་རེད། རྒྱལ་བའི་མདོ་དང་སྔགས་ཀྱི་ཆོས་ཚུལ་མཐའ་དག་འདིའི་སྒྲོམ་ནས་བཤད་ཐུབ་རྒྱུ་ཅན་རེད། གང་ལྟར་ལམ་ཞུགས་ལས་དང་པོ་པ་ཞིག་གིས་དང་པོ་སྐྱབས་ཡུལ་ངོས་ཟིན་དགོས་པ་དེ་གནད་ཆེན་ཡིན། འདིའི་ཐད་ནས་ཡང་བཤད་ཅིག་བྱས་ན། རང་རེའི་ཐེག་ཆེན་མདོ་སྔགས་ཀྱི་ལམ་ལ་ཞུགས་པ་ཞིག་གིས་ཕྱི་ལྟར་ན་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་དཀོན་མཆོག་གསུམ་ཞེས་ཞུ། འཇིག་རྟེན་ན་དཀོན་པའི་མཆོག་ཏུ་གྱུར་བ་ཡིན་པས་ན་དཀོན་མཆོག་གསུངས་པ་རེད། ནོར་བུ་རིན་པོ་ཆེས་ཀྱང་འགྲན་དུ་མེད་པའི་རང་གཞན་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་དེ་ལ་སྐྱབས་སུ་སོང་ན་འབྱུང་བས་ན་རིན་པོ་ཆེའི་སྒྲ་སྦྱར་བ་ཡིན་པ་དང་ནི། སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། ཆོས་ཀྱང་དེའི་ཐུགས་རྒྱུད་ན་བཞུགས་པའི་ཡོན་ཏན། དགེ་འདུན་ཡང་དེ་ལས་མ་འདས་པ། མཐར་གཏུག་ན་ཐམས་ཅད་སངས་རྒྱས་ལ་འདུས་པ་དང་། དེ་ཡང་ཆོས་ཀྱི་སྐུ་ལ་ཐུག་ནི་ཡིན་དུས། མཐར་ཐུག་གི་སྐྱབས་ཡུལ་ཉག་གཅིག་དེ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པར་ཤེས་དགོས། ཐུན་མིན་ནང་ལྟར་དུ་བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་ལ་འདུས་པ་གོང་ནས་བཤད་ཟིན།།

ཁྱད་པར་གསང་བ་ལྟར་ན་མཐར་ཐུག་དོན་གྱི་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོའི་ལུགས་ལ། རྩ་རླུང་ཐིག་ལེའི་བདག་ཉིད། ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་རང་ལ་གདོད་ནས་བཞུགས་པའི་གཞི་རྒྱུད་བདེ་བཤེགས་སྙིང་པོ། རང་བྱུང་རིག་པའི་ཡེ་ཤེས་དེ་དག་ངོ་བོ་ཡེ་དག་གི་སངས་རྒྱས་ཡིན། དེ་ཉིད་གློ་བུར་བྲལ་དག་གིས་མངོན་དུ་གྱུར་སོང་དུས་རང་ཉིད་ཀྱང་སངས་རྒྱས་རེད་འགྲོ་བསམ་རྒྱུ། དེ་མངོན་དུ་མ་གྱུར་བར་འཁྲུལ་བའི་དྲི་མས་སྒྲིབ་ཚེ་འདི་ལ། ཐབས་སྣང་བཅས་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བསྟེན་ནས་ཤེས་རབ་སྣང་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་དགོས་པ་རེད། །ཚོགས་གཉིས་རྫོགས་སོང་དུས་སྐུ་གཉིས་ཐོབ་འགྲོ་བ་ཡིན་ན། ནང་དང་གསང་བའི་མཆོག་གསུམ་མངོན་དུ་མ་གྱུར་གྱི་བར་དུ་ཕྱིའི་མཆོག་གསུམ་ལ་བརྟེན་ནས་ཚོགས་བསགས་སྒྲིབ་སྦྱོང་དགོས་པ་ཡིན་དུས། དེ་ལ་སངས་རྒྱས་ཀྱི་སྐུ་གཟུགས་དང་གསུང་རབས་ཀྱི་གླེགས་བམ། སོ་སྐྱེས་དང་འཕགས་པ་གང་ཡིན་ལ་མ་ལྟོས་པའི་དགེ་འདུན་འདི་ཐམས་ཅད་དཀོན་མཆོག་གསུམ་གྱི་རྟེན་ཡིན་ན། འདི་དག་ལ་དཀོན་མཆོག་གསུམ་པོ་དངོས་ཀྱི་དད་པ་རང་གིས་བཞག་ཐུབ་ན། དེ་དག་ལ་བསྟེན་ནས་སམ་དེ་དག་བརྒྱུད་ནས་དཀོན་མཆོག་གི་བྱིན་རླབས་རང་ཉིད་ལ་འཇུག་པ་ཡིན་པ་དང་། དད་པ་མེད་ན་སངས་རྒྱས་དངོས་མཇལ་རུང་ཕན་ཐོགས་མེད་རབས་མང་ཀི། མདོ་གང་ནས་བཤད་ན་རྒྱ་གར་གྱེན་འདེད་རྒྱ་ནག་ཐུར་དེད་མང་པོ་ཉུང་ཉུང་ཅི་ཞིག་བཤད་ཀི་བསྡད་རུང་མ་བསྡད་རུང་། ཐམས་ཅད་ཀུན་འདུས་སྐྱབས་ཡུལ་ཉག་གཅིག་དེ་བླ་མ་རེད་ཡོད་ཀི་མོ། དེ་ཡང་མཇལ་འདུག་རྒྱུའི་བླ་མ་དེ་སྐུ་འདྲ་ཡི་གེ་ཚོའི་ཚབ། འདི་མཚོན་བྱེད་རྟགས་ཀྱི་བླ་མ་ཡིན་པ་ཤེས་པའི་ཐོག་ནས། འདིའི་མཚོན་རྒྱུའི་མཚོན་བྱ་དོན་གྱི་བླ་མ་དངོས་དེ་ནི་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་རང་གི་སེམས་ཀྱི་ཆོས་ཉིད་དང་ངོ་བོ་ཐ་མི་དད་པ་དེ་ཡིན་པས་ན། དེ་ནམ་མཁའི་ཆར་བ་དང་ས་གཞིའི་ཆུ་གཉིས་འདྲེས་སླ་བ་བཞིན་ཏུ། ཐུགས་ཡིད་དབྱེར་མེད་དུ་བསྲེས་ན་འདྲེས་རྒྱུ་ཡོད་པའི་རྒྱུ་མཚན་དེས་ཡིན། སྐུ་འདྲ་སངས་རྒྱས་ཀྱི་རྟེན་ཞུས་རུང་ཚབ་རེད་མོད། སྐུ་འདྲས་བརྗོད་དུ་མེད་པའི་ཆོས་གསུང་བ་ང་ཚོས་ཉན་ཤེས་ནི་མ་རེད། བླ་མ་སངས་རྒྱས་ཀྱི་སྤྲུལ་བ་ཡིན་དགོས་པ་རེད། ལྔ་བརྒྱ་དུས་ཀྱི་ཐ་མ་ལ་ཁྱེད་ཚོ་མ་སྡུག་དང་ཁོང་དགེ་བའི་བཤེས་གཉེན་ལ་སྤྲུལ་ནས་བྱོན་ཡོང་ཞེས་སངས་རྒྱས་ཁོང་རང་གིས་གསུངས་ཡོད་པ་རེད། བླ་མས་ཞལ་གྲགས་ནས་སངས་རྒྱས་ཀྱི་མཛད་རྒྱུན་བསྐྱངས་དུས་གོ་བརྡ་འཇགས་པའི་ཐོག་ལ། དེ་བརྒྱུད་ནས་སངས་རྒྱས་ཀྱི་བྱིན་རླབས་འཇུག་པས་ན་བླ་མ་བཀའ་དྲིན་ཆེ། བླ་མ་རྩ་བ་ཆེ། དེ་ཡང་བླ་མ་གཅིག་ལ་སྐྱབས་གསུམ་འདུས་ཡོད་གསུང་གིན་འདུག་པ་དེ་རྒྱུ་མཚན་དེ་ལྟ་བུ་ཞིག་གིས་ཡིན། བླ་མ་དང་ཐུགས་ཡིད་དབྱེར་མེད་བསྲེས་རྒྱུ་དེ་ནི་ཉམས་ལེན་གྱི་མཆོག་ཡིན་ཟེར་བ་ལ་སོགས་པ་དང་ནི། སྐྱབས་ཡུལ་ཕྱི་ནས་མ་འཚོལ་ནང་ནས་རྙེད་དགོས་པ་རེད་ཟེར་བ་འདི་ཚོ་ད་གང་ཐད་ནས་བལྟས་ཡོང་ནའང་། གནད་ཀྱི་འགག་མདོ་ངོ་མ་དེ་བཟུང་ཤེས་ན་གཅིག་ལ་བབས་བསྡད་ཡོད་བསམ་རྒྱུའི་འཕྲིག་ཅིག་ཚུད་དགོས་པ་རེད། སྐྱབས་སུ་འགྲོ་བ་ནི་འཁོར་བ་ངན་སོང་གི་སྡུག་བསྔལ་ལ་སྐྲག་ཅིང་འཇིགས་ཏེ་དཀོན་མཆོག་གི་ཡོན་ཏན་མཐོང་ནས་དེས་སྐྱོབས་ཐུབ་བསམ་ནས། དེ་ལ་སྐྱབས་སུ་འགྲོ་བ་དཔེར་ན་བྱིས་པ་ཁྱིས་དེད་དུས་བྲོས་ནས་མྱི་ཆེན་ལ་སྐྱབས་བཅོལ་བ་འདྲ་བོ་ཡིན། སྐྱབས་འགྲོའི་སྒོ་དད་པས་ཕྱེ་བ་རེད། རང་ལུགས་ཐུན་མིན་ལ་འཁོར་བ་ངན་སོང་ལ་འཇིགས་པས་མི་ཚད་རང་དོན་ཡིད་བྱེད་རང་ཉིད་ཞི་བདེར་ཕྱོགས་པ་དང་གསུམ་ཁ་ལ་འཇིགས་ནས། སེམས་ཅན་ཐམས་ཅད་མཐའ་གཉིས་ལ་མི་གནས་པའི་རྫོགས་པའི་བྱང་ཆུབ་ལ་འགོད་ཆེད་དུ་སྐྱབས་སུ་འགྲོ་བ་ཡིན། དེའི་ན་སྐྱབས་སུ་འགྲོ་བའི་ཐོག་མ་ཉིད་ནས་རང་རྒྱུད་ལ་དད་པ་བརྟན་པོ་ཡོད་རྒྱུ་གལ་ཆེ།།

ག སྐྱབས་འགྲོའི་སྒོ་འབྱེད་དད་པ།

སྤྱིར་ན་དད་པ་ལ་རྣམ་གྲངས་ཀྱི་དབྱེ་བ་མང་མོད། དང་པོ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་འཇིག་རྟེན་ཡང་དག་གི་ལྟ་བ་རྒྱུད་ལ་ཡོད་པའི་ཐོག་ནས། དཀོན་མཆོག་གསུམ་ལ་དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་བཞི་ག་ཚང་ཡོད་དགོས།།

༡ དང་བའི་དད་པ།

བླ་མ་དང་དཀོན་མཆོག་གི་ཡོན་ཏན་གོ་བའམ་ཐོས་དུས། ལྷ་ཁང་མཐོང་གྲོལ་ཞིག་གི་ནང་དུ་ཐོན་སོང་བ་འདྲ་འདྲ་སེམས་ཀྱི་དང་བ་འདྲེན་པ་དེ་ལ་དང་བའི་དད་པ་ཟེར།།

༢ འདོད་པའི་དད་པ།

འཁོར་བ་དང་དེའི་རྒྱུ་སྡིག་པ་སྤོང་འདོད་དང་། ཐར་བ་དང་དེའི་རྒྱུ་དགེ་བ་སྒྲུབ་འདོད་ཡོད་པའི་ཐད་ནས་སྐོམ་པ་ཆུ་ལ་འཁྲེང་བ་ལྟ་བུ་ལ་འདོད་པའི་དད་པ་ཟེར་བ་རེད། དེ་ནི་དང་འདོད་གཉིས་ཀ་རེད།།

༣ ཡིད་ཆེས་པའི་དད་པ།

དེ་ལ་གུ་རུ་རིན་པོ་ཆེས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས་པ་ལྟར་སྐྱིད་སྡུག་ལེགས་ཉེས་མཐོ་དམན་བཟང་ངན་གང་བྱུང་ནའང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཁྱེད་མཁྱེན། ཁྱེད་ཀྱི་ཐུགས་རྗེའི་སྐྱབས་འོག་ནས་མ་འབོར་བསམ་རྒྱུའི་ཡིད་ཆེས་དང་འགྲོགས་པའི་དད་པ། རྨོངས་པའི་དད་པ་ཙམ་མ་ཡིན་པར། རྒྱུ་མཚན་ཤེས་པའི་སྒོ་ནས་དཔེར་ན་མ་དང་བུ་འཕྲད་ནི་འདྲ་ཞིག་གི་དུང་བའི་དད་པ་དེ་ངེས་པར་དུ་དགོས་པ་རེད། དེ་ལ་ཡིད་ཆེས་པའི་དད་པ་ཡིད་ཆེས་གཏིང་ནས་ཡོད་དགོས་པ་རེད།།

༤ ཕྱིར་མི་ལྡོག་པའི་དད་པ།

དེ་ནས་བཞི་བ་ཕྱིར་མི་ལྡོག་པའི་དད་པ་ནི། དཀོན་མཆོག་གི་བྱིན་རླབས་རང་རྒྱུད་ལ་ཞུགས་ནས། ཡང་དག་པའི་རྟོགས་པ་རྒྱུད་ལ་སྐྱེས་ཤིང་སྐྱེ་ན་ཡིད་ཆེས་ཀྱི་དད་པ་དང་གཅིག་གྲོགས་གཅིག་གིས་བྱས་ནས། བླ་མར་སངས་རྒྱས་དངོས་མཐོང་གི་གདམས་ངག་སྲོག་གི་ཟུངས་ལ་བཟུང་ནས། དཔེར་ན་ཉི་མས་གདུང་བའི་གླང་ཆེན་པདྨའི་མཚོ་རུ་འཇུག་པ་མི་འདོར་བ་བཞིན་ཏུ། དམ་པའི་ཆོས་ཀྱི་ཉམས་ལེན་མདུང་ཐུང་བྲང་ཁ་ལ་ཚད་ན་ཡང་མི་བསྐྱུར་བ་ཅན་དེ་ཡིན། རང་རྒྱུད་ལ་དད་པ་ཇི་ཙམ་ཡོད་ན་བྱིན་རླབས་དེ་ཙམ་འཇུག་པ་རེད། དད་པ་ཆེ་ན་བྱིན་རླབས་ཆེན་པོ་འཇུག་རྒྱུ། དད་པ་ཆུང་ན་བྱིན་རླབས་ཆུང་ཆུང་འཇུག་རྒྱུ། དད་པ་མེད་ན་བྱིན་རླབས་རང་འབྱར་བྱས་ཏེ་འཇུག་མི་ཡོང་རྒྱུ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་འཚིག་པ་ལ། །མྱུ་གུ་སྔོན་མོ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་ཡིན། ནས་བསྲེག་ཟིན་པ་ཞིག་ས་འོག་ལ་བསྡུས་ན། མྱུ་གུ་སྔོན་པོ་མི་འཁྲུངས་པ་ལྟར་དད་པ་མེད་དུས་བྱིན་རླབས་འཇུག་ནི་མ་རེད་གསུངས། འདི་ནས་ང་རང་ཚོས་བཤད་པ་རྩ་བའི་ཚིག་དེད་ན། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། ཞེས་པའི་དཀོན་མཆོག་གསུམ་ཟེར་བས་སྐྱབས་ཡུལ་ངོས་བཟུང་བ་རེད། སྙིང་ནས་ཟེར་རྒྱུ་འདིིས་དད་པ་བརྟན་པོའི་སྒོ་ནས་སྐྱབས་སུ་འགྲོ་ཚུལ་བསྟན་པ་ཡིན། སྐྱབས་སུ་མཆི་ཟེར་བས་དོན་བསྡུས་པ་ཡིན།།

མཐར་སྐྱབས་ཡུལ་གྱི་ལྷ་ཚོགས་དམིགས་བཅས་མཚན་མ་ཅན་གྱིས་གསལ་འདེབས་པ་གསལ་ཞིང་བརྟན་པའི་རྗེས་སུ། དེ་དག་གི་སྐུ་ལས་འོད་ཟེར་འཕྲོས་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོགས་པའི་མཐུས། རང་གཞན་སེམས་ཅན་ཐམས་ཅད་བྱ་ཁྱུ་འུར་རྡོས་དཀྲོགས་པ་ལྟར་དུ་གསུངས་ཡོད་པ། དེ་ལྟར་སྐྱབས་ཡུལ་གྱི་ལྷ་ཚོགས་ལ་ཐིམ་པ་ནས་ཚོགས་ཞིང་ཐམས་ཅད་དབུས་ཀྱི་བླ་མར་ཐིམ་པར་དམིགས་ནས། བླ་མ་ཡང་འོད་དུ་ཡལ་ཏེ། དེ་ནས་སྤྲོས་བྲལ་གདོད་མའི་རང་བཞིན་གྱི་ངང་དེར་སེམས་རྣམ་རྟོག་གི་འཕྲོ་འདུ་དང་བྲལ་བར་ཅི་གནས་གང་གནས་ཞིག་ལ་རང་བབ་ཀྱིས་བཞག་དགོས་པ་ཡིན། དེ་ནི་དམིགས་མེད་སྤྲོས་པ་དང་བྲལ་བའི་སེམས་ཉིད་ཆོས་སྐུའི་རང་ཞལ་མཇལ་བ་རེད། དེས་བླ་མ་ཕྱི་ན་མི་བཞུགས་ནང་ན་བཞུགས། སྐྱབས་ཡུལ་ཕྱི་ན་མི་དམིགས་ནང་ནས་རྙེད་པའི་མན་ངག་ཀྱང་བསྟན་པ་རེད།།

ང་། སྐྱབས་འགྲོའི་བསླབ་བྱ།

དེ་ནས་སྐྱབས་འགྲོའི་བསླབ་བྱ་དུས་རྒྱུན་བཤད་པ་ལྟར་དགག་སྒྲུབ་ཆ་མཐུན་གྱི་བསླབ་བྱ་གསུམ། དེ་རེ་རེ་ལ་ཡང་གསུམ་རེ་ཕྱེ་ནས་གསུམ་གསུམ་དགུ་ཡོད་པ་ལས།

༡ དགག་པའི་བསླབ་བྱ།

དགག་པའི་བསླབ་བྱའམ་སྤང་དགོས་པ་གསུམ་གང་ཡིན་ན། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཁོར་བའི་ལྷ་ལ་སྐྱབས་སུ་མི་འཛིན་ཅིང་ཕྱག་མི་འཚལ་བ་དང་གཅིག ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པ་དང་འཚེ་བ་སྤོང་བ་དང་གཉིས། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་པའམ་དེའི་ལྟ་སྤྱོད་ཅན་དང་མི་འགྲོགས་པ་གསུམ་དགག་པའི་བསླབ་བྱ་གསུམ།།

༢ སྒྲུབ་པའི་བསླབ་བྱ།

སྒྲུབ་པའི་བསླབ་བྱ་གསུམ་དེ་གང་ཡིན་ན། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་དཀོན་མཆོག་གི་རྟེན་ལ་གུས་པས་མཆོད་པ་བྱེད་རྒྱུ་དང་གཅིག ཆོས་ལ་སྐྱབས་སུ་སོང་བས་ཆོས་ཀྱི་རྟེན་གསུང་རབ་ལ་གུས་པ་བསྐྱེད་རྒྱུ་དང་གཉིས། དགེ་འདུན་ལ་སྐྱབས་སུ་སོང་ནས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་སངས་རྒྱས་ཀྱི་ན་བཟའ་མནབ་པ་ཞིག་ཡིན་ནས་བཟུང་ཞེ་ཚིག་ཞུ། ཞེ་ས་དང་གུས་པར་བྱེད་དགོས། དེའི་ན་བཟའི་ནང་གི་གང་ཟག་གི་བཟང་ངན་ལ་མ་ལྟོས་པར་གོང་དུ་བཀུར་རྒྱུ་དང་ཞེ་ས་བྱ་དགོས་པ་བཅས་དེ་གསུམ་རེད།།

༣ ཆ་མཐུན་གྱི་བསླབ་བྱ།

དེ་ནས་ཆ་མཐུན་གྱི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་བླང་དོར་གྱི་གནས་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཟུང་བ་དང་གཅིག། ཆོས་ལ་སྐྱབས་སུ་སོང་ནས་དེའི་ཅི་གསུང་ཆོས་དཀོན་མཆོག་དངོས་བཞིན་དུ་དང་དུ་བླངས་བ་དང་གཉིས། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས་འཁོར་བའི་ཆོས་ལ་བློ་ལོག་པའི་ཐོག་ནས། བླ་མ་དང་རང་གི་ཆོས་གྲོགས་ལ་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བཞག་ནས་མི་མཉེས་པ་ཅུང་ཟད་ཙམ་ཡང་མི་བྱ་བ་གསུམ་བཅས་གསུམ་གསུམ་དགུ་རེད། །ཁྱད་པར་དུ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིན་པས་བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་སུ་ཤེས་པས་བློ་གཏད་ལིང་སྐྱུར་བྱས་ནས། སྐྱིད་ན་དཀོན་མཆོག་གི་ཐུགས་རྗེ། སྡུག་ན་ཚེ་སྔོན་གྱི་ལས་འབྲས་ཡིན་པར་ཤེས་དགོས་པ་རེད།།

ཅ། སྐྱབས་འགྲོའི་ཕན་ཡོན།

ད་སྐྱབས་འགྲོའི་ཕན་ཡོན་ལ་བསམ་བློ་ཞིག་བཏང་ན། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་། །ཞེས་གསུངས་ནས་སྐྱབས་འགྲོ་བྱས་པའི་ཕན་ཡོན་དེ་གཟུགས་སུ་གྲུབ་པའི་དངོས་པོ་ཞིག་ཡིན་ན་ནམ་མཁའི་ཁམས་ལ་མི་ཤོང་གསུང་བ་རེད།།

དངོས་པོ་གཟུགས་ཅན་མིག་གིས་བལྟ་བ་དང་ལག་པས་རེག་བཏང་ཆོག་རྒྱུ་ཞིག་ཡིན་ན། ནམ་མཁའི་ཁམས་ལ་མི་ཤོང་བའི་ཕན་ཡོན་ཆེན་པོ་ཡོད་པར་གསུངས་པས། སྐྱབས་འགྲོའི་ཕན་ཡོན་ལ་ཚད་དུ་གཞལ་ཡོང་རྒྱུ་མེད་པར་གསུངས་པ་ཡིན། དེ་ལ་ང་རང་ཚོའི་དུས་རྒྱུན་མོ་འདེབས་ཁུལ་དང་རྩིས་རྩི་ཁུལ་བྱས་ནས་གཏོ་སྐུ་རིམ་ལ་སོགས་པ་རིམ་གྲོ་ཅི་ཞིག་བྱེད་པ་ལས་ཀྱང་སྐྱབས་འགྲོ་འདི་མཆོག་ཡིན། གནའ་རྒྱ་གར་ནས་རྒྱལ་པོ་མ་སྐྱེས་དགྲ་ཟེར་བ་ཞིག་ཡོད་པས་ཁོང་གི་ཕ་བསད་ནས་མཚམས་མེད་ཀྱི་ལས་བསགས་པ་ཡིན། དེ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས། ཁོང་གི་ཕ་བསད་པའི་མཚམས་མེད་ཀྱི་ལས་ཀྱི་རྣམ་སྨིན་དེ་དམྱལ་བའི་སྡུག་བསྔལ་ཉི་མ་བདུན་མ་གཏོགས་མྱོང་མ་དགོས་རབས་ཡོད། ལྷས་བྱིན་ཞེས་པས་མཚམས་མེད་ཀྱི་ལས་གསུམ་བསགས། མཚམས་མེད་ཀྱི་ལས་ཚབ་ཆེན་བསགས་པས་གསོན་གསོན་ཁར་ས་གས་ནས་དམྱལ་བའི་མེ་ནང་ལ་ལྷུང་སོང་། དེའི་ཐོག་ནས་སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་ཏེ། ད་ནི་སྙིང་ཁོང་རུས་པའི་གཏིང་ནས་སངས་རྒྱས་ལ་སྐྱབས་སུ་མཆི་བ་ཡིན་ཞེས་བརྗོད་པས། དེ་མ་ཐག་རང་སངས་རྒྱས་རུས་པ་ཅན་ཞེས་པའི་སྐྱེ་བ་བླངས་སོང་བ་ལ་སོགས་པའི་དཔེ་མཚོན་མང་། ལོ་ཉུང་ཚོ་ཡར་ལ་ལངས་དུས་ཟོག་ལངས་ལངས། མར་ལ་ཉལ་དུས་ཟོག་ཉལ་ཉལ་མི་བྱེད་པར། ཐ་ན་ཡང་ཅི་མིན་རུང་སྐྱབས་འགྲོ་ཚར་གསུམ་རེ་ནངས་དུས་མགོ་ཡར་བཀྱགས་དུས་འདོན་དགོས། ནུབ་མར་ཉལ་དུས་བསམ་བློ་ཞིག་བཏང་ན། ངའི་མི་ཚེ་ནང་གི་དེ་རིང་གི་ཉི་མ་གཅིག་པོ་བུད་སོང་བ་རེད། ད་དེ་འདྲ་བའི་ཉི་མ་ཇི་ཙམ་ལྷག་ཡོད་པ་ཡིན། རྐྱེན་བར་ཆད་ན་ཤི་རྐྱེན་ཆག་ཇི་འདྲ་བས་སྔོན་འདི་ན་བསྒུག་ནས། མི་འདོད་པ་མ་བསམ་ས་ནས་ཐོག་ཏུ་བབས་རན་ཡོད་སུས་ཤེས། སྐྱིད་ལོང་དགའ་ལོང་གཉིས་ཀ་མ་གཏད་ནས། མི་ཚེ་ལ་རིང་སྐྱ་རིང་གི་འདང་རྒྱག་ས་ནས་དེའི་ཐོག་ཏུ་མ་སོང་བ་ཅི་འདྲ་མང་བ་བྱུང་སོང་། ལས་སྐྱིད་སྡུག་གང་བྱུང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཁྱེད་མཁྱེན། ཁྱེད་རྣམ་པ་ལ་བློ་ལུས་ངག་ཡིད་གསུམ་གཏད་པ་ཡིན་འབུལ་བ་ཡིན་སོམས་དང་། དཀོན་མཆོག་གསུམ་པོས་བསླུ་བ་ཡོད་རྒྱུ་མ་རེད། ཚེ་སྔོན་གྱི་བསགས་པ་རེ་དང་ཁྱིམ་ཕ་མའི་བསོད་ནམས་བསགས་རྒྱབ་བཟང་བས། ལམ་ལ་ཅུང་ཟད་རེ་འགྲོ་བཞིན་ཡོད་དུས། བུ་ང་རང་རྒོད་པོ་ཡིན་མ་བསམ་མ་གཏོགས། ཕོ་གསར་དགྲ་ལ་མ་ཐུག་གི་ངར་བ། ཁྱི་གསར་རྡོ་ལ་མ་ཐུག་གི་བཙན་པོ་ཟེར་བ་ཞིག་ཡོད་པ་རེད། རྐྱེན་ངན་ཆུང་ཆུང་ཞིག་གི་སྣ་ཁྱག་རྒྱུ་མ་རེད། བློ་བླ་མ་དཀོན་མཆོག་གསུམ་ལ་སུས་གཏད་ཡོད་ན་སྐྱིད་མཐའ་དེའི་རིང་ངེས། ད་ཕན་ཆད་སྐྱབས་འགྲོའི་སྐོར་འདི་ཕོ་མོ་རྒན་གཞོན་ཚང་མས་ཡིག་ངོ་ཆོད་པ་ཚོས་ཀུན་བཟང་ཞལ་ལུང་དང་རིགས་མཐུན་གྱི་ཁྲིད་ཡིག་དག་གི་ནང་ལ་ལྟོས། ཡིག་ངོ་མི་ཆོད་པ་ཚོས་ངས་བཤད་བཞག་པའི་འོད་ལྡེར་སྒྲ་ཕབས་བྱས་པ་དག་ལ་ཉོན་དང་ཕན་ཐོགས་ཕྲན་བུ་རེ་འབྱུང་སྲིད། སྐྱབས་འགྲོའི་དབྱེ་བ་འདི་ཞིབ་ཕྲ་བྱས་ནས་ཨེ་ཤེས་ལྟོས། རང་རང་གི་ཁྱིམ་གྱི་བླ་སེར་དང་རྒྱུན་གྱི་འབྲེལ་འདྲིས་ཡོད་སའི་བླ་གྲྭ་དགེ་འདུན་པ་རྣམས་མཇལ་འཕྲད་རེ་ཡོང་དུས་དུས་རྒྱུན་མི་ཤེས་རྒྱུ་དེ་ཚོ་ཐེ་ཚོམ་རེ་ཆོད། དམ་པའི་ཆོས་ཀྱི་ནང་དོན་ཆེ་ཆུང་ལ་མ་ལྟོས་པ་ཞིག་གིས་དགེ་ངོ་སྡིག་ངོ་ཤེས་ནས། འགྲོ་སྟངས་འདུག་སྟངས་རེ་ཤེས་ཡོང་ན་ཚེ་གཅིག་ཡུན་ལ་ཕན་པའི་རྒྱུ་ནོར་ནོམ་པ་དྲག་ཤོས་དེ་ཡིན། དེ་ཡང་མྱི་ཡིན་པ་འདྲ་འདྲ་དང་ཁ་ལག་སྤྱོད་གསུམ་དོད་ལུགས་ཀྱི་ཐད་ནས་འདྲ་འདྲ་ཡིན་རུང་། མྱིའི་རིན་ཐང་དང་གནས་བབས་མི་འདྲ་སྟེ་འདྲ་བ་མ་རེད། དེ་གང་ནས་མི་འདྲ་བ་རེད་ཅེ་ན། ཡོན་ཏན་གྱིས་མི་འདྲ་ནས་དེའི་ཡོ་རིང་དང་ཡང་ལྗིད་ཤོར་ཀི་འདུག་པས་རེད། ཡོན་ཏན་ཟེར་བ་དེ་སྦྱངས་པས་ཤེས་པ་ཞིག་ལ་ཡོན་ཏན་ཅེས་ཟེར། དེ་ཡང་ཡོན་ཏན་ཅིག་རེད་རེད་མོད། ཡོན་ཏན་བཟང་ཤོས་ལྷན་སྐྱེས་ཀྱི་ཡོན་ཏན་མི་གཤིས་བཟང་པོ་གསེར་འདྲ་བ་དེ་ཡོན་ཏན་གྱི་མཆོག་ཡིན། ལྷན་སྐྱེས་ཀྱི་ཡོན་ཏན་མི་གཤིས་བཟང་བ་དེ་ནི་རྒྱུ་གསེར་ཡིན་པ་འདྲ་འདྲ། མི་གཤིས་ངན་གྱིས་ཡོན་ཏན་སྦྱངས་པ་ལྕགས་ནག་གི་བཀྲ་ཤིས་རྟགས་བརྒྱད་མགར་བ་ལྟ་བུ་ཡིན། བཀྲ་ཤིས་རྟགས་བརྒྱད་ཡག་པོ་མཆོད་རྫས་རེད་མོད། རྒྱུ་རྩ་ལྕགས་ཡིན་དུས་དེ་ཡང་རིན་ཐང་ཡོད་རྒྱུ་མ་རེད། ལྷན་སྐྱེས་ཀྱི་ཡོན་ཏན་དང་སྦྱངས་བའི་ཡོན་ཏན་གཉིས་ཀ་ཡོད་ན་དེ་བཟང་ཤོས་སམ་རབ་ཏུ་གྱུར་བ་དེ་རེད། གསེར་གྱི་བཀྲ་ཤིས་རྟགས་བརྒྱད་མགར་བ་འདྲ་འདྲ་ཡིན། ད་རུང་གསེར་གྱིས་སྟོན་པའི་སྐུ་བརྙན་མགར་བ་འདྲ་འདྲ་རྒྱུ་བཟང་། སྤུས་དག མཚན་མ་ཡག དད་པའི་རྟེན་ཡིན་ནོ། །མི་གཤིས་ངན་པ་ཅན་ཞིག་ལ་མི་དེས་སྦྱངས་པའི་ཡོན་ཏན་དེ་ཙམ་ཞིག་མེད་ན་གནོད་པ་དེ་བས་ཆུང་ངེས་བསམ་རྒྱུ་དེ་འདྲ་ཡིན། ད་སྐད་རིགས་ཡིག་སྣ་ཚོ་མང་བོ་ཞིག་ཤེས་མ་བཞག་རུང་། ཐད་ཀ་ཐད་ཀར་གྱི་འཇོན་ཐང་ཇི་འདྲ་ཞིག་རེད་བསམ་རྒྱུའི་ནང་ན་ཡང་། ད་ཨ་ཉོག་གད་ལ་བཅར་ནས་བུ་བཟང་ངན་ཡུན་གྱིས་གཤིབ་སར་ཐུག་དུས། བོང་བུ་ཞོན་པ་ལྟར་འདར་རུ་འདུར་རེ་འགྱར་རུ་འགྱུར་རེ་མ་ཡིན་པར། བཀན་ལྕིག་གེར། བརྟན་ཤར་རེ་ཡོད་པ། བློ་ཞིག་ཕུད། ཁ་ཞིག་གྲགས་ནའང་རང་གཞན་གཉིས་ཕན་གྱི་རྒྱང་ཐག་རིག་པའི་བློ་རྒྱ་ཡོད་པ། རྣོ་ཡི་མ་བཅད་རུང་རུས་ཀྱིས་ཆོད། བློ་གཏད་ས་བླ་མ་དཀོན་མཆོག གྲོས་བྱེད་ས་དྲིན་ཆེན་ཕ་མ་བྱེད་འདུག་པ་ཅན་པོ་ཚེ་འདི་ཕྱི་གཉིས་ཀྱི་སྐྱིད་མཐའ་རིང་བ་རེད། ད་ལོ་རེའི་ནང་གི་ཆོས་ཐེངས་རེ་ཐེངས་གཉིས་གོ་ནི་བོར། དེའི་རྒྱབ་ཀི་ཕྱིར་ལྟས་ཤིག་མེད་པར་བསྐྱུར་མི་བཞག་པར་རང་རང་སོ་སོའི་ཤེས་ཚད་དུ་ཁྱིམ་བཟའ་ཚང་གྲོགས་པོ་དགའ་ཉེ་ལ་ཐུག་དུས་ཕར་བཤད་ཚུར་གླེང་རེ་བྱས་ན། ད་ནམ་འཁྱག་རབས། ཉི་མ་དྲོས་རབས་ཀྱིས་ཅི་བྱེད། མཁལ་སྐེད་ན་རབས་པུས་ཚིགས་གཟེར་རབས་བཤད་ཀྱང་ཕན་ཐོགས་འབྱུང་ནི་མ་རེད། དེ་བས་མ་ན་གོང་ནས་འཕྲོད་བསྟེན་ལ་རེམས་དགོས། སྤྱིར་ན་སྨན་པ་དྲག་ཤོས་སུ་རེད་ཅེ་ན་རང་ཉིད་ཡིན། དེ་བས་མ་ན་གོང་ནས་འཕྲོད་བསྟེན་ལ་རེམས། དེ་ཟས་དང་སྤྱོད་ལམ་གྱི་འཕྲོད་བསྟེན་ཤེས་ན་སྨན་ཡིན་ནི་རེད། ཟས་དང་སྤྱོད་ལམ་གྱི་འཕྲོད་བསྟེན་མ་ཤེས་ན་དུག་ལ་རང་གིས་བསྒྱུར་འགྲོ་བ་རེད། རང་རྒྱུས་རང་ཉིད་ཆེ་བ་རེད་གཞན་སྨན་པ་ཇི་འདྲ་མཁས་རུང་རྩ་ཆུ་ལ་བལྟ་དགོས་པ་རེད། རང་གི་ཚོར་བ་རང་གི་ལུས་ཀྱིས་མྱོང་ཆོག་པས། ཨོ་ང་ལ་རྒྱུན་ལྡན་ཅིག་རེད་མི་འདུག་བསམ་ན་མགོ་ཐོག་མ་ནས་བརྟག་ཞིབ་བྱེད་པ་གལ་ཆེ། ད་དེང་སང་གི་དུས་ཚོད་ལ་སྨན་བཅོས་ཀྱི་ཆ་རྐྱེན་བཟང་དུས་རེད་མོད། མྱི་བདེ་བཞིན་བསྡད་ཡོད་དུས་བཅའ་བ་སྐུ་རིམས་སྒྲུབ་དགོས། གློ་བུར་རྐྱེན་ངན་ཐོག་ལ་བབས་དུས་གཟོད་རྒྱུགས་དུས་ཕྱིས་སོང་བ་རེད། ལུས་ཀྱི་ཕྱག་སྐོར་སྒྲིབ་སྦྱོང་རྒྱུན་ཆད་མེད་པར་བྱས་ན་སྒྲིབ་པ་དག་རིམ་བཞིན་དེའི་བྱིན་རླབས་ཀྱིས་བདེ་ཐང་ཡོང་རྒྱུར་ཕན་ཐོགས་ཡོད། ལོ་ཉུང་རྣམ་པས་ཐུག་མ་ཁད་དུ་ཆགས་སྡང་རྨོངས་གསུམ་གྱི་འཕྱ་རེས་དགོད་གསུམ་བྱེད་ཁུལ་བྱས་ནས་ངག་གི་མི་དགེ་བསགས་པ་ལས་ཆོས་ཀྱི་ནང་དོན་རེ་ཕར་བཤད་ཚུར་གླེང་བྱོས་དང་རང་རོགས་ཚང་མར་བློ་སྐྱེད་ཡོད། མི་མཛེས་བྱེད་ཀྱི་རྒྱན་ཆ་དྲག་ཤོས་དེ་ཡོན་ཏན་གྱི་རྒྱན་ཆ་ཡིན། ཡོན་ཏན་འབད་པའི་ཤུགས་ལ་གནས། །འབད་མེད་ཡོན་ཏན་མི་སྒྲུབ་པར། །གཞན་ལ་འཁང་བས་ཅི་ཞིག་ཕན། །ཞེས་གསུངས་པ་ལྟར་ཡོན་ཏན་ལ་འབད་པ་བརྩོན་འགྲུས་ཅི་ཙམ་ཐུབ་ན་དེའི་ཚོད་ཀྱིས་རང་རྒྱུད་ལ་འབྱར་རྒྱུ་ཡོད། རིན་མེད་ཀྱི་ཐོག་ནས་རིན་ཐང་ཅན་གྱི་ཡོན་ཏན་དེ་ཅི་བསམ་གང་འདོད་དུ་ལེན་རྒྱུ་ཡོད་དུས་དེ་མི་ལེན་པར། རང་གི་མ་ཐོན་པ་མི་ཤེས་པར་གཞན་ལ་འཁང་ར་ཡིད་ཆད་བཤད་པས་ཕན་ཐོགས་ཡོད་པ་མ་རེད་གསུངས་ཡོད། ད་འཇིག་རྟེན་གྱི་ཁམས་འདིའི་བཟང་ཆ་ལེགས་ཆ་ཞིག་རིག་རྒྱུ་གོ་རྒྱུ་ཡོད་ཚད་པོ་འབད་པས་བསྒྲུབ་ཡོང་བ་ཏག་ཏག་ཡིན་ན། དེ་རྒྱུ་མེད་ཀྱི་འབྲས་བུ་ཞིག་འབྱུང་དོན་ཡོད་མ་རེད། མྱི་སྙོམས་ལས་ལེ་ལོ་ཅན་གཡོ་རྐྱལ་སྡུག་རུས་རྒྱག་མི་ཐུབ་པ་དེས་གནས་སྐབས་ཐང་རེ་ཙམ་ཟ་རྒྱུ་གཉིད་རྒྱུ་གཉིས་ཀ་རག་སོང་ན། དེའི་ཕན་གྱི་འདང་རྒྱག་མི་ཤེས་པར་གཡོ་བྱས་ཤིང་བྱས་ནས་རྣམ་གཡེང་བྱས་ཤིང་བྱས་ནའང་། ལས་མི་མོས་སྦྱང་མི་མོས་པར་ཇེ་སྡུག་རེད། སྐབས་ཤིག་ཉལ་རྒྱུ་འཁྱར་རྒྱུ་གཉིས་ཀས་མི་ཚེ་བཅད་དུས། རྒྱུད་ཀྱི་ཡོན་ཏན་ལ་ཡར་སྐྱེད་རྒྱག་ཡོང་རྒྱུ་ཞིག་དང་། རྒྱུད་ལ་མི་ལོ་ཅི་ཙམ་སོང་རུང་ཡོན་ཏན་གྱི་དྲི་ཞིག་འགོ་ཡོང་རྒྱུ་ཡོད་པ་མ་རེད། མི་གཤིས་བཟང་ལ་ཡོན་ཏན་ཞིག་ཡོད་ན་བཤད་ཅི་དགོས། མིན་ཡང་མི་གཤིས་ངན་སྡུག་ཐུག་ངོ་མ་ཞིག་མིན་ན། མཁས་པའི་ལེགས་བཤད་དང་དམ་པའི་གཞུང་ལུགས་ལ་བལྟས་པ་ཡིན་ན། གྲོགས་བཟང་པོ་རེར་བཅར་འདོད་ཡོད་པ་དང་ནི་ཡ་རབས་བཟང་བོའི་ལུགས་དེ་འདི་ལྟར་ཡིན་བསམ་རྒྱུ་རེ་ཤེས་ཡོང་དུས་མིན་ཟེར་རུང་། ཇི་ལྟར་མ་ལ་ཡ་ཡི་ནགས་ཀློང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་བ་ཡང་། །ཡལ་འདབ་བརླན་པས་ཙནྡན་དྲི་བསུང་ལྟར། །གང་ལ་བརྟེན་པ་དེ་ཡི་རྗེས་སུ་འགྲོ །ཞེས་གསུངས་པ་ལྟར་བཟང་པོ་དང་འགྲོགས་ན་བཟང་འགོས། ངན་པ་དང་འགྲོགས་ན་ངན་འགོས་པས། རྒྱུད་འགྱུར་ཏེ་གོམས་པའི་སྟོབས་ཀྱིས་བཟང་ཡ་རབས་དང་འགྲོགས་ན་བཟང་འགོས་ནས་རང་ཉིད་ཡ་རབས་ཡོན་ཏན་ཅན་བཟང་པོའི་ཕྱོགས་ལ་འགྱུར་རྒྱུ་ཡོད། མྱི་གཤིས་བཟང་ཟེར་ན་ཇི་ལྟ་བུ་ཞིག་རེད་བསམ་ན། མྱི་རྒྱུད་འཇམ་ཁོང་ཁྲོ་གདུག་རྩུབ་ཅན་མིན་པ་གདིང་ནས་རང་གཤིས་ལ་བརྟན་ཆ་ཡོད་པ། ལེགས་ཉེས་བཟང་ངན་གྱི་རྒྱང་མིག་མཐོང་བ། བརྟགས་ཤིང་དཔྱད་པ་མ་བཏང་བར་གཏམ་བཤད་པ་དང་ལས་བྱས་སྔ་མི་བྱེད་པ། རྒྱུད་ན་མྱི་གཞན་ལ་ཕན་སེམས་དང་སྤྱི་སེམས་མ་གཏོགས་པར་རང་འདོད་ཀྱི་འཁྲི་བ་མི་ཆེ་བ། མི་ཚེའི་ཕུགས་བསམ་མངོན་འགྱུར་མ་ཡོང་གི་བར་དུ་ཞེ་ནས་དམ་བཅའ་བཞག་ཚར་དུས་ཕྱིར་བཀྱེད་མི་བྱེད་པ། དགའ་སླ་སྡུག་མགྱོགས་དཔྱིད་ཀའི་གནམ་ངོ་འདྲ་འདྲའི་འགྱུར་ལྡོག་ཅན་མིན་པ། ཁ་ཉུང་ཉུང་གཤིས་འཇམ་པོ་འཛུམ་བག་ཅན། གདིང་ཀི་གཏིང་དཔོག་དཀའ་བ་དེ་ལྟ་བུའི་མྱི་ལ་ནམ་མཁའི་ལྷ་ཡང་འཇིགས་ཤིང་སྐྲག་གསུངས་ཡོད་པ། དཔལ་སྤྲུལ་ཚང་གི་གཞོན་ནུ་བློ་ལྡན་གྱི་དྲིས་ལན་ཚོར་ལྟོས་དང་། མྱི་རབ་རེ་རེའི་ཡུལ་ཁམས་སྡེ་འབངས་སྤྱི་ཡི་དོན་བྱེད་པ་རེད། མྱི་ངན་རེ་རེའི་ཡུལ་སྡེ་མང་བོའི་དཀྲུགས་ཤིང་བྱེད་པ་ཡོད་གསུངས་ཡོད་པ་དེ་ལྟར་རེད། སྐྱེས་ཕོ་རབ་ཅིག་གི་ཚད་ལ་མ་སླེབ་ནའང་། ཕོ་ཐ་མའི་གྲལ་ལ་ལྷུང་བའི་ངན་དཔེ་ལག་རྗེས་གསོན་གྲང་ང་ཁམས་ལ་འཇོག་མི་ཉན། ད་འཇིག་རྟེན་འཁོར་བ་པ་ལ་རྒྱུ་ནོར་ལོངས་སྤྱོད་འཛོམས་དགོས་པ་རེད། ཕུན་ཚོགས་སྡེ་བཞི་མངོན་མཐོའི་འབྱོར་བ་རེད་གསུངས་པ་རེད། རེད་དེ། རྒྱུ་གསོག་ལུགས་དེ་ཡང་ཁོ་རང་ཚུལ་དང་མཐུན་པ་ཞིག་གིས། རང་གི་རྣམ་དཔྱོད་ཀྱི་བསམ་བློ་བཏང་ནས་ཐབས་བཟང་པོ་བཙལ་ནས་གསོག་དགོས་པ་རེད། ཕྱོགས་གཅིག་ནས་བསོད་ནམས་བསགས་དགོས། བསོད་ནམས་མེད་ན་འབད་པ་བྱས་ཀྱང་དོན་འགྲུབ་རྒྱུ་མ་རེད། ཕྱོགས་གཅིག་ནས་འབད་པར་བྱེད་དགོས། ཁང་སྟོང་ནང་ནས་ཛམ་བྷ་ལ་བཏོན་པ་ཙམ་གྱིས་ནོར་བུའི་ཆར་བ་འབབ་ཡོང་རྒྱུ་ཞིག་དཀའ། བསོད་ནམས་ཤུགས་ཀྱིས་དོན་འགྲུབ་པ། །ཉི་མའི་འོད་བཞིན་ལྟོས་པ་མེད། །འབད་པའི་ཤུགས་ཀྱིས་དོན་སྒྲུབ་པ། །མར་མེའི་འོད་བཞིན་ཀུན་ལ་ལྟོས། །གསུངས་པ་ལྟར་རེད། འཁུམ་འཁུམས་བྱས་ནས་ལག་པ་བསྡམས་ནས་བསྡད་པ་ཞིག་གིས་རྒྱུ་སོག་རྒྱུ་མ་རེད། ཁྲོན་པའི་ཆུ་ཡར་ལ་འཕེལ་དགོས་པར་འདོད་ན་བཅུ་བ་ཉིད་ནི་གདམས་ངག་ཡིན་གསུངས་ཡོད་པ་ཡིན། ལོན་སྒོ་ཡོང་སྒོ་ཆེ་དགོས་པ་རེད་མོད། དེ་ཡང་རང་གི་ཚོད་དང་བསྟུན་པ་མ་གཏོགས། ཡིན་ཅིག་མིན་ཅིག་ཧེབ་ཆེ་བས་མི་ཕན། ཤིང་ཏོག་ཤིང་རྩེ་ལས་བླང་གིས། །དེ་ལས་ཐལ་ན་ས་ལ་ལྷུང་། །ཞེས་གསུངས་ཡོད། ཤིང་ཏོག་འཐུ་རུ་སོང་དུས། ཤིང་ཏོག་ཤིང་སྡོང་གི་རྩེ་ལ་ཡོད་ན་དེ་ལ་ཨེ་སྙོབ་བལྟ་དུས་འགོས་སའི་ཤིང་སྡོང་ལ་བསྟུན་ཞོར་གྱིས་མ་གཏོགས། ལེན་དགོས་བསམ་པའི་ཧམ་སེམས་ཆེན་པོས་ཤིང་རྩེའི་ཕར་རྒྱབ་མཆོང་མ་འགྲོ་མ་གཏོགས། ཤིང་ཏོག་མ་ལོན་པའི་སྔོན་ན་སྡུག་ཅིག་ཡོང་ནི་རེད་གསུངས་པ་རེད། མྱི་ངོ་མ་ཞིག་བྱེད་བསམ་ན་མཁས་པའི་ལེགས་བཤད་ལ་དུས་རྒྱུན་ཉམས་ཞིབ་བྱེད་དགོས། དཔལ་སྤྲུལ་ཚང་གི་གཞོན་ནུ་བློ་ལྡན་གྱི་དྲིས་ལན་གྱི་ནང་ན་ལོ་ཉུང་ལོ་ཉུང་གི་ཚོད་དང་། རྒན་པ་རྒན་པའི་ཚོད་ཀྱིས། བུད་མེད་བུད་མེད་ཀྱི་ཚོད་ཀྱིས་ཐམས་ཅད་ཀུན་པོ་བདེ་ཞིང་སྐྱིད་པའི་ངང་ནས་མཐུན་སྒྲིལ་འགྲོག་ལུགས་ལ་སོགས་པ་ཅི་འདྲ་འདྲ་གསུངས་ཡོད། གསུངས་པ་དུས་རབས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་མ་འདྲ་རུང་། གསུང་ས་མྱི་ཡིན་པ་དང་མྱིའི་རྒྱུད་ཀྱི་ཉོན་མོངས་དུག་ལྔ་ཤུགས་ཆེ་བ། རང་དབང་རང་ལ་མེད་ཅིང་དུག་ལྔའི་གཞན་དབང་ལ་ཤོར་དྲག་ན། བདེ་འདོད་སྡུག་བསྔལ་རང་ཐོག་ལ་འདྲེན་གི་ཡོད་ལུགས་དེ་རྣམ་པ་ཀུན་ཏུ་གཅིག་པ་རེད། ཆོས་དང་འཇིག་རྟེན་གཉིས་ཀྱི་སྤྱོད་ཚུལ་ཁ་ཁ་ཡིན། མེ་ཆུ་གཉིས་ཀ་འདྲེས་ཐབས་ཅི་ལ་ཡོད། གཅིག་པོ་སྒྲུབ་དུས་གཅིག་པོ་བསྐྱུར་རྒྱུ་རེད་བསམ་རྒྱུ་དེ་གདུལ་བྱའི་རིགས་ཐམས་ཅད་ལ་སྦྱར་ན་ནོར་བ་ཡིན། རྒྱལ་བས་འགྲོ་ལ་དམ་ཆོས་བསྟན་པ་དེ་མངོན་མཐོ་ངེས་ལེགས་གཉིས་ཀ་སྒྲུབ་བྱེད་ཡིན་ན། དེ་ཡང་གནས་སྐབས་དང་མཐར་ཐུག་གི་བདེ་བ་སྒྲུབ་བྱེད་ཡིན་དགོས། ངན་སོང་ངན་འགྲོའི་མི་ཁོམ་པའི་གནས་ལས་མཐོ་རིས་ལྷ་མིའི་ལུས་རྟེན་ལ་བཀོད། དེ་ནས་ཐར་བའི་རྒྱུ་བསྒྲུབ་སྟེ་རང་གཞན་གཏན་བདེར་འགོད་པའི་ལམ་དེ་བསྟན་པ་ཡིན་པ་དེ་བས་ན། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་གནས། །གསུངས་པ་རེད། འདི་ཚོ་ལན་གྲངས་ཐེངས་མ་མང་པོ་བཤད་མྱོང་རེད། ད་དང་པོ་མྱི་ཞིག་བྱས་ནས། དེ་འཕྲོས་མྱི་ངོ་མ་ཞིག་བྱས། དེ་ནས་མྱི་ལུགས་ལ་བསླབ་ཏེ་མྱི་ཡང་དག་པ་ཟེར་བ་དེ་བྱེད། དེ་ནས་ཆོས་སྦྱངས་ནས་ཆོས་པ་ངོ་མ་རུ་འགྱུར་བཅུག དེ་ནས་རྒྱན་གྱིས་བརྒྱན་པར་བྱེད་ཀྱང་ཆོས་སྤྱོད་ཅིང་། དུལ་ཞིང་དག་སྤྱད་པ་གསུངས་པ་ཡིན་པས། དེ་ནས་ཆོས་འཇིག་རྟེན་གཉིས་ཀྱི་ཐད་ནས་བྱ་བ་ལེགས་འགྲུབ་ཀྱི་རྩེ་མོར་སོན་ཏེ། མྱི་ཡི་ཆོས་ལུགས་འཇིག་རྟེན་ཡང་དག་གི་ལྟ་བར་ཞུགས་སའི་ལྷ་མིའི་ཐེམ་སྐས་ལ་འགོས་ནས། ངེས་ལེགས་ཐར་བ་དམ་པའི་སྐས་ཐེམ་རིམ་བགྲོད་ཀྱིས་འཇུག་དགོས་པས་ན། ཆོས་བཤད་སའི་ཆོས་རའི་ནང་ནས་མྱི་ཡིན་ལུགས་ཀྱི་འཇིག་རྟེན་དང་མ་འབྲེལ་ན་ཆོས་བཤད་དུས་སུ་ལ་ཕན་བཏགས། ཁྱིམ་ན་གནས་པའི་འཇིག་རྟེན་པས། གྲྭ་སའི་གྲྭ་བའི་ལད་མོ་བྱས་ནས་གཞུང་བཀའ་པོད་ལྔ་པོའི་འཆད་ཉན་བྱ་དགོས་ནི་མ་རེད་ཞུས་པ་མིན་རུང་། དེ་འདྲ་ཐུབ་དཀའ་མོ་རེད། དང་པོ་སྔོན་ལ་མི་རིགས་ཀྱི་རིག་གནས་ཀྱི་སྲོག་མི་རིགས་ཆགས་འཇིག་གི་རྩ་བ་བོད་ཡིག་གི་ཡིག་ངོ་ཤེས་པ་ཞིག་བྱས་ནས། དཔེ་བལྟས་གང་བྱ་བསམ་ནའང་གོ་དོན་འཁྲོལ་བ་ཞིག་བྱས་བཞག་ན། རང་ལུགས་གཞན་ལུགས་ཀྱི་ཤེས་བྱ་མང་པོ། ཚེ་ཕྱི་མའི་བདེ་དོན་རང་གཞན་གཉིས་ཀྱི་གཏན་བདེ་ཡག་ཉེས་ཀྱི་ཐད་དུ་མིན་རུང་། ཁ་གསོ་ཚུལ་རྒྱབ་འགེབ་ལུགས་ལ་སོགས་པའི་ཐད་ནས་ཤེས་རྒྱུ་མང་བ་རེད། མདོ་དོན་ཚིག་གི་རྩ་བ་ཅི་ཟེར་བ་རེད་ཅེ་ན། མྱིའི་འཚོ་བའི་ནང་ན་ཆོས་ཀྱི་འཚོ་བ་དང་རིག་གནས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་སུ་ཆུག་དང་། ཟ་ཉལ་འགྲོ་འདུག་དུད་འགྲོ་སོགས་དང་ཐུན་མོང་མ་ཡིན་པའི་བདེ་སྐྱིད་དང་ཡོང་སྒོ། རིན་པ་བྱིན་ནས་ཉོ་མི་དགོས་པའི་རིན་ཐང་ཅན་ལེན་རྒྱུ་ཡོད། དེ་ཚོ་བླངས་ན་བཟང་བ་རེད་ཟེར་བ་ཡིན། དེ་རིང་དུས་ཚོད་མང་པོ་ཞིག་སོང་འདུག་པས་ཆོས་ཁྲིད་ཟེར་བ་དེ་ཧ་ཅང་ཡུན་རིང་མི་ཉན། དེ་རིང་གི་བཤད་སྐལ་གྱི་ནང་ནས་ང་ཚོའི་སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད་ཟེར་བ་ལྷག་རུང་། སང་ཉིན་ཡན་ལག་བདུན་པ་དང་མཉམ་དུ་བཤད་རྒྱུ་བྱེད། སེམས་བསྐྱེད་ཆོ་གས་ལེན་དུས་ཡན་ལག་བདུན་པ་སྔོན་ལ་འགྲོ་དགོས་པ་རེད། སེམས་བསྐྱེད་དང་ཡན་ལག་བདུན་པ་འབྲེལ་ཆེ་བ་རེད། བླ་མའི་རྣལ་འབྱོར་གྱི་སྔོན་ལ་དེ་བཞིན་དུ་འགྲོ་དགོས་པ་རེད། སེམས་བསྐྱེད་དང་བླ་རྣམ་གཉིས་ཀྱི་བར་ན་ཡོད་པ་འདི་བར་གྱི་གསལ་བྱེད་ལྟ་བུར་གོ་ཉིས་ཆོད་ཀྱི་ཚུལ་དུ་ཡོད་པར་གོ་བ་བླངས་ཆོག དུས་ཚོད་ཀྱི་དབང་གིས་དེ་རིང་གི་ཆོས་ཁྲིད་དེ་ཙམ་བྱེད། ཉེ་བའི་ཉི་མ་ཁ་ཤས་ཀྱི་ཡར་སྔོན་ལ་གནས་འདིར་ས་ཆ་མདོ་དབུས་ཁམས་གསུམ་གྱི་མྱི་སྣ་འཛོམས་ས་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་དུམ་གཉིས་ཀྱི་དབང་། དབང་ཁྲིད་བསྒྲགས་མའི་ཆོས་སྒོ་ཕྱེས་པ་ཡིན། དེར་མཐུད་ནས་རྒྱལ་ཁམས་སྤྱི་དང་བསྟན་པ་སྤྱིའི་ཞབས་རིམ། ཁྱད་པར་དུ་རྨད་བྱུང་ཐུགས་བསྐྱེད་ཀྱི་མཐུ་ལས་གཞན་ལས་ཁྱད་པར་དུ་འཕགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པའི་སྐུ་ཚེ་ཞབས་པད་བརྟན། ཐུགས་བཞེད་གེགས་མེད་དུ་འགྲུབ་ཆེད་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་བཅུ་བ་ཚོགས་མ་ཐག་རེད། ཐེངས་འདིར་མདོ་ཁམས་ཉི་མ་ཤར་ལྷོའི་ཕྱོགས་འདི་ན། ལོ་རྒྱུས་ཀྱི་སྟེང་ནས་མཐོང་བར་དཀོན་པའི་རབ་སྔགས་ཀྱི་དགེ་འདུན་པའི་སྡེ་ཞལ་གྲངས་སྟོང་ཕྲག་མང་པོ། ཁྲི་ཁར་ལོངས་དང་མི་ལོངས་ཀི་ཚོད་འཇོག་བྱེད་སའི་ཆོས་འཚོགས་ཆེན་མོ། ཟླ་ཕྱེད་ཙམ་གྱི་རིང་ལ་ཚོགས་པ་ཡིན་ན། འབྲེལ་ཚད་དོན་ལྡན་ས་འདིའི་བསོད་ནམས་ཀྱི་དཔལ་དུ་མ་བོས་མགྲོན་དུ་ཁུག་པ་རེད། ཡིན་པ་ལྟར་དུ་འབྲོག་རུ་བསོད་ནམས་ལྷ་སྡེ་མྱིང་དང་དོན་མཚུངས་པ། གུར་བཞུགས་སྒར། ན་བཟའ་བཞུགས་གདན་སོགས་ཀྱི་གྲ་སྒྲིག་དང་ནི། འོ་ཞོ་མར་གསུམ་གྱི་གསོལ་བ་ཕུན་སུམ་ཚོགས་པའི་བསྙེན་བཀུར་ཞབས་ཏོག་ཞུས་ཏེ། བསོད་ནམས་བསགས་ནས་སྡེ་འདིར་གཏོགས་པའི་བླ་གྲྭ་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མས་མྱི་གཅིག་གི་སྟེང་ལ་བབས་པ་ལྟ་བུའི་སྲི་ཞུའི་ལས་ཀ་སྒྲུབ་པ་ཡིན་ན། ད་རང་གི་སྒེར་དོན་རྐྱང་བར་བབས་རུང་ནུས་པ་དེ་འདྲ་ཞིག་བྱུང་ཐུབ་རྒྱུ་མ་རེད་བསམ་རྒྱུའི་ཚད་ལ་བསྐྱལ་བ་ལ། ངས་དེ་རིང་ཐམས་ཅད་འཛོམས་ས་འདི་ནས་བསྔགས་བརྗོད་བྱས་པ་ཡིན། གནའ་འབྲོག་རུ་ཤོག་ཆེན་བཅོ་བརྒྱད་ཤོག་ཆུང་གཉིས་དང་ཉི་ཤུ་ཟེར་བ་རེད། གྲུབ་དབང་སྐུ་ཕྲེང་གོང་མ་རིམ་བྱོན་གྱི་བསྟན་སྲིད་དབུ་འཕང་དགུང་ལས་མཐོ་དུས་དེ་འདྲ་ཡིན་མོད། མདང་དོ་ཚིགས་ལ་བསམ་བློ་བཏང་ན། གནའ་ཤྭ་བ་ཉལ་ཤུལ་ན་མདང་དོ་ཚིགས་ཤེའུ་ཆུང་ཉལ་ནི་མ་རེད། །སྤྱིར་འཛམ་གླིང་གི་གནས་སྟངས་འགྱུར། སྒོས་བོད་ཁུལ་བསྟན་སྲིད་ཆགས་འཇིག་ཆེ་བའི་གནས་ཚུལ་གྱི་འོག་ནས་ས་ཆ་གདན་ས་འདི་ཚོར་ཡང་དགོས་ཡར་ལྷག་གིས་ཉམ་ཉེས་བྱུང་མྱོང་ས་ཡིན། ད་ལྟའི་སྐབས་ལ་བསམ་བློ་བཏང་ན་གཅིག་སྔར་བྱུང་དམ་པ་གོང་མའི་ཐུགས་བསྐྱེད་ལུགས། གཉིས་བསྟན་པ་སྤྱི་དོན་དུ་གཤེགས་པའི་མྱི་རབས་སྔ་མའི་མྱི་བརྒྱུད་ཀྱི་ལྷག་བསམ་སེམས་པ་གཅིག་མཐུན་ལ་འགྱུར་བ་མེད་པ། གསུམ་ད་ཡོད་དོན་གྱི་བདག་པོ་མཁན་སྤྲུལ་སྐྱེས་ཆེན་དམ་པའི་ཚུལ་དགུའི་སྐུ་ཡོན་ཅན་རྣམ་པས་གཙོས་བྱས་པའི་གཞོན་ནུ་སྡེ་སྣོད་འཛིན་པའི་དཔུང་སྡེ་འཚར་ལོངས་ཡོང་བཞིན་པ་ལ་བསྟེན་ནས། ད་ཡོད་སྡེ་ཤོག་ཚོ་བ་བཅུ་གསུམ། མོ་དུད་སྟོང་རུ་གཉིས་ཙམ་པོས་བློ་སེམས་བསམ་པ་གཅིག་མཐུན་དུ་དྲིལ་བའི་སྟོབས་ཀྱིས་འདྲ་འདྲའི་ནང་ནས་མི་འདྲའི་དོན་གྱི་བསྟན་པའི་སྲོག་ཚུགས། སྡེ་ཡུལ་བའི་མངའ་ཐང་བསོད་ནམས་ཇེ་དར་ལ་འགྲོ་བཞིན་པ་རང་གཞན་གཉིས་ཀྱིས་མཐོང་བ་མངོན་འགྱུར་ཡིན་ན། འདི་དང་འདི་བཞིན་ད་རུང་མུ་མཐུད་པས་མི་ཚད། མྱི་རེ་རེ་བཞིན་སེམས་རྒྱུད་གཞན་ཕན་གྱི་སེམས་དང་མི་འབྲལ་བའི་ཐོག་ནས། བསམ་སྤྱོད་བཟང་བོའི་དཔེར་སྟོན་གྱི་མིག་ལྟོས་བཟང་པོ་ཞིག་གི་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་པ་རེད། དེ་བཞིན་དུ་ཕྱོགས་གཞན་གྱི་མི་སྣ་ཚང་མས་ཀྱང་ད་ཐེངས་ཀྱི་ཆོས་གྲལ་དུ་ཞུགས་ཏེ་བློ་སྒོ་གསར་བ་ཞིག་ཕྱེས་ནས། གུ་དོག་ཁོག་ཆུང་གི་རང་འདོད་ངན་ཞེན་གྱི་ཁོངས་ནས་མི་འདོད་སྣ་དགུ་ཡོང་གི་ཡོད་ན་འཇིག་རྟེན་བསྒྱུར་བཀོད་གཏོང་རྒྱུའི་ཁ་རྗེ་ནུས་སྟོབས་སུ་ལ་ཡང་མེད་ཀྱང་། རང་ཉིད་བཟང་བོའི་ལམ་ལ་འཇོག་པ་རང་ལག་ཡིན་པས་རང་སེམས་ངན་སྐྱོན་གྱི་མཚང་དེ་ཕུད་ནས་ཡ་རབས་བཟང་པོའི་བསམ་སྤྱོད་གསར་བས་དེའི་ས་དེ་བཟུང་བཞག་ན། རང་བདེ་བས་མི་ཚད་ཁྱིམ་བཟའ་ཚང་བདེ་ཞིང་སྐྱིད་པ། དེ་བཞིན་དུ་ཁོར་ཡུག་གི་གཉེན་ཉེ་ཁྱིམ་མཚེས་བདེ་བ་ནས་རྒྱ་བསྐྱེད་དུ་སོང་ན། དེ་བས་རྒྱ་ཆེ་བའི་ཡུལ་ཁམས་ཀྱི་བདེ་སྐྱིད་ཀྱི་འབྱུང་རྩ་ཡང་བསྐྲུན་མི་ཐུབ་པ་ཞིག་མ་རེད། ད་མི་འདོད་སྡུག་བསྔལ་ཐམས་ཅད་མྱི་རང་གི་བསམ་སྤྱོད་ཡང་མ་དག་པའི་ཁོངས་ནས་བྱུང་བ་ཡིན་པ་དེ་ལྷངས་ལ་བུད་དུས། བདེ་ཞིང་སྐྱིད་པའི་གཞི་རྩ་ཡང་མྱི་རང་གིས་བསྐྲུན་མི་ཐུབ་པ་ཞིག་མེད་པ་མངོན་དུ་གྱུར་བ་རེད། ནང་བཅུད་ཀྱི་སེམས་ཅན་གྱི་བསམ་སྤྱོད་ཡང་དག་པའི་ཕྱོགས་ལ་འགྱུར་བའི་དུས་སུ་ཕྱི་སྣོད་ནང་བཅུད་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་གཞི་ནས་ཟད་པ་ཡིན་པས་ན། གང་ན་བསམ་སྤྱོད་བཟང་པོ་ཅན་གྱི་མྱི་མང་ན་རྣམ་དཀར་བསོད་ནམས་བསགས་སྟོབས་ཆེ་ས་དེར་ཕྱི་སྣོད་ཀྱི་རྒུད་པ་ཡང་རང་ཤུགས་ཀྱིས་སོས་ནས་དག་ཞིང་མིན་རུང་དག་འདྲར་འགྱུར་རྒྱུའི་ཡུལ་ཁ་རིག་པ་རེད། མདོར་ན་འདིར་ཡོད་ཚང་མས་མ་འོངས་བདེ་ཞིང་སྐྱིད་པའི་འབྱུང་རྩ་སེམས་ཀྱི་ཡིད་བཞིན་ནོར་བུ་རིན་ཆེན་གྱི་གཏེར་མཛོད་དེ་ནང་རང་གི་སེམས་ལས་རྙེད་ཐབས་གྱིས་ཟེར་བ་འདི། རང་གཞན་འཕྲལ་ཡུན་གྱི་བདེ་ཐབས་འཛམ་གླིང་བསྐོར་བ་བརྒྱབ་རུང་མི་རྙེད་རྒྱུ་དེ་རིན་མེད་དུ་རང་རྒྱུད་ནས་རྙེད་ཐུབ་པ་རེད་ཟེར་བའི་གྲོས་མགོ་འདོན་པ་དང་བཅས་ཏེ། འདིའི་མཚམས་ནས་མགུར་དབྱངས་ཤིག་འཐེན་ནས་དེ་རིང་གི་ཆོས་མཚམས་འཇོག །

ད་ལོ་མགུར་དབྱངས་འཐེན་རྒྱུ་འདི་ཤྲཱི་སེང་ཆོས་གྲྭ་དང་དགོན་གྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་ནམ། བསླབ་བཙུན་སྡེ་སྣོད་འཛིན་པ་གང་སུ་ཡིན་རུང་བ་གཉིས་རེས་མགུར་དབྱངས་འཐེན་རྒྱུ་ཞུས་པ་རེད། དེ་རིང་སུས་འཐེན་རྒྱུའི་ཐུགས་ཁུར་མཛད་ཡོད་ན་རིམ་པ་བཞིན་དུ་མགུར་དབྱངས་འཐེན་རྒྱུ་ཡིན། རྫོགས་ཆེན་མཁན་པོ་རང་རིག་ནས་ཞབས་དཀར་བའི་སྐལ་ལྡན་གྱི་སྐྱེ་བུ་མང་བོ་ཞིག་ལ་ཞལ་གདམས་ཀྱི་མགུར་དབྱངས་ཚུལ་འདི་ལྟར་བསྩལ་ཏོ།།

རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་།།

སྟེང་སྤྱི་གཙུག་འཁོར་ལོ་རྒྱན་དུ་བཞུགས།།

གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་ཡི།།

བློ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས།།

ང་རྒྱལ་ཁམས་འགྲིམ་པའི་རྣལ་འབྱོར་བས།།

གདངས་སྙན་མོས་གླུ་དབྱངས་འདི་ལྟར་འཐེན།།

ངའི་ཕན་པའི་སྙིང་གཏམ་འདི་ཉིད་ལ།།

སྙན་ལྷན་ནེར་གསོན་དང་སྐལ་ལྡན་ཀུན།།

རྟེན་དལ་འབྱོར་མི་ལུས་རྙེད་པར་དཀའ།།

ཕྱིས་ཡང་ཡང་ཐོབ་པའི་དཔེ་མ་མཆིས།།

དུས་ད་རེས་ལན་གཅིག་ཐོབ་དུས་འདིར།།

ཚེ་སྟོང་ལོག་མ་བྱེད་སྐལ་ལྡན་ཀུན།།

དཔེ་གསོད་སར་འཁྲིད་པའི་བཤའ་ལུག་བཞིན།།

ཉིན་རེ་རེ་སོང་གིན་འཆི་ལ་ཉེ།།

དེ་ཡུན་རིང་སྡོད་པའི་གདེངས་མ་མཆིས།

ཚེ་མི་རྟག་སོམས་ཞིག་སྐལ་ལྡན་ཀུན།།

ནོར་མི་རྟག་རྩྭ་ཁའི་ཟིལ་བ་འདྲ།།

ཡུན་རིང་བོར་མི་རྟག་མྱུར་དུ་འཛད།།

སེམས་ཆགས་ཞེན་སེར་སྣ་མ་ཆེ་བར།།

ཀུན་ཆོས་ཕྱོགས་ཐོངས་དང་སྐལ་ལྡན་ཀུན།།

ཁྱིམ་བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ།།

ཡུན་རིང་བོར་མི་སྡོད་སོ་སོར་གྱེས།།

ཚེ་ཕྱི་མའི་ཡུལ་ལ་མྱུར་དུ་འགྲོ།།

ད་མཐུན་པར་འགྲོགས་ཤིག་སྐལ་ལྡན་ཀུན།།

དགྲ་ཚེ་རབས་སྔོན་མའི་ཕ་མ་ཡིན།།

ཚེ་འདི་རུ་སྐྱོང་ཤེས་འདོད་ན་ཡང་།།

ཡུན་རིང་བོར་མི་སྡོད་ཁོ་ཡང་འཆི།།

སེམས་ཞེ་སྡང་མ་བྱེད་སྐལ་ལྡན་ཀུན།།

ཚེ་ཕྱི་མའི་ཡུལ་ལ་འགྲོ་བའི་ཚེ།།

མར་ངན་སོང་གསུམ་གྱི་སྡུག་བསྔལ་དེ།།

རང་ཐོག་ཏུ་བབས་ན་བཟོད་པར་དཀའ།།

ལས་མི་དགེ་སྤོངས་ཤིག་སྐལ་ལྡན་ཀུན།།

ཡར་མཐོ་རིས་ཐར་བའི་གནས་མཆོག་འདིར།།

བགྲོད་ནུས་ན་གཏན་དུ་བདེ་ཞིང་སྐྱིད།།

དེ་བགྲོད་པའི་ཐབས་མཆོག་ལྷ་ཆོས་ཡིན།།

ཆོས་དགེ་བ་སྒྲུབས་ཤིག་སྐལ་ལྡན་ཀུན།།

སྐྱབས་བསླུ་བ་མེད་པ་དཀོན་མཆོག་ལ།།

དུས་ནངས་ནུབ་ཀུན་ཏུ་སྐྱབས་འགྲོ་གྱིས།།

སེམས་བཟང་ན་ཅི་བྱེད་ཆོས་སུ་འགྲོ།།

ཡར་སེམས་བསྐྱེད་མཛོད་ཅིག་སྐལ་ལྡན་ཀུན།།

ཚོགས་རྫོགས་ཤིང་སྒྲིབ་པ་ཀུན་སྦྱོངས་པའི།།

ཐབས་མནྜལ་ཡིག་བརྒྱ་ནན་ཏན་གྱིས།།

རྗེ་བྱིན་རླབས་ཅན་གྱི་བླ་མ་ལ།།

རང་གསོལ་བ་ཐོབས་དང་སྐལ་ལྡན་ཀུན།།

བོད་ཁ་བ་ཅན་གྱི་ལྷ་སྐལ་མཆོག།

ལྷ་འཕགས་པ་སྤྱན་རས་གཟིགས་དབང་སྒོམས།།

ཆོས་ཀུན་གྱི་སྙིང་པོ་མ་ཎི་ཡིན།།

དུས་རྒྱུན་དུ་བསྒྲོངས་ཤིག་སྐལ་ལྡན་ཀུན།།

བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན།།

དྲིན་ཆེ་བ་ཨོ་རྒྱན་པདྨ་ཡིན།།

ལྷ་གཞན་ལས་ཐུགས་རྗེ་བྱིན་རླབས་མྱུར།།

དེ་གསོལ་བ་ཐོབས་ཅིག་སྐལ་ལྡན་ཀུན།།

དུས་སྙིགས་མའི་སེམས་ཅན་བསོད་ནམས་ཆུང་།།

ནོར་དགྲ་འདྲེ་འབོད་པའི་གཡབ་མོ་ཡིན།།

གཞན་ནོར་ལ་བརྣབ་སེམས་མ་ཆེ་བར།།

སེམས་ཆོག་ཤེས་བསྟེན་ཞིག་སྐལ་ལྡན་ཀུན།།

མི་སྐྱོན་མེད་ཡོན་ཏན་ལྡན་པ་དེ།།

ད་དུས་ཀྱི་དབང་གི་དཀའ་མོ་གདའ།།

གྲོགས་གཞན་གྱིས་སྐྱོན་ལ་མ་རྟོག་པར།།

ཀུན་གོང་དུ་བཀུར་ཅིག་སྐལ་ལྡན་ཀུན།།

རང་དམན་ས་ཟུངས་ལ་དགེ་སྦྱོར་གྱིས།།

དགེ་གང་བྱས་རྣམས་ཀྱི་མཇུག་དེ་ལ།།

བསྔོ་སྨོན་ལམ་རང་གིས་གང་ཤེས་ཐོབས།།

དགེ་འཛིན་མེད་འཕེལ་ལོ་སྐལ་ལྡན་ཀུན།།

གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས།།

མ་འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག།

ཡུལ་འདི་རུ་བཀྲ་ཤིས་ཡོངས་ཁྱབས་ཤིང་།།

བཀྲ་ཤིས་པས་ས་གསུམ་ཁྱབ་གྱུར་ཅིག།


previousཉིན་དང་པོའི་ཆོས་ཁྲིད། next