Nitartha Digital Library
Tibetan
 
previousཉིན་བཞི་པའི་ཆོས་ཁྲིད། no next

ཉིན་བཞི་པའི་ཆོས་ཁྲིད།

ད་འདི་ན་བཞུགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་མཁན་སྤྲུལ་རྣམ་པ་དང་། སྡེ་སྣོད་འཛིན་པའི་དགེ་འདུན་གྱི་སྡེ་ཡར་ཕུད་ཤུལ་གྱི། དགེ་བསྙེན་ཕོ་མོ་ལ་སོགས་པ་འདི་ན་ཆོས་གཅིག་གི་དོན་དུ་ཆོས་ར་གཅིག་གི་ནང་ལ་མཉམ་དུ་འཚོགས་པ་ཐམས་ཅད་ཀྱི་སྤྱི་མྱིང་ལ་ངས་ཆོས་གྲོགས་རྣམ་པ་ཟེར་གི་ཡོད། དེ་ཅིའི་ཕྱིར་ཡིན་ཞེ་ན། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་སྦས་པའི་ཚུལ་གྱིས་གང་ན་ལུས་ཅི་འདྲ་ཞིག་བཟུང་ནས་བཞུགས་ཡོད་སུས་ཤེས། འོན་ཀྱང་། ཐམས་ཅད་སོ་སྐྱེས་ཡིན་པའི་དབང་དུ་བཏང་དུས། འུ་བུ་ཅག་དབང་མེད་བར་དོའི་སེམས་ཅན་རྣམ་ཤེས་འཁྱམས་པོ་འདྲ་བ་ཁ་ཤས་ལས་དབང་གཅིག་གིས་བསྡུས་ནས། གནས་སྐབས་ཙམ་ལ་མཉམ་དུ་འདི་ལྟར་རུག་རུག་བྱས་ནས། ཆོས་བཤད་ཟེར་ན་ཡང་འདྲ་སྐྱིད་སྡུག་གི་ཁ་བརྡ་རེས་གྲོས་འགོ་ཞིག་བཟུང་ནས་འདི་ལྟར་ཚིག་ཁ་ཤས་བཤད་ལོང་ཡོད་ཙམ་བྱས་པ་ཞིག་རེད། ཡིན་ན་ཡང་ཆུ་ཚོད་གཅིག་ཙམ་གྱི་རྗེས་ནས་རང་རང་སོ་སོའི་ལས་རླུང་གིས་དེད་ནས་ཕྱོགས་མི་འདྲ་བ་གང་ཞིག་ལ་དེད་འགྲོ་ཆ་མེད་རེད། དེ་བཞིན་དུ་འུ་ཅག་གིས་སྐྱེས་པའི་ཡར་མཐའ་དེད་ན་རང་རང་རང་གིས་ང་ཡིན་བསམ་རྒྱུའི་ངའི་རྣམ་ཤེས་རྟེན་འདིར་མ་འཁྲི་གོང་། ལུས་ཤ་ཁྲག་རྡོས་བཅས་ཀྱི་གཟེབ་འདིར་མ་ཚུད་པའི་སྔར་ཉིན་ལ། ང་ཟེར་བ་ཞིག་ཡུལ་འདི་ན་མེད་པ་རེད། དེ་བཞིན་དུ་ཕྱིར་འོངས་ལ་འདང་ཞིག་རྒྱག་ཁུལ་བྱས་ན། ད་སྔ་ས་འདིའི་སྟེང་ལ་རྐང་རྗེས་ལག་རྗེས་བཞག་ཚད་དང་མཚུངས་པར། ལུས་འཕྲུལ་འཁོར་གྱི་ལྷུ་ལག་བསྒྲིགས་པ་འདྲ་བོ་འདི་རྙིང་ནས་ཟད་ལོང་ཡོང་ན་འདྲ། ཆག་ཀྲུག་ལ་སོང་ནས་གློ་བུར་དུ་ཞིག་རལ་ལ་འགྲོ་དགོས་པ་ཡིན་ན་འདྲ། མདོར་ན། འཇིག་པའི་དུས་ཚོད་དེ་ཚང་སོང་དུས། ང་ཡོད་སའམ་འདོགས་སའི་གཞི་འཐོར་སོང་བ་རེད། དུས་ཚོད་གང་འཚམས་ཞིག་སོང་ན་མྱི་མ་དགོས་མྱིང་ཡང་ཡོད་ས་མེད་རྒྱུ་ཞིག་ཡིན་ན། དེའི་བར་གྱི་ད་ལྟའི་འཁྲུལ་སྣང་རྨི་ལམ་ཚབ་ཚུབ་རྨིས་པ་འདྲ་བོ་འདིར་བློ་གཏད་མེད་པའི་ཡུལ་ཁ། རང་རོགས་ཐམས་ཅད་ཀྱི་སྔོན་ན་ཡོད་པ་རེད། འདི་ལྟར་བྱས་ནས་རང་གིས་རང་ལ་ཞིབ་བལྟ་ཞིག་བྱས་དུས། ངོ་མས་བཤད་ན་ང་སུ་ཡིན་ང་རང་གིས་ཀྱང་ཤེས་ཀྱི་ཡོད་པ་མ་རེད། ད་སྔ་གང་ནས་ཡོང་། ད་གང་དུ་འགྲོ། དེ་བས་ཀྱང་མི་ཤེས་ལུགས་ལ་བསམ་བློ་ཞིག་བཏང་ན་ཉི་ཤུ་དགུའི་མཚན་མོའི་སྨག་གི་ནང་ནས་སོང་བསྡད་པ་འདྲ་ཞིག་རེད། ལོ་གྲངས་ཉི་ཤུ་རྩ་གསུམ་བཞི་སོགས་ལ་ཡོད་པའི་ཕོ་གསར་མོ་གསར་འཆི་བ་ཡིད་ལ་མ་ཤར། ཤི་སྣང་ཞེ་ལ་མེད་མཁན་ཚོས་བསམ་བློ་ཞིག་བཏང་ན། མྱི་ཚེ་རིང་བོ་རྗེས་ནས་ཡོད་སྣང་ཤར། སྐྱིད་ཟེར་བ་ཞིག་རྗེས་ན་ཡོང་རྒྱུ་ཡོད་འདང་། ཚེ་འདིར་སྐྱིད་པོ་ཞིག་འོང་ན་དེའི་ཕན་ཆད་ཀྱི་འདང་རྒྱག་མེད་མདོག་བྱེད་རྒྱུ་རེད། ཚེ་རིང་པོ་ལ་འདུག་རྒྱུའི་བློ་གཏད་བྱེད་རྒྱུ་མེད། ལམ་རིང་པོ་ཡོད་རྒྱུའི་སྔ་ཆག་འཇོག་རྒྱུ་ཡོད་མ་རེད། རྟག་འཛིན་ཅན་གྱི་བློ་ཉེས་དེས་འཕུང་ནས་ཁྱིམ་ཕ་མ་གཉེན་གྲོགས་མ་དགོས་ང་རེད་བསམ་ནས་བདག་འཛིན་བྱེད་ས། ངའི་རེད་བསམ་ནས་གཅེས་སྐྱོང་བྱེད་སའི་རང་ལུས་རང་ལ་མི་དབང་པར་ལུས་སེམས་གཉིས་ཀྱི་བེམ་རིག་ཁ་བྲལ་བའི་དུས་སུ་འགྱོད་པ་སྐྱེ་པ་ཞིག་འོང་། དེ་དུས་འགྱོད་གདུང་གིས་མཆི་མ་ཐིག་གཅིག་དྲུད་ནས་འབྲལ་མི་ཕོད་བཞིན་དུ་གཉེན་བཤེས་དང་ཁ་བྲལ་ཏེ། མི་འདོད་ཕྱི་མའི་ཡུལ་ལ་དབང་མེད་དུ་འགྲོ་དགོས་ཐུག་རྒྱུ་དེ་སྔ་འཕྲོ་ཕྱི་འཕྲོ་རང་རོགས་རྒན་གཞོན་ཚང་མའི་མདུན་ན་ཡོད་པའི་རྒྱ་ལམ་རེད། དེ་ཡིན་དུས་ངས་ནམ་ཡིན་ན་ཟེར་འདུག་རྒྱུའི་འུ་ཅག་གི་བར་ན་མཚའ་མཚུངས་བྱེད་ཡོང་ས་ཞིག་ཡོད་མ་ཐལ། ས་ཆ་འདིའི་སྐད་ལུགས་ཡིན་ན་འུ་ཅག་གི་བར་ལ་མཛེས་མཛེས་བཟོ་ཡོང་ས་ཡོད་མ་ཐས་ཅན་པོ་རེད། ད་མ་འཆུགས། མ་སྔ་མ་འཕྱིའི་ཚེ་འདི་ཕྱི་གཉིས་ཀའི་མིག་རྒྱང་ཞིག་འཚོལ་ནས་ཐར་ལམ་འདི་ཡིན་བསམ་རྒྱུ་རེ་རང་ཉིད་ཀྱིས་རྙེད་པ་ཞིག་གྱིས་མ་གཏོགས། དེ་དུས་འུ་ཅག་འདིར་འཚོགས་འཚོགས་བྱས་ནས་ཁྱུ་ལ་ཁྱུ་རྒྱག་གིས་ག་ཤེད་ཅིག་རེད་ཨེ་འགྲོ། ར་ཡོད་བརྒྱ་ཐམ་པ་ཐར་ས་ནས་ཡུ་ལུ་མ་རེ་རེ་གཉིས་རེ་ལྷག་མི་འགྲོ་བསམ་རྒྱུ་ཡོད་མ་རེད། སྤུ་ཉག་མར་གྱི་གསེང་ནས་ཤབ་པ་ལྟར་རེ་རེ་བཞིན་དུ་འགྲོ་དགོས། དེ་ཡང་མཐར་མའི་མཐའ་ཞིག་མ་རེད། དོ་དགོང་སང་ཉིན་ཨེ་ཡིན་སུས་ཤེས། ད་ལྟའི་ཇ་བར་ཞིག་གི་དུས་ཡུན་ལ་འུ་ཅག་ཆོས་གཅིག་ལ་བརྟེན་ཏེ་ཐར་བའི་ལམ་དེད་ནས་འདི་ལྟར་འགྲོ་བཞིན་ཡོད་དུས། ས་ངོ་ལམ་རྒྱུས་རེ་ཤེས་པར་བླ་རྒན་འདི་ཚོའི་དགའ་ལོས་བསམ། འོན་ཀྱང་བླ་རྒན་ཡང་དེ་མཚུངས་མུན་ནག་ནང་ནས་ལག་རྙོབ་བྱས་ཏེ་རྡོག་ལམ་བཙལ་ཞོར་ཨེ་ཐར་བལྟ་གི་ཡོད་པ་ཞིག་རེད། འདིའི་ལམ་སྣེ་རིག་སྔ་ཕྱིའི་ཁྱད་པར་ཞིག་མེད་ཀྱང་ཡོད་དགོས་པའི་ཁྱད་ཐང་འདྲ་ཞིག་གིས། ཨ་རོགས་ཆོས་གྲོགས་ཚོ་ཟེར་ནས་འབོད་ཞོར་དུ། ཁ་མར་ལ་དེ་ཙམ་མ་འཁོར་ཡར་ལ་འཁོར། ཡར་ལ་ཡོང་ཞོར་དུ་འདི་ནས་གོམ་ཁ་གཟོབ་མ་གཏོགས་རྡོག་འཁྱལ་ན་མཐའ་མེད་ཀྱི་གཡང་ས་ལ་ལྷུང་ཉེན་ཆེ་འདུག རིག་རིག་བལྟས་བལྟས་ཁར་མང་པོ་ཞིག་འདི་ནས་ཐུར་ལ་ལྕེབས་ཐལ། དེ་བས་འདིའི་ཡར་ཡར་དེད་ནས་ཤོག ཁ་འདི་ཕྱོགས་ལ་གཏོད་དང་ལམ་ཐག་འདི་ནས་ཉེ་བར་འདུག སྔར་སོང་གི་རྗེས་ཤིག་ཀྱང་རྙེད་གྲབས་རེད། ནམ་སྐྱ་མོ་ལང་གི་སྔོན་རྟགས་ལ་སྐྱ་རེངས་ཤར་བའི་ཟེར་མདའ་ཞིག་ཀྱང་ཡར་ཕྱོགས་ན་ཡོད་ན་ཆོག་གི ལེ་ལོ་སྒྱིད་ལུག་མ་བྱེད། མ་འཆུགས་ཡར་ལ་རེམ་ནས་ཤོག་ཟེར་གྱིན་ཡོད་པ་རེད། དེས་ན་ཆོས་རའི་ནང་ནས་མིན་རུང་དུས་དང་རྣམ་པ་ཀུན་ཏུ། ཚེ་ནི་འགྲོ་བའི་ཆོས་ཅན་སྐད་ཅིག་ཀྱང་མི་སྡོད་པ། འབྱོར་བ་ནི་རྒུད་པའི་མཐའ་ཅན་རྟག་བརྟན་མེད་པ། ལང་ཚོ་ཡང་མི་རྟག་པའི་རང་བཞིན་ད་ལྟ་ལོ་ཉུང་ཡིན་ནའང་དུས་གང་ལ་གང་འཚམ་གྱི་ཐོག་ནས་རྒས་འཁོགས་ལ་འགྱུར་འགྲོ་བ། ད་ལྟའི་རྒས་འཁོགས་འདི་ཚོ་སྔར་དང་པོ་ནས་རྒས་རྒས་ཁ་མེད། གཉེན་གྲོགས་འབྲལ་བའི་ཆོས་ཉིད་ལས་མ་འདས་པས་ཚེ་གཅིག་ལ་རྟག་མི་ཐུབ་པར་ཤེས། ཤེས་པར་མི་ཚད་ནམ་ཡང་སེམས་ནས་མི་བརྗེད་པར་སྒོམ་དགོས། འདི་ལ་མི་རྟག་པ་སྒོམ་ཟེར་བ་རེད། མི་རྟག་པ་སྒོམ་རྒྱུ་འདིས་དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་ཆོས་ཉམས་སུ་ལེན་པའི་རྐྱེན་བྱེད། ཐ་མར་འཆི་བར་མི་སྐྲག་པའི་གདེང་དང་ཐག་ཉེ་བར་བྱེད། ཡང་མཐར་འཆི་བ་འོད་གསལ་ཉམས་སུ་མྱོང་བའི་གྲོགས་ཀྱང་མི་རྟག་པ་སྒོམ་པ་འདིས་བྱེད་ཀྱིན་ཡོད། དེ་ཟེར་དུས། ཡ་འུ་ཅག་ཐེག་ཆེན་མདོ་སྔགས་ཀྱི་ཆོས་སྒོར་ཞུགས་པ་ཡིན་ན། ཐོག་མ་ཉིད་ནས་སྦྱོར་བ་སེམས་བསྐྱེད་ཀྱིས་ཟིན་པ་དོན་གཉིས་ལྡན་པའི་སེམས་བསྐྱེད་དགོས་པ་མིན་ནམ། ང་ཤི་དུས་མི་སྐྲག་བྱེད་དང་ཁྱོད་ཤི་དུས་ངན་སོང་ལ་མི་ལྷུང་རྒྱུ་ཏག་ཏག་བསམ་བསྡད་ན་ཐེག་པ་ཆེན་པོའི་ཆོས་གྲབས་ལ་ཨེ་འགྲོ་སྙམ་ན། དེ་ལྷག་པར་དུ་འགྲོ་རེད། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཙམ་ཞིག་ཕྱི་རོལ་པ་འགའ་ཞིག་དང་ཡང་ཐུན་མོང་རེད། དེའི་གོ་མི་ཆོད་པས་མ་ལག་ལྡུམ་མའི་བུ་ཆུས་ཁྱེར་བ་ལྟ་བུ་བསྐྱབ་བསམ་ཡང་སྐྱོབས་ཐབས་མེད་པའི་རྒན་མོ་བསམ་བཟང་ལྟ་བུ་མིན་པར། ཕ་དཔའ་བོའི་བུ། དགྲ་སྔོན་ལ་ལུས་པ་ལྟར། མི་བསྐྱུར་བའི་སྤོབས་པ་དང་ཆོད་སེམས་ཡོད་པ་མ་ཟད་དེ་ལ་དཔོག་པའི་ནུས་པ་ཡོད་དགོས་པས། ནུས་པ་རང་གིས་བསྐྱེད་དགོས་པ་རེད། མྱི་རང་གིས་རང་མགོ་མི་ཐོན་པ་ཞིག་གིས་གཞན་སྐྱོབ་འཇོག་ཟེར་ན་ཧམ་བཤད་སྐད་ཆ་སྟོང་པ་ཞིག་རེད། རང་ཤི་དུས་རང་མགོ་མི་ཐོན་མཁན་ཞིག་གིས་མྱི་གཞན་གྱི་འདྲེན་སྟོན་མི་ཡོང་གི་ཡིན་ན། དེའི་ཆེད་དུ་འུ་བུས་བླ་མའི་རྣལ་འབྱོར་བཤད་ནས། ཐར་བའི་ལམ་སྟོན་འདྲེན་པའི་བཤེས་གཉེན་བཟང་པོ་ཞིག་རྙེད་ན་དེ་དུས་གོང་ནས་ངས་བཤད་པ་ལྟར། ཡར་ལ་ཤོག དེའི་ཕན་ལ་མ་འགྲོ དེ་ནས་གོམ་པ་རིང་ལེན་ཞིག་གྱིས། དེའི་འཕྲོར་འདི་ལ་གཏོད་ནས་ཤོག་ཅེས་ལོང་བ་ཞིག་ལ་ཟེར་བ་ལྟར་བཤད་ཨེ་དགོས་ཤེས་མ་རེད། ཐད་འཕུར་གནམ་གྲུ་ཟེར་བའི་གནམ་གྲུ་ཞིག་ཡོད་པ་དེས་ས་ཐོག་གི་མྱི་སྐྱབས་ནས་འཐེན་འགྲོ་བ་ལྟར་སྐད་ཅིག་ཡིད་ཙམ་གྱི་བྱ་ལམ་བཅད་ནས་ས་གཞིའི་གཡང་ས་ནས་ལྷུང་དོག་དང་འཁྱར་དོགས་ཀྱི་ཉམ་ང་མི་དགོས་པ་རེད་འགྲོ་རྒྱུ་ཡོད། དེས་ན་ཤིན་ཏུ་མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོའི་གསེང་ལམ་ནས་ཚེ་འདི་ལ་གྲོལ་བ་ཐོབ་པ་དེ་དཔེ་དེ་འདྲ་ཞིག་དང་མཚུངས་པ་རེད། ཐད་འཕུར་གནམ་གྲུས་འཐེན་སོང་དུས་གནམ་གྲུའི་ནང་ནས་རྩལ་ཆེན་ཞིག་གིས་ཐག་པ་ཞིག་བསྣར་པའམ་མིན་ན། མར་ལ་ལག་པ་བསྲིངས་ཡོང་ནས་ཡར་ལ་འཐོམ་ཟེར་ན། འཐམ་ཐུབ་མཁན་ཞིག་དང་འཐམ་ཤེས་མཁན་ཞིག་ཡིན་དགོས། མིན་ན་འཐེན་ཐབས་དཀའ་བ་རེད། ཐུགས་རྗེའི་ལྕགས་ཀྱུས་བཟུང་ས་དེ་ལ་དད་པའི་ཨ་ལོང་དགོས་དོན་ཡང་རྒྱུ་མཚན་དེས་གསུངས་པ་རེད། དེ་མིན་ན་སངས་རྒྱས་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པ་གཙུག་ཏོར་ཡོད་མེད་ཀྱི་ཁྱད་པར་མ་གཏོགས་སངས་རྒྱས་དངོས་རེད། སངས་རྒྱས་ཀྱི་མཛད་པ་སེམས་ཅན་གྱི་དོན་རེད། དད་པ་མེད་པའི་སེམས་ཅན་ཁོ་ལ་ང་རྒྱལ་ཆེན་པོར་འདུག་པས་བསྐྱུར་ལ་ཤོག་ཅེས་ཕྱོགས་མེད་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་གྱིས་དེ་ལྟར་མི་དགོངས་ཀྱང་། མོས་གུས་མེད་ན་དེ་ལ་ཐུགས་རྒྱུད་ཀྱི་བྱིན་རླབས་འཇུག་ཐབས་མེད། རྫོགས་པ་ཆེན་པོའི་མྱུར་ལམ་ནས་མོས་གུས་ལྡན་པ་མྱུར་དུ་གྲོལ་བར་ཟབ་ལམ་བླ་མའི་རྣལ་འབྱོར་འདི་ཉིད་བསྟན་པ་ཡིན། མོས་གུས་ཀྱིས་སྡིག་སྒྲིབ་དག་པ་དང་ཚོགས་རྫོགས་པ་རེད། དེ་མིན་ན་ནཱ་རོ་པས་རྐུ་བྱེད་ས་ནས་རྡུང་ངན་ཞིག་ལོན་པ་དང་ནི་སྙུག་གཤགས་ཁ་ཤས་ཤ་གསེང་ལ་དྲངས་པ་རྐྱང་བས་དེའི་ལས་མྱོང་སྟོབས་ཀྱིས་ཟད་ཟེར་ན་དཀའ་བ་རེད། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ནི་དེའི་ཁྲི་འགྱུར་འབུམ་འགྱུར་གྱིས་སྡུག་བསྔལ་བསྐལ་བ་མང་པོ་རུ་མྱོང་རུང་། ད་རུང་ཟད་མཐའ་མི་མངོན་རྒྱུ་ནི། གཙོ་བོ་ཐབས་དང་གདམས་པའི་གནད་ལ་ཐུག་འགྲོ་པ་རེད། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཐུགས་རྗེའི་བརྩེ་བ་ཡོངས་སྙོམས་ཀྱིས་ཐམས་ཅད་ལ་འཇུག་ཡོད་ཀྱང་། སེམས་ཅན་ཐམས་ཅད་ལམ་ལ་མ་བརྟེན་པར་རང་གྲོལ་ལ་མི་འགྱུར་བ་ཅི་རེད་ཅེ་ན། སེམས་ཅད་ཡིན་ཚད་ཀྱིས་དམ་པའི་བླ་མ་བསྟེན་རྒྱུ་མ་ལོན། སྨིན་བྱེད་དབང་གིས་སྨིན་པར་མ་བྱས། གྲོལ་བྱེད་ཁྲིད་ཀྱིས་གྲོལ་བར་མ་བྱས། ལར་གཞི་ཐབས་ཀྱི་འཇུག་སྒོ་གང་ན་ཡོད་ཇི་ལྟར་ཡིན་པ་ཙམ་ཡང་མ་ཤེས། དེའི་སྟེང་ནས་ལམ་གྱི་སྔོན་འགྲོ་ལ་ལྟོས་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྟོགས་ཐབས་དང་། སྒྲིབ་པ་སྦྱངས་ཐབས་དང་ནི་ཚོགས་བསགས་ཐབས་ཤེས་མ་མྱོང་། དངོས་གཞི་ལ་ལྟོས་པའི་གནད་ཟབ་མོའི་མན་ངག་རྣམས་གོ་མ་མྱོང་། མོས་གུས་ལ་ལྟོས་པའི་བླ་མའི་བྱིན་རླབས་ཞུགས་ཐབས་མེད་སོང་དུས། སོ་ནམ་ཀྱི་ཚོད་ཀྱིས་ལོ་ཏོག་ཞིག་ལས་སྨིན་ཡོང་རྒྱུ་ཅི་ལ་ཡོད། དེའི་དབང་གིས་མི་ལ་སྔར་ཡང་སྐྱབས་མེད་ད་ཡང་མགོན་བྲལ་དུ་ལམ་ཁའི་རྡོ་བཞིན་བདག་མེད་ལ་ལུས་ཡོད་པ་རེད། མདོར་ན། བདུད་བཞིའི་འཇིགས་པ་དང་མ་བྲལ་བས་བདུད་ཀྱི་གནོད་པས་ཚུགས་པ་ཡིན། དེ་ཇི་འདྲ་རེད། བདུད་བཞི་ཟེར་བ་གང་རེད་ཅེ་ན། ཉོན་མོངས་པའི་བདུད། ལྷའི་བུའི་བདུད། འཆི་བདག་གི་བདུད། ཕུང་པོའི་བདུད་དེ་དག་རེད། ཉོན་མོངས་པའི་བདུད་ནི་རང་རྒྱུད་དང་ལྷན་ཅིག་འགྲོགས་ནས་ཡོད་པས་དང་པོ་ངེས་འབྱུང་མི་སྐྱེས་སྐྱེར་མི་འཇུག ཆོས་དང་བླ་མར་དད་དང་མོས་གུས་བྱེད་དུ་མི་འཇུག ཅུང་ཟད་རེ་ཡོད་ཀྱང་། བར་དུ་ཆོས་དང་བཤེས་གཉེན་གྱིས་སུན་ནས་བག་མེད་ཀྱི་དབང་དུ་ཤོར། ཐ་མར་ཕྱི་ཚུལ་ལ་ཆོས་པ་ཞིག་དང་འདྲ་བའི་ཚུལ་འཆོས་བྱས་ཀྱང་། དེས་གོ་མ་ཆོད་པར་ཤི་དུས་གཅེར་བུ་ལག་སྟོང་ལ་འགྲོ་དགོས་ཐུག་པ་རེད། ཕུང་པོའི་བདུད་ཀྱིས་ཅི་བྱེད་ན། ལམ་བདེན་ལ་དངོས་པོར་འཛིན་དུ་འཇུག་པ་རེད། ལྷའི་བུའི་བདུད་ཀྱིས་འདིར་སྣང་གི་འདོད་ཡོན་ལ་ཞེན་ཆགས་བྱེད་དུ་འཇུག་པ་རེད། འཆི་བདག་གི་བདུད་ཀྱིས་གློ་བུར་ཚེ་ཡི་བར་ཆད་བྱས་ནས་ཆོས་ལམ་མཐའ་རུ་ཕྱིན་དུ་མི་འཇུག་པའི་གནོད་པ་ཆེན་པོ་དེ་ལྟར་བདུད་བཞིས་བྱས་པ་ཡིན། བདུད་བཞི་དེ་གང་ནས་ཡོང་ན། རང་ཁོང་ནས་དགྲ་རུ་སྡང་གི་ཡོད་པ་རེད། དོན་བསྡུས་ནས་བཤད་ན། དོན་ཆེན་ཆོས་ལམ་ལ་གནོད་པའི་འགལ་རྐྱེན་རང་གིས་སེལ་བར་བྱས་ནས། ཅི་ཞིག་ཇི་ལྟར་ཉམས་སུ་ལེན་རྒྱུ་གལ་ཆེ་བ་དེ་ངའི་ངག་འདོན་བསྡུས་པ་དེ་ལ་བརྟེན་ཏེ་ཁ་སང་ཚུན་ཆད་ལ་བླ་མའི་རྣལ་འབྱོར་བཤད་ཀྱིན་ཡོད་པའི་སྐབས་ཡིན།།

༢ ཁྱིམ་པ་ཕོ་མོ་ཁྱད་མེད་དུ་སྒོམ་རྒྱག་སྟངས་ལ་བསླབ་པ།

སྤྱིར་བླ་མ་སྒྲུབ་ཚུལ་ལ་བསམ་བློ་བཏང་ན། དེ་ལ་ཕྱི་ནང་གསང་གསུམ་གྱིས་སྒྲུབ་ཚུལ་ཡོད། ཕྱི་སྤྲུལ་སྐུའི་སྒྲུབ་པ་དང་ནི་ནང་ལོངས་སྐུའི་སྒྲུབ་པ། གསང་བ་མཁའ་འགྲོའི་སྒྲུབ་པ་རེད།

མོས་གུས་ཀྱི་སྒོ་ནས་བླ་མ་སྒྲུབ་རྒྱུ་ལ་འདུས་ཡོད་པ་རེད།

དེ་ལས་ཀྱང་བླ་མའི་རྣལ་འབྱོར་ཉམས་ལེན་བྱེད་པའི་དགོས་པ། བླ་མ་ནི་ཇི་ལྟ་བུ་ཞིག་ཡིན། བླ་མ་བསྟེན་ན་དང་པོ་བླ་མ་བརྟག་ཐབས། བར་དུ་བླ་མ་བསྟེན་ལུགས། བླ་མ་བསྟེན་ནས་ཐ་མར་དགོངས་སྤྱོད་བསླབ་ཚུལ་སོགས་ཀྱི་ཐད་ནས་ཁ་བརྡ་དང་འདྲེས་མར་བྱས་ནས་འགའ་ཞིག་བཤད་པ་སོང་ནི་རེད།

དེ་རིང་བླ་མའི་རྣལ་འབྱོར་སྒོམ་ཚུལ་དངོས་བཤད་རྒྱུ་ལ་ཐུག་ཡོད། འདི་ལ་ཚོགས་ཞིང་གསལ་འདེབས་པ་དང་། ཡན་ལག་བདུན་པ་འབུལ་བ་དང་། གསོལ་བ་ཕུར་ཚུགས་སུ་བཏབ་ཏེ་དབང་བཞི་ལེན་པ་དང་གསུམ་གྱིས་བཤད་རྒྱུ་ཞིག་རེད།

སྤྱིར་བླ་མ་སྒྲུབ་ཚུལ་ལ་བསམ་བློ་བཏང་ན། དེ་ལ་ཕྱི་ནང་གསང་གསུམ་གྱིས་སྒྲུབ་ཚུལ་ཡོད། ཕྱི་སྤྲུལ་སྐུས་སྒྲུབ་པ་དང་ནང་ལོངས་སྐུས་སྒྲུབ་པ། གསང་བ་མཁའ་འགྲོས་སྒྲུབ་པ་རེད། ཡང་གསང་ཡེ་ཤེས་བླ་མ་མཉམ་བཞག་གིས་སྒྲུབ་པ་དང་བཅས་པའི་ནང་ནས་འུ་ཅག་གིས་སྒྲུབ་རྒྱུ་འདི་ཅི་ལྟ་བུ་ཞིག་ཡིན་རེད་ཅེ་ན། ཡང་གསང་ཡེ་ཤེས་བླ་མ་མཉམ་བཞག་གིས་སྒྲུབ་རྒྱུ་ཅན་པོ་དེ་ཡིན་པ་དང་། ཡང་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ལུགས་ཡིན་ན། ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་འདུས་པ། གསང་སྒྲུབ་ཐུགས་རྗེ་ཆེན་པོ། ཡང་གསང་ཐིག་ལེའི་རྒྱ་ཅན་ཞེས་གསུང་རྒྱུ་ཡང་ཡོད་ཀྱང་། དོན་གྱི་གནད་གཅིག་པ་རེད། རྩ་བ་ངོ་མ་དེ་བླ་མ་སྒྲུབ་པའི་ཐབས་ཀྱི་མན་ངག་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་གང་ཡིན་ཞེ་ན། མོས་གུས་ཀྱི་སྒོ་ནས་བླ་མ་སྒྲུབ་རྒྱུ་ལ་འདུས་ཡོད་པ་རེད།

བླ་མ་སྒོམ་དུས་སྐྱབས་འགྲོའི་ཚོགས་ཞིང་ལྟར་དུ་སྒོམ་པ་ནི་ཕྱི་ལྟར་སྒྲུབ་པ། སྤྱི་བོར་སངས་རྒྱས་ཀུན་འདུས་སུ་སྒོམ་པ་ནི་ནང་ལྟར་སྒྲུབ་པ། བྱིན་རླབས་ཅིག་ཅར་དུ་འཇུག་པ་སྙིང་ཁར་སྒོམ་པ་གསང་བ་ལྟར་དུ་སྒྲུབ་པ། བླ་མ་ཡི་དམ་གྱི་རྣམ་པར་བཞེངས་ནས་ཐུགས་ཡིད་དབྱེར་མེད་དུ་སྒོམ་པ་ཡང་གསང་དུ་སྒྲུབ་ཚུལ་དེ་ལྟར་གསུངས་ཡོད། དེ་ལ་གསུང་ཚུལ་གྱི་རྣམ་གྲངས་འདྲ་མི་འདྲ་ཡོད་ནའང་དོན་གྱིས་གཅིག་པ་འདྲ་བོ་རེད། བླ་མ་ཡི་དམ་གྱི་རྣམ་པར་བཞེངས་པ་མིན་རུང་ཐུགས་ཡིད་དབྱེར་མེད་དུ་སྒོམ་པ་ནི་ཡང་གསང་ལྟར་དུ་སྒྲུབ་པ་ངོ་མ་དེ་རེད། གང་ལྟར་ཡང་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་པ་དེ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣལ་དུ་འབྱོར་རྒྱུ་དེ་ཡིན། དེ་ནི་རྟོགས་ལྡན་བླ་མའི་ཐུགས་ཀྱི་ངོ་བོ་ཡིན་པས་ན། བླ་མ་དང་ཐུགས་ཡིད་འདྲེས་པ་གཅིག་པུས་རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེས་ཐུབ་པ་རེད། །བླ་མ་སྒོམ་ལུགས་འདིའི་ཐད་ནས་ཁ་སང་ཞིག་ལ་བཤད་པ་བཞིན། བླ་མར་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་ན་རྣམ་པ་བསྒྱུར་མི་དགོས་པ་དང་། རྣམ་པ་མི་རུ་བཟུང་བའི་གོམས་པ་ཤུགས་དྲག་ནས་བླ་མ་སངས་རྒྱས་ཡིན་པར་བསམ་མི་ཐུབ་པར་སྐབས་གཅིག་ལ་མི་ཡིན་པའི་སྣང་བ་ལྡོག་མ་ཐུབ་ན། བླ་མ་མི་རུ་བཟུང་བའི་ལོག་ལྟ་སྤོང་ཆེད་རྣམ་པ་གུ་རུ་མཚོ་སྐྱེས་རྡོ་རྗེ་སོགས་ལ་སྒོམ་རྒྱུ་དེ་འདྲ་གསུངས་ཡོད་པ་རེད། སྐབས་འདིར་ཚོགས་ཞིང་གསལ་འདེབས་པའི་ངག་འདོན་རྒྱས་པའི་ལུགས་ཀྱིས་ཕྱག་སྲོལ་ལྟར་དུ་ཀུན་འདུས་ནོར་བུའི་ལུགས་བླ་མ་གཅིག་པུ་སྒོམ་པ་དང་། བརྒྱུད་པ་ཐམས་ཅད་ཐོ་བརྩེགས་སུ་སྒོམ་པ་དང་། ཁྲོམ་ཚོགས་སུ་སྒོམ་པ་དག་གི་ནང་ནས་ཁྲོམ་ཚོགས་སུ་སྒོམ་རྒྱུ་དེ་གསུངས་ཡོད་པ་རེད། དམིགས་པ་ལ་ཤིན་ཏུ་མ་གོམས་པའི་ལས་དང་པོ་བས་སྒོམ་མི་བདེ་ན་ངེད་ཆ་གའི་ངག་འདོན་བསྡུས་པ་འདི་ལྟར་ཀུན་འདུས་ནོར་བུ་ལུགས་ལྟར་དུ་བླ་མ་གཅིག་པུ་སྒོམ་པ་གང་བདེ་རང་ཉིད་ཀྱི་མོས་པ་གསལ་འདེབས་ཀྱི་ནུས་པ་དང་བསྟུན་དགོས་པ་རེད། རང་ཉིད་ཀྱང་ཐ་མལ་བ་ལྟར་དང་ཡི་དམ་ལ་སྒོམ་རྒྱུ་དང་རྡོ་རྗེ་རྣལ་འབྱོར་མར་གསལ་རྒྱུ་སོགས་རིམ་པ་མི་འདྲ་པ་ཡོད་པའི་ནང་གི་དམིགས་པ་ལ་གོམས་སོང་བ་ཞིག་ཡིན་ན་རྡོ་རྗེ་རྣལ་འབྱོར་མར་གསལ་དགོས་ཀྱང་། དབང་པོ་ཅུང་ཟད་རྟུལ་པོ་དེ་ཡང་ཅུང་ཟད་གསལ་དཀའ་བའི་རིགས་ཀྱིས་ངག་འདོན་འདི་ལ་བསྟུན་ནས་གང་བདེ་ན་དེ་བྱ་ཆོག བཤད་དུས་རྒྱས་པ་ལྟར་དུ་བཤད་གོས།

༡༽ ཚོགས་ཞིང་གསལ་འདེབས་པ།

ཚོགས་ཞིང་གསལ་འདེབས་པ་འདི་ནི་དག་པའི་ཞིང་ཁམས་སྦྱོང་བ་ཡིན་དུས། སེམས་སྟོབས་ཆེན་པོའི་སྤྱོད་ཡུལ་ཡིན་པས་དེ་ལྟར་དུ་བཤད་དགོས། ད་ལྟའི་སྣང་བ་འདི་བཞིན་དུ་ཁོར་ཡུག་མ་དག་པའི་སྣོད་བཅུད་ཅིག་ལ་བསམ་བློ་མི་གཏང་། དེ་ཡང་རྒྱ་ཆུང་ཆུང་ཞིག་ལ་བསམ་བློ་འཁོར་མི་འདུག་པར། སྣང་བས་གར་ཁྱབ་ཐམས་ཅད་ཞིང་ཁམས་ཀྱིས་ཁྱབ་ནས་བསྡད་ཡོད་པ་ཞིག་བསྒོམ། རང་ཉིད་དབང་གི་སྣོད་རུང་དུ་འགྱུར་བའི་དགོས་པ་དང་བདེ་སྟོང་གི་ཡེ་ཤེས་བསྐྱེད་ཅིང་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་གྱིས། ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཌ་ཀའི་གཙོ་མོ་མཐིང་འོད་འབར་མ་ཡིན་པ་ལ། རྣམ་པ་རྡོ་རྗེ་རྣལ་འབྱོར་མ་རུ་གསལ་འདེབས་དགོས། འུ་བུའི་ཆོས་ར་འདིའི་ནང་ན་ངག་འདོན་རྒྱས་པའི་འགྲོས་དེད་ནས་འབུམ་ལྔ་བསོགས་མཁན་དང་རྣམ་མཁྱེན་ལམ་བཟང་རྒྱུན་འཁྱེར་ལ་གསུང་མཁན་ཡོད་ཀྱི་རེད། འདི་ཚོ་དམིགས་པ་གསལ་འདེབས་ཀྱི་ཚུལ་དུ་དེ་ཙམ་མ་བསྡུས་ནས་བཤད་ན། རྡོ་རྗེ་རྣལ་འབྱོར་མར་གསལ་འདེབས་པ་ན་སྔོན་འགྲོའི་ངག་འདོན་གཞུང་ནས་གསུང་བ་ལྟར་དུ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པའམ་ཡང་ན་ཀུན་བཟང་ཞལ་ལུང་ནང་ནས་གསུངས་པ་ལྟར་དུ་ཕྱག་གཡས་པས་མ་རིག་གཏི་མུག་གི་གཉིད་ལས་སློང་བའི་རྟེན་འབྲེལ་དུ་ཐོད་པའི་ཌ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་བ། གཡོན་པས་དུག་གསུམ་རྩད་ནས་གཅོད་པའི་གྲི་གུག་དཀུར་བརྟེན་པ། གོང་དུ་མ་རིག་གཏི་མུག་གིས་གསུང་བའི་མ་རིག་དང་གཏི་མུག་གཉིས་ཀ་ལ་ཅི་ཞིག་གི་ཁྱད་པར་ཡོད་རེད་བསམ་ན། གཏི་མུག་དུག་གསུམ་གྱི་ཡ་གྱལ་ཞིག་དང་མ་རིག་པ་དུག་གསུམ་གའི་ཁྱབ་བྱེད་ཡིན་པ་སྔར་ཡང་བཤད་མྱོང་། གྲི་གུག་དཀུར་བརྟེན་གསུངས་རྒྱུ་འདི་སྐུ་ལུས་ཀྱི་སྐུ་ནི་མ་རེད། འདི་སྐེད་པ། སྐུའི་རྟ་ཟུར་གྱི་ཕྱོགས་ལ་གོ་བ་རེད། བརྡ་ལ་མ་བྱང་བ་གསར་བ་ངོ་མ་ཚོ་ལ་བཤད་པ་ཡིན། དེ་ལྟ་བུའི་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་གསལ་འདེབས་དུས་སྐུ་མདོག་དམར་གསལ་གཅེར་མོ་རུས་པའི་རྒྱན་ལྡན། ཞབས་གཉིས་ཀྱང་འདོར་སྟབས་སམ་ཡང་ན་གཡས་བསྐུམས་ཀྱི་སྟབས་གང་བྱས་ཀྱང་འགལ་བ་མེད། རིག་འཛིན་ཡུམ་ཀའི་ནང་ན་མཉམ་སྟབས་ཀྱིས་བཞེངས་པ་ཡིན་པ་དང་། འདི་ནས་རྣམ་པ་རྡོ་རྗེ་རྣལ་འབྱོར་མ་ཇི་བཞིན་དུ་གསལ་འདེབས། སྐུ་ལ་མེ་ཏོག་སྣ་ཚོགས་ཀྱི་ཆུན་འཕྱང་གིས་མཛེས་པར་བརྒྱན་ཡོད་པ་རེད། དེ་ལྟར་སྒོམ་པ་དེ་ཡང་། རང་གི་ད་ལྟའི་ཤ་ཁྲག་རྡོས་བཅས་ཀྱི་ལུས་མི་གཙང་པ་འདི་མ་ཡིན་པར་སྣང་ལ་རང་བཞིན་མེད་པ། ནམ་མཁར་འཇའ་ཚོན་ཤར་བ་འདྲ་ཞིག་ལ་བསྒོམ་དགོས་པ་རེད། ང་རང་ཚོའི་རྩ་བའི་ཚིག་དེད་ན་འདི་རེད། དཔེ་ཆ་དེབ་ཆུང་ལ་ལྟོས་དང་།

མདུན་མཁར་འདབ་སྟོང་པདྨའི་དབུས་བཞུགས་པའི།།

སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་།།

ངོ་བོ་སངས་རྒྱས་ཀུན་དང་དབྱེར་མེད་པ།།

རྣམ་པ་མཚོ་སྐྱེས་རྡོ་རྗེ།

ཞེས་པ་འདི་ཡན་ཆད་ཀྱིས་ཚོགས་ཞིང་གསལ་འདེབས་པའམ། འདིའི་དངོས་བསྟན་ཚོགས་ཞིང་ཀུན་འདུས་སྐྱབས་ཡུལ་ཐམས་ཅད་བླ་མ་མཚོ་སྐྱེས་རྡོ་རྗེ་གཅིག་ལ་ཚང་བ། ཀུན་འདུས་ནོར་བུའི་ལུགས་བཞིན་དུ་སྒོམ་པ་དེ་བསྟན་པ་ཡིན། ཅུང་ཟད་སྤྲོས་པ་ལ་དགའ་ཞིང་དམིགས་པར་གོམས་པོ་ཡོད་ན། ཚོགས་ཞིང་གསལ་འདེབས་རྒྱས་པ་ལྟར་དུ་བྱེད་ཆོག་གི ཡང་བྱིན་རླབས་ཀྱི་འཇུག་པ་མྱུར་དགོས་ཀི་བསམ་དུས་ཀུན་འདུས་ནོར་བུའི་ལུགས་བཞིན་དང་། ཡང་གསོལ་འདེབས་དང་ཚོགས་བསག་གི་སྐབས་ལ། མོས་པའི་རྟེན་ལ་བརྒྱུད་པ་ཐོར་བརྩེགས་དང་ཁྲོམ་ཚོགས་སུ་གསལ་འདེབས་པ་དག དམིགས་པ་ཅི་བདེ་གང་བདེར་བསྒྱུར་ཀྱང་འགལ་བ་མི་ཆེ། བསྐྱེད་རིམ་གྱི་རིགས་འདི་ཐམས་ཅད་གསལ་བརྟན་གྱི་ཚད་བརྒྱད་བཤད་པ་ལ་སོགས་པ་ལྟར། དམིགས་པའི་རྩལ་སྦྱངས་ལ་ཡུན་གྱིས་བརྒྱུད་ན་གསལ་བདེ་བ་རེད། གོམས་ཕྱིན་གོམས་ན་སླ་འོང་བ་རེད། ཡིན་ན་ཡང་། བསྐྱེད་རིམ་འཛིན་ཞེན་ཅན་དང་རྫོགས་རིམ་དངོས་མཚན་ཅན་དུ་མི་འགྲོ་བ་ནམ་ཡང་གལ་ཆེ། རྩ་རྒྱུད་པད་སྡོང་བརྩེགས་པའི་ནང་ན། དེ་ཉིད་ལྡན་པའི་རྣལ་འབྱོར་པས། །དུར་ཁྲོད་འདྲེ་ངན་བསྒྲུབ་གྱུར་ཀྱང་། །མཆོག་དང་ཐུན་མོང་འབྲས་བུ་གང་། །མི་འདོད་རང་བྱུང་ལྷུན་གྲུབ་འབྱུང་། །ཞེས་དང་། དེ་ཉིད་མ་རྟོགས་ཨ་འཐས་བློས། །ཡེ་ཤེས་སེམས་དཔའ་བསྒྲུབ་གྱུར་ཀྱང་། །གནས་སྐབས་བདེ་འབྲས་ཕྲན་བུ་ལས། །ཡང་དག་འབྲས་བུ་སྲིད་མཐའ་ཙམ། །ཞེས་ཞེན་འཛིན་དང་ཨ་འཐས་ཀྱི་བློ་ཡོད་མི་ཉན་གསུངས་པ་རེད།

རང་གི་སྤྱི་བོའི་གཙུག་གི་མདའ་གང་གི་ཐད་མདུན་གྱི་ནམ་མཁའ་ལ་བསྒོམ་ན་ཆོག་གི རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་པདྨ་འདབ་མ་སྟོང་ལྡན་ཞིག་སྒོམ་དགོས། འདིའི་སྟོང་ནི་སྟོང་ཕྲག་གཅིག་ཁེར་རྩིས་ཉིས་རྩིས་ཀྱིས་རྩི་རྒྱུའི་སྟོང་མ་རེད། མང་ཚིག་རེད། པདྨ་འདབ་མ་འབུམ་བརྡལ་གསུང་རྒྱུ་དེ་ཚོ་མང་ཚིག་རེད། དེ་ལྟ་བུའི་འདབ་སྟོང་པདྨའི་སྟེང་ན། ཐབས་དང་ཤེས་རབ་མཚོན་བྱེད་ཀྱི་ཉི་གདན་དང་ཟླ་གདན་རྒྱས་པའི་སྟེང་ན། སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་རིགས་ཀུན་འདུས་པའི་ངོ་བོ། ཁྱབ་བདག་རིགས་དྲུག་པ་རྒྱལ་བ་རྡོ་རྗེ་འཆང་། རིགས་བརྒྱ་རིགས་སྟོང་རིགས་རྣམས་མཐའ་ཡས་པ། བསམ་ཡས་དཔག་མེད་སྒྱུ་འཕྲུལ་གྱི་ལྷ་ཚོགས་ཐམས་ཅད་རིགས་གཅིག་ལ་འདུས་པ། མཆོག་གསུམ་སྐུ་གསུམ་རྩ་གསུམ་ཀུན་འདུས་ཀྱི་བླ་མ་དེ་ཉིད། ངོ་བོ་ཕྱོགས་བཅུ་དུས་གསུམ་གྱི་བྱོན་བཞུགས་འབྱོན་འགྱུར་གྱི་སངས་རྒྱས་ཀུན་དང་དབྱེར་མེད་པ། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་གཅིག་པ་ཡིན་པ་ལ། རྣམ་པ་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་རུ་གསལ་འདེབས་དགོས་པ་རེད། གུ་རུ་རིན་པོ་ཆེ་སློབ་དཔོན་པདྨ་འབྱུང་གནས་གཅིག་ལ་སྐུ་གཅིག་མཚན་བརྒྱད་འཕྲུལ་མཚན་ཉི་ཤུ་རྩ་ལྔ་ལ་སོགས་པའི་དཔག་ཡས་སྒྱུ་འཕྲུལ་གྱི་བཀོད་པ་ལ་ཚད་བཟུང་རིས་སུ་བཅད་པ་མེད་ཀྱང་། ཡོངས་གྲགས་ཀྱིས་ཟ་ཧོར་གྱི་ཡུལ་ནས་མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་འཕྲུལ་བསྟན་དུས། ཟ་ཧོར་རྒྱལ་པོས་རང་གི་སྐུ་ཆས་ཕུལ་བས་ཆ་ལུགས་མཛད་པ་ལ་ཨོ་རྒྱན་ཟ་ཧོར་མ་ཞུ་བ་རེད། དེ་དང་ནིཨོ་རྒྱན་སངས་རྒྱས་གཉིས་པ་འདི་ཡང་། དང་པོ་འཁྲུངས་པ་ན་ཕ་ཡི་རྒྱུ་ལས་མ་བསྐྱེད་པ། མ་ཡི་རྐྱེན་ལས་མ་གྲུབ་པར། ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལ་མེ་ཏོག་པདྨའི་སྡོང་པོའི་གེ་སར་གྱི་རྩེ་མོ་ལ། རིག་པ་ཐོལ་སྐྱེས་ཀྱིས་བརྫུས་ཏེ་འཁྲུངས་པ་དང་། མེ་དཔུང་མཚོ་རུ་བསྒྱུར་བའི་མཚོ་དཀྱིལ་པད་སྡོང་གི་སྟེང་ན་སྐུ་ཅི་ཡང་མ་ཉེས་པར་ཟིལ་བ་ཁྲོམ་མེར། འཇའ་ཚོན་འོད་དུ་འབར་ཏེ་བཞུགས་པ་གཉིས་ཀ་རྣམ་པ་འདྲ་བའི་ཚུལ་ཅན་དུ་བསྒོམས་ནས། ལྷ་ལྕམ་མནྡ་ར་བས་གུ་རུའི་བརྡ་བསྟོད་ཀྱི་ནང་ནས་གསུངས་པ་ལྟར་དུ། སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་ལྟར་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པས་གསེར་གྱི་རྡོ་རྗེ་ཐུགས་ཀར་སྡིག་མཛུབ་བྱས་པའམ། ཡང་ན་ནམ་མཁར་གདེངས་པའི་ཚུལ་གྱིས་བསྣམས་པ། ཕྱག་གཡོན་མཉམ་བཞག་གི་སྟེང་ན། ཀ་པ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་ཚེ་བུམ་དཔག་བསམ་ཤིང་གི་ཁ་རྒྱན་དང་བཅས་འཛིན་པ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་འཆང་ཞིང་ཞབས་གཉིས་རྒྱལ་པོ་རོལ་སྟབས་སུ་བཞུགས་པ། དེ་ཡང་སྐུ་ལ་ན་བཟའ་ཟ་འོག་གི་བེར་དང་ཆོས་གོས་དམར་བོ་གསེར་གྱི་རི་མོ་ཅན། ཕོད་ཁ་གསུངས་ཡོད་པའི་ཕོད་ཁ་བེར་ལ་གསུངས་ས་ཡོད་པ་རེད་ལ། བརྩེགས་མར་གསོལ་བའི་ན་བཟའ་གཞན་ཞིག་གི་མིང་ལ་ཟེར་དུས་ཡང་ཡོད། ཀུན་གྱི་ནང་ན་གསང་གོས་དཀར་པོ་མནབས་ཡོད་པ། དབུ་ཞྭ་པདྨ་མཐོང་གྲོལ་འདབ་ལྡན་རིགས་ལྔ། དེའི་རྒྱན་ཆ་ལ་ཐབས་ཤེས་མཚོན་པའི་ཉི་ཟླ་དང་ཏིང་འཛིན་བརྟན་པའི་རྡོ་རྗེའི་ཏོག ལྟ་བའི་ཡང་རྩེ་བརྙེས་པའི་རྒོད་ཀྱི་རྩེ་སྒྲོ། དེ་ཡང་སྐུ་གསུམ་མཚོན་པའི་རྩེ་གསུམ་ཅན་དང་། སྐུ་ལྔ་མཚོན་པའི་དར་སྣ་ལྔའི་བརྒྱན་པ་ཅན་མནབས་པ། དེ་ཡང་གུ་རུ་རིན་པོ་ཆེའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་སྣ་ལྔའི་འཇའ་འོད་མུ་མེད་དུ་འཕྲོ་བཞིན་ཡོད་པ། དེའི་དབུ་གཙུག་ན་བརྒྱུད་གསུམ་བླ་མ་ཐོ་བརྩེགས་སུ་བཞུགས་པ། མཐའ་སྐོར་ན་རྫོགས་ཆེན་རིག་འཛིན་བརྒྱུད་པའི་བླ་མ། རྩ་གསུམ་དམ་ཅན་རྒྱ་མཚོ་དང་བཅས་པ་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བཞིན་དུ་བཞུགས་པར་བསྒོམ་དགོས་པ་རེད། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་རུ་གསལ་ཡོད་པ་དེ་ལ་དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས་པ་མངོན་སུམ་བཞིན་དུ་གསལ་འདེབས་དགོས། སྐྱབས་ཡུལ་གྱི་ལྷ་ཚོགས་གསལ་འདེབས་ཚེ་འདག་སྐུ་ལྟར་སྲ་མོ་འགུལ་རྒྱུ་མེད་པ་དང་། ཐང་སྐུ་ལྟར་ལེབ་ལེབ་རྒྱབ་མེད་པ་མ་ཡིན་པར་འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན། སྣང་ལ་རང་བཞིན་མེད་པ་ཞིག་སྒོམ་དགོས་པ་རེད། སྐྱབས་ཡུལ་གྱི་ཚོགས་ཞིང་གསལ་འདེབས་ཀྱི་རིགས་འདི་ཚོར་སྣང་ངོ་དང་ངེས་ངོ་གཉིས་ཀྱི་ཐད་ནས་བཤད་རྒྱུ་ཡོད།།

༢༽ སྣང་ཚུལ་དང་གནས་ཚུལ་གྱི་ཁྱད་འབྱེད་རྒྱུ།

འདི་ལ་མ་དག་འཁྲུལ་བའི་སྣང་བ་དང་ནི་རྟེན་འབྲེལ་སྒྱུ་མའི་སྣང་བ། ཡང་དག་ཡེ་ཤེས་ཀྱི་སྣང་བ་གསུམ་ལ་ཕྱེས་ནས་བཤད་ན་འཆད་བདེ་བ་རེད།

མ་དག་སྒྱུ་མའི་སྣང་བ་ནི་ད་ལྟ་རང་རེའི་སེམས་ཅན་གྱི་འཁྲུལ་ཤེས་ལོག་པ་ཕྱིན་ཅི་ལོག་གི་ངོ་ཁར་སྣང་བའི་སྣོད་བཅུད་ཀྱི་སྣང་བ་འདི་ཡིན། རྟེན་འབྲེལ་སྒྱུ་མའི་སྣང་བ་ནི་ས་གནས་བྱང་སེམས་འཕགས་པའི་རྗེས་ཐོབ་ལ་སྒྱུ་མ་ཆུ་ཟླ་ལྟར་དུ་སྣང་བ་དེ་རེད། ཡང་དག་ཡེ་ཤེས་ཀྱི་སྣང་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་ཡིན་ལུགས་ངོ་མ་དེ་ཁོ་ན་ཉིད་མངོན་དུ་གྱུར་སོང་བ་ཡང་དག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་ཡིན་པ། དེའི་ངོ་ལ་སྣང་སྲིད་དག་པ་ཕྱིར་སྣང་སྐུ་དང་ཡེ་ཤེས་ཀྱི་རོལ་བ་ལས་མ་འདས་པ་ཡིན། དེས་ན་མ་དག་འཁྲུལ་བའི་སྣང་བ་དང་རྟེན་འབྲེལ་སྒྱུ་མའི་སྣང་བ་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་དུ་བཞག་ན། དེ་གཉིས་ཀ་གནས་སྣང་གི་ངོ་ནས་གཞལ་ན་སྣང་ཚུལ་ཡིན། ཡང་དག་ཡེ་ཤེས་ཀྱི་གཟིགས་ཚུལ་དེ་ནི་གནས་ཚུལ་དངོས་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་སོ་སོའི་སྐྱེ་བོར་གནས་སྣང་མཐུན་པ་དངོས་སུ་འཆར་མི་ཐུབ་ཅིང་། འཕགས་པ་རྣམས་ལ་ཡང་ཅུང་ཟད་མཐུན་པར་འཆར་བ་ལས་མཚན་ཉིད་པ་འཆར་མི་ཐུབ། གནས་སྣང་མཐུན་པ་མཚན་ཉིད་པ་སུ་ལ་འཆར་ན། སངས་རྒྱས་ཀྱི་ས་ཁོ་ན་ལ་འཆར་བ་དེ་ལྟར་ཡིན་དགོས། དེས་ན་ང་རང་ཚོས་ཇི་ལྟ་བུའི་ཚུལ་གྱིས་བསྒོམ་ན་ཅི་འདྲ་ཞིག་རེད་ཡོང་སྙམ་ན། སྣང་སྲིད་གཞིར་བཞུགས་ཀྱི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལ་དེ་ལྟར་ཡིན་པར་ཤེས་པའི་གཞི་བཞེངས་སུ་གསལ་འདེབས་པ་ཡིན། དག་གཟིགས་ཚད་མ་རྣམ་མཁྱེན་ཡེ་ཤེས་ཀྱི་ངོ་ཁར་སྣང་བ་དེ་ཁོ་ན་ཉིད་སྣང་སྲིད་དག་པ་རབ་འབྱམས་ཡིན་པ་གང་ཞིག རྣལ་འབྱོར་ལམ་གྱི་གནས་སྐབས་ན་སྣང་ཚུལ་དག་པའི་བསྐྱེད་རིམ་བཅོས་མའི་བློས་ཡིན་པ་ལ་ཡིན་པར་ངེས་ཤེས་ཀྱིས་གསལ་བཏབ་ན། རྒྱུ་འབྲས་གཉིས་ཀ་བྱེད་པ་གཅིག་མཚུངས་ཡིན་པས། མཐར་ཐུག་གོམས་པ་ཀློང་དུ་གྱུར་བའམ་བྱ་རྩོལ་བྱར་མེད་དུ་དག་སྟེ་དགོངས་ཀློང་དབྱེར་མེད་རོ་གཅིག་གི་དོན་བརྒྱུད་རྟོགས་པའི་བྱིན་རླབས་འཕོས་དུས། དཔེའི་ཡེ་ཤེས་དེ་དོན་གྱི་ཡེ་ཤེས་སུ་གོ་འཕོས་པ་དང་འདྲ་བར་གནས་ཚུལ་ཡིན་ལུགས་མ་བཅོས་པའི་དག་པ་མངོན་དུ་འགྱུར་བ་སྣང་ངོ་ཙམ་དུ་མ་ཡིན་པར། ངེས་ངོ་རུ་གསལ་ཐུབ་རྒྱུའི་གོ་དོན་དེ་འདྲ་རྙེད་དགོས་པ་རེད། བསྐྱེད་རྫོགས་ཟུང་འབྲེལ་གྱི་གོ་བའི་ཁུངས་སྣེ་འདི་ན་ཡོད། དེའི་སྟབས་ཀྱིས་སློབ་དཔོན་ཆེན་པོས་སྐྲའི་རྩེ་མོའི་ཆུ་ཐིག་གཅིག་མར་པང་ཐོག་ལྷུང་བའི་ཚེ་ལ་བླ་མའི་རྣལ་འབྱོར་བསྒོམ་ནས་བླ་མ་དང་ཐུགས་ཡིད་དབྱེར་མེད་དུ་བསྲེས་ན་ཡང་བསྐལ་བ་འབུམ་གཅིག་གི་ཚོགས་བསགས་འགྲོ་གསུངས་སོ། །བསྐལ་བ་འབུམ་ཞིག་ལ་ཐབས་གཞན་གྱིས་ཚོགས་བསགས་པ་དང་དེ་གཉིས་ཀ་མཉམ་གསུངས་པ་དེ། གནས་ལུགས་དོན་ལ་གཞལ་བའི་ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་འདུས་མ་བྱས་པ་དེའི་དབང་གིས་ཡིན། དེ་ཡིན་དུས་ཚོགས་ཞིང་སྤྲོས་པ་ཅན་དུ་བསྒོམ་ན་བླ་མའི་དཀྱིལ་འཁོར་གཅིག་གིས་བསྡུས་པའི་གཙོ་འཁོར་ཐམས་ཅད་སྣང་ཆ་མ་འདྲེས་ཐ་དད་དུ་སྣང་ཡང་། དོན་གྱི་ངོ་བོའི་ཆ་ནས་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་གཅིག་གི་རང་བཞིན་ཡིན་པས། བླ་མ་གཅིག་ཏུ་བསྒོམ་ན་ཡང་ཀུན་འདུས་ཀུན་གྱི་བདག་ཉིད་དེ། སངས་རྒྱས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །དམ་ཆོས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །དགེ་འདུན་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །ཞེས་གསུངས་པ་ལྟར་རོ། །ཨོ་རྒྱན་ཆེན་པོ་ཡང་བླ་མ་ལས་ངོ་བོ་ཐ་དད་མ་ཡིན་པའི་ངོ་ཤེས་དང་འབྲལ་མེད་དགོས་པ་ལྷག་པར་བཤད་མི་དགོས་ཀྱང་། འདི་ལྟར་བཤད་དུས་མྱི་འགའ་རེས། གསང་སྔགས་རྙིང་མ་པ་ཚང་གི་རྒྱུད་སྡེའི་ནང་ན་གྲགས་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ཚོགས་ཞིང་གི་གཙོ་བོ་བླ་མ་གཅིག་ལ་འདུས་ཡོད་ས་ཡོད་ཀྱང་། སྔགས་གསར་མའི་རྩ་བ་གསུམ་གྱི་ལྷ་ཚོགས་དེ་དེའི་ནང་ལ་འདུས་ཡོད་རྒྱུ་ཨེ་ཡིན་ནམ་བསམ་སྲིད་ན། དེ་བསམ་མི་དགོས། མཆོག་གསུམ་སྐུ་གསུམ་གྱིས་མ་བསྡུས་པའི་ནང་པ་སངས་རྒྱས་པའི་གཞུང་རྒྱུད་སྡེའི་ལྷ་སྔགས་ཏིང་འཛིན་གཅིག་ཀྱང་ཡོད་མ་རེད། བསྐྱེད་རིམ་གྱི་ཐད་ནས་ཡིན་ན། རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་གྱི་སྤྲོ་བསྡུས་ཁྱད་པར་མ་འདྲ་ཡང་། དོན་ངོ་མས་བཤད་ན་རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི་རྩ་རླུང་ཐིག་ལེ་དག་པ་ལ་འདུས་པ་རེད།

རྫོགས་རིམ་གྱི་ཐད་ནས་ཡིན་ན། གསལ་བདེ་མི་རྟོག་པ་ལ་སོགས་པའི་འོད་གསལ་གྱི་གནད་དུ་བསྣུན་ལུགས་ཀྱིས་ཕ་རྒྱུད་མ་རྒྱུད་ལ་སོགས་པའི་ཁྱད་པར་ཡོད་ཀྱང་། དོན་མཐར་ཐུག་ཟུང་འཇུག་དོན་གྱི་ཡེ་ཤེས་འོད་གསལ་རྫོགས་པ་ཆེན་པོའི་རྫོགས་རིམ་མཐར་ཐུག་ལ་སྦྱོར་རྒྱུར་གནད་གཅིག་རེད། སྔགས་གསར་རྙིང་བོད་དུ་འགྱུར་སྔ་ཕྱིའི་དུས་སྐབས་ཀྱི་ཁྱད་པར་གྱིས་མིང་བཏགས་ལུགས་ཙམ་རེད་མ་གཏོགས། དོན་ལ་ཆོས་སྐུ་ཀུན་ཏུ་བཟང་པོའམ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྤྲུལ་སྐུའི་སྟོན་པ་ཤཱཀྱ་སེངྒེའི་སྐུའི་རྣམ་པ་དེ་ཉིད་ཀྱིས་གསུངས་པ་དང་། གཞན་དུ་བཞེངས་ནས་གསུངས་པ་ཞིག་གི་ཁྱད་ཙམ་མ་གཏོགས་མེད། སྔགས་རྒྱུད་སྡེ་བཞིའམ་དྲུག་གམ། མདོ་སྔགས་ཐེག་རིམ་དགུ་ཡི་སྐྱབས་ཡུལ་ཐམས་ཅད་བླ་མ་གཅིག་ལ་འདུས་ཅིང་། དེ་ཅིའི་ཕྱིར་འདུས་ནི་རེད་ཅེ་ན། ཕྱོགས་བཅུ་དུས་གསུམ་ལ་སོ་སོར་བྱོན་ནས་སངས་རྒྱས་གྲངས་ཀྱིས་གཞལ་དགོས་ན་ཚད་ལས་འདས་པ་ཞིག་ཡིན་པ་རེད། དེ་ཐམས་ཅད་ཀྱི་ཐུགས་རྒྱུད་ཀྱི་ཡེ་ཤེས་དེ་ཡང་དེ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཡིན་རུང་ཡུལ་ཆོས་ཀྱི་དབྱིངས་ལ་ཐ་དད་མེད་པས་ན། ཐམས་ཅད་ཀྱང་དཔལ་ལྡན་བླ་མའི་ཐུགས་ཡེ་ཤེས་ཀྱི་ཆོས་ཉིད་མཁའ་ལྟར་དག་པའི་ཀློང་དུ་ཆུ་ཀླུང་ཐམས་ཅད་རྒྱ་མཚོར་གཅིག་ཏུ་འདྲེས་པ་ལྟར་ཡིན་པས་ན། རྒྱལ་བ་ཐམས་ཅད་ཀྱི་དགོངས་ཀློང་ཡེ་ཤེས་ཀྱི་ངང་དུ་གཅིག་པ་རེད།

ལར་བོད་ཀྱི་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་ཆེན་པོ་ཁག་བཞི། བཤད་རྒྱུད་འདེགས་པའི་ཀ་ཆེན། སྒྲུབ་རྒྱུད་འདྲེན་པའི་ཤིང་རྟ་ཐམས་ཅད་ཀྱི་སྲོལ་འབྱེད་ཀྱི་ཤིང་རྟ་པ། རྒྱལ་བའི་རྒྱལ་ཚབ་གཉིས་པར་བྱོན་པ་ཐམས་ཅད་པོ་སློབ་དཔོན་ཆེན་པོ་གུ་རུ་རིན་པོ་ཆེའི་སྤྲུལ་བ་མིན་པ་མེད། དཔེ་མཚོན་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གུ་རུའི་སྤྲུལ་བ་རེད། དེའི་སྤྲུལ་བ་རྗེ་ཙོང་ཁ་བ་ཡིན་པ་ལྟ་བུས། མདོར་ན། བླ་མར་མོས་གུས་བྱས་པས་ཡང་དག་ཡེ་ཤེས་མངོན་དུ་བརྙེས། ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་ནས་གྲོལ་བ་ཐོབ་འགྲོ་རྒྱུ་དེ། རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཡིན་པས་དེ་ལྟར་ཡིན་པར་གྲུབ། དེས་བླ་མའི་རྣལ་འབྱོར་གྱི་ཚོགས་ཞིང་གསལ་འདེབས་ལུགས་དང་། དེ་ཡང་བླ་མ་གཅིག་ལ་འདུ་ལུགས་ཀྱི་སྐོར་བཤད་ནས། ད་ཡན་ལག་བདུན་པ་ཁ་སང་ཞིག་ནས་སེམས་བསྐྱེད་དང་། བླ་མའི་རྣལ་འབྱོར་བདེ་ཆེན་ཞིང་ཁྲིད་སོགས་ཐམས་ཅད་ལ་སྦྱོར་རྒྱུའི་ཐུན་མོང་གི་ལུགས་གཙོ་བོར་བྱས་ཏེ་འུ་ཅག་གིས་བཤད་ཚར་རེད།།

༣༽ གསོལ་བ་ཕུར་ཚུགས་སུ་བཏབ་ནས་དབང་བཞི་ལེན་པ།

འདིའི་མཚམས་ནས་གསོལ་བ་ཕུར་ཚུགས་སུ་བཏབ་ནས་དབང་བཞི་ལེན་པ་བཤད་དགོས། ད་གསོལ་བ་ཕུར་ཚུགས་སུ་འདེབས་གསུངས་ན། ཁ་ཙམ་ཚིག་ཙམ་གྱི་གསོལ་འདེབས་ཁ་རྒྱུགས་མ་མ་ཡིན་པར་ཞེ་གཏིང་ནས་འགྱུར་བ་མེད་པའི་ཁྱེད་ཤེས་ཀྱི་བློ་གཏད་བྱས་པ། དཔེ་བཞག་ན་སྤང་ལ་བེ་ཕུར་བཏབ་པ་བཞིན་དུ་གསུངས་ཡོད་ཀྱང་། སྤང་ལ་བེ་ཕུར་བཏབ་པ་བཞིན་གསུངས་རྒྱུ་དེ། སྤང་མཁྲེགས་མོ་ས་སྲ་ས་ཞིག་ལ་ཤིང་བེ་ལོ་ཟེར་བའི་སྲ་ཤིང་གི་ཕུར་བ་རིང་བོ་ཞིག་བརྡབ་བཞག་ན། བརྟན་པོ་བྱས་ནས་རྡེབ་ས་དེར་འདུག་པ་མ་གཏོགས་པར་འགུལ་བསྐྱོད་མེད་པ། དེ་བཞིན་དུ་དད་པ་འགྱུར་མེད་རྐྱེན་གྱིས་སྒུལ་རྒྱུ་མེད་པ་ཞིག་གིས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ནི། བླ་མ་གཅིག་པོ་དེ་མ་གཏོགས་པའི་རེ་ས་སྐྱབས་གནས་མགོན་དང་དཔུང་གཉེན་གཞན་ནས་མི་འཚོལ་བར། བློ་ཁྱེད་ཤེས་ཀྱི་དད་པས་གསོལ་བ་རྩེ་གཅིག་ཏུ་འདེབས་དགོས་ལ་གསུང་གི་ཡོད། འདིའི་གསོལ་འདེབས་ངག་འདོན་རྒྱས་པ་དང་འབྲེལ་ནས་རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན་ལ་སོགས་པའི་ཚིག་མཚམས་ནས་སིདྡྷི་འབུམ་ཐེར་བཞི་གསོག་པ་སྤྱི་འགྲོས་ལྟར་དང་། འདི་ནས་ངག་འདོན་བསྡུས་པ་འདིས་མཇུག་ལ་གཟུངས་སྔགས་ཅི་རིགས་བཟླ་བའི་མཚམས་ནས། སིདྡྷི་བཟླ་བ་སོགས་གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་དང་འབྲེལ་ནས་སིདྡྷི་བསོག་དགོས་པ་རེད། རང་གིས་གསོལ་བ་འདེབས་ཐུབ་ན་གུ་རུའི་ཐུགས་རྗེ་ལ་ཉེ་རིང་མེད་པས། དུས་བསྐལ་བ་སྙིགས་ཕྱིན་གུ་རུའི་ཐུགས་རྗེའི་བྱིན་རླབས་ལྷག་ཏུ་མྱུར། ཆོས་བཀའ་མའི་བྱིན་རླབས་དུས་ཀྱི་དབང་གིས་ཡལ་ཕྱིན་ཡལ་ན་གཏེར་མའི་བྱིན་རླབས་ཀྱང་སྒོས་ལྷག་པར་ཆེ་ཡོང་བ་རེད། ཐུགས་རྗེ་གློག་ལྟར་མྱུར་བའི་ཐོད་ཕྲེང་རྩལ་ཞུ་བ་ལྟར། དད་ལྡན་མི་རེའི་མདུན་དུ་པད་འབྱུང་རེ་ཡོད་རབས་དང་། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད་ཅེས། ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱིས་ལྷོ་ནུབ་སྲིན་ཡུལ་ལ་བྱོན་རན་ཁར་གསུངས་པ་རེད། དེ་ལ་བསླུ་བ་ཞིག་ག་ན་སྲིད། གནམ་ས་བླ་འོག་བསྒྱུར་སྲིད་པ་དང་། ཉི་ཟླའི་འཆར་ནུབ་ལ་འགྱུར་བ་ཡོད་སྲིད་པའི་དབང་དུ་བཏང་རུང་། བདེ་བར་གཤེགས་པའི་བཀའ་བདེན་པ་ལ་འགྱུར་བ་མི་སྲིད། སངས་རྒྱས་ཀྱི་ཐུགས་རྗེ་ཟེར་བ་དེ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉི་མ་ལས་འོད་ཟེར་འཕྲོས་པ་ལྟ་བུ། ཐུགས་རྒྱུད་བསྐུལ་བའི་ཐུགས་རྗེ་དབུལ་པོས་འབྱོར་ལྡན་གཏོང་ཕོད་ཅན་ལ་ནོར་བསླངས་པ་འདྲ་འདྲ། གདུལ་བྱ་དུས་བབས་ཀྱི་ཐུགས་རྗེའི་བུ་ཆུང་ནད་ཀྱིས་མནར་བའི་མ་བཞིན་དུ་སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་གཟིགས་པ་དེ་འདྲ་རེད། རྩ་བ་གསུམ་གང་བསྒྲུབ་གང་ཞིག་བསྟེན་ན་ཡང་བླ་མ་ལྟར་སྒྲུབ་རྒྱུར་གནད་འདུས་པ་བྱིན་རླབས་མྱུར་བའི་དགོས་པ་དང་། ཁྱད་པར་དུ། བོད་ཀྱི་བླ་མའི་སྐལ་བ་གུ་རུ་ཡིན། །གསུངས་པ་དག གུ་རུ་བླ་མ་དང་ངོ་བོ་གཅིག་པར་བླ་སྒྲུབ་ཀྱི་ཚུལ་དུ་སྒྲུབ་ན། ལྷག་པར་དུ་འགྲུབ་ཐག་ཉེ་རྒྱུར་དགོངས་པའི་དགོས་པ་རྒྱུ་མཚན་ཅན་གྱི་གསུང་རེད། བྱིན་རླབས་དངོས་གྲུབ་ཟེར་བ་ནི་ཕྱོགས་ག་ཤེད་ཅིག་ནས་གསར་དུ་ཐོན་ཡོང་རྒྱུ་ཡོད་མ་རེད། དབང་དང་བྱིན་རླབས་ཐམས་ཅད་བླ་མ་ལས་བྱུང་བ་རེད། བླ་མ་ཡང་ཕྱི་ན་མི་བཞུགས་ནང་ན་བཞུགས། ནང་རང་གི་སེམས་དང་བླ་མ་དབྱེར་མེད་ཀྱི་ངང་ནས་གདངས་མོས་གུས་སུ་ཤར་བ་དེ་ཉིད་བླ་མ་ཆོས་སྐུའི་རང་ཞལ་མཇལ་བ་ཟེར་དགོས་པ་རེད། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་གཞི་ཐོག་ལ་འཁྱོལ་བ་ན། བླ་མ་གཟུགས་སྐུར་བལྟ་བར་གོལ་སོང་ན་མོས་གུས་ལམ་དུ་མ་ལོངས་པ་རེད། བར་དོའི་གནས་སྐབས་ལ། བླ་མ་དང་ཡི་དམ་མཇལ་ནས་ལམ་སྣ་འདྲེན་ཟེར་བ་དེ་དག་མོས་གུས་དང་གསལ་སྣང་གི་དབང་གིས་དད་མོས་འདུན་པའི་སྟོབས་ཀྱིས། བྱིན་རླབས་ཀྱི་ནུས་མཐུ་བླ་མའི་རང་གཟུགས་སུ་ཤར་བ་མ་གཏོགས། བླ་མ་སྐུ་དངོས་པོ་བར་དོར་བྱོན་པ་ཞིག་མ་རེད་ལ། བྱོན་བཞག་པ་ཡང་མ་རེད། ཚེ་ཕྱི་མའི་ཡུལ་ནས་མཇལ་བར་ཤོག་ཟེར་ན་མཇལ་རྒྱུ་ལོས་ཡོད། ཚེ་ཕྱི་མའི་ལམ་སྣ་འདྲེན་པར་ཤོག་ཟེར་ན་འདྲེན་རྒྱུ་ཡོད་ལ་འདྲེན་ཡང་ཐུབ། འོན་ཀྱང་། རྩ་བ་ངོ་མ་རང་ཉིད་ཀྱི་དད་མོས་འདུན་པ་ལ་རག་ལས། ལམ་གྱི་རྟེན་འབྲེལ་དང་པོ་འགོ་ནས་མ་འཆུག་ན། ལས་འགོ་ཡག་ན་མཇུག་མ་ཡག་པའི་དཔེ་བཞིན་དུ། རྟེན་འབྲེལ་འགོ་ནས་འཆུགས་སོང་ན་ཚེས་གཅིག་གི་ཚེས་གྲངས་ནོར་སོང་ན་ཚེས་བཅོ་ལྔའི་བར་དུ་ནོར་མི་འགྲོ་ཐབས་མེད་ཡིན་པ་ལྟ་བུ་རེད།

དེ་ནས་ང་རང་ཚོའི་སྐབས་ཀྱི་འཆད་བྱ་ལམ་དབང་ལེན་པ་བཤད་ཀྱིན་ཡོད་ན། སྤྱིར་ན་སྔགས་རྒྱུད་སྡེ་བཞི་དྲུག་སོ་སོའི་སྐབས་ཀྱི་དབང་གི་རྣམ་གཞག་དང་དབྱེ་བསྡུ་མང་ཡང་། བླ་མེད་ཀྱི་དབང་བཞི་ལ་མ་འདུས་པ་ཞིག་མེད། དབང་བཞི་དེ་གང་རེད་ཅེ་ན། བུམ་པའི་དབང་། གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་རིན་པོ་ཆེ་དང་བཞི་རེད། གྲོང་ཆོག་པ་རྣམ་པར་ཁ་བྱང་གིས་མི་ཚད་བློ་འདོན་ཆུ་རྒྱུག་རྒྱུག་གིས་ཀར་གླིང་ཞི་ཁྲོའི་གནས་བརྒྱ་བསོག་རྒྱུ་དེང་སང་ཨེ་ཡོད་མི་ཤེས་ཀྱང་། སྐུ་གསུམ་དམ་ཚིག་དང་གསང་བ་ཡེ་ཤེས་ལེ་ཚན་གཉིས་ཀ་རེད། རྟ་རྒྱུག་མ་མི་བྱེད་ཐབས་མེད་ཉི་མས་མི་འདང་པ་རེད། གཏོར་དབང་ལ་ཐུག་དུས་དལ་མོ་འདྲ་ཞིག་བྱེད་དར་ཡིན་ན། དབང་ཟེར་བ་མདོ་ལམ་ནས་འོད་ཟེར་ཆེན་པོའི་དབང་བསྐུར་གསུང་རྒྱུ་ལ་སོགས་པ་ཚིག་སྣེ་ཙམ་ལས་ཆེན་པོ་ཞིག་མ་བུད་ཀྱང་། སྔགས་རྒྱུད་སྡེ་བཞི་དྲུག་གི་གང་ཡིན་ན། སོ་སོའི་དཀྱིལ་འཁོར་དང་ཆོ་ག་དང་མཐུན་པའི་དབང་གི་རིམ་པ་འབྱུང་རྒྱུ་དང་། ཁྱད་པར་དུ་སྔ་འགྱུར་ནང་རྒྱུད་ཡོ་ག་སྡེ་གསུམ་ལ་མཚོན་ན་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་ཆེན་པོ་བཞིའི་ནང་གི་སྨིན་བྱེད་དབང་བཞིའི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ་འདི་ནི། བཀའ་བབས་ཀྱི་ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་དུ་བགྲངས་པ་ཡིན་ན། འདིར་ཐོག་མར་སྔགས་ལ་ཞུགས། བར་དུ་སྡོམ་དང་དམ་ཚིག་གིས་རྒྱུད་བསྡམས། མཐའ་མར་གཞི་འབྲས་དབྱེར་མེད་ཀྱི་ས་ལ་སྦྱོར་བ་ཚུན་ཆད་ལ་མེད་མི་རུང་བ་ཡིན། གསང་སྔགས་སྨིན་གྲོལ་གྱི་ལམ་ཐམས་ཅད་དབང་བཞིའི་སྒྲོམ་ལས་མ་འདས་པ་ཞིག་རེད།།

འོ་ན་དབང་གི་ངོ་བོ་ཇི་ལྟ་བུ་ཞིག་རེད་ཅེ་ན། རྒྱུ་གཉིས་རྐྱེན་བཞི་ལ་བརྟེན་ཏེ་རང་གནས་ཀྱི་ཡེ་ཤེས་མངོན་དུ་འཆར་བའམ་འཆར་རུང་གི་ནུས་པ་རྒྱུད་ལ་འཇོག་པ་ཞིག་རེད། འདིའི་དབྱེ་བ་ལ། གཞི་དབང་། ལམ་དབང་། འབྲས་བུའི་དབང་། དེ་རེ་རེ་ལ་ཡང་གཞི་ལམ་འབྲས་གསུམ་གྱི་དབྱེ་བ་ཡོད་པའི་ནང་གི ད་རེས་བླ་མའི་རྣལ་འབྱོར་གྱི་སྐབས་ཀྱི་དབང་བཞི་འདི་ལམ་དབང་གི་ལམ་དབང་རེད། གཞི་དབང་རང་ལ་ཡེ་ནས་སྐུ་གསུམ་རང་ཆས་སུ་ཡོད་པ་ཡིན་ན། དེའི་སྒྲིབ་པའི་དྲི་མ་བསལ་ཆེད་དུ་ལམ་དབང་གི་གཞི་དབང་། བླ་མས་དཀྱིལ་འཁོར་གཉན་པོའི་སྒོར་བཅུག་ནས་སྨིན་པར་བྱེད་པའི་དབང་བསྐུར་བ་ཐོབ་པ་དེ་བརྒྱུད་ནས། ལམ་དབང་གི་ལམ་དབང་རང་གིས་རྒྱུན་དུ་ལེན་རྒྱུ་དང་ཆབས་ཅིག་ཏུ་འབྲས་དབང་དྲི་མ་ཡོངས་དག་གི་ས་ལ་སྦྱོར་བ་ཡིན་ནོ།།

འདིའི་རྩ་བའི་ཚིག་འདི་རེད།

རྣམ་པ་མཚོ་སྐྱེས་རྡོ་རྗེའི་གནས་གསུམ་ལས།།

དཀར་དམར་མཐིང་ཁའི་འོད་ཟེར་སྒོ་གསུམ་ཐིམ།།

སླར་ཡང་ཐུགས་ཀའི་འོད་མཐིང་སྙིང་ལ་ཕོག།

སྒྲིབ་དག་དབང་ཐོབ་སྐུ་བཞིའི་ས་བོན་ཐེབས།།ཞེས་པ་ཡིན་ན།

བླ་མ་དང་གུ་རུ་དབྱེར་མེད་ཀྱི་སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་གནས་གསུམ་ལ་ཡི་གེ་འབྲུ་གསུམ་སྟེ། ཨོཾཿཨཱཿཧཱུྃ་གསུམ་ལ་དམིགས་པ་གཏད་ནས་དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོ་བའམ། ཡིག་འབྲུའི་དམིགས་པ་གསལ་དགོས་ན་དེ་ཡང་ལམ་དུ་འཁྱེར་མི་ཐུབ་པའམ་ཡིག་ངོ་མི་ཤེས་པས་ཡིག་འབྲུ་གསལ་མི་བདེ་པ་ཡོད་ན། ཁྱིམ་པ་ཕོ་མོ་ཚོར་བདེ་རྒྱུ་མ་རེད་བསམ་ནས་འདི་ནས་འོད་ཟེར་དཀར་དམར་མཐིང་གསུམ་གསལ་ན་འཐུས་རྒྱུ་བྱས་པ་རེད། དེ་ཡང་བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་བོ་ཞིག་འཕྲོས་ནས་རང་གི་སྤྱི་བོ་ནས་ཞུགས། དེའི་རང་གི་ལུས་དང་རྩ་ཡི་སྒྲིབ་པ་ཐམས་ཅད་དག སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསང་བ་གསུམ་གྱི་ནང་ནས་སྐུ་རྡོ་རྗེའི་བྱིན་རླབས་ཞུགས། དབང་བཞིའི་ནང་ནས་བུམ་པའི་དབང་ཐོབ། སྐུ་བཞིའི་ནང་ནས་སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་བཟང་པོ་རྒྱུད་ལ་བཞག་པར་བསམས། བླ་མ་གུ་རུ་དབྱེར་མེད་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པ་ལ་ཐིམ། དེའི་ངག་དང་རླུང་གི་སྒྲིབ་པ་དག གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། ལོངས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་མོས། ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་མཐིང་ག་ཞེས་སྔོན་པོ་ཞིག་བྱུང་ནས་རང་གི་སྙིང་ཀ་ལ་ཞུགས། དེས་ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་བཟང་བོ་རྒྱུད་ལ་བཞག་པར་བསམ་དགོས། སྔོན་འགྲོའི་ངག་འདོན་རྒྱས་པའི་ལམ་དབང་གི་ནང་ན་ཚིག་དེ་ཚོ་གཅིག་ཀྱང་མ་འཆུག་པར་ཡོད། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ནམ། ཡང་ཐུགས་ཀ་ནས་འོད་ཟེར་མཐིང་ག་གཅིག་བྱུང་ནས་རང་སེམས་དང་ཐ་དད་མེད་པར་འདྲེས། དེས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཐོབ་པའི་སྟེང་ལ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། དབང་བཞི་བ་ཚིག་དབང་རིན་པོ་ཆེ་ཐོབ། སྐུ་བཞིའི་ནང་གི་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་ནམ་སྐལ་བ་བཟང་པོ་རྒྱུད་ལ་བཞག་པར་བསམ་དགོས་པ་རེད། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ངོ་བོ་ཉིད་སྐུ་དང་བཞི་ནི་སྐུ་བཞི་རེད། དེ་འདྲ་བྱས་ནས་དེའི་ངང་ལ་དལ་ཅིག་མཉམ་པར་བཞག་དགོས།།

མཐར་ནི་གུ་རུའི་ཐུགས་ཀའི་འོད་དམར་གྱིས།།

དྲངས་ནས་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ།།

འོད་དམར་གྱུར་ཏེ་བླ་མའི་ཐུགས་ཀར་ཐིམ།།

ཐུགས་ཡིད་དབྱེར་མེད་ཆོས་སྐུའི་དགོངས་པར་འདྲེས།།

ཞེས་པ་ནི། གོང་གི་མཉམ་བཞག་ཐུན་གྱི་ཡུན་ཚད་ཚང་ནས་དེ་ལས་ལྡང་བའི་སྐབས་ལ། བླ་མར་མོས་གུས་དུངས་དུངས་པ་ཞིག་བྱས་ནས་གསོལ་བ་བཏབ་དུས། བླ་མ་གུ་རུ་དབྱེར་མེད་ཀྱིས་ཞལ་དགྱེས་འཛུམ་དང་བཅས་ཏེ་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་ཚ་ལམ་པ་ཅན་ཞིག་འཕྲོས་ཡོང་ནས། དེའི་འོད་དེས་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་པའི་སྙིང་གར་རེག་པ་ཙམ་གྱིས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་འོད་དམར་གྱི་གོང་བུ་ཞིག་ཏུ་གྱུར་ནས་དཔེ་བཞག་ན། མེ་ལས་མེ་སྟག་ཡལ་བའམ་མཁའ་ལས་སྐར་མདའ་ཆད་པ་བཞིན་བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་ཀྱི་ཐུགས་ཀར་ཐིམ་སྟེ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཆོས་སྐུའི་དགོངས་པ་ལ་ཆུ་ལ་ཆུ་བཞག་པའམ་མར་ལ་མར་གླན་པ་ལྟར་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསམ་ནས་དེའི་ངང་ལ་མཉམ་པར་བཞག་དགོས་པ་རེད། དེ་ལྟར་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་བསྲེས་ནས་མཉམ་པར་བཞག་པ་དེ་ཇི་འདྲ་ཞིག་རེད་ཅེ་ན།

རྒྱལ་ཚབ་བྱམས་པ་མགོན་པས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །དེ་ནི་འདྲེན་པ་རྣམས་ཀྱིས་སྤྱོད་ཡུལ་ལོ། །ཞེས་གསུང་པ་ལྟར་དུ། དག་པའི་སེམས་ཅན་ཟེར་ན་ས་ལ་བཞུགས་པའི་འཕགས་ཆེན་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་ཐུགས་ཇི་ལྟ་བུ་ཡིན་པ། བསམ་བྱ་དང་མཁྱེན་བྱའི་ཡུལ་དུ་མ་གྱུར་བ་ཡིན་པས། སོ་སོའི་སྐྱེས་བོའི་བློ་ཡུལ་ལས་འདས་ཤིང་སྒྲ་ཚིག་གིས་མཚོན་པར་བྱར་མེད་པ་དེ། འུ་ཅག་གིས་བཤད་ཐུབ་པ་ཞིག་མ་རེད། ཚིག་གི་ཡུལ་ལས་འདས་པ་ཞིག་རེད། སྒྲ་གཅན་འཛིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པའི་སྐབས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ཞེས་གསུངས་པའི་དུས་གསུམ་རྒྱལ་བའི་ཡུམ་ཤེར་ཕྱིན་གྱི་དགོངས་དོན་དང་རྫོགས་པ་ཆེན་པོ་གཉིས་དོན་གཅིག་རེད། དེ་ནི་སོ་སོ་རང་གིས་རིག་བྱ་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་བ་འབའ་ཞིག་ཡིན་པས་ན། དེ་བཞིན་གཤེགས་པའི་ཐུགས་དེ་ནི་དེ་བཞིན་གཤེགས་པ་ཉིད་མ་གཏོགས་གཞན་གྱིས་མི་ཤེས་རྒྱུ་ཞིག་ཡིན་པ། གཞན་ཕལ་བས་བལྟ་ཐབས་མེད་ལ་བརྟག་ཐབས་ཀྱང་མེད་པ་རེད། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་སངས་རྒྱས་ཀྱི་དགོངས་པ་རྣལ་མ་ཡིན་པས་མཉམ་བཞག་དང་རྫས་མ་འགལ་བའི་ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པའི་ཤེས་རབ་ཁྱད་པར་ཅན་གྱི་ཡུལ་ཡིན་ན། རྟོག་གེ་གཞན་དབང་ཅན་གྱི་ཡིད་དཔྱོད་དགག་སྒྲུབ་ཀྱི་ཐ་སྙད་ལས་འདས་སོང་བ་རེད། གང་དུ་ཐུགས་ཡིད་བསྲེས་སའི་ཆོས་སྐུའི་དགོངས་པ་དེ་ཡེ་ནས་སངས་རྒྱས་པའི་གནས་ལུགས་ཉག་གཅིག་རེད་ཟེར་རྒྱུ་བོ་འུ་ཅག་གིས་ཚིག་གིས་བཤད་ན་དེ་ལྟར་བཤད་རྒྱུ་ཞིག་རེད།།

སངས་རྒྱས་ཞུ་རྒྱུ་དེ་ཇི་འདྲ་ཞིག་རེད་ཅེ་ན། གཉིས་ཆོས་འཁྲུལ་བ་ལས་སངས་ནས་གཉིས་མེད་ཡེ་ཤེས་སུ་རྒྱས་སོང་པ་ལ་སངས་རྒྱས་ཞུ་བ་རེད། དེ་ལས་གཞན་དུ་སངས་རྒྱས་ཟེར་བ་ཞིག་མེད། དེ་ཡང་འཁྲུལ་བ་ཟེར་རྒྱུའི་དང་པོ་ཡོད་པ་ཞིག་རྗེས་ནས་མེད་པ་རེད་དེ་སངས་ཟེར་པ་དང་། གཉིས་མེད་ཡེ་ཤེས་ཟེར་བ་ཞིག་སྔར་མེད་གསར་དུ་ཐོན་ནས་དེ་རྒྱས་སོང་བ་མ་རེད། གཤིས་ལ་འཁྲུལ་བ་མ་གྲུབ་པ་གང་ཞིག ངོ་བོ་གཉིས་མེད་ཡེ་ཤེས་སུ་ཡེ་ནས་རྒྱས་ཡོད་པས་ཡེ་ནས་སངས་རྒྱས་པ་ཡིན། གཤིས་ལ་འཁྲུལ་བ་མེད་པས་སྤངས་པ་ཕུན་ཚོགས་ཡིན། ངོ་བོ་གཉིས་མེད་དུ་ཡོད་པ་དེ་ཉིད་རྟོགས་པ་ཕུན་ཚོགས་པ་རེད། དེ་ལྟར་ཡེ་ནས་སངས་རྒྱས་མིན་ན་བསྒོམ་ནས་སངས་རྒྱས་འགྲུབ་མི་ཐུབ། ས་ལེ་སྦྲམ་ཡེ་ནས་གསེར་མིན་ན་གསེར་ཡིན་ཞེས་པས་གསེར་དུ་མི་འགྲོ་བ་བཞིན་ནོ་ཞེས་གུ་རུ་རིན་པོ་ཆེས་དཔེ་དེ་བཞག་ནས་གསུངས་པ་རེད། དེ་ལྟར་བཤད་ཡོང་ན་ཁྱིམ་པ་ཕོ་མོ་ཚོས་ཅི་གོ་འདི་གོ་མེད་པར་མ་ཟད། བཤད་མཁན་རང་གི་ངོས་ནས་ཀྱང་རང་གིས་མྱོང་བ་ངེས་པའི་རྟགས་མེད་ན་བསམ་ཐབས་དང་བཤད་ཐབས་མེད་པའི་དོན་ཞིག་ཡོད་རེད་ཟེར་བ་དེ་གཞན་གྱི་ཁ་སྐད་རྗེས་ཟློས་བྱས་པ་ཙམ་ཞིག་རེད། ཁ་བའི་འོག་གི་འབའ་འབུར་ལ་བལྟས་ནས་འདི་ཚོ་ན་ཅིག་ཡོད་ཡོད་ཀི་ཞེས་པ་ལྟ་བུ་ལས་གཞན་དུ། འབའ་ར་འབུར་རེ་རིག་གི་འདུག་རུང་དངོས་པོ་ཅི་ཡིན་དངོས་སུ་མི་ཤེས་པ་རེད། ཉིན་ཁར་དཀར་མོ་གཟུགས་ལ་མིག་ཅན་གྱིས་བལྟས་པ་ལྟ་བུའི་མངོན་གྱུར་ཞིག་ཡོད་མ་རེད། འདི་ལྟར་བཤད་དུས། འགའ་རེས་བསམ་ན་ཅི་ཞིག་ཟེར་གྱིན་ཡོད་པ་རེད། ད་ནི་ཉན་ཡང་མི་ཤེས་ཀི ཐེངས་རེ་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་ཟེར། ཐེངས་རེར་སངས་རྒྱས་ཟེར་རྒྱུ་བོ་དེ་སེམས་ཅན་སླེབས་ས་ཞིག་ན་ཡོད་མ་རེད་ཟེར་གྱིན་ཡོད་པ་འདྲ་འདྲ། ཡང་ཐེངས་རེ་རེ་བཤད་དུས་ཁ་ཡར་འཁོར་བའི་ངེད་ཅག་ནས་བཟུང་སྟེ་སོ་ཐར་དགེ་བསྙེན་གྱི་སྡོམ་ལྡན། རྒྱལ་སྲས་བྱང་ཆུབ་སེམས་དཔའི་རིགས་ཅན། སྔགས་ཀྱི་རྣལ་འབྱོར་ཕོ་མོ། བསྒོམ་ན་ཚེ་འདིའི་སྟེང་ནས་འཁོར་བ་ལ་ཕྱི་ཕྱག་འཚལ་ཏེ། དེའི་རྗེས་ནས་འཁོར་བའི་སྡུག་བསྔལ་མྱོང་མི་དགོས་པ་ཞིག་བྱེད་ན་རང་ལག་རེད་ཟེར། ཡང་ཐེངས་རེར་བཤད་དུས་ཁ་ཡར་འཁོར་བའི་ངེད་ཚོ་མ་དགོས། ཁ་མར་ལ་འཁོར་བའི་བླ་རྒན་རང་ཉིད་ནས་བཟུང་སྟེ། སྨག་ནག་ནང་ནས་ལག་མྱང་མཉམ་དུ་བྱེད་ཀྱིན་ཡོད་དུས་མཉམ་ལྷུང་རེད་མི་འགྲོ་རྒྱུའི་ངེས་པ་མེད་པ་འདྲ་ཞིག གནའ་ཅིག་གིས་བཤད་པ་ལྟར་དགེ་བའི་ཕན་ཡོན་ཞིག་བཤད་ན། བླ་མ་ཁྱེད་མ་དགོས་རྒན་མོ་ང་ཡང་སངས་རྒྱས་འགྲོ་བར་འདུག་སྙམ་པ། སྡིག་པའི་ཉེས་དམིགས་རེ་རེ་བཤད་འོང་དུས། རྒན་མོ་ང་མ་དགོས་བླ་མ་ཁྱེད་ཀྱང་ཅི་རེད་འགྲོ་ན་སྙམ་པ་ཞིག་རེད་ཅེས་ཞུས་པ་ལྟར་བསམ་ན་ཆོག་རེད། ངོ་མས་བཤད་ན་བསམ་དགོས་ཀྱང་དགོས། དེ་འདྲ་ཞིག་ཀྱང་མ་བསམ་ནས་ཅི་བསམ་འདི་དྲན་མེད་པའི་ངང་ནས་མིག་བཙུམ་ཏེ་དར་ཤུད་འཐེན་སོང་ན། ཤུད་ཐེངས་གཅིག་གིས་ཚེ་མཐའ་ལ་གཏུགས། མིག་གྱེན་དུ་གཅིག་ཕྱེས་དུས་ཕྱི་མའི་ཡུལ་ལ་ཐོན་བསྡད་ཡོད་ན་ཅི་ཤེས་རེད། དང་པོ་ཐེ་ཚོམ་སྐྱེས་དགོས། དེ་ལ་བརྟེན་ནས་སྒྲོ་འདོགས་ཆོད་དགོས་པ་རེད། དེ་ལོག་ལྟའི་ལམ་སྣེར་ཕྱོགས་པའི་ཐེ་ཚོམ་མ་རེད། ལམ་གཉིས་ཀྱི་སུམ་མདོ་ལ་ཐོན་དུས་འགྲོ་ས་གང་ཡིན་གྱི་དབྱེ་བ་འབྱེད་བྱེད་དེ་རེད། འགྲོ་ས་གཡས་ཕྱོགས་རེད་དང་གཡོན་ཕྱོགས་རེད་བལྟ་ཡག་བྱེད་དགོས་པ་བཞིན་དུ་དང་པོར་ཐེ་ཚོམ་ཞིག་མི་སྐྱེས་ཐབས་མེད་རེད། ཐེ་ཚོམ་དེའི་རྐྱེན་གྱིས་འདྲི་རྩད་བཅད་པས་ད་རང་ལ་དགོས་པའི་དྲིས་ལན་ཞིག ལས་ལམ་དྲང་ན་ཚེ་གཅིག་གི་དོན་ཉིན་གཅིག་ལ་འགྲུབ་ནས་ཚེ་འདི་ཕྱི་ཚང་མ་ལ་འཚེངས་འགྲོ་བ། མི་ཟད་ཀྱི་ལོངས་སྤྱོད། རིན་ཆེན་གྱི་གཏེར་མཛོད། རང་ལ་དབང་བའི་སྒོ་འབྱེད་ཀྱི་ལྡེ་མིག་རྙེད་ན་ཅི་ཤེས་རེད། སངས་རྒྱས་ཟེར་བ་གནམ་འདྲ་ཞིག་ཡར་ལ་ཆད། སེམས་ཅན་ཟེར་བ་ས་འདྲ་ཞིག་མར་ལ་ཆད་ནས་དེ་གཉིས་ཀྱི་བར་ན་འབྲེལ་ཐག་ཞིག་མེད་ན། སེམས་ཅན་གྱིས་ལོ་བརྒྱའི་མི་ཚད་པར་ལོ་སྟོང་ལ་བསྒོམས་རུང་སངས་རྒྱས་ཡོང་རྒྱུ་ཞིག སངས་རྒྱས་ཀྱིས་དེ་བཞིན་དུ་མཁྱེན་པས་ཅི་ལྟར་གཟིགས་ཀྱང་སེམས་ཅན་ལ་ཐུགས་རྗེ་འཇུག་ཡོང་ཐབས་ཞིག་ཡོད་ས་མེད་ཀི་ཡིན་ན། ལ་ཁ་ཁ་ལུང་པ་སོ་སོ་རེད། ཤར་ནུབ་ཕྱེས་པ་འདྲ་ཞིག་རེད། དེ་ཡིན་ན་བཤད་པ་དོན་མེད་ཀི་བསྒྲུབས་ནས་འབྲས་བུ་མེད་པ་ཞིག བཤད་ནས་ཅི་བྱེད། ཡོང་རྒྱུ་མེད་པའི་སྐད་ཆ་སྐམ་པོ། ཁ་ན་བྱེད་ཅིག་དང་ཉི་མ་འཆོར་བྱེད་ཅིག་རེད། དེ་ལྟར་མིན་ན་མིན་ལུགས་འདི་ལ་འཐམ་ནས་ལོང་བས་བ་རྔ་ལ་འཇུས་པ་འདྲ་ཞིག་བྱས་ན། མཐའ་གཞུག་ལ་བལྟ་ས་འདི་ཡོད་ཀི་བསམ་རྒྱུ་ཞིག་ལོས་ཡོད། ང་རང་གིས་ཡིན་ན་དེ་བསམ་ཀི བྱིས་པ་ཞིག་གིས་ཟེར་བ་ལྟར། སངས་རྒྱས་གང་ན་བཞུགས་ཤེ་ན། ཤར་ཕྱོགས་ན་རྡོ་རྗེ་རིགས་ཀྱི་སངས་རྒྱས། ལྷོ་ཕྱོགས་ལ་རིན་ཆེན་རིགས་ཀྱི་སངས་རྒྱས། ནུབ་ཕྱོགས་ན་པདྨ་རིགས་ཀྱི་སངས་རྒྱས་ལ་སོགས་པ་ཕྱོགས་བཞི་དབུས་དང་ལྔ་ན་རིགས་ལྔའི་སངས་རྒྱས་བཞུགས་ཡོད་པ་རེད། གཞན་ཡང་ཕྱོགས་བཞི་མཚམས་བཞི་དང་བརྒྱད། སྟེང་འོག་གཉིས་དང་བཅུ་ན་ཡང་ཕྱོགས་བཅུའི་སངས་རྒྱས་བཞུགས་ཡོད་རེད་ཅེས་བཤད་ན། དེ་ངོ་མ་ཡོད་ཀྱང་ཡོད་པར་བསམ་ཡང་ཞིབ་ཅིང་ཕྲ་བས་བརྟགས་ཤིང་དཔྱད་པ་ཞིག་ཐོངས་དང་། ལར་ཤར་ཕྱོགས་ཟེར་བའི་ཕྱོགས་ཁོ་རང་ཡང་མི་འགྲུབ། ཤར་གྱི་ཕར་ལ་སོང་ན་ཤར་རེད། ཡང་ད་རུང་ཤར་ཕྱོགས་ལོས་ཡོད། དེའི་ཕར་ལ་སོང་ན་ཤར་ཕྱོགས་ལོས་ཡོད། དེས་ན་ཤར་ཕྱོགས་ལ་ཟད་པ་ཅི་ཡོད། འདི་ལྟོས་ནས་བཏགས་པ་ཙམ་རེད། ནུབ་ལ་ལྟོས་དེ་ཤར། ཤར་ལ་ལྟོས་ཏེ་ནུབ་ཅེས། ལྷོ་ལ་ལྟོས་ཏེ་བྱང་། བྱང་ལ་ལྟོས་ཏེ་ལྷོ་ཞེས་པ་རེད། འོན་ཀྱང་། སངས་རྒྱས་གྲངས་མེད་རྡུལ་གཅིག་གི་སྟེང་ན་རྡུལ་རྙེད་གྲངས་མཉམ་གྱི་སངས་རྒྱས་དང་དེའི་ཞིང་ཁམས་ཡོད་པར་གསུངས་པ་རེད། དེ་བས་ཟབ་ཅིག་བཤད་དུས་ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་མཚམས་གསུངས་པ་རེད། གོང་ནས་ཤར་ཕྱོགས་ཀྱི་སངས་རྒྱས་ལ་སོགས་པ་བརྗོད་པ། ད་ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་མཚམས་ཞེས་བརྗོད་ན། དུས་གསུམ་དུས་མེད་མཉམ་པ་ཆེན་པོ་ཚོ་བཤད་ཡོང་དུས་གར་ལྟ་འདིར་ཉན་མེད་ན་ཡང་། རྒྱལ་བའི་དགོངས་པ་དང་མཁས་པའི་བསྟན་བཅོས་དེ་ཇི་ལྟར་དཔོགས་དགོས་ན། མཐའ་དྲུག་ཚུལ་བཞིའི་མན་ངག་གི་ལྡེ་མིག་ཡོད་དགོས། དེ་མེད་ན་བཤད་ཐུབ་རྒྱུ་དང་བལྟ་ཤེས་རྒྱུ་ཅན་ཞིག་མེད། དེའི་ཕྱིར་ན་བླ་མའི་མན་ངག་གཙོ་ཆེ། བླ་མ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་གསུངས་པའི་རྒྱུ་མཚན་དེ་ལ་ཐུག་པ་རེད། ད་ཆོས་བཤད་མཁན་གྱི་བླ་མ་དེས་ཆོས་ཚུལ་བཞིན་དུ་བཤད་ན། ལུང་རིགས་དང་མི་འགལ་བ། དྲང་དོན་དང་ངེས་དོན་མ་འཁྲུག་པ། ཐེག་པ་ཆེ་ཆུང་གི་ཆོས་ཀྱི་ཐད་ནས་མཐུན་པ་རྣམས་མི་འགལ་བ། མི་མཐུན་པ་མ་འདྲེས་པ་ཞིག ཕར་ཕྱིན་དང་གསང་སྔགས་དོན་གཅིག་ལ་བཤད་ཐུབ་རྒྱུ། སྔགས་རྒྱུད་སྡེ་དང་མཐུན་པར་བཤད་རྒྱུ། མདོར་ན་བཤད་སའི་སྣོད་ཀྱི་ཁྱད་པར། བཤད་བྱའི་ཆོས་ཀྱི་དབྱེ་བ། བཤད་པའི་འཆད་ཚུལ་ཤེས་རྒྱུ་དེ་དག་ངེས་པར་དུ་དགོས། དེ་དག་གི་ཆ་རྐྱེན་མ་ཚང་ན། ཉ་གེ་ཉོག་གེ་ཅི་ཞིག་བཤད་ཀི་བསྡད་རུང་དོན་གོ་ལ་མི་གོ་ལ། ཚིག་ཡིན་ལ་མིན་ལ། བཞག་ས་བསྡུ་ཁུངས་མི་རྙེད་པ་ཞིག་གི་ཕན་པ་ཡོང་རྒྱུ་ཡོད་ནི་མ་རེད། བདག་ལ་དེའི་ཆ་རྐྱེན་གཅིག་ཀྱང་མི་ལྡན་ཡང་། རིགས་མཐུན་སྐྱིད་སྡུག་གི་བགྲོ་གླེང་ཙམ་ཞིག་སྐབས་ཐོབ་ཉམས་ལ་ཕབས་པའི་སྐད་ཆ་བྱས་ནས་བཤད་ན། ཁ་སང་ད་ཞག་ཞིག་ལ་སྐྱབས་འགྲོའི་སྐབས་ནས་བཤད་པ་ལྟར། དོན་གྱི་སངས་རྒྱས་ཟེར་བ་དེ་ཕྱི་ནས་བཙལ་ཏེ་རྙེད་པ་མ་རེད། ནང་རང་གི་སེམས་ལ་བཞུགས་པ་ལྟར་བཤད་པ་ཡིན། ཆོས་ཅན་སེམས་ཀྱི་དབང་དུ་བྱས་ནས་སེམས་ཅན་ཞེས་མྱིང་བཏགས་པ་དང་། དེའི་ཆོས་ཉིད་ཡེ་ཤེས་ཀྱི་དབང་དུ་བྱས་པའི་སྐབས་ལ་སངས་རྒྱས་ཟེར་བའི་མྱིང་བཏགས་པ་རེད།།

འཁོར་བ་དང་ནི་མྱང་འདས། གྲོལ་བ་དང་འཁྲུལ་བའི་ཕུགས་དེ་གང་ལ་ཐུག་ཡོད་རེད་ཅེ་ན། རང་སེམས་སྐད་ཅིག་མ་འདིའི་སྟེང་ནས་ཕུགས་ཐག་ཆོད་དགོས། དེ་བས་གཞན་དུ་ཕུགས་ཐག་ཆོད་ཐབས་ཞིག་དང་ཕུ་ཐག་ཆོད་ཡོང་ས་ཞིག་མེད། གཞན་ནས་བཙལ་ཏེ་མྱི་ལོ་བརྒྱ་སོང་ནའང་རྙེད་རྒྱུ་ཡོད་མ་རེད། ཆོས་ཅན་སེམས་ནི་རྣམ་ཤེས་ཚོགས་བརྒྱད། ཆོས་ཉིད་དེའི་རང་བཞིན་གྱི་ཡེ་ཤེས་རེད། སེམས་རྣམ་ཤེས་ཚོགས་བརྒྱད་ཀྱི་བྱེད་ལས་ཀྱིས་ཉོན་མོངས་རྣམ་རྟོག་གང་ཤར་ཐམས་ཅད་འཁྲུལ་བ་ཡིན། དེའི་ཆོས་ཉིད་དམ་ཡེ་ཤེས་ཀྱི་རང་བཞིན་ནི་མ་འཁྲུལ་བ་རེད། དཔེ་མཚོན་ན། འདོད་ཆགས་ཉོན་མོངས་རེད། རྣམ་རྟོག་འཁྲུལ་བའི་དབང་ལས་བྱུང་བ་ཞིག་ཡིན་ནའང་དེའི་རང་བཞིན་དེད་ན་བདེ་སྟོང་སོར་རྟོག་ཡེ་ཤེས་མ་འཁྲུལ་བའི་ཆོས་ཉིད་རེད། དེ་བཞིན་དུ་ཞེ་སྡང་གསལ་སྟོང་མེ་ལོང་ཡེ་ཤེས་རེད། གཏི་མུག་དྲན་སྟོང་ཆོས་དབྱིངས་ཡེ་ཤེས་ཡིན་པ་ལ་སོགས་པ། ཉོན་མོངས་དུག་ལྔ་དོན་གྱི་ངོ་བོའི་ཐོག་ནས་བཤད་ན་ཡེ་ཤེས་ལྔ་ཡིན། ཆོས་ཅན་རྣམ་ཤེས་ཚོགས་བརྒྱད་དང་ཆོས་ཉིད་དེའི་རང་བཞིན་གྱི་ཡེ་ཤེས་གཉིས་ཀ་གཅིག་ཨེ་རེད་ཅེ་ན། ཐ་སྙད་དུ་གཅིག་མ་རེད། གཅིག་པོ་འཁྲུལ་བ། ཅིག་ཤོས་མ་འཁྲུལ་པ་རེད། དོན་དམ་པར་ཐ་དད་ཀྱང་མ་རེད། དོན་དམ་གཤིས་ཀྱི་གནས་ལུགས་དེ་གཅིག་ཐ་དད་སོགས་ཀྱི་སྤྲོས་པ་ལས་འདས་པའི་ས་རེད། དེ་ལྟར་ཡིན་པས་སེམས་ཅན་སངས་རྒྱས་ཡིན་ནི་རེད། དེ་ནི་ངས་བཤད་པ་མ་རེད། རྡོ་རྗེ་འཆང་གི་རྒྱུད་ཀྱི་ནང་དུ་གསུངས་ཡོད། རྒྱུད་བརྟག་གཉིས་ཀྱི་ནང་ན། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་གསུངས་སོ། །དེ་ལྟ་ན་དབུ་ལ་གཙུག་ཏོར་ལ་སོགས་པ་མེད་པ་ཅིའི་ཕྱིར་ཞེ་ན། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །གསུངས་པས་སོ། །སྣང་ཆ་གཟུགས་སྐུའི་ཡོན་ཏན་དང་སྟོང་ཆ་ཆོས་སྐུའི་ཡོན་ཏན་རྣམས་ད་ལྟ་སེམས་ཅན་ཡིན་དུས་ནས་རྫོགས་པར་ལྡན། ཡིན་ན་ཡང་སེམས་ཅན་ཡིན་པའི་སྐབས་འདིར་གློ་བུར་གྱི་དྲི་མས་བསྒྲིབས་ནས་ཡོན་ཏན་ཡོད་ཀྱང་མི་སྣང་། བསྒྲིབ་རྒྱུ་དེ་གང་སྒྲིབ་འདུག་པ་རེད་ཟེར་ན། བདེ་གཤེགས་སྙིང་པོ་མངོན་དུ་མི་སྣང་བར་སྒྲིབ་འདུག་པ་རེད། བདེ་གཤེགས་སྙིང་པོས་སེམས་ཅན་ཡོངས་ལ་ཁྱབ་ཡོད། ང་ལ་ཨེ་ཡོད་ན་བསམ་དགོས་མ་རེད། དེས་མ་ཁྱབ་པ་ཞིག་ཡོད་པ་མ་རེད། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན། ཡིན་ཡང་སྐབས་ཅིག་ལ་གློ་བུར་འཁྲུལ་བའི་དྲི་མས་བསྒྲིབས་ནས་དེའི་དྲི་མ་དེས་སྤྲིན་གྱིས་ཉི་མ་གཡོལ་བ་ལྟར་བསྒྲིབས་བསྡད་ཡོད་པའི་དུས་སུ། ཁམས་དང་རིགས་ཞེས་པའི་བདེ་གཤེགས་སྙིང་པོར་མྱིང་དེ་བཏགས་པ་རེད། སངས་རྒྱས་དུས་གློ་བུར་གྱི་དྲི་མ་སྤྲིན་འདྲ་དེ་སེལ་བས་བྱང་ཆུབ་ཞེས་བཏགས། དོན་ལ་སྤྲིན་གྱི་འོག་ཏུ་སོང་བ་མ་གཏོགས་སྤྲིན་ཉི་མའི་དཀྱིལ་འཁོར་ལ་ཞུགས་མ་མྱོང་པ་ལྟར། དྲི་མས་བདེ་གཤེགས་སྙིང་པོའི་གཤིས་ལ་གོས་མ་མྱོང་པ་མ་རེད། ནམ་མཁའ་གཅིག་སྣོད་ཀྱི་ཁྱད་པར་གྱིས་དབྱིབས་ཁ་ཁ་ཕྱེས་པ་ལྟར་རེད། འདི་མ་དག་མ་དག་དག་པ་དང་ཤིན་ཏུ་དག་པ་གསུམ་དུ་ཕྱེས་སོང་ན། མ་དག་སེམས་ཅན་གྱི་སྐབས་ལ་གནམ་སྔོན་པོ་སྤྲིན་ནག་གིས་བཏུམ་ཡག་བྱས་སོང་བ་འདྲ་འདྲ། གནམ་སྔོན་པོ་སྤྲིན་གྱིས་བཏུམ་ན་གནམ་སྔོན་པོ་ཟུར་ཙམ་ཡང་རིག་རྒྱུ་མེད། དེ་འཁྲུལ་བའི་སྐབས་འདྲ་འདྲ། མ་དག་དག་པ་ཟེར་བ་ཞིག་ཡོད། དག་མ་དག་གཉིས་ཀ་འདྲེས་སོང་པ་ཞིག་ཡོད། སློབ་ལམ་པ་འཕགས་པ་བྱང་སེམས་ཀྱི་ངོ་ཁར་སྤྲིན་ཐ་རེ་ཐོར་རེ་ཞིག་གི་གསེང་ནས་གནམ་སྔོན་པོའི་རང་མདོག་ཅུང་ཟད་རིག་འདུག གང་ལ་གང་འཚམས་རེ་རིག་བསྡད་པ་འདྲ་འདྲ། ཤིན་ཏུ་དག་པ་སངས་རྒྱས་ཀྱི་སྐབས་ལ་སྒྲིབ་པ་ཀུན་དག དེའི་དུས་སུ་སྟོན་ནམ་གཡའ་དག་དྭངས་གསལ་ལ་བལྟས་པ་ལྟ་བུ་རེད། དེ་དུས་རང་བཞིན་རྣམ་དག་ལ་གློ་བུར་བྲལ་དག་གི་དག་པ་གཉིས་ལྡན་མངོན་དུ་གྱུར་བ་རེད། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་སངས་རྒྱས་སོང་བ་རེད། འདི་སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི་སྟེང་ནས་སྔགས་རྒྱུད་ལྟར་དུ་བཤད་ཡོང་ན། སྦྱང་གཞི་བདེ་གཤེགས་སྙིང་པོ་གདོད་ནས་རང་ཆས་སུ་རང་ལ་ཡོད་པ་དེ་འདམ་གྱི་དབུས་ན་བཞུགས་པའི་ནོར་བུ་ལྟ་བུ་ཞིག་ཡིན་ན། སྦྱང་བྱ་དེའི་སྟེང་ལ་མེད་སྣང་གློ་བུར་གྱི་དྲི་མས་ནོར་བུ་འདམ་རྫབ་ཀྱིས་གཡོག་པ་ལྟར་གཡོགས་ཡོད་ན། སྦྱོང་བྱེད་སྨིན་གྲོལ་གྱི་ལམ་རྣམས་དྲི་མ་འཁྲུལ་བྱེད་ཀྱི་འདག་རྫས་འདྲ་བོ། སྦྱངས་བའི་སྦྱངས་འབྲས་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་དེ་མངོན་དུ་གྱུར་བས་འདམ་ལས་གྲོལ་བའི་ཡིད་བཞིན་གྱི་ནོར་བུས་འདོད་དགུའི་ཆར་ཕབས་ནི་འདྲ་བོ་དེ་འདྲ་ཞིག་གི་གོ་དོན་ཡིན། སེམས་ཀྱི་ཆོས་ཉིད་བཤད་པ་ཡིན་ན། ཆོས་ཅན་དང་ཆོས་ཉིདཟེར་དུས་ཆོས་ཅན་སེམས། དེའི་ཆོས་ཉིད་ཡེ་ཤེས་ཡིན་པ་རེད། སེམས་ཀྱི་ཆོས་ཉིད་འདི་སེམས་ཅན་ཡིན་པའི་སྐབས་ལ་ངན་དུ་མ་སོང་། སངས་རྒྱས་ཡིན་པའི་སྐབས་ལ་བཟང་དུ་མ་སོང་བས་འགྱུར་བ་མེད་པ་རེད། ཁོ་རང་ཡེ་ནས་བཅིངས་པ་ཡོད་མ་མྱོང་དུས་གྲོལ་བ་ཟུར་ནས་བཙལ་མི་དགོས་པ་ཞིག་རེད། དཔེར་ན་ཐག་པས་བསྡམས་མ་མྱོང་པ་ཞིག་ཕར་ལ་བཤིག་མི་དགོས་པ་ལྟར་ཡིན། འདི་ཆོས་སྐད་ཀྱི་སྟེང་ནས་བཤད་ན། ཡེ་ནས་འཆིང་གྲོལ་ལས་འདས་པའི་རང་བཞིན། མཉམ་པ་ཉིད། ངོ་བོ་དུས་གསུམ་འཕོ་འགྱུར་དང་བྲལ་བའི་ཟག་མེད་འདུས་མ་བྱས་ཟེར་བ་རེད། སུས་ནམ་ཞིག་ལ་སེམས་ཀྱི་དེ་ཉིད་མངོན་དུ་གྱུར་ན། དེའི་ཐོག་ནས་སངས་རྒྱས་རེད་སོང་བ་རེད། དེ་དུས་སེམས་ཅན་མ་རེད་སངས་རྒྱས་རེད། དེའི་སྐབས་སྔོན་གྱི་འཁྲུལ་བ་ཅན་གྱི་སེམས་དེ་རོ་ཤི་རོ་གོས་འཕེན་འཕེན་བྱས་ནས་ག་ཤེད་ལ་གཡུག་བཏང་པ་མ་རེད། ཤུལ་ལ་ལྷག་བསྡད་ཡོད་པ་ཞིག་ཀྱང་མ་ཡིན། འཁྲུལ་བ་ནི་དགུན་ཁའི་འཁྱག་རོམ་འདྲ་ཞིག་ཡིན་ན། མ་འཁྲུལ་བ་ནི་དབྱར་ཁའི་ཆུ་རང་གི་ངོ་བོའི་གཤིས་ཐོག་ལ་ཐོན་དུས་འཁྱག་རོམ་ངན་པ་ཞིག་ཟུར་ཞིག་ལ་འཕངས་བཞག་མེད་པ་དང་འདྲ་འདྲ་རེད། སངས་རྒྱས་སེམས་ཅན་ལག་པའི་ལྟོ་རྒྱབ་འདྲ་འདྲ་རིག་དང་མ་རིག་ཤེས་དང་མ་ཤེས་ཀྱི་ཁྱད་པར་ཙམ་ཞིག་རེད། སངས་ཨེ་རྒྱས་མི་རྒྱས་རང་ལག་རེད། ཅེས་རྒྱུ་མཚན་དེ་ལྟ་བུས་བཤད་པ་རེད། ཐེག་ཆེན་མདོ་སྔགས་ཀྱི་ཆོས་གང་བཤད་ན་མཐར་ཐུག་ཆོས་དབྱིངས་དེ་བཞིན་ཉིད་མངོན་དུ་འགྱུར་ཐབས་བཤད་ཡོད་པ་རེད། ཐུབ་པས་བསྟན་པའི་སངས་རྒྱས་ཀྱི་ཆོས་སྒོ་མཐའ་དག་མཐར་ཐུག་རྒྱ་མཚོ་ཆེན་པོར་ཆུ་ཕྲན་འདུས་འདྲ་དེའི་ཕྱོགས་ལ་གཞོལ་ཞིང་འབབ་ཀྱིན་ཡོད་རུང་། དེར་བགྲོད་སའི་ལམ་ལ་རིང་ལམ་ཉེ་ལམ་མྱུར་ལམ་གྱི་ཐབས་དང་གདམས་པའི་ཁྱད་པར་ཡོད་པ་ཡིན་དུས། རང་རེ་འདྲ་ཞིག་ལ་མཚོན་ཁུལ་བྱས་ན། ཤིན་ཏུ་མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོའི་ཟབ་པའི་ཉེ་ལམ་གཅིག་ཆོག་བླ་མའི་རྣལ་འབྱོར་སྒོམ་ཡོད་དུས། རྒྱུ་བསྒྲུབས་ནས་ཐག་རིང་རྒྱང་བསྐོར་བྱེད་མི་དགོས་པར་ཐད་ཀར་འབྲས་བུ་སྨིན་རྒྱུའི་སྟེང་ནས། བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་ཀྱི་ཐུགས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པ་དེ་ལ་རང་གི་སེམས་ཀྱི་ཆོས་ཉིད་ཆོས་སྐུའི་ངོ་བོ་བསྲེས་ནས་སྒོམ་ན། གོམས་པ་མངོན་དུ་གྱུར་ཏེ་ངོ་མར་འདྲེས་འགྲོ་རྒྱུ་ཡོད་པ་རེད། དེ་འདྲེས་འགྲོ་བ་ཅིའི་ཕྱིར་རེད་ཅེ་ན། ཆོས་ཉིད་གཅིག་ལས་མ་འདས་པ་ཡིན་པས་ན་ཆུ་དང་ཆར་བ་གཉིས་ཀ་ངོ་བོ་གཅིག་ཡིན་པས་འདྲེས་སླ་བ་ལྟར་དུ་རེད། སངས་རྒྱས་ཀྱི་ཐུགས་དང་རང་གི་སེམས་ཉིད་འདྲེས་དུས་སངས་རྒྱས་སོང་བ་མིན་ན་ཅི་ཡིན། དེ་དུས་ཡེ་ནས་གཤིས་ལ་ཡོད་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཡོང་བར་མ་ཟད། མཐའ་ཡས་སྙིང་རྗེའི་ཡུལ་གྱུར་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན། ད་ལྟ་སེམས་བསྐྱེད་པ་བཞིན་དུ་རྟག་ཁྱབ་ལྷུན་གྲུབ་ལ་འབྱུང་རྒྱུ་ཞིག་རེད། དེས་ན་ཆོས་ཞུས་ནས་དོན་ཉམས་ལེན་བྱས་པའི་སྙིང་པོ་དེ། རབ་ན་ཚེ་འདིའི་སྟེང་ནས་ལུས་སེམས་ཅན་ཡིན་ཡང་སེམས་སངས་རྒྱས་ལ་འགྱུར་བ་ཞིག འབྲིང་ཙམ་ཡིན་ན། འཆི་ཁ་བར་དོ་དང་ཆོས་ཉིད་བར་དོ་ཚོར་རང་ངོ་ཤེས་ནས་གྲོལ་བ་ཐོབ་པ་ཞིག ཐ་མ་ཡིན་རུང་། སྲིད་པ་བར་དོའི་ཁ་འཁྱར་མིང་གཞི་འདུས་པའི་ཕུང་པོ་ལ་བདག་འཛིན་གྱིས་འཁྲུལ་དུས་གདམས་པ་འདི་ཚོ་དྲན་ནས་དག་ཞིང་ལ་འགྲོ་ཐུབ་པ་ཞིག ཡང་མཐའ་དེས་སྡུག་ན་མེད་རུང་། ངན་སོང་ངན་འགྲོའི་ཁར་མི་བརྒྱུད་པར་སྐྱེ་བ་ཕྱི་མ་ཚོར་ཆོས་འདི་དང་འཕྲད་དེ། ཉམས་ལེན་གྱི་གདེང་ཐོབ་ནས་གྲོལ་བ་ཐོབ་པ་ཞིག་རེ་བ་དང་པོ་མ་འགྲུབ་ནའང་གཉིས་པ། གཉིས་པ་མ་འགྲུབ་ནའང་། གསུམ་པ་དང་བཞི་བའི་མན་ན་མི་ལྷུང་བའི་བརྩོན་པ་སྙིང་རུས་རང་གིས་བསྐྱེད་དགོས། ཁྱིམ་པ་ཕོ་མོས་གཞིས་འཁོར་བའི་ལས་ཀ་ཆག་མི་ཉན། གཞིས་འཁོར་བའི་ལས་ཀ་མ་ལས་ན་འཚོ་ཐབས་ཡོད་མ་རེད། དེ་ཡང་རང་གི་རྣམ་དཔྱོད་ལ་བརྟེན་ནས་ཚེ་འདིའི་བདེ་འབྱོར་ཡར་མགོ་མ་ཞིག་སྒྲུབ་དགོས་པ་རེད། མངོན་མཐོའི་འབྱོར་བ་ཚོགས་དགོས། མངོན་མཐོ་ལྷ་མིའི་གནས་ལ་ཐོན་དུས་ལྷ་མིའི་བདེ་འབྱོར་ཕུན་སུམ་ཚོགས་དགོས་པ་རེད། དེ་དང་མཉམ་དུ་ཆོག་ཤེས་འཕགས་པའི་ནོར་ཡང་ཡོད་ན། གཞི་ནས་མི་ཚེ་སྐྱིད་ཀྱིས་སྐྱེལ་ཐུབ་རེད། ཆོས་ཀྱི་འཚོ་བ་མེད་ན་འབྱོར་བ་ཇི་ཙམ་རྒྱས་ཀྱང་དུད་འགྲོའི་འཚོ་བ་ཞིག་ལས་མི་འདའ། ཕོ་མོ་ཚང་མས་སྒོམ་རྒྱག་དགོས་རེད་སྒོམ་རྒྱོབ།།

༣ ལུས་སེམས་ཀྱི་བཞག་ཐབས་ལ་བསླབ་པ།

༡༽ལུས་ཀྱི་འདུག་སྟངས་ལ་བསླབ་པ།

མྱི་སྐྱ་ཕོ་མོ་སངས་རྒྱས་མི་ཆོག་རྒྱུའི་ཁྲིམས་འདྲ་མེད་ན་བསྒོམ་རྒྱག་དགོས་པ་རེད། མ་བསྒོམས་ནས་སངས་རྒྱས་པ་ཞིག་མི་སྲིད་པ་རེད། ཁྱིམ་པ་ཕོ་མོས་སྒོམ་རྒྱག་ཟེར་བ་ཞིག མི་རབས་བླ་རབས་སུ་དང་སུའི་རིང་ལ་གོ་མ་མྱོང་ཟེར་མཁན་ཡོད་ན། ཁྱེད་ཀྱིས་གོ་མ་མྱོང་བ་ཅི་ཡོད་དང་ཅི་མེད་ཟེར་བའི་ལན་རྒྱག་རྒྱུ་རེད། རང་ལམ་དྲང་མོ་རང་གིས་བླངས་ནས་འགྲོ་བ་མ་གཏོགས་ལམ་གྱི་ཁྱི་ལྡོམ་ལྟ་བུའི་ཁ་ཁོམ་ཚད་པོ་ཉོན་དང་། སྨྱོན་པ་མིན་ནའང་གཟའ་རོ་མ་ཞིག་ལ་བསྒྱུར་འགྲོ་རྒྱུ་རེད། ལས་ཀའི་བྲེལ་བ་ཅི་འདྲ་ཞིག་ཆེ་རུང་དུས་ཚོད་སྐར་མ་བཅོ་ལྔ་ཉི་ཤུར་སྒོམ་ལོངས་ལོས་ཡོད། ངག་འདོན་ཚིག་རྐང་དྲུག་བདུན་པོ་དང་སྦྲགས་ནས་བསྒོམ་ཆོག་རེད། ངོ་ཚ་མི་དགོས། ངོ་ཅི་ཚ་ཤི་ཆོས་སྒྲུབ་པ་རེད། སྐྱིལ་ཀྲུང་སྒམ་བུ་འདྲ་ཞིག་བཅས་ཏེ་ཟུར་དེ་ནས་ཀི་ཞིག་བཏབ་རུང་གོ་མི་འདུག་བསམ་རྒྱུ་ཞིག་བྱས་ནས་སྒོམ་དགོས་པ་རེད། ལར་སྒོམ་ཡིན་ཚད་དེ་འདྲའི་ཚབས་ཆེན་བསྙབ་ཐུག་གཉིས་ཀ་མི་ཕོད་རྒྱུ་ཞིག་ལར་ནས་མ་རེད། ཕྱི་རོལ་མི་སྟེགས་ཕུར་བུ་པའི་ལུགས་ལ་བསྒོམ་བསམ་གཏན་ལ་གནས་ཐབས་འདྲ་མི་འདྲ་བདུན་ཡོད་རབས་གསུངས་ཡོད་པ་རེད། བསྒོམས་ནས་སྲིད་རྩེ་མན་ཆད་ལ་སྐྱེས་ཐུབ་པའི་འཇིག་རྟེན་པའི་བསམ་གཏན་སྒོམ་རྒྱུ་ཡོད་པ་རེད། དེ་བཞིན་དུ་ཐེག་དམན་ཉན་རང་ཡན་ཆད་ནས་ཐེག་ཆེན་རྫོགས་ཆེན་གྱི་བར་ལ་སྒོམ་རྒྱག་རྒྱུ་ཡོད་པར་མ་ཚད། ཞི་གནས་དང་ལྷག་མཐོང་གི་བརྡ་ཆད་འདྲ་འདྲ་བྱས་ནས་ཡོད་ཀྱང་། ཞི་ལྷག་མྱིང་གཅིག་ཀྱང་དོན་གྱི་རྣམ་དབྱེ་སྒྲ་མཐུན་དོན་འཕགས་ཀྱི་ཁྱད་པར་ཡོད་པ་ཡང་ཤེས་དགོས་པ་རེད། ཞི་གནས་དང་ལྷག་མཐོང་ཟེར་ཚད་གཅིག་འདྲ་འདྲ་མ་རེད། སྟོང་ཉིད་རྟོགས་པའི་ཞི་གནས་ཡོད་ལ་སྟོང་ཉིད་མ་རྟོགས་པའི་ལྷག་མཐོང་ཡང་ཡོད་པ་རེད། ཡུལ་དེ་ཁོ་ན་ཉིད་ལ་བློ་ཁ་ཙམ་ཡང་ཕྱོགས་མ་མྱོང་བའི་བདེ་གསལ་མི་རྟོག་པའི་ཏིང་འཛིན་སྐྱེས་མཁན་ཡང་ཡོད་པ་རེད། ཞི་ལྷག་མཚན་ཉིད་པ་ཅི་འདྲ་ཞིག་རེད་ཟེར་ན། ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་མི་གཡོ་བར་འཇོག་པ་ཞི་གནས་ཡིན། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ལ་ལྷག་མཐོང་ཞེས་རྗེ་བཙུན་བྱམས་པ་མགོན་པོས་གསུངས་པ་ལྟར་དུ་རེད། དེ་ཡིན་དུས་སྟོང་ཉིད་ལ་དམིགས་པའི་ཏིང་འཛིན་ཤེས་རབ་ཡིན་མིན་ལ་ཐུག་ཡོད་པ་རེད། དེ་ནི་ཡུལ་བདག་མེད་གང་ཡང་རུང་བ་ཞིག་བློ་དེའི་རྟོགས་དང་མ་རྟོགས་ཀྱི་སྟེང་ནས་ངོས་བཟུང་དགོས་པ་རེད། འདི་ཉན་མཁན་ཁྱིམ་པ་ཕོ་མོ་གཙོ་བོ་རེད།།

མང་བོ་བཤད་ན་མདོ་མེད། ཉོག་པོ་འབོག་ན་རབ་མེད། སྐྱིལ་ཀྲུང་སྒམ་སེ་འཆོས། སྒལ་ཚིགས་མདའ་ལྟར་དུ་ཡར་ལ་དྲང་མོར་གྱིས། དཔུང་བ་གཉིས་ཀ་ལྷོད་དེ་བརྒྱང་དགོས། ལག་པ་གཉིས་ཀས་མཉམ་བཞག་བྱས་ན་ཆོག མཉམ་བཞག་བྱས་དུས་ཕོ་ཡི་ལག་པ་གཡས་པ་དེ་ཐོག་དང་། མོ་ཡི་ལག་གཡོན་པ་དེ་ཐོག་ལ་འཇོག་རྒྱུ་རེད། འོན་ཀྱང་། རྫོགས་པ་ཆེན་པོའི་ཀློང་ཆེན་སྙིང་ཐིག་གི་ཆོས་ཞུས་ནས་སྒོམ་ཀི་ཡོད་དུས། འུ་ཅག་གིས་དེ་དང་འབྲེལ་བའི་སྒོམ་དེའི་རིགས་ལ་ལག་པ་གཉིས་ཀྱིས་པུས་མོ་གཡས་གཡོན་གཉིས་ཀ་བཀབ་ནས། དེ་ལྟར་བསྒོམ་ན་བྱིང་རྨུགས་སེལ་བ་དང་གསལ་བའི་ཉམས་ཐོན་རྒྱུའི་དགོས་པ་ཡོད་པ་རེད། མགྲིན་པ་ཨེན་ཙམ་སྒུར་དགོས། ཡིན་ན་མིན་ན་དགྱེ་དགོས་མ་རེད། ལྕེ་སྣེ་ཡ་རྐན་ལ་གཏད་ནས་ཁ་མི་གདངས་མི་བཙུམ་པར་དབུགས་ཁ་ནང་ནས་མངགས་ན་མི་རྟོག་པའི་ཉམས་སྐྱེས་པ་ལ་བཟང་གི་ཡོད་པ་རེད། མྱིག་ཕྱེ་མ་བཙུམ་གྱིས་མདུན་གྱི་བར་སྣང་ལ་གཏད་མེད་ཀྱིས་གཏད་ནས། དབང་པོ་སྒོ་ལྔ་ཡིད་དང་བཅས་པའི་ཡུལ་ལ་སེམས་མི་གཏད་པར་སྒོ་ལྔ་ཆ་མཉམ་དུ་བཞག ལུས་ཀྱི་འདུག་སྟངས་འདི་ཙམ་ཞིག་བྱས་པ་ཡང་ཕན་ཡོན་ཆེན་པོ་ཡོད་པར་གསུངས་ཡོད་པ་རེད།།

༢༽སེམས་ཀྱི་བཞག་ཐབས་ལ་བསླབ་པ།

སེམས་ཀྱིས་ཇི་ལྟར་བསྒོམ་དགོས་ཤེ་ན། སེམས་རྣམ་རྟོག་འདས་པའི་རྗེས་མི་གཅོད། ཁ་སང་ད་ཞག་ཡར་ལ་ཡོང་དུས་བསམ་མི་འདུག མ་འོངས་རྣམ་རྟོག་གི་སྔོན་མི་བསུ། ད་ཕྱིན་ཆད་ཀྱི་རྗེས་མའི་འདང་ཚུར་བསུ་མི་འདུག ད་ལྟའི་རྣམ་རྟོག་གི་སྐྱེ་འགག ལི་ལིས་ཙུ་གུ་སྒུག་པ་ལྟར་རྩིས་རྒྱག་གི་མི་འདུག་པར་ལུས་སེམས་གཉིས་ཀ་ལྷོད་དེ། ལུས་རི་རྒྱལ་བཞིན་དུ་བརྟན་ན། དབང་པོ་མཚོ་ལ་གཟའ་སྐར་ཤར་བ་འདྲ་ཞིག་གིས་འཛིན་མེད་ཀྱི་ངང་ལ། སེམས་རྒྱ་མཚོ་རླུང་གིས་མ་བསྒུལ་པ་འདྲ་ཞིག་གིས་ནམ་མཁའ་སྟོང་པའི་དཀྱིལ་དུ་གཏད་དེ་བཞག དེ་ལྟར་སེམས་རྒྱ་མཚོ་རླུང་གིས་མ་བསྒུལ་བ་དྭངས་མོ་དྭངས་གསལ་ལེར་ཞོག་དང་། དེ་ཙམ་ཞིག་གིས་ཀྱང་མི་རྟོག་པའི་ཏིང་འཛིན་དང་དགའ་བ་དང་བདེ་བ་སྔར་མེད་རང་ཤུགས་ཀྱིས་སྐྱེས་པ་རེད། དེ་ལྟར་བསྒོམས་ནས་ཡུན་གྱིས་གོམས་སོང་ན། ཞི་གནས་རྐྱང་བ་རེ་བསྒོམ་ནའང་མངོན་ཤེས་ཕྲ་མོ་འཆར་རྒྱུ་ཡོད་དར་བར་མི་ཚད། ཞི་གནས་གོམས་པ་དེ་ཙམ་གྱིས་ཉོན་མོངས་པ་རགས་པའི་མགོ་གནོན་རྒྱུ་དང་། གོམས་ཕྱིན་གོམས་ལ་གོང་དུ་འཕེལ་ནས་ཞི་ལྷག་ཟུང་འབྲེལ་གྱི་ཉམས་སྐྱེ་རྒྱུ་རེད། དེ་ཡང་ང་ཚོའི་གོང་ནས་བཤད་པའི་བླ་མའི་ཐུགས་སམ་སངས་རྒྱས་ཀྱི་དགོངས་པ་དེ་ཇི་འདྲ་ཞིག་ཡིན་ཟེར་ན། འདིའི་རྩ་བའི་ཚིག་གི་ནང་ན་འདི་ལྟར།

སྟོང་གསལ་མཐའ་དབུས་བྲལ་བའི་ཆོས་ཀྱི་དབྱིངས།།

འཛིན་མེད་འོད་གསལ་རིག་སྟོང་རྗེན་པའི་གཤིས།།

ཡེ་ཤེས་གཅིག་གི་ངོ་བོར་རོ་གཅིག་པའི།།

མ་བཅོས་མཉམ་པ་ཆེན་པོའི་ཀློང་དུ་ཨཿ

ཞེས་གསུངས་པས། སྟོང་གསལ་མཐའ་དབུས་བྲལ་བའི་ཆོས་ཀྱི་དབྱིངས་ཞེས་པས། ནང་གསལ་ཀ་དག་གི་ངོ་བོ་ཆོས་སྐུའི་ཡེ་ཤེས་རྟག་ཁྱབ་འཕོ་མེད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སངས་རྒྱས་ཀྱི་དགོངས་པ་བཤད་པ་རེད། འཛིན་མེད་འོད་གསལ་རིག་སྟོང་རྗེན་པའི་གཤིས་ཟེར་བ་འདིས། མདངས་ནང་གསལ་ལོངས་སྐུའི་ཡེ་ཤེས་གསལ་ལ་འཛིན་པ་མེད་པའམ་གསལ་སྟོང་འགག་པ་མེད་པའི་རང་བཞིན་བསྟན་པ་རེད། དེའི་འཕྲོར་རིག་སྟོང་རྗེན་པའི་གཤིས་ཞེས་པའི་རིག་སྟོང་རྗེན་པ་ནི། གདངས་ཕྱི་གསལ་ལྷུན་གྲུབ་ཐུགས་རྗེ་ཀུན་ཁྱབ་རིག་སྟོང་སྤྲུལ་སྐུའི་ཡེ་ཤེས་བསྟན་ནས། ཡེ་ཤེས་གཅིག་གི་ངོ་བོར་རོ་གཅིག་པས་ཞེས་པ་དབྱིངས་རིག་དབྱེར་མེད་ཟུང་འཇུག་མཉམ་པ་ཆེན་པོ་བསྟན། མ་བཅོས་མཉམ་པ་ཆེན་པོའི་ཀློང་དུ་ཨཿ་ཞེས་པས་དེ་ལྟ་བུའི་སྐུ་གསུམ་དགོངས་པ་གཅིག་འདུས། དབྱིངས་དང་ཡེ་ཤེས་དབྱེར་མེད་པ། བདེ་དང་སྟོང་པ་ཟུང་དུ་འཇུག་པ། ཤེས་དང་ཤེས་བྱ་རོ་གཅིག་པའི་མ་བཅོས་རང་གསལ་དུ་བཞག་ན། རང་ངོ་ནང་ནས་མཐོང་བའི་འཁོར་འདས་མཉམ་བརྡལ་ཆེན་པོ། རྫོགས་ཆེན་མན་ངག་སྡེའི་ཆོས་སྐད་ལྟར་ན། དམ་ཚིག་གི་མདོ་ཆིངས་ཆེན་པོ་བཞི། མེད་དང་ཕྱལ་བ་ལྷུན་གྲུབ་གསུམ་མཐར་གཅིག་པུ་གཉིས་སུ་བྱར་མེད་ཆོས་དབྱིངས་ཐིག་ལེ་ཉག་གཅིག སྐྱེ་མེད་ཆོས་སྐུའི་དགོངས་པ་ཨ་ཡིག་སྟོང་ཆེན་འགག་མེད་ཀྱི་རྒྱ་ཡིས་དམིགས་མེད་དུ་རྒྱས་བཏབ་པ་རེད། ཅེས་བརྗོད་མེད་མཉམ་པར་བཞག་ཅེས་པའི་མཐའ་མར་ཨཿཡིག་འདི་རྫོགས་ཆེན་སྐྱེ་འགག་གནས་མེད་འགྲོ་འོང་དང་བྲལ་བའི་ངང་ལ་རྒྱུན་དུ་མཉམ་པར་ཞོག་དང་། དུས་རིང་ཐོག་མེད་ནས་དཀའ་བ་བརྒྱ་ཕྲག་གིས་ངལ་ཞིང་དུབ་པའི་སེམས་ཀྱི་ངལ་གསོའི་བསྟི་གནས་ཤིག ཚེ་འདིའི་འདུག་རྟེན། ཕྱི་མའི་འགྲོ་རྟེན་རང་གཞན་དོན་གཉིས་འགྲུབ་པའི་རྙེད་པ་དོན་དང་ལྡན་པ་ཞིག་དེ་ན་ཡོད་ཅེས་པ་རེད། དེ་ཚོའི་གོ་དོན་ལ་དེ་ཙམ་མི་ཡོང་གི་བསམ་ན། ལས་དང་པོ་བ་དག་གིས་བླ་མའི་རྣལ་འབྱོར་གྱི་ཐུགས་ཡིད་དབྱེར་མེད་དུ་བསྲེས་སའི་སྐབས་ལ་ཐོན་དུས། འདུག་སྟངས་རྣམ་སྣང་ཆོས་བདུན་ཞིག་འཆོས་ལ། གོང་གི་ཚིག་དེ་དག་རྒྱ་ཆེན་རྒྱང་རིང་དེ་ཙམ་མི་གོ་གི་བསམ་ན། དད་པ་དང་གཅིག ཕྱོགས་རིས་མེད་པའི་སྙིང་རྗེ་དང་གཉིས། ཡེངས་པ་མེད་པའི་སྒོམ་སྟེ་འདས་པའི་རྣམ་རྟོག་གི་རྗེས་མ་བདའ། མ་འོངས་རྣམ་རྟོག་གི་སྔོན་མི་བསུ་པར་ལྷོད་དེ་འཇོག་པ་དང་། འདི་གསུམ་པོ་ཆུ་དང་འོ་མ་གཉིས་ཀ་བསྲེས་ན་ཁ་ཁ་རུ་ཕྱེ་རྒྱུ་མེད་པ་དེ་ལྟ་བུའི་ངང་ལ། ལུས་སེམས་གཉིས་ཀ་ལྷོད་ལ་ཕོབས་ཏེ་ཞོག་དང་རིམ་གྱིས་རེད་ཡོང་། དེའི་མིང་ལ་སྒོམ་རྒྱག་ཟེར་བ་རེད། དེའི་སྐབས་རྣམ་རྟོག་འདྲ་མི་འདྲ་ཤར་བ་རེད། མྱི་གསོན་པོ་རྣམ་རྟོག་མི་ཤར་བ་ཞིག་གང་ན་ཡོད། འོན་ཀྱང་། ཁོ་རང་ལྟོས་མེད་དུ་འཕངས་ནས་སྐྱུར་ཞོག་དང་སྔར་གྱི་ཉམས་ལེན་དེའི་རྒྱུན་སྐྱོང་དང་རིམ་གྱིས་རིམ་གྱིས་གོམས་སོང་ན། མཉམ་བཞག་ཐུན་གྱི་སྐབས་ལ་ནམ་མཁའ་སྤྲིན་དང་བྲལ་པ་ལྟ་བུའི་དྭངས་གསལ་གཡོ་མེད་སྒྲིབ་གཡོག་དང་བྲལ་བའི་ཉམས་ཞིག་དང་། རྗེས་ཐོབ་ཐུན་ལས་གྲོལ་དུས་སྣང་གྲགས་མཐོང་ཐོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུའི་ཉམས་སྣང་དང་མ་བྲལ་བ་ཞིག་ཡོང་ན། བར་སྐབས་ཞིག་ཉམས་དེ་རྟོགས་པ་ལ་འགྱུར་དུས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། དད་དང་སྙིང་རྗེ་ཇེ་ཆེར་སོང་ཕྱིན་སོང་ན་ཉམས་ལེན་ནོར་འཆུག་མེད་པའི་རྟགས་རེད། གཙོ་བོ་དད་པ་དང་དག་སྣང་ཡོད་ན་ཉམས་ལེན་གཞན་ཅི་ཡང་མེད་རུང་སྐྱོན་མེད། རིག་འཛིན་མཁའ་སྤྱོད་གྲུབ་པའི་ཉེ་ལམ་ཟེར་བ་དེ། ཤི་རན་ཁར་སྣོད་བཅུད་ཐམས་ཅད་ཟངས་མདོག་དཔལ་རིར་གསལ་ཐུབ་ན་རབས་རེད། མ་ཐུབ་རུང་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་གོང་ནས་བཤད་འདུག་པ་དེར་གསལ་བའི་སྤྱི་བོའི་གཙུག་གི་མདུན་གྱི་ནམ་མཁའི་ཁམས་ལ། བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་ཀྱི་ཐུགས་ཀར་ཐིམ་འགྲོ་བར་བསམ་ནས་ཐུགས་ཡིད་དབྱེར་མེད་དུ་བསྲེས་ནས་མཉམ་པར་བཞག་དགོས་པ་རེད། དེ་ལྟར་བྱས་ན་ཇི་འདྲ་སྡུག་རུང་ངན་སོང་གསུམ་ལ་མི་འགྲོ་བ་གུ་རུ་རིན་པོ་ཆེས་ཁོང་གིས་ཁག་ཁུར་གསུངས་འདུག

ཐུན་མཐར། དཔལ་ལྡན་རྩ་བའི་བླ་མ་སོགས་དང་ཞེས་བསྔོ་བ་སྨོན་ལམ་ཅི་རིགས་པ་སྦྱོར་བ་ནི་སྤྱི་འགྲོས་ལྟར་དུ་རེད། འདི་ན་དང་ཞེས་པའི་དང་སྒྲས་ཅི་ཞིག་བསྟན་ན་འོག་མའི་ཚིག་དེ་ཡར་ལ་དྲངས་ནས་མཚམས་སྦྱོར་གྱི་དོད་རེད། དེ་ཡན་ཆད་ཀྱིས་བླ་མའི་རྣལ་འབྱོར་བཤད་པ་སོང་ནས། འདིའི་འོག་གི་ཚིག་རྐང་བརྒྱད་འདི་ཀུན་མཁྱེན་འཇིགས་གླིང་གི་གསུང་བྱིན་རླབས་ཅན་རྒྱུན་གྱི་དགེ་སྦྱོར་ཅི་རིགས་པ་འདི་དང་སྦྱོར་བྱེད་ལ་འདི་ན་ཟུར་བཀོལ་དུ་དྲངས་པ་ཡིན།།

ཧྲཱིཿ བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་མདོར་བསྟན་པ།

དེ་རིང་གི་བཤད་སྐལ་ངོ་མ་འདི་དང་སྦྲགས་ནས་བདེ་ཆེན་ཞིང་ཁྲིད་ཀྱི་དོད་ཐུབ་བྱས་ནས་བཤད་བསམ་པ་ཡིན་ཡང་། དུས་ཚོད་ཀྱིས་དེ་ཙམ་ཞིག་འདང་མ་ཐུབ་མོད། ད་རུང་ཆོས་འདི་འཛིན་ཅིང་ཕྱི་མ་ཕྱི་མའི་དུས་སུ་འདིའི་འཆད་ཁྲིད་དར་ཞིང་རྒྱས་པར་ཡོང་བའི་རྟེན་འབྲེལ་མཐའ་ཅན་བྱེད་པ་ལས་ཐབས་མ་ཡོད་པ་རེད།

ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་ནི།།

འགག་མེད་སྙིང་རྗེར་ལོངས་སྤྱོད་སྤྱན་རས་གཟིགས།།

ཨོ་རྒྱན་པཎ་ཆེན་རྫུས་སྐྱེས་སྤྲུལ་བའི་སྐུར།།

གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ།།

འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་།།

ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག།

བདེ་བ་ཅན་དང་རི་བོ་པོ་ཏ་ལ།།

ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག།

ཅེས་གསུངས་ཏེ། ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་ནི། །འགག་མེད་སྙིང་རྗེར་ལོངས་སྤྱོད་སྤྱན་རས་གཟིགས། །ཨོ་རྒྱན་པཎ་ཆེན་རྫུས་སྐྱེས་སྤྲུལ་བའི་སྐུ། །ཚིག་གསུམ་འདིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དང་པོ་རྟེན་ཞིང་ཁམས་སྣོད་བཅུད་དང་བཅས་པ་ཡིད་ལ་བྱ་བ་དེ་བསྟན།

བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་མང་ཆེ་བས་ཤེས་ས་ཡོད། རྟེན་རྒྱུ་གྲོགས་རྐྱེན་ཟེར་བ་རེད། ༡རྟེན་ཞིང་ཁམས་ཡིད་ལ་བྱེད་པ་དང་། ༢རྒྱུ་ཚོགས་བསགས་སྒྲིབ་སྦྱངས། ༣གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ༤རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ་དེ་དག་རེད། དེའི་ནང་གི་དང་པོ་དེ་བསྟན་པ་རེད། གསོལ་བ་འདེབས་སོ་ཞེས་པས་རྒྱུ་ཚོགས་བསགས་སྒྲིབ་སྦྱངས་བསྟན་པའི་ཤུགས་སམ་དེའི་ཞོར་དུ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བཅས་པས། ནད་གདོན་བར་ཆད་སོལ། །འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག །བདེ་བ་ཅན་དང་རི་བོ་པོ་ཏ་ལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཅེས་པ་འདིས་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ་བསྟན་པར་བཀྲལ་ཆོག་རེད། སྤྱིར་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱངས་ནི་ད་རེས་རྡོར་སེམས་སྒོམ་བཟླས་དང་། མཎྜལ་ལ་སོགས་ལ་སྦྲེལ་ནས་བསག་སྦྱངས་གཉིས་ཀྱི་གནད་ཐམས་ཅད་ཡན་ལག་བདུན་པར་བསྡུས་ཏེ་བསྟན་པ་རེད།།

རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་དེ་བཞིན་དུ་སོང་བ་ཡིན་ན། ད་རེས་ངོ་མས་བཤད་ན། རྒྱུ་དང་པོ་རྟེན་ཡིད་ལ་བྱ་རྒྱུའི་སྐོར་དང་། ཚོགས་བསག་གི་ནང་ནས་མཆོད་བཤམས་བྱེད་ལུགས། ཕྱག་བསྐོར་གནས་མཇལ་བྱེད་ལུགས་ཀྱི་སྐོར་དང་། དེའི་སྟེང་དུ། རྒྱུ་བཞི་བ་རྐྱེན་སྨོན་ལམ་དག་པས་མཚམས་སྦྱོར་བའི་སྐོར་འདི་ཉིན་བཞི་བའི་ཞིང་ཁྲིད་ལ་རྒྱས་བཤད་འདྲ་ཞིག་བྱེད་དགོས་བསམ་ཡང་། དུས་ཚོད་ཀྱིས་ད་ཐེངས་མ་འདང་བ་རེད། ཡིན་ན་ཡང་ཉན་ཐུབ་མཁན་ཞིག་ལ། ད་སྔ་ཆགས་མེད་བདེ་སྨོན་གྱི་ཐོག་ནས་ཞིང་ཁྲིད་རྒྱས་པ་ཚར་གཉིས། ཡང་ངས་བྲིས་པའི་བདེ་སྨོན་ཐུང་ཐུང་གི་སྟེང་ནས་ན་ནིང་ཞིག་ལ་ཚར་གཅིག་བཤད་ཡོད། དེ་མིན་རུང་ད་ལོའི་ལོ་རིང་ལ་ས་ཆ་གཞན་ནས་བཤད་ཡོད་པས། རྗེས་མ་དེ་ཚོའི་སྒྲ་ཕབས་ཀྱི་འོད་ལྡེར་འདྲ་ཉན་རྒྱུ་ཡོད་ཡོང་དུས་ཉན་ཆོག་པ་རེད། མི་ཉན་པ་དང་ཞེ་ལ་མི་འཛིན་པ་ལ་ད་རེས་མི་ཚད་གཞན་དུ་ཐེངས་མ་བརྒྱ་ལ་རྣ་ལམ་དུ་བསྒྲགས་རུང་། ཁྱི་ལ་སྐར་མ་བསྟན་པ་ལྟ་བུའི་མྱི་ཡོད་པ་རེད། དེ་འདྲ་བ་དེ་ནི་ཆོས་ལ་དང་འདོད་མེད་པ་ཡིན་ཡང་། འདིའི་ནང་ན་དེ་འདྲ་ཡོད་རྒྱུ་མ་རེད་བསམ་བཞིན་ཡོད། འདིའི་ནང་ལ་གོམ་པ་ཞིག་སྤོས་ཚད་པོས་རྣམ་དཔྱོད་ཀྱི་བློ་མིག་རྒྱ་ཆེ་ཆུང་ལ་མ་ལྟོས་པར། རང་རང་ལ་ཆེ་ཚད་ཆུང་མིིན་གྱིས་བརྟག་དཔྱད་བྱེད་པའི་རྣམ་དཔྱོད་ཅིག་ཡོད་པའི་རྟགས་ཀྱིས་ཡོང་གི་འདུག་པ་རེད་མ་གཏོགས་མེད་ན་ཡོང་དོན་མེད།

འདིར་འདུས་ཚད་སྔར་བསགས་ལས་དང་སྨོན་ལམ་གྱིས་ཆོས་འདི་དང་ཆོས་བརྒྱུད་འདི་ལ་འབྲེལ་བའི་མྱི་རེད་ཟེར་ཆོག་རེད། དེ་ཡང་སྔོན་འགྲོའི་ངག་འདོན་གྱི་ཐད་ནས་ད་སྔ་ཀུན་བཟང་བླ་མའི་ཞལ་ལུང་ཐེངས་གཅིག་ལ་ཁྲིད་པ་རེད། རྣམ་མཁྱེན་ལམ་བཟང་གི་སྟེང་ནས་ཚར་གཅིག་བཏོན་པ་རེད། ཀུན་མཁྱེན་ཆེན་པོའི་གསུང་མཛོད་བདུན་གྱི་ནང་གི་མན་ངག་མཛོད་བློ་སྦྱོང་ལྟར་དུ་བཀྲལ་བ་གཙོར་འདོན་བྱས་ནས་ཐེངས་གཅིག་ལ་བཏོན་པ་ཡིན། དེ་ཡང་དགེ་བསྙེན་ཕོ་མོ་མང་པོས་ཉན་ཡོད་ས་ཡོད། ཀུན་བཟང་ཞལ་ལུང་ནང་གི་བློ་ལྡོག་རྣམ་བཞི་ཡང་ཟུར་བཀོལ་བྱས་ནས་ཐེངས་གཅིག་ལ་བཏོན་སྣང་ཡོད། སྤྱིར་ན་བློ་སྦྱོང་གི་སྐོར་འདི་ཆོས་དུང་ཞིག་མ་བོས་ན་མ་གཏོགས་མ་བཤད་པ་ཞིག་ཡོད་མ་རེད། དེ་ཚོ་ལ་ཁྱིམ་པ་ཕོ་མོ་ཚོས་ཞོར་དུ་ཉན་ན་ཕན་ཐོག་རེ་འབྱུང་སྲིད་རེད། རྒྱུན་གྱི་ཚོགས་བསགས་མཆོད་འབུལ། གནས་སྐོར་མཆོད་མཇལ་ལ་སོགས་པའི་དགེ་རྩ་ཆེ་ཆུང་ཅི་ཞིག་སྒྲུབ་ནའང་། སྦྱོར་དངོས་རྗེས་གསུམ་དམ་པ་རྣམ་གསུམ་དང་མི་འབྲལ་བ་གྱིས་དང་དེའི་ནང་ལ་འདུས་ཡོད་པ་རེད། དེ་མིན་ད་རེས་དུས་ཚོད་ཆེན་པོ་ཞིག་ཡོད་པ་མ་རེད། དུས་ཟེར་རྒྱུ་འདི་སྐད་ཅིག་ཐེངས་གཅིག་ལ་མི་འདུག་པར་རང་རེའི་མི་ཚེའི་དུས་ཚོད་རིན་ཐང་ཅན་པོ་དང་མཉམ་དུ་འགྲོ་བཞིན་ཡོད་ན། མིག་གཅིག་གི་སྟབས་བསྒྱུར་ལ་ཡང་ད་ལོའི་བདེ་ཆེན་ཞིང་སྒྲུབ་གྲོལ་རན་སོང་རེད། ཞིང་ཁྲིད་ཀྱི་ཆོས་ཁྲིད་ཉི་མ་བཞི་བོ་ཚང་ནས་ད་ནི་ཆུ་ཚོད་སྐར་ཆ་ཆ་ཤས་ཀྱི་འཕྲོ་ནས། རང་རེ་འདི་ན་འདུས་པ་ཐམས་ཅད་ཀྱང་ཕྱོགས་བཞི་མཚམས་བརྒྱད་ཀྱི་རང་གནས་སོ་སོ་ལ་འགྲོ་རན་པའི་དུས་ཐོག་ལ་ཐོན་སོང་རེད། འུ་ཅག་མཉམ་དུ་འདི་འདྲའི་ཞིང་ཁྲིད་ཅི་ཙམ་འཚོག་རྒྱུ་ཡོད་སུས་ཤེས། ལར་འཚོགས་རྒྱུ་ཨེ་ཡོད་ཀྱང་སུས་ཤེས། གཅིག་རྟག་ན་གཅིག་མི་རྟག་གི་ཡིན་ན། ན་ནིང་ཆོས་རའི་ནང་ན་ཡོད་ན་ད་ལོ་ཕྱི་མའི་ཡུལ་ལ་བུད་སོང་བ་གང་མང་མང་རེད། དེས་ཀྱང་རང་གཞན་གྱི་ཚེ་ལ་ཡིད་རྟོན་མེད་པའི་འདྲ་དཔེ་བསྟན་པ་རེད། དེ་རིང་ཆོས་ཁྲིད་གྲོལ་བ་དང་རང་རེ་སོ་སོར་འབྲལ་བ་འདི་བཞིན་དུ། འདུས་མཐའ་འབྲལ། བསགས་མཐའ་འཛད། མཐོ་མཐའ་ལྷུང་། འབྱོར་མཐའ་རྒུད་པའི་རང་བཞིན་ཅན་མི་རྟག་མཐའ་བཞིའི་བསྡུས་པའི་འཇིག་རྟེན་གྱི་ཆོས་ཉིད་ནི་དེ་འདྲ་ཞིག་ཡིན་པ་ཚང་མས་ཤེས་བཞིན་པ་ལྟར་དུ། ཁྱིམ་བཟའ་ཚང་དགའ་ཉེ་མཐུན་གྲོགས་དང་མཉམ་དུ་འགྲོགས་རྒྱུ་འདི་ཡང་། མཐའ་མར་དུས་ཚོད་ཚང་སོང་དུས་འདི་བཞིན་དུ་འབྲལ་བ་མ་གཏོགས་ཡུན་གྱིས་འགྲོགས་ཐབས་མེད། དེ་མ་དགོས་གཅེས་པར་བསྐྱངས་པའི་རང་ལུས་ཀྱང་གོང་ནས་བཤད་པ་ལྟར། ཉིན་གཅིག་བསྐྱུར་ནས་བེམ་རིག་འབྲལ་བའི་དུས་ཚོད་ནི་སྔ་ཕྱི་མ་གཏོགས་མྱི་གཅིག་གི་སྟེང་ལ་ཡོང་བ་འདྲ་ཞིག་ཚང་མའི་སྟེང་ལ་ཡོང་རྒྱུ་དེ། ཁ་སང་བླ་བདེ་ཡི་ཚབ་ལ་ཉིན་གཅིག་རང་ཉིད་ཀྱང་འགྲོ་རན་པ་གོམ་པ་སྔ་འཕྲོ་ཕྱི་འཕྲོ་ཞིག་རེད། གསོན་ཚེ་འདིའི་རིང་ལའང་རང་དབང་རང་ལ་ཡོད་པ་མ་རེད། ཅིའི་ཕྱིར་ཡོད་མ་རེད་ཅེ་ན། མི་ཤི་བསམ་ན་རང་དབང་མེད། མི་རྒས་བསམ་ནའང་རང་དབང་མེད་ཀི་མོ། མི་ན་བསམ་ནའང་རང་དབང་གཏན་ནས་མེད་ཀི་ཡིན་ན། མི་འདོད་པ་ཐོག་ལ་མ་བབས་ན་བསམ་ནའང་རང་དབང་གཏན་ནས་མེད་པར་བབས་ཡོང་གི འདོད་པ་ཞིག་ཐོག་ལ་ཨེ་ཁེལ་བལྟ་དུས་རང་དབང་མེད་ནས་བསམ་རྒྱུའི་འདོད་པ་ཐོག་ལ་གཏན་ནས་མི་ཁེལ་བ་ཡིན་ན། ཕྱི་མ་དམྱལ་བ་ཡི་དྭགས་དུད་འགྲོ་མ་དགོས་མྱིའི་ལུས་རྟེན་ནད་མེད་དབང་པོ་ཚང་། ཕྱིའི་རྒྱུ་ནོར་ནང་ཤེས་ཡོན་དམ་པའི་ཡོན་ཏན་མང་པོས་བརྒྱན་པ་ཞིག་བསམ་བསམ་ཡང་། བསམ་པ་རྐྱང་བས་རང་དབང་གཏན་ནས་མེད་པ། དབང་མེད་འཁོར་བའི་སྡུག་བསྔལ་འདིའི་ནང་ནས་རང་གཞན་ཐམས་ཅད་ཐར། ཚེ་འདིར་ཆོས་ནོར་འདོད་དང་ཐར་བའི་ཕུན་ཚོགས་སྡེ་བཞི་འཛོམས། ཕྱི་མ་བདེ་ནས་བདེ་བའི་ལམ་ལ་བསྐྱོད་དེ། ཟག་མེད་ཀྱི་བདེ་བ་ཆེན་པོའི་དགའ་སྟོན་ལ་ལོངས་སུ་སྤྱོད་རྒྱུའི་དོན་ལ་དམ་པའི་ལྷ་ཆོས་སྒྲུབ་དགོས་པ་རེད། དེས་ན་འདིའི་རང་དབང་མེད་པའི་ཕུགས་དེ་བཅད་ཡོང་ན། འདི་ག་ཤེད་ལ་གཅིག་གིས་བཙན་པོ་དབང་ཡོད་བྱས་ནས་ལས་མ་དྲང་བར་འཁོར་བའི་སེམས་ཅན་ལ་མནར་གཅོད་གཏོང་གི་འདུག་པའི་བྱེད་པོ་གཞན་དག་ཞིག་ཟུར་ན་ཡོད་པ་མ་རེད། འདི་གང་ལས་བྱུང་ཞེ་ན། སྲིན་བུ་རང་གི་ལུས་ནས་བུད་པའི་ཁ་ཆུ་དར་སྐུད་ཀྱིས་རང་གི་ལུས་པོ་འཆིང་གི་ཡོད་པ་འདྲ་བོ་འདི། གཞི་མ་འཁྲུལ་ཡང་། གཞི་མ་འཁྲུལ་བ་ལས་གཞི་སྣང་གིས་འཁྲུལ། རང་སྣང་གཞན་དུ་བཟུང་ཞིང་མ་རིག་པའི་དབང་དུ་སོང་ནས་ལས་དང་ཉོན་མོངས་ཀྱི་དྲྭ་བའི་འགོ་དེ་ནས་བཙུགས་ཏེ། ཐོག་མེད་ནས་ད་ལྟའི་བར་ལ་གཉིད་མ་བདེ་བའི་རྨི་ལམ་གྱི་སྣང་བ་སད་རྒྱུ་མེད་པ་འཁྲུལ་རྒྱུན་རིང་ལ་འཁྲུལ་ཚབ་ཆེ་བའི་སྣང་བ་འདི་བྱུང་བ་ཡིན། འདིའི་རྩ་བ་དེད་ནས་སོང་དུས་རང་ཉིད་ལ་དེ་ལྟར་ཐུག་ཡོད། ཁྱོད་ཡིན་པ་རྒྱལ་པོའི་རྒྱལ་སྲས་ཡིན། ཁྱོད་མྱི་རང་གིས་འཇོན་ན་རྒྱལ་སྲིད་མངའ་ཐང་དེ་བསྐྱངས་ཆོག་པ་ཅན་པོ། རང་ངོ་རང་གིས་མ་ཤེས་པར་ཐང་འཁྱམས་ལ་སོང་ནས། ཁྱོད་ཀྱིས་སློང་ཟས་གཞན་ལས་བསླངས་ནས་འཚོ་བ་གཞན་བསྟེན་གྱིས་སྐྱེལ་དགོས་པའི་ཉམ་ཆུང་བརྒྱ་ཡི་གྲལ་རྔ་ན། རང་དབང་རང་ལ་མེད་པར་ལྟོགས་སྐོམ་ཚ་གྲང་གི་སྡུག་བསྔལ་མྱོང་མི་བབས་རྒྱུ་བོ་རང་གིས་ཉོས་པ་རེད་ཟེར་རྒྱུའི་གོ་བའི་ཁྱེར་ཕྱོགས་འདྲ་ཞིག་ལ་འབབ་ཀྱིན་ཡོད་པ་རེད། ད་རེས་ཉི་མ་བཞི་པོའི་ཆོས་ཁྲིད་ཀྱི་གོ་དོན་ཚུར་ཕྱོགས་སྡོམ་ཞིག་བྱས་ན། འུ་ཅག་ས་འདིའི་སྟེང་ལ་འགྲོ་བ་མིའི་ལུས་རྟེན་ཞིག་བླངས་པ་ཡིན་ན། འདིར་འགྲེང་སྟེ་འགྲོ་བའི་རྐང་གཉིས་མི་ཟེར་བ་དེ་རེད། མཐོ་རིས་ཀྱི་ལུས་རྟེན་རྣམ་དཔྱོད་དང་བློ་གྲོས་སྲོག་ཆགས་གཞན་ལས་ལྷག་པ་ཞིག་ཡིན་དུས། དུད་འགྲོ་རྨོངས་པ་ལས་ལྷག་པའི་རང་གཞན་འདི་ཕྱིའི་བདེ་དོན་ལ་བསམ་བློ་ཞིག་གཏོང་ཤེས་པར་མ་ཚད་འདང་ཞིག་ཕོག ཚོད་ཅིག་ཐིག་དགོས་ཟེར་རྒྱུ་དེའི་གཏམ་གྱི་གླེང་གཞི་ནས་མགོ་བཟུང་སྟེ། དབང་མེད་ཉམ་ཆུང་གི་སྐྱེ་བོའི་ཚེ་སྲོག་འདི་ལ་ཡིད་བརྟན་མེད་པ། ཡིད་བརྟན་མེད་པའི་ཁར་ཚེ་འདིའི་བདེ་སྐྱིད་ཀྱང་ལུས་ཀྱི་བདེ་སྐྱིད་འདི་གཙོ་བོ་མ་རེད། སེམས་ཀྱི་བདེ་སྐྱིད་འདི་གཙོ་བོ་རེད་ཡོད་པས། འདི་སྒྲུབ་ཐབས་ཆོས་ལས་མ་གཏོགས་མི་རྙེད་པ། ཚེ་འདིའི་སྐྱིད་ཐབས་བདེ་ཐབས་རྐྱང་བའི་བྱ་བ་ཞིག་སྒྲུབ་དགོས་ན་ཡང་། མྱི་ནུས་པས་མ་འདང་ན། དེ་ལས་བརྒལ་བའི་ནུས་པ་ཅན་དཀོན་མཆོག་གསུམ་པོར་མི་བསྟེན་ཐབས་མེད་ཡིན་པས། ད་ནི་གང་ལ་བསམ་བློ་བཏང་ན་ཆོས་ཀྱི་འཚོ་བ་ནི་མྱིའི་འཚོ་བའི་ནང་ལ་མེད་པའི་ཐབས་མེད་ཅིག་རེད་བསྡད་ཡོད་པ། དེ་མེད་ན་དུད་འགྲོ་སྒོ་ཟོག་དང་ཁྱད་པར་མི་ཆེ་བ་བསམ་རྒྱུའི་ཕྱོགས་དེ་རིག་པ་རེད། དེ་རིག་ནས་ཆོས་སྒྲུབ་པའི་ཕན་ཐོག་སྤྱོད་སྒོ་ཅི་ཡིན་ཤེས་སོང་པ་རེད། ཆོས་ནི་ཇི་འདྲ་ཞིག་ཡིན་པ་རགས་རིམ་ཧ་ལམ་པ་ངེས་ཀྱང་། དེ་ཚོ་ཤེས་ནི་རྐྱང་བས་མི་ཆོག་པར་ཆོས་དངོས་སུ་སྒྲུབ་ན་གཞི་ནས་འབྲས་བུ་འབྱིན། ཆུ་རིག་ན་སྐོམ་མི་སོད། ཆུའི་ནུས་པ་ཤེས་ཀྱང་ཕན་ཐོགས་མེད། ཆུ་བཏུང་བཏང་ནས་ཁོག་པའི་ནང་ལ་བུད་སོང་ན་སྐོམ་སོད་པ་ལྟར་ཡིན། སྔར་ཡང་དེ་ལྟར་མང་བོ་བཤད་མྱོང་རེད། ཡང་ཆོས་སྒྲུབ་ས་ལ་ཐུག་དུས། སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ཐེག་པ་གསུམ་གྱི་རྣམ་གཞག་མདོ་དང་སྔགས་ཀྱི་ཆོས་ཚུལ་ལ་སོགས་པ། སྐས་ཀྱི་བང་རིམ་འདྲ་བའི་རིམ་པ་བརྒྱུད་དགོས་རེད་བསམ་རྒྱུ་ཞིག་ཤེས་སོང་བ་རེད། དེ་ན་ཡང་ནད་དང་སྨན་སྤྲད་པ་འདྲ་བར་གདུལ་བྱ་སོ་སོ་ལ་གང་འཕྲོད་ལྟར་གྱི་ཆོས་བསྟན་པ་རེད་བསམ་རྒྱུ་ཡང་ཤེས་སོང་བ་རེད། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་སྒོ་མཐའ་དག་མཐར་གདུལ་བྱ་ཐར་ལམ་ལ་འགོད་ཆེད་དང་། དེ་ལ་ཡང་ལམ་གྱི་མྱུར་ཞན་དང་གདམས་པའི་ཟབ་ཁྱད་ལ་གནམ་ས་འདྲ་རྒྱུག་པ་རེད་བསམ་པ་ཞིག་ཤེས་དུས། རབ་དང་སླ་མོ་མི་གདམ་པར་ངན་པ་དང་དཀའ་མོ་ཅི་ལ་གདམ་གི་འདུག། ཡུན་ཐུང་ཐུང་སྟབས་བདེ་མོ་ཡིས་བྱ་བ་དོན་ཆེན་འགྲུབ་མཁན། གདམ་རྒྱུ་རང་ལག་ལ་ཡོད་དུས་མ་གདམ་པའི་མྱི་དེ་ཚོ་མྱི་ཞིག་མ་རེད་གླེན་པ་ཞིག་རེད་ཅན་པོ་རེད། དེ་ནི་མྱི་ཀླད་མེད་ཀྱི་འདང་རྒྱག་རེད་ཡོད་ཀི། དེ་དག་ཐམས་ཅད་གཏན་ལ་ཕབས་ན་ལམ་ལོག་པ་ལས་ལྡོག་པའི་ཆེད་དུ་སྐྱབས་འགྲོ་དགོས། ལམ་དམན་པ་ལས་ལྡོག་པའི་ཆེད་དུ་སེམས་བསྐྱེད་དགོས། དེའི་སྟེང་ནས་ཚོགས་བསགས་སྒྲིབ་སྦྱངས་བྱ་རྒྱུ་འདི་མེད་ཐབས་མེད་པ། བསོད་ནམས་ཀྱི་ཚོགས་བསགས་པ་ལ་བསྟེན་ནས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་རེད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་དུས། ཚོགས་གཉིས་ཤིང་རྟ་ཞིག་ལ་མཚོན་ན་འཕང་ལོ་གཉིས་ལྡན་རེད། བྱ་ཞིག་ལ་མཚོན་ན་གཤོག་པ་གཉིས་ལྡན་འཕུར་ནས་གནམ་འཕངས་གཅོད་ཐུབ་པ་འདྲ་བ། རྣམ་མཁྱེན་རྫོགས་བྱང་གི་ས་ལ་བགྲོད་བྱེད་རེད་ཅེས་ཡན་ལག་བདུན་པ་བཤད་པ་རེད། ཚོགས་བསག་སྒྲིབ་པ་སྦྱང་བའི་ལག་རྗེས་དེ་ལ་བརྟེན་ནས་རྟོགས་ལྡན་བླ་མའི་དགོངས་བརྒྱུད་ཀྱི་བྱིན་རླབས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པ་རང་རྒྱུད་ལ་བཙན་ཐབས་སུ་འཕོ་དགོས། གནད་ཡོངས་རྫོགས་དེའི་ནང་ལ་འདུས་ཡོད་ཅེས། མཐའ་གཞུག་བླ་མའི་རྣལ་འབྱོར་གྱི་ཁྲིད་བཤད་ནས་སྒོམ་རྒྱག་སྟངས་བསླབ་པ་ཡིན། དེ་ཡིན་ན་ཡང་། ཆོས་བཤད་རྒྱུ་གཅིག་དེ་ཆོས་ར་གཅིག་གི་ནང་དུ་མཉམ་པོར་ཉན་རུང་ཉམས་ལེན་ལག་ལེན་ལ་སྦྱོར་ས་ནས་ཐམས་ཅད་གཅིག་འདྲ་འདྲ་ཞིག་ཡོང་དཀའ་བ་རེད། ཚེ་འདིར་ལུས་འདིའི་སྟེང་ནས་གྲོལ་བ་ཐོབ་པའི་ཁྱིམ་པ་ཕོ་མོ་མེད་ཟེར་མི་ཤེས་ཀྱང་། ཐམས་ཅད་ཕྱམ་གཅིག་ལ་སྔོན་ཆད་རྒྱལ་པོ་ཨིནྡྲ་བྷུ་ཏི་འཁོར་ཚོམ་བུ་འབུམ་དང་བཅས་པ་གྲོལ་བ་འདྲ་ཞིག་དཀའ་བ་རེད། གལ་ཏེ་ཚེ་འདིར་མ་གྲོལ་ན་ད་ཅིའི་དགའ་ཟེར་ན། འཁོར་བ་འདི་ནས་སྐྱེ་བ་གཅིག་འདིའི་ཐོག་ནས་ཐར་བ་མ་ཐོབ་ནས་སྐྱེ་བ་གཞན་བརྒྱུད་དགོས་པས་བདེ་བ་ཅན་བས་དགའ་མེད། དག་ཞིང་གཞན་ཡིན་ན་ས་ཐོབ་ཀྱི་སེམས་དཔའ་མིན་ན་མི་ཐོན་ལ། བདེ་བ་ཅན་དག་པའི་ཞིང་ཁམས་ཁྱད་པར་ཅན་ཡིན་པ་བདེ་སྐྱིད་ལོངས་སྤྱོད། ཞིང་ཁམས་གཞན་སྟོང་ཕྲག་བརྒྱ་ཅུ་རྩ་གཅིག་གི་བདེ་སྐྱིད་བསྡོམས་ཡོད་ས། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་བསྐྱེད་དང་། སྨོན་ལམ་གྱིས་སོ་སོའི་སྐྱེ་བོ་ཡིན་རུང་ཐོན་ཐུབ་ས་ཅན་པོ། འདི་ལ་འདུན་པ་ཡིན་གཅིག་མིན་གཅིག་གཏད་དགོས་པ་རེད། བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་ཚོགས་ན་ཅི་བཤད། རྒྱུ་བཞི་པོ་མ་ཚོགས་ན་ཡང་རྟེན་དང་རྒྱུ་སྨོན་ལམ་གསུམ་པོ་ཚོགས་ན་སྐྱེས་ཐུབ། རྟེན་ཞིང་ཁམས་ཡིད་ལ་བྱེད་པ་གཅིག་པོའི་ཀྱང་སྐྱེས་ཐུབ་གསུངས་ན་བློ་སྣ་འདུན་པ་དེ་ལ་གཏད་པ་ལས་དགའ་མེད། དེ་ནས་སྐྱེ་བ་གཅིག་བརྗེ་དུས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རེད་འདུག དེ་མ་ཐོབ་ཀྱི་ཚེ་བདེ་སྐྱིད་ལ་སྤྱོད་བཞིན་ད་ལྟའི་སྐབས་ལ་བླ་སྤྲུལ་གྲྭ་ཚང་གི་སྡེ་དང་ཆོས་ར་གཅིག་གི་ནང་ལ་མཉམ་ཚོགས་བྱས་པ་ལྟར། དེ་དུས་བདེ་བ་ཅན་ནས་གྲོགས་ས་ཐོབ་ཀྱི་བྱང་སེམས་འཕགས་ཆེན་སོགས་དང་ལྷན་དུ་སངས་རྒྱས་འོད་དཔག་མེད་སྐུ་དངོས་ཀྱི་མདུན་ནས། ཆོས་ཉན་ཆོག་པར་མ་ཚད་ཞིང་ཁམས་གཞན་ལ་རྫུ་འཕྲུལ་གྱིས་སོང་སྟེ་སངས་རྒྱས་མང་པོའི་མདུན་ནས་ཀྱང་ཆོས་ཉན་ཆོག་གི་འདུག་ཅེས། འུ་ཅག་གིས་ཆོས་ཁྲིད་ཉིན་བཞི་བ་བདེ་ཆེན་ཞིང་ཁྲིད་ཀྱི་དོད་པོ་བྱས་ནས་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་སྒྲུབ་དགོས་ཞེས་བདེ་ཆེན་ཞིང་ཁྲིད་དང་སྦྲེལ་བའི་མཚམས་འདི་ནས་ད་ལོའི་ཆོས་མཚམས་འཇོག་ས་ལ་ཐུག་པ་རེད། ད་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ་བཟླས་མཎྜལ་བླ་མའི་རྣལ་འབྱོར། བདེ་ཆེན་ཞིང་ཁྲིད་བཅས་གང་ནས་བཤད་རུང་ཐམས་ཅད་པོའི་གནད་ཀྱི་འགག་མདོ་གཅིག་རེད། །འབབ་ས་གཅིག་ལ་བབས་པ་རེད། འབབ་ས་གཅིག་གང་རེད་ཅེ་ན། དད་པས་སྒོ་ཕྱེས་ནས་སྐྱབས་འགྲོ་གཞི་གདན་འཕང་། སེམས་བསྐྱེད་ཀྱི་ཐར་ལམ་ཡང་དག་ཞིག་བསྙེགས་ནས་ལམ་ཚོགས་བསག་སྒྲིབ་སྦྱངས་ཀྱི་རིམ་པ་བརྒྱུད་ནས། བླ་མའི་ཐུགས་སམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། མགོན་པོ་འོད་དཔག་མེད་དང་དབྱེར་མེད་ཀྱི་ཐུགས་ཀློང་དུ་ཚེ་འདི་ལ་གྲོལ་ན་རབ་རེད། མ་གྲོལ་ན་ཡང་བདེ་བ་ཅན་དུ་འགྲོ་བསམ་ན་བདེ་བ་ཅན་དང་། རི་བོ་པོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ལ་འགྲོ་བསམ་ན་དེ་ལ། མིན་ན་འགའ་རེ་ཟངས་མདོག་དཔལ་རི་རིག་འཛིན་འདུས་པའི་ཚོགས་གྲལ་ལ་འགྲོ་བསམ་མཁན་ཡོད་ན། གང་དགའ་རང་ལག་ལ་ཡོད་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་གྱི་ངག་འདོན་གྱི་ལུང་རྒྱུན་ཁྲིད་རྒྱུན་ཡང་ཐོབ་པར་བྱས་པ་རེད། འཕགས་པ་སྤྱན་རས་གཟིགས། རྗེ་བཙུན་སྒྲོལ་མ། སློབ་དཔོན་པདྨ་ཚང་མ་སངས་རྒྱས་འོད་དཔག་མེད་ཀྱི་སྤྲུལ་བ་ཡིན་རེད། གང་གི་ཞིང་ཁམས་ལ་སྐྱེས་ན་གཅིག་པ་ཡིན་ཁྱད་པར་ཞིག་ཡོད་པ་མ་རེད། རྩ་བའི་ཡིག་ཆུང་ལ་ལྟོས་དང་། ཅེས་ཀུན་མཁྱེན་འཇིགས་གླིང་གི་གསུང་བྱིན་ཅན་ལས་དྲངས་པ་འདི་ཉིད་བཏོན་ལ་མ་ཎི་སིདྡྷི་སོགས་རྒྱུན་གྱི་དགེ་སྦྱོར་དང་ངག་འདོན་རིགས་ལ་འབད་དེ་བསྔོ་སྨོན་ཅི་ཤེས་བརྗོད། ཅེས་འཕགས་པ་སྤྱན་རས་གཟིགས་དང་གུ་རུ་རིན་པོ་ཆེའི་གཟུངས་སྔགས་མ་ཎི་སིདྡྷི་གཉིས་ལ་གསང་སྔགས་དང་ནི་རིག་སྔགས་ཀྱི་ནུས་པ་དང་བྱིན་རླབས་ཚང་བར་མི་ཚད། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་གསུང་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་ཐམས་ཅད་འདུས་པ་རེད། མ་ཎི་འདི་རྒྱ་གཞུང་གཙོ་བོར་བྱས་པའི་བཀའ་མའི་ནང་ན་ཡིག་དྲུག་ཨཱོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་འབྱུང་ཡང་། གཏེར་ཕྱོགས་ནས་ཡིག་བདུན་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་མཇུག་ན་ཧྲཱིཿཡོད་པ་ཅན་འདི་ཕར་ཆེར་འབྱུང་བས་ན། དུས་སྙིགས་མ་ལྔ་བདོ་འདི་ལ། ཉེ་བརྒྱུད་གཏེར་མའི་ཆོས་འདིའི་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་མྱུར་བའི་སྟབས་ཀྱིས་སྤྱིར་ན་སྔ་འགྱུར་པ། ཁྱད་པར་དུ་རང་རེའི་ཆོས་རྒྱུན་གྱི་རྒྱུད་པ་འདིས་ཡིག་བདུན་གཙོ་བོར་མཛད་དེ། ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་པ་བགྲང་པ་རེད། ཡིག་དྲུག་ཨཱོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཏོན་ན་ཕན་ཡོན་ཆེན་པོ་ཡོད་པ་རེད། ཕྱི་ནི་སྲོག་བཟླས་ཞི་བའི་ཚུལ། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་གསུངས་པས། དེ་ལ་ཕན་ཡོན་ཡོད་མེད་ཅི་བཤད་ཡོང་། འོན་ཀྱང་། གསང་བ་སྲོག་གི་མཐའ་རྟེན་ཅན། །སྙིགས་མའི་དུས་སུ་སྲོག་མཐའ་རྟེན། །གསུངས་ནས་ཐུགས་སྲོག་གི་སྙིང་པོ་ཡི་གེ་གཅིག་ཏུ་བསྡུས་པ་ཧྲཱིཿཡིག་རེད། ཧྲཱིཿཡིག་གི་མཐའ་རྟེན་ཅན་འདི་སྙིགས་མའི་དུས་འདིར་ཐུགས་རྒྱུད་བསྐུལ་བར་ཐུགས་རྗེ་ལྷག་པར་མྱུར་གསུངས་པ་རེད། དེས་ན་མ་ཎི་རྡོ་ལ་བརྐོ་བ་དང་ཡང་མ་ཎི་རི་འབུར་བྱས་ནས་རི་ངོ་ལ་བརྐོ་དུས་ཨཱོཾ་དེ་འ་ཆུང་ཅན་ཡིན་དགོས། འ་ཆུང་ཅན་བརྐོས་ན་བཟང་། ཨཱོཾ་ཡེ་ཤེས་ལྔ་ལྡན་གྱི་གཟུགས་ཐམས་ཅད་ཆ་ཚང་ཡོང་བར་བྱེད་དགོས་པ་རེད། གུ་རུའི་གཟུངས་སྔགས་བཛྲ་གུ་རུ་འབྲུ་བཅུ་གཉིས་པ་ངག་འདོན་འདི་དང་སྦྲེལ་ནས་གསོག་ན། འདི་ལ་སྦྲེལ་ནས་ཚིག་བདུན་གསོལ་འདེབས་རེ་འགོ་ལ་བཏོན་ནས་བསག་ན། ཚིག་བདུན་གསོལ་འདེབས་འདི་ནི་མཁའ་འགྲོ་མ་འབུམ་ཕྲག་མང་པོས་གུ་རུ་རིན་པོ་ཆེ་ཚོགས་ཀྱི་འཁོར་ལོར་སྤྱན་འདྲེན་པའི་ཚིག གཏེར་ཁ་མང་པོ་ནས་འདི་མགྲིན་དབྱངས་གཅིག་གྱུར་གྱིས་བྱོན་པ། སྔར་རྒྱ་གར་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བཅོམ་ལ་ཉེ་བའི་སྐབས་སུ། མཁའ་འགྲོ་མ་ཞི་བ་མཆོག་གི་ལུང་བསྟན་ལྟར་པཎྜི་ཏ་ཐམས་ཅད་ཀྱིས་ཚིག་འདིས་གུ་རུ་རིན་པོ་ཆེ་སྤྱན་དྲངས་ཡོང་དུས། གུ་རུ་རིན་པོ་ཆེས་མཁའ་འགྲོ་མ་སེངྒེ་གདོང་བ་ཅན་ལ་བསེ་སྒྲོམ་གཏད་ནས་བཀའ་བསྒོས་པ་བཞིན་དུ་གནམ་ལྕགས་ཀྱི་ཐོག་ཕབས་ནས། མུ་སྟེགས་མ་རུང་པ་ཐམས་ཅད་ཚར་བཅད། ལྷག་མ་ཁ་ཤས་ལུས་པ་ནང་པའི་བསྟན་པ་ལ་བཙུད་པ་དེ་ལྟར་མཛད་པ་རེད། མ་ཎི་སིདྡྷིའི་ཚིག་འགྲེལ་དང་དོན་འགྲེལ་རྒྱ་ཆེན་ཡོད་ཀྱང་། ང་ཚོར་དུས་ཚོད་ཀྱིས་འདང་གི་མི་འདུག

ཨཱཿ ཐ་མར་དགེ་བ་མཇུག་གི་དོན།

ཐ་མར་དགེ་བ་མཇུག་གི་དོན་ཅན་པོའི་ཚབ་ལ་ངས་འདི་ཇི་ལྟར་བྲིས་པའི་རྩོམ་བྱང་། ཅེས་ཁྱིམ་ན་གནས་པའི་དགེ་བསྙེན་ཕོ་མོ་ལས་ཁུར་གྱིས་བྲེལ་བ་འགའི་དགོས་མཁོར་སྔ་ཐུན་གྱི་ཞོགས་པའི་ཐུན་བར་ཞིག་ལ་བྲིས་ཞེས། པདྨ་སྐལ་བཟང་དེས། ཞེས་པ་རེད། ཆོས་སྡེ་གཞན་འགའ་རེ་ལ་དགེ་བསྙེན་གྱི་སྡེ་ཞེས་པའི་སྒར་ཁ་ཟུར་བ་ཡོད་ས་ཡོད། ས་ཆ་འདི་ནས་འབྲོག་རུ་བསོད་ནམས་ལྷ་སྡེ་སྡེ་བ་ཚོ་ཁག་བཅུ་གསུམ་པོའི་ཕོ་མོ་རྒན་གཞོན་ཐམས་ཅད་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཡན་ཆད་ཀྱི་ཁྱིམ་པའི་ཕྱོགས་ཀྱི་སོ་ཐར་གྱི་བསླབ་ཚིག་གང་ཡང་རུང་བ་བླངས་མཁན་ཏག་ཏག་ཡིན་པས། རྒན་པ་ཐམས་ཅད་ཀྱིས་ལ་ལས་འབུམ་ལྔ་བསོག་འགའ་རེས་ཡང་བཟླས་གྲངས་དུང་ཕྱུར་བསོག་གི་ཡོད་པས། མང་ཆེ་བས་ཆོ་ག་ངག་འདོན་མ་བསྡུས་པ་རེ་དང་འབྲེལ་གི་ཡོད་ཀྱི་རེད། འདི་ཧ་ཅང་ལས་བྲེལ་ཅན་ཞེས་པ་ལོ་ཉུང་ཚོའི་དགོས་མཁོར་བྲིས་པ་ཅན་པོ་རེད། ལོ་ལྟར་ང་ག་ཤེད་ནས་ཐོན་ཡོང་དུས་ཐམས་ཅད་པོ་བསུ་བར་ཡོང་ནས་སྒོར་བུད་འདུག་པ། དེ་འདྲའི་བསུ་བ་བྱེད་པའི་སྐོར་ཞིག་ལ་འབབ་སྐལ་གྱི་ཚུལ་འདྲ་ཞིག་བྱས་ནས། རང་གར་དེའི་དུས་སྔ་དྲོ་ཞིག་ལ་མགྱོག་བྲིས་བྱས་པ་ཅན་པོ་རེད། དེ་ནས་ང་ཚོས་ཉི་མ་བཞི་ཡི་ཆོས་ཁྲིད་འཆད་ཉན་བྱས་པའི་ཆོས་དེ་ཙམ་གྱིས་ཀྱང་ཚེ་འདིའི་རྐྱེན་དང་བར་ཆད་སེལ། བསམ་དོན་ཡིད་བཞིན་དུ་འགྲུབ། འཆི་ཁར་མནར་གཅོད་ཀྱི་སྡུག་བསྔལ་མེད། ཕྱི་མ་དག་པའི་ཞིང་ཁམས་ཞིག་ཏུ་ཕ་ཁྱིམ་ལ་བུ་འགྲོ་འགྲོ་བྱས་ནས་འགྲོ་ཆོག་པའི་ཆོས་གདམས་པ་ཐོབ་རྒྱུ་ཉན་རྒྱུའི་ཐད་ནས་འདང་འགྲོ་བ་རེད། གསེར་གྱི་ལྡེ་མིག་ཞིག་ལག་ལ་བཞག་པ་ཡིན་པས་མཛོད་སྒོ་ནང་མ་ཕྱེས་རྒྱུའི་དབང་ཆ་བྱིན་བཏང་བ་རེད། སྒོ་ཇི་ལྟར་ཕྱེ་རྒྱུའི་མན་ངག་ནས་བཟུང་སྟེ་སྤྲད་པ་ཡིན། ལྡེ་མིག་དེ་བཟུང་བསྡད་ནས་ཕྱི་དོན་མེད་དོན་ཆུང་དོན་ལོག་གི་ད་སྔར་འགྲུབ་རྒྱུ་མེད་པ་གཉིད་བཟླས་བྱེད་ཀྱིན་མི་འདུག་པར། ནང་རང་གི་སེམས་ཉིད་ཡིད་བཞིན་རིན་པོ་ཆེའི་མཛོད་སྒོ་དེ་ཕྱེས་ནས། རང་གཞན་ཚང་མ་འཚེངས་བའི་ཚེ་གཅིག་ཡུན་ལ་གང་འདོད་ཅི་བསམ་འགྲུབ་པའི་འདོད་དོན་སྒྲུབ་དང་མི་སྒྲུབ་རང་གི་ལག་ལ་ཐུག དེ་ལས་གཞན་དུ་དག་པའི་ཞིང་ལ་རྡོ་འཕེན་འཕེན་དང་ཐར་བའི་ལམ་ལ་སྐྲ་སྤུ་ནས་བཟུང་སྟེ་དྲུད་འགྲོ་རྒྱུ་ཡོད་མ་རེད། སྔར་བྱོན་སངས་རྒྱས་གྲངས་མེད་ཀྱིས་ཇི་འདྲ་མཛད་རུང་འུ་ཅག་འཁོར་བའི་སེམས་ཅན་ད་རུང་འཁོར་བའི་མཐིལ་ལ་སྙིགས་འདུག་རྒྱུ་འདིས་ཀྱང་ཤེས་རེད། འཇིག་རྟེན་ཁྱིམ་པ་བས་རྒྱུ་ནོར་བསོག་བསྐྲུན་དགོས་པ་རེད། འོན་ཀྱང་ཚོད་དང་བསྟུན་པ། ཚུལ་དང་མཐུན་པ་ཞིག་བྱས། བསོད་ནམས་ཀྱི་བསགས་རྒྱབ་མ་ཞན་ན་ནོར་ལོངས་སྤྱོད་རང་འཁོར་ལ་ཡོང་རྒྱུ་རེད། དེ་དང་མཉམ་དུ་གོང་ནས་བཤད་པ་ནང་བཞིན་གྱིས་ཆོག་ཤེས་འཕགས་པའི་ནོར་ཡོད་དགོས་མ་གཏོགས། ཅི་ཙམ་བསག་ན་དེ་ཙམ་གྱི་མེད་སྣང་ཤར་ནས་ཕྱུག་པོ་ཡི་དྭགས་ཀྱི་གཏེར་སྲུང་རེད་རྒྱུ་ཡོད། ཉིན་ཞིག་རང་གི་བསགས་པ་གཞན་གྱིས་སྤྱོད་འགྲོ་བ་རེད། ནོར་རབ་ནི་ཕྱི་མའི་ཡུལ་ལ་ཁྱེར་འགྲོ་ཆོག་པ་ཅན་པོ། སུ་གཅིག་གིས་བརྐུ་ཐབས་འཕྲོག་ཐབས་མེད་པ་ཅན་པོ་ཚོགས་བསོག་དགོས་པ་རེད། ཅི་ཞིག་ཐད་ནས་ཡིན་ན་རྣམ་དཔྱོད་རྩལ་དུ་འདོན་དགོས། དེའི་སྟེང་ནས་ཆོས་དང་རིག་གནས་ལ་སློབ་སྦྱོང་བྱོས། སློབ་ལ་བརྩོན་པའི་དཀའ་སྤྱད་ཡུད་ཙམ་དེ། །རྨོངས་པས་འཆིང་བའི་སྡུག་བསྔལ་ཇི་སྲིད་དོ། །གསུངས་པས་དུས་ཚོད་སྐར་ཆ་ཙམ་ཡང་དོན་མེད་ཆུད་ཟོས་འཕྲོ་བརླག་ལ་མ་མངག །རང་རེའི་ཆུད་ཟོས་སུ་བཏང་བཞིན་པའི་དེ་རིང་གི་དུས་འདི་ཁ་སང་གི་དུས་ལས་ཡོལ་སོང་བ་མྱི་རྣམས་ཀྱིས་མི་ཚེའི་རེ་འབོད་ཀྱི་སང་ཉིན་འདྲ་བོ་རེད། བྱུང་ནས་ཡལ་སོང་བའི་དུས་སྐད་ཅིག་གི་སྐར་ཆ་དེ། ད་ཕྱིར་ལ་ཕྱིར་དཀྲིས་ཕྱིར་ལོག་ཡོང་རྒྱུ་ཡོད་མ་རེད། དེ་ཡོད་པ་མི་སྲིད་པའི་ཤེས་བྱ་རེད། ད་འཕྱིས་ཚར་ཐལ་བསམ་རྒྱུའི་དུས་ཚོད་དེ་དམ་འཛིན་བྱོས་དང་རྗེས་ནས་ཡང་བལྟ་བྱས་ན་དེ་ནི་སྔ་བ་པོ་ཡིན་རེད། འཇིག་རྟེན་གྱི་མྱི་ལུས་ཞིག་བླངས་ནས་བྱ་བ་འདྲ་མིན་གྱི་སྣ་ལ་བསྡད་དུས་གཡོལ་ཐུབ་མེད་པའི་དཀའ་ངལ་ལ་ཐུག་རྒྱུ་ནི་རྒྱུན་ལྡན་ཡིན། དེ་མི་སྲིད་པ་ཞིག་མ་རེད། དེ་དུས་ཧ་ལས་སྙིང་ཤོར་ནས་བལྟས་མི་འདུག་པར་དཀའ་ངལ་ཁོ་རང་བེད་སྤྱད་ནས། དཀའ་ངལ་དེ་མཐུན་ཕྱོགས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཕྱོགས་ལ་བསྒྱུར་ཐབས་བྱེད་དགོས་པ་རེད། ངས་དུས་རྒྱུན་ཟེར་གྱིན་ཡོད། ལོངས་སྤྱོད་འབྱོར་བའི་ཐད་ནས་ཡར་ལ་མ་བལྟ་མར་ལ་ལྟོས། མྱི་བྱེད་པའི་ཆེད་དུ་རྒྱུ་བསོགས་པ་རེད་མ་གཏོགས་རྒྱུ་བསོག་རྒྱུའི་ཆེད་དུ་མྱི་ཞ་བཏང་རྒྱུ་མ་རེད། རིག་གནས་ཡོན་ཏན་གྱི་ཐད་ནས་མར་ལ་མ་བལྟ་ཡར་ལ་ལྟོས། ཡོན་ཏན་གྱི་རྒྱན་གྱིས་མཛེས་ཤིག་དང་ཡོན་ཏན་གྱི་འབྱོར་བ་ཡོད་པའི་མྱི་ཞིག་གི་སྐྱིད་ཅིག་འཇིག་རྟེན་འདི་ན་ཡོད་ནི་མ་རེད། སྐྱིད་མྱོང་རྒྱུ་ཕྱིས་བཞག་མ་བྱེད། ད་ལྟའི་སྐྱིད་ལ་སྐྱིད་ངོ་ཤེས་ན་སྐྱིད་མིག་གི་རིག་ཟེར་རྒྱུ་བོ་དེ་རེད། སྐྱིད་ངོ་མ་སྡུག་དང་མ་འདྲེས་པ་འཁོར་བའི་གནས་ན་མེད། ནང་སེམས་ཀྱིས་ཏིང་འཛིན་བསྒོམ་ན་རིམ་གྱིས་ཟག་མེད་ཀྱི་བདེ་བ་སྡུག་བསྔལ་དང་མ་འདྲེས་པ་ཞིག་མྱོང་ཐུབ།།

མདོར་ན་མཐའ་མའི་ཚིག་གཅིག་ནི་དྲན་དང་ཤེས་བཞིན་བག་ཡོད་གསུམ་དང་ཁ་མ་བྲལ། བླང་དོར་མི་བརྗེད་པའི་དྲན་པ། ཡེངས་པ་མེད་པའི་ཤེས་བཞིན། བཟོད་པ་ལྷུར་ལེན་པའི་བག་ཡོད་གསུམ་པོ་དང་མ་འབྲལ་བར་གྱིས། ཡ་རབས་དམ་པའི་རྗེས་ལ་སློབ་དང་མི་ཚེ་དོན་ལྡན་ལ་འགྱུར་བ་རེད་ཟེར་རྒྱུའི་མཐའ་མཇུག་གི་སྐད་ཆ་འདྲ་ཞིག་ཡིན།།

དོན་དག་གཞན་ཞིག་ལ། རང་རེའི་རྫོགས་པ་ཆེན་པོའི་ཀློང་ཆེན་སྙིང་ཐིག་གི་ཆོས་ལ་ཞུགས་ནས། ཆོས་སྒྲུབ་ཀྱིན་ཡོད་རྒྱུའི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཞུ་རྒྱུ། རང་རེའི་ཉམས་ལེན་གྱི་སྙིང་བོར་འཛིན་པའི་ཆོས་འདིའི་བཀའ་བབས་བསྟན་པའི་ཤིང་རྟ་སྲོལ་འབྱེད་ཀྱི་སློབ་དཔོན་ནི་ཀུན་མཁྱེན་འཇིགས་མེད་གླིང་པ་རེད། དེའི་གདན་ས་དབུས་ཀྱི་བྱང་ཆུབ་ལྗོན་པའི་ནགས་ཁྲོད་ཚེ་རིང་ལྗོངས་གསུང་པ་ཡེ་ཤེས་བླ་མའི་མཇུག་གི་མཛད་བྱང་གི་ནང་ན་ཡོད་རྒྱུ་དེ་རེད། ཀུན་མཁྱེན་འཇིགས་གླིང་གི་སྐུ་གདུང་དམར་གདུང་བྱས་ནས་ཚེ་རིང་ལྗོངས་ན་ཟངས་ཀྱི་སྒྲོམ་རིན་པོ་ཆེའི་ཟ་མ་ཏོག་ཞིག་གི་ནང་ན་བཞུགས་སུ་གསོལ་བ། རིག་གནས་གསར་བརྗེ་སྐབས་ལ་གཏོར་སོང་བས། སྐུ་གདུང་གི་ཕྱག་ཁ་ཡ་མ་གཏོགས་སུ་གཅིག་གིས་ལོན་ཡོད་མ་རེད། དེའི་ཕྱག་གི་སྐུ་ཤ་ཚང་མ་རིག་གནས་གསར་བརྗེ་མཇུག་སྒྲིལ་མ་ཐག་པར་ང་ཨ་ཅོ་བྱས་ནས་དབུས་ཕྱོགས་དང་ལྷོ་གནས་ཚང་མར་མཇལ་བསྐོར་བྱས་ཏེ་སོང་དུས། ཚེ་རིང་ལྗོངས་ཀྱི་གདན་ས་ན་སྔར་གྱི་རྗེ་བཙུན་མ་བྱང་ཆུབ་སྒྲོལ་མ་དེ་དུས་སྐུ་བཞུགས་ཡོད་པ་རེད། སྐུ་ཤ་དེ་ཐམས་ཅད་ང་ལ་སྤྲད་བྱུང་། དེའི་དུམ་བུར་བགོས་པ་གཅིག་ན་ནིང་རྫོགས་ཆེན་ཚང་གི་ནང་རྟེན་གྱི་གྲལ་དུ་ཡར་འབུལ་རྒྱུ་དེ་རེད། སྐུ་ཤ་དེའི་གཏའ་སྤེལ་གྱི་སྙིང་བོ་བྱས་ནས་ངའི་ཐེལ་ཚེ་ཡི་རྟགས་ལྡན་གྱི་འཇིགས་མེད་གླིང་བའི་སྐུ་རེ། ད་ལོར་སྙིང་ཐིག་དུམ་གཉིས་ཀྱི་དབང་ཞུ་བ་ཡོད་ཚད་ལ་རེ་རེ་དང་ནི། དེའི་ཞོར་དུ་ད་སྔ་ཆོས་དོན་གྱི་བགྱི་བ་ཆེ་ཆུང་ཐམས་ཅད་ལ་མྱི་རྒྱུ་ཟས་གསུམ་གྱིས་ཞབས་ཞུ་སྒྲུབ་པའི་འབྲེལ་ཡོད། འབྲོག་རུ་བསོད་ནམས་ལྷ་སྡེའི་མྱི་ཆེ་ཆུང་རྒན་གཞོན་མེད་པར་རེ་རེ་ཐེམས་རྒྱུའི་འཆར་གཞི་རེད། སྤྱིར་ན་པདྨ་ཐང་འདིའི་ཕྱི་ནང་གསང་གསུམ་མུ་ར་སྤྲུལ་སྐུ་མྱི་གཅིག་གིས་བལྟ་ཡི་ཡོད་པ་རེད། ངས་འདི་བཞིན་ཆོས་ཁྲིད་རེ་བཤད་རྒྱུ་ལས་གཞན་དུ། དོན་དག་ཆེ་ཆུང་གཅིག་ལ་མ་བལྟས་ནས་ལོ་མང་པོ་རེད། ད་ཁང་སྒོ་བརྒྱབ་ནས་ནང་ལ་འཛུལ་འགྲོ་བ་རེད། ངའི་བསམ་པ་ལ་མྱི་མང་ཡོང་གི་མི་འཇོག མྱི་ལ་ཐུག་འབྲེལ་མི་བྱེད་ཅེས་མྱི་ཕར་ལ་ཕུད་ཀྱིན་ཡོད་བསམ་པ་ཡོད་མ་རེད། མྱི་ལོ་དྲུག་ཅུ་ཐམ་པ་ལ་མྱི་ལ་གཤིབ་པ་ཡིན། མྱི་ལ་བཤད་པ་ཡིན། མྱི་དང་མཉམ་པོར་ལས་ཀ་ལས་པ་ཡིན། ད་མྱི་མང་འབྲེལ་འདྲིས་ཀྱི་འདང་ཚར་ནས་ད་མྱི་གྲལ་ནས་ཚུར་ལ་བུད་དེ་རི་ཁུག་ལ་གཅར་ནས་བསྡད་ཡོད་སྙམ་གྱིན་ཡོད་ཀྱང་། ཕར་ལ་བལྟས་པ་དང་ཚུར་ལ་བལྟས་པ་གཉིས་ཀ་འདྲ་གི་ཨེ་ཡོད་ཤེས་མ་རེད། དེ་མེད་དུས་ཁ་སང་བཤད་པ་ཅན་པོ། རང་གཞན་གཉིས་ཀ་མིན་པའི་མྱི་གསུམ་པ་མིག་དམིགས་བསལ་བ་ཞིག་གིས་བལྟས་ན། ཡང་ལྟ་ཚུལ་དང་མཐོང་ཚུལ་གཞན་དག་ཀྱང་ཡོད་པ་རེད་བསམ་རྒྱུ་ཅན་པོ་དེ་འདྲ་རེད། དོན་ངོ་མ་ཅི་ཞིག་བཤད་རྒྱུ་ཡོད་ཟེར་ན། ད་རེས་ཀྱི་སྐུ་འདིའི་ཐོག་མཐའ་བར་གསུམ་ཚང་མའི་འཆར་འགོད་མུ་ར་སྤྲུལ་སྐུས་གནང་གིན་ཡོད་པར་མ་ཟད། འགྲོ་སོང་ཡང་མུ་ར་སྤྲུལ་སྐུས་སྒེར་གྱི་རྒྱུ་ཕུད་ནས་བཟོས་པ་རེད། འདི་ངའི་ལག་ནས་ཡོང་བའི་ནང་རྟེན་འཁྲུལ་མེད་འཇིགས་མེད་གླིང་པའི་སྐུ་ཤ་ངོ་མ་སེལ་ཉམས་ཆགས་ཅན་གྱི་ལག་ལ་མ་སོང་། མ་བརྒྱུད་པར་ཉམས་མེད་པའི་ནང་རྟེན་བྱིན་ཅན་ཡིན། སྐྱེ་བདུན་གྱི་སྐུ་ཤ་ཟེར་ན་སྐྱེ་བདུན་གྱི་སྐུ་ཤ་རེད་ལ། རྒྱལ་བའི་རིང་བསྲེལ་ཟེར་ན་རིང་བསྲེལ་གྱི་མཆོག་ཡིན་རེད། སང་གནང་ཚོགས་འཁོར་ཚུན་ཆད་ལ་ཕལ་ཆེར་ལག་ཏུ་ཡོང་རྒྱུ་རེད། དེའི་དོན་དག་སྡེ་བའི་དཔོན་བློན་ཚང་མས་མུ་ར་སྤྲུལ་སྐུ་ལ་འབྲེལ་འདྲིས་གྱིས། དེའི་འཕྲོར་སྔར་ཤྲཱི་སེང་གི་འབྲི་སྤྱི་ཁུར་མཁན་ཚང་མ་ལ་དྲན་རྟེན་ཞིག་བྱིན་ཡང་མ་འཕྲོད་པ་ཆ་རེ་ཡོད་ས་ཡོད། དེ་ཐམས་ཅད་ཀྱིས་ད་ལོ་གཞུང་ལས་ཁང་ནས་ལོངས་དང་ལེན་རྒྱུ་ཡོད་ས་ཡོད། ལྕགས་རྙིའི་དཔའ་དར་ཁ་སང་ད་ཞག་བཤད་འདུག་རྒྱུ་དེ་ཡང་གཞུང་ལས་ཁང་ནས་བླང་ན་ཆོག་རེད། རང་རེའི་ཆོས་ར་འདིའི་ནང་ན་ས་ཐག་རིང་གི་ཡོང་པའི་ཆོས་ཞུ་པ་མང་པོ་རེད། དེ་ཐམས་ཅད་ཀྱིས་ས་ཐག་རིང་པོའི་འགྲུལ་བཞུད་ཀྱི་དཀའ་ལས་བརྒྱབ་ནས་ཆོས་ཕྱིར་དཀའ་སྤྱད་དང་ལེན་བྱེད་ཀྱིན་ཡོད་པ་རེད། འཇིག་རྟེན་ཁྱིམ་པ་ལས་བྲེལ་སྣ་ཚོགས་ཀྱིས་མི་ཁོམ་པ་མང་ཡང་། འདི་ཕྱི་གཉིས་ཕན་གྱི་དམ་པའི་ཆོས་རེ་ཐོབ་ན་བསམ་ནས་དོན་ཆེན་གནད་ཀྱི་དང་པོར་ཆོས་སྒྲུབ་རྒྱུར་བསམ་ནས་ཡོང་པ་རེད། ཁྱད་པར་དུ། ས་ཆ་ཁ་ཤས་མྱི་འགའ་རེ་ས་ཐག་རིང་གི་དཀའ་ངལ་དང་ལམ་གྲོན་ཆུང་ཆུང་རེད། ཡུལ་ཁྲིམས་བཙན་པོའི་ཉེན་ཁ་ལ་ཡང་མ་འཛེམ་པར་སྐྲག་ཞོར་འདར་ཞོར་བྲོས་ཞོར་གབ་ཞོར་ལ་ཡོང་མཁན་ཡང་མི་ཉུང་བ་ཡོད་ན། ཁྱེད་ཐམས་ཅད་པོ་ད་རེས་འདི་ལ་ཡོང་ནས་བསམ་པ་རྣམ་དག་གིས་ཆོས་ཞུས་པ་ཡིན་ན། ཁྱེད་ཚོའི་རྒྱུད་ལ་ཐར་བའི་ས་བོན་ཞིག་ཐེབས་ནས་རང་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་སྟེ། མཐོ་རིས་རིམ་བརྒྱུད་ཀྱི་ཐར་བ་མཆོག་གི་གོ་འཕང་ཐོབ་རྒྱུ་དང་ནི། ཁྱེད་ཅག་གི་ཁྱིམ་མི་ཉེ་འབྲེལ་ད་རེས་མ་ཐོན་པ་ཐམས་ཅད་ཀྱི་ཆོས་སྐལ་ཡང་ཁྱེད་ཚང་མས་གོ་ཆོད་རྒྱུ། དེ་བཞིན་དུ་ཁྱེད་ཅག་གི་ཁྱིམ་མི་ཉེ་འབྲེལ་འཇིག་རྟེན་ཕྱི་མའི་ཡུལ་དུ་སོང་ཚད་ལ་ཡང་། བདེ་འགྲོ་རིམ་བརྒྱུད་ཀྱིས་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བའི་སྨོན་ལམ་རྒྱག་གི་འདུག་ཟེར་རྒྱུ། ད་རུང་ཉི་མ་ཉིས་གསུམ་ལ་དབང་ཆོས་རེ་ལ་མཉམ་པོར་ཞུགས་ཆོག་ངས་ཀྱང་འདིའི་མཚམས་ནས་ཡང་ངག་བཅད་བྱེད་འགྲོ་བ་རེད། དེ་རིང་ནས་བཟུང་གཞིས་བྱེས་ཐམས་ཅད་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་ཡོད་ཀྱི་མ་རེད། ཁྱེད་ཐག་རིང་གི་ཆོས་ཞུ་པ་ཐམས་ཅད་ཀྱིས་ལམ་ནས་མགོ་ཐོན་འཚམས་པོར་བདེ་འཇགས་ཀྱི་ཐོག་ནས་ཁྱིམ་མི་དང་གཞི་བྱེས་ལྷན་འཛོམས་ཡོང་བར་གྱིས། ཡང་ས་འདིའི་ཡུལ་མི་ཡིན་རུང་གནས་སྐབས་ཐུག་རྒྱུ་མ་རེད། ཁྱེད་གཞི་བ་བྱེས་པ་ཐམས་ཅད་པོ་བློ་བདེ་བག་ཕེབས་ཀྱི་ངང་ནས་ཚེ་འདིའི་བྱ་གཞག་སྒྲུབ་ཞོར་ལ། འཆི་བ་གློ་བུར་དུ་ཐོན་བཞག་ན་འགྱོད་པ་མེད་པ་ཞིག་གིས་འདི་ཕྱི་རང་གཞན་གཉིས་ཕན་གྱི་ཆོས་རེ་སྒྲུབ་རྒྱུ་མ་འཆུགས། ཆོས་སེམས་ཀྱིས་སྒྲུབ་རྒྱུ་གཙོ་བོར་བྱས་ན། དུས་ཚོད་དང་ཆ་རྐྱེན་ལ་སོགས་པ་ལྷག་གི་སྒྲིག་འདུག་མི་དགོས་རྒྱུའི་སྐོར་ནས་མང་པོ་བཤད་ཚར་བ་དེ་ཡིན། འཇིག་རྟེན་གྱི་བྱ་ལས་ཤིག་ཡིན་ན་དབང་ཆེ་ཆུང་ཁས་དྲག་ཞན་འབྱོར་བ་ཡོད་མེད་འགའ་རེས་ལོན་རྒྱུ་འགའ་རེས་མི་ལོན་རྒྱུ་ཡོད་ཀྱང་། ཆོས་འཛམ་གླིང་གི་ཉི་མ་ཀླད་ལ་འདྲ་མཉམ་པར་ཤར་བ་ཡིན་དུས། འབད་པ་སུ་ཡིས་བྱས་ན་སངས་རྒྱས་རང་ལག་རེད། དེ་ལ་བཙན་ཕྱུག་འཕན་གསུམ་འཛོམས་པའི་ཁས་གྲགས་འབྱོར་ལྡན་གང་ཡིན་ན་སླེབས་པ་ཐམས་ཅད་ཀྱིས། ཚེ་འདི་ཕྱི་གཉི་གའི་དོན་དག་འགྲུབ་བསམ་པ་ཡོད་ཀྱི་རེད་ལ་འགྲུབ་ཀྱང་ངོ་མས་འགྲུབ་ཀྱི་རེད། ས་འདིས་གཙོས་པའི་ཉམ་ཆུང་ཕལ་བའི་ཁྱིམ་ཚང་ཐམས་ཅད་ལ་ང་པདྨ་སྐལ་བཟང་ལྷག་པར་དུ་དུངས་ཞེན་ཡོད། ཁྱེད་ཉམ་ཆུང་གི་བརྒྱ་སྟོང་ཁྲི་འབུམ་གྱི་ཁྱིམ་ཚང་ལ་ང་རི་ཁྲོད་ཀྱི་མཚམས་པ་མི་ཐོན་པ་རེད། ཐོན་རུང་ངག་བཅད་ཁ་མི་གྲགས་མཁན་གྱི་མྱི་ཞིག་ཐོན་ན་ཡང་ཡོང་བའི་མྱིང་ཡང་མེད་ལ། ད་ས་ཁ་ཐག་རིང་པོ་ལེ་དབར་ཁྲི་ཕྲག་གིས་འགྱང་ཡང་སེམས་ཁ་ཐག་ཉེ་མོ་ཁྱེད་ཅག་གི་ཁྱིམ་ཕུགས་མཆོད་ཁང་ཆུང་ཆུང་བོའི་ནང་ན་ང་པདྨ་སྐལ་བཟང་རྟག་ཏུ་ཡོད། ང་རང་ཚང་གི་བླ་རྒན་སྒེར་ཐོབ་ཡིན་སོམས་སྡོད་དང་། ངས་མཆོག་གསུམ་སྐྱབས་གནས་དམ་པར་གསོལ་བ་བཏབ་ནས་ཁྱེད་ཅག་གི་ལྷག་བསམ་དང་འདུན་པའི་སྟོབས་ཀྱིས་ཁྱེད་ཅག་ལ་སྐྱིད་སྡུག་ཡག་ཉེས་གང་བྱུང་ལ་སྐྱིད་ཀྱི་གོང་ནོན་དང་སྡུག་གི་སྐྱོ་གྲོགས། སེམས་གངས་དཀར་གྱི་དྲོད་ཐིག་གཅིག་ཡོང་རྒྱུའི་སྨོན་ལམ་ངས་འདེབས་ཀྱིན་འདུག མདོར་ན་ངས་དུས་རྒྱུན་ཡིག་ཐོག་ནས་བྲིས་ན་ངག་ཐོག་ནས་བཤད་ན། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་བསྔོ་བའི་ལེའུ་སྨོན་ལམ་ནང་བཞིན་གྱིས་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་བསླབ་པའི་སྨོན་ལམ་རྒྱག་གིན་ཡོད་པ་བཞིན་དུ། བཟང་ངན་ལས་ཀྱི་འབྲེལ་ཚད་གཙོ་བོར་བྱས་པའི། ཐ་ན་ང་ལ་ཟས་ཀྱིས་འབྲེལ་བ་བཞག་པའི་འབུ་སྦྲང་ཕྲ་མོ་ཚུན་ཆད་པོ། ང་མཐོང་ཐོས་ཀྱི་འགྲོ་བ། ངའི་ལུས་པོའི་རླུང་གི་རྫི་ཕྱོགས་ཕོག་ཚད་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་ངས་བདེ་ནས་བདེ་བར་འགོད་ཐུབ་པར་སྨོན་ལམ་བཟང་པོ་ངས་སྙིང་ནས་འདེབས་ཀྱིན་ཡོད། དེ་ཡང་བསམ་དཀར་སྨོན་པའི་རྗེས་འགྲོ་ཙམ་ཞིག་ལས་ཕྱིན་དྲུག་རླབས་ཆེན་གྱི་སྤྱོད་པ་རྒྱ་མཚོ་ལྟ་བུའིི་འགྲམ་ངོགས་ལ་ཡང་ཐོན་ཡོད་མ་རེད་ཀྱང་། མྱུར་ལམ་རྫོགས་པ་ཆེན་མོའི་ཆོས་ཟབ་མོའི་ཉེ་བརྒྱུད་ཀྱི་བྱིན་རླབས་དང་ཆོས་ཉིད་བདེན་པའི་སྟོབས། ཡང་ན་དམ་པ་གོང་མའི་ཐུགས་བསྐྱེད་ཀྱི་མཐུས། གཅིག་ཐང་ན་འབྲེལ་ཚད་དོན་ལྡན་རེ་འབྱུང་སྲིད་ཀྱི་རེད་བསམ་པའི་ཡིད་ཆེས་ཡང་བྱེད་ཀྱི་ཡོད། དེ་ནས་ཚང་མས་དགའ་དགའ་སྤྲོ་སྤྲོ་གྱིས། བློ་བདེ་བག་ཕེབས་བྱོས་ཟེར་རྒྱུ་དང་བཅས་ཏེ་འདིའི་མཚམས་ནས་རྣམ་པ་གཉིས་ཀྱིསམགུར་དབྱངས་ཤིག་འཐེན། དེའི་མཚམས་ནས་བསྔོ་བ་བྱེད། །རྫོགས་ཆེན་མཆོག་གླིང་གི་སྤྲུལ་སྐུ་གུར་དགའ་ནས། རྟོགས་ལྡན་བློ་གྲོས་རྒྱ་མཚོའི་ཆོས་བརྒྱུད་དང་བླ་མའི་ཆེ་བ་བརྗོད་པ་དང་འབྲེལ་བའི་ཞལ་གདམས་བཞུགས་སོ།།

གནས་ཟངས་མདོག་དཔལ་རིའི་ཕོ་བྲང་ནས།།

ཕ་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་།།

བུ་མོས་གུས་གདུང་བས་གསོལ་བ་འདེབས།།

ཐུགས་དགོངས་པའི་ཀློང་ནས་ཐུགས་རྗེས་གཟིགས།།

དགོངས་བརྡ་སྙན་གསུམ་ནི་བརྒྱུད་པ་བཟང་།།

རིགས་འདུས་ཀྱི་པད་འབྱུང་སྒྲུབ་ཐག་ཉེ།།

ཆོས་རྫོགས་པ་ཆེན་པོ་ཟབ་གནད་ཆེ།།

ཚེ་གཅིག་གིས་སངས་རྒྱས་ཐོབ་པ་ཡིན།།

ཀློང་ཆེན་གྱི་བྱིན་རླབས་བསམ་མི་ཁྱབ།།

དོན་སྙིང་ཐིག་གི་ལྟ་བ་མཁའ་ལྟར་ཡངས།།

བསྟན་པ་དེ་ནམ་ལངས་ཉི་ཤར་འདྲ།།

དོན་ཐུགས་རྒྱུད་རིག་པ་འོད་གསལ་ཞིང་།།

གང་ཤར་ཀུན་དག་པ་རབ་འབྱམས་ལ།།

རྐྱེན་བཟང་ངན་རིག་པའི་ཀློང་དུ་ཟད།།

སྣང་བ་ཀུན་དཔེ་ཆར་ཤར་ཙ་ན།།

ཅི་ཤར་ཀུན་ཆོས་ཉིད་ངང་དུ་ཟད།།

ཐ་སྙད་ཀྱི་ཚིག་ལ་རེ་མ་དགོས།།

བློ་གཏད་མེད་ཀྱི་ངང་ནས་ས་ལམ་རྫོགས།།

རང་རིག་ལ་སྐྱེ་འཆི་མེད་པ་ཡིན།།

འཁོར་འདས་ལ་བཟང་ངན་བླང་དོར་མེད།།

གཞི་གནད་ལ་རྫོགས་པའི་རིག་པ་འདི།།

སྤྲིན་མེད་ཀྱི་ནམ་མཁའ་སྟོང་པ་འདྲ།།

ལམ་འདི་ལ་འཇུག་འདོད་སྐལ་ལྡན་རྣམས།།

ཚེ་འདི་ལ་མ་ཞེན་རི་ཁྲོད་འགྲིམས།།

རང་སེམས་ཀྱི་རིག་པ་སངས་རྒྱས་ཉིད།།

དུས་ད་ལྟ་མཐོང་བ་སྐལ་བ་བཟང་།།

འདིར་བྲིས་ཀྱི་ཚིག་སྣ་དུམ་ཆོད་འདི།།

མ་བརྗེད་ཡིད་ལ་དམ་དུ་ཟུངས།།

དོན་བསམ་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།

རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་བསྟན་འཛིན་དགེ་ལེགས་ནས། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་མགུར་ལས།

བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས།།

བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།།

ཡར་མར་ནས་འོང་སློབ་བུ་ཡོན་བདག་རྣམས།།

ཚོང་འདུས་མགྲོན་པོ་བཞིན་དུ་ཡུད་ཙམ་ཚོགས།

ད་ནི་སོ་སོར་གྱེས་ནས་འགྲོ་དུས་འདིར།།

ཕན་ཚུན་གཅིག་གིས་གཅིག་ལ་སེམས་འཕྲེང་ཡང་།

མཐུན་པར་འགྲོགས་ནས་སོ་སོར་གྱེས་པ་དེ།།

འཇིག་རྟེན་འཁོར་བའི་ཆོས་ལུགས་ཡིན་པས་ན།།

སེམས་ནི་འཁྲེང་བ་གྱུར་ཀྱང་བྱ་ཐབས་མེད།།

སྐལ་ལྡན་བུ་སློབ་དད་ལྡན་སྦྱིན་བདག་ཀྱང་།།

དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ།།

བྱམས་པའི་སེམས་ཀྱིས་ནམ་ཡང་ངས་མི་བརྗེད།།

ད་ནི་ཁྱེད་ནམ་རང་རང་གནས་སུ་ཕེབས།།

འཆི་བ་ནམ་འོང་མི་ཤེས་ཆོས་ལ་འབུངས།།

ཚེ་འདིར་ད་དུང་མཇལ་བའི་སྨོན་ལམ་འདེབས།།

ས་ཡང་ཁ་ཐག་རིང་པོའི་བར་ཆོད་ནས།

ཚེ་འདིར་དངོས་སུ་མཇལ་བར་མ་གྱུར་ན།།

ཕྱི་མ་དག་པའི་ཞིང་ནས་མཇལ་བར་ཤོག།

དཔོན་སློབ་ཐམས་ཅད་གང་དུ་སོང་ན་ཡང་།།

གང་བསམ་དོན་རྣམ་ཡིད་བཞིན་འགྲུབ་པར་ཤོག།

དཀོན་མཆོག་བྱིན་རླབས་སེམས་ལ་འཇུག་པར་ཤོག།

དགེ་ཚོགས་སྣོད་བཅུད་ཡོངས་ལ་སྨིན་པར་ཤོག།

ཕྱི་སྣོད་ཐམས་ཅད་དག་པའི་ཞིང་དུ་ཤོག།

ནང་བཅུད་སེམས་ཅན་ལྷ་དང་ལྷ་མོར་ཤོག།

ཡུལ་ཕྱོགས་རྩྭ་མེད་རྣམས་ལ་རྩྭ་སྐྱེས་ཤོག།

ལུང་པ་ཆུ་མེད་རྣམས་ལ་ཆུ་རྡོལ་ཤོག།

ས་ཆ་ཤིང་མེད་རྣམས་ལ་ཤིང་སྐྱེས་ཤོག།

ཞིང་ས་ལོ་མེད་རྣམས་ལ་ལོ་ཡག་ཤོག།

རྨང་པོ་བུ་མེད་རྣམས་ལ་བུ་སྐྱེས་ཤོག།

དབུལ་བོ་ནོར་མེད་རྣམས་ཀྱིས་ནོར་འཐོབ་ཤོག།

གླེན་པ་གོ་མེད་རྣམས་ལ་བློ་བསྐྱེད་ཤོག།

བན་སྔགས་ཆོས་མེད་རྣམས་ལ་ཆོས་འཕེལ་ཤོག།

བླ་མ་སློབ་མ་ཡོན་བདག་མཇལ་བར་ཤོག།

བཀྲ་ཤིས་ཆོས་མཐུན་སྒོ་ནས་མཇལ་བར་ཤོག།

ཆོས་ལྡན་བྱ་བ་བྱེད་དུས་མཇལ་བར་ཤོག།

རང་གཞན་དོན་གཉིས་སྒྲུབ་དུས་མཇལ་བར་ཤོག།

མི་ཕྱུགས་རྒས་ཁར་སྐྱིད་དང་འཕྲད་པར་ཤོག།

ཕ་མ་རྒས་ཁར་ཆོས་དང་འཕྲད་པར་ཤོག།

ཐམས་ཅད་འཆི་ཁར་ལམ་སྣ་ཟིན་པར་ཤོག།

ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པར་ཤོག།

རྣམ་པ་གཉིས་ཀྱི་གསུང་མགུར་ཡག་སོང་བཀའ་དྲིན་ཆེ། རྗེས་མ་དེ་ད་རུང་བཀྲ་ཤིས་སྨོན་ལམ་སྐོར་གྱི་རྟེན་འབྲེལ་བཟང་པོའི་ཚིག་དོན་སྙན་མོ་ཅན་ཞིག་གསུངས་སོང་།

དེ་ལྟར་ཆོས་འཆད་ཉན་བྱས་པ་དང་། ཐེངས་འདིའི་བདེ་ཆེན་ཞིང་མཆོད་ཆེན་མོ་ཕུལ་བ་དང་ཞིང་སྒྲུབ་ཉིན་བདུན་ལ་འཚོགས་ཏེ་རྒྱལ་བ་འོད་སྣང་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། དེ་ལ་བསྟེན་པའི་ལྷ་བསྒོམས་སྔགས་བཟླས་སྨོན་ལམ་བཏབས་པའི་དགེ་བ་སྤྱི་དང་། བྱེ་བྲག་ཉིན་འདི་དག་གི་རིང་ལ་ཇོ་བོར་གསེར་ཆབ་གསོལ་མཁན། ཞལ་གསེར་སྒྲོན་མཁན། ན་བཟའ་འབུལ་མཁན། གསོལ་ལྷུང་དང་གསེར་རྐོང་སྒྲོན་མཁན། དགེ་འདུན་པའི་གསོལ་ཚིགས་ལ་བསྙེན་བཀུར་གྱི་ལས་ཀའི་ཞབས་འདེགས་བསྒྲུབས་མཁན། གསོལ་ཞོ་དྲངས་མཁན། དེ་མིན་དགེ་སྒྲུབ་སྡིག་སྤང་གི་ཁས་ལེན་བྱེད་མཁན་སྤྱི་དང་། ཁྱད་པར་སྒོ་བཤས་སྤང་མཁན། དམར་ཟས་སྤོང་མཁན། སྲོག་སླུ་ཚེ་ཐར་གཏོང་མཁན། འདིའི་བདེ་ཆེན་ཞིང་སྒྲུབ་དང་སེམས་བསྐྱེད་འབུམ་མཆོད་ཆེན་མོའི་གྲ་བསྒྲིགས་ཀྱི་སྐོར་སོགས་སུ་མིའི་ཤུགས་དང་དངུལ་ཤུགས་ཀྱིས་ཞབས་ཞུ་རོགས་སྐྱོར་བྱེད་མཁན། རང་མོས་གདོང་མཆོང་གི་ཐོག་ནས་འདིའི་བྱེད་སྒོ་གལ་ཆེན་གྱི་ལས་ཁུར་དང་ལེན་བྱེད་མཁན། ཁོར་ཡུག་གཙང་སྦྲ་དང་ཕྱི་ནང་གི་མཆོད་བཤམས་བྱེད་ནི། ཐ་ན་སེམས་དྭངས་བའི་སྒོ་ནས་མེ་ཏོག་རྐང་གཅིག་ཕུལ་བ། ལྷག་པའི་བསམ་པས་ཤོག་ཉོབ་ཁེར་རུ་ཞིག་བསལ་བའི་མི། ཆོས་སྒྲ་རྣ་བས་ཐོས་པ། ཆོས་ར་རྡོག་པས་བརྫིས་ཚད། དྭངས་བའི་སེམས་ཀྱིས་ལག་ཐལ་མོ་ཡ་གཅིག་གི་ཕྱག་རྒྱ་བཅས་པ་ཚུན་ཆད། སེམས་དགའ་བའི་ཡི་རངས་སྐད་ཅིག་མ་ཞིག་འདིར་ཕྱོགས་སུ་བགྱིས་པ་ལ་སོགས་པ། གང་བསྔོ་བྱ་དགེ་བའི་རྩ་བ་འདི་དག་དུས་གསུམ་གཤེགས་བཞུགས་འབྱོན་འགྱུར་གྱི་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པའི་ཟག་མེད་ཀྱི་དགེ་རྩ་དང་། མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་ཀུན་དུ་བསགས་པའི་ཟག་བཅས་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡུམ་ཏེ་བསྡོམས་ནས། གང་ལ་བསྔོ་བ། འདིར་ཡོད་རང་རེ་ཐམས་ཅད་ཀྱི་ཚེ་འདིའི་ཕ་མ་གཉིས་དང་དགྲ་བགེགས་ཀྱི་གཙོར་བྱས་པའི་མར་གྱུར་མཁའ་མཉམ་གྱི་འགྲོ་བ་སྤྱི་དང་། གནའ་དུས་རབས་སྔོན་མར་བསྟན་དོན་ལ་རང་སྲོག་བཅད་པ། དེའི་འཕྲོར་དགག་པ་འཐབ་རྩོད་ནད་མུག་མཚོན་གསུམ་གྱི་འོག་ནས་ཤི་བའི་ཤི་བོ་ཆོས་མེད། བྱེ་བྲག་གདན་ས་ཆོས་འཁོར་འདིའི་བསྟན་པ་སླར་གསོའི་ཐོག་མའི་སྐབས་ལ་ཤྲཱི་སེང་ཆོས་གྲྭའི་བཞེངས་བསྐྲུན་གྱི་ཆེད་དུ་གྲོངས་སོང་བ། སྟག་སྨུག་གཉིས་ཀྱི་སྡེ་དཔོན་ཆབ་མདོའི་ཐུབ་བསྟན་བློ་གསལ། རྒྱབ་ཤེས་འབྲུག་ཚང་སྡེ་བའི་གྲྭ་གཞོན་ཚོང་དཔོན་ཐུབ་རྡོ། ཡུལ་སྡེ་བའི་སྤྱི་དོན་ལ་རང་སྲོག་ཤོར་མཁན་འབྲུག་ཆུའི་བསོན་ནམས་ཡེ་ཤེས་ལ་སོགས་པ། དེའི་ཐོག་ལ་གནའ་ཤི་རྙིང་བ་ད་ཤི་གསར་བ། གྲི་ཤི་འགག་ཤི་རེད་སོང་བ། རང་གཞན་ཐམས་ཅད་དང་འབྲེལ་བའི་ཤི་ནས་བདེ་འགྲོ་མ་ཐོབ་པར་ངན་སོང་ན་གནས་པ། ཤི་བ་རང་ངོ་མ་ཤེས་ནས་བར་དོར་ལུས་མཁན། མཁའ་ལ་རྒྱུ་བའི་སྡེར་གཏོགས་ཀྱི་རྒྱལ་པོ། བཙན་དང་མ་མོ་སྨན་མོ་སོགས་ཀྱི་འཁོར་དུ་སྐྱེས་ཡོད་པའི་ཉིན་མཚན་གོ་ལོག་སྣང་བ་དགྲར་ལང་གིས་དུས་རྟག་ཏུ་འཚེ་བར་སྤྱོད་མཁན་ལ་སོགས་པ། མཁའ་མཉམ་འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་དོན་ལ། ཅིའི་ཕྱིར་གང་དུ་བསྔོ་བ་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ཉམས་ཆགས་ཉེས་ལྟུང་དང་བཅས་པ་ཐམས་ཅད་བྱང་ནས། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་དང་། དེ་མ་ཐོབ་ཀྱི་ཚེ་ལ་མཐོ་རིས་ལྷ་མིའི་ལུས་རྟེན་ཆོས་ལ་སྤྱོད་པའི་སྐལ་བ་ཅན་ཐོབ་ནས་བདེ་སྐྱིད་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན། སྐྱེ་རྒུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད་པོའི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་། ལམ་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། ཡུལ་ཕྱོགས་འདི་ཉིད་ཀྱིས་གཙོས་པའི་ཡངས་པའི་རྒྱལ་ཁམས་མཐའ་དག་ལ་ས་གཡོས་མེ་དགྲ་ལ་སོགས་པའི་འབྱུང་བཞིའི་གནོད་པ་དང་། ནད་མུག་མཚོན་འཁྲུགས་སོགས་ཀྱི་སྐལ་བ་ངན་པ་ཞི། ལོངས་སྤྱོད་འབྱོར་བ་རྒྱས། མི་དང་མིའི་བར་དང་མི་དང་སྲོག་ཆགས་གཞན་གྱི་བར་ལ་འཚེ་བ་མེད་པར་ཕན་ཚུན་ཕ་མ་དང་སྤུན་སྲིང་ལྟ་བུའི་བརྩེ་བ་ནམ་ཡང་མི་ལྷོད་པར། མདོར་ན་སེམས་ཅན་ཐམས་ཅད་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་འཚོ་བའི་ཆེད་དུ། ཇི་ལྟར་བསྔོ་བ། གང་བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དང་བཅས་པ་སྣང་ལ་རང་བཞིན་མ་གྲུབ་པ་དམིགས་མེད་འཁོར་གསུམ་དག་པའི་ཚུལ་གྱིས། སྔར་འཕགས་པ་འཇམ་པའི་དབྱངས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ། བསྔོ་བ་དེ་ལྟ་བུའི་ཐུགས་འདུན་དང་བཅས་ཏེ་བསྔོ་བ་སྨོན་ལམ་གྱི་ཞལ་འདོན་ལྷན་དུ་གསུང་རྒྱུ་བྱེད།

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།།

ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ།།

སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི།།

སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་ཤོག།

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།།

ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།

དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་།།

དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན།།

ཕྱོགས་བཅུའི་མཐའ་གྲུབ་ཀུན་ཏུ་ཁྱབ་པ་དང་།།

བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་།།

སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག།

ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་ནི།།

འགག་མེད་སྙིང་རྗེར་ལོངས་སྤྱོད་སྤྱན་རས་གཟིགས།།

ཨོ་རྒྱན་པཎ་ཆེན་རྫུས་སྐྱེས་སྤྲུལ་བའི་སྐུ།།

གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ།།

འཆི་ཁར་གནད་གཅོད་སྡུག་བསྔལ་མི་འགྱུར་ཞིང་།།

ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག།

བདེ་བ་ཅན་དང་རི་བོ་པོ་ཏ་ལ།།

ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག།

དེབ་སེར་བྲིས་ནང་གི་སྨོན་ལམ་ཐེངས་གསུམ་འདོན།

ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རུ། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག།

སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།།

ཞེས་གསུངས་ཤིང་ཆོས་ཁྲིད་ཀྱི་མཇུག་ཡོངས་སུ་གྲུབ་པ་དང་མཉམ་དུ། སློབ་ཚོགས་ཡོངས་ལ་སྤྲུལ་སྐུའི་གཟིགས་སྟངས་བརྩེ་བའི་སྤྱན་རས་ཀྱིས་ཡང་དང་ཡང་དུ་གཟིགས་ཤིང་། ཕྱག་གཉིས་ཀྱིས་གྱེས་སྐུལ་གྱི་བརྡ་གནང་སྟེ་ཚོགས་དྲུག་རང་གྲོལ་གྱི་ལྟ་བའི་གདེང་དང་མ་བྲལ་བའི་ངང་ནས། སྤྱན་ཆོས་སྐུའི་གཟིགས་སྟངས་ཀྱིས་སྟེང་གི་བར་སྣང་ལ་གཏད་མེད་དུ་གཟིགས་བཞིན་བྱོན་པ་ན། སློབ་ཚོགས་ཀུན་དགའ་དད་སྐྱོ་བའི་མིག་ཆུ་དབང་མེད་འཐོར་བཞིན། སྐྱབས་རྗེ་བླ་མ་མཆོག་དང་ཐུགས་ཡིད་དབྱེར་མེད་ཀྱི་སྨོན་ལམ་སོགས་བར་མེད་དུ་སྒྲོགས་བཞིན་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་ཆོས་ར་གྲོལ་བའོ།། །།

སྨྲས་པ།

ཆུ་བཟང་ཁྲི་སྟོང་འདུས་པའི་རྒྱ་མཚོ་ཆེ།།

འབྲི་བརྒྱའི་འོ་མཚོ་དཀྲུགས་པའི་མར་ལོ་གཅེས།།

ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གཅིག་འདུས་མཆོག།

མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་སྙིང་པོའི་བཅུད།།

གཞུང་ལུགས་གཅིག་ཏུ་འཁྱིལ་བའི་གདམས་པ་ཆེ།།

བདེ་ཆེན་ཞིང་དུ་བགྲོད་པའི་གནམ་འཕུར་གྲུ།།

དཔལ་རིའི་གླིང་དུ་བགྲོད་པའི་གཟེངས་ཀྱི་གྲུ།།

གཡུ་ལོ་བཀོད་དུ་བགྲོད་པའི་གློག་གི་ཞགས།།

འདི་ན་སྲིད་ན་འབྱུང་དཀའི་གསང་སྔགས་བསྟན།།

རྙེད་དཀའ་རྟོགས་ལྡན་བྱིན་རླབས་བླ་མར་མཇལ།།

མོས་གུས་བུ་ཡི་ཐུགས་རྗེའི་བྱིན་རླབས་གཡོས།།

རྟོགས་པ་བཙན་ཐབས་འཕོ་བ་མན་ངག་ལུགས།།

ཐུན་མོང་ཐུན་མིན་སྔོན་འགྲོ་ཆེར་བསྡུས་པ།།

ཤིན་ཏུ་བསྡུས་པ་ཐུགས་རྗེ་གློག་ཞགས་འགྲེལ།།

ས་གསུམ་ལྷ་ཡི་རྒྱལ་རྔ་བརྡུང་བརྩོན་པ།།

བློ་ལྡན་སུ་ཞིག་རྣ་བ་འགེབ་པར་བྱེད།།

སུ་ཡིས་ཉན་ན་ཞི་བསིལ་དགེ་བ་སྟེར།།

གང་གིས་ཐོས་ན་མི་ཚེ་དོན་ཡོད་མཛད།།

གང་ཞིག་སྦྱངས་ན་གོམས་པས་རང་ངོ་མཐོང་།།

སུ་དང་གང་ལའང་ཕྱོགས་རིས་མེད་པ་ཡིས།།

གངས་རིའི་རྩེ་ནས་ཕ་རྒན་ཏི་སེ་ཡིས།།

གདམས་པའི་ཆུ་བོ་ཕྱོགས་བཞིར་ཁ་འབབ་པ།།

བགོ་སྐལ་ལེན་དུ་ཤོག་ཅེས་ངས་མཚམས་སྦྱར།།

བླ་མ་ཚད་མས་དམ་ཆོས་ཚད་མར་སྒྲུབ།།

དམ་ཆོས་ཚད་མས་ཉམས་ལེན་ཚད་མ་བྱས།།

ཉམས་ལེན་ཚད་མས་བྱིན་རླབས་ཚད་མར་གྱུར།།

ཡང་དག་ཚད་མ་འདི་ཀོ་གནད་དུ་འཁུམས།།

འདིར་འབད་ཚེ་རབས་གཏན་གྱི་མ་རྒན་རྣམས།།

དྲིན་ལ་ལན་དུ་འཇལ་བའི་རེ་བ་དང་།།

རྟོགས་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཕོག།

འཇམ་དཔལ་སྨྲ་བའི་སེངྒེར་བདག་གྱུར་ཅིག།

འདི་ན་རྡོ་རྗེའི་མཆེད་ཀྱིས་བཀས་བསྐུལ་ཞིང་།།

རང་གི་བླ་མའི་མདུན་ནས་ཁས་ལེན་ཞིག།

མ་བསམ་མྱུར་མོར་བྱིན་རླབས་གློག་ཞགས་འཁྱུག།

ཞལ་ཆབ་དྲོན་མོའི་ཁ་རླངས་ཐོལ་ལེ་བ།།

རྡོ་རྗེ་ཆོས་སྲུང་དཀར་ཕྱོགས་སྐྱོང་རྣམས་ཀྱིས།།

ཕྱོགས་ཀྱི་ཐ་གྲུ་ཡངས་པོར་ཁྱབ་བྱས་ཏེ།།

འཛམ་གླིང་ཞི་བདེ་མ་གྱུར་ཆོས་ཀྱིས་ཚིམ།།

གངས་ལྗོངས་རྒུད་པའི་མུན་པ་སངས་པར་ཤོག།

དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་།།

མཁའ་མཉམ་ཡོང་ལ་བདེ་སྐྱིད་འབྱུང་བ་དང་།།

བདག་གཞན་མ་ལུས་ཚོགས་བསག་སྒྲིབ་སྦྱངས་ནས།།

མྱུར་དུ་བླ་མེད་གོ་འཕང་ཐོབ་པར་ཤོག།

ཅེས་ངག་འདོན་བྱིན་རླབས་གློག་ཞགས་ཀྱི་བླ་རྣལ་རྒྱས་འགྲེལ་ཡེ་ཤེས་མཆོག་སྩོལ་ཞེས་བྱ་བ་ཟིན་བྲིས་སུ་འདེབས་པ་པོ་ནི། ཁོང་གི་སློབ་མའི་གྲལ་མཐའ་པ་གསེར་རྟ་མཁན་སློབ་དགོན་པའི་ཨ་སྐྱབས་རྒྱལ་སྲས་ཚང་སྐུ་ཕྲེང་བཞི་བའི་ཡང་སྲིད་ཀྱི་མིང་ཙམ་འཛིན་པ་རྒྱལ་སྲས་ནམ་མཁའ་ཀློང་ཡངས་ནས་ཕབས་པ་འདིས་ཀྱང་། རྒྱལ་བསྟན་སྙིང་པོ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག

སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་དང་།།

སེམས་ཉིད་འོད་གསལ་ནང་གི་བླ་མ་དང་།།

རང་བཞིན་སྤྲོས་བྲལ་དོན་གྱི་བླ་མ་གསུམ།།

དབྱེར་མེད་སྙིང་པོའི་བླ་མ་རྟོགས་པར་ཤོག།

དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་།།

མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་།།

བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས།།

མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག།

ལྷ་རྒྱལ་ལོ། །བཀྲ་ཤིས་པར་ཤོག། དོན་འགྲུབ་པར་ཤོག། །།


previousཉིན་བཞི་པའི་ཆོས་ཁྲིད། no next