Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

དེ་ཡང་ཨོ་རྒྱན་རིན་པོ་ཆེས། ཡུན་ཐུང་ཚེ་ཡི་ཕྱེད་ཙམ་གཏི་མུག་གཉིད། །ཕྱེད་ཀྱང་སུམ་གཉིས་རྣམ་གཡེང་འདུ་འཛི་སྟེ། །སུམ་ཆ་གཅིག་ལ་བར་ཆད་རྐྱེན་དབང་མང་། །དེ་ཕྱིར་འདུ་བྱེད་སྟོན་ཁའི་སྤྲིན་ལྟར་གཡོ། །ལང་ཚོ་ལྡན་པའི་ལུས་སྲོག་མྱུར་དུ་འཇིག །དེ་ཕྱིར་ཕན་པའི་ཐབས་ལ་བརྩོན་པ་གཅེས། །ཞེས་གསུངས་ཡོད་པ་རེད། དེ་ལྟར་གསུངས་ན་ལོ་རྒན་གཞོན་དར་མ་གསུམ་གྱི་ནང་གི་སུའི་ཚེ་རིང་ཤེས་ནི་མ་རེད་དེ། ད་ལོ་ཉུང་འདྲ་ཚོས་ཚེ་ཡི་རིང་ཆགས་བྱེད་དུས། ད་རང་རེའི་ནང་གི་ཕོ་མོ་གང་ཡིན་རུང་ན་ཚོད་དར་མ་ལོ་གྲངས་སུམ་ཅུ་ཅན་ཞིག་ལ་ཆ་བཞག་ན། ལོ་གྲངས་སུམ་ཅུ་ཅན་གྱི་མྱི་དེ་ཚེ་མཐར་ཕྱིན་ལོ་གྲངས་བརྒྱད་ཅུ་ཐམ་པའི་བར་དུ་བརྟན་འགྲོ་བ་ཅན་ཞིག་ཡིན་ན། ད་རུང་མྱི་ལོ་ལྔ་བཅུ་ཐམ་པ་འདུག་ལོང་ཡོད། དེ་ཡང་ཡུན་ཐུང་ཐུང་ཞིག་མ་རེད་རིང་པོ་ཞིག་རེད། སྐྱིད་ལོང་སྡུག་ལོང་གཉིས་ཀ་ཡོད་ཀི་བསམ་རྒྱུ་ཞིག་ཡིན་རུང་། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་གསུངས་ལུགས་ལྟར་ན། མྱི་ཚེ་ཕྱེད་ཀ་མལ་སའི་ནང་ནས་དྲན་མེད་ནག་ཐོམ་མེའི་ངང་ཟད་འགྲོ་བ་རེད་གསུངས་དུས་ཚེ་ཕྱེད་མལ་ས་ནས་ནག་ཐོམ་མེར་གཉིད་ནས་ཅི་ཡིན་འདི་ཡིན་མ་གོ་བར་ཟད་སོང་བ་ཕུད་ཤུལ་ན། ད་རུང་ལྔ་བཅུའི་ནང་གི་ཉི་ཤུ་རྩ་ལྔ་ལྷག་ཡོད་ནའང་། ཉི་ཤུ་རྩ་ལྔ་ལྷག་པ་དེའི་སུམ་གཉིས་རྣམ་གཡེང་འདུ་འཛིའི་དབང་ལ་ཤོར་འགྲོ་གསུངས་དུས། རྣམ་གཡེང་འདུ་འཛིའི་ངང་ནས་གར་སོང་འདིར་སོང་མི་གོ་བར་ཟད་འགྲོ་གསུངས་པ་རེད། བརྒྱད་གསུམ་ཉི་ཤུ་རྩ་བཞི་རེད་། ལོ་ཉི་ཤུ་རྩ་ལྔ་ཚོ་གསུམ་ལ་འཕངས་ན་དེ་རེ་རེ་ལ་ལོ་བརྒྱད་ལྷག་ཙམ་རེ་ཡིན་ན། དེའི་སུམ་གཉིས་ཀྱི་བརྒྱད་གཉིས་བཅུ་དྲུག་ལྷག་ཅིག་རྣམ་གཡེང་འདུ་འཛིའི་ནང་ལ་བུད་སོང་བ་རེད། དེའི་ཤུལ་ན་སུམ་ཆ་གཅིག་རྐྱང་བ་ལུས་རྒྱུ་བོ་དེ་ལོ་བརྒྱད་ཙམ་རེད། ལོ་བརྒྱད་ཀྱང་ཡུན་ཉུང་ཉུང་ངོ་མ་ཞིག་མ་རེད་དེ། ད་ལོ་བརྒྱད་པོ་དེ་བར་ཆད་རྐྱེན་གྱིས་དབང་དུ་མ་བསམ་ས་ནས་འགྲོ་རྒྱུ་མང་གསུངས་ཡོད་པ་རེད། ད་ང་རང་ཚོའི་གནས་སྟངས་ངོ་མའི་དབང་དུ་བཏང་ན་ལོ་རེའི་ནང་ལ་བསམ་བློ་བཏང་ནའང་། རང་དང་ཁྱིམ་མི། དེ་མིན་གཉེན་ཉེ་དགའ་མཛའ་གཅིག་ལ་མིན་རུང་གཅིག་གི་སྟེང་ལ། ན་རྒྱུ་ཚ་རྒྱུ་གྱོང་གོད་ཁ་དགྲ་གྱོད་ཁ་མཆུ་ལ་སོགས་པ་རྐྱེན་ངན་སྣ་ཚོགས་ཡོང་རྒྱུ་མང་བ་ཡིན་ན། རང་ཉིད་ངོ་མའི་ལུས་ཐོག་ལ་མ་ཡོང་ནའང་། རང་གི་ལུས་ཐོག་ཏུ་འོང་བ་དང་ཁྱད་མེད་པའི་མི་འདོད་སྣ་ཚོགས་ཀྱིས་བདེ་བདེ་ཞིག་མིག་གིས་རིག་རྒྱུའི་དུས་ཚོད་ཉུང་གི་ཡོད་པ་རེད། ད་རུང་དེའི་མི་ཚད་པར་ཁྱིམ་ཞིག་བཟུང་མྱེ་ཞིག་བུས་ན། ཁྱིམ་བཟའ་བའི་ཁ་གསོ་རྒྱབ་འགེབ། ཟས་གོས་ཉེར་སྤྱད་ཀྱི་དོན་ལ་དཀའ་ལས་ཤིག་མ་བརྒྱབ་པར་འབད་མེད་ལྷུན་གྲུབ་ཅིག་གང་ནས་བབས་ཡོང་། དེ་རིང་ཁ་སང་གི་དུས་ལ་ཡང་སྒོས་དགོས་རྒྱུ་མང་བ་རེད། ཆོག་ཤེས་མེད་པའི་མྱི་ཞིག་གི་འདོད་ཁ་གང་རྒྱུ་མ་དགོས་ཤུལ་ན་ལུས་རྒྱུ་མེད་པ་ཞིག་དགོས་པ་དེས་ཕྱིར་ན། འཇིག་རྟེན་འཁོར་བའི་གནས་ཀྱི་འདུ་བྱེད་སྣ་ཚོགས་བདེ་སྡུག་ལས་ཀྱི་རི་མོ་དེ་སྟོན་ཁའི་སྤྲིན་ལྟར་དུ་གཅིག་གི་ཐོག་ལ་བརྟན་པ་མིན་པར་གཡོ་བའི་རང་བཞིན་ཅན་ཡིན་པའི་སྟབས་ཀྱིས། ད་ལྟ་སྐབས་ཅིག་ལ་ལང་ཚོ་རྒྱས་པའི་རྟེན་ཤ་དར་ཁྲག་སྙོམས་ཀྱི་སྐབས་ཡིན་རུང་། དེ་ལ་ཡིད་རྟོན་དང་བློ་གཏད་མེད་པར་མྱུར་དུ་འཇིག་པའི་ཆོས་ཅན་ཡིན་པ་རེད། སུ་ཡིན་རུང་ཡུན་རིང་འདུག་པའི་འདང་རྒྱག་དང་ཚོད་རྩིས་བྱེད་ཐབས་མེད་པ་ཏག་ཏག་ཡིན་པས་ཁ་ཡི་ཐེབས་མི་ཐེབས་ཅི་ཡང་ཡོད་པ་མ་རེད། མདོར་ན་ཤི་ཆས་ཤིག་གྲ་སྒྲིག་གྱིས་གསུངས་གི་ཡོད་པ་རེད། ཤི་ཆས་གྲ་སྒྲིག་ཤི་དུས་ཕན་ཐོགས་ཅན་པོ་གང་ཡིན་ན་དེར་འབད་བརྩོན་གྱིས། དེ་ལ་འབད་པ་བྱས་ན་དེ་ནི་བྱས་པ་ཐམས་ཅད་ཀྱི་མཆོག་རེད་གསུང་གི་ཡོད་པ་རེད། ཨོ་རྒྱན་རིན་པོ་ཆེས། ད་དུང་དེའི་འཕྲོར་ཟས་ནོར་གྲོ་ཟན་གཅིག་དང་འགྲོགས་དབང་མེད། །མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོ། །ཞེས་གསུངས་པ་རེད། སྤྱིར་གངས་ཅན་བོད་ལ་སློབ་དཔོན་ཆེན་པོ་བཀའ་དྲིན་ཆེ་བ་རེད། སྒོས་སུ་ང་རང་ཚོ་གསང་ཆེན་སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཞིག་ལ་རྒྱལ་བ་དངོས་བྱོན་རྒྱལ་བའི་དབང་པོ་སློབ་དཔོན་པད་འབྱུང་ལས་དད་ཅིག་སུ་ཡོད། དེས་གསུངས་པ་ལ་ཐུགས་ཅིའི་མི་དག ཡིད་ཅི་ལ་མི་ཆེས་ཏེ། ད་ཤི་བའི་ཉི་མ་ཐོག་ལ་ཐོན་པ་ཞིག་ཚེས་བཞག་དུས། ཟ་རྒྱུའི་ཟས་དང་འཚག་རྒྱུའི་རྒྱུ། གདགས་བྱའི་རྒྱན་གོས་ཡོ་བྱད་མ་དགོས། ཐ་ན་ལམ་ཆས་གྲོ་ཁ་ཙམ་ཞིག་ཀྱང་ཁྱེར་དབང་མེད་པས་མི་ཚད་ཁྱིམ་བཟའ་བ་གང་གཅེས་གང་དམར་དེ་དག་ཤུལ་ལ་བཞག་ནས། ཤི་གསོན་གཉིས་ཀས་ཕར་བལྟ་ཚུར་བལྟ་བྱེད་ཞོར་སྐྱོ་བས་སྡུག་གི་མཆི་མ་ཐར་ཐར་དྲུད་ནས། ཐ་ན་རང་ལུས་ཡང་ཤུལ་ལ་བཞག་སྟེ་མར་གྱི་ནང་ནས་སྤུ་བཏོན་པ་ལྟར་འགྲོ་དུས། ཆོས་དགེ་བའི་འགྲོ་རྟེན་འདི་ཡོད་ཐལ་བསམ་རྒྱུ་ཞིག་རང་ལ་མེད་པ་ཡིན་ན། དེ་དུས་ཤི་བར་དོ་ཟེར་བའི་འཇིགས་སྐྲག་ཅན་གྱི་འཕྲང་ནང་ལ་ཐོན་དུས། ཡ་ང་བའི་གཡང་ས་གསུམ་ཡོད་པ་རེད། འཇིགས་པའི་སྒྲ་བཞི་ཡོད་པ་རེད། མ་ངེས་པའི་རྟགས་དྲུག་ཚོ་ཐོན་ཡོང་དུས་གདོང་ལེན་ཅི་ཞིག་གིས་བྱེད་འདང་ཡོད། སྤྱིར་བར་དོའི་རྣམ་ཤེས་རྟེན་མེད་གནས་མེད་བྱ་སྤུ་རླུང་གིས་བསྐྱོད་པ་འདྲ་བ་རྟེན་ས་འཁྲི་ས་མེད་པ། སྐྱོ་ཆད་དེ། འཇིགས་ཡེར་རེ། གང་ལ་སོང་ནའང་ཕྱོགས་ཐམས་ཅད་མུན་ནག་གི་སྣང་བ་ཅན་ཡིན་གསུངས་པ་རེད། ཁྱད་པར་དུ་ཡ་ང་བའི་གཡང་ས་གསུམ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་གྱུར་བའི་སྐྱ་ཆད་དེ་བ། ནག་ངམ་མེ་བ། དམར་ཟིང་ངེ་བ་སོགས་འཇིགས་སྐྲག་གི་སྣང་བ་ཤར། འཇིགས་པའི་སྒྲ་བཞི་དང་མ་ངེས་པའི་རྟགས་དྲུག་ཤར་ཡོང་དུས། ཆུ་ཆེན་པོའི་རྦ་ཀློང་དྲག་ཏུ་འཁྲུགས། ཐོག་སེར་བ་གློག་དམར་དང་འབྲུག་སྒྲའི་གནམ་ས་གང་བའི་སྣང་བ། ཁ་ཆར་བུ་ཡུག་འཚུབ། རླུང་དམར་དྲག་པོ་གཡུག་མཚོན་ཆ་སྣ་ཚོགས་ཀྱི་ནང་ནས་མི་ཐར་བའི་སྣང་བ། གཅན་གཟན་གདུག་པ་ཅན་དང་གཤེད་མ་མཚོན་ཆ་ཅན་གྱིས་བདས་ཡོང་བའི་སྣང་བ་ཤར། དེ་དུས་ལས་ཀྱི་བུ་ཆུང་དཀར་ནག་གཉིས་ཀ་ཟེར་བའི་མཉམ་པར་འགྲོགས་པའི་ལྷ་བདུད་གཉིས་ཀས་ལས་ཀྱི་རྡེའུ་དཀར་ནག་གི་རྩིས་གྲངས་བགྲང་། གཤིན་རྗེ་རྒྱལ་པོའི་མདུན་ནས་ལས་ཀྱི་མེ་ལོང་སྲིད་གསུམ་དུས་གཅིག་ལ་ཤར་བ་བསྟན་ཡོང་བའི་སྣང་བ་ཤར་དུས། ང་ཚོས་བར་དོའི་སེམས་ཅན་སྐེ་དེ་བས་ཕྲ་ན་ཡི་དྭགས་དང་ཉམ་དེ་བས་དམའ་ན་བྱོལ་སོང་ཟེར་བ་ཅན་པོ་དེ་དུས་ངོ་མ་ཉམ་ཐག་ཡིན་ནི་རེད། དེ་དབང་མེད་བར་དོའི་སེམས་ཅན་བྲོས་ན་བྲོ་ས་མི་རྙེད། གབ་ན་གབ་ཁུང་མི་ལོན་ནི་རེད། ངོ་ཤེས་ས་གཤིན་རྗེའི་ལས་མཁན་མ་གཏོགས་རིག་རྒྱུ་མེད་པས། སྐྱབས་དང་རེ་ས་མགོན་དང་དཔུང་གཉེན་འབོད་ཡོང་ས་ཞིག་མེད་སའི་ཐོག་ལ་ཐོན་དུས། ད་གསོན་གྲང་ང་ཁམས་ཀྱི་ཚེ་འདིའི་སྡིག་པ་བསགས་པས་མི་ཚད་པའི་ཚེ་རབས་སྔོན་མ་ནས་སྡིག་པ་མ་བྱང་བའི་རྣམ་སྨིན་གྱི་རིགས་ལན་གྲངས་གཞན་ལ་མྱོང་འགྱུར་ཅན་ཅི་འདྲ་ཡོད། དེ་ཐམས་ཅད་དང་ཚང་མས་གཅིག་མནན་དུས། གཤིན་རྗེའི་སྐྱེས་བུ་དམྱལ་བའི་ལས་མཁན་སྟག་གཟིག་དོམ་དྲེད་ལ་སོགས་པའི་མགོ་བརྙན་སྣ་ཚོགས་ཅན་ཏག་ཏག་གིས་རྒྱོབ་སོད་གཉིས་ཀྱི་ཀི་སྒྲ་ཧ་དིར་དང་བཅས་ཏེ། ཚ་གྲང་དམྱལ་བའི་སྡུག་བསྔལ་གང་མྱོང་དགོས་པ་དེའི་ཕྱོགས་ལ་དེད་སོང་དུས་སྐྱབས་རེ་ས་དམ་པའི་ཆོས་ལས་མེད། དེ་དུས་ཤུལ་ན་ཡོད་པའི་མིའི་དགེ་བའི་ར་མདའ་ལྷད་མེད་སྟོབས་ཆེན་ངོ་མ་ཐིག་ཐོག་ལ་ཞོག་ནི་ཞིག་མངགས་ཡོང་ན། ཆུ་བོའི་བཞུར་ཁ་བསྒྱུར་བ་དང་འདྲ་བར་ལས་ངན་པ་བསགས་རུང་དགེ་རྩ་སྟོབས་ཆེན་གྱིས་བསྒྱུར་རྒྱུ་ཡོད་རྒྱུ་རེད། རེད་དེ་རང་དབང་རང་ལག་ལ་ཡོད་པའི་དུས་སུ་རང་ངོ་མས་སྔོན་བསགས་བྱས་པ་ཞིག་མེད་དུས། དེ་དུས་ཤུལ་ན་ཡོད་པའི་མིས་དགེ་བའི་ར་མདའ་ཞིག་མངགས་ཡོང་བར་རེ་དུས་ཅུང་ཟད་དཀའ་བ་རེད། ཤི་གསོན་བསམ་པ་ཁ་ཁ་བདུན་རེའི་རྒྱབ་ནས་གསོན་པོས་རང་གི་འདུག་ཆས་ཀྱི་ཤུགས་ཆེ་རུ་སོང་དུས་རྗེས་ནས་དགེ་རྩ་ཕན་ཐོགས་ཅན་ཞིག་ཡོང་རྒྱུའི་རེ་སྒུག་བྱས་ཀྱང་དཀའ་བ་རེད། ཕོ་རང་ལ་མེད་པའི་རྒྱབ་སོ་ནས་གྲོགས་རིལ་མ་མགོ་ཡིས་སྐྱོབ་ཡོང་བསམ་རྒྱུ་ཡོད་མ་རེད། ཕོ་ཁྲམ་པས་ཁྲམ་པ་བསླུས་དུས་བགད་ཀྱིན་བགད་ཀྱིན། མོ་ཁྲམ་པས་ཁྲམ་པ་བསླུས་དུས་ངུ་བཞིན་ངུ་བཞིན་ཟེར་བ་ལྟར་བསླུ་བ་རེད་བདེན་མཐའ་དེ་འདྲ་རྟག་ནི་མ་རེད། ཕོ་རང་ལ་ཨེ་ཡོད་དེ་དུས་རེད། དེ་དུས་མེད་དུས་མེད་པ་རེད། གསོན་ཚེ་འདིའི་བདེ་སྐྱིད་མངོན་མཐོའི་འབྱོར་བ་ཆེ་ཚད་ཆུང་མིན་ཞིག་ཡོད་ཁྱིམ་བཟའ་ཚང་ཁ་རུག་འཛོམས། འདི་ལྟ་བུའི་ཚེ་དམ་པའི་ཆོས་ལ་འབད་པ་བྱས་ནས་རང་མགོ་རང་གིས་ཐོན་པ་ཞིག་གྱིས་མ་གཏོགས། འཕོ་འདེབས་བླ་མ་གདན་འདྲེན་ཞུས་རུང་ང་འདྲ་བའི་བླ་མ་མྱི་མགོ་མ་དགོས་རང་མགོ་ཐོན་པའི་གདེངས་ཚད་དེ་འདྲ་མེད་པ་ཅན་པོས་སྙིང་རྗེའི་དབང་གིས་གསོལ་འདེབས་སྨོན་ལམ་རེ་དང་གཟུངས་སྔགས་ཟབ་མོ་རེ་སྒྲོག་རྒྱུ། འཕོ་བའི་དམིགས་རིམ་རེ་འདོན་ཁུལ་ལོས་བྱེད་དང་མོད། དེ་ཡང་མཐོང་ལམ་གྱི་བདེན་པ་མ་ཐོབ་ན་མི་གཞན་ལ་འཕོ་བ་འདེབས་སྔ་མ་བྱེད་གསུངས་ཚུལ་ལ་བལྟས་ཡོང་ན། ཕན་ཐོགས་ཆེན་པོ་ཞིག་ཡོད་དཀའ་བ་ཨེ་ཡིན་ཅི་ཤེས་བསམ། ཕན་ཐོགས་བྱུང་ཨེ་ཡོད་མི་ཡོད་དེ་མ་ཐག་ཚུར་སླེབས་ཏེ་བལྟ་ཆོག་པ་འདྲ་ཞིག་མེད་ན་མི་ཤེས་པ། དེ་བས་ན་སང་ཉིན་ཙམ་ཡང་མི་འཆིའི་གདེངས་ནི་མེད། རྟག་ཏུ་སྡོད་གྲབས་བྱེད་པ་བདུད་ཀྱིས་བསླུས། །གཤིན་རྗེའི་ཕོ་ཉ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་གཡབ་གླིང་པ་མཁྱེན། །ཞེས་གསུངས་པ་དེ་ངེད་ཚོའི་རྒྱུན་འདོན་རེད། ཡིན་ཡང་སང་ཉིན་ད་མི་ཤི། མི་ཤི་སེམས་ཐག་ཡིན། དེ་རིང་ན་མེད་པས་སང་ཉིན་ཅིའི་ཕྱིར་ཤི་ཡོད་བསམ་ཁུལ་བྱེད་མོད། རེད་ད། སང་ཉིན་ལ་ཟད་རྒྱུ་ཡོད་པ་མ་རེད། སང་ཉིན་གྱི་རྗེས་ལ་སང་ཉིན་ཡོང་རྒྱུ་མང་དུས། སང་ཉིན་ཐག་ཉེ་རེད་བསམ་ས་ནས། སང་ཉིན་ཞིག་ཚེས་ལོངས་མ་བྱུང་གོང་ཤི་བ་སྔོན་ལ་ཐོན་རྒྱུ་ངེས་པ་ཅན་ཡིན། དེའི་སང་ཉིན་དེ་ནམ་གི་སང་ཉིན་ཡིན་སུས་ཤེས། དེ་ཤེས་རུང་མ་ཤེས་རུང་འགྲོ་དགོས་པ་ཐོད་པའི་ཐིག་ཚད་ཡིན་དུས། འགྲོ་ཆས་སྔོན་ལ་བྱས་ནས་གྲ་སྒྲིག་ཚར་ན་དགའ་དགའ་རེད། དུས་ཚོད་ལྷག་མོ་ཡོད་ན་སེམས་བདེ་བའི་ཐོག་ནས། དགའ་དགའ་སྐྱིད་སྐྱིད་བྱས་ནས་བདེ་བདེ་འདུག་ཆོག མི་དགོས་ཉིན་པར་ཚགས་ཚུད་བྱས་ན་དགོས་པའི་ཉིན་པར་ཤར་སེ་ཡོད་ཟེར་བ་ལྟར་རེད། དཀའ་ལས་སྔོན་ལ་བརྒྱབ་ནས་སྐྱིད་པོ་གཞུག་ནས་མྱོང་བ་མྱི་འདང་རྒྱག་ཅན་གྱི་ལས་ལུགས་ཡིན་རེད། དེ་འཇིག་རྟེན་གྱི་བྱ་བའི་ཐད་ནས་ཚོད་ཐོག་ལ་འཇོག་ཐུབ་དགོས་མ་གཏོགས། མི་ཚེ་རིང་བའི་དབང་དུ་ཚད་ཤིང་བཞག་ཆེ་ནས་འདུག་ཆས་ཏག་ཏག་བྱས་པའི་ཚེ་འདུག་ལོངས་མ་སྟེར་བ་ཕལ་ཆེ་བ་རེད། ཁྱིམ་བཟའ་ཚང་གང་བོའི་སུ་སྔོན་ལ་སོང་། སུ་རྗེས་ལ་ལྷག་ནའང་། རང་རང་རང་མགོ་ཐོན་པའི་ཆོས་རེ་ཡོད་བསམ་པ་ཞིག དེས་མི་ཚད་གཉེན་ཉེ་རིང་ངོ་ཤེས་བཟང་ས་འདི་དག་ཀྱང་སྡུག་པོ་འོང་རྒྱུ་མ་རེད་བསམ་པ་ཞིག་བྱུང་ན། ངེད་ཚོའི་འཇིག་རྟེན་མིའི་སྐྱེས་བུ་ཆུང་ངུའི་བློ་ཅན་གཞན་ཕན་གྱི་བསམ་བློ་རྒྱ་ཆེན་མེད་པ་ཞིག་གིས་བློ་བདེ་སེམས་བདེ་ཡིན་ཆགས་རེད་མོད། དེས་ན་ཆོས་སྒྲུབ་པའང་སང་ཉིན་གྱི་སྔོན་ལ་སྒྲུབ་རྒྱུ་དེ་མགྱོགས་དགོས་པ་རེད། དུས་ད་ལྟ་སྒྲུབ་དགོས་པ་རེད། ཆོས་ད་ལྟར་བསྒྲུབ་ན་སང་ཉིན་གྱི་སྔོན་ལ་ཆོས་འགྲུབ་ཐུབ་སོང་བ་རེད། སང་ཉིན་གྱི་སྔོན་གང་རེད་ཅེ་ན། དེ་རིང་རེད། དེ་ཡང་དེ་རིང་ལ་ཡང་སྔ་ཕྱི་དྲོ་ཡོད་པ་རེད། སྔ་དྲོའི་ལས་ཀ་ཕྱི་དྲོར་མ་འཇོག་པར་ད་ལྟ་བསྡད་ཡོད་ན་ཡོད་པའི་ཐོག ལང་ཡོད་ན་ཡོད་པའི་ཐོག་བྱ་བ་གཞན་བཏང་ནས་ཆོས་སྒྲུབ་དགོས་པ་རེད། དེས་ན་ཁྱིམ་ན་གནས་པའི་ཁྱིམ་པ་ཕོ་མོ་ཚོས་ཉིན་རེ་བཞིན་དུ་ཆགས་མེད་དུ་ལས་དགོས་རྒྱུའི་ལས་ཀ་བསྐྱུར་བའམ་ཁྱིམ་བསྐྱུར་ནས་ག་ཤེད་ཞིག་ལ་བུད་འགྲོ་དགོས་ནི་མ་རེད། དེ་ཡང་གནའ་སྔོན་མ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ན་བཞུགས་ཡོད་དུས་བཅོམ་ལྡན་འདས་ལ་རྒྱལ་པོ་ཞིག་གིས་ཞུས་ནས། ཁོ་འདྲ་བོའི་རྒྱལ་སྲིད་བསྐྱངས་ནས་ཁོམ་པ་མེད་པ་ཞིག་གིས་ཆོས་འགྲུབ་ས་མ་རེད། མ་གཞི་བཤད་ན་འདོད་ཡོན་སྤངས་ནས་ཆོས་སྒྲུབ་ཐུབ་ས་མེད་ཀི་ཞུས་དུས། བཅོམ་ལྡན་འདས་གྱིས་དེ་མི་སྐྱོན་གསུངས་པ་རེད། ཁྱོད་རྒྱལ་པོ་དོན་མང་བ་བྱ་བ་མང་བ་ཡིན་ན་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་གཞན་ལ་ཕན་པ་སྒྲུབས་དང་དེ་ཆོས་ཡིན་གསུངས་པ་བཞིན་དུ་ཁྱིམ་པས་ལས་ཀ་དང་མཉམ་དུ་ཆོས་སྒྲུབ་ཆོག་པ་རེད་ལ། ཆོས་སྒྲུབ་དགོས་པའང་རེད། ཆོས་སྒྲུབ་དུས་ཚེ་འདིའི་བདེ་སྐྱིད་དང་ཁ་བྲལ་དགོས་པ་མ་རེད། དཀའ་སྡུག་རྐྱང་རྐྱང་མྱོང་དུས་ཆོས་རེད་ཟེར་བ་དེ་ནི་ཕྱི་རོལ་མི་སྟེགས་པའི་ལུགས་རེད། ལུས་ཟེར་བ་དེ་མདོ་ལྟར་ན་ཐར་བར་བགྲོད་པའི་གྲུ་གཟེངས་ལྟ་བུ་དང་། སྔགས་ལྟར་ན་གདན་གསུམ་ལྷ་ཡི་དཀྱིལ་འཁོར་ཡིན་གསུངས་པ་རེད། འདི་ལ་དཀའ་སྡུག་གཏད་ནས་གོ་ཆོད་པ་མ་རེད། དེ་ན་རྒྱུ་ཕུད་དགོས་པ་ཡིན་ནམ་ཞེ་ན། རྒྱུ་ནོར་རྫས་བསག་དང་སྲུང་དང་བརླག་པའི་སྡུག་བསྔལ་ཅན་རྔུལ་ཆུའི་ཐིགས་པ་རེ་དང་བརྗེས་ནས་དཀའ་སྡུག་བརྒྱབ་ནས་བསགས་པ་དེ། ལས་སླ་མོ་ཞིག་གིས་བློས་ཐོངས་པ་མ་རེད་མོད། ཐོངས་རུང་རྒྱུ་ནོར་ཟང་ཟིང་གི་དགེ་བ་སྒྲུབ་པ་ནི་དགེ་བ་སྒྲུབ་ལུགས་ཀྱི་ནང་ནས་ཐ་མ་འདྲ་བོ་རེད། དེས་ན་དགེ་བ་སྒྲུབ་ལུགས་བཟང་ཤོས་གང་རེད་ཅེ་ན། ཁར་སང་བཤད་པ་ལྟར་སེམས་ཀྱིས་བསྒྲུབ་རྒྱུ་དེ་ཡིན། དེའི་འཕྲོ་ནས་ལུས་ངག་གིས་བསྒྲུབ་པ་དང་། དེ་ནས་ཟང་ཟིང་རྒྱུ་ནོར་གྱིས་བསྒྲུབ་པ་ཡིན་པས་ན་སེམས་ཀྱི་དགེ་བ་བསྒྲུབ་པ་ལ་སེམས་སྟོབས་ཀྱི་དབང་གིས་བློ་རྒྱ་ཆེ་ཆུང་གི་སྟོབས་ཀྱིས་བློ་ཆུང་དང་འབྲིང་དང་ཆེན་པོ་གསུམ་ལ་ལྟོས་ནས། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་རྣམ་བཞག་མཛད་ནི་ཡིན་ན། དེ་གསུམ་གྱི་བསམ་བློ་གཏོང་ལུགས་ཀྱི་ཀུན་སློང་མི་འདྲ་བ་གསུམ་གྱིས་རྒྱུ་དགེ་བ་སྒྲུབ་ལུགས་མི་འདྲ་བ་དང་འབྲས་བུ་བདེ་བ་འགྲུབ་ལུགས་མི་འདྲ་ཞེས་ཁ་སང་སྐྱབས་འགྲོའི་སྐབས་སུ་བཤད་པ་ལྟར་ཡིན། དེས་ན་ཇི་ལྟར་དགོས་ཞེ་ན། སྒོ་དད་པས་ཕྱེ་ནས་ལམ་ལོག་པ་ལས་ལྡོག་པའི་སྐྱབས་སུ་འགྲོ་བས་གཞི་བཟུང་བ་ཡིན་ན། ལམ་དམན་པ་ལས་ལྡོག་པའི་ཕྱོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་སུ་སོང་། སྐྱབས་གསུམ་སྔོན་དུ་འགྲོ་བའི་དགེ་བསྙེན་གྱི་སྡོམ་པ་གང་ཡང་རུང་བ་བླངས་པ་ཡིན་ན་ཐེག་ཆེན་སོ་ཐར་གྱི་སྡོམ་པ་ཡོད་སོང་བ་རེད། དེའི་སྟེང་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་ཡིན་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བཞག་ན་སངས་རྒྱས་ཀྱི་རིགས་སུ་ངེས་པའམ་སངས་རྒྱས་རྒྱུ་ཅན་པོའི་གྲལ་ལ་ཐོན་སོང་ནི་རེད། སངས་རྒྱས་ཀྱི་རིགས་སུ་ངེས་པས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བསྡུས་བཞག་ན་སེམས་ཅན་གྱི་གཞན་དོན་ཡིན། དེ་ལས་གཞན་དུ་སངས་རྒྱས་ཀྱི་མཛད་པ་ཞེས་ལོགས་སུ་གྱུར་བ་ཡོད་པ་མ་ཡིན་པས་གཞན་དོན་གྱི་ཆེད་དུ་སངས་རྒྱས་པ་ཡིན། དེ་བས་ང་རང་ཚོས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་སངས་རྒྱས་ཀྱི་རིགས་སུ་གཏོགས་སོང་དུས་དེའི་རིགས་ཀྱི་བྱ་བ་གང་ཡིན་དེ་སྒྲུབ་དགོས་པ་རེད། རིགས་ཀྱི་བྱ་བ་སངས་རྒྱས་ཀྱིས་ཅི་མཛད་ཡོད་པ་དེར་བསླབ་ནས། རྒྱལ་བའི་སྲས་ཀྱི་མིང་ཞིག་ཐོགས་ཡོད་པ་ལྟར་དུ་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་མཐར་ཕྱིན་པར་འབད་བརྩོན་བྱེད་དགོས་པ་རེད། གོང་དུ་ཁྱིམ་བཟའ་ཚང་གང་བོ་དགའ་ཉེ་ཤག་གསུམ་དང་བཅས་པ་གནས་སྐབས་ངན་སོང་ལ་མི་འགྲོ་བའི་ཞེ་ཚོད་ཅན་གྱི་དགེ་བའི་གྲོ་ཆས་རེ་འདང་ས་ཡོད་ཟེར་ནས་བློ་བདེ་བདེ་བྱེད་མོད། ད་བལྟས་ཡོང་ན་གླེན་འདང་བྱིས་པའི་བརྡོལ་གཏམ་ཞིག་རེད། ཚེ་འདིའི་ཕ་མ་དང་བུ་རྒྱུད་གཅེས་པ་ནང་བཞིན་ཚེ་སྔོན་མའི་ཕ་མ་བུ་རྒྱུད་དུ་གྱུར་བ་རྣམས་ཀྱང་གཅེས་དགོས་། འདིའི་ནང་ན་ཕ་མ་གནའ་ནས་འགྲོ་ཚར་མཁན་མང་རྒྱུ་རེད། དེའི་ཕ་མ་བླ་བདེ་དང་བླ་བདེ་མ་དེ་དག་གིས་མི་ལུས་རེ་བླངས་ཡོད་པའི་དབང་དུ་བྱས་ན། དེ་དག་གཞན་གྱི་བུ་རྒྱུད་དང་། ཡང་མིན་ན་གཞན་གྱི་ཕ་མ་རེད་ལོས་ཡོད། འདས་ཟིན་པའི་ཨ་མ་མངོན་སུམ་བཞིན་ཚུར་ལ་ཐོན་ཡོང་རྒྱུ་ཞིག་ཡོད་ནའང་ཤི་ནས་ལུས་རྟེན་བརྗེ་ཚར་བ་རེད། དེ་དུས་ཀྱི་དེ་མ་རེད་མོད། དེ་དུས་ཀྱི་ལུས་དེ་བྱ་ཁྱིས་ཟན་དུ་གྱུར་ནས་སྔར་ནས་སོང་ཚར་མོད། སྔོན་ལ་ཡོད་པ་འདིས་ཁྱེད་ཀྱི་སྔོན་གྱི་ཨ་མའི་རྣམ་ཤེས་ཀྱི་རྒྱུན་ཡིན་པས་ང་ཁྱོད་ཀྱི་ཨ་མ་ཡིན་ཞེས་བཤད་ཡོང་ནའང་། ད་ངོ་མི་ཤེས་པ་འདྲ་ཟིག་འགྱུར་ཡོད་པ་བསྟན་ཡོང་དུས། ཨ་མ་རང་གིས་ང་འདི་ཡིན་ཞེས་བཤད་ཡོང་དུས་མིན་རྒྱུའི་ཐེ་ཚོམ་ཞིག་ཞེ་ལ་ཤར་མི་སྲིད་པས་རང་གི་ཚེ་འདིའི་ལུས་ཤ་ཁྲག་མཆེད་སའི་མ་རྒན་དྲིན་ཆེན་མ་མིན་སྣང་ཤར་ས་མེད་མོད། ད་རང་གཞན་ཚང་མས་སྐྱེ་བ་ལུས་རྟེན་མང་པོ་བརྗེས་ཡོད་པས། སྔར་སྐྱེས་ཚད་ལ་དེའི་གྲངས་ཀྱི་ཕ་མ་ཡོད་པ་རེད། ཕ་མ་ས་ཆེན་པོའི་རྡུལ་གྲངས་ཀྱི་མི་ཚད་པས་སེམས་ཅན་རེ་རེས་ཕ་མ་བྱས་པ་བརྩི་ཚོད་མེད་པ་དེ་མཐོང་ཆོས་མངོན་གྱུར་དང་དེ་བཞིན་རིག་པས་བརྟགས་ཤིང་དཔྱད་ན་གྲུབ་པ་ཡིན། དེ་བས་ན་ན་ནིང་གི་ཨ་མ་དང་ད་ལོའི་ཨ་མ་ལྟ་བུའི་དུས་སྔ་ཕྱི། ལ་ཕར་རྒྱབ་ཀྱི་ཨ་མ་དང་ཚུར་ནང་ན་ཡོདཔའི་ཨ་མ་གཉིས་ཀ་ལྟ་བུའི་ཐག་རིང་ཐུང་ལ་ཁྱད་པར་མེད། དེ་ལྟ་བུའི་ཁྱད་པར་མེད་པ་བཞིན་གོང་གི་ཕྱོགས་དང་ཁྱེད་ཕྱོགས་ཅན་པོའི་བསམ་བློ་གཏོང་ལུགས་དེ། བློ་ཆུང་ན་བློ་ཆུང་བྱིས་པ་བསམ་མེད་ཀྱི་བསམ་བློ་རེད་ཡོད་པ་དེ་ལྟར་ཞིབ་མོས་བལྟས་ན་ཤེས་ཐུབ། མཐའ་ཡས་སེམས་ཅན་དེ་ཁྱིམ་གཅིག་རེད་དེ་ཚང་མ་ང་རང་གི་ཨ་མ་ཡིན་པ་ཤེས་སོང་དུས་ད་ནི་དེ་དག་བདེ་ལ་བཀོད་ཐབས་ཞིག་འགྲིག་ན། ང་རང་ལ་ཅི་བྱུང་ནའང་བྱུང་སྙམ་པའི་འདང་རྒྱག་རང་ཤུགས་ཀྱིས་ཡོད་ཡོང་བ་རེད། དེའི་ནང་ན་དགྲ་ཡང་ཡོད་པ་རེད་ཅེ་ན། རེད་མོད། སྔོན་གྱི་དགྲ་ད་ལྟའི་ཁྱེད་ཀྱི་བུ་ཚ་རྒྱུད་འདི་ཚོ་ཡིན་པ་དང་། ད་ལྟའི་བུ་ཚ་རྒྱུད་འདི་ཚོ་སྐྱེ་བ་རྗེས་མའི་དགྲར་འགྱུར་རྒྱུ་མང་བ་ནི། འཕགས་པ་ཀ་ཏ་ཡ་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །སྡང་པའི་དགྲ་བོ་པང་དུ་ལེན། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་འཆོར། །ཞེས་གསུངས་པ་བཞིན་ཡིན་པས། དགྲ་ངོ་མ་གཏན་གྱི་དགྲར་གྱུར་སོང་བ་ཞིག་ཡོད་པ་མ་རེད། ད་ལྟའི་དགྲ་འདི་ཡང་སྔར་བྱས་ཀྱི་གནོད་ལན་ཚུར་ལ་འཁོར་བ་ཡིན་པས་ན་རྒྱུ་མེད་ཀྱི་འབྲས་བུ་ཞིག་ག་ལ་ཡིན། འཇིག་རྟེན་གྱི་ཁམས་ན་ཕར་ལ་ཕན་བཏགས་ན་ཚུར་ལ་དགྲ་བྱེད་པ་མང་བ་འདི་ཡང་སྔར་གྱི་གནོད་ལན་འཁོར་བ་མིན་ན། ལས་མ་བསགས་པའི་རྣམ་སྨིན་ཞིག་གང་ནས་ཐོན་ཡོང་། དེས་ན་དགྲ་གཉེན་བར་མའི་འགྲོ་བ་ཐམས་ཅད་པོ་གཅིག་ན་མ་དང་གཉིས་ན་སྙིང་རྗེའི་ཡུལ་ཡིན་པས་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། དེ་ཡིན་ན་ང་རང་ཚོའི་དེ་རིང་བཤད་རྒྱུ་ཡང་སེམས་བསྐྱེད་ལ་ཐུག་ཡོད་པ་རེད། ད་ཁ་སང་བཤད་ལོངས་མ་བྱུང་བ་རེད། དེ་ཡིན་དུས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་དམ་པ་བསྒྲུབ་པའི་ཆེད་དུ་ཆོས་འཆད་ཉན་ལ་ཞུགས་པ་ཡིན་བསམས།།

ཨོཾ། ལམ་དམན་པ་ལས་ལྡོག་པའི་ཆེད་དུ་སེམས་བསྐྱེད་པ།

ད་དེ་རིང་གང་འཆད་བྱ་ནི་ངག་འདོན་ཤིན་ཏུ་བསྡུས་པ་བྱིན་རླབས་གློག་ཞགས་དེ་ཟེར་བ་ཡིན་ན། དེའི་གཞུང་དོན་གྱི་སྐྱབས་འགྲོ་ཡན་ཆད་སོང་ནས། ད་ནི་སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད། །ཞེས་པ་ལ་ཐུག་ཡོད་པ་རེད། དེ་ཡང་གོང་ནས་བཤད་མ་ཐག་པ་ལྟར་དུ་སེམས་ཅན་ཐམས་ཅད་ཟེར་ན་མཐའ་ཀླས་པ་ཞིག་སྟེ་ནམ་མཁས་གར་ཁྱབ་ལ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལ་ལས་དང་ཉོན་མོངས་ཀྱིས་ཁྱབ། ལས་ཉོན་གྱིས་གར་ཁྱབ་ལ་སྡུག་བསྔལ་རྣམ་གསུམ་གྱིས་མ་ཁྱབ་པ་མེད་པ་ཡིན་ན། ཕ་མར་གྱུར་བའི་སྙིང་རྗེའི་ཡུལ་གྱུར་གྱི་སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་དེ་དག་དང་བྲལ་བའི་མཐར་ཐུག་གཏན་གྱི་བདེ་བ་དམ་པར་འགོད་པའི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅེས་པ་ཡིན། བྱང་ཆུབ་ཟེར་བའི་ངེས་ཚིག་འགྲེལ་ན་སྒྲིབ་གཉིས་བྱང་ཞིང་མཁྱེན་པའི་ཡེ་ཤེས་དང་ཡོན་ཏན་ཁུང་དུ་ཆུད་པའི་རྣམ་མཁྱེན་མངའ་བ་ཞིག་སྟེ་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་རེད། གཞན་དོན་དུ་དེ་ཉིད་མངོན་དུ་བྱ་ཕྱིར། འགྲོ་མང་གི་མཐའ་དང་བསྐལ་མང་གི་ཡུན་སོགས་ལ་མི་སྐྲག་པར་སེམས་དཔའ་བའི་སྙིང་སྟོབས་ཀྱིས་བྱང་ཆུབ་མཆོག་ལ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཟེར་བ་རེད། དེ་ལྟ་བུའི་བྱང་ཆུབ་སེམས་དཔར་ཡོད་རྒྱུའི་བྱང་ཆུབ་ཀྱི་སེམས་དེ་ཉིད་བསྐྱེད་པར་བྱ་ཟེར་བ་ཡིན། ཐུན་མོང་ཐེག་པ་དང་མཐུན་པའི་བཤད་ཚུལ་གྱི་སྟེང་ནས་བཤད་ཡོང་ན། བདག་ཅག་གི་སྟོན་པས་བསྐལ་བ་གྲངས་མེད་གསུམ་གྱི་སྔོན་རོལ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་སོགས་པའི་དྲུང་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། གྲངས་མེད་གསུམ་གྱི་ནང་ནས་གྲངས་མེད་དང་པོ་ལ་ཚོགས་སྦྱོར། གཉིས་པ་ལ་མ་དག་ས་བདུན། གྲངས་མེད་གསུམ་པ་དག་ས་གསུམ་སྟེ་སློབ་པའི་ལམ་གྱིས་བསྡུས་པའི་ཚོགས་གཉིས་རྫོགས་པའི་མཐར། མི་སློབ་ལམ་མངོན་དུ་མཛད་ནས་སངས་རྒྱས་པ་ལྟ་བུ་རེད། དེ་ཡིན་ན་བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ་ཅི་ལྟ་བུ་ཞིག་ཡིན་ཞེ་ན། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་སྨོན་འཇུག་གི་བསྡུས་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་རེད།།

ཀ སྨོན་པ་སེམས་བསྐྱེད།

༡ སེམས་བསྐྱེད་ཀྱི་ངོ་བོ།

དེ་ཡིན་ན་སེམས་བསྐྱེད་འདི་ལ་ངོ་བོ་དང་དབྱེ་བ་ས་མཚམས་བཅས་ཀྱིས་གསུངས་ཡོད། སེམས་བསྐྱེད་ཀྱི་ངོ་བོ་ཇི་ལྟ་བུ་ཡིན་ཞེ་ན། དོན་གཉིས་ལྡན་པའམ་ཡང་ན་ཟུར་གཉིས་ལྡན་པའི་སེམས་བསྐྱེད་གསུངས་ནའང་ཆོག་རེད། དེ་གཉིས་ངེས་པར་དུ་ཚོགས་དགོས་ལ་དེ་གཉིས་མ་འཛོམས་དུས་སེམས་བསྐྱེད་ཡིན་ནི་མ་རེད། དེའི་ནང་གི་དོན་དང་པོའམ་ཟུར་དང་པོ་དེ་གང་རེད་ཟེར་ན། སྙིང་རྗེས་སེམས་ཅན་ལ་དམིགས་པ། གཉིས་པ་དེ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་རེད། དེ་ཡིན་ན་རྩ་བ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་སྟེང་ནས་བཤད་ཀྱིན་ཡོད། སྙིང་རྗེས་སེམས་ཅན་ལ་ཇི་ལྟར་དམིགས་དགོས་པ་རེད་ཅེ་ན། སེམས་ཅན་ཐམས་ཅད་མ་ཡིན་པ། ད་ལྟའི་མ་དང་ཁྱད་མེད་པར་མ་སེམས་ཅན་ཐམས་ཅད་དྲིན་ཆེན་རེད། དྲིན་ཤེས་པས་མི་ཚད་དྲིན་ལན་གསབ་འདོད་ཡོད་སོང་དུས། ད་རེས་སྟབས་ཡག་པོ་ཞིག་ཁེལ་ནས་ངས་ཕན་བཏགས་རྒྱུ་དང་ཐོགས་རྒྱུའི་ལམ་སྣེ་ཞིག་རྙེད་སོང་རེད། དེས་ན་འདིའི་ཐེག་ཆེན་མདོ་དང་སྔགས་ཀྱི་ལམ་འདི་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བ་ཞིག་བྱེད་དགོས་པས། དེ་ཡང་ཐབ་ནང་གི་མྱེ་མ་བསད་ན་ཐབ་སྟེང་གི་དུ་བ་ཆད་ཐབས་མེད་པ་བཞིན་འབྲས་བུ་སྡུག་བསྔལ་དེ་རྒྱུ་མི་དགེ་བ་དང་བྲལ་བ་ཞིག་བྱ་དགོས་འདུག་བསམ་ནས་དེའི་བསམ་པ་སྐྱེས་དགོས་ནི་རེད། སྙིང་རྗེས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་བྱ་བ་ལ་དམིགས་པ་དེའི་སྟེང་ལ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ། སེམས་ཅན་ཐམས་ཅད་པོ་མཐར་ཐུག་གཏན་གྱི་བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པ་དེ་རེད། བྱམས་སྙིང་རྗེ་ཙམ་ཞིག་སྐྱེས་པ་དང་བྱང་ཆུབ་ཀྱི་སེམས་གཉིས་ཁ་ཁ་རེད། མདོར་ན་ཐེག་པ་ཆེ་ཆུང་ཤེས་རབ་དང་སྙིང་རྗེ་ཡི་ཁྱད་པར་ཕྱེས་པ་ཡིན། ཐེག་པ་ཆུང་ངུའི་ཤེས་རབ་ཆུང་བ་ཡིན་པས་བདག་མེད་གཉིས་ཀ་རྟོགས་མི་ཐུབ། སྙིང་རྗེ་ཆུང་བས་གཞན་ཕན་རླབས་ཆེན་སྤྱོད་པར་མི་ནུས། ཐེག་པ་ཆེན་པོའི་གང་ཟག་ཤེས་རབ་ཆེ་བས་ན་བདག་མེད་གཉིས་རྟོགས་ནུས་པ་དང་། སྙིང་རྗེ་ཆེ་བས་ཞུམ་པ་མེད་པར་གཞན་དོན་འབའ་ཞིག་སྤྱོད་ནུས་པ་རེད། སེམས་བསྐྱེད་ཀྱི་ངོ་བོ་དེ་འདྲ་ཞིག་རེད།།

༢ སེམས་བསྐྱེད་ཀྱི་དབྱེ་བ།

སེམས་བསྐྱེད་ཀྱི་དབྱེ་བའི་སྟེང་ནས་བཤད་ན་དབྱེ་སྒོ་མང་ཡང་། གཙོ་བོའི་ཆ་ནས་བློ་སྟོབས་ཀྱི་དབྱེ་བ། ས་མཚམས་ཀྱི་དབྱེ་བ། ངོ་བོའི་སྒོ་ནས་དབྱེ་བ་དང་གསུམ་ལས།

དང་པོ་བློ་སྟོབས་ཀྱི་དབྱེ་ན། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང་གྲུ་བ་ལྟ་བུའི་སེམས་བསྐྱེད། རྫི་བོ་ལྟ་བུའི་སེམས་བསྐྱེད་གསུམ། སེམས་བསྐྱེད་ཀྱི་དབྱེ་བ་འདི་དག་སེམས་བསྐྱེད་ཀྱི་ཟུར་དང་པོ་གོང་ནས་བཤད་མ་ཐག་པའི་སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཐད་ནས་ཕྱེ་ཡོང་རྒྱུ་ཞིག་ཡོད་པ་མིན་ཏེ། ཟུར་ཕྱི་མ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཐད་ནས་ཁྱད་པར་འཇོག།

༡༽ རྒྱལ་པོ་ལྟ་བུའི་སེམས་བསྐྱེད།

ད་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཅི་འདྲ་ཞིག་ཡིན་ཞེ་ན། དང་པོ་སངས་རྒྱས་ཀྱི་གོ་འཕང་རང་གིས་བསྒྲུབས་ནས་དེ་ནས་སེམས་ཅན་ཐམས་ཅད་ཀྱང་བདེ་བ་ལ་འགོད་རྒྱུ། དཔེར་ན། རྒྱལ་པོ་རང་གིས་རྒྱལ་སྲིད་ཟིན། དེ་ནས་འབངས་མི་སེར་བསྐྱངས་པ་ལྟ་བུ་རེད། དེ་ལ་ཀུན་བཟང་ཞལ་ལུང་ནང་ན་འདོད་ཆེན་པོའི་སེམས་བསྐྱེད་གསུངས་ཡོད།།

༢༽ གྲུ་པ་ལྟ་བུའི་སེམས་བསྐྱེད།

དེ་ནས་ང་སྔོན་ལ་མི་འགྲོ་སེམས་ཅན་རྗེས་ལ་མི་འཇོག་ཐམས་ཅད་མཉམ་གཅིག་ཏུ་སངས་རྒྱས་ཐུབ་པ་ཞིག་བྱེད་སྙམ་པ་ནི་གྲུ་བ་ལྟ་བུའི་སེམས་བསྐྱེད་རེད། མཉན་པ་གྲུ་བ་གཉིས་ཀ་དོན་དག་གཅིག་ཡིན། དེ་ལ་ཡེ་ཤེས་དམ་པའི་སེམས་བསྐྱེད་གསུངས་ཡོད་པ་རེད།།

༣༽ རྫི་བོ་ལྟ་བུའི་སེམས་བསྐྱེད།

གསུམ་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་ནི་སེམས་བསྐྱེད་ནང་གི་མཆོག་རེད། དཔེར་ན་ནོར་ལུག་གི་རྫི་བོ་བཟང་པོས་ཐོག་མར་ནོར་ལུག་གི་རྩྭ་རག་ཏུ་བཅུག དགྲ་དང་གཅན་སྤྱང་གིས་གནོད་པ་མེད་པར་ཚང་ཚང་རུག་རུག་གིས་བདེ་མོ་འཚམས་པོར་ལྷས་ལ་རུག དེ་ནས་རང་གིས་གཟོད་ཟས་ཟ་བ་དང་ངལ་གསོ་རྒྱག་པ་སོགས་བྱེད། ད་འདང་བརྒྱབ་ན་ད་སྔ་ཉི་མ་ཡན་ཆོད་ལ་རང་འདོད་དང་རང་དོན་རྐྱང་རྐྱང་བསྒྲུབས་མོད། འགྲུབ་ཡོང་རྒྱུ་མེད་པས་མཐའ་འདི་ལ་ཐུག་པ་རེད། མཐའ་ཡས་སེམས་ཅན་སྡུག་བསྔལ་ཅན་འདི་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཐབས་ཞིག་ཐོན་ན། ང་ཅི་བྱུང་ན་བྱུང་བསམ་རྒྱུའི་རང་འདོད་ཡིད་བྱེད་ཀྱི་བློ་མེད་པ་དེ་རྫི་བོ་ལྟ་བུའི་སེམས་བསྐྱེད་རེད།།

དེ་ལྟ་བུའི་སེམས་བསྐྱེད་མི་འདྲ་བ་གསུམ་དེ་བློ་སྟོབས་ཆུང་འབྲིང་ཆེ་གསུམ་གྱི་ཁྱད་པར་གྱིས་དབྱེ་བ་ཞིག་རེད།།

༣ སེམས་བསྐྱེད་ཀྱི་ས་མཚམས།

དེ་ནས་སེམས་བསྐྱེད་ལ་ས་མཚམས་ཀྱི་དབྱེ་བ་ཡོད། ད་ས་མཚམས་ཟེར་ན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ས་བཅུའི་རིམ་པ་བགྲོད་དགོས་པ་རེད། དེ་ཡང་སྤང་བྱ་སྤངས་པ་དང་རྟོགས་བྱ་རྟོགས་པའི་སྤང་རྟོགས་ཀྱི་ཡོན་ཏན་གྱིས་ཕྱེ་བའི་རིམ་པ་ཞིག་རེད། ས་བཅུ་དེ་ལམ་ལྔ་ལ་ལྟོས་ནས་བཤད་དགོསཔས་ལམ་ལྔས་བསྡུས་པ་ཞིག་རེད། ལམ་ལྔ་བོ་གང་རེད་ཅེ་ན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་དང་ལྔ་པོ་དེ་རེད། ཚོགས་ལམ་དང་སྦྱོར་ལམ་གཉིས་ཀ་སོ་སོའི་སྐྱེ་བོའི་ས་ཡིན་པ་རེད། སོ་སོའི་སྐྱེ་བོ་ཟེར་ན་ང་ཚོ་འཕགས་ས་མ་ཐོབ་པའི་སེམས་ཅན་ཕལ་བ་ལ་གསུངས་པ་རེད། སོ་སོ་ཐ་དད་འགྲོ་བ་ལ། །སོ་སོའི་སྐྱེ་བོ་ཞེས་བརྗོད་དེ། །གསུངས་པ་ལྟར། ལས་དང་ཉོན་མོངས་པའི་དབང་གིས་རིགས་དྲུག་གི་གནས་ཡུལ་སོ་སོ་ལ་ཐ་དད་དབང་མེད་དུ་འཁྱམ་པ་ལ་སོ་སོའི་སྐྱེ་བོ་ཟེར་བ་རེད། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་ནས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ཡིན་ན། ད་སོ་སོའི་སྐྱེ་བོ་ལས་ཁྱད་དུ་འཕགས་པའི་འཕགས་ས་ཐོབ་ནས་ས་བཅུའི་རྒྱུན་མཐའི་བར་དུ་མཐོང་སྒོམ་གྱི་ལམ། དེ་ནས་སངས་རྒྱས་ཀྱི་ས་ལ་ཐོབ་དུས་སློབ་པ་ཡོངས་སུ་རྫོགས་པས་ན་མི་སློབ་པའི་ལམ་ཞེས་གསུངས་ནས། སངས་རྒྱས་ཀྱི་ས་ལ་མ་ཐོན་གྱི་བར་དུ་མངོན་རྟོགས་ཐམས་ཅད་ཡོངས་སུ་རྫོགས་པའི་ལམ་གྱི་ཐ་སྙད་ཀྱིས་བསྟན་པ་རེད། དེ་ལྟར་ན་ཚོགས་སྦྱོར་གཉིས་ཀྱི་ལམ་ནི་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། ས་དང་པོ་ནས་བདུན་པའི་བར་གྱི་མ་དག་ས་བདུན་ལ་ལྷག་བསམ་དག་པའི་སེམས་བསྐྱེད། དག་ས་གསུམ་ལ་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཀྱི་དབྱེ་བ་ཕྱེས་ནས་བཤད་པ་རེད།།

ད་ནི་ངོ་བོའི་སྒོ་ནས་དབྱེ་བ་ཕྱེ་ན་གོང་ནས་ཀྱང་རགས་རིམ་ཞིག་བཤད་པ་ལྟར། དེ་ཡང་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་ལ་འདུ་དགོས། དེའི་ནང་གི་ཀུན་རྫོབ་སེམས་བསྐྱེད་ལ་ཡང་སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་དབྱེ་བ་ཡོད་མོད། འདི་ཚོ་དབྱེ་བ་ཞིབ་ཕྲ་ཕྱེས་ན་ཤིན་ཏུ་རྒྱ་ཆེན་པོ་རེད་དེ། དེ་ཡང་ལས་དང་པོ་པ་ཁྱིམ་པ་ཕོ་མོ་འཇུག་པའི་སྒོ་ཙམ་དུ་གོ་བརྡ་རགས་རིམ་ཙམ་སྤྲད་ཁུལ་བྱས་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་བློ་རྣམ་པར་རྟོག་པ་འདིའི་སྟེང་ནས་བསྐྱེད་རྒྱུ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་འདི་ནི་སེམས་རྣམ་རྟོག་གི་རྒྱུ་བ་དབྱིངས་སུ་ནུབ་སོང་བའི་ཡེ་ཤེས་ལ་འཇོག་པ་རེད། སོ་སོའི་སྐྱེ་བོའི་ས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚོགས་སྦྱོར་གཉིས་ཀྱི་སྐབས་ལ་གོང་དུ་མོས་པས་སྤྱོད་པའི་སེམས་བསྐྱེད་ཟེར་བ་རེད་ཅེས་པའི་ཀུན་རྫོབ་སེམས་བསྐྱེད་མཚན་ཉིད་པ་རྒྱུད་ལ་སྐྱེ་རུང་དུ་ཡོད་ཀྱང་། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ཐད་ནས་དོན་སྤྱིའི་གོ་བ་དང་མྱོང་བ་ཙམ་ཞིག་མ་གཏོགས། ཆོས་ཉིད་མངོན་སུམ་དུ་རྟོགས་པ་རྒྱུད་ལ་མ་སྐྱེས་པས་མོས་སྤྱོད་ཀྱི་ས་ཟེར་བ་རེད། དེས་ན་ད་ལྟ་མཚན་ཉིད་པའམ་ངོ་མ་བོ་རྒྱུད་ལ་སྐྱེས་རུང་སྐྱེས་ཆོག་ཆོག་ཏུ་ཡོད་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ན་དེ་ལ་ནང་གསེས་ཀྱི་དབྱེ་བ་ཅི་ཡོད་ཟེར་ན།

སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་ཏེ་སྨོན་འཇུག་གཉིས། སྨོན་སེམས་དེ་འབྲས་བུ་ལ་དམ་བཅས་པ་ཞིག་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ངས་སངས་རྒྱས་བསྒྲུབ་པར་དམ་བཅས་པ་ཡིན་ཟེར་བ་དེ་རེད། དེ་ཐོབ་པའི་རྒྱུའམ་ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་འདོད་ཀྱི་བསམ་པས་རྒྱུ་ལ་དམ་བཅའ་བ་ནི་འཇུག་པ་སེམས་བསྐྱེད་རེད། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཆོ་ག་ལ་བརྟེན་ནས་སྐྱེ་རྒྱུ་དང་ནི། དོན་དམ་བྱང་ཆུབ་ཀྱི་སེམས་ནི་སྒོམ་པའི་སྟོབས་ཀྱིས་སྐྱེ་དགོས་པ་ཞིག་ཡིན། བྱང་ཆུབ་ཀྱི་སེམས་དེ་ཉིད་ལེན་པའི་ཆོ་ག་ལ་ཡང་ཁྱད་པར་ཡོད་པ་རེད། ཟབ་མོ་ལྟ་སྲོལ་དང་རྒྱ་ཆེན་སྤྱོད་སྲོལ་ཟེར་བའི་སྲོལ་གཉིས་དང་། དེའི་སྟེང་ལ་རང་ལུགས་ཀུན་མཁྱེན་གྱིས་ཟབ་ཅིང་རྒྱ་ཆེའི་བརྒྱུད་སྲོལ་དང་རྣམ་པ་གསུམ་དུ་ཡང་ཕྱེ་ཆོག་རེད། དེ་ཡང་སྨོན་འཇུག་གཉིས་ཀ་སོ་སོར་ཕྱེས་ནས་ལེན་ལུགས་དང་སྨོན་འཇུག་སྟབས་གཅིག་ཏུ་ལེན་རྒྱུའི་སྲོལ་ཡང་ཡོད་པ་རེད།།

རང་ལུགས་བརྒྱུད་པ་འདིའི་ལུགས་ལ་ཀུན་མཁྱེན་ཆེན་པོའི་སྨོན་འཇུག་སྟབས་གཅིག་ཏུ་ལེན་པ་དེ་ཉིད་ཡིན་པ་རེད། ཡིན་ན་ཡང་ཁྱིམ་པ་ཕོ་མོ་སྤྱིར་བཏང་བ་ལ་སྡོམ་པ་འབོག་དུས། ཁྱིམ་ན་གནས་པའི་གང་ཟག་གིས་བསླབ་བྱ་སྲུང་མ་ཐུབ་ནས་རྩ་ལྟུང་འབྱུང་བ་འགོག་པའི་ཆེད་དུ་འུ་ཚོས་འདོན་པ་ཁ་བསྒྱུར་ནས་སྨོན་སེམས་རྐྱང་བ་དེ་ཁྱིམ་པ་ལ་འབོག་དགོས་པ་རེད། ང་ཚོས་དུས་རྒྱུན་ལ་བྱང་ཆུབ་སེམས་སྡོམ་འདོན་དུས་བྱང་ཆུབ་སྨོན་པའི་སེམས་དེ་ལེན་དགོས་པ་རེད། བྱང་ཆུབ་འཇུག་པའི་སེམས་བླངས་བཞག་ན་རྩ་ལྟུང་འབྱུང་བ་འགོག་མི་ཐུབ་པ་ཡིན་དུས། ཁྱིམ་ན་གནས་པའི་གང་ཟག་གིས་དེ་འགོག་སླ་མོ་ཞིག་མིན་པས་ན་དེས་ཉེས་ལྟུང་མི་འབྱུང་བའི་ཆེད་སྨོན་པ་བྱང་ཆུབ་ཀྱི་སེམས་ལེན་དགོས་པ་ཡིན། དོན་དམ་སེམས་བསྐྱེད་ཆོ་གས་ལེན་རྒྱུ་གསང་སྔགས་ཀྱི་དབང་གི་སྐབས་ལ་སོགས་པར་སྨོན་འཇུག་གཉིས་ཀ་དང་། དོན་དམ་སེམས་བསྐྱེད་ཚོའི་ཆོ་གས་ལེན་རྒྱུ་ཡོད་མོད། དེ་ནི་སྨིན་པར་བྱེད་པའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པ་ཙམ་མ་གཏོགས་མཚན་ཉིད་པ་རེད་ཟེར་རྒྱུ་ཡོད་མ་རེད། འདུས་པ་མདོ་དབང་གི་སྐབས་སོགས་ན་དགེ་སློང་གི་སྡོམ་པ་ཡང་མིང་གིས་བླངས་ནས་ཆོས་གོས་སོགས་སྤྲད་རྒྱུའི་དབང་ཡོད་རྒྱུ་ཡོད་པ་རེད་དེ། འདིས་རབ་བྱུང་དང་བསྙེན་རྫོགས་མཚན་ཉིད་པའི་གོ་ཆོད་པ་མ་རེད། ད་སེམས་བསྐྱེད་ལེན་དུས་སྦྱོར་བ་སྔོན་འགྲོའི་ཆོས་གནས་ཁང་ངམ་གཙུག་ལག་ཁང་ལ་བྱི་དོར་བྱེད་དགོས། མཆོད་པ་བཤམས། རྟེན་གསུམ་བཀྲམས། རྒྱན་བཀོད་ཕུན་སུམ་ཚོགས་པ་དགོས། དེའི་སྟེང་ནས་སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཟུང་། དགོངས་སུ་གསོལ་བ་གསུམ་གྱིས་སད་པར་བྱས་ནས། བསགས་སྦྱང་ཡན་ལག་བདུན་པ་འོག་ནས་འཆད་འགྱུར་ལྟར་གྱིས་དངོས་གཞི་སེམས་བསྐྱེད་པར་དམ་བཅས། མཇུག་རང་གཞན་དགའ་བ་བསྒོམ་པ་དང་བཅས་པའི་བྱང་ཆུབ་སེམས་སྡོམ་ལེན་དགོས་པ་རེད། རང་རེས་ད་སྔ་དེ་ལྟར་བྱས་ནས་བླང་བ་ཡིན་ན། འདིར་ཡོད་མང་ཆེ་བ་དེ་ཕོ་ཐམས་ཅད་འཕགས་པའི་དགེ་བསྙེན། མོ་ཐམས་ཅད་ཆོས་ཀྱི་ལྷ་མོ་ཞེས་རྫ་དཔལ་སྤྲུལ་ཚང་གིས་གསུངས་པ་བཞིན་ཡིན་པས་མི་ཚད་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚར་ནི་ཏག་ཏག་ཡིན་དུས།།

ད་ནི་སེམས་དཔའ་སེམས་མའི་རིགས་སུ་སྐྱེས་པ་མིན་པའི་ཐབས་མེད་པ་ཞིག་རེད་བསྡད་ཡོད་པ་རེད། འཁོར་བའི་བཙོན་རྭར་བཅིངས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱིས་སྲས་ཞེས་བརྗོད་བྱ་ཞིང་། །ཞེས་གསུངས་པས་མ་ཚད། མཇུག་རང་གཞན་དགའ་བ་སྒོམ་དོན་ཡང་སངས་རྒྱས་ཀྱི་རིགས་སུ་ངེས་སོང་བས་རེད། ཡིན་ན་ཡང་དོན་ནང་སྙིང་གི་སྟེང་ནས་བཤད་ཡོང་ན་སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ་གསུངས་ཡོད་པ་ཡིན་དུས། སེམས་བསྐྱེད་ཆོ་གས་བླངས་ནས་དེའི་གྲལ་ལ་འདུག་པ་དཀའ་མོ་མ་རེད་མོད། དེ་ཡང་དད་འདུན་མོས་པ་སྔོན་དུ་སོང་བ་ཞིག་གིས་དེའི་སེམས་བསྐྱེད་ཀྱི་དམ་བཅའ་ལེན་དགོས་པ་རེད། གཙོ་བོ་སེམས་བསྐྱེད་རྒྱུད་ལ་སྐྱེས་པ་མ་ཉམས་པའམ། མི་ཉམས་པའི་ཆེད་དུ་བསླབ་བྱར་སློབ་པ་གལ་ཆེན་རེད། བྱང་ཆུབ་སྨོན་པ་ལ་སྨོན་པའི་བསླབ་བྱ་དང་ནི་དེ་བཞིན་དུ་བྱང་ཆུབ་འཇུག་པ་ལ་འཇུག་པའི་བསླབ་བྱ་ཡོད་པ་རེད། དེ་ཡང་འགྲོ་བར་འདོད་དང་འགྲོ་བ་དངོས་ལྟ་བུའི་དཔེས་སྨོན་འཇུག་བྱེད་པ་གཅིག་མཐུན། སྨོན་འཇུག་གི་བསླབ་བྱ་སྤྱི་དང་ཁྱད་པར་ཕར་ཕྱིན་དྲུག་ལ་བསླབ་པ་གཙོ་གནད་ཡིན། དེ་ཡང་ལས་དང་པོ་པས་ཐོག་མར་བྱང་ཆུབ་སྨོན་པའི་སེམས་སྐྱེས་པ་མི་ཉམས་པར་བྱེད་པའི་སྨོན་པའི་བསླབ་བྱར་བསླབ་རྒྱུ་གཙོ་བོར་ཤེས་པར་བྱས་ནས། སྨོན་སེམས་མཚན་ཉིད་པ་ཞིག་རྒྱུད་ལ་སྐྱེས་པ་ལ་ཟུར་གཉིས་སམ་དོན་གཉིས་ཚང་དགོས་པ་ཡིན་ན། དེ་གཉིས་ཀྱི་སྟེང་ནས་སེམས་བསྐྱེད་རྒྱུ་ཁས་བླངས་པ་བཞིན་བསླབ་བྱ་སྲུང་རྒྱུ་ཡང་དེ་གཉིས་ཀྱི་སྟེང་ནས་སྲུང་དགོས་པ་རེད། དེ་གཉིས་ཀ་ཉམས་སུ་ལེན་མ་ཐུབ་པར་རང་རྒྱུད་ནས་ཉམས་སོང་དུས་བསླབ་པ་ཉམས་སོང་བ་རེད། དེར་མིང་བཏགས་ན་སེམས་ཅན་བློས་བཏང་དང་ནི་རྣམ་མཁྱེན་བློས་བཏང་ཟེར་བ་རེད། བྱང་སེམས་ཀྱི་བསླབ་བྱ་ལ་རྩ་བའི་ལྟུང་བ་དང་ཡན་ལག་གི་ལྟུང་བ་ཟེར་བ་དེ་སེམས་བསྐྱེད་ཀྱི་མི་མཐུན་ཕྱོགས་བྱུང་མི་ཉན་རྒྱུ་དེ་གཉིས་ཡིན་རེད། དེ་ལ་རྩ་བའི་ལྟུང་བ་དང་ཡན་ལག་གི་ལྟུང་བ། རྩ་བའི་ལྟུང་བ་ནི་ཤིང་སྡོང་པོའི་རྩ་བ་བཅད་བཞག་ན་དེའི་ཡན་ལག་རང་ཤུགས་ཀྱིས་ཉམས་འགྲོ་བ་ལྟར། དེ་བཞིན་དུ་རྩ་ལྟུང་བྱུང་ཚར་ནས་ཡན་ལག་སྲུང་ཁ་བྱས་ཀྱང་ཕན་ཐོགས་ཡོད་མ་རེད། དེས་ན་འདི་མི་ཉམས་པར་བྱེད་པ་ལ། དེ་ལ་བདག་གཞན་མཉམ་པ། བདག་གཞན་བརྗེ་བ། བདག་བས་གཞན་གཅེས་གསུམ་པོ་སྒོམ་དགོས་པ་རེད།།

ཁ འཇུག་པ་སེམས་བསྐྱེད།

༡ བདག་གཞན་མཉམ་པ།

དང་པོ། བདག་གཞན་མཉམ་པ་སྒོམ་དུས་རང་ཅི་འདྲ་བ་ལྟར་གཞན་ལ་བསམ་བློ་བཏང་ནས་རང་གིས་བདེ་བ་འདོད་པ་བཞིན་དུ་གཞན་གྱིས་བདེ་བ་འདོད་ཀི་ཡོད་པ་རེད། རང་གིས་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་པ་ལྟར་དུ་གཞན་གྱིས་ཀྱང་དེ་བཞིན་དུ་འདོད་ཀི་ཡོད་མ་རེད། དེས་ན་གཞན་པོ་སུ་རེད། ཕ་མ་སེམས་ཅན་ཐམས་ཅད་རེད། ད་སྔ་དེ་མ་ཤེས་ནས་རང་འདོད་དག་དག་སྒྲུབ་པ་ཡིན་ན་མཐར་རང་འདོད་ཀྱང་མ་འགྲུབ་པར། ཐུབ་པས་གཞན་དོན་མཛད་པ་དང་བྱིས་པས་རང་དོན་སྒྲུབ་པ་གཉིས་ཀྱི་དཔེ་དང་དོན་གྱིས་ཤེས་ཐུབ་པ་རེད། ད་ནས་བཟུང་སྟེ་རང་ལ་གཅེས་པར་འཛིན་པ་དང་ནི་གཞན་ལ་སྡང་བར་འཛིན་པའི་ཆགས་སྡང་གི་བློ་ངན་འདི་གཉིས་ཀ་རྩ་བ་དྲུང་ནས་ཕྱུངས་ནས། མེད་པ་འཕྲོ་གཙང་བ་ཞིག་བྱས་ན། བདག་གཞན་མཉམ་པ་ཉིད་དུ་སྒོམ་རྒྱུའི་ཞེ་དམ་བཅའ་བ་དང་བཅས་ཏེ་བསམ་པས་དེ་བཞིན་བསྒོམ་པ་མ་ཚད། སྦྱོར་བས་དེ་བཞིན་ལག་ལེན་དུ་བཏབ་ནས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་རྒྱུ་དེ་ཡིན་ནི་རེད།།

༢ བདག་གཞན་བརྗེ་བ།

ད་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་དེ་ཇི་འདྲ་ཡིན་ཞེ་ན། གོང་གི་བདག་གཞན་མཉམ་པ་སྒོམ་དུས་ཀྱི་བདག་གཞན་གཉིས་ཀ་འདྲ་འདྲ་ཟེར་བ་རེད་དེ། མིན་ཟེར་རུང་གཙོ་བོ་རང་ཉིད་འདྲ་ཟིག་རེད་ཀི་འདུག་རྒྱུའི་སྐྱོན་འབྱུང་སླ་ནི་ཡིན་ན། ད་འདི་ནས་གཉིས་ཀའི་བདེ་སྡུག་དེ་བརྗེས་ནས་ང་ཚོའི་ཁ་སྐད་ལ་བདེ་ས་ལ་མྱི་བཞག གཟར་ས་ལ་རང་འདུག མ་དྲིན་ཅན་མ་དེས་བུ་ལ་ཤ་ཚ་སྙིང་རྗེས་རང་ཉིད་ཀྱིས་སྡུག་ཅི་ཙམ་མྱོང་རུང་མྱོང་གི་བཞག བུ་ང་དག་དག་གི་སྐྱིད་ཐབས་ལ་བསམ་ནས་བུ་ན་བ་ལས་མ་རང་ཉིད་ཤི་བར་གདམ་པ་དེ་འདྲའི་དྲིན་གྱིས་བསྐྱངས་ནི་ཡིན་ན། ད་སྔ་མ་སེམས་ཅན་ཐམས་ཅད་ལ་མ་ངོ་མའི་མ་ངོ་མ་ཤེས་པར་བདག་འཛིན་འགོང་བོའི་སེམས་ཀྱི་གདོན་དེ་རང་གི་སེམས་ལ་ཞུགས་ཏེ་སེམས་རྒྱུད་གདོན་གྱིས་བརླམས་སོང་བ་ཡིན་ཀྱང་། ད་ནས་བཟུང་སྟེ་ཁེ་དང་རྒྱལ་ཁ་སེམས་ཅན་ལ་བྱིན། གྱོང་དང་ཕམ་ཁ་རང་གིས་ཁུར། དེ་ཡང་སྙིང་རྗེ་དང་བྱམས་པ་གཉིས་ཀྱི་སྒོ་ནས་སྙིང་རྗེས་སེམས་ཅན་གྱི་སྡུག་བསྔལ་རང་གིས་ལེན། དེ་བླངས་པ་བཞིན་དུ་ང་ལ་སྨིན་པར་ཤོག བྱམས་པས་བདག་གི་བདེ་བ་ཅི་ཡོད་པ་མ་སེམས་ཅན་ཐམས་ཅད་ལ་བྱིན་པ་ཡིན། དེ་བྱིན་པ་བཞིན་དུ་ཐོབ་འགྲོ་བར་ཤོག་བསམས་ནས་དེ་ལྟར་བསམ་པས་མི་ཚད་སྦྱོར་བས་དེ་ལྟར་དུ་སྒྲུབ་ཆེ་ཐུབ་ཆུང་ཐུབ་ཀྱིས་སྒྲུབ་ལུགས་ལ་སྦྱོང་དགོས་པ་ཡིན། སྙིང་རྗེས་གཞན་གྱི་སྡུག་བསྔལ་ལེན་རྒྱུ་དེ་སྙིང་རྗེའི་སེམས་ཅན་ལ་དམིགས་པའི་ཟུར་ཡིན། བྱམས་པ་ཆེན་པོས་རང་གི་བདེ་བ་རྒྱུ་འབྲས་གཞན་ལ་གཏོང་རྒྱུ་དེ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཕྱོགས་ཡིན་ནི་རེད། དུས་རྒྱུན་རང་ལ་ན་ཚ་སྡུག་བསྔལ་ལ་སོགས་ཅི་བྱུང་ཡང་དེ་ཡིས་སེམས་ཅན་ཐམས་ཅད་ཀྱི་ན་གོ་ཚ་གོ་ཤི་གོ་ལ་སོགས་པ་ཆོད་པར་ཤོག་བསམ་དགོས་པ་རེད། དེ་ཡང་ངག་གིས་དེ་བཞིན་དུ་འདོན་དགོས་པ་རེད། དེ་ཡང་བྱང་ཆུབ་སེམས་དཔའ་ཟེར་བ་ནི་འབྲེལ་ཚད་དོན་ལྡན་བཟང་འབྲེལ་ཚེ་གཅིག་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་ཡོང་ནི་ཞིག་དགོས་པ་ཡིན་དུས། ད་ལྟ་ནས་བསམ་སྦྱོར་གཉིས་ཀས་སྦྱངས་ནས་དེ་ཡང་སེམས་ཅན་ཐམས་ཅད་བདེ་བའི་དོན་ལ་རང་གིས་ཡོངས་སུ་བཟུང་བའི་གཞི་གསུམ་སྟེ། ཡོངས་སུ་བཟུང་བའི་གཞི་གསུམ་གང་ཡིན་ཞེས་ན། ལུས་དང་ལོངས་སྤྱོད་དགེ་ཚོགས་དགེ་བའི་དངོས་པོ་དང་བཅས་པ་གསུམ་པོ་གཏོང་དགོས་ནི་རེད། འདི་ལྟར་བཤད་ཡོང་ན་བྱང་ཆུབ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལག་ལེན་དུ་བསྟར་ཟེར་རྒྱུ་འདི་དཀའ་སྙམ་པ་ཞིག་ཡིན། དཀའ་ཡང་སྒྲུབ་ཐུབ་པ་ལ་སེམས་དཔའ་ཟེར་རེད། བྱང་ཆུབ་སེམས་དཔའ་རྣམ་པས་ཀྱང་དང་པོར་སྒྲུབ་དཀའ་བ་ཡོད་པས་བྱང་ཆུབ་སེམས་དཔའ་ཐོག་རེད་དེ། འུ་བུ་ཚོས་རིམ་གྱིས་རིམ་གྱིས་སྦྱང་ན་དེ་ལ་བྱང་རྒྱུ་ཡོད་རེད་ལ་བྱང་ཆུབ་སེམས་དཔར་འགྱུར་ཐུབ་རེད། བྱང་ཆུབ་སེམས་དཔའ་ཡང་དང་པོ་ནས་བྱང་ཆུབ་སེམས་དཔའ་ཡིན་ཡིན་ཁར་ཡོད་ནི་དག་དག་མ་རེད་ཡིན་ན། ལས་བྱ་བ་ཅི་ཞིག་ཡིན་རུང་རིམ་གྱིས་རིམ་གྱིས་སྦྱངས་ན་དེ་གོམས་ན་སླ་བར་མི་འགྱུར་བའི་དངོས་པོ་ཞིག་ཡོད་ནི་མ་རེད། དེ་འདྲ་ཡིན་དུས། ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བསམ་དོན་མི་འགྲུབ་པའི་བར་ཆད་ལ་སོགས་པ་མི་འདོད་པ་ཐམས་ཅད་པོ་མར་ལ་ཞི། དེའི་མི་ཚད་ཁམས་གསུམ་འཁོར་བའི་སྡུག་བསྔལ་དེའི་རྒྱུ་ཆགས་སྡང་རྨོངས་གསུམ་དང་དེའི་ཀུན་ནས་བསགས་པ་ཐམས་ཅད་མར་ལ་ཞི་ནས། མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ཐམས་ཅད་དང་ནི་དེའི་རྒྱུ་དད་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་སོགས་སེམས་ཅན་དེ་དག་གི་རྒྱུད་ལ་སྐྱེ་བར་ཤོག་བསམ་ནས་སྙིང་ཁོངས་རུས་པའི་གཏིང་ནས་བསམ་དགོས་པ་རེད། བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ཟེར་བ་འདི་ཐེག་ཆེན་ཐར་བའི་ལམ་ཞུགས་ཀྱི་གང་ཟག་ཞིག་ལ་མེད་ན་ཐབས་མེད་མཐར་ཐུག་གི་བསྒོམ་བྱའི་སྙིང་པོ་དེ་རེད། སེམས་འདི་འདྲ་ཞིག་ལན་གཅིག་རྒྱུད་ལ་སྐྱེས་ན་དུས་བསྐལ་བ་མང་པོ་ལ་བསགས་པའི་སྡིག་སྒྲིབ་དེས་དག་འགྲོ་རེད་ལ། དེ་བཞིན་བསོད་ནམས་དང་ནི་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་ཆེན་པོ་ཞིག་རྫོགས་འགྲོ་རེད། དེ་ཡིས་སྟོབས་ཀྱིས་ངན་སོང་ངན་འགྲོ་ལས་ཐར་བའི་ཕན་ཡོན། དེ་འདྲའི་ཕན་ཡོན་ཆེན་པོ་མ་འདོད་ཀྱང་རང་ཉིད་ལ་ངང་གིས་འབྱུང་གི་ཡོད་པ་རེད། གཅིག་བྱས་ན་ངའི་བདེ་བ་གཞན་ལ་སྦྱིན། གཞན་གྱི་སྡུག་བསྔལ་ངས་ལེན་ཟེར་བ་དེ་ནི་དཀའ་མོ་ངོ་མ་རེད། དེ་བསམ་ཐུབ་པ་ཞིག་ཀྱང་མ་རེད། ལག་ལེན་ལ་དེ་བས་འདེབས་ཐུབ་རྒྱུ་ཞིག་མ་རེད་བསམ་ན་ཡང་། དང་པོ་སེམས་ཀྱིས་སྦྱོངས་། དེའི་འཕྲོར་དངོས་སུ་སྤྱོད་པ་ལ་རིམ་བཞིན་སྦྱངས་ན་གོང་ནས་བཤད་པ་ལྟར་དུ་གོམས་ན་ཇེ་སླ་ལ་མི་འགྲོ་རྒྱུ་མེད། དེ་ཡང་ཅི་བསམ་འདི་དྲན་དེ་ཙམ་མེད་པར་ཕྱག་འབུམ་ཐེར་མང་པོ་དང་ནི་བསྐོར་ཚད་ཁ་གྲངས་ཅན་བསོག་མི་ཐུབ་པར་རྒྱུག་གི་འདུག་རྒྱུའི་དཀའ་ལས་བས། ངོ་མས་བཤད་ན་སེམས་ཀྱི་བསམ་བློ་གཏོང་ལུགས་སྐད་ཅིག་མ་གཅིག་གིས་ཆོད་སྒོ་ཆེ་རེད། དེ་སླ་ཡང་དེའི་སླ་བ་རེད། ང་ཚོའི་ཚོང་པ་ཞིག་གིས་ཚོང་བརྒྱབ་པ་དང་གཅིག་པ་རེད། ཁེ་གང་གིས་བཟང་དང་ཡོང་སྒོ་འབབ་སྒོ་གང་གིས་ཆེ་དེ་ལ་བལྟས་ནས། གང་ཁེ་ཁ་ཆེ་ན་དེ་ལ་འཐམ་རྒྱུའི་གནད་གལ་ཆེ་བ་དེ་བཞིན་ཆོས་སྒྲུབ་དུས་ཀྱང་ཡིན་ནི་རེད། སེམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ནི་བདག་གཞན་མཉམ་བརྗེ་ཡི་འདུ་ཤེས་དང་མི་འབྲལ་བར། ངག་གིས་བཤགས་ཚིག་དང་བཟླས་བརྗོད་བགྲང་ཞོར་ལ། ལུས་ཀྱིས་ཕྱག་དང་བསྐོར་བར་སོགས་ལ་འབད་པར་བྱས་ན་ཐེག་ཆེན་དམ་པ་རྣམ་གསུམ་ཚང་བའི་སྟེང། ངག་གིས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བར་བྱས་པའི་དག་སྣང་དང་དེ་དག་འཛོམས་སོང་དུས། དོན་གཅིག་གིས་བསམ་པ་གཉིས་འགྲུབ། །རྟ་རྒྱུག་ཞོར་མེ་ཏོག་ཐུ་ཞོར། །ཟེར་བ་ལྟར་རང་གཞན་འདི་ཕྱིར་དགེ་བའི་གཏན་བདེའི་འདུན་མ་དེའི་འགྲུབ་ཀི་ཡོད་པ་རེད། དེ་ཡིན་དུས་ལུས་ངག་གི་དགེ་བ་ལས་ད་རུང་སེམས་ཀྱི་དགེ་བ་སྟོབས་ཆེ་ལུགས་དེ་ལྟར་ཡིན། སེམས་ཀྱི་དགེ་བའི་ནང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་གཙོ་ཆེ་བ་དང་དེའི་སྟོབས་ཆེ་བ་ཞིག་མེད་པས་སྡིག་པ་འདག་སྟོབས་དང་ནི་ཚོགས་རྫོགས་སྟོབས་གཉིས་ཀ་དེ་ལས་ལྷག་ཡོད་མ་རེད།།

༣ བདག་བས་གཞན་གཅེས།

དང་པོ་བདག་གཞན་མཉམ་པ། གཉིས་པ་བདག་གཞན་བརྗེ་བ། གསུམ་པ་བདག་བས་གཞན་གཅེས། བདག་གཞན་བརྗེ་བ་སེམས་ཀྱི་སྟེང་ནས་གོམས་པར་བྱས་ནས་དེ་ལ་ལོབས་སོང་དུས། འདི་སྦྱོར་བ་ལག་ལེན་གྱི་སྟེང་ནས་བསྒྲུབ་དགོས་པ་ཞིག་རེད། བདག་བས་གཞན་གཅེས་མཚན་ཉིད་པ་རང་གི་མགོ་དང་ཡན་ལག་ཀྱང་གཞན་ལ་སྦྱིན་ཐུབ་མཁན་དོན་དམ་སྤྲོས་བྲལ་དང་ཀུན་རྫོབ་སྒྱུ་མ་ཙམ་དུ་འཁོར་འདས་མཉམ་ཉིད་མ་རྟོགས་པར་འགྲུབ་རྒྱུ་ཞིག་ཀྱང་ཡིན་མ་རེད། བསམ་པས་སྦྱངས་ཞིང་སྦྱོར་བས་སྲུང་དགོས་དུས་ཤིག་ཀྱང་ཡོད་པར་གསུང་ནི་རེད། རེད་དེ་ཡང་སོ་སོའི་སྐྱེ་བོའི་དུས་སྐབས་ལ་བདག་བས་གཞན་གཅེས་བསམ་སྦྱོར་གཉིས་ཀས་མཉམ་དུ་སྦྱངས་ལུགས་མེད་པར། དེ་བྱང་ཆུབ་སེམས་དཔའི་ས་ཐོབ་པ་མ་གཏོགས་དགོས་པ་མ་རེད་ཅེས་བསྐྱུར་བཏང་རྒྱུ་ཞིག་ཀྱང་མིན་པར་སེམས་ཏེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མ་གསེར་གླིང་པས་སྐུ་ཤ་དྲོན་པོ་བཅད་ནས་བྱིན་རབས་ཡོད་པ་རེད། ཁོང་ཚོགས་སྦྱོར་ལ་གནས་པའི་གང་ཟག་ཡིན་གསུངས་དར་རེད། ང་རང་ལ་ཆགས་བཞག་ན་ཚོགས་སྦྱོར་གཉིས་ཀའི་སྣེ་མོར་མ་ཟིན་པའི་སོ་སྐྱེས་ཕལ་བ་ངོ་མ་ཡིན་ན་ཡང་། ཁ་སང་བཤད་པ་ལྟ་བུ་ལོ་ངོ་བཅུའི་སྟེང་ནས་རྫོགས་ཆེན་ཨ་བུ་ལྷ་སྒང་གི་མདུན་ནས་བསྐལ་མང་གོང་ནས་རྒྱུགས་སྤྲད་རྒྱུ་ཁས་བླངས་རེད། བསྐལ་མང་གོང་ནས་ཟེར་བ་ཁ་སང་གོང་ནས་ཆོས་ཁྲིད་རྗེས་སུ་འདོན་འདུག་རྒྱུ་དེ་རེད། བྱང་ཆུབ་ཀྱི་སེམས་རྒྱུད་ལ་འབྱུང་བའི་སྨོན་ལམ་ཁྱད་པར་ཅན་ཞིག་རེད། སྲོལ་གཉིས་སྲོལ་གསུམ་གྱི་སེམས་བསྐྱེད་ཀྱི་དམ་བཅའ་ངས་ཅི་ཙམ་མ་བླངས་ཏེ་བླངས་ཡོད་ཅིང་ངག་ཐོག་ནས། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སོགས་ནས་ཡང་ནས་ཡང་དུ་བྱང་ཆུབ་སེམས་སྒོམས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །ཅེས་རང་གིས་ཀྱང་ཚར་བརྒྱ་ཚོ་སྟོང་ཚོ་བཏོན། ཞེ་ནས་སྨོན། མྱི་ལ་ཡང་དེ་འདྲ་བཤད་ཚར་རེད། ན་ནིང་ཞིག་ལ་ངོ་མས་མྱི་བརྒྱ་ཚོ་སྟོང་ཚོ་ཆ་རེའི་རེ་འདོད་གང་ནས། དངོས་གནས་དེ་རྣམས་དགའ་འགྲོ་རྒྱུ་ཞིག་ཡིན་དུས་སྲོག་གི་སྦྱིན་པ་ལོས་གཏོང་སྙམ་བྱུང་། ལུས་སྲོག་ཟེར་བ་འདི་གང་ལྟར་ཡུན་རིང་གི་ཅ་ལག་ཞིག་མ་རེད། ཁྱད་པར་དུ་བསྟན་པ་སྤྱི་དང་བྱེ་བྲག་གི་བྱ་བ་ཡང་རང་ཉིད་ལ་ལྟོས་ན་ཅུང་ཟད་འགྲུབ་ཡོད་ན་མེད་ན་དེ་རེད། དགོས་པ་བྱུང་། གོ་ཆོད་ས་རེ་ཡོད་དུས་སྲོག་ཅིའི་ཕྱིར་མི་གཏོང་། འདིའི་ནང་གི་མང་ཆེ་བས་ཤེས་རེད། གཅིག་ཐང་ན་བྱང་ཆུབ་ཀྱི་སེམས་ཀྱིས་གཅན་གཟན་གཏུམ་པོའི་སེམས་རྒྱུད་ཀྱང་ཐུལ་འགྲོ་རབས་ཡོད་པ་རེད། ད་ཕ་རོལ་པོའི་སྡང་སེམས་དེ་མར་ལ་ཞི་ནས་ཞི་འཇམ་ཅན་དུ་འགྱུར་ནི་རེད་བསམ་ཁུལ་བྱས་རུང་། སོ་སོ་སྐྱེ་བོས་བྱང་སེམས་འཕགས་པའི་སྟངས་བྱས་ན་དེ་ལས་ཅི་ཡོད། དེ་གཉིས་ཀ་ལམ་སློང་བྱུང་མ་ཐུབ་ཐལ་མོ། ད་གཉེན་གྱི་ཆགས་སེམས་ཟེར་ན་དེ་རེད་ད། གཅིག་སེམས་གཅིག་ལ་ཡོད་པའི་འབྲེལ་ཐག་ཟེར་དགོས་ན། ཕར་སྦྲེལ་ཚུར་སྦྲེལ་གྱིས་མཐའ་མར་མ་བསམ་ས་ནས་མི་བསམ་རྒྱུའི་མྱི་མང་ཞིག་ས་དེར་འཛོམས་བཞག་དུས། ད་གློ་བུར་ཕྱིར་ལ་རྫོགས་འཇོག་ཟེར་ན་མི་འགྲིག་པ་ལྟ་བུ། ངོ་ཡང་བཅག་མ་ཐུབ་པས་ཅི་ཡིན་འདི་ཡིན་མེད་ས་ཞིག་ནས། གློ་བུར་ཞིག་ལ་ཅིག་མིན་ན་ས་འདིའི་གནའ་སྔོན་མའི་སྲི་ཐོག་ལ་ཅུང་ཙམ་མིན་ན་བུད་སོང་བ་རེད། འགའ་རེས་རང་གི་ལུས་པོ་འབེན་ལ་བཙུགས་ནས་ང་འགེབ་ཅིང་སྲུང་བར་བྱེད། འགའ་རེས་བླ་སྤྲུལ་རྣམ་པའི་སྐུ་ལ་འགོག་སྲུང་གི་ཆེད་དུ་གཡུལ་སར་གདོང་མཆོངས་བྱས་ཐལ། རྡོ་ཁ་བཀྱེ་བ་ཙམ་ཆུང་ཆུང་ཡིན་པ་རེད། བོའུ་ཁྱུ་གཏད་བྱས་ནས་འཕང་ཡོང་དུས་མཚོན་སྔོན་མོ་ལུས་ལ་མ་སོང་མདེའུ་ཕྱོགས་ལ་མ་གཅར་བ་དེ་ཚོ་ཡ་མཚན་རེད། དོན་དེ་ཚོ་ཆོས་པ་ཞིག་ལ་མཚོན་ན་སྙིང་རྗེ་བའི་ཡུལ་བཟོད་པའི་གྲོགས་དགྲ་གཉེན་རྟག་པ་མེད་ལུགས་སྒོམ་བྱེད་དང་། ད་རུང་རྐྱེན་ངན་ལམ་དུ་སློང་བའི་མཐུན་རྐྱེན་རེད། རང་ཉིད་དགེ་སྦྱོང་གི་ཆོས་བཞི་ལ་གནས་པ་དེ་བཤད་རིན་ཁྱོགས་པའམ། བཤད་ན་ངོ་མི་ཚ་བའི་དོན་དག་ཡིན་རེད། ཕྱི་ནས་ད་དེང་སང་བསམ་བློ་བཏང་ན་ཡང་གཏོང་སེམས་དག་མ་ངོ་མ་ཡིན། གོ་སྐབས་བཟང་པོར་ཚེས་ཐལ་བསམ་པ་ཡིན་ཡང་། ངས་དུས་རྒྱུན་བླ་མ་འདས་དུས་སྐུ་ལུས་མདའ་བསླངས་པ་ལྟར་བྱས་ནས་འདས་རྟགས་བཞག་ཐ་འུ་ཚོའི་ཟེར་དར་མོད། འདས་རྟགས་བཟང་ཤོས་མགོ་ཐུར་ལ་བསྟན་ནས་ཁྱི་ཤི་ཤི་བྱེད་དགོས་ཞེས་མཚམས་རེར་ཕྱིན་ཅི་ལོག་ཀྱང་བཤད་པ་ཡིན། གང་ལྟར་གཉིས་ཀ་མི་ཡི་ཤི་ལུགས་རེད། ད་སེམས་ཅན་མང་བོའི་རེ་བ་སྐོང་བྱེད་དུ་ཤི་ན་དེས་ཆོག་ངོ་མ་རེད་ཞེ་ནས་བསམ་མོད། ཡང་ཕྱོགས་གཅིག་ནས་བལྟས་ཡོང་དུས་མྱི་ལོ་ལོན་ལ་གང་ལྟར་ཡུན་རིང་གི་འདང་རྒྱག་མེད་པས་གོ་ཞིག་ཀྱང་གཅོད་རྒྱུའི་རང་འདོད་ཞིག་ཀྱང་འདྲེས་ཡོད་ས་རེད་བསམ་ཡོང་བ་དེ་འདྲ་རེད། ད་ལས་དང་པོ་བའི་སྐབས་འདིར་ངོ་མ་ཡིན་ན་ཐབས་དང་ཤེས་རབ་ཀྱིས་ཟིན་པའི་བདེན་གཉིས་བྱང་ཆུབ་ཀྱི་སེམས་རིམ་ཅན་དུ་བསྒོམས་ནས། བདག་འཛིན་རྩད་ནས་གཅད་རྒྱུར་བཟོད་བསྲན་ཁ་ཆེ་ཆུང་བྱས་ནས་ཐུབ་མི་ཐུབ་བྱེད་རྒྱུ་རེད་མི་འདུག དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བློ་བཟང་པོ་ཞིག་སྦྱངས་ནས། དེའི་འཕྲོར་བདག་གཞན་མཉམ་པ་དང་བདག་གཞན་བརྗེ་བ། བདག་བས་གཞན་གཅེས་གསུམ་བསྒོམ་ནས། ཐབས་གྱིས་རང་དོན་ཡིད་བྱེད་ཀྱི་བློ་དེ་བཅད། དེ་ཆོད་དུས་ཐབས་བྱུང་ཤེས་རབ་ཀྱིས་བདག་འཛིན་དྲུང་འབྱིན་གྱི་རྩ་བ་གཅད་རྒྱུའི་དོན་དམ་བྱང་ཆུབ་ཀྱི་སེམས་ལ་སྦྱངས་ན་རིམ་པ་མ་ནོར་བ་རེད། །ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་བདག་འཛིན་གྱི་མགོ་ནོན་དང་ནི་དོན་དམ་གྱི་བྱང་ཆུབ་སེམས་ཀྱིས་དྲུངས་འབྱིན་བྱས་ནས། ཐབས་དང་ཉམས་ལེན་གཉིས་ཀ་རྒྱུད་ལ་འབྱོར་དུས་དེ་དུས་བསམ་སྦྱོར་མཐུན་པ་ཞིག་ཡིན་ས་ཡོད་ཀི །ད་གང་ལྟར་རིན་ཆེན་བྱང་ཆུབ་ཀྱི་སེམས་མཆོག་གཅིག་པོ་འདི་གང་ཟག་གཅིག་གི་མྱི་ཚེའི་ཉམས་ལེན་གཅིག་ཆོག་མ་ཡིན་རེད། སྐྱིད་སྡུག་གང་བྱུང་ལ་འདི་ཉམས་ལེན་ལམ་ཁྱེར་གྱི་གནད་ལ་འཛིན་ཤེས་དགོས་པ་རེད། ད་ངས་ཉི་མ་དེ་རིང་ནས་བཟུང་རང་ཉིད་ཀྱི་ཐར་བ་མ་ཐོབ་རུང་ངན་སོང་གསུམ་ལ་སོགས་པའི་རིགས་དྲུག་གི་སྡུག་བསྔལ་དེ་ངས་ལེན་ནི་ཡིན། དེ་ཐམས་ཅད་མི་བདེའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ངས་ཁ་ཡིས་ལེན་དང་ཞེ་ནས་ལེན་བསམ་པ་ཙམ་གྱིས་མ་ཚད་པར། ད་ལྟ་ཉིད་དུ་ངའི་སྟེང་ལ་སྨིན་པར་གྱུར་ཅིག་བསམ་ནས། སེམས་ཀྱི་བསམ་པ་དང་ལག་ལེན་གྱི་སྦྱོར་བ་གཉིས་ཀ་མཐུན་པ་ཞིག་བྱས་ཏེ། བདག་གི་དགེ་བས་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བར་དངོས་སུ་འགོད་པར་བསམ་དགོས། །དེ་ཡང་སེམས་ཅན་གཅིག་གི་དོན་དུ་ཡང་བསྐལ་བ་མང་བོའི་བར་དུ་མནར་མེད་དམྱལ་ཁམས་ལ་འདུག་དགོས་རུང་བཟོད་བསམ་པའི་འདུ་ཤེས་བསྐྱེད་ནས། སེམས་ཅད་ཐམས་ཅད་ངའི་དགེ་རྩས་སངས་རྒྱས་ཐོབ་སོང་ན། ད་ང་རང་གཅིག་པུ་མནར་མེད་ལ་ཞུགས་རུང་དེར་ལུས་སྡུག་རུང་སེམས་ཅི་འདྲ་མི་དགའ་མི་སྐྱིད་སྙམ་ནས། བསམ་པའི་གཏིང་ནས་དེ་ལྟར་སེམས་བསྐྱེད་ནས། ལུས་ལོངས་སྤྱོད་དང་བཅས་པ་སེམས་ཅན་ཐམས་ཅད་ལ་ཆགས་སེམས་དང་ཕངས་སེམས་མེད་པར་བཏང་ན། དངོས་སུ་སེམས་ཅན་ལ་ཕན་ཐོགས་འབྱུང་རྒྱུ་དང་བརྒྱུད་ནས་བདག་ཉིད་ལ་ཡང་ཕན་ཆེན་པོ་གྲུབ་ནས་བསྡད་ཡོད་པ་རེད། ཀུན་བཟང་ཞལ་ལུང་གི་ནང་ན་འདིའི་ཡར་མར་ཞིག་ནས་རྒྱལ་བུ་གཙུག་ན་ནོར་བུའི་རྟོགས་བརྗོད་གསུངས་ཡོད། དེ་ཡང་གནའ་སྔོན་མ་རྒྱ་གར་གྱི་ཡུལ་ཞིག་ན་རྒྱལ་པོ་ཆེན་པོ་ཞིག་ལ་སྲས་རྒྱལ་བུ་ཡ་མཚན་ཅན་ཞིག་ཡོད། དེའི་མིང་ལ་གཙུག་ན་ནོར་བུ་ཟེར་བ། གཙུག་ཏོར་ན་རང་གྲུབ་ཀྱི་ནོར་བུ་རིན་པོ་ཆེ་ཅི་བསམ་འགྲུབ་པ་ཞིག་ཡོད་པ་ལས་དེ་ལས་བདུད་རྩིའི་རྒྱུན་འབབ་པ། བདུད་རྩིའི་རྒྱུན་དེ་ལྕགས་ལ་ཐུག་སོང་ན་ཁ་སང་བཤད་པ་ནང་བཞིན་གསེར་འགྱུར་གྱི་རྩི་ཡིས་ལྕགས་གསེར་ལ་འགྱུར་བ། ད་རུང་རྒྱལ་སྲས་དེ་ལ་རིན་པོ་ཆེ་གཞན་ཞིག་ཡོད་པ་གླང་པོ་རིན་པོ་ཆེ་ཁྱད་དུ་འཕགས་པ་ཁ་མདོག་དུང་ལྟར་དཀར་བ། གཟུགས་བཟང་པོ་ཅན་སྐྱེ་མཆེད་ལེགས་པ། དེ་ལྷའི་གླང་པོ་ཆེ་དང་འདྲ་བ། གླང་པོ་ཆེ་དེའི་མིང་ལ་གླང་ཆེན་བཟང་པོའི་རི་ཟེར་བ། དེ་ལྟ་བུའི་གླང་པོ་རིན་པོ་ཆེ་དང་གཙུག་ན་ནོར་བུ་མ་འདྲ་བ་ཞིག་ཡོད་པའི་རྒྱལ་སྲས་དེ་ཉིད་རྒྱལ་སྲིད་ལ་མངའ་གསོལ་ཏེ་རྒྱབ་ཚབ་ལ་དབང་བསྒྱུར། མེ་ཏོག་པདྨའི་ནང་ནས་བརྫུས་ཏེ་སྐྱེས་པའི་བཙུན་མོ་མཚན་ལྡན་ཞིག་མདུན་ཐབས་ལ་བསུས་པས་སྲས་པདྨའི་གཙུག་ཏོར་ཟེར་བ་ཞིག་འཁྲུངས། རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ནས་རྒྱལ་པོ་དེའི་མངའ་འབངས་ཐམས་ཅད་བདེ་ཞིང་སྐྱིད་པར་ཡུལ་གཞན་དག་གིས་ཀྱང་སྨོན་ལམ་འདེབས་ས་ཞིག་ཡོད་པ་རེད། རྒྱལ་པོའི་མངའ་འོག་ཏུ་རྒྱལ་ཕྲན་མང་བོ་ཡོད་པ་དེའི་ནང་ནས་རྒྱལ་པོ་བཟོད་དཀའ་ཟེར་བ་དེ་རྒྱལ་པོས་ལྷག་གིས་བཀའ་དྲིན་གྱིས་བསྐྱངས་མྱོང་ཞིང་། གཞན་དང་མ་འདྲ་བའི་འདང་ཆེན་ཡིན་པས་དུས་རྒྱུན་མདུན་ན་འདོན་དང་མཛའ་གྲོགས་འདང་ཆེན་གྱི་གྲབས་ལ་བཞག་སྟེ། ཁོང་དང་མཉམ་པོར་འགྲོགས་ནས་འགྲོ་བ་ཞིག་ཡིན། ཉིན་ཞིག རྒྱལ་པོ་བཟོད་དཀའ་ལ་སོགས་པ་ཕྱོགས་དེའི་རྒྱལ་ཕྲན་དང་ནི་སྲས་བློན་པོ་བཙུན་མོ་འཁོར་དང་བཅས་པའི་དབུས་ནས་རྒྱལ་པོས་མཆོད་སྦྱིན་གྱི་ཆོ་ག་ཆེན་པོ་ཞིག་གི་སྐབས་ལ་སྦྱིན་སྲེག་ཆེན་པོ་ཞིག་བླུགས་དུས། ལྷའི་དབང་པོ་བརྒྱ་བྱིན་ནས་རྒྱལ་པོའི་བསམ་པ་ཅི་འདྲ་ཞིག་ཡིན་པར་བརྟག་དཔྱད་བྱེད་རྒྱུའི་ཆེད་དུ། སྦྱིན་སྲེག་གི་མྱེ་ནང་ནས་ཚུར་སྲིན་པོ་འཇིགས་སུ་རུང་བ་ཞིག་ཏུ་བརྫུས་ནས་བུད་དེ། རྒྱལ་པོའི་མདུན་ལ་གཅར་ནས་ཁོ་ལ་བཟའ་བཏུང་ཞིག་བྱིན་ཟེར་བས། རྒྱལ་པོས་དེ་ལ་ཟ་རྒྱུ་དང་འཐུང་རྒྱུ་སྣ་ཚོགས་བྱིན་པར། དེའི་ཟ་འཐུང་མི་བྱེད་པའི་སྟེང་ལ། ད་རུང་ཁྲེལ་བགད་ཅིག་བྱས་ནས་ཁོ་བོར་བསད་མ་ཐག་པའི་ཤ་ཁྲག་དྲོན་པོ་རླངས་པ་མ་ཡལ་བ་ཞིག་དགོས་ཅེས་པས། རྒྱལ་པོའི་སེམས་ནད་དུ་ལོགས་ནས་ངོ་མདོག་འགྱུར། བསད་མ་ཐག་པའི་ཤ་ཁྲག་དྲོན་པོ་རླངས་པ་མ་ཡལ་བ་ཞིག་སེམས་ཅན་གྱི་སྲོག་ལ་འཚེ་བ་མ་བྱས་ན་གང་ནས་ཁྱེར་ཡོང་། འཆི་བ་རང་སྲོག་ལ་ཐུག་ནའང་སེམས་ཅན་གཞན་ལ་འཚེ་བ་མི་བྱེད། ད་ནས་སྦྱིན་རྒྱུ་མེད་ན་ཡང་འདིས་རེ་ཐག་ཆད་འགྲོ་བས། ད་ནི་རང་གི་ཤ་ཁྲག་སྦྱིན་པའི་དུས་ལ་བབས་པ་རེད་དགོངས་ནས། ཁོང་གིས་ང་རང་གི་ཤ་ཁྲག་ཁྱོད་ལ་སྦྱིན། ཁྱེད་ཀྱིས་ཅི་དགའ་གང་དགར་ལོངས་སུ་སྤྱོད་གསུངས་དུས། དེས་འཁོར་ཐམས་ཅད་ཟིང་ཆ་ཕོག་ནས་ཁྱེད་ཀྱིས་དེ་འདྲ་མ་གསུངས་། དེ་འདྲ་མཛད་རྒྱུ་ཡོད་པ་མ་རེད་ཞུ་དུས། བཟློག་ཐབས་མེད་པར་རྒྱལ་པོས་རང་གི་གྲི་ཤང་ལང་གྱེན་ལ་ཤབས་ནས། མགུལ་གྱི་སྐེ་རྩར་ཁྲག་གཏར་ཏེ་སྲིན་པོ་ལ་འཐུང་དུ་བཅུག་པ་རེད། སྲིན་པོས་རྒྱལ་པོའི་ཁྲག་འཇུབ་ཐེངས་གཅིག་གིས་འཇུབ་དུས་སྐེ་ལ་མ་ཐུག་གི་བར་དུ་འཐུང་། ད་རུང་མ་ངོམ་པའི་རྣམ་འགྱུར་བསྟན་ཡོང་དུས་རྒྱལ་པོས་རང་གི་ཤ་བཅད་ནས་བྱིན། སྲིན་པོས་རྒྱལ་པོའི་སྐུ་ལུས་ཀྱི་ཤ་རུས་པ་ལ་མ་ཐུག་གི་བར་དུ་ཟོས་སོང་། དེའི་སྐབས་དེར་ད་རུང་རྒྱལ་པོའི་སྐུ་སྲོག་ཤོར་མེད་པར། འཁོར་ཐམས་ཅད་ཀྱིས་ད་ནི་རྒྱལ་པོའི་སྐུ་སྲོག་མི་འཚོ་བར་བསམ་ནས། དེར་ཐམས་ཅད་ཀྱིས་མྱ་ངན་དང་སྨེ་ངག་བཏོན། བཙུན་མོ་དེ་བརྒྱལ་ནས་དྲན་མེད་དུ་གྱུར་ནས་ས་ལ་འགྱེལ། རྒྱལ་པོའི་དྲན་པ་མ་ཉམས་ནས་ཞལ་གྲགས་ཐུབ་པ་ཙམ་ཡོད་དུས། ལྷའི་དབང་པོ་བརྒྱ་བྱིན་ཤིན་ཏུ་ནས་ཀྱང་མགུ་ནས་རང་གཟུགས་དངོས་སུ་བསྟན་ཏེ། ཁོ་བོ་ནི་ལྷའི་དབང་པོ་བརྒྱ་བྱིན་ཡིན། ཁྱེད་ཀྱི་ཤ་ཁྲག་ལ་རྔམས་ནས་ཁོང་ཡོང་པ་མིན། ཁྱེད་ཀྱིས་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བརྟན་པོ་ཨེ་ཡིན་ཉམས་ཚོད་བརྟག་ཕྱིར་ཡོང་བ་ཡིན། ད་སྦྱིན་པའི་འཕྲོ་ཆོད་གསུངས་ནས། ལྷ་ཡུལ་གྱི་བདུད་རྩི་ཞིག་བླངས་ཡོང་ནས་རྒྱལ་པོའི་རྨ་ཁ་ལ་བཏབ་པས་རྒྱལ་པོ་སྔོན་ལྟར་གནོད་མེད་དུ་གྱུར་སོང་བ་རེད། རྒྱལ་པོས་ཅི་མཛད་ནི་ཆོས་ཀྱི་བྱ་བ་ཡིན་རྒྱུ་རེད། སྦྱིན་སོགས་ཕར་ཕྱིན་དྲུག་གི་མཛད་པ་ཏག་ཏག་སྐྱོང་གིན་ཡོད་པས། དེའི་རྗེས་ནས་ཡང་ཉིན་ཞིག རྒྱལ་པོར་གླང་པོ་ཆེ་བཟང་པོའི་རི་ཞེས་པ་ནོར་སྣ་ཁྱད་འཕགས་ཤིག་ཡོད་པ། ཁོང་གི་བློན་པོ་ཚངས་པས་བྱིན་ལ་ཞེས་པ་དེ་ལ་བྱིན། ཡང་དེའི་སྐབས་ཞིག་ལ། ཡུལ་ཕྱོགས་དེ་དང་ཧ་ཅང་ཐག་མི་རིང་བའི་དྲང་སྲོང་མ་རི་རྩེ་ཟེར་བའི་སློབ་མ། བསམ་གཏན་ཐོབ་སོང་བ་ཞིག་ཡོད་པ་དེ་རྒྱལ་པོ་གཙུག་ན་ནོར་བུའི་ཕོ་བྲང་ལ་ཐོན་ཡོང་དུས། རྒྱལ་པོ་གཙུག་ན་ནོར་བུས། དེ་ལ་བཀུར་སྟི་རིམ་གྲོ་ཆེན་པོ་བྱས་ནས་མགྲོན་བསུ་བསྙེན་བཀུར་བྱས་ཏེ་ཁྱེད་ལ་ཐུགས་ཀྱི་བཞེད་དོན་ད་རུང་ཅི་ཡོད་ཅེས་དྲིས་པས། ཁོང་རང་ཉིད་ཀྱི་སློབ་དཔོན་རྒས་པ་མ་རུ་རྩེས་རིག་བྱེད་བསླབ་རོགས་བྱས་པའི་སྐུ་ཡོན་ལ། ཞབས་ཞུ་བྱེད་པ་ཞིག་འབུལ་རྒྱུ་ཨེ་ལོན་བསམ་ནས་དེའི་ཆེད་དུ་ཁྱེད་ཀྱི་མདུན་ལ་ཡོང་བ་ཡིན། ཁྱེད་ལ་ཅི་ཞིག་བསླང་ན་སྦྱིན་པར་ཐོས་ནས་ཡོང་བ་ཡིན། ཡོང་དོན་ངོ་མ་ཁྱེད་ཀྱི་བཙུན་མོ་དང་ནི་སྲས་པདྨའི་གཙུག་ཏོར་གཉིས་ཀ་སློང་དུ་ཡོང་བ་ཡིན་ཞེས་ཞུས་པ་ལ། རྒྱལ་པོས་དེ་གསན་དུས་ཐེ་ཚོམ་ཙམ་ཞིག་མ་མཛད་པར་དགའ་བཞིན་སྤྲོ་བཞིན་གུས་པ་དང་བཅས་བཙུན་མོ་དང་སྲས་གཉིས་ཀ་གནང་བ་རེད། དེས་སྲས་དང་ཡུམ་གཉིས་ཁྲིད་སོང་ནས་སློབ་དཔོན་མ་རུ་རྩེ་ལ་འབུལ་དུ་སོང་ངོ། དེའི་སྐབས་སུ་རྒྱལ་ཕྲན་གྱི་རྒྱལ་པོ་བཟོད་དཀའ་ཞེས་པ། རྒྱལ་པོ་དང་མཉམ་དུ་ག་དུས་ཡིན་ན་སྐུ་འཁོར་ནང་མའི་གྲལ་ན་འཁོད་པ་དེས། རྒྱལ་པོ་གཙུག་ན་ནོར་བུའི་གླང་ཆེན་ལ་རློམ་སེམས་སྐྱེས་ནས། ཁོང་གི་ཡུལ་ཁམས་ནས་བང་ཆེན་པ་ཞིག་ཆེད་གཏད་ཀྱིས་མངག་ནས་གཙུག་ན་ནོར་བུའི་མདུན་དུ་བཏང་། ཁོ་བོར་ཁྱེད་ཀྱི་གླང་བོ་ཆེ་དེ་བྱིན་ཞེས་སྐད་བསྐུར་ཡོང་བར། གཙུག་ན་ནོར་བུ་ཁོང་གིས་གླང་པོ་ཆེ་སྔོན་མ་ནས་བྲམ་ཟེ་མདུན་ན་འདོན་ཚངས་བྱིན་ལ་སྦྱིན་ཚར་བ་རེད། ཐེངས་འདིར་ཁྱེད་ཀྱི་འདོད་པ་སྐོང་རྒྱུའི་ཐབས་ཡོད་མ་ཐལ་གསུང་ནས་ལན་དེ་མི་བསྐུར་ཐབས་མེད་རེད་སོང་དུས་གུས་ཕྱག་ཞེ་ས་དང་བཅས་པར་འཕྲིན་ལན་ཕྱིར་ལ་བསྐུར་དུས། དེ་ལ་རྒྱལ་པོ་བཟོད་དཀས་རྒྱལ་པོའི་ཁར་མ་ཉན་ནས། གླང་བོ་ཆེ་མ་བྱིན་ན་དམག་རྒྱག་རྒྱུ་ཡིན་ཞེས་དམག་ངོ་མས་ཕབས་ནས་ཡོང་དུས། རྒྱལ་པོ་གཙུག་ན་ནོར་བུ་ཐུགས་ཕམ་སྟེ་མྱིའི་འདོད་རྔམས་ཟེར་བ་ཅི་འདྲའི་སྡུག་པོ་ཞིག་རེད། འདོད་ཞེན་ཆེ་བའི་དབང་གིས་གྲོགས་མཛའ་བཤེས་བཟང་པོ་ཡིན་ཡང་། འདི་ལྟར་སྐད་ཅིག་གཅིག་ལ་དགྲ་འགྱུར་པ་རེད། ད་འཛིང་བཞག་ན་སླ་མོ་བྱས་ནས་ཐུབ་ཀྱང་དེ་སེམས་ཅན་མང་པོ་ཞིག་ལ་གནོད་བསྐྱལ་འགྲོ། དེ་བས་ང་རང་བྲོས་སོང་ན་དགའོ་སྙམ་དུས། རང་སངས་རྒྱས་རྫུ་འཕྲུལ་ཅན་བཞི་ས་དེ་ལ་བྱོན་ཡོང་ནས་རྒྱལ་པོ་ཆེན་པོ་ནགས་སུ་ཕེབས་པའི་དུས་ལ་བབས་པ་ཡིན། ཞེས་རང་སངས་རྒྱས་བཞིའི་རྫུ་འཕྲུལ་གཞན་བརྟེན་གྱིས་དབེན་པའི་ནགས་སུ་བྱོན་པ་རེད། ཤུལ་གྱི་ཡུལ་ཁམས་རྒྱལ་པོ་བཟོད་དཀའི་དམག་གིས་གཏོར་གྲབ་བྱེད་དུས། བློན་པོ་ཐམས་ཅད་ཀྱིས་ཅི་བྱེད་འདི་བྱེད་མེད་པས་དྲང་སྲོང་མ་རུ་རྩེའི་མདུན་ལ་སོང་ནས། སྲས་པདྨའི་གཙུག་ཏོར་ཕྱིར་ལ་གནང་རོགས་ཞུས་པས། དྲང་སྲོང་གིས་ཀྱང་གནང་ཏེ། སྲས་པདྨའི་གཙུག་ཏོར་རྒྱལ་སར་ཚུར་བྱོན་ནས་དམག་གི་དུང་ཆེན་བཤམས། སྲས་ཀྱིས་དམག་དཔོན་བྱས་ཏེ་གཡུལ་བགྱེ་བས་རྒྱལ་པོ་བཟོད་དཀའ་ཕམ་ནས་རང་གནས་སུ་ཕྱིར་བྲོས་ཏེ། ཡུན་རིང་མ་འགོར་བར་རྒྱལ་པོ་བཟོད་དཀའི་བསམ་ངན་སྦྱོར་རྩུབ་དེའི་རྣམ་སྨིན་གྱིས་ཁོང་གི་མངའ་འོག་གི་ཡུལ་ཁམས་དེར་ནད་དང་མུ་གེ་ཆེན་པོ་ཞིག་ཡོང་བའི་སྐབས་ལ། རྒྱལ་པོ་གཙུག་ན་ནོར་བུ་དྲང་སྲོང་མ་རུ་རྩེ་ཡོད་སའི་ཕྱོགས་ཀྱི་ནགས་མཐའ་མྱུལ་ནས་ཕེབས་གྱིན་ཡོད་དུས། བཙུན་མོ་དྲང་སྲོང་གི་གཡོག་མོ་བྱས་ནས་ནགས་ནས་ཤིང་ཏོག་འཐུ་གཞིན་ཡོད་པའི་སྐབས་ལ། རྒྱང་རིང་ནས་མི་མངོན་པར་གཅར་ནས་དྲང་སྲོང་ལ་ཡོན་ཕུལ་ནས་ཞལ་འཛོམ་བྱུང་། རྒྱལ་པོ་བཟོད་དཀའི་འབངས་ནད་མུག་གིས་མནར་བར་སྡུག་ཐུག་ནས་ཁོ་རང་གི་མངའ་འོག་གི་བྲམ་ཟེ་བསམ་ཤེས་ཐམས་ཅད་ཚུར་བསྡུས་ནས། ད་ཅིའི་དགའ་གང་གི་དྲག་དྲིས་ནས་བློ་ཁ་བསྡུར་ཡོང་དུས་བྲམ་ཟེ་ཐམས་ཅད་ཀྱིས་ཁ་གཅིག་གྲགས་ཀྱིས། རྒྱལ་པོ་གཙུག་ན་ནོར་བུའི་གཙུག་གི་ནོར་བུ་ལོན་ན། ཡུལ་ཁམས་སྔ་ན་མེད་པའི་སྐྱིད་ལ་འགྱུར་རྒྱུ་ཡོད་རེད་ཟེར་དུས། བཟོད་དཀས་སུས་བསླང་ནའང་སྟེར་མི་སྲིད་ཟེར་བ་ལ། དེ་དག་གིས་དེ་ལ་བསླང་ན་མི་སྦྱིན་པ་མི་སྲིད་ཟེར་ནས་བྲམ་ཟེ་ཞིག་སློང་བར་མངགས་པས། རྒྱལ་པོ་གཙུག་ན་ནོར་བུ་ནགས་ན་ཡོད་པ་དང་མཇལ་ཏེ་ལོ་རྒྱུས་དང་བཅས་པ་བཤད་དེ་ནས་ནོར་བུ་བསླང་དུས། རྒྱལ་པོས་ཁྱེད་ཀྱིས་ཆོད་ནས་ཁྱེར་སོང་གསུངས། དེའི་ཚེ་ས་གཡོ་བ་ལ་སོགས་པ་ལྟས་བཟང་པོ་བྱུང་སྟེ་ནམ་མཁའི་ལྷ་ཡུལ་གྱི་ལྷའི་གཙོ་བོ་དང་ལྷ་ཐམས་ཅད་བྱོན། རྒྱལ་པོ་རང་གི་རྒྱལ་གཞིས་ཀྱི་འབངས་ལ་སོགས་པ་ལྷ་མྱི་མང་པོ་ཞིག་འདུས་ནས་རྒྱལ་པོ་ཁྱེད་ལ་ཅི་རེད་ཐལ་ཞུས་དུས། རྒྱལ་པོ་ཡུན་ཅིག་ལ་བརྒྱལ་སོང་བ་སླར་དྲན་པ་སོས་ནས་ཡར་བཞེངས་ཏེ། ཁྲག་ཕྱག་ཕྱིས་ནས་བཟོད་དཀའ་གཙུག་ཏོར་སློང་བར་སླེབས་པ་ལ། ངས་གཙུག་ཏོར་བཅད་ནས་བྱིན་པས་ན་ཟུག་ཅུང་ཙམ་ཡོང་བ་ལས་གཞན་ཅི་ཡང་མ་རེད་ཅེས་གསུངས་དུས། ལྷའི་བུ་ཞིག་གིས། ཁྱེད་ཀྱིས་རང་གི་སྐུ་ལུས་ལ་རང་འགྲུབ་དུ་ཡོད་པའི་གཙུག་ཏོར་བཅད་ནས་བྱིན་པ་ཅི་ཞིག་གི་ཐུགས་འདོད་ཡོད་པ་རེད་ཞུ་དུས། བཟོད་དཀའི་ཡུལ་གྱི་ནད་དང་མུ་གེ་མེད་ཐབས་མ་གཏོགས་གཞན་དུ་ཅི་ཡང་འདོད་པ་མེད་མོད། འདོད་པ་ཆེན་པོ་གཞན་ཞིག་དུས་རྟག་ཏུ་ཡོད་བཞིན་པ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་རྒྱུ་དེ་རེད་གསུངས་པ་ལ། དེ་ནས་ལྷ་དེས། ཁྱེད་ཀྱིས་རྒྱལ་བུ་གཟོད་དཀའ་ལ་གཙུག་གི་ནོར་བུ་བཅད་ནས་སྦྱིན་དུས་འགྱོད་པ་མ་སྐྱེས་སམ་ཞུས་དུས། འགྱོད་པ་མེད་གསུངས། ལྷ་ཚངས་པས་ཁྱེད་ཀྱི་སྐུ་ལུས་ལ་ན་ཚ་ཟུག་གཟེར་ཡོད་པ་མཐོང་འདུག་པས་འགྱོད་པ་མེད་ཟེར་བ་བདེན་པར་མི་འཛིན་ཞུ་དུས། རྒྱལ་པོས་སྐུ་སྟོད་གྱེན་ལ་བསྲིངས་ནས་བཟོད་དཀའ་འཁོར་བཅས་ལ་བྱིན་པས་ང་ལ་འགྱོད་པ་མེད་པ་བདེན་པ་ཡིན་ན། དེའི་བདེན་པའི་མཐུ་སྟོབས་ཀྱིས་ངའི་ལུས་འདི་སྔ་མ་ཁོ་ན་བཞིན་དུ་འགྱུར་བར་ཤོག་གསུངས་པས། དེ་མ་ཐག་བདེན་པའི་སྟོབས་དེས་སྐུ་ལུས་སྔོན་མ་ཇི་བཞིན་མཛེས་པ་ཞིག་ཏུ་གྱུར་སོང་བ་རེད། དེ་དུས་འཁོར་ཐམས་ཅད་ཀྱིས་རྒྱལ་པོ་ཕོ་བྲང་དུ་ཕྱིར་ལ་བྱོན་རོགས་ཞུས་དུས་མ་བྱོན་པ་རེད། དེའི་སྐབས་སུ་སྔར་གྱི་རང་སངས་རྒྱས་གདན་འདྲེན་ཞུ་མཁན་བཞི་པོ་འོང་ནས། ཁྱེད་ཀྱིས་དགྲ་ལ་ཡང་ཕན་པར་བཞེད་ན་གཉེན་རྣམས་ཅི་སྟེ་འདོར། ད་ནི་ཕོ་བྲང་དུ་གཤེགས་རན་ཞུས་ནས། ཕོ་བྲང་དུ་གདན་ཞུ་བྱས་ཏེ་སྔར་བཞིན་འཁོར་འབངས་ཐམས་ཅད་ཕན་པ་དང་བདེ་བར་མཛད་པ་རེད། འདིའི་རྟོགས་བརྗོད་འདི་བདག་ཅག་གི་སྟོན་པས་སློབ་པ་ལམ་གྱི་གནས་སྐབས་ཀྱི་བྱང་སེམས་ཀྱི་བྱ་དཀའི་སྤྱོད་པར་བསླབ་པའི་ལེའུ་ཚན་དུམ་བུ་ཞིག་རེད། འདི་ཚོ་བྱང་ཆུབ་སྨོན་པའི་བསླབ་བྱ་དང་གཙོ་བོར་འབྲེལ་ནས་གསུངས་པ་ཞིག་རེད། །དེ་ཡང་སྨོན་འཇུག་གཉིས་ཀ་བསམ་པས་སྨོན་དང་སྦྱོར་བས་འཇུག་པ་གོང་ནས་བཤད་པ་ལྟར། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དོན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བཟུང་ཕར་ཕྱིན་དྲུག་ལ་བསླབ་དགོས་པ་གཞིར་བཞག་རེད།།

ད་ཕར་ཕྱིན་ཟེར་ན་ཅི་ཟེར་བ་རེད་སྙམ་ན། ཚུ་རོལ་འཁོར་བ་ནས་བལྟས་ན་ཕ་རོལ་མྱ་ངན་ལས་འདས་པ། ཕ་རོལ་མྱ་ངན་ལས་འདས་པ་དེའི་ས་ལ་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པས་ན་ཕར་ཕྱིན་གསུངས་པ་རེད། འདིའི་གྲངས་དང་གོ་རིམ་ངེས་པའི་རྒྱུ་མཚན་ལ་སོགས་པ་མང་། དེ་ཡང་ཚོགས་སྦྱོར་གྱི་ལམ་མོས་པས་སྤྱོད་པའི་ས་ཡི་ཕར་ཕྱིན་འདི་ཕར་ཕྱིན་བཏགས་པ་བ་དང་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་ནས་ཕར་ཕྱིན་མཚན་ཉིད་པར་འགྱུར་བ་རེད། བཏགས་པ་བ་ཟེར་ན་ཡིན་ཙམ་པ་དང་མཚན་ཉིད་པ་ཟེར་ན་ངོ་མ་བོའམ་དངོས་ལ་ཟེར་བ་རེད།།

དེ་ཡང་སྨོན་འཇུག་གི་བསླབ་བྱའི་སྐོར་ལ་དབྱེ་བ་རྒྱ་ཆེ་ནི་རེད་ད། ལས་དང་པོ་པས་ཀུན་མཁྱེན་ཆེན་པོས། སྨོན་པའི་བསླབ་བྱ་ཚད་མེད་བཞི་བསྒོམ་ཞིང་། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱོད། །གསུང་རྒྱུའི་ཚིག་དེའི་ཐོག་ནས་སྦྱང་ན་གོ་སླ་ཉན་བདེ་རེད། སྨོན་པའི་བསླབ་བྱ་ཚད་མེད་བཞི་བསྒོམ་ཞིང་ཞེས་པའི་ཚིག་དང་པོ་ནི་སྨོན་སེམས་ཐོབ་ལ་མ་ཉམས་པར་བྱེད་པའི་འདུན་པ་ཅན་ཞིག་ཧ་ཅང་གནད་གལ་ཆེ། ཐག་རིང་སའི་རྒྱ་གར་རྡོ་རྗེ་གདན་ལ་ཐོན་དུས་ཇོ་བོ་བྱང་ཆུབ་ཆེན་པོར་མཇལ་དགོས་པས་དེར་ཐོན་དུས་དེའི་མདུན་སྒོ་རྙེད་རྒྱུ་གལ་ཆེ་རུང་། དེ་ལ་མ་ཐོན་གོང་གི་རང་གི་སྒོ་ཐེམ་བརྒལ་ནས་གོམ་པ་བླངས་དུས་ནས་རྡོག་སྣ་ཐོགས་མི་འགྲོ་རྒྱུའི་གོམ་ཁ་གཟབ་རྒྱུ་དང་པོ་གནད་ཆེ་བ་རེད།།

ག ཚད་མེད་བཞིའི་སྒོ་ནས་བློ་སྦྱོང་བ།

དེ་བས་ན་དང་པོ་ཚད་མེད་བཞིའི་སྐོར་གཟབ་ནན་སྦྱངས་རྒྱུ་བོ་རང་རེའི་ལས་དང་པོ་པ་ཐམས་ཅད་ལ་འཕྲོད་པའི་སྨན་ངོ་མ་དེ་ཡིན། ལས་དང་པོ་པ་ཟེར་ན་ཅི་རེད་ཅེ་ན། གསར་བུ་ཆོས་ཞུགས་བྱས་མ་ཐག་པ་ཞིག་ལ་ཟེར་བ་རེད་མོད། ལོ་ཚོད་ནམ་ཚ་ཡར་ཟད་ལ་ཐོན་ཚར་བ། ཆོས་ཞུགས་བྱས་ནས་མི་ལོ་མང་དུ་སོང་ཡང་། སྦྱོང་པ་ཉམས་ལེན་གྱིས་ལག་མ་ཁྱག ནར་མ་སོན་པ་ཐམས་ཅད། ལས་ལ་ཞུགས་ནས་ལས་མ་འགྲུབ་པའི་ཚོད་ཀྱིས་ལས་དང་པོ་བ་ཟེར་ན་ཆོག་པ་རེད། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཟེར་བའི་ཡོད་ན་ཐར་བ་སྒྲུབ་ལ་དེས་ཆོག་པ། མེད་ལ་ཐར་བ་སྒྲུབ་ལ་ཐབས་ཆག་སོང་བའི་རྣམ་དག་བྱང་ཆུབ་ཀྱི་སེམས་འདི་མདོ་སྔགས་ལམ་གྱི་གཞུང་རྟ། རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པུའི་ལམ་དེ་རེད། ཡིད་བཞིན་གྱི་ནོར་བུ་གསོལ་བ་བཏབ་ན་འདོད་རྒུ་ངང་གིས་འབྱུང་ཟེར་བ་དོན་ངོ་མས་བཤད་ན་བྱང་ཆུབ་སེམས་ཟེར་བ་འདི་ཡིན་ནི་རེད། འཇིག་རྟེན་གྱི་ནོར་བུ་ཕལ་གྱིས་ཚེ་འདིའི་བསམ་དོན་འགྲུབ་པ་ཙམ་ལ་ཆེ་ཐང་དུ་བཟུང་ནའང་། འདིས་ནི་མཐའ་ཡས་སེམས་ཅན་ཡོངས་རྫོགས་ལ་གཏན་དུ་བདེ་བའི་སྒོ་འཕར་ཕྱེས་ནས་མི་ཟད་བདེ་བའི་ལོངས་སྤྱོད་ཀྱི་གཏེར་མཛོད་ཅིག་ལ་མངའ་དབང་འབྱོར་ཏེ་སྲིད་ཞིའི་འཇིགས་པ་ཐམས་ཅད་དང་བྲལ་བའི་ཁམས་གསུམ་འགྲོ་བ་ཡོངས་རྫོགས་ཀྱི་མགོན་དང་དཔུང་གཉེན་དམ་པ་རྨད་བྱུང་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ལ་སྦྱོར་བ་ཡིན་པས། དེ་ཉིད་མ་སྐྱེས་པ་སྐྱེ་བའི་ཐབས་ལ་ཚད་མེད་བཞིའི་བློ་སྦྱོངས་དགོས་པ་རེད། སྐྱེས་པ་མི་ཉམས་པར་འཕེལ་བའི་ཐབས་ཀྱི་བསླབ་བྱ་བསླབ་པ་ལ་ཡང་ཚད་མེད་བཞི་འདི་མེད་ན་ཐབས་མེད་རེད། དང་པོར་ཐེག་ཆེན་གྱི་ལམ་ལ་ཞུགས། བར་དུ་ལམ་སྦྱངས་དུས་དང་མཐར་སངས་རྒྱས་པའི་བར་ལ་ཚད་མེད་བཞི་དང་འབྲལ་ཐབས་མེད་པ་རེད། དེ་ཡང་ལམ་དུས་སུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ནང་ན་དང་པོ་ཚད་མེད་བཞི་ཡོད་པ་རེད། དེ་བཞིན་འབྲས་དུས་སུ་ཡིན་ན་ངས་རྒྱས་ཀྱི་ཚད་མེད་བཞི་ཡང་ཚད་མེད་བཞི་འདི་རེད།།

འདི་རྒྱས་པར་བཤད་ན་ཚད་མེད་བཞི། འབྲིང་དུ་བསྡུས་ན་བྱམས་སྙིང་རྗེ་གཉིས་ཀ དེ་ཡང་ཚུར་བསྡུས་ན་སྙིང་རྗེ་ཉག་མ་གཅིག་པོ་འདི་བསྒོམ་རྒྱུ་དེའི་ནང་ལ་འདུས་པ་རེད། ད་བྱང་ཆུབ་སྒྲུབ་པ་ལ་མེད་ཀི་ཐབས་མེད་འདི་བས་གནད་ཆེ་ཡོད་པ་མ་རེད། དེ་ཡང་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་པོ་འདི། ངེས་འབྱུང་གི་ལམ་གྱིས་མ་ཟིན། བྱང་ཆུབ་སེམས་ཀྱིས་མ་ཟིན། སྟོང་ཉིད་ཀྱི་ལྟ་བས་མ་ཟིན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་བཞག་ན་འདི་བཞི་པོར་ཚད་མེད་བཞི་ཟེར་པ་མིན། ཚངས་པའི་གནས་པ་བཞི་ཟེར་པ་རེད། འདི་བཞི་བསྒྲུབ་ན་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་བསམ་གཏན་དང་པོའི་ཚངས་རིས་དང་ཚངས་པ་མདུན་ན་འདོན། ཚངས་ཆེན་སོགས་ལ་སྐྱེ་བྱེད་ཀྱི་རྒྱུ་རེད། གནའ་ཞིག་ལ་མ་རྒན་མ་བུ་གཉིས་ཆུ་ཆེན་ཞིག་གིས་ཁུར་སོང་བ་ལ། མ་ཡིས་བསམ་ན་བུ་མོ་འདི་ཐར་སོང་ན་བསམ། བུ་མོས་བསམ་ན་ཨ་མ་འདི་ཐར་སོང་ན་བསམ། དེ་ལྟར་གཉིས་ཀས་གཅིག་གིས་གཅིག་ཐར་ན་བསམ་པ་ལས་རང་ཉིད་ལ་བསམ་བློ་མ་བཏང་བའི་བྱམས་སྙིང་རྗེ་སླད་མེད་དེས་གཉིས་ཀ་ཆུ་ནང་ནས་མ་ཐར་མོད་ཚེ་འཕོས་ནས་ཚངས་པའི་ལྷ་ཡུལ་ལ་སྐྱེས་པ་རེད།།

༡ གཞུང་བཤད་པའི་ལུགས་ཀྱི་ཚད་མེད་བཞི།

འདི་བཞི་ཚད་མེད་བཞི་ལ་འགྱུར་རྒྱུར་ཆ་རྐྱེན་གང་ཞིག་ཚོགས་དགོས་ནི་རེད་ཅེ་ན། གཞུང་བཤད་པའི་ལུགས་ཡིན་ན་དམིགས་པ་ཚད་མེད། ཚོགས་ཚད་མེད། ཆོས་ཚད་མེད། ཡེ་ཤེས་ཚད་མེད་བཞི་བོ་ཚང་དགོས་པ་རེད། དམིགས་པ་ཚད་མེད་ནི་མཐའ་ཡས་སེམས་ཅན་གཅིག་ཀྱང་མ་ལུས་པར་ཐམས་ཅད་ལ་དམིགས་པ། ཚོགས་ཚད་མེད་ཟེར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་འགྲུབ་པའི་རྒྱུ་སྒྲུབ་རྒྱུ། ཆོས་ཚད་མེད་ཟེར་དུས་སངས་རྒྱས་ཀྱི་སའི་འབྲས་ཆོས་ཉེར་ལྔ་དང་། ཡེ་ཤེས་ཚད་མེད་ནི། ཤེས་དང་ཤེས་བྱ་ཐ་མི་དད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་གོ་དགོས་པ་རེད། དེ་བཞི་ཚོགས་རྒྱུ་དེ་གཞུང་བཤད་པའི་ལུགས་རེད།།

༢ མན་ངག་པའི་ལུགས་ཀྱི་ཚད་མེད་བཞི།

ད་མན་ངག་གི་ལུགས་ལྟར་བཤད་ན། དམིགས་པའི་ཡུལ་ཚད་མེད། རྣམ་པའི་བློ་ཚད་མེད་པ། དེའི་འབྲས་བུ་ཚད་མེད་པ་གསུམ་བྱས་ནས་བཤད་ན་གཅིག་པ་འདྲ་བོ་རེད། འདིའི་གོ་རིམས་ཀྱི་ཐོག་ནས་བཤད་ན་གཞུང་བཤད་པའི་ལུགས་ལྟར་དུ་བགྲང་བའི་རིམ་པ་ལྟར་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་ལ་ཟེར་ནི་རེད་མོད། སྒོམ་པའི་ཐད་ནས་མན་ངག་གི་ལུགས་བཞིན་དང་པོ་བཏང་སྙོམས་ནས་མགོ་བཙུགས་ནས། ད་ལོ་ང་རང་ཚོའི་ཆོས་ཁྲིད་འདི་བསྒོམ་གཙོ་བོར་བྱ་རྒྱུའི་ཆོས་ཁྲིད་ཞིག་ཡིན། ད་སྔ་སུ་ཡིན་རུང་ཆོས་ཆེ་ཚད་ཆུང་མིན་རེ་ཉན་ཀི་བསྡད་པ་རེད། མདོ་རྒྱུད་བཀའ་དང་བསྟན་བཅོས་ཡོད་ཚད་མྱི་ཚེ་ལ་ཉན་ན་ཟད་རྒྱུ་ཡོད་མ་རེད། ཐོས་པ་མང་བ་ཚུར་ལ་བཅུད་དུ་དྲིལ་ནས་རང་རྒྱུད་ཉམས་ལེན་གྱི་གནད་དུ་སྨིན་དགོས་པ་རེད། གོ་ཚད་རྫ་རྒྱབ་ཆུ་ཕྱར་རེད་འདུག་རྒྱུ་འདི་ནི་ཐོས་བསམ་གཉིས་ཀ་བྱས་ཀྱང་མ་བསྒོམ་པའི་སྐྱོན་ཡིན་རེད། ད་དེ་སྒོམ་ཐུབ་པའི་མན་ངག་ཅི་ཡོད་རེད་ཅེ་ན། གང་ཐོས་པ་དེའི་དོན་དེ་མ་ཐག་བསམ་པའམ་དེའི་སྟེང་ནས་རྒྱུད་ཐོག་ལ་བླངས་ཏེ་བསྒོམ། ཐོས་བསམ་སྒོམ་པ་གཅིག་ཆར་དུ་བྱེད་མ་ཐུབ་དུས། དེའི་བར་ནས་ལེ་ལོའི་ཇག་པ་དང་ནི་རྣམ་གཡེང་གི་རྐུན་མ་བདུད་ལས་སྣ་ཚོགས་ཀྱི་དགྲ་ཆེན་དག་དང་ཐུག་སོང་དུས། འུ་བུའི་ཆོས་མགོ་ཐོན་རྒྱུ་འདི་རླུང་ནང་ལ་མར་མེ་བཞག་པ་ལྟར། དུས་ཚོད་སྐར་མ་བཅོ་ལྔའི་ཚེ་ལ་རྣམ་རྟོག་གི་དགྲ་བོས་མི་ཁྱེར་བའི་སྔོན་འགྲོ་དངོས་གཞི་གང་རུང་གི་མཉམ་བཞག་ཐུན་གཅིག་ལ་མགོ་ཐོན་བྱས་ནས་འདུག་མ་མྱོང་བས་ཉམས་མྱོང་ཡོད་པ་མ་རེད། དེས་ན་ཆོས་རའི་ནང་ནས་ཆོས་ཚིག་གཅིག་ཐོས་པ་སེམས་ཐོག་ལ་བླངས་ཏེ། ཕྱིར་ཁྱིམ་ལ་སོང་ནས་དེ་རྒྱུན་དུ་སྒོམ་དགོས་ནི་རེད། མི་སྐྱ་ཕོ་མོའི་སྒོམ་རྒྱག་ཟེར་རྒྱུ་ཞིག་གནའ་ག་གེ་མོ་ཚུན་ཆད་ནས་མ་དར་བ་ཞིག་ཅེས་ཁྲེལ་བགད་དང་ལྷན་དུ་འགོག་རྐྱེན་བྱེད་མཁན་དང་ཐུག་རྒྱུ་ཡོད་རེད་དེ། དེ་ཡང་རང་དོན་རང་གིས་མ་བསྒྲུབས་དུས་མྱི་ཁ་ལ་ཉན་རྒྱུ་ཡོད་པ་མ་རེད། མྱིས་ཅི་མི་ཟེར་ཕྱི་རོལ་མི་སྟེགས་པས་ཀྱང་མཐོ་རིས་ལ་ཐར་བར་བཟུང་ནས་བསམ་གཟུགས་སྒོམ་པ་རེད། ནང་པ་སངས་རྒྱས་པས་ཉན་ཐོས་བྱེ་བྲག་སྨྲ་བ་ཡན་ཆད་དང། དབུ་ཕྱག་རྫོགས་གསུམ་ཚུན་ཆད་ལ། སྒོམ་མི་དགོས་ས་གཅིག་ཀྱང་མེད་པས་ན་སྒོམ་དགོས། སྒོམ་རྒྱུ་དེ་ཡང་མཐའ་གཅིག་ཏུ་མི་མེད་ལུང་སྟོང་དུ་མཐུན་རྐྱེན་མེད་ན་ཆོག་པ་མ་རེད། གཅིག་པུ་ལུང་སྟོང་ཞིག་གི་ནང་ལ་བསྡད་པ་ཙམ་གྱིས་གྲོལ་བ་ཐོབ་ན་ལུང་སྟོང་གི་ནང་ན་བྱ་རི་དྭགས་ཚོ་དབེན་པར་བསྡད་ཡོད་ཀྱང་དེ་དག་སངས་རྒྱས་མི་འདུག དེས་ན་ཁྱིམ་ན་ཡོད་པའི་ཁྱིམ་པ་ཕོ་མོ་ཁྱིམ་གྱི་ལས་ཀས་བྲེལ་མཁན་ཐམས་ཅད་ཀྱིས་ལས་ཀའི་ཞོར་ལ། དྲན་དང་ཤེས་བཞིན་བག་ཡོད་གསུམ་དང་མ་བྲལ་བར་ཉམས་ལེན་སེམས་རྒྱུད་ལ་སྦྱར་རྒྱུ་མ་བརྗེད་ན་དེ་སྒོམ་ཡིན་པ་རེད། ཕྱུགས་འཚོ་འགྲོ་ཞོར་དང་ཡོག་ཡོག་ཞོར། འོ་བཤིགས་འཕྲུལ་ཆས་བཤིགས་ཞོར་དང་སྨན་རིགས་བརྐོ་ཞོར་སོགས་མདོར་ན་གནས་སྐབས་ཐམས་ཅད་དུ་སེམས་ཉམས་ལེན་གྱི་གནད་དང་མ་བྲལ་ན་འགྲོ་འདུག་ཐམས་ཅད་སྒོམ་ལ་འགྱུར་འགྲོ་བ་རེད། དེ་དུས་དུས་ཚོད་ཀྱིས་མི་འདང་རྒྱུ་མེད་ཀི་ཡིན་ན། ཆོས་སྒྲུབ་ལོངས་མི་སྟེར་གི་བསམ་དུས་ཆོས་སྒྲུབ་ལུགས་མི་ཤེས་པའི་རྟགས་རེད། དེ་ཡིན་པའི་རྒྱུ་མཚན་ཅི་རེད་ཅེ་ན། ལས་ཀ་ལས་ཞོར། འགྲོ་ཞོར་འདུག་ཞོར་ལ་ཞེ་སྡང་ཁོང་ཁྲོ་སྐྱེས་ཆོག་གི་ཡིན་ན། ཞེ་སྡང་ཁོང་ཁྲོ་སྐྱེས་རྒྱུ་དེ་མི་དགེ་བ་རེད། ཞེ་སྡང་ལྟ་བུའི་རྩ་བའི་ཉོན་མོངས་འཁོར་ཀུན་འགྲོ་ལྔ་དང་བཅས་པ་ཁོ་རང་ངོ་བོ་ཉིད་ཀྱི་མི་དགེ་བ་རེད། མི་དགེ་བ་སྐྱེས་ཆོག་དུས་དགེ་བ་སྐྱེས་མི་ཆོག་རྒྱུ་ཅི་ལ་ཡོད། མ་ལོབས་ནི་རེད་མ་གཏོགས་དེའི་ཚབ་ལ་དགེ་བ་སྐྱེས་བཏང་ན་སྐྱེས་ཆོག་ལུགས་གཅིག་པ་ཡིན་པ་རེད། ད་རུང་ཚད་མེད་བཞི་འདི་ཚོ་བསྒོམ་རྒྱུ་དང་མ་བྲལ་ན་རང་རྒྱུད་ཀྱི་གདུག་རྩུབ་དང་གནོད་སེམས་ཉམས་ཞན་པའམ་མགོ་ཇེ་དམའ་རུ་སོང་དུས། གཞན་རྒྱུད་ཀྱི་སྡང་སེམས་དང་གནོད་པ་ཡང་དེ་བཞིན་དུ་ཆུང་འགྲོ་ནི་རེད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་ཁྱད་པར་དུ་བྱམས་པ་དང་སྙིང་རྗེ་འདི་ཚོ་ཅུང་ཟད་རེ་རྒྱུད་ལ་སྐྱེས་ཐུབ་ན་བཟའ་ཚང་མཐུན་པ། ཁྱིམ་མཚེས་དང་འགྲིག་པོ། བྱ་བ་ཆེན་པོ་བྱེད་མཁན་ཡིན་ན་ལྷག་ཏུ་གོང་འོག་བར་གསུམ་ལ་མི་མཐུན་ས་ཞིག་མེད་དུས་བྱ་བ་འགྲུབ་རྒྱུར་ཕན་ཐོགས་ཆེ་བ་རེད། ད་བློ་ལྡོག་རྣམ་བཞི་ལ་སོགས་པ་འདི་ཚོ་ཅི་ཙམ་གོ་གི་བསྡད་ནའང་རང་གཞན་གཉིས་ཀར་གར་འཕང་འདིར་བརྒྱབ་མེད་པར་ཤིང་མདའ་སྒྲོ་མེད་ནགས་ལ་འཕངས་བ་འདྲ་ཞིག་རེད་འདུག་རྒྱུ་དེ། བསྒོམ་མ་ཐུབ་པའམ་སྒོམ་རྒྱུ་ཉུང། གོ་རྒྱུ་མང་བས་ཆོས་དྲེད་རེད་ནས་བཤད་ཤེས་རུང་དོན་ལ་མེད་པ་རེད་འགྲོ་བ་རེད། ངེད་ཚོ་ལྟ་བུ་ཡིན་ན་དེ་འདྲ་རེད། ད་གཞན་རྒྱུད་བརྟག་པའི་མངོན་ཤེས་མེད་དུས་རང་རྒྱུད་རང་གིས་ཚད་གཞི་ལ་བཞག་ནས་མ་བཤད་དུས་བཤད་ཐབས་གཞན་མེད་པས་དེ་ལྟར་བཤད་པ་ཡིན། ད་སེམས་ཅན་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་འདོད་བྱམས་པ་རེད། སེམས་ཅན་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་སྙིང་རྗེ་ཡིན། སེམས་ཅན་ཐམས་ཅད་བདེ་བ་དང་མི་འབྲལ་བར་འདོད་པ་དགའ་བ། སེམས་ཅན་ཆགས་སྡང་གཉིས་དང་བྲལ་བར་འདོད་པ་བཏང་སྙོམས་རེད། དེ་དག་ནི་ཚད་མེད་བཞི་བོའི་རང་གི་ངོ་བོ་ཟེར་ན་མཚན་ཉིད་ཟེར་ན་རྣམ་པ་དེ་འདྲ་ཞིག་རེད།།

ང་། དམིགས་བཅས་དང་དམིགས་མེད་ཀྱིས་བསྒོམ་ལུགས།

བསྒོམ་དུས་དམིགས་བཅས་དམིགས་པ་ཅན་གྱི་བསྒོམ་རྒྱུའི་དཔྱད་པ་སྔོན་དུ་འགྲོ་བས་བསྒོམ་རྒྱུ་དང་། དམིགས་མེད་གང་ལ་ཡང་མི་འཛིན་ནས་འཇོག་རྒྱུའི་སྒོམ་ལུགས་གཉིས་ཀ་སྤེལ་མ་བྱས་ནས་བསྒོམ་ཆོག་རེད། དང་པོ་དམིགས་བཅས་ཀྱིས་བསྒོམ་རྒྱུ་དེ་རེད། དེ་དུས་དམིགས་རྣམ་སྤྲད་ནས་བསྒོམ་དགོས་ལ་མཐར་དམིགས་མེད་དུ་འཇོག་དགོས་པ་རེད། དེ་ཡང་སྟོང་རྟེན་འབྱུང་གཉིས་ཀ་དབྱེར་མེད་སྐྱེ་འགག་བྲལ་བའི་མཉམ་པ་ཆེན་པོའི་ངང་ལ་བཅས་བཅོས་མེད་པར་མཉམ་པར་འཇོག་པ་དེ་ནི་ཚད་མེད་བཞི་བོ་གང་བསྒོམ་ན་འདྲ་འདྲ་ཡིན།

བཏང་སྙོམས་དང་པོར་བཞག་ནས་མ་བསྒོམ་ན་བྱམས་སོགས་བཞི་པོ་ཕྱོགས་རིས་ཅན་དུ་གྱུར་སོང་དུས་ཚད་མེད་དུ་མི་འགྲོ་བས་ཞི་གནས་དང་ལྷག་མཐོང་ཟུང་འཇུག་གིས་བསྒོམ་དགོས། ཡིན་ན་ཡང་ལས་དང་པོ་བས་བཏང་སྙོམས་དང་བཏང་སྙོམས་ཀྱི་ཏིང་ངེ་འཛིན་བསྒོམ་དུས་གཙོ་ཆེར་ཞི་གནས་བསྒོམ་ལུགས་ཤས་ཆེ་རེད། སྤྱིར་ན་ཞི་གནས་དང་ལྷག་མཐོང་ཟེར་བའི་སྒྲ་གཅིག་ལ་དོན་གྱིས་ཐེག་པའི་རྣམ་གྲངས་ཀྱིས་ཁྱད་པར་དང་དབྱེ་བ་མང་བ་རེད་དེ། ཞི་གནས་ནི་བསམ་གཏན་གྱི་ངོ་བོ་ཏིང་ངེ་འཛིན་གྱི་བསླབ་པ་ཡིན་པ་དང་ནི་ལྷག་མཐོང་ནི་ཤེས་རབ་ཀྱི་ངོ་བོ་ཤེས་རབ་ཀྱི་བསླབ་པས་བསྡུས་པ་ཞིག་ཡིན། དེ་གཉིས་ཀ་རྟེན་ཚུལ་ཁྲིམས་རྣམ་པར་དག་པ་ཚུལ་ཁྲིམས་ཀྱི་བསླབ་པར་བརྟེན་ཡོད་ནི། དེ་གསུམ་པོའི་གྲོགས་ལ་གང་དགོས་ནི་རེད་ཟེར་ན་བརྩོན་འགྲུས་མེད་ཐབས་མེད་པ་རེད། བཏང་སྙོམས་བསྒོམ་དུས་བཏང་སྙོམས་བཟང་མེད་ངན་མེད། ཕན་མེད་གནོད་མེད་ཀྱི་གཏི་མུག་བཏང་སྙོམས་ཟེར་བར་ལོགས་མི་འགྲོ་བའི་ཆེད་དུ་དགྲ་དང་གཉེན་གཉིས་ཀ་དམིགས་སུ་བཀར་ནས་དེ་གཉིས་ཀ་ནས་འགོ་བཟུང་སྟེ་བསྒོམ་རྒྱུ་དེ་མན་ངག་གི་ལུགས་རེད། ཐུན་གྱི་དངོས་གཞིར་རང་གི་གཡས་ས་ན་དགྲ་སྡང་བ་དེའི་སྡུག་མེད་པ་བོ། གཡོན་ས་ན་གཉེན་དགའ་མཛའ་དེའི་དགའ་མེད་ནི་བོ་གཉིས་ཀ་ཡོད་པར་བསམ་ནས། དགྲ་ལ་སྡང་སེམས་དང་གཉེན་ལ་ཆགས་སེམས་གཉིས་ཀ་ཡར་ལ་བསླངས་ཡག་བྱས་ནས་དེའི་འཕྲོར་བསམ་བློ་ནང་ལ་ཚུར་བསྐོར་ནས་སྔ་ཕྱི་བར་གསུམ་ལ་འདིང་བརྒྱབ་ནས། འདི་གཉིས་ཀ་དང་ནི་ངེད་གསུམ་པོ་འཁོར་ཚེ་ཐོག་མེད་ནས་ད་ལྟའི་བར་ལ་སྐྱེ་བ་གྲངས་མེད་རྩིས་གྲངས་མི་ཐེབས་པ་ཞིག་བླངས་པ་ཡིན་ན། དེ་དུས་འདི་གཉིས་ཀས་ཕན་བཏགས་པའི་རྣམ་གྲངས་ཅི་འདྲ་མང་། དེ་ཡང་ད་ལྟའི་སྐབས་སུ་ཡིན་ན་ང་མེད་ན་དགྲ་འདིས་དགྲ་སུ་ལ་བྱེད། ཁོ་རང་གིས་བསམ་ན་ངས་ཕར་ལ་ཁོ་བོར་དགྲ་བྱས་པ་རེད་ལོས་བསམ། ངས་ཕར་ལ་དགྲར་མ་བཟུང་ན་ཁོས་དགྲ་སུ་ཞིག་འཛིན། འདི་དང་པོ་ནས་དགྲ་མ་རེད། འབྲེལ་བ་མེད་ན་འགལ་བ་ཅི་ལ་ཡོང་། སྔར་མཐུན་ཚབས་ཆེ་སོང་བའི་ཚད་ལ་བསླེབས་རྒྱུ་ཕྱིས་སུ་འདི་ལྟར་གྱུར་སོང་པ་རེད། འདི་འཇིག་རྟེན་གྱི་འཁོར་བའི་ཆོས་ཉིད་ཡིན་རེད། དགྲ་གཉེན་དུ་གྱུར་བ་ཡང་མྱི་བསད་ཀྱི་རྔ་མ་གཉེན། རྟ་དེད་ཀྱི་རྔ་མ་ཤག ཟེར་རྒྱུ་ཅི་འདྲའི་མང་གི། ཆོས་ཕྱོགས་ནས་བསམ་ན་ནི། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་ཡོག་དགེ་བསྐུལ་གྱི་ལྕག་འདེབས། འདི་ཆགས་ཞེན་འཇིག་པའི་བླ་མ་རུ་མཐོང་ནས། །ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་འདུག་གོ །གསུངས་ལྟ་བུ་ཡིན་རེད། ཆོས་སྒྲུབ་པ་ལ་གཉེན་ལས་ཀྱང་ད་རུང་དགྲ་བཀའ་དྲིན་ཆེ་ནི་རེད། གཉེན་འདིས་ནི་གནོད་མ་སྐྱེལ་གྱི་རིམ་པ་གྲངས་མེད། རྩྭ་ཡིས་མེ་འཛིན། འདམ་གྱི་བྱ་འཛིན། ནམ་མཁའི་བྱ་རྙི་ཡིས་བཟུང་བ་བཞིན། འཁོར་བའི་སྡུག་བསྔལ་གྱི་དྲྭ་རྒྱ་བཙོན་ཁང་ཞིག་དང་འདྲ་བའི་ནང་ལ་ཚུད་རྒྱུ་འདི། གཉེན་ལ་ཆགས་སེམས་ཀྱི་ཁོངས་ནས་ཡོང་བ་རེད་བསམ་ནས་དེ་ལྟར་བསྒོམ། དེ་ནས་དགྲ་གཉེན་བར་མ་ལ་སོགས་པ་བསྒོམ། དེ་རྒྱབ་རྒྱུས་ཡོད་མེད་མང་པོར་བསྒོམ་དུས། བར་གཅིག་ཚང་མ་ལ་ཞེན་ཁ་འདྲ་ཞིག་ལོག་ནས་དགྲ་གཉེན་ལ་སོགས་པ་ཚང་མ་ཕར་སྐྱུར་ཞོག་བསམ་རྒྱུ་ཞིག་གི་སྟེང་ལ་བརྒྱབ་ན། དེ་ནི་གོང་ནས་བཤད་པའི་བཏང་སྙོམས་སྐྱོན་ཅན་གཏི་མུག་བཏང་སྙོམས་རེད་གྲབ་རེད། དེས་ཅི་ཡང་མི་ཕན། དེ་ལ་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཞིག་ཡོད་པ་ཐམས་ཅད་ཕ་མ་བྱས་ནས། དེ་ཡང་ལན་གཅིག་ཙམ་གྱིས་མི་ཚད་པར་ས་ཆེན་པོའི་རྡུལ་གྱི་གྲངས་ཀྱིས་མི་ཚད་པའི་ཕ་མ་ཞིག་བྱས་ཡོད། དེ་དུས་དྲིན་གྱིས་བསྐྱང་ལུགས་ལ་ད་ལྟའི་མ་དང་ཁྱད་པར་ཅི་ཡོད་བསམ་ནས། སྐྱེ་བ་ཚེ་འདིའི་མ་རྒན་དྲིན་ཆེན་མ་མིག་སྔར་ཤར་དུ་བཅུག་ནས་དྲིན་གྱིས་བསྐྱང་ལུགས་ལ་འདང་རྒྱབ། མཐའ་ཡས་སེམས་ཅན་ཐམས་ཅད་དེ་དང་འདྲ་འདྲ་ཡིན་པས་ཁྱད་པར་དབྱེ་བ་ཕྱེ་ཡོང་རྒྱུ་ཞིག་མེད་བསམ་ནས། དེ་ལ་མར་ཤེས་དྲིན་དྲན་དྲིན་ལན་གསབ་འདོད་སྐྱེས་ཏེ་ཁམས་གསུམ་སྲིད་པ་གསུམ་ན་གནས་པའི་སེམས་ཅན་གཅིག་ཀྱང་མ་ལུས་པར་བཏང་སྙོམས་ཚད་མེད་ཞིག་བསྒོམ་དགོས་ནི་རེད། དེ་ལ་དམིགས་བཅས་མཚན་མ་ཅན་གྱི་དཔྱད་སྒོམ་ཟེར། དེ་བརྟགས་ཤིང་དཔྱད་ནས་སྒོམ་དགོས་པ་རེད། དེ་ནས་ཐང་ཆད་དེ་སེམས་འཕྲོ་མི་བསམ་ནི་རེད་ཡོང་དུས་འདས་པའི་རྣམ་རྟོག་གི་རྗེས་ལ་མི་འདེད། མ་འོངས་རྣམ་རྟོག་གི་སྔོན་མི་བསུ། ད་ལྟའི་རྣམ་རྟོག་གི་འཕྲོར་མཐུད་ཀི་མི་འདུག་པར་བཅས་བཅོས་མེད་པར་ཁོ་རང་ཇི་ལྟ་བུ་ཡིན་པ་དེའི་སྟེང་ལ་བཞག་བཞག་ན། དེ་ནི་བཏང་སྙོམས་ཀྱི་ཏིང་ངེ་འཛིན་དེ་དང་ཆབ་ཅིག་ཏུ་འདི་ལྟར་སྣང་བ་ཐམས་ཅད་སྟོང་ཉིད་ཅི་ཡང་མ་ཡིན་པ་ལས་ཐ་སྙད་དུ་ཅིར་ཡང་སྣང་བ་རེད་དེ། དོན་དམ་ལ་རང་བཞིན་གྱིས་མ་གྲུབ་པ་ཡིན་ནི་རེད་བསམ་རྒྱུའི་སྣང་སྟོང་འཛིན་པ་བྲལ་བའི་ངེས་ཤེས་ཀྱི་ངང་ལ་བཞག་ན་ལྷག་མཐོང་སྐྱེ་རྒྱུའི་དགོས་པ་དང་ལྡན་པ་རེད། དེ་ནས་དུས་ཚོད་གང་མཚམས་ཞིག་སོང་ནས་ཐུན་གྱི་རྗེས་ཕྱོགས་སུ་ད་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ནས་འདི་དག་གི་རྒྱུད་ཀྱི་ཆགས་སྡང་གཉིས་པོ་ཐམས་ཅད་བྲལ་བར་གྱུར་ཅིག་བྲལ་ན་ཅི་མ་རུང་བྲལ་བ་ཞིག་ངས་བྱ་བསམ་རྒྱུའི་འབྲེལ་བ་སུམ་ལྡན་དང་ནི་དེ་ལྟར་བྲལ་བ་ཞིག་བླ་མ་དཀོན་མཆོག་གིས་ཐུགས་རྗེའི་གཟིགས། ཞེས་གསོལ་འདེབས་དང་འབྲེལ་བ་བཞི་ལྡན་བྱས་ནས་ཐུན་མཇུག་ལ་བསྔོ་བ་དང་བཅས་ཐུན་གྲོལ་བ་ཡིན་ན། ཐུན་མཚམས་ལ་ཐོན་ན་ཡང་གོང་གི་ལྟ་བ་དེའི་ངང་དང་མ་བྲལ་བ་ཞིག་བྱས། བཏང་སྙོམས་ཚད་མེད་དྲང་སྲོང་གི་མགྲོན་འགྱེད་པ་ལྟ་བུའི་ཡོངས་ལ་སྙོམས་པ་ཞིག་དགོས་གསུངས་པ་རེད། དེས་དང་པོར་ང་རང་ཚོའི་བཏང་སྙོམས་བཤད་པ་རེད།།

གཉིས་པ་བྱམས་པ་བསྒོམ་དགོས་པ་རེད། འདི་རང་གི་ཚེ་འདིའི་རྩ་བའི་མ་ནས་བརྩམས་ཏེ་དམིགས་པ་དང་རྣམ་པ་ནི། དམིགས་པ་ཡུལ་སྡུག་བསྔལ་ཏག་ཏག་ལ་སྤྱོད་པས་བདེ་བ་རྒྱུ་འབྲས་གཉིས་ཀ་དང་མི་ལྡན་པའི་མ་ལ་སོགས་པ་དང་། རྣམ་པའི་བློ་དེ་ཅི་འདྲ་ཞིག་ཡིན་ན། མ་རྒན་སེམས་ཅན་ཐམས་ཅད་བདེ་བའི་རྒྱུ་དད་པ། ངེས་འབྱུང་། བྱང་ཆུབ་ཀྱི་སེམས་གསུམ་པོ་དང་ལྡན་པར་གྱུར་ཅིག དེ་གསུམ་བསམ་དགོས་པ་ཅི་རེད་ཟེར་ན་དད་པ་མཐོ་རིས་ཀྱི་རྒྱུ་དང་ངེས་འབྱུང་ཐར་བའི་རྒྱུ་རེད། བྱང་ཆུབ་ཀྱི་སེམས་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཡིན་པས་དེ་འདྲ་བྱས་ནས་བྱམས་པ་དང་ནི་བྱམས་པའི་ཏིང་ངེ་འཛིན་བསྒོམ་པའི་མཐའ་ལ། དམིགས་མེད་འཁོར་གསུམ་སྣང་ལ་རང་བཞིན་མེད་པའི་ངེས་པ་དྲངས་ནས་ཐུན་གྲོལ་དུས་ཡིན་ན། བསམ་པས་བྱམས་པ་བསྒོམ་ཞོར་ལ། བྱམས་པའི་ལུས་ངག་གི་ལས་མིག་གིས་སེམས་ཅན་ཞིག་རིག་བཞག་ནའང་དེ་ལ་དྲང་ཞིང་བྱམས་པའི་སེམས་ཀྱིས་བལྟ། དགའ་ཞིང་འཛུམ་པའི་ཚུལ་གྱིས་ཁ་བརྡ་བྱེད་རྒྱུ་དེ་འདྲ་དགོས་པ་རེད། བྱམས་པ་ཚད་མེད་བྱ་མས་བྱེའུ་ཕྲུག་གསོས་པ་དེ་འདྲ་སེམས་ཅན་ཐམས་ཅད་ལ་ཡོང་དུས་རེད་ཡོད་པ་རེད།།

གསུམ་པ་ནི་སྙིང་རྗེ་རེད། བཏང་སྙོམས་དང་བྱམས་པ་གཉིས་ཀ་སོང་ནས་སྙིང་རྗེ་དེ་གསུམ་པ་རེད། དེ་ཡང་རང་གི་རྩ་བའི་མ་ཇི་མ་ཇི་བཞིན་དུ་བསྒོམ་ན་ཡང་ཆོག་པ་རེད། མིན་ན་བཤས་ཟོག་བཤས་ལུག་ལྟ་བུ་ཞིག་ད་བསད་འགྲོ་ཀི་ཡོད་པ་དང་ནི། དེ་ཉིད་རང་གི་མའམ་ཡང་ན་རང་ཉིད་ཡིན་པར་བསྒོམ་ན་ཆོག་རེད། མ་རུ་བསྒོམ་ན་མདུན་གྱི་བཤའ་ཟོག་གྲི་ཁ་ན་ཡོད་པ་དེ་ཚེ་འདིའི་ཨ་མ་རེད། མ་དྲིན་ཆེན་མ་འདིས་འདོད་པ་བདེ་བ་འདོད་པ་རེད་དེ། དེའི་རྒྱུ་དགེ་བ་སྒྲུབ་ཤེས་ནི་མ་རེད། མི་འདོད་སྡུག་བསྔལ་ཡིན་ཡང་། དེ་ནི་ངམ་ངམ་ཤུགས་ཀྱིས་སྒྲུབ་ཀི་ཡོད་ནི་རེད། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས། །ཞེས་གསུངས་པ་ཅན་པོ་ཡིན་རེད། འདི་ད་ལྟ་ཤན་པ་གཤེད་མས་གསོད་པས་མི་ཚད་ཕྱི་མ་ངན་སོང་གི་སྡུག་བསྔལ་མྱོང་དགོས་པ་རེད་བསམ་ནས། དེ་ལ་ཤ་ཚ་བཟོད་བརླག་མེད་པའི་སྙིང་རྗེའི་དམིགས་པའི་ཡུལ་ལ་བཟུང་ནས་དེའི་རྣམ་པའི་བློ་དེ་ཅི་འདྲ་ཞིག་རེད་ཅེ་ན། འདི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་ཤོག་ཅིག་ལ་སོགས་པ་གོང་ནས་བཤད་པ་བཞིན་དུ་བསམ། དེ་བཞིན་དུ་གཉེན་དགའ་མཛའ་ནས་བཟུང་སེམས་ཅན་ཐམས་ཅད་ལ་བསམ་ནས། འབྲེལ་བ་སུམ་ལྡན་ནམ་བཞི་ལྡན་གྱིས་ཁ་ཞེ་གཉིས་མེད་དུ་བསྒོམ་པའི་མཐར། དམིགས་མེད་ཀྱི་ངང་ལ་མཉམ་པར་བཞག་ནས་ཐུན་མཚམས་ལ་ཡིན་ནའང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ། སེམས་ཅན་མིག་གིས་མཐོང་ན་སྙིང་རྗེ་ཤུགས་ཀྱིས་སྐྱེས་ནས་མིག་ནས་མཆི་མ་འབྱུང་བ་ཞིག་བྱུང་ན་སྙིང་རྗེ་འབྱུང་བའི་ཚད་ཡིན། སྙིང་རྗེ་བསྒོམ་པ་ནི་མ་ལག་ལྡུམ་མའི་བུ་ཆུས་ཁྱེར་བ་ལྟར་གྱི་སེམས་ཤིག་དགོས་གསུངས་པ་རེད།།

ཚད་མེད་བཞིའི་ནང་གི་བཞི་བ་ནི་དགའ་བ་རེད། འདི་ཡང་རྩ་བའི་མ་ནས་ཡང་སེམས་ཅན་ཐམས་ཅད་ལ་རྒྱུ་དགེ་བ་དང་འབྲས་བུ་བདེ་བ་ཅུང་ཟད་ཅིག་ཡོད་པ། དེ་མི་ཉམས་པའི་ཐོག་ནས་བདེ་བའི་རྒྱུ་དང་བཅས་པ་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག་སོགས་གོང་ནས་བཤད་པ་ལྟ་བུའི་འབྲེལ་བ་བཞི་ལྡན་གྱིས་བསམ། དམིགས་བཅས་ཀྱི་དགའ་བ་དང་དགའ་བའི་ཏིང་འཛིན་བསྒོམ་པ་ནས་དམིགས་མེད་ཀྱི་མཉམ་བཞག་གོང་ལྟར་བྱས། ཐུན་གྲོལ་རྒྱབ་ལ་ཡིན་ནའང་། སེམས་ཅན་གཞན་ལ་དགའ་བ་དང་བདེ་བ་བྱུང་ན་དེ་ལ་ཕྲག་དོག་དང་གནོད་སེམས་མེད་པའི་སྟེང་ནས་དགའ་བ་བསྒོམ། དེ་བས་ཀྱང་ད་རུང་བཟང་ཞིག་དང་ཡག་ཅིག་རེད་པར་ཤོག བསམ་པའི་དགའ་བ་ཚད་མེད་དང་ལྡན་པ་རྔ་མོང་གི་རྔེའུ་ཕྲུག་བོར་ནས་རྙེད་ནི་འདྲ་ཞིག་གསུངས་ཡོད་པ་ཡིན་ན། རྔ་མོང་ནི་བུ་ལ་ལྷག་པར་དུ་བརྩེ་བའི་སེམས་ཅན་ཞིག་ཡིན། དེ་ལྟ་བུའི་ཚད་མེད་བཞི་བསྒོམ་རྒྱུ་ནི་བྱང་ཆུབ་སྒྲུབ་པར་ཐོག་མཐའ་བར་གསུམ་ལ་གནད་ཆེན་རེད།།

འདི་ལ་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ། དམིགས་པ་མེད་པ་དང་གསུམ་གྱི་སྟེང་ནས་བཤད་རྒྱུ་ཡོད་པ་རེད། སེམས་ཅན་ལ་དམིགས་པ་རྐྱང་བ་ཞིག་གི་ཐོག་ནས་བཤད་ན་མུ་སྟེགས་ཅན་དང་ཐུན་མོང་བ་འདྲ་འདྲ་རེད། ཆོས་ལ་དམིགས་པ་ཙམ་ཡང་ཉན་རང་དང་ཐུན་མོང་བ་ཡིན་པ་རེད། དམིགས་པ་མེད་པ་དེ་ནི་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཡིན། དེ་བས་ང་ཚོའི་ལམ་ལོག་པ་ལས་ལྡོག་པའི་སྐྱབས་འགྲོའི་རྨང་གཞིའི་སྟེང་ལ་ལམ་དམན་པ་ལས་ལྡོག་པའི་སེམས་བསྐྱེད་བཤད་པ་རེད།།

དེ་ཡང་གཙོ་བོ་སྨོན་དང་འཇུག་པའི་བདག་ཉིད་ཅན་གྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། དེ་ལས་ཀྱང་སྨོན་སེམས་གཙོ་བོར་བྱས་ཏེ་བཤད་པ་ཡིན་ན། ཚད་མེད་བཞི་འདི་ཡང་རྩ་བ་བསམ་པ་བཟང་པོ་ནས་མགོ་བཙུགས་ཏེ་སྦྱང་རྒྱུ་ཅན་ཡིན། བྱང་ཆུབ་སེམས་དཔའི་བྱ་དཀའི་སྤྱོད་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་ངོ་མ་དག་གིས་ཀྱང་དང་པོའི་སྐབས་ལ་ཉམས་སུ་བཞེས་ཐུབ་དཀའ་དཀའ་ཡིན་པ་རེད། དེ་གནད་ཆེ་བར་དགོངས་སྟེ་སྨོན་པའི་ཡུལ་ཚུན་ཆད་དུ་བྱས་ནས་བསྒོམ་ཞིང་གོམས་ཁ་བཞག་དུས་ནམ་ཞིག་འབད་པ་ཆེན་པོ་མི་དགོས་པར་ཇེ་སླ་རེད་དུས། རང་གིས་ངང་གིས་འཇུག་པ་ཞིག་ཡོང་རྒྱུ་ཡོད་ནི་རེད། ཨེ་ལོབ་ཞིག་ཀྱང་མ་བལྟས་པར་ང་འདྲ་བས་ཐུབ་མ་རེད་བསམ་ནས་བློ་ཁ་གོམས་པར་མ་བྱས་དུས། ལམ་དེར་ཐག་ཇེ་རིང་མ་གཏོགས་པར་ཇེ་ཉེར་ཚེ་གཅིག་ལ་འགྲོ་རྒྱུ་ཡོད་པ་མ་རེད། འཇུག་པའི་བསླབ་བྱ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་སོགས་ཀྱང་མན་ངག་གི་གཞུང་ལྟར་དུ་ལག་ལེན་ལ་ཅི་ཐེབས་བྱས་ན། རྒྱལ་བའི་བཀའ་འདི་ཐམས་ཅད་དྲང་ངེས་ཀྱི་དབྱེ་བ་ཕྱེས་པའི་ཐོག་ནས་ཉམས་ལེན་གྱི་གནད་དང་སྦྱར་དགོས་པ་ཞིག་རེད། དང་པོ་དྲང་དོན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་བསྒོམ་ཞིང་བར་དུ་དྲང་ངེས་འདྲེས་མའམ་ངེས་དོན་ཙམ་གྱི་བདེན་གཉིས་བྱང་ཆུབ་ཀྱི་སེམས་ཟུང་འཇུག་ཏུ་བསྒོམས་ནས། མཐར་ངེས་དོན་མཐར་ཐུག་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་རེད།།

སྤྱིར་ན་མདོ་དང་སྔགས་ཀྱི་ཆོས་ཚུལ་ལ་ཐུན་མོང་དང་ཐུན་མིན་གྱི་ཁྱད་པར། རིང་ལམ་དང་ཉེ་ལམ་མྱུར་ལམ་ཤིན་ཏུ་མྱུར་ལམ་སོགས་ཀྱི་ཁྱད་པར་ཡོད་པ་དེ་ཐབས་ལ་མཁས་ན་ཚོགས་གཉིས་མཉམ་དུ་རྫོགས་ནས་བསྐལ་བའི་ཚོགས་དེ་སྐད་ཅིག་གིས་འདུམ་ནུས་པ་དང་། དེ་ལྟ་བུའི་མྱུར་བའི་ལམ་དེ་ཉིད་མདོ་ནས་ཀྱང་བཤད་ན། སྔགས་ལམ་ཁྱད་པར་ཅན་ཚེ་གཅིག་ལུས་གཅིག་གིས་གྲོལ་བ་ཐོབ་པ་དེ་ལས་ཀྱང་འགྲོས་མྱུར་བ་ཡིན་པར་གྲུབ་པས་ན། རང་རེ་དེ་ལ་ཞུགས་ཡོད་དུས་དེ་ལ་འབད་པ་བྱས་ན་གྲོལ་བ་མྱུར་དུ་ཐོབ་པ་རེད། དེ་ལྟར་ཡང་ཐེག་པ་འོག་མའི་ལམ་ལ་སྦྱངས་བགྲོད་མི་དགོས་པ་མ་ཡིན་པར། ཡོན་ཏན་ཡར་ལྡན་གྱིས་ཚང་ཞིང་རྫོགས་པའི་མན་ངག་གནད་དྲིལ་ཡིན་པས་ན་རྫོགས་པ་ཆེན་པོ་ཞེས་པ་ཡིན། ཀུན་མཁྱེན་རོང་ཟོམ་པ་ཚང་གིས་རྫོགས་པ་ཆེན་པོའི་ངེས་ཚིག་འགྲེལ་སྐབས། ཚོགས་གཉིས་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་གསུངས་ཡོད། དེས་ན་སེམས་ཀྱི་ཞུམ་པ་ཐམས་ཅད་སྤངས་ཏེ། ཐོག་མ་ཉིད་ནས་མདོ་སྔགས་གཉིས་ཀྱི་ལམ་གྱི་གཞུང་ཤིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པ་ཞིག་བྱེད་པ། དེ་ནི་དལ་འབྱོར་ཐེངས་གཅིག་ཐོབ་པའི་དོན་སྒོ་ཉག་གཅིག་ཡིན་པ་རེད། འུ་བུ་ཅག་གིས་དེ་རིང་ཡང་དེ་རིང་གི་སྐལ་བ་ཡན་ལག་བདུན་པ་ལྷག་སོང་བས། ད་དོམ་པ་སྡུག་པོས་དོམ་བླངས་པ་ལྟར་ཡང་ཕྱི་ལ་ལྷག་སོང། གང་ལྟར་གནང་ཉིན་ཚར་དགོས་པ་རེད། དེ་ཚུན་ཆད་ལ་འདོན་ལུགས་རྒྱས་བསྡུས་ཅི་བྱེད་རང་ལག་ཡིན། དེ་རིང་གི་ཆོས་ཁྲིད་འདི་ན་འཇོག །

འདི་ནས་དོན་གཞན་ཞིག་བཤད་རྒྱུ་ཞིག་ལ། རྫོགས་ཆེན་རིན་པོ་སྐུ་ཕྲེང་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུ་གདུང་གདུང་རྟེན་འདི། དུས་རབས་འདིའི་རྫོགས་ཆེན་གདན་ས་འདིའི་དམིགས་བསལ་གྱི་རྟེན་སྐལ་གཙོ་བོ་འདྲ་ཞིག་ལ་བབས་བསྡད་ཡོད་པ་རེད། དེ་ཡིན་ན་དུས་རབས་སྔོན་མའི་དུས་སྐེད་ཀྱི་ང་དགུའི་དུས་འགྱུར་ཆེན་མོའི་སྐབས་ལ་བོད་སྟོད་སྨད་བར་གསུམ་གྱི་དགོན་སྡེ་སྟོང་ཚོ་མང་བོ་བརླགས་སོང་བ་རེད། བླ་སྤྲུལ་སྐྱེས་ཆེན་དམ་པ་གྲངས་མང་ཞིག་དབུ་ཉེས་ལ་སོང་བ་ཡིན་ཡང་། སྐུ་གདུང་ལ་བདག་ཐུབ་ཡོད་པའི་གྲངས་ཀ་ཉུང་ཉུང་ཡིན་པ་རེད། འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ཚང་འདི་དགུང་ལོ་ཉི་ཤུ་རྩ་བཞིའི་ལོ་མཇུག་གི་གནམ་གང་། སང་ཉིན་ཚེས་གཅིག་ཚེས་དུས། དགུང་ལོ་ངོ་གྲངས་ཉི་ཤུ་རྩ་ལྔའི་དགུང་ཀེག་ལ་ཕེབས་དུས་ཀྱི་གནམ་གང་གི་དགོང་མོ་དེར། གཡུལ་འཁྲུག་དྲག་པོ་ཞིག་གི་སྐབས་སྐུ་ལ་མཚོན་བཞེས་པ་རེད། གནའ་སྔོན་མ་ཨ་ཁྲི་གཏེར་སྟོན་ནམ་འབྲུ་གུང་སྐྱུ་ར་གཏེར་སྟོན་ཟེར་རྒྱུ་ཞིག་ཡོད་པ་རེད། གཏེར་སྟོན་ཚད་མ་དེའི་ལུང་བསྟན་ཞིག་ཏུ་ཉི་ཤུ་རྩ་ལྔའི་ཐོག་རྒྱ་ཚའི་སྲི་ཀེག་ཀྱི་སྟེང་འཚུབ་ངོ་ཆེ་ཞེས་པའི་ལུང་བསྟན་ཞིག་ཡོད་པའི་སྐུ་ཀེག་བཟློག་རྒྱུ་མ་ཡོད་སོང་བ་རེད། དེ་ཡང་རྫོགས་ཆེན་རིན་པོ་ཆེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ཚང་དེ་སྐུ་ལུས་ལ་མཚོན་བཞེས་ནས་བ་ཁོག་གི་གདོང་ཆེན་ལུང་བའི་སྟོད་དེ་ནས་དགོངས་པ་རྫོགས་སོང་བ་ཡིན་ན། དེའི་རྗེས་ནས། རྫ་ཕར་རིའི་ཁྲོམ་བཟའ་འགབ་མའི་ས་ཐོག་ནས། ཡོངས་འཛིན་མཁན་པོ་ཚང་གིས་སྐུ་གདུང་ཞུགས་འབུལ་ཞུས་ཏེ་གདུང་བཞུས་ནས་ཉི་མ་ཁ་ཤས་ཀྱི་མཚམས། རྫ་ཕར་ནང་གི་རྫ་ཆུ་ཁ་བའི་ས་ཐོག་ཨ་སག་ཁ་ཟེར་སའི་ས་དེར་སྒར་ཁ་གཏོར་ནས། དེ་དུས་གདུང་རུས་དེ་མྱི་ལག་མང་པོ་བརྒྱུད་མཐར་འདིའི་རྫོགས་ཆེན་གྱི་བཀྲ་ལ་ལ་ཁའི་རྫ་གསེང་ཞིག་ལ་བསྐུང་བཞག་པ་རེད། ང་དེ་དུས་རང་ལོ་བཅོ་ལྔ་བཅུ་དྲུག་ཁ་སང་བཤད་པ་དེ་རེད། རྫོགས་ཆེན་ནས་འཁྲུག་འཛིང་བྱེད་པའི་སྐབས་ལ་ང་སྡེ་དགེའི་བཙོན་ཁང་ནང་ན་ཡོད། དང་པོ་ང་སྡེ་དགེ་ལ་དེད་དུས་ཆེད་གཏད་ཀྱིས་རྫོང་ཁྲིམས་ཁང་གིས་དེད་སོང་བ་མ་རེད། བྱིས་པ་ཞིག་རེད། ལོ་བཅོ་བརྒྱད་ཀྱི་ཁྲིམས་ཀྱི་ལོ་ཚོད་ཚང་ཡོད་པ་མ་རེད་དེ། རིན་པོ་ཆེ་ཁོང་རིག་གིས་ད་རེས་ཡིན་ན་མིན་ན་འགྲོ་དགོས་གསུངས་པ་རེད། ཁྲིད་སོང་རུང་དང་པོ་སློབ་སྦྱོང་རེད། བར་དུ་དོ་དམ་རེད། མཐའ་མར་སྐེ་རགས་ལྷམ་སྒྲོག་བཅིངས་ན་མི་ཆོག་པའི་སྒོ་རབ་གསལ་ལ་འཛེར་ནག་བསྡམས་ནས་བཙོན་ཁང་དུ་ལོག་ཐལ། ཡར་ལ་འཛུལ་དུས་སླ་བ་རེད། མར་ལ་འབུད་རྒྱུ་དེ་འདྲའི་སླ་མོ་ཞིག་ཡིན་མ་རེད། ལོ་གཅིག་ཙམ་ཞིག་ལ་མར་ལ་མངག་མ་ཐལ། མྱི་ཟེར་རྒྱུ་དེའི་སྡུག་ཐེག་ནི་རེད། ཅི་ཡིན་རུང་གོམས་འགྲོ་རྒྱུ་ཡོད་དར་ཟིག ཕྱིར་ལ་མངག་ཡོང་དུས་ཉི་མ་གཉིས་གསུམ་ཞིག་ལ་རྗེས་འདེད་བོའུ་བཟུང་གི་སྲུང་བ་མེད་དུས་འགྲོ་ཡང་མི་ཤེས་པ་དེ་འདྲ་རེད་ཡོད་ཀི དེ་ནས་རྫོགས་ཆེན་ལ་ཚུར་ཡོང་དུས་གནའ་འདྲ་བ་ཞིག་ག་ལ་ཡིན། མི་ལ་རས་པ་ཕ་ཡུལ་ལ་ཡོང་བ་དང་འདྲ་བོ་རེད། དེ་དུས་འཇིག་རྟེན་གྱི་སྤྱི་ཚོགས་ཁ་སང་དེ་རིང་དང་འདྲ་མ་རེད། སློབ་མས་བླ་མར་བརྡུང་། བུ་རྒྱུད་ངན་པས་ཕ་མར་འཐབ་རྩོད་རྒྱག་པའི་དུས་ཚོད་ཡིན། ཆོས་པ་རབ་བསད། འབྲིང་སྤྱུགས། ཐ་མ་བྲན་དུ་བཀོལ་བའི་ལུང་བསྟན་ཐོག་ལ་སྔར་ནས་འགྲོ་ཚར་བ་རེད། འུ་ཚོ་རང་གི་ཆུ་ཚ་རང་གིས་བསྐོལ་བ་གོམས་མྱོང་ལོབས་ཡོད་པ་མ་རེད། ལག་པ་གཉིས་དང་ལུས་པོ་ཧྲིལ་བོ་དེ་འཚོ་ཐབས་དེ་བས་ཀྱང་གོམས་ཆ་ཡོད་མ་རེད་མོད། དེ་ཡང་བླ་མ་དཀོན་མཆོག་གི་ཐུགས་རྗེས་སྲོག་འཚོ་བའི་ཐོག་ཏུ་དགེ་བློ་མ་དོར་ནས་དཀའ་སྡུག་ཅན་གྱི་ལོ་ཟླ་མང་པོ་བརྒལ་བ་རེད། དེའི་སྐབས་ལ་དམིགས་ཡུལ་འདུན་པའི་གཙོ་བོ་དེ་ཅི་ཞིག་ལ་བཟུང་བ་རེད་ཅེ་ན་སྐུ་གདུང་དེ་ལག་ལ་ཐོན་ཐབས་ཞིག་ལ་འབད་པས་མཐའི་མཐའ་གཞུག་ལ་ལག་ཏུ་འོང་བཞག་པ་རེད། དེ་ནས་ཡུན་རིང་མ་འགོར་བར་རིག་གནས་གསར་བརྗེའི་འགུལ་བསྐྱོད་ཟེར་བ་དེ་སྤྱིར་ན་རིག་གསར་ལོ་བཅུ་རེད་མོད། དེའི་ནང་གི་གཅིག་རྡུང་སུམ་རྒོལ་ཟེར་བའི་ལོ་གསུམ་གྱི་ཆབ་སྲིད་ཀྱི་འགུལ་བསྐྱོད་ཚབས་ཆེན་དེའི་ནང་ནས་ས་འདིའི་གཏད་སའི་འབེན་འདྲ་བོ་དེ་ང་ལ་བཙུགས་ནས་དགག་པ་བརྒྱབ་ཐལ། སྐུ་གདུང་ངའི་ལག་ན་ཡོད་པ་དེ་ངོས་བུད་རྟགས་ཤར་ཡིན་པ་རེད། དེ་ལ་མྱི་ངས་ཁྱོད་ཀྱི་ལག་ཏུ་འདི་འདྲ་བྱས་ནས་འདིའི་ཉིན་མོར་ས་ཆ་འདི་ནས་བཞག་ཡོད་ཟེར་བཞིན་མྱི་ངོ་ཕར་བལྟ་ཚུར་བལྟ་བྱས་ནས་ངོ་ལ་མཛུབ་མོ་བཙུགས་ཀྱང་། ད་ཞེ་ས་ཆེ་ལགས་མ་སྤྲད་ན་གསོན་གྲང་ང་ཁམས་ལ་ཡོད་དུས་ཤི་དུར་ས་མཉམ་འདེབས་བྱེད་རྒྱུའི་སྐལ་བ་མ་ལྡན་ཐལ་ཏེ། ད་མ་ཤི་ཤུལ་དུ་སྡོད་པ་པོ། ད་དེ་ལྟར་ཞུ་རུང་ས་མི་འདུག་ཀྱང་། ཐ་མར་གྲོང་ཚིག་གི་སྐད་ཆ་བཤད་བཤད་བྱས་ན། གསོན་པོའི་མྱི་བདག་མ་ཐུབ་རུང་། ཤི་བོའི་རོ་བདག་ཞིག་ཐུབ་དགོས་ཁི་བསམ་རྒྱུའི་འདང་འདུན་པ་དེ་ལ་གཏད་ནས། ལམ་དཀར་ནག་གཉིས་ཀྱི་གདམ་ཁ་ཁྱོད་ལ་སྟེར། ཤི་སའི་ལམ་ལ་ཨེ་འགྲོ་ཁྱེད་རང་གིས་ཤེས། ནག་ཉེས་ངོས་ལེན་བྱས་ན་ཁོག་ཡངས་ཡོད། ལྟ་བ་མཁྲེགས་བཟུང་བྱས་ན་འགྲོ་ས་གཅིག་མ་གཏོགས་མེད་ཟེར་ཡང་། སྲོག་དམར་བོ་འབེན་ལ་བཞག་ནས་མ་སྤྲད་པ་ཡིན། སྲ་མཁྲེགས་གྱོང་གསུམ་འཛོམས་པའི་གསར་བརྗེ་ངོ་ལོག་པ་རྩ་མེད་གཏོང་དགོས་ཟེར་ནས་མྱི་སྐད་ཆེན་རེ་ལ་སྐད་འབོད་བྱེད་དུ་བཅུག་དུས། དེའི་རྗེས་སུ་མྱི་མང་མི་རྒྱུགས་ཁག་མེད་ཀྱིས་སྐད་སྒྲའི་ཟིལ་ཤུགས་ཀྱིས། ར་སྐྲག་ལུག་འདར་དེ་འདྲ་བྱེད་དུ་བཅུག་དར། དེ་འདྲའི་དགག་པ་དང་འཐབ་འཛིང་ཐེངས་མང་པོར་མྱོང་བ་རྒན་པ་ཚོས་ཤེས་པ་རེད། དེ་འདྲ་ཐེངས་གཅིག་ཐེངས་གཉིས་མ་རེད། ལོ་ནས་ལོ་གྲངས་རེད། ད་མྱི་མང་ཆེ་བ་འགའ་རེ་ཞིག་སེམས་འགྱུར། འགའ་རེ་སེམས་ཤི་ནས་དེའི་གནས་སྐབས་དེར་ཤི་རྒྱུ་མ་གཏོགས་པ། དུས་སྐལ་བའི་འགྱུར་འགྲོའི་བཟང་པོ་འདི་འདྲ་ཞིག་ཡོང་རྒྱུའི་རེ་བ་བཞག་མཁན་ཉུང་བ་རེད། ངེད་ཚོས་གན་རྒྱ་བྲིས་ནས། སྐེ་འབའ་སྲོག་ཐུག་བཞག་པའི་ཁ་གྲངས་རྩི་ཚོད་མེད། རྗེས་མར་ཁྱོད་ལ་སྐེ་དུ་ཡོད་ཟེར་རྒྱུ་ཅན་རེད་སོང་བ་རེད། འུ་ཚོའི་འཇིག་རྟེན་པའི་གཏམ་དཔེ་ལ། ན་ནིང་ཤི་བོ་བསོད་ཆེན་རེད། །རྩིག་གསེབ་ཨབ་བྲ་སངས་རྒྱས་རེད། །ཟེར་རྒྱུ་ཅན་པོ་རེད་སོང་བ་རེད། དེ་འདྲ་བྱས་ནས་མདོར་ན་མྱི་ཚེ་ཕྱེད་ཀ་བརྒལ་སོང་བ་རེད། དེ་ཡང་རིག་གསར་མཇུག་སྒྲིལ་ནས་ལོ་ཁ་ཤས་མཚམས་ནས་གུ་ཡངས་ཞིག་ཐོབ་འགྲོ་རྒྱུའི་མགོ་འདྲ་ཞིག་ཚུགས་ན། སྐུ་གདུང་གི་གདུང་རུས་དེ་ཆ་བཞི་ལ་བསྒོས་པའི་བཞི་ཆ་གཅིག་རྒྱ་གར་ལ་ཁྱེར་ནས། མཐའ་མཚམས་ཀྱི་འགག་སྒོ་ནས་ངའི་མ་ཡི་རུས་པ་བལ་ཡུལ་གྱི་གནས་ཆེན་དག་ལ་གཏོར་རྒྱུ་ཁྱེར་འགྲོ་བ་ཡིན་ཞེས་ཤོབ་བཤད། དེ་དུས་ཀྱི་འགྲོ་ལམ་དེང་སང་ལྟ་བུ་མ་ཡིན་པར་རྐང་ཐང་རྐྱང་རྐྱང་གིས་ས་མཚམས་ནས་ཡུན་རིང་དུ་འགྲོ་དགོས་པ་རེད། བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་ཨེ་ཐར་བལྟ་དགོས་པ་རེད། དེ་ཡང་རྐང་ཡང་ལག་བདེ་ཞིག་ཡིན་ན་དེ་ལུགས་བྱས་ཆོག་མོད། ང་རང་ལམ་ནས་རླངས་འཁོར་གྱིས་བརྡབ་སྟེ་བླ་དུམ་བུ་བཞི་ལ་འཕངས་ནས་ལག་རྟེན་གཉིས་ཀྱི་སྟེང་ནས་འགྲོ་དགོས་པ་རེད། སྐུ་གདུང་གི་ཆ་ཤས་ཞིག་དེ་ལྟར་བསྐྱལ་འགྲོ་དགོས་དོན་ཅི་རེད་ཅེ་ན། ད་མྱི་སྐྲག་ལ་མཐའ་མེད་ཁྱི་སྐྲག་ལ་རྔ་མ་མེད་ཟེར་ནི་རེད། ཉིན་གཅིག་ཡང་འགུལ་བསྐྱོད་ཅིག་ཐོན་བཏང་ན་ཅི་རེད་འགྲོ་ཅི་ཤེས། ངས་མ་སྤྲད་པའི་མཚམས་སུ་ང་བཙོན་ཁང་ནང་ལ་བསྡད་དུས་མནར་གཅོད་ཀྱི་འོག་ནས་ཤི་འདྲ་སོང་ན། མཐའ་མེད་ཕོ་རོག་ཤ་སྐུང་རེད་འགྲོ་ས་ཡོད་ཀི དེ་བས་ཕྱི་ཕྱོགས་ནས་ཅུང་དྲག་རྒྱུ་ཨེ་ཡིན་ན་བསམ་པ་རེད། དེ་དུས་ཇི་ལྟར་ཡིན་ན། ནང་ནས་ཧ་ཅང་ཡུན་རིང་དུ་མནར་བསྡད་དུས་ཕྱིའི་ཡུལ་ཁམས་ཞིག་བཤད་དུས་ཞིང་ཁམས་ཞིག་དང་། ཕྱི་ན་ཡོད་པའི་མྱི་དེ་དག་ཚང་མ་ལྷ་ཡིན་པའི་སྣང་བ་འདྲ་ཞིག་ཐམས་ཅད་ལ་ཡོད་པ་རེད། རྗེས་ནས་གཅིག་དགུ་བརྒྱད་ཅུ་གྱ་གྲངས་ཀྱི་ལོ་ནས་གུ་ཡངས་ལ་སོང་བ་རེད། དགོན་པའི་མཚན་དེ་བསྐྱར་དུ་བཏགས་ཆོག་སོང་དུས། སྐུ་གདུང་གི་གདུང་རྟེན་དེ་བཞེངས་ནས། སྡེ་པ་འདི་ལ་གཏོགས་ཚད་ཀྱི་གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་གྲུབ་དབང་སྐུ་ཕྲེང་དྲུག་པའི་སྐུ་གསོན་པོར་ཞལ་མཇལ་རྒྱུའི་སྐལ་བ་མ་ལྡན་ན་ཡང་། སེམས་བསམ་པའི་འདུན་པ་གཏད་སའི་དྲོད་ཐིག་འདྲ་བོ་འདི་ལ་བཅོལ་བ་ཡིན། དེ་ལ་སྡེ་ཡུལ་དགོན་གསུམ་ཆོས་བརྒྱུད་དང་བཅས་པའི་ཚོགས་གསོག་བསོད་ནམས་ཀྱི་ཞིང་ལ་བཞུགས་སུ་གསོལ་ཐུབ་པ་ཡིན། དེ་ལ་འདི་ནམ་ཡར་ལང་མིག་གིས་ལྟ་ས། ས་མ་རུབ་སེམས་ཀྱི་འཁོར་ས། འདིའི་རྟེན་སྐལ་གཅིག་པོ་རེད་སོང་བ་རེད། ངས་བསམ་ན་ང་མ་ཤི་ནས་ཤུལ་དུ་ལྷག་པའི་དོན་པོ། གནའ་དེ་དུས་ཚེ་དབང་ལོ་གྲངས་ཞིག་བསྐུར་ནས་ཐུགས་གཏད་པའི་དོན་སྒོ་དེ་འདི་ཡིན་ས་ཡོད་ཀི་དོན་གོ་ཆོད་ཐལ་བསམ་པ་ཡིན། ཡང་དེའི་རྗེས་ནས་རྟེན་གཞིི་བཞེངས་བསྐྲུན་ལ་ཐུག་དུས་ཨེ་ངས་ད་རུང་འདིའི་ཕྱོགས་ཀྱི་གོ་རེ་བཅད་ནུས་པ་རེ་འདོན་དགོས་པ་ཡིན་རྒྱུ་རེད་བསམ་མྱོང་། རྟེན་གཞིའི་བཞེངས་བསྐྲུན་མེད་ན་ཐབས་མེད་རེད། ས་ར་རྡོ་ཁང་སྔར་ཡང་ཉི་མ་ཆ་ཤས་ཀྱིས་མགོ་རྔ་ཤུལ་མེད་ལ་བཏང་བས། ད་ཡང་དེ་འདྲ་ཡོང་བ་ཡིན་ན་དེ་ལས་མ་འདས་པས་བསྟན་པ་གང་ཟག་གི་རྒྱུད་ནས་ཚུགས་རྒྱུ་དེ་གལ་ཆེ་འདུག སྔར་བསྟན་པ་སྔ་དར་ཉམས་ཉེས་ལ་སོང་ནས་ཕྱི་དར་གྱི་དབུ་ཚུགས་དུས་བསྟན་པའི་མེ་རོ་ཡང་གང་ཟག་གི་རྒྱུད་ནས་བསླངས་བ་རེད་བསམ་སྟེ། འདིའི་དཔེ་ཁྲིད་རེའི་ནུས་པ་འདོན་ཨེ་མི་ཐུབ་བསམ་པ་ཐམས་ཅད་གང་ལ་གང་འོས་ཀྱི་ངོ་རེ་བླངས་ནས། རིག་གནས་ཀྱི་རྒྱུན་རེ་སྤེལ་བ་ཡིན། ཡང་རྗེས་ནས་བལྟས་ཡོང་དུས་རང་ལུགས་ཀྱི་སྨིན་གྲོལ་དོན་གྱི་བསྟན་པའི་རྒྱུན་འཁྲུལ་མེད་ཅིག་མེད་དུས། གཞན་ཅི་ཞིག་ཡོད་རུང་ཡང་སྲོག་མེད་པའི་ཟོབ་ཞིག་རེད་བསམ་ས་ལ་ཐུག་དུས། ཡང་ཆོས་དུང་རེ་རང་གིས་བུས་ནས་འདི་ལྟར་རི་ཁྲོད་དུ་ཡོང་བ་ཕན་ཆད་ཀྱི་འདས་པའི་དུས་ཀྱི་རྐང་རྗེས་ལག་རྗེས་ལ་དེང་སང་ཕྱིར་བལྟས་ཞིག་བྱས་ན། དེ་ཡང་སོ་སོའི་སྐྱེ་བོའི་བྱ་བཞག་ཐམས་ཅད་མངོན་ཤེས་མེད་པའི་ལས་ཀ སྨག་མུན་ནག་གི་ནང་ནས་ལག་སྙོབ་བྱས་པ་དང་འདྲ་འདྲ་ཞིག་ལོས་ཡིན་ད་ཡིན་འདུག་བསམ་རྒྱུ་དེའི་སྟེང་ནས་ཕྱེད་རང་གིས་ལས་ལམ་དང་ཕྱེད་མྱི་ལ་བསྟུན་ཡོད་པ་རེད། ད་གང་ལྟར་འཇིག་རྟེན་མི་ཡུལ་འདི་ནས་མ་འོངས་བསྟན་སྲིད་སྤྱི་ལ་ཕན་ཐོགས་ཅན་གྱི་བྱ་ལས་ཆེ་བ་ཞིག་གི་མིག་རྒྱང་གིས་བྱ་བ་དེ་ལ་འཐམ་དུས། དཀའ་ངལ་སྣ་ཚོགས་ཀྱི་བརྒྱུད་རིམ་ཉམས་སུ་མྱོང་ཐུབ་དགོས་པ། དེའི་དོན་ལ་གསོན་པོའི་སྲོག་ཤོར་ནའང་ཕྱི་བཀྱེད་མི་བྱེད་བསམ་པའི་ཆོད་སེམས་བརྟན་དགོས་རྒྱུ་དེ། བཟང་བོ་མཐོང་ནས་ཆེ་བ་བརྗོད་རྒྱུ་ཞིག་མ་ཡིན་ཡང་ངན་པ་མྱོངས་ནས་ཉམས་མྱོང་གི་མཐའ་སྡོམ་ཞིག་ཡིན། དེ་ལ་སྤྱིར་དཀའ་ངལ་མེད་ན་འབད་པ་ཅི་ཞིག་ལ་བྱེད་དགོས། འཐབ་ཡ་མེད་ན་རྣམ་པར་སུ་ལས་རྒྱལ། དོན་ལྷག་བསམ་རྣམ་དག་ལ་ལྷད་མ་ཞུགས་དུས་གང་བྱུང་འགྱོད་མེད་བློ་བདེ་ཕྱོགས་སྡོམ་ཡིན་རྒྱུ་རེད་བསམ་པ་རེད། ད་ནི་སྐབས་དོན་གཙོ་བོ་ཅི་ཞིག་བཤད་བཞིན་ཡོད་ན། དེ་ལ་རྫོགས་ཆེན་ཡིད་བཞིན་ནོར་བུའི་སྐུ་གདུང་མཐོང་གྲོལ་ཆེན་མོ་འདི་དུ་ལོ་ལྷ་སར་གྱི་ཁང་ཐོག་ལ་མཐོང་གྲོལ་ལྷ་ཁང་ཞེས་པའི་སྒོ་བྱང་ཞིག་སྦྱར་ནས་དེ་ལ་བཞུགས་སུ་གསོལ་ནི་ཡིན། དེ་དུས་གླིང་འདིར་ལྷ་ཁང་དེ་མ་གཏོགས་མ་ཡོད་པ་རེད། དེ་ཡང་གནའ་བོའི་ས་ཁང་གྱང་ཞིག་ཡར་ལ་གསོས་ནས་ཀླད་བཀབ་པ་རེད་། ལོ་ཅིག་ལ་ལྷ་ཁང་མེ་ཡིས་ངན་པ་ཞིག་འཚིག། རྗེས་སུ་ཐིགས་ཆུ་ཡང་མི་ཚོགས་པས་ཞིག་རལ་ལ་འགྲོ་ཉེན་ཡོད་དུས་ཞིག་ལ། པདྨ་ཐང་དུ་གནས་སྐབས་རིང་ལ་གདན་འདྲེན་ཞུས་པ་རེད། ད་དེང་སང་ལ་བསྡུར་ན། རྒྱུ་སྤུས་ཀྱི་ཐད་ནས་ཟངས་གསེར་གྱིས་བཞེངས་ནི་ཙམ་ཞིག་རེད་ད། གཟི་བྱུར་རྙིང་བའི་ཕྲ་རྒྱན་མང་བ་རེད། དེ་ཡང་བོད་ཁུལ་གྱི་དགོན་སྡེ་མང་བོའི་རྟེན་རྙིང་རྩ་ཆེན་མྱིང་ཆེན་རབ་ཞིག་ཕྱི་ནང་སུས་ཁྱེར་ངོས་མི་འབྱེད་ནས། ཁྲམ་པ་གཉེན་ཉེ་བར་ནས་ཤ་གཞོང་བོར་མཁན་མང་བ་རེད། གཙོ་བོ་དབུ་ཐོན་རྒྱུར་བསམ་བློ་བཏང་ན་ནི། དགོན་ཨ་མའི་ནང་ན་བཞུགས་ས་བཟང་གི འདི་ན་རྟེན་གཙོ་བོ་ངོ་མ་བོ་ཇོ་བོ་རྒྱ་ནག་མ་བཞུགས་པ་འདི་རེད། དེའི་འཕྲོར་ཐུབ་པ་གྲོང་ཁྱེར་མ་ལ་སོགས་པའི་མདོ་ཚང་གི་རྟེན་རྫས་ཡང་མང་བ་རེད། དེ་མིན་རུང་ཕྱོགས་སོ་སོ་ནས་ལག་ལ་ཡོང་གི་བསྡད་པའི་རྟེན་རྩ་ཆེན་མང་བོ་ཡོད། དེ་ལ་འདིར་ཞབས་ཞུ་བྱེད་པའི་བརྒྱད་སྡེ་གྲྭ་ཚང་ལ་མཚོན་ན། ས་འདིའི་གཞི་གྲྭ་གཅིག་པོ་མ་གཏོགས་དགོན་གྱི་སྤྱི་སྒྲིག་གིས་མ་ཡོད་ནི་རེད། དེ་ལ་ངའི་ཁོར་ཡུག་གི་མྱི་རེ་དང་ཕྱོགས་སོ་སོའི་ཐོར་འདུ་རུག་གསུམ་གྱི་མྱི་སྣ་བརྗེ་འགྲོ་བ་ཞིག་རེད། སྐུ་གདུང་འདི་ནས་རྟེན་གྱི་གཙོ་བོ་ངོ་མ་འདྲ་ཞིག་མི་རེད་པར་འདུག་པས། ད་རེས་འདིའི་བདེ་ཆེན་ཞིང་དབང་གི་ཕྱི་ཉིན་ཕྱིར་དགོན་པའི་ནང་ལ་གདན་འདྲེན་ཞུ་འགྲོ་དགོས་བསམ་གྱིན་ཡོད། དེའི་ཉིན་པར་མང་པོ་ཞིག་རུབ་དགོས་མ་གཏོགས་ལྗིད་མོ་རེད། ཐབས་བློ་བཀོད་པ་འཐེན་ནས་གདན་འདྲེན་ཞུ་ཐབས་ཞིག་བྱེད་དགོས། འདིའི་ཚེ་འབར་གྱི་ཐེབས་རྩ་ལ་སྔར་ཡོད་ཀྱི་ཕྱུགས་ཟོག འབྲོག་ས་རྩྭ་ཐང་དང་བཅས་པ་དང་། དེའི་སྟེང་ལ་པདྨ་ཐང་གི་འཚོ་རྟེན་ཕྱུག་ཟོག་དང་བཅས་པ། དེ་དང་མཉམ་དུ་ཡར་ལ་འབུལ་བ་ཡིན། སྐུ་གདུང་གི་དཀར་ཆག་དང་འབྲོག་ས་རྟེན་བརྟེན་པ་བཅས་པ་རྩིས་སྤྲད། མ་ཡིག་དང་བཅས་པ་པདྨ་ཐང་གི་འགན་བཞེས་པ་ཚོས་འབུལ་ཡོང་རྒྱུ་རེད། དེ་ལ་སྐུ་གདུང་རིན་པོ་ཆེ་གདན་ས་ལ་བཞུགས་སུ་གསོལ་ནས་ད་ཕྱིན་ཆད་ཡུལ་དགོན་སྐྱ་སེར་ཐམས་ཅད་ཀྱིས་སྐུ་གདུང་གི་དར་ཐག་ལ་འཇུས་ནས། སྔར་བཞིན་དུ་དགེ་སྒྲུབ་སྡིག་སྤོངས་ཀྱི་རྣམ་དཀར་གྱི་བྱ་བཞག་སྔར་ལུགས་བཞིན་དུ་གོང་འཕེལ་ཡོང་བའི་སྨོན་འདུན་ཡང་དེ་དང་མཉམ་དུ་ཞུས་པ་ཡིན། དེ་བས་དེ་རིང་གི་ཆོས་ཁྲིད་ཀྱི་མཚམས་འདི་ནས་འཇོག་རྒྱུ་བྱེད། དེ་ཡང་ད་ལོ་ང་ཡར་མར་ལ་སོང་གི་བསྡད་པ་ཡིན། ཡིན་རྒྱུ་རི་ཁྲོད་ཀྱི་ཆོས་པ་བྱ་དང་རི་དྭགས་ལ་འགྲོགས་ནས་དབེན་པའི་གནས་སུ་འདུག་པ་ཡིན་ཞུས་མོད། མ་བསམ་ས་ནས་ཡར་མར་ལ་འགྲོ་དགོས་ཐུག་ནས་ཆོས་ཁྲིད་རེ་བཤད་ཁི་བསྡད་ནི་ཡིན། ས་འདི་ནས་སྡེ་མང་ཚོགས་ཀྱི་ཆོས་ཉན་ནི་འདྲ་འདྲའི་དོན་གཉེར་ཅན་ཧ་ཅང་དཀོན་འདུག མྱི་སྟོང་ཚོ་ཁྲི་ཚོའི་ཁ་བུད་ནིའི་ཆོས་རའི་ནང་ནས་དབུགས་ཆེན་ཞིག་ལེན་མཁན་གོ་རྒྱུ་མེད་པ་འདི། དགོན་པ་སྒྲིག་ཡོད་ང་ཡིན་ཟེར་བ་ཞིག་གིས་ཀྱང་ཐུབ་དཀའ་བ་རེད་བསམ་བཞིན་ཡོད། དེས་ན་ཁྱེད་ཐམས་ཅད་ཀྱིས་ཆོས་ཉན་པའི་ཉན་ཚུལ་བཟང་བས་ངས་རྗེས་སུ་ཡི་རངས་ཞུ་བ་ཡིན། དེའི་མཚམས་ནས་མགུར་འཐེན་ནས་དེ་རིང་གི་བསྔོ་བ་འདོན་རྒྱུ་བྱེད།

རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་བསྟན་འཛིན་བློ་གྲོས་ནས། རྗེ་བཙུན་ཆེན་པོ་མི་ལ་རས་པས་ཁོང་གི་སློབ་མ་རྣམས་ལ་མགུར་འདི་གསུང་པ།

རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས།།

སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས།།

ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་།།

སྡུག་པ་དགྲ་ཡིས་མ་ཚོར་བར།།

རི་ཁྲོད་འདི་རུ་འཆི་ནུས་ན།།

རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

རྒས་པ་གྲོགས་ཀྱིས་མ་ཚོར་ཞིང་།།

ན་བ་སྲིང་མོས་མ་ཚོར་བར།།

རི་ཁྲོད་འདི་རུ་འཆི་ནུས་ན།།

རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

ཤི་བ་མི་ཡིས་མ་ཚོར་ཞིང་།།

རོ་རུལ་བྱ་ཡིས་མ་མཐོང་བར།།

རི་ཁྲོད་འདི་རུ་འཆི་ནུས་ན།།

རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

ཤ་རུལ་སྦྲང་མས་འཇིབ་པ་དང་།།

རྩ་རྒྱུས་འབུ་ཡིས་ཟ་བ་རུ།།

རི་ཁྲོད་འདི་རུ་འཆི་ནུས་ན།།

རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

ང་སྒོ་ན་མི་རྗེས་མེད་པ་དང་།།

ནང་ན་ཁྲག་རྗེས་མེད་པ་རུ།།

རི་ཁྲོད་འདི་རུ་འཆི་ནུས་ན།།

རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

རོ་ལ་འཁོར་མི་མེད་པ་དང་།།

ཤི་ན་ངུ་མི་མེད་པ་རུ།།

རི་ཁྲོད་འདི་རུ་འཆི་ནུས་ན།།

རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

ང་གར་སོང་འདྲི་མི་མེད་པ་དང་།།

འདིར་སོང་གཏད་སོ་མེད་པ་རུ།།

རི་ཁྲོད་འདི་རུ་འཆི་ནུས་ན།།

རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

མི་མེད་ལུང་པའི་བྲག་ཕུག་ཏུ།།

སྤྲང་པོ་འཆི་བའི་སྨོན་ལམ་འདི།།

འགྲོ་བའི་དོན་དུ་ཐེབས་པར་ཤོག།

ཐེབས་ན་བསམ་པ་རྫོགས་པ་ཡིན།།

དེ་ནས་ཡང་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་བསྟན་འཛིན་དགེ་ལེགས་ནས། རྡོ་གྲུབ་ཆེན་འབྱུང་འགྱུར་ལུང་བསྟན་གསལ་བའི་མེ་ལོང་ལས། མདོ་ཁམས་ཡུལ་ནས་པད་མའི་མཚན་ཅན་གྱིས།།

ནགས་ཁྲོད་གངས་འདབས་པདྨ་ཐང་ཆེན་དུ། །སྔར་མེད་གནས་སུ་རྟེན་བཞེངས་འགྲོ་བ་འདྲེན། །ཞེས་གསུང་བ་ནང་བཞིན་དུ་བདག་ཅག་གི་བླ་མ་རིན་པོ་ཆེ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲས་ན་སྐྱབས་རྗེ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་གང་ཉིད་ཀྱིས་ཞལ་གདམས་གྱི་ཚིག་ཁ་ཤས་གསུང་བ་འདི་ལྟར།

ད་རེས་སྔར་བསགས་བསོད་ནམས་བྱེ་བའི་མཐུས།།

ཆོས་ལྡན་ལྷ་བས་ལྷག་པའི་ལུས་ཐོབ་ཀྱང་།།

རྟེན་འདི་ཕྱི་ནས་ཡང་ཡང་ཐོབ་དཀའ་བས།།

དལ་འབྱོར་རྙེད་དཀར་བསམ་ནས་ཡིག་དྲུག་སྒྲོངས།།

ཚེ་འདི་མི་རྟག་ནམ་མཁའི་གློག་དང་འདྲ།།

ནོར་ནི་མི་རྟག་རྩྭ་ཁའི་ཟིལ་བར་མཚུངས།།

འཆི་བདག་ཞགས་པ་ནམ་ཐེབས་མི་ཤེས་པས།།

མི་རྟག་འཆི་བ་དྲན་ནས་ཡིག་དྲུག་སྒྲོངས།།

ཚེ་འདིར་བསྐྱངས་བའི་དྲིན་ཆེན་ཕ་མ་དང་།།

ལས་ཀྱིས་འབྲེལ་བའི་སྤུན་སྲིང་བུ་ཚ་སོགས།།

ཤི་ནས་ངན་འགྲོར་སྐྱེས་པའི་སེམས་ཅན་གྱི།།

ངན་སོང་སྡུག་བསྔལ་དྲན་ནས་ཡིག་དྲུག་སྒྲོངས།།

དགེ་བས་མཐོ་རིས་ཐར་བར་བགྲོད་བྱེད་ཅིང་།།

སྡིག་པའི་ལས་ཀྱིས་ངན་སོང་ངན་འགྲོར་འཁྱམས།།

དཀར་ནག་དགེ་སྡིག་ལས་འབྲས་བསླུ་བ་མེད།།

རྒྱུ་འབྲས་བསླུ་མེད་བསམ་ནས་ཡིག་དྲུག་སྒྲོངས།།


previousཉིན་གཉིས་པའི་ཆོས་ཁྲིད། next