Nitartha Digital Library
Tibetan
ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་སོ་གཅིག་པ།


   
  collapse section
སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་སྨིན་དབང་རྣམ་བཤད་རྒྱུད་དོན་གསལ་བའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་སྨིན་དབང་རྣམ་བཤད་རྒྱུད་དོན་གསལ་བའི་མེ་ལོང་། no next

སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་སྨིན་དབང་རྣམ་བཤད་རྒྱུད་དོན་གསལ་བའི་མེ་ལོང་།

གླེང་གཞི།

སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་སྨིན་དབང་རྣམ་བཤད་རྒྱུད་དོན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

སྟོང་ཆེན་དབྱིངས་ཀྱི་དགའ་མར་རྟག་བརྩེན་འོད་གསལ་ཡེ་ཤེས་འདུས་མ་བྱས།།

རྣམ་པར་རྟགས་ཀྱི་ཕྱག་རྒྱར་ཡོངས་བཞེངས་ཞི་དང་ཁྲོ་བོའི་དཀྱིལ་འཁོར་གཙོ།།

ཆག་ཉམས་རྟོག་སྒྲིབ་ཚ་གདུང་མྱུར་གཞིལ་མཆོག་དངོས་བསིལ་བདེ་སྩོལ་བའི་མགོན།།

ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའ་སྟོན་གྱི་ཟླ་གཞོན་གཙུག་གིས་བསྙེན།།

འཕོ་ཆགས་འགྱུར་བའི་ཟུག་རྔུ་ལས་འདས་པའི།།

མི་ཤིགས་གཉུག་མ་དོན་གྱི་ལང་ཚོ་ཡིས།།

ཟབ་དོན་རྡོ་རྗེའི་སྒྲ་དབྱངས་རྟག་སྒྲོགས་པའི།།

རང་བྱུང་པདྨ་རྒྱལ་བོས་ཤིས་པ་སྩོལ།།

རྣམ་དག་ཁྲིམས་ཀྱི་རྩ་བ་རབ་བརྟན་མང་ཐོས་ཡལ་ག་ཕྱོགས་སུ་གྱེས།།

འཆད་རྩོད་རྩོམ་པའི་ལོ་མ་གཡུར་ཟ་དོན་ལྡན་སྙན་པའི་དྲི་བསུང་འཐུལ།།

གཞན་ཕན་ཕྲིན་ལས་གྲིབ་བསིལ་སྟུག་པོས་ངལ་བསོའི་བདེ་བ་མཆོག་སྦྱིན་པའི།།

སྐྱབས་མཆོག་བླ་མ་སྲིད་ཞིའི་མགོན་གཅིག་ལྷ་ཡི་ལྗོན་བཟང་དེར་ཕྱག་འཚལ།།

ཕན་བདེའི་ཆར་རྒྱུན་ཀུན་ནས་ཉེར་འཇོ་བའི།།

དོན་ཟབ་སྤྲིན་གྱི་བ་གམ་མཐོན་པོའི་རྩེར།།

འབེལ་གཏམ་དབྱར་གྱི་རྔ་གསང་དེང་སྒྲོག་པས།།

མཉན་འདོད་སྐལ་བཟང་མདོངས་མཐའ་འདིར་གཤེགས་ཤིག།

སྒྱུ་འཕྲུལ་ཞི་ཁྲོའི་དབང་གི་རྣམ་བཤད།

མཚུངས་མེད་རིགས་ཀྱི་བདག་པོ་བརྟན་མཁས་ཡོན་ཏན་གཉིས་ལྡན་ཁྱབ་བདག་རྫོགས་ཆེན་པ། སྐྱབས་རྗེ་བླ་མ་པདྨ་སྐལ་བཟང་རིན་པོ་ཆེས་ཕྱི་ལོ་༢༠༡༦ལོར་བཞུགས་སྒར་པདྨའི་ཐང་དུ་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་བཀའ་དབང་བསྩལ་བ་ལས་སྒྱུ་འཕྲུལ་ཞི་ཁྲོའི་དབང་གི་སྟ་གོན་གྲུབ་མཚམས་ནས་འདི་ལྟར་བཀའ་འཕྲོས་ཕེབས་པ།

དེ་ཡན་ཆད་དཔལ་རྡོ་རྗེ་སེམས་དཔའ་གསང་བ་སྒྱུ་འཕྲུལ་དྲྭ་བའི་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་དངོས་གཞི་དབང་སྐུར་ལ་འཇུག་པའི་སྦྱོར་བ་སྟ་གོན་གྱི་ཆོས། ས་དང་ལྷ་དང་བུམ་པ་སྟ་གོན་སོགས་སྔོན་དུ་སོང་བའི་སྟེང་ནས་སློབ་མ་ལྷག་པར་གནས་པའི་ཆོ་ག་ཡང་ཡོངས་སུ་གྲུབ་ནི་རེད། སང་ཉིན་ནས་དཀྱིལ་འཁོར་ཆེན་པོར་དངོས་སུ་ཞུགས་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་གི་རྒྱལ་ཚབ་ཆེན་པོར་རང་དགར་གང་འདོད་དུ་ཞུགས་ཆོག་པ་ཡིན་པས་རྣམ་པ་ཚང་མས་ཐུགས་ལ་སྤྲོ་བ་ཆེན་པོ་འཆང་ཆོག་གི

དེ་ཡིན་ན་ད་རེས་འདི་ན་ཕྱོགས་ཀྱི་བསྟན་འཛིན་གྱི་སྐྱེས་ཆེན་དང་གཞིས་བཞུགས་བཤད་སྒྲུབ་ལས་གསུམ་གྱི་གྲྭ་ཚང་ཁག གཞི་བྱེས་དགོན་སྡེ་བརྒྱ་ཕྲག་ཁ་ཤས་ཀྱི་དགེ་འདུན་འདུས་པའི་ཞལ་གྲངས་སྟོང་ཚོ་མང་པོ་ཞིག་འདི་བཞིན་ཕེབས་ཏེ་འཛོམས་ཡོད་ན། འདིའི་ནང་ན་བསླབ་གནས་སྡེ་སྣོད་འཛིན་པ་མདོ་སྔགས་གང་ཐད་ནས་ནང་བྱན་ཆུད་པ་གང་མང་མང་ཡོད་དུས་འདིའི་རྒྱུད་ལུང་མན་ངག་དང་འབྲེལ་བའི་དབང་གི་གོ་དོན་གྱི་ཐོག་ནས་གསལ་གྱི་ཐོག་ལ་སྒྲོན་བཀྱགས་ཏེ་རང་གཞུང་ཆོག་ཁྲིག་གི་ནང་ལ་མ་འདུས་པ་ཞིག་ཟུར་ནས་ཡར་ལྷག་གི་ཞུ་འདུག་མི་དགོས་མོད། ཞུ་ནི་བོ་ང་རང་ཉིད་ལ་མཚོན་ན་སོ་སྐྱེ་ཐ་མལ་པ་ཞིག་ཡིན་པའི་ཐོག་ཐོས་བསམ་སྦྱོང་བ་སྔོན་སོང་ཅན་ཞིག་ཡིན་ནི་མ་རེད། གོམས་པའི་ཉམས་མྱོང་གི་ཐོག་ནས་བཤད་ན་དཔེ་དེ་དང་དེ་བཞིན་རེད། ངལ་རྩོལ་སྒྱུར་བཀོད་ཀྱིས་མྱི་ཚེའི་ཡག་ས་བཟང་ས་ཟད་ནིའི་མྱི་རེད། གྲལ་རིམ་འཐབ་རྩོད་ཀྱི་དབང་འོག་ནས་ས་རྡོའི་ལས་ཀ་ལས་ནི་བོ་བསྙེན་སྒྲུབ་ལས་གསུམ་གྱི་ལས་ཀ་ཞིག་ཡིན་ན་སྒྲུབ་འབྲས་གང་ལ་གང་འཚམ་ཞིག་ཐོན་ཆོག་ས་ཡོད་བསམ་རྒྱུ་ཅན་པོ་ཡིན་ནི་རེད།

ད་རང་གི་གནས་སྟངས་དེ་རང་གིས་ཤེས་ནི་རེད་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད། དེ་འདི་དག་གི་ཁྲོད་དུ་གཞན་རྒྱུད་མཁྱེན་པའི་མངོན་ཤེས་ཅན་ཡང་ཡོད་ན་ཐང་། དམ་པའི་སྐྱེས་བུ་དག་སྣང་འབྱོངས་སོང་ནི་ཅན་པོས་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་སོང་དུས་དེ་དག་གི་ངོར་མ་དག་པ་ཞིག་ཤར་སྲིད་རྒྱུ་མ་རེད། ཡང་དག་སྣང་སྦྱོང་བཞིན་པའི་ལམ་པ་ཡང་ལོས་ཡོད། ཁྱད་པར་གསང་སྔགས་དག་སྣང་གི་ལམ་པ་ཡིན་དུས་བླ་མ་སློབ་དཔོན་དུ་བསྟེན་ཚར་དུས་ཅི་མཛད་ལེགས་པར་མཐོང་དགོས་ནི་རེད་བསམ་ནས། ངོ་བོ་ཁོ་རང་ཁྱི་ཡིན་རུང་རྣམ་པ་སེང་གེ་རེད་ཟེར་ནས་བསྟོད་སྒྲ་ཚད་བརྒལ་རྒྱབ་ནི་ཡང་ལོས་ཡོད་རེད། གང་ཟག་རྣམ་པ་མང་པོ་རེད་གཅིག་དང་གཅིག་གི་རྒྱུད་ཚོད་འདྲ་ནི་མ་རེད། དེ་བཞིན་མཐོང་སྣང་ཡང་ཁ་ཁ་རེད། ང་ལྟ་བུ་ཡིན་ན་བྱ་ནེ་ཙོས་རང་གོང་རང་གིས་བརྒྱབ་ན་དེ་ཁྲིགས་སེ་ཡིན་ནི་རེད། ང་སོ་སོ་སྐྱེ་བོ་ཐ་མལ་པ་འཆིང་བ་ཀུན་ལྡན་གྱི་བདག་ཉིད། ཡང་སྔར་བསགས་ལས་དང་སྨོན་ལམ་གྱི་དབང་གིས་རྟེན་འདིར་དམ་པའི་ཆོས་དང་འཕྲད། ཁྱད་པར་དམ་པ་གོང་མ་སངས་རྒྱས་དངོས་བྱོན་འདྲ་བ་མང་པོའི་ཞལ་མཇལ་ནས་བསྟན་ལ་ལྷག་བསམ་མི་དམན་པ། དད་དང་དམ་ཚིག་ལ་འགལ་ཉམས་ཚབས་ཆེན་མ་སོང་བའི་ཤཱཀྱའི་རྗེས་འཇུག དུས་ཀྱི་ཐ་མར་ཆོས་སྨྲ་བའི་དགེ་སྦྱོང་ཞིག་ཡིན་པ་རང་གིས་ཀྱང་ཁས་འཆེ་བ་རེད། ད་ཆེ་བཤད་མི་འདྲ་བ་ཞིག་བྱས་ཏེ་བཅུ་ཐམ་པ་ལ་བརྒྱ་ཐམ་པ་བཏགས་དགོས་ཁི་བསམ་ནི་ཞིག་ཡིན་ན་སོ་སྐྱེ་ལམ་པ་ཞིག་ཨེ་མི་ཡིན་ཟེར་རྒྱུ་ཡིན་ནི་རེད། ཨེ་མི་ཡིན་ཟེར་རྒྱུ་དེ་དོན་འགྱུར་དང་དོན་མི་འགྱུར་གྱི་ཐེ་ཚོམ་གྱི་ཕྱོགས་མ་ཕྱེད་པའི་སྐད་ཆ་ཞིག་རེད། ད་ཡིན་རྒྱུ་དེ་འདྲ་ཅན་པོ་ཡིན་ནི་རེད། ཡིན་ནི་རེད་ད། བོད་བསྟན་པ་ཡང་དར་གྱི་དུས་ཚོད་འདི་ཚེས། མྱི་རབས་སྔ་ཕྱིའི་བར་མཚམས་སུ་སྐྱ་ཆད་སྔོ་སྡུག་གི་སྐབས་འདིར་ཆོས་བརྒྱུད་འདིའི་ཆོས་རྒྱུན་རེ་མཐུད་རྒྱུར་སྐྱེ་སྔ་ཕྱིའི་དབང་གིས་ཁེལ་སོང་བ་ཡིན་དུས། ད་སྔ་པདྨ་ཐང་གི་གནས་འདི་ནས་ཀློང་ཆེན་སྙིང་ཐིག་གི་གཙོས་པའི་དབང་ཁྲིད་ལུང་གསུམ་གྱི་རྒྱུན་རེ་སྤེལ་ནས་ད་ལོ་བརྩིས་ན་མྱི་ལོ་བཅུ་བཞི་རེད་འདུག གདན་ས་འདིའི་སྒྲིག་སྲོལ་ལྟར་དུ་རང་ལོ་དྲུག་ཅུ་ཐམ་པར་སོན་པ་ན་སྤྱིའི་བསྟན་འགན་ནས་བུད་པའི་ཕྱིར་ལོ་ནས་ད་ལྟའི་བར་དུ་འདོན་ནི་རེད། ལུང་རྒྱུན་རེ་ཙམ་རེ་འདོན་ནི་ཡིན་ན་ཚིག་གི་ཆད་ལྷག་རེ་མ་སོང་ཞིང་ཀུན་སློང་དུག་ཅན་དང་མ་འདྲེས་ན་ཡེ་ཞིག་དྲག་ནི་ཨེ་མི་ཡིན་གདའ། འདི་ནས་བཤད་ཁྲིད་བཤད་དགོས་ནི་རེད།

དེ་ཡང་ར་རི་ཕ་ཕུག་ཅིག་ནས་ལྡོག་མ་ཁ་ཤས་ལ་ཅི་དྲན་གང་དྲན་བཤད་ནི་ཞིག་དང་མི་འདྲ་གི། སྡེ་སྣོད་འཛིན་པ་བརྒྱ་ཚོ་སྟོང་ཚོ་ལ་བཤད་དགོས་ཁི། འདོན་ཚད་པོ་དེ་སྒྲ་ལེན་འགྲོ་ཁི། དབུགས་ཤིག་ཅི་ལེན་པོ་དེ་བཤུས་འགྲོ་ཁི། དེས་མི་ཚད་ཡིག་ཐོག་ལ་བླངས་ནས་བཀྲམ་འགྲོ་བ་ཡིན་དུས། སྒྲ་དང་ཡི་གེ་དེ་ཚོ་མྱི་ལོ་བརྒྱ་ཚོ་སྟོང་ཚོའི་བར་འཇིག་རྟེན་ན་གནས་འགྲོ་རྒྱུ་ཡིན་ནི་རེད། དེ་འདྲ་ལ་བསམ་བློ་རེ་གཏོང་དུས་གང་ཟག་གཅིག་ལ་ཟེར་ནོར་ཞིག་བྱས་ཏེ་དེས་གོ་ནོར་རེ་ཐེབ་སོང་ན་གང་ཟག་དེ་ལམ་ལོག་ལ་མངག་གཏོང་ནི་རེད། སྐྱེ་བ་འདིས་མི་ཚད་པར་སྐྱེ་བའི་ཚེ་ཕྲེང་མང་པོ་ཞིག་ལམ་ལོག་ལ་མངག་གཏོང་ནི་རེད། དེ་འདྲའི་བརྒྱ་ཚོ་སྟོང་ཚོ་རེད་སོང་ན་ཧ་ཅང་སྡུག་ནི་རེད་བསམ་སྟེ་ཉམ་བག་ཚ་མོ་ཡིན་ནི་རེད། དབང་ཁྲིད་གང་འདོན་ན་གནའ་ཆུང་དུས་ཞིག་ལ་ཅིག་ཐོབ་མྱོང་ནི་རེད་ཐོབ་ས་མ་འདྲ་བ་དག་དག་ཡིན་ནི་རེད་བསམ་ཁི་བསྡད་ནི་རྐྱང་བས་མི་ཕན་ཁི། དེའི་ཐད་ནས་རང་གིས་རང་ལ་དྲི་བ་ཞིག་བཀོད་ན་ཁྱོད་ལ་ཚིག་རྒྱུན་ཡོད་ན་ཡང་དོན་རྒྱུན་ཨི་ཡོད་ཟེར་རྒྱུ་ཅན་པོ། དོན་རྒྱུད་ལུང་མན་ངག་གི་ཚིག་འབྲུ་ཁེ་རུ་ཞིག་གི་དོན་མ་ཁྲོལ་བཞིན་རྒྱུད་པ་སྒྲ་ཚིག་རྐྱང་བས་སྤེལ་བཏང་ཆོག་ན། དེ་སྒྲ་བརྙན་གྱིས་ཀྱང་རྒྱུད་པ་ཅིའི་ཕྱིར་སྤེལ་མི་ཆོག། ཤེས་རྒྱུད་ཀྱིས་ཟིན་མ་ཟིན་གྱི་ཁྱད་པར་ཞིག་ཡོད་ནི་རེད་སྙམ་ན། དེ་ལྟ་ན་དོན་གྱི་ཕྱོགས་ལ་རྣམ་རིག་མ་སོང་པའི་སྣང་ལ་མ་ངེས་པའི་སྒྲ་ཙམ་ཐོས་པ། དུད་འགྲོས་ཆོས་སྒྲ་ཐོས་པ་དེ་ཤེས་རྒྱུད་ཀྱིས་ཟིན་ཕྱིར་ཆོས་ཐོབ་པར་འཇོག་དགོས་ན་དེ་ཅིག་འཇོག་དཀའ་རྒྱུ་རེད། དེ་ཚོ་ལ་བསམ་བློ་བཏང་སྟེ་ཐོབ་ཡིག་སྣག་ཚའི་རི་མོ་ཕལ་ལ་ཡང་བློ་མ་ཁེལ་བར། དོན་རྒྱུད་དགོངས་པའི་གཏད་རྒྱ་སྙིང་ལ་སིམ་པ་ཅིག་པུ་ལ་བློ་ཁ་ཕྱོགས་ཤིང་བློ་གདིང་འཆའ་བ་ཡིན་སྙམ་གྱི་འདུན་པ་བཟུང་ཁི་ཡོད་ནི་ཡིན། དེའི་ཕྱིར་ན་སྒྲ་དང་ཚིག་ཏུ་བསྡེབ་པ་འདི་དོན་གྱི་འགངས་ལོན་པའི་ཆེད་ཡིན་ན་དབང་ཁྲིད་གང་འདོན་ན། མ་བཏོན་ན་མ་བཏོན་ནི་རེད་མ་གཏོགས། གཅིག་བཏོན་དུས་རྒྱུད་ལུང་གི་ཁུངས་ལ་གཏུག རིགས་མཐུན་གྱི་གཞུང་ལ་བརྟེན་ནས། སླ་ཆོས་ལ་མ་སོང་བར་ཞིབ་ཆ་བྱེད་རྒྱུ་དང་། ཁ་བཤད་རྐྱང་བས་མི་ཆོག་གི། དབང་གི་སྐུར་ཐབས་ཟེར་རྒྱུ་བོ་འདི་ལ། སྐུར་ནི་བོས་བསྐུར་བཏང་ན་བསྐུར་ས་བོས་ཅིག་ཐོབ་དགོས་གི། ཐོབ་རྒྱུ་ཞིག་ཡོད་བཏང་དགོས་ནི་རེད།

དེ་བསམས་ནས་དབང་གི་བྱིན་བརླབས་རེ་སློབ་མའི་རྒྱུད་ལ་འཇུག་ཐབས་སུ་རྩ་བ་དང་བརྒྱུད་པའི་བླ་མ་ལ་དད་མོས་དྲག་པོས་གསོལ་འདེབས་རེ་བྱེད་ཞོར་དུ། བསྙེན་པའི་ཁ་སྐོང་རེ་གཞུང་ནས་གསུངས་པ་ལྟར་དུ་ཚད་ལྡན་རེ་ཨེ་འགྲུབ་སྟས། སྒོ་གསུམ་ཐ་མལ་གྱི་སྣང་ཞེན་དུ་མ་ཤོར་ཙམ་དུ་དག་དྲན་རེ་སོ་བྱས། སྤོབས་པ་བསྐྱེད་དེ་དམ་པ་གོང་མའི་དབང་ཁྲིའི་སྟེང་དུ་བསྟན་པའི་དགོས་མཁོ་ལ་དམིགས་ནས་འདུག་ཁི་ཡོད་ནི་རེད། ད་འདི་ཚོ་ཚང་མ་རང་ཉམས་དང་སྦྱར་ཏེ་རང་དཔེ་དེ་རང་འདྲའི་རོགས་ལ་བཀོད་དེ་བཤད་ནི་ཡིན་། དེའི་ཡན་གི་ལུགས་གཉིས་མཁྱེན་སྤྱན་ཡངས་པ་དག་གི་གཟིགས་ངོར་དུ་རྒྱུན་ཞིག་ཡོད་ནི་བོ་མར་ཤར་འདོན་བྱེད་མི་བཏང་བར་དུས་ཚོད་འགོར་སྤྱད་ཅི་ཞིག་བཤད་འདུག་ནི་རེད་དགོངས་ནས་ཐུགས་སུན་གྱི་རྒྱུར་ཡང་འགྱུར་སྲིད་ནི་རེད། ད་དུང་དེའི་ཡན་གི་ཆོས་སྤྱན་ལྡན་པའི་ལྷ་དང་སྲུང་མས་ཡང་ད་འདི་ནོར་ཐལ། འདི་འགལ་ཐལ། འདི་མ་ཚང་ཐལ་དགོངས་རྒྱུའི་རིགས་མང་པོ་ཅིས་མེད་། ཡང་རྣམ་པ་གཅིག་ཏུ་ན་སོ་སྐྱེ་ལགས་པས་ནོངས་པ་མཆིས་ཀྱང་ཁོ་རང་གི་རང་ངོས་ནས་ལྷག་བསམ་དང་། དད་དང་དམ་ཚིག་ལ་སྐྱོན་དེ་འདྲ་མི་ཆེ་ཁི་ནས་ད་སྙིགས་མའི་སྐབས་སུ་དེ་འདྲ་ཡིན་ནི་རེད་དགོངས་ཏེ་བཟོད་པར་མཛད་ཀི་ཡོད་རྒྱུ་རེད་ཐེངས་རེ་དེ་འདྲ་བསམ་བཞིན་ཡོད།

དེ་འདྲ་ཡིན་པས་ཐོས་མང་མཁྱེན་རྒྱ་ཅན་ཞིག་གི་མདུན་དུ་ངས་དབང་གི་གོ་དོན་གྱི་ཐད་ནས་རང་གཞུང་ཆོག་ཁྲིག་གིས་མ་འཐུས་ནི་ཞིག་ཟུར་ནས་ཡར་ལྷག་གི་ཞུ་འདུག་དགོས་ནི་མ་རེད། འོན་ཀྱང་རང་རེ་འཛོམ་སའི་གནས་འདི་ནི་སྒོམ་ཁྲིད་བཤད་སའི་ལོ་རྒྱུས་རིང་པོ་ཅན་ཞིག་གི་ས་ཆ་ཞིག་ཡིན་ནི་རེད། དེ་ཡིན་རྒྱུ་དང་ནི་ད་ལྟ་ངས་བཤད་ས་འདི་ཡང་སྒོམ་ཁྲིད་བཤད་སའི་སྟེགས་བུ་དམ་པ་གོང་མའི་ཆོས་ཁྲི་ཞིག་ཀྱང་ཡིན། དེ་འདི་འདྲའི་འདུས་པ་མང་པོ་ཞིག་ཕྱོགས་བཞི་མཚམས་བརྒྱད་ནས་འདི་བཞིན་འཛོམས། ས་ཐག་རིང་གི་སྐུ་ངལ་འོ་བརྒྱལ་ལ་མ་འཛེམ་པར་ཆོས་འདོད་དོན་གཉེར་གྱི་བློས་ཆེད་གཏད་ཀྱིས་འདི་ན་ཕེབས་ནི་ཡིན་པས། ངས་འདི་ནས་འཕངས་ཐ་རྒྱབ་ཐ་ཟེར་སྤྱད་ཙམ་ཞིག་ཏུ་ཡིག་ནག་ཤར་འདོན་བྱས་པ་ཞིག་གིས། རང་ཉིད་ཀྱི་བློའི་སྤྲོས་པ་མ་ཆོད་པའི་སྟབས་ཀྱིས་བློ་དེ་འདྲ་ཞིག་མ་བདེ་ནི་རེད།

དེའི་ཕྱིར་གོང་ཞུས་ལྟར་དུས་རབས་གསར་རྙིང་གི་མི་རབས་བརྗེ་ལུགས་ཤིག་གི་ཁྱད་པར་གྱིས་ལོ་ན་རྒན་གཞོན་གྱི་དབང་དང་། རེས་འཁོར་ལན་ཞིག་གིས་དུས་རབས་འདིར་ངས་རང་ལུགས་ཀྱི་ཆོས་རྒྱུན་དྲི་མ་མེད་པའི་དབང་རྒྱུན་རེ་མཐུད་དེ་འདི་བཞིན་འབུལ་དགོས་པའི་དུས་ཞིག་ལ་ཁེལ་ཡོད་ན། དབང་ཁྲིད་ལུང་གསུམ་པོ་གཅིག་ལ་གཅིག་འབྲེལ། རྣམ་པའི་བྱེད་པ་ཙམ་གྱི་ལྡོག་ཆ་ནས་མཚན་གསུམ་བཏགས་ནི་རེད་མ་གཏོགས། དོན་ངོ་བོ་གཅིག་གི་འབྲེལ་བ་གྲུབ་པ་ཞིག་ཡིན་དུས་ཆོས་འཆད་པོ་འམ་དབང་སྐུར་བ་པོ་རང་ཉིད་སོ་སོའི་སྐྱེ་བོའི་ས་ལས་མ་འདས་ཤིང་། གཞན་རྒྱུད་བརྟགས་པའི་མངོན་ཤེས་ཅན་མིན་པའི་ཕྱིར་ན། རང་རྒྱུད་གཞིར་བཞག་བྱས་ཏེ་རང་དང་ཚོད་མཉམ་གྱི་ལས་དང་པོ་པ། དེ་ཡང་ལས་དང་པོ་པ་ལ་དབྱེ་བ་མང་པོ་ཡོད་པ་དེའི་སྟབས་ཀྱིས་ལས་དང་པོ་ཟེར་ན་ཆོས་རྭའི་ནང་ན་གསར་དུ་ཞུགས་པའི་ཆོས་སྒྲ་སྔ་བས་གོ་བའི་འཛིན་གྲྭ་དང་པོའི་བྱིས་པ་དག་དག་ཡིན་མི་དགོས། ན་ཚོད་ཀྱིས་རྒན་ཡང་རྒྱུད་ཚོད་ན་མ་འཕར་པའི་ལས་དང་པོ་པ་རང་ཉིད་དང་འདྲ་བ་ཡོད་སྲིད་པ་ཡིན་པས། དབང་སྐུར་ནི་སྐུར་ས་གཉིས་ཀས་དབང་དོན་ལ་བློ་ཁ་ཙམ་ཡང་མ་ཕྱོགས་ན་རྒྱུ་གཉིས་རྐྱེན་བཞི་ཚོགས་ཁི་ཡོད་ནི་མ་རེད། དེ་མ་ཚོགས་པར་ཇི་ལྟར་བྱས་ཏེ་འདོན་རུང་། དེའི་སྐུར་ཐབས་དེ་དབང་ལ་འགྱུར་ཐབས་མེད་པ་ཡིན་པས། དེ་དབང་གི་སྐུར་ཐབས་ལྟར་སྣང་བ་ཞིག་མིན་ན་གང་ཡིན་བསམ་ཁི་ཡོད། དེ་དང་གཞན་ཡང་རིམ་འཇུག་བསྟན་པའི་བབས་རིམ་དང་བསྟུན་ཏེ་རང་འདྲའི་ཆོས་གྲོགས་ལ་རང་བློས་གང་ལྕོག་རེ་ཞུས་བཏང་ན་བློ་ཆེན་ལ་ཡང་བོག་འདོན་གྱི་ཐུགས་བསོས་ཞིག་ཏུ་མ་སོང་ན་ཉེས་འགལ་ཚབས་ཆེན་དུ་འགྱུར་རྒྱུ་མ་རེད་བསམ་ས་བོའི་ཐོག་ནས་ངས་ན་ནིང་ད་ལོར་དབང་རེ་མ་བཏོན་ན་མ་གཏོགས། དབང་དོན་གྱི་ཚིག་ཁ་ཤས་རང་གི་བློ་ཚོད་དང་བསྟུན་ཏེ་ཞུ་རྒྱུའི་ཀུན་སློང་དང་འདུན་པ་བསྐྱེད་ནས་ཞུ་ཁི་ཡོད་ནི་རེད་། གསང་སྔགས་སྔ་འགྱུར་བའི་ཐུན་མིན་རྒྱུད་སྡེ་དང་སྒྲུབ་སྡེའི་དབྱེ་བའི་ཐད་འདི་ནས་རྒྱུད་སྡེ་ཞི་ཁྲོ་དང་ནི། སྒྲུབ་སྡེ་བཀའ་བརྒྱད་ཀྱིས་སྤྱིའི་ཁོག་འབུབས་བྱེད་པ་དགོས་པ་ཡིན་པས། ཐེངས་འདིར་མཚོན་ན་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དེའི་དབང་སྐུར་བའི་སྐབས་འདིར། ལྟ་སྤྱོད་དཀྱིལ་འཁོར་དབང་དང་དམ་ཚིག་ལ་སོགས་པ་གང་ལས་འཕྲོ་བའི་གཞི། སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་རྒྱ་མཚོའི་བང་མཛོད་དུ་གྱུར་བ། སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་གི་འཕྲོ་གཞི། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྲོག་ཤིང་། རྒྱལ་བའི་དགོངས་པ་མཐར་ཐུག་གི་སྙིང་པོའི་བཅུད་དྲིལ་བ། སངས་རྒྱས་རྡོ་རྗེ་འཆང་གི་དགོངས་དོན། ཐུན་མོང་མ་ཡིན་པའི་རྒྱུད་སྡེ་འདིའི་བརྒྱུད་ཚུལ་དང་བབས་ཚུལ་འདི་ལ་ཐོག་མར་ངེས་པར་དུ་བློ་ཁ་ཕྱོགས་དགོས་པ་ཞིག་རེད་ཡོད་ཁི། དེ་མ་ཕྱོགས་ན། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །གསུངས་པ་ལྟར་རེད། སྤྱིར་ན་རྒྱལ་བ་སྐུ་གསུམ་གྱི་བདག་ཉིད་ཅན་དེས་སྔ་འགྱུར་རྡོ་རྗེའི་ཐེག་པ་ནང་རྒྱུད་ཡོ་ག་རྣམ་གསུམ་ལ་བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་གསུམ་གྱི་བཟླས་ཕྱེ་བའི། ཕྱི་བསྐྱེད་པ་མ་ཧཱ་ཡོ་ག ནང་རྫོགས་པ་ཨ་ནུ་ཡོ་ག། གསང་བ་རྫོགས་ཆེན་ཨ་ཏི་ཡོ་ག་གསུམ་གྱི་སྣང་བས་གདུལ་བྱའི་ཁམས་རང་བཞིན་གྱིས་གྲོལ་བའི་ཐབས་བསྟན་མཛད་པ། དེའི་ནང་ནས་གསང་བ་རྫོགས་ཆེན་དེ་ལ་ཡང་ནང་གསེས་སུ་བསྐྱེད་རྫོགས་དབྱེར་མེད་སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་དང་ནི། བསྐྱེད་རྫོགས་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་སྟོན་པ། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པར་སྟོན་པ་རྣམས་སུ་ཡོད་པ་ལས།

སྐབས་འདིར་བསྟན་གྱི་ཆོས་ནི། བསྐྱེད་རྫོགས་དབྱེར་མེད་སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་མ་ཧཱའི་ཨ་ཏི། ཨ་ཏིའི་མ་ཧཱ་དང་གནད་གཅིག་པ་དེ་རེད། སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པའི་དཀྱིལ་འཁོར་དུ་དབང་སྐུར་ཁི་ཡོད་ནི་རེད། དེ་ལ་དབང་སྐུར་བའི་ཐོག་མར་རྒྱུད་འདི་ཉིད་ཐོག་མར་སྟོན་པས་ཇི་ལྟར་གསུངས་པ་དང་དེ་ལས་ཇི་ལྟར་བརྒྱུད་ཚུལ། བརྒྱུད་པ་དེ་ལྡན་གྱི་རྒྱུད་དོན་སོགས་ལ་ཐ་ན་རགས་རིམ་ཙམ་གྱིས་གོ་བ་མ་ཆགས་ཤིང་མ་ངེས་ན། གོང་བཤད་ལྟར་འཛུབ་མོས་ཟླ་བ་བསྟན་པ་ན་ཟླ་བ་ལ་མ་བལྟས་པར་འཛུབ་མོ་ལ་བལྟས་པ་ལྟར་དུ་དབང་གི་སྒྲ་ཚིག་ཙམ་ཐོས་པ་མ་གཏོགས་དབང་ཐོབ་པ་ངོ་མའི་གྲལ་དུ་འགྲོ་དཀའ་བར་སེམས་ཏེ་དབང་དོན་རེ་བཤད་ཁི་ཡོད་ནི་རེད། དེ་སྟོན་པས་རྒྱུད་འདི་ཐོག་མར་ཇི་ལྟར་གསུངས་ཚུལ་གྱི་ཐད་ནས་བཞེད་པ་མང་ན་ཡང་། དགོངས་པ་མཐུན་པར་བཤད་ན། བདག་ཅག་གི་སྟོན་པས་མི་ཡུལ་འཛམ་བུའི་གླིང་དུ་བྱང་ཆུབ་བརྙེས་པའི་མཛད་པ་བསྟན་ནས་ཐུན་མོང་གི་ཆོས་འཁོར་སྐོར་བའི་དུས་དེར་ལོངས་སྐུས་འོག་མིན་དུ་རྒྱུད་འདི་གསུངས་པ་དང་། སྤྲུལ་སྐུས་འདུལ་བ་རྣམ་བཞིའི་ནང་ཚན་གསུང་གི་འདུལ་བའི་སྐབས་སུ་གསུངས་པར་འདོད་པ་གཉིས་འགལ་བ་ཡོད་ནི་མ་རེད། དེ་མི་འགལ་བའི་ཚུལ་རྒྱུད་ལེའུ་དང་པོའི་གླེང་གཞིའི་སྐབས་ནས། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་འོག་མིན་གྱི་གནས་ཞེས་པ་ལ་སོགས་པས་ཕྱི་རྒྱུད་འབྱུང་བ་གླེང་གཞིའི་ཚུལ་དུ་ཕུན་སུམ་ཚོགས་པ་ལྔ་དང་སྦྱར་ཏེ་བཤད་པ་ལྟར་རེད། འོག་མིན་ཞེས་པ་འདི་ལ་ཡང་དབང་ཕྱུག་ཆེན་པོའི་འོག་མིན་ནམ་ལོངས་སྐུའི་འོག་མིན་དང་། དེའི་རྗེས་མཐུན་སྤྲུལ་སྐུའི་འོག་མིན། དེ་ལ་ཡང་ཕྱེད་སྤྲུལ་ལོངས་སྐུར་གྲགས་པ་རང་བཞིན་སྤྲུལ་བའི་ཞིང་ཁམས་དང་། གཙང་རིས་ལྷ་གནས་ཀྱི་འོག་མིན་སོགས་ལ་ཁྱད་པར་ཡོད་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བ་རྒྱ་མཚོའི་ཡུལ་དེ་བསམ་གྱིས་མི་ཁྱབ་པ་ཡིན་པས་ན། གཅིག་ཡིན་ན་གཞན་ཡིན་མི་རུང་བ་མིན་པའི་ཕྱིར་ན་སྔོན་གྱི་སློབ་དཔོན་རྣམས་ཀྱིས་རྒྱུད་གསུངས་ཚུལ་གུང་སྒྲིག་ཐུབ་ནི་རེད། དེ་ལྟར་སྟོན་པས་རྒྱུད་སྡེ་ཇི་ལྟར་གསུངས་ཚུལ་ངེས་པའི་སྟེང་ནས། དེ་ལས་ཇི་ལྟར་བརྒྱུད་པའི་ཚུལ་དེ་ཉིད་བརྒྱུད་གསུམ་སྤྱིའི་རྣམ་བཞག་དང་། སོ་སོའི་ངོས་འཛིན་ཕྱེས་ཏེ་རྣམ་པ་གཉིས་ཀྱི་སྒོ་ནས་བཤད་དགོས་ནི་རེད། དེ་ལས་དང་པོ་བརྒྱུད་གསུམ་སྤྱིའི་རྣམ་བཞག་ནི། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་ལྟར་དུ་གསང་ཆེན་སྔ་འགྱུར་སྒྱུ་འཕྲུལ་དྲྭ་བའི་ཐུན་མོང་མ་ཡིན་པའི་བརྡ་ཆད་ལྟར་ན། རྒྱལ་བ་དགོངས་བརྒྱུད། སེམས་དཔའ་རིག་བརྒྱུད། རྣལ་འབྱོར་རྣ་བརྒྱུད་གསུམ་གསུངས་པ་ལ་ཞིབ་ཏུ་བསམ་ན་རྒྱལ་བ་དགོངས་རྒྱུད་ལ་ཡང་རྣམ་པ་གཉིས་སུ་དབྱེར་ཡོད་པ་སྟེ། འཆད་པའི་སྐྱེས་བུ་རིགས་དྲུག་པས་རྒྱུད་དོན་མཐར་ཕྱིན་པ་བརྙེས་པ་ན། དེ་ལས་སྤྲུལ་བའི་གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཡབ་ཡུམ་ཞི་ཁྲོའི་འཁོར་ཐམས་ཅད་ཀྱིས་རྒྱུད་དོན་དེ་བཞིན་བརྙེས་པར་འཇོག་ནི་རེད། དེ་ཡང་གཞན་མ་ཡིན་པ་གཙོ་འཁོར་དགོངས་པ་གཅིག་གིས་བརྒྱུད་པ་དེ་གཅིག་རེད། ཡང་སྟོན་པ་དང་རྒྱུད་ཐ་དད་པའི་ལྷན་གཅིག་པའི་འཁོར་ཐམས་ཅད་ལ་ཟབ་དབང་གསུམ་སྐུར་བའི་དགོངས་པ་མཛད་དེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་བ་ཡང་དགོངས་བརྒྱུད་ཀྱི་ཚུལ་གཞན་ཞིག་རེད། དེ་ང་ཚོའི་རྫོགས་ཆེན་ཀློང་ཆེན་སྙིང་གི་བསྟན་པའི་ཤིང་རྟ་རིག་འཛིན་འཇིགས་མེད་གླིང་པ་ལ་རྒྱལ་བ་ཀློང་ཆེན་པས་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་སྟེ་བརྒྱུད་གསུམ་དགོངས་པ་གཅིག་འདུས་སུ་གྱུར་བ་དེ་ཡང་བརྒྱུད་ཚུལ་འདི་དང་གཅིག་མཚུངས་ཡིན་ནི་རེད། དེ་བཞིན་དུ་ཆོས་བརྒྱུད་འདིའི་གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཉེ་བརྒྱུད་ཐུན་མིན་གྱི་བཀའ་བབས་པ་ཡང་དེ་དང་འདྲ་བ་རེད། གཉིས་པ་སེམས་དཔའ་རིག་བརྒྱུད་ཅེས་པ་དེ་གཞན་དུ་རིག་འཛིན་བརྡ་བརྒྱུད་ཅེས་པ་དང་དོན་གཅིག་རེད། དེ་ནི་འཆད་པ་པོ་དག་པའི་སེམས་དཔའ་སྔགས་ཀྱི་ཡེ་ཤེས་ལས་གྲུབ་པའི་སྐུ་བརྙེས་པས་རྒྱུད་ཡོངས་སུ་སྨིན་པའི་བྱང་སེམས་ཀྱི་འཁོར་ལ་ཐུགས་རིག་པའི་ཡེ་ཤེས་ཀྱི་དགོངས་པ་གཏད་ནས་སྔགས་དང་ཕྱག་རྒྱའི་བརྡ་ཐབས་བསྟན་པ་ཙམ་གྱི་མོད་ལ་འཁོར་གྱིས་རྒྱུད་དོན་མཐའ་དག་རྟོགས་པ་སྟེ། འདི་ཡང་དགོངས་པ་དོན་བརྒྱུད་ཁྱད་པར་ཅན་ཡིན་ཡང་། རྒྱལ་བ་དགོངས་བརྒྱུད་ཀྱི་བརྒྱུད་ཚུལ་ལས་གཞན་དུ་གོ་བའི་ཆེད་དུ་དགོངས་བརྒྱུད་ཅེས་མ་སྨོས་པར་རིག་བརྒྱུད་ཅེས་གསུངས་ནི་རེད།

གསུམ་པ་དེ་རྣལ་འབྱོར་རྣ་བརྒྱུད་རེད། རྣལ་འབྱོར་རྣ་བརྒྱུད་ཅེས་པའི་རྣལ་འབྱོར་བ་དེ་གང་འདྲ་ཞིག་རེད་ཟེར་ན།

དེ་ནི་དང་པོ་ནས་རིག་སྔགས་ཀྱི་ལྷར་བཞེངས་པ་ལྟ་བུ་མ་ཡིན་པར་ཐ་མལ་པའི་རྟེན་བཟུང་ནས་ལམ་བསྒོམས་ཏེ་དྲོད་ཅི་རིགས་ཐོབ་པ་ཡན་ཆད་ལ་རྣལ་འབྱོར་པ་ཞེས་འཇོག་ནི་རེད། དེ་ལྟ་བུའི་རྣལ་འབྱོར་པ་སྔ་མ་སྔ་མའི་ཞལ་ནས་ཕྱི་མ་ཕྱི་མའི་སྙན་དུ་དབང་རྒྱུད་མན་ངག་རིམ་བཞིན་བརྒྱུད་པ་དེ་རྣལ་འབྱོར་རྣ་བརྒྱུད་རེད།

བརྒྱུད་གསུམ་སྤྱིའི་རྣམ་བཞག་གི་ཐོག་ནས་རགས་རིམ་ཞུས་ན་དེ་འདྲ་རེད། སོ་སོའི་ངོས་འཛིན་བྱེ་བྲག་ཏུ་ཕྱེས་ཏེ་བཤད་ན།

རྒྱལ་བ་དགོངས་བརྒྱུད་ཅེས་པ་སྐུ་ལྔའི་བདག་ཉིད་སྟོན་པ་རིགས་དྲུག་པ་རྡོ་རྗེ་འཆང་དེས་རྒྱལ་ཚབས་རིགས་ལྔ་སོགས་དང་རིགས་ལྔའི་འཁོར་ལ་བརྒྱུད་ནི་བོ་དེ་རྒྱལ་བ་དགོངས་བརྒྱུད་རེད། སེམས་དཔའ་རིག་བརྒྱུད་འདི་ལ་མི་དང་མི་མིན་གྱི་དབྱེ་བ་གཉིས་ཡོད་པའི་ནང་ནས་མི་མིན་ལ་བརྒྱུད་པ་ནི་རྒྱལ་སྲས་རིགས་གསུམ་སེམས་དཔས། ལྷ་ཀླུ་གནོད་སྦྱིན་གྱི་རིག་འཛིན་ལྷ་གྲགས་ལྡན་མཆོག་སྐྱོང་དང་། ཀླུ་རྒྱལ་མགྲིན་པ་ནག་པོ། གནོད་སྦྱིན་ཀུན་ཏུ་བཟང་པོ་གསུམ་ལ་བཤད་དེ་བརྒྱུད་པ་རེད། མི་དང་མི་མིན་གཉིས་ཀའམ་མི་ལས་བརྒྱུད་པ་དེ་གང་ཡིན་ན། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལ་སོགས་པའི་ལུང་དོན་ལྟར་དམ་པའི་རིགས་ཅན་དྲ་མ་ལྔ། ལིང་ཀའི་ཡུལ་གྱི་གྲོང་བརྡལ་གྱི་མཚོ་གླིང་ཞིག་གི་རི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་གྱིས་འདུས་ཏེ་སངས་རྒྱས་ལ་དམིགས་ཏེ་གདུང་ཚིག་གཏོན་པ་ན། དཔལ་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས་རྒྱུད་བཤད་ནི་རེད། རྣལ་འབྱོར་རྣ་བརྒྱུད་ཟེར་བ་དེ་ནི་མི་ཡུལ་དུ་ཐོག་མར་ཇི་ལྟར་བྱོན་པ་དང་དེ་ལས་ཇི་ལྟར་བརྒྱུད་ཚུལ་སྟེ་རྣམ་པ་གཉིས་ཀྱི་ཐོག་ནས་བཤད་རྒྱུ་ཡོད་ནི་རེད། མི་ཡུལ་དུ་ཐོག་མར་དར་ལུགས་ལ་བསམ་བློ་བཏང་ན། གོང་དུ་བཤད་པ་ལྟར་དུ་གསང་བདག་གིས་བཀའ་བསྡུ་མཛད་པ་དེའི་དུས་སུ་དེའི་བྱིན་བརླབས་ཀྱིས་ས་ཧོ་རིས་རྒྱལ་བོ་ཛ་ལ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་ལ་སོགས་པའི་རྨི་ལམ་ངོ་མཚར་བ་བདུན་བྱུང་བ་དང་མཐུན་པར་ཕོ་བྲང་གི་སྟེང་དུ་རྒྱུད་སྡེའི་གླེགས་བམ་དང་ཕྱག་ན་རྡོ་རྗེའི་སྐུ་ཁྲུ་གང་བ་དངོས་སུ་བབས་ཏེ་གསོལ་བ་བཏབ་པས། སྔོན་གསང་སྔགས་ལ་སྦྱངས་པའི་འཕྲོ་སད་དེ་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་ཟླ་བ་དྲུག་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་མཇལ་ཞིང་བྱིན་གྱིས་བརླབས་པས་གླེགས་བམ་གྱི་དོན་མཐའ་དག་མཁྱེན་པར་གྱུར་ནི་རེད་ཅེས་པའི་ལོ་རྒྱུས་ལྟར་རེད། དེ་ལས་ཇི་ལྟར་བརྒྱུད་པའི་བརྒྱུད་ཚུལ་གྱི་ཐོག་ནས་དམིགས་བསལ་རང་རེའི་ཆོས་བརྒྱུད་དང་སྦྲེལ་ཏེ་བཤད་ན། རྒྱལ་པོ་དེ་ཉིད་ཀྱིས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བཤད། དེ་ནས་རིམ་བཞིན་ཨིནྟྲ་བྷུ་ཏི། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ་སོགས་ལ་བརྒྱུད་ཚུལ་བརྒྱུད་འདེབས་ལྟར་དུ་རེད། དེ་ནས་སྲས་མོ་གོ་མ་དེ་ཝའི་བར་དུ་བརྒྱུད་པ་ཐམས་ཅད་ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་སར་བཤེགས་ནི་ཤ་སྟག་བྱོན་ནི་རེད།

སྲས་མོ་གོ་མ་དེ་ཝིས་སྒེག་པའི་རྡོ་རྗེ་དང་སངས་རྒྱས་གསང་བ་གཉིས་ལ་བཤད། སངས་རྒྱས་གསང་བས་སློབ་དཔོན་ཆེན་པོ་པདྨ་དང་བི་མ་མི་ཏྲ་ལ་གདམས་པར་མཛད་ནི་རེད། བོད་གངས་ཅན་དུ་སློབ་དཔོན་པདྨས་རྗེ་འབངས་འདུས་པ་ལ་ལྟ་ཕྲེང་གསུངས་པ་སོགས་དེ་ལས་བརྒྱུད་པའང་ཡོད་ལ། བི་མ་ལས་རྨ་གཉགས་གཉིས་ལ་གདམས་པ་དེ་ལས་བརྒྱུད་པའི་ཆུ་བོ་གསུམ་དུ་གྱེས་པ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་གནུབས་སངས་རྒྱས་ཡེ་ཤེས་ལ་བབས་ནི་རེད། དེ་ནས་སོ་ཟུར་གཉིས་ལ་བརྒྱུད་པ་སྟེ། འདིའི་བརྒྱུད་རིམ་ཞིབ་ཕྲ་དེ་ཆོས་འབྱུང་ཁུངས་ལྡན་སོའི་ནང་ནས་འབྱུང་བ་བཞིན་དུ་རེད་ བཤད་ཀྱིས་མི་ལོང་ཁི། དེ་ནས་དེང་གི་བར་དུ་བརྒྱུད་ནི་ཡིན་ན་དམིགས་བསལ་གདན་ས་འདིའི་སྒྱུ་འཕྲུལ་གྱི་ཆོས་བརྒྱུད་ལ་མཚོན་ན་རྡོར་འཛིན་པདྨ་བཀྲ་ཤིས་ནས་བརྒྱུད་གསུངས་ཡོད་ཁི་ཡིན་ན། དེ་ཡང་རྡོར་འཛིན་པདྨ་བཀྲ་ཤིས་ནས་རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་བརྒྱུད་ནི་རེད། དེས་དཔལ་སྤྲུལ་ཚང་དང་པདྨ་བཛྲ་གཉིས་ལ་བརྒྱུད་ནི་རེད། རང་རེའི་དབང་རྒྱུན་དང་བཤད་རྒྱུན་འདི་གཙོ་བོ་མཁན་ཆེན་པདྨ་བཛྲ་ལ་ཐུག་ཡོད་ནི་རེད། དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་ཉིའི་གསུང་སྤྱི་དོན་རིན་ཆེན་མཛོད་ལྡེ་ན། རྡོ་རྗེ་འཛིན་པ་པདྨ་བཀྲ་ཤིས། དེ་ལ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསན། དེས་བདག་ཅག་གི་བླ་མ་འཕགས་པ་འཇམ་དཔལ་གྱིས་ཐུགས་སྲས་ཀུན་མཁྱེན་སྤྲུལ་པའི་སྐུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་འོད་ཟེར་དཔལ་བཟང་པོ་གཉིས་ལ་བསྩལ་ཅིང་ཞེས་གསུངས་ཡོད་ནི་རེད། དེ་ལས་མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་འོད་ཟེར་ཞེས་པ་མཁན་ཆེན་པདྨ་རྡོ་རྗེ་རེད། སྔ་མས་རྡོ་རྗེ་འཛིན་པ་བསོད་ནམས་རྣམ་རྒྱལ་དང་། ཕྱི་མས་རྣམ་འདྲེན་རྗེ་བཙུན་དམ་པ་མི་ཕམ་རྣམ་རྒྱལ་རིན་པོ་ཆེར་གདམས་པ་ནས་ཀྱང་བརྒྱུད་དེ། ཞེས་གསུངས་པ་ལྟར་དཔལ་གྱི་སེང་གེ་རིའི་མཁན་རབས་རིམ་བྱོན་ནས་བརྒྱུད་ནི་རེད། ངས་འདིའི་བཤད་རྒྱུན་ནི་མཁན་ཆེན་པདྨ་ཚེ་དབང་ཚང་གི་མདུན་ནས་དང་། དབང་རྒྱུན་དེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་ད་དུང་གཞན་ནས་ཀྱང་ཐོབ་མྱོང་། འཇིགས་མེད་བསྟན་པའི་ཉི་མས་གོང་གི་གསུངས་དེའི་འཕྲོ་ནས་མདོར་ན་ཁོ་བོ་འབའ་ཞིག་མ་གཏོགས་པ་རྒྱུད་སྡེའི་གནས་ལ་སྦྱངས་བས་མཁས་པའི་གོ་འཕང་བརྙེས་ཤིང་། འཁོར་ལོའི་ལྷ་ལ་བསྙེན་པ་ལས་སུ་རུང་བ། རིམ་གཉིས་ཀྱི་རྟོགས་པའི་དྲོད་ཐོབ་པའི་རྣལ་འབྱོར་དབང་ཕྱུག་གི་ཕྲེང་བ་བར་མ་ཆད་པ་བརྒྱུད་པ་ཤ་སྟག་བྱོན་ནི་རེད་གསུངས་ལྟར་དུ། ང་འདྲ་འདྲས་ངོ་མས་ཁོ་བོ་ཙམ་མ་གཏོགས་ཟེར་རྒྱུ་ཅན་པོ་ཡིན་ནི་རེད། སྤྱིར་བཤད་ན་ཆོས་བརྒྱུད་འདིའི་མདོ་ཕྱོགས་ནས་དཔལ་གྱི་ན་ལེནྡྲའི་རྒྱ་གར་མཁས་པའི་གཞུང་ལུགས་ཀྱི་རྒྱ་གཞུང་གཞུང་ཆེན་བཅུ་གསུམ་ལ་གཞུང་བཤད་བསྲེ་བསླད་ཏིལ་འབྲུ་ཙམ་ཡང་མ་བྱས་པ་དང་། སྔགས་ཕྱོགས་ནས་རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་པ་དེ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་སྤྱི་དང་ཁྱད་པར་རྒྱལ་བ་ཀློང་ཆེན་པའི་བཞེད་པ་ཇི་བཞིན་བཀྲལ་ཏེ་འཆད་རྒྱུའི་ཕྱག་སྲོལ་འདི་ཆོས་བརྒྱུད་རྩ་བའི་གདན་ས་འདི་ནས་མདོ་ཁམས་ཀྱི་གཙོས་པའི་ཕྱོགས་ཡོངས་སུ་དར་ལ་མ་ཉམས་པར་གནས་པ་འདི་ཡིན་ན། མདོར་ན་བླ་མ་གོང་མ་གསེར་རིའི་ཕྲེང་ཚར་ལྟ་བུ་བྱོན་ནས་བརྒྱུད་པ་བར་མ་ཆད་པ། དབང་གི་ཆུ་བོ་མ་སྐམ། བཤད་པའི་སྒྲོན་མེ་མ་ནུབ། བྱིན་རླབས་ཀྱི་གཟི་འོད་མ་ཡལ་བར་བརྒྱུད་ནི་རེད་ཟེར་རྒྱུ་བོ་རེད། དེ་ཡན་སྟོན་པས་ཇི་ལྟར་གསུངས་ཚུལ་དང་དེ་ལས་ཇི་ལྟར་བརྒྱུད་ཚུལ་ཞུས་ནི་རེད། ད་བརྒྱུད་པ་དེ་ལྡན་གྱི་རྒྱུད་དོན་དངོས་ཀྱི་ཐད་ནས་བཤད་ན། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་ཁུངས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན་པ་སོགས་སྒྱུ་འཕྲུལ་གསང་བ་སྙིང་པོ་འདི་ཆེ་བ་བརྒྱད་དང་ལྡན་པ་ཞིག་ཡིན་ནི་རེད། དེ་ལྟའི་ཆེ་བ་བརྒྱད་དང་ལྡན་པའི་དཔལ་གསང་བའི་སྙིང་པོ་རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་འདི་མ་ཧཱ་ཡོ་གའི་ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད་པོ་ཀུན་གྱི་བསྡུས་དོན་ལྟ་བུ་ཡིན་ནི་རེད། དེ་དང་ཀུན་མཁྱེན་ཆེན་པོས་སྤྱིའི་ཐུགས་རྒྱུད་ཡིན་པར་ཡང་གསུངས། དེ་གཉིས་འགལ་བ་ཡོད་ནི་མ་རེད། སྤྱིར་དྲྭ་བ་ལ་སྒྱུ་འཕྲུལ་སྡེ་བཞི་ཡོད་པ་རེད། དེ་དག་ནི་རྡོར་སེམས་སྒྱུ་འཕྲུལ་དྲྭ་བ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། ལྷ་མོ་སྒྱུ་འཕྲུལ་དྲྭ་བ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་སྟེ་བཞི་ཡོད་ན་དེའི་ནང་གི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་འདི་ལ་ཡང་སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་དབྱེ་བ་ཡོད་ནི་རེད། སྒྱུ་འཕྲུལ་སྡེ་བརྒྱད་དེ་ཇི་ལྟར་བརྩི་ན་རྩ་རྒྱུད་གསང་བ་སྙིང་པོ་རང་དང་གཅིག། ཕྲིན་ལས་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་བ། དཀྱིལ་འཁོར་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། དབང་སྐུར་གསལ་བར་སྟོན་པ་སྒྱུ་འཕྲུལ་བླ་མ། ད་དུང་སྒྱུ་འཕྲུལ་བརྒྱད་བཅུ་པ་དང་ལྔ་རེད། སྒྱུ་འཕྲུལ་རྡོ་རྗེ་མེ་ལོང། སྒྱུ་འཕྲུལ་རྒྱ་མཚོ། སྒྱུ་འཕྲུལ་ཐལ་བ་དང་བརྒྱད་ཡོད་ནི་རེད། དེ་ཡང་རྩ་རྒྱུད་དང་བཤད་རྒྱུད་གཉིས་སུ་ཕྱེས་ན། ཐོག་མར་བྱུང་ཞིང་བཤད་བྱར་གྱུར་བ་རྩ་རྒྱུད། ཕྱིས་སུ་བྱུང་ཤིང་འཆད་བྱེད་དུ་གྱུར་བ་དེ་བཤད་རྒྱུད། རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བ་རྒྱུད་རྣམས་ཀུན་གྱི་རྩ་བར་གྱུར་བ་འདི་འཆད་ཉན་བྱེད་དུས། ལུང་རིགས་མན་ངག་གསུམ་གྱིས་གཏན་ལ་ཕབས་ཏེ། རྒྱུ་གླེང་གཞི། རྐྱེན་གླེང་སློང་། སྔོན་དུ་སོང་བའི་སྒོ་ནས། འབྲས་བུ་ཡོངས་ཤེས་རྒྱུད་དོན་དེ་གཞི་ལམ་འབྲས་གསུམ་གྱི་ཁོངས་སུ་བསྡུས་ཏེ་འཆད་རྒྱུ་ཡིན་ནི་རེད། དེ་ཡང་རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བསྟན་པ་དང་ལམ་རྒྱུད་བྱེ་བྲག་ཏུ་བཤད་པ་སྟེ་གཉིས་ཀྱི་སྒོ་ནས་བཤད་དགོས་ནི་རེད། ད་སང་ཉིན་གནང་ཉིན་དབང་གི་དངོས་གཞིའི་སྐབས་ཆོག་ཁྲིག་ཧ་ཅང་རྒྱས་ནི་རེད། དབང་སྐུར་རྒྱུ་མང་ནི་རེད། དེ་རིང་ཅུང་ཟད་གུ་ཡངས་པའི་དུས་ཚོད་འདི་དང་བསྟུན་ནས་རྒྱུད་ལུང་མན་ངག་དང་འབྲེལ་ནས་དངོས་གཞིའི་དབང་གི་གོ་དོན་གྱི་ཐད་ནས་རྒྱུད་དོན་སྤྱི་ཁོག་དང་སྦྲེལ་ཏེ་ཚིག་ཁ་ཁ་ཤས་རང་ནུས་གང་ལྕོག་གིས་ཞུ་དགོས་བསམ་ནི་ཡིན། ཡིན་ན་ཡང་དེ་རིང་ཡང་སྐྱར་བསམ་ན་འདིར་བཞུགས་མང་ཆེ་བ་དངོས་གཞིའི་དབང་གི་འཇུག་སྒོ་ལ་གསར་དུ་ཞུགས་བཞིན་པ་འདི་ཡིན་ན། དེ་རིང་སྦྱོར་བ་སྟ་གོན་གྱི་ཆོས་སློབ་མ་ལྷག་གནས་ལ་ཞུགས་པ་ཙམ་རེད། ཁ་སྔ་གཏོང་མགྱོག་བྱས་ཏེ་གོ་རིམ་དང་མ་བསྟུན་པར་བཤད་ན་སྐབས་སུ་མ་བབས་པ་ཟེར་སྔ་བཤད་སྔ་རེད་འགྲོ་ཁི་བསམ་པའི་དབང་དུ་བཏང་ནས་དེ་རིང་འདིའི་མཚམས་སུ་མི་ཞུ་རྒྱུ་བྱེད་དགོས་ཀི།

གལ་འཕྲོས་ཀྱི་དགོས་པ་དུས་ཚོད་ཡོད་དུས་རིམ་བཞིན་ཞུ་ཆོག་ཁི། ད་འདིའི་སྐབས་སུ་བཤད་དགོས་རྒྱུ་ངོ་མ་དེ་དམ་ཚིག་གི་རྣམ་བཞག་དེ་རེད། དེའི་ས་ཁོངས་ཙམ་ཞིག་འཛིན་རྒྱུ་བྱས་ན། སྤྱིར་ན་སྔགས་ཀྱི་སྡོམ་པ་དང་དམ་ཚིག་གཞི་མཐུན་དུ་འཇོག་དགོས་པས། དབང་བཞི་སོ་སོའི་དབང་ཐོབ་པ་དངོས་ཀྱི་སྐབས་སུ་དེ་དང་དེའི་སྡོམ་པ་འཐོབ་པར་འཇོག་དགོས་ནི་རེད། དེ་དང་བསྟུན་ནས་དབང་དེ་དང་དེའི་བསྲུང་བྱ་དམ་ཚིག་གི་རིམ་པ་ཡང་འབྱུང་ནི་རེད་མོད་དེ། ཐོག་མའི་སྡོམ་བཟུང་གི་སྐབས་འདིར་ཁས་བླང་གི་སྒོ་ནས་དམ་འོག་ཏུ་བསྡད་པ་ཡིན་པས། གང་སྲུང་བར་འོས་པའི་ཁས་བླང་གི་གནད་ཐམས་ཅད་དུས་འདི་ནས་ཀྱང་ངེས་དགོས་ནི་རེད། དེ་ཡིན་ན་དམ་ཚིག་ཅེས་པ་ས་མ་ཡའི་སྒྲ་ལས་དྲངས་ན་བོད་སྐད་དུ་དམ་ཚིག་ཅེས་པའི་ཚིག་གཉིས་དེ་བྱུང་ནི་རེད། དམ་པ་ཁས་བླང་གི་སྡོམ་པ་དེ་ལས་འདའ་མི་རུང་པ་ཞིག་དང་། ཚིག་པ་གལ་ཏེ་དེ་ལས་འདས་སོང་ན་བརླག་པར་འགྱུར་བས་ན་དམ་ཚིག་ཅེས་གསུངས་ནི་རེད། སྤྱིར་སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེ་ལ་སོགས་རྣམ་གྲངས་མང་ནི་རེད། དེ་ཡང་རྒྱུད་སྡེ་སོ་སོའི་སྐབས་ཀྱི་དབྱེ་བསྡུའི་རྣམ་གྲངས་མཐའ་ཡས་པས་གཅིག་ཏུ་མ་ངེས་པ་ཡིན་ན་ཡང་། འདིར་སྐབས་དོན་སྒྱུ་འཕྲུལ་རྩ་བའི་དམ་ཚིག་ལ་མཚོན་ན། སྒྱུ་འཕྲུལ་རྩ་བའི་རྒྱུད་ཀྱི་ནང་ན། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་གསུངས་པའི་ལྔ་བོ་དེ་དང་། ཡན་ལག་གི་དམ་ཚིག་མི་སྤང་པ་ལྔ་དང་མི་དོར་བ་ལྔ་སྟེ་བཅུ་ཡོད་པ་དེའི་ནང་གི་དང་པོ་མི་སྤངས་པ་ལྔ་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ། །གསུངས་བ་དང་། གཉིས་པ་མི་འདོར་བ་ལྔ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་གསུངས་པ་འདི་དག་རྒྱས་པ་ཕྱེ་ན་སུམ་བརྒྱ་དང་དྲུག་བཅུར་འགྱུར་ཚུལ་སོགས་རྣམ་བཞག་མང་པོ་ཡོད་ན་ཡང་། དེ་ཐམས་ཅད་རྩ་བ་དང་ཡན་ལག་གི་དབྱེ་བ་འདི་བཅུའི་ནང་དུ་འདུ་བར་གསུངས་ནི་རེད། འདི་དག་གི་དོན་སྐབས་དང་སྐབས་སུ་ཞུ་རྒྱུ་ཅན་པོ་རེད། མདོར་བསྡུས་ན་སྔགས་ཀྱི་དབང་ཐོབ་ནས་དེའི་དམ་ཚིག་སྲོག་ལས་གཅེས་པར་བསྲུང་རྒྱུ་གནད་ཆེ་། ཕྱི་རོལ་དགྲ་དང་དུག་མཚོན་སོགས་ཀྱིས་ཚེ་འདིའི་སྲོག་དང་བྲལ་བ་ཙམ་ལས་ཕ་རོལ་པོ་ཇི་འདྲའི་སྟོབས་ཆེན་མ་རུང་བ་ཞིག་ཡིན་རུང་དམྱལ་བར་འཕེན་མི་ཐུབ་པ་མ་རེད། སྔགས་ཀྱི་དམ་ཚིག་ཉམས་ན་ཐར་བའི་སྲོག་འཕྲོག་སྟེ་མནར་མེད་རྡོ་རྗེའི་དམྱལ་བ་ཆེན་པོའི་སྡུག་སྔལ་ལས་ཡར་ཐར་དཀའ་བ་ཞིག་རེད་ནི་རེད། ད་དབང་མ་ཐོབ་ན་སྐྱོན་ཆེ་མོད། དབང་ཐོབ་ནས་དམ་ཚིག་མ་བསྲུང་ན་དེ་བས་ཉེན་ཆེ་བ་རེད། དམ་ཚིག་མི་ཉམས་པར་སྲུང་རྒྱུ་བོ་དང་གལ་སྲིད་ཉམས་ན་ཕྱིར་འཆོས་ཤེས་པ་གཉིས་ཀས་དམ་ཚིག་དག་པར་བྱེད་ནི་རེད། དམ་ཚིག་ཉམས་ན་ཉེས་པ་ཆེ་ནི་རེད་ཅེས་བཤད་ཀྱང་འཇིགས་སྐྲག་སྐྱེ་ཡོང་རྒྱུ་མེད་པར་བ་སྤུ་རླུང་གིས་མི་སྒུལ། དམ་ཚིག་སྲུང་ན་ཕན་ཡོན་ཆེ་ནི་རེད་ཅེས་བཤད་ཀྱང་སྤྲོ་བ་ཅུང་ཟད་ཀྱང་སྐྱེ་རྒྱུ་མེད་ནི་ཅན་པོ། དེ་འཁོར་འདས་མཉམ་ཉིད་ཀྱི་དོན་རྟོགས་ཏེ་སྣང་བཞི་ཚད་དུ་ཕྱིན་ནས་རེ་དོག་རྩ་བ་ནས་མེད་ནི་འདྲ་ཡིན་ན་མི་ཤེས་མ་གཏོགས། དེ་མིན་ན་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཞན། ཆེས་མ་མཐར་གྱུར་ནས་ཆོས་པ་ཞིག་གི་མཐུན་རྐྱེན་ཚང་རྒྱུའི་རྨང་གཞི། འཇིག་རྟེན་ཡང་དག་གི་ལྟ་བ་ལ་དད་པའི་ཤུགས་ཀྱིས་མ་འདང་ནི་ཡིན་ན་ཤེས་ནི་མ་རེད། དེ་ཅན་པོ་དེས་དོན་ལ་ཀུན་ཉོན་དང་རྣམ་བྱང་གི་སྐྱོན་དང་ཡོན་ཏན་ཚུལ་བཞིན་མ་མཐོང་ནི་རེད་ཟེར་དགོས་ན་ཟེར་མི་སྤོབས་པ་ཞིག་མ་རེད། ད་དུང་མ་རྟོགས་པ་ལས་ལོག་པར་རྟོགས་པ་སྡུག་ནི་རེད། ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང་། །ལོག་པར་ཐོས་པ་དེ་ལས་སྡིག་ཆེ་བས། །ཞེས་ཆོས་བརྒྱུད་འདིའི་བཤེས་གཉེན་གོང་མ་ཚོས་གསུངས་ཡོད་ཡིན་ན་། དེའི་ཕྱིར་ན་གཟབ་དགོས་སའི་རྩ་བ་གལ་ཆེན། རྒྱུ་འབྲས་ཡིད་ཆེས་དེ་ཡིན་ནི་རེད། ཡང་དགོས་ཐོས་ཆུང་ང་རྒྱལ་ཆེ་བ། ཐོས་པའི་མཐའ་རྒྱ་ནི་མ་ཆོད། ཅུང་ཟད་ཐོས་པ་ཁ་ཕྱིར་བལྟས་ལ་ཤོར་སོང་ན་ཉན་ནི་མ་རེད། དེས་ན་དད་དང་དག་སྣང་གི་སྟོབས་བསྐྱེད་རྒྱུ་བོ་གལ་ཆེ་ནི་རེད། དེ་རིང་འདིའི་མཚམས་ནས་རྣམ་པ་འགའ་རེས་སྟ་གོན་གྱི་རྫས་བཞི་པོ་འདུས་མང་ལ་འགྲེམས་དགོས་གི དེ་དང་མཉམ་དུ་དབང་རྫས་བཞེས་ཞོར་དུ་རྣམ་པ་ཚང་མས་དབང་གི་བྱིན་བརླབས་ཐོབ་པའི་གེགས་གཙོ་བོ་ཉམས་ཆག་སྡིག་སྒྲིབ་ཡིན་པས། ཐོག་མེད་ནས་བསགས་པའི་ཉམས་ཆག་ཉེས་ལྟུང་དག་པའི་ཆེད་དུ་སླར་ཡང་རྡོར་སེམས་སྒོམ་བཟླས་དང་སྦྲེལ་ཏེ་ཡིག་བརྒྱ་ཞིག་བཟླས་མཛད་རྒྱུ་དེ་ཐོག་མའི་མཛད་རིམ་མ་ནོར་བ་ཞིག་ཡིན་ས་འགུ་བསམ་གི་ཡོད་། འདུས་པའི་བྱིན་བརླབས་ཀྱི་སྟོབས་ཀྱིས་འགྱུར་ཁྱད་ལྷག་པར་དུ་ཆེ་ནི་བོ་བཤད་མི་དགོས་གི། ད་དུང་ཡང་བསྐྱར་ཞུ་རྒྱུ་ཞིག་ལ་དགེ་འདུན་པ་མང་པོ་ལ་དབང་རྫས་འགྲེམ་མཁན་གྱི་ཐད་ནས། བླ་སྤྲུལ་སྐྱེས་ཆེན་ཚོ་འགའ་རེས་སྐུ་གཟུགས་ཀྱིས་མི་ལྕོག་པ་དང་། ཡང་ན་མང་པོའི་དབུས་ནས་ང་རྒྱལ་དང་སྙེམས་པ་འཆང་བའི་ཚུལ་བསྟན་པ་ལ་ཐུགས་མི་དགྱེས་མཁན་དེས་མོ་མི་ཉུང་བ་ཡོད་ན། དེ་དག་ཁོང་རྣམ་པའི་ཐུགས་བབས་དང་བསྟུན་ཏེ་དམ་པའི་ངང་ཚུལ་ལ་རྗེས་སུ་ཡི་རངས་ཞུས་ཏེ་ཁོང་རྣམ་པ་ཕེབས་མི་དགོས་རྒྱུ་བྱས་ནི་རེད། དེ་ད་ལོ་ནི་རྟེན་དགེ་སློང་ཡིན་པའི་མཁན་སྤྲུལ་རྣམ་པ་བཅུ་ཐམ་པ་ཚོ་གཉིས་སུ་བགོས་ཏེ་འགྲེམ་རྒྱུ་བྱས་ནི་ཡིན། དེ་དག་ཀྱང་ཕལ་ཆེ་བ་ཞིག་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པའི། གངས་ལྗོངས་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་ཁག་བཞི་ཀ་ནས་ཕེབས་པའི་གནས་བརྟན་འདུལ་འཛིན་ཆེན་པོ་ཤ་སྟག་རེད། འདིས་ཀྱང་ཡོངས་རྫོགས་བསྟན་པའི་མངའ་ཐང་ལ་ཞབས་འདེགས་མཚོན་པའི་རྟེན་འབྲེལ་ཡང་བཟང་གི་བསམ་བཞིན་ཡོད། ཁྱེད་མཁན་སྤྲུལ་བཅུ་བོ་འོ་བརྒྱལ་ཆེ་གི་སྟེ་བསྟན་འགྲོ་ལ་དགོངས་ཏེ་སྐུ་ངལ་ཆེད་བསད་མཛད་ནི་བོ་ལ་བཀའ་དྲིན་ཆེ་ཞུས་ནི་ཡིན། ད་འདི་རྣམ་པས་དབང་རྫས་བཞེས་ཚར་དུས་ཕྱོགས་གཅིག་ནས་ཁོང་རྣམ་པས་དབང་རྫས་འགྲེམ་པ་དང་མཉམ་དུ་ཕྱོགས་གཅིག་ནས་འདུས་པ་བྱིང་ནས་ཡིག་བརྒྱ་བཟླ་རྒྱུ་ཡིན་ཞེས་གསུངས།

སྒྱུ་འཕྲུལ་ཞི་བའི་དབང་དངོས་གཞིའི་སྐབས་སུ་ཕེབས་པའི་གསུང་འཕྲོས།

འདིའི་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསུངས་དུས་ནས་མི་སློབ་པའི་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དེ་བསྒྲུབ་བྱར་བྱས་པའི་ཚིག་བུད་པ་འདིས་ཐེག་ཆེན་ཐུན་མོང་ལས་ཁྱད་པར་འཕགས་པའི་གསང་སྔགས། དེ་ལས་ཀྱང་ཐུན་མོང་མིན་པའི་སྔགས་བླ་མེད་རྡོ་རྗེའི་ཐེག་པ་འདིའི་གཞི་འབྲས་དབྱེར་མེད་དག་མཉམ་ཆེན་པོའི་ལྟ་བ་དང་འབྲེལ་བའི་འབྲས་བུའི་རྒྱུད་ཀྱི་བསྟན་དོན། གཞི་དག་མཉམ་དབྱེར་མེད་ཆེན་པོ་རང་བཞིན་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་མངོན་དུ་གྱུར་བ། འབྲས་ཆོས་ཉེར་ལྔའི་རང་བཞིན་མི་སློབ་པའི་ཟུང་འཇུག་གང་དེ་མངོན་དུ་བྱ་བའམ་སྒྲུབ་བྱ་ཡིན་པར་བསྟན་ནི་རེད། དེ་དང་ཆབས་གཅིག་ཏུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་དེ་ཉིད་ཞུས་ཏེ། དེ་ནས་བསྐྱེད་རྫོགས་རིམ་གཉིས་ཀྱི་རྣལ་འབྱོར་ལ་བསླབ་དགོས་པ་དང། དེ་ལྟར་ཞུགས་པའི་ཚུལ་དང་བཅས་པ་གསུངས་པ་ཡིན་ན། འདིའི་རྒྱུད་ཀྱི་བབས་ཚུལ། དེ་ལས་བྱུང་བའི་བརྒྱུད་ཚུལ། དབང་གི་ངོ་བོ། ངེས་ཚིག དབྱེ་བ་དང་བཅས་པ་གསུངས་པ་དང་མཉམ་དུ། དབང་སྐུར་བ་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་པར་གསུངས་པ་དེས་ན། དབང་གང་ལས་བསྐུར་བའི་དཀྱིལ་འཁོར་གྱི་སྐོར་དེ་ལ་ཐུགས་ཞིབ་གནང་དགོས་ས་ཞིག་རེད་སྙམ། ཆོས་ཀྱི་རྒྱལ་སྲིད་སྒྲུབ་པར་བྱེད་པ་ལ་བསྒྲུབ་བྱའི་གཙོ་བོ་དེ་ཆོས་ཀྱི་རྒྱལ་བོ་ཉིད་ཡིན་ལ། དེ་ཉིད་གང་དུ་བརྟེན་པ་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ལ། འདི་ལ་བརྟེན་ནས་སྔགས་ཀྱི་ལམ་དང་འབྲས་བུ་ཐམས་ཅད་འབྱུང་བ་དང་། ཐམས་ཅད་འདིའི་ངོ་བོར་གྱུར་བ་ཡིན་པས་ན་འདི་གནད་ཆེ་བ་རེད། འདིའི་ཐད་ནས་རྒྱུད་གསང་བ་སྙིང་པོ་རང་གཞུང་གི་ནང་ན། ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་གསུངས་པས་བསྟན། ངོ་བོ་རྟེན་དང་བརྟེན་པའི་བདག་ཉིད་ཅན་ལ་གཞི་ལམ་འབྲས་བུའི་དཀྱིལ་འཁོར་གསུམ་གྱི་དབྱེ་གཞི་ཅན་ཞིག་ཡིན་ནི་རེད། དེས་ན་འདི་ལས་འཕྲོས་པའི་དབྱེ་བསྡུའི་རྣམ་བཞག་མང་པོ་ཞིག་དགོས་པའི་དབང་གིས་གསུངས་ཡོད་ན་ཡང་། ལམ་ཉམས་ལེན་ལ་རྒྱས་བསྡུས་འཚམས་པའི་དབང་དུ་བྱས་ན། རྒྱུད་ཕྱི་མའི་ནང་དུ། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་དཀྱིལ་འཁོར་རྣམ་པ་བདུན་དུ་བསྡུས་ཏེ་བསྟན་ཡོད་ནི་རེད། དེའི་དང་པོ་རང་བཞིན་གྱི་དཀྱིལ་འཁོར་ནི། གཞི་འབྲས་དབྱེར་མེད་དག་མཉམ་ཆེན་པོའི་དཀྱིལ་འཁོར། མ་བྱས་འདུས་མ་བྱས་པའི་རང་བཞིན་ཅན་ཞིག་ཡིན་ནི་རེད། གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གསུངས་རྒྱུ་དེ། དག་པའི་བརྟེན་དང་རྟེན་པ་ཐམས་ཅད་དང་རྣམ་པ་ཆ་འདྲ་ཞིང་། ངོ་བོ་ཡེ་དག་ཡིན་པ་ལ་རྣམ་པ་མ་དག་འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་གསུངས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དོན་ལ་ཐམས་ཅད་དག་པ་ཡིན་ནི་རེད་མོད། རྣམ་པ་མ་དག་འཁོར་བའི་མཚན་མ་ལས་ཐ་སྙད་དུ་ཡང་ལྷག་པའི་དག་པའི་རྟེན་དང་བརྟེན་པ་མཚོན་པའི་རྡུལ་ཚོན་དང་རིས་བྲིས་ཀྱི་དཀྱིལ་འཁོར་སོགས་ལ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་གསུངས་ནི་རེད། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་པ། ཏིང་ངེ་འཛིན་ནི་རང་རིག་མ་བཅོས་མཉམ་པའི་དོན་རྒྱལ་བའི་གསང་བ་གསུམ་གྱི་ངོ་བོར་གྲུབ་པ། རང་བཞིན་གྱི་དཀྱིལ་འཁོར་དེ་ཉིད་ཡུལ་དུ་བྱས་ཏེ་བསྒོམ་པ་ལ་གསུངས་ནི་རེད། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་པ། གཞི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ཉིད་བྱེ་བྲག་ཏུ་འགྲོ་བ་འདུལ་བའི་དགོས་དབང་གིས་ཐུགས་རྗེ་ཞི་བ་དང་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་རྟེན་དང་བརྟེན་པའི་རྣམ་པ་མ་འདྲེས་ཡོངས་རྫོགས་ཀྱི་གསལ་སྣང་སོགས་ཀྱིས་སྦྱོར་དངོས་རྗེས་གསུམ་གྱིས་དམིགས་པའི་འཕྲོ་འདུ་མང་པོ་ཞིག་གིས་ལྷག་པར་སྒྲུབ་པས་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་ཞེས་པའི་སྒྲ་ཚིག་དེ་སྐབས་འདིར་ཕྱི་ནང་གསང་བ་གསུམ་དུ་ཕྱེས་ཏེ་བཤད་ན། ཕྱི་བྱང་ཆུབ་ཀྱི་སེམས་དེ་གང་ཡིན་ན་རྩ་རླུང་གཉིས། རྩ་རླུང་གཉིས་ཀྱི་རྩ་དེ་གང་ཡིན་ན། རྩ་སྲོག་ཤིང་གསུམ་དང་འཁོར་ལོ་བཞི། རླུང་སྦྱང་གཞི་ཡེ་ཤེས་ཀྱི་རླུང་དང་སྦྱང་བྱ་ལས་ཀྱི་རླུང་རེད། དེ་ཡང་རླུང་ཉི་ཁྲི་ཆིག་སྟོང་བསགས་པ་ཞིག་ཡིན་ནི་རེད། དེ་ཕྱི་བྱང་ཆུབ་ཀྱི་སེམས་རེད། ནང་བྱང་ཆུབ་ཀྱི་སེམས་གསུངས་རྒྱུ་དེ་ཐིག་ལེ་ཡིན་ནི་རེད། དེ་ཡང་སྲོག་མི་ཤིག་དྭངས་མའི་ཐིག་ལེ་སྙིགས་མ་རྣམ་ཤེས་ཀྱི་ཐིག་ལེ་དང་བཅས་པ་རེད། གསང་བ་བྱང་ཆུབ་ཀྱི་སེམས་གསུངས་པ་དེ། སྟེང་འོག་གི་སྒོ་ལ་བརྟེན་ནས་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་དེ་ཡིན་ནི་རེད། དེ་ཡིན་ན་སྐལ་ལྡན་རྩ་རླུང་ཐིག་ལེ་ལམ་དུ་བྱས་ནས་རང་གནས་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱ་བ་དེ་ལ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསུངས་ནི་རེད། ཚོགས་མཆོག་ལྡན་པའི་དཀྱིལ་འཁོར་ནི། ཞི་ཁྲོའི་ལྷ་ཚོགས་ཀྱི་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་པ། ཚོགས་མཆོག་ལྷའི་རྣལ་འབྱོར་དང་ལྡན་པའི་སྐལ་ལྡན་རྣལ་འབྱོར་ཕོ་མོ་ཚོགས་སྒྲུབ་ཟབ་མོའི་དངོས་གྲུབ་སྒྲུབ་ཏེ། ཡེ་ཤེས་ཕྱོགས་མེད་དུ་རྒྱས་པར་བྱེད་པ། ཚོགས་མཆོག་ལྡན་པའི་དཀྱིལ་འཁོར་ཟེར་ན་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ལ་ཟེར་ནི་རེད། དཀྱིལ་འཁོར་ཟེར་རྒྱུ་དེ་གཞི་ལམ་འབྲས་བུའི་བདག་ཉིད་ཅན། ཤེས་བྱ། བསྒྲུབ་བྱ། འཐོབ་པར་བྱ་བ་ཞིག་ཡིན་ནི་རེད། དེ་ཇི་ལྟར་ཡིན་ན་གཞི་རང་བཞིན་གྱི་དཀྱིལ་འཁོར་དེ་ཤེས་པར་བྱ་བ། ལམ་བསྒོམ་པའི་དཀྱིལ་འཁོར་དེ་ཉམས་སུ་བླངས་ཏེ་བསྒྲུབ་པར་བྱ་བ་ཞིག འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་གྲུབ་ནས་འཐོབ་པར་བྱ་བ་ཞིག་ཡིན་ནི་རེད། དེ་ལྟ་བུའི་དཀྱིལ་འཁོར་གྱི་གོ་དོན་ངེས་པའི་ཐོག་ནས། བྱེ་བྲག་སྐབས་བབས་གང་ཟག་སོ་སོའི་རྒྱུད་ཚོད་དང་མཐུན་པར་བཤད་ན། དཀྱིལ་འཁོར་བཞིའི་ཐོག་ནས་བཤད་ཆོག་གི། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཅིག །གཟུགས་བརྙན་སྤྲུལ་བའི་དཀྱིལ་འཁོར་དང་གཉིས། དེའི་གཉིས་པ་དེ་ནི་སྒྱུ་འཕྲུལ་རང་གཞུང་གི་ཆོས་སྐད་ལྟར་ན་གོང་དུ་བཤད་པའི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་རེད། གསུམ་པ་རིག་པ་ཉམས་ཀྱི་དཀྱིལ་འཁོར། བཞི་བ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རེད། དེ་དག་ལས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ནས་སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས་སློབ་མ་ས་མཐའི་སེམས་དཔའ་ལ་དབང་སྐུར་རྒྱུ་དང་། གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནས་སློབ་དཔོན་མཐར་ལམ་པ་ཞིག་གིས་སློབ་མ་མཐོང་སྒོམ་ལ་གནས་པ་ཞིག་ལ་སྐུར་རྒྱུ། གསུམ་པ་རིག་པ་ཉམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སློབ་དཔོན་མཐོང་སྒོམ་ལ་གནས་པ་ཞིག་གིས་སློབ་མ་ཚོགས་སྦྱོར་གྱི་ཡོན་ཏན་མཐར་ཕྱིན་པ་ཞིག་ལ་བསྐུར་རྒྱུ་དང་། དཀྱིལ་འཁོར་དེ་གསུམ་ལ་བརྟེན་ནས་དབང་བསྐུར་བ་པོ་འཕགས་ས་ཐོབ་ནི་ཞིག་ཡིན་དགོས་པས་ན་སོ་སྐྱེས་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་རེད། སོ་སྐྱེ་སློབ་དཔོན་གྱིས་དབང་སྐུར་མི་རུང་བ་ཨེ་རེད་ཟེར་ན། དེ་མ་རེད་མོད་ཡིན་ན་ཡང་ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་པ་ཐོབ་ནི་ཞིག་མ་མཐར་བྱས་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་ཡིན་དགོས་ནི་རེད། དེ་ལྟ་བུའི་སློབ་དཔོན་མཚན་ཉིད་དང་ལྡན་པ་དེས་སྐལ་ལྡན་གྱི་སློབ་མ་ཚད་མཐུན་གྱི་ཚོགས་ལ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་རུང་བ་རེད་། དེ་ཡང་རྡུལ་ཚོན་དང་། རིས་བྲིས་དང་། ཚོམ་བུའི་དཀྱིལ་འཁོར། གསུམ་ལ་བརྟེན་ནས་སློབ་མའི་རྒྱུད་ཚོད་ལྟར་དུ་སྐལ་བ་དམན་འབྲིང་རབ་གསུམ་ལ་བསྐུར་དགོས་པར་གསུངས་པ་རེད། དེ་ཡང་རྒྱུད་ཚོད་ལྟར་དུ་སྐལ་དམན་ལ་རྡུལ་ཚོན། འབྲིང་ལ་རས་བྲིས། རབ་ལ་ཚོམ་བུ་ལྟ་བུའི་དམིགས་རྟེན་ཅུང་ཟད་ལས་མི་དགོས་རྒྱུ་དང་། ད་དུང་སྐལ་ལྡན་བློ་ཆེན་འགའ་རེ་སློབ་དཔོན་གྱི་ལུས་དཀྱིལ་མ་གཏོགས་ཕྱི་དཀྱིལ་དྲང་དོན་གྱི་དཀྱིལ་འཁོར་ལ་བརྟེན་དགོས་པའི་ངེས་པ་ཡང་ཡོད་ནི་མ་རེད། སློབ་དཔོན་དྲིལ་བུ་པས། བཅོས་མ་གཉིས་ཀྱི་ངོ་བོ་གང། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་བསྒྲུབ་བྱ་དེ་མ་ཡིན། ཅེས་གསུངས་པ་ལྟར་རེད། འོན་ཀྱང་ཐམས་ཅད་བློ་ཆེན་ཡིན་པར་མ་ངེས་པའི་དབང་གིས། རང་རེའི་སྐབས་འདིར་མཚོན་ན་སྔར་རང་ཉིད་ཀྱིས་ཇི་འདྲ་བྱས་ཏེ་ཐོབ་པ་ལྟར་དུ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ཡོད་པ་ཡིན་ན། འདི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ཆོག་པའི་ཁུངས་ག་འདྲ་ཡོད་ནི་རེད་ཟེར་ན། མི་གཡོ་བླ་མེད་ཀྱི་རྒྱུད་དུ། ཡང་ན་དཀྱིལ་འཁོར་འབྲི་བར་བྱ། །རས་བྲིས་ཚུལ་དུ་བྲི་བར་བྱ། །དཀྱིལ་འཁོར་སྔར་བཞིན་བྲིས་ནས་ཀྱང་། །དབུས་སུ་མི་གཡོ་མཐིང་ནག་བྲི། །ཞེས་པ་ལ་སོགས་པའི་རྒྱུད་ཀྱི་ལུང་དང་ཕྱག་བཞེས་ཀྱི་ཁུངས་ལུང་མང་ནི་རེད། དེང་སང་གི་གང་ཟག་མང་ཆེ་བའི་ཚོད་ཡིན་ན་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར། དབང་བཞིའི་སྒོ་ནས་རྒྱུ་རྟེན་གྱི་དཀྱིལ་འཁོར་བཞི་རུ་ཕྱེ་ཆོག་པ་རེད། དབང་ལ་རྣམ་པ་བཞི་རུ་ཕྱེ་རྒྱུ་ཡོད་པ་རེད། དེ་ལས་བུམ་པའི་དབང་ལ་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཆུ་ཚོན་རས་བྲིས་དང། མཆོག་དབང་གསུམ་མམ་ཟབ་དབང་གསུམ་ལ་མཚོན་ན། བདག་གི་དེ་ཁོ་ན་ཉིད་གཞིར་བྱས་པའི་ནང་ལུས་ཀྱི་དཀྱིལ་འཁོར་དུ་སྐུར་བརྒྱུ། དེའི་ནང་ནས་ཁྱད་པར་དུ་གསང་དབང་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་གསང་བའི་དཀྱིལ་འཁོར་དང་། ཤེར་དབང་ལ་ལྷ་ཡི་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་། དབང་བཞི་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་སྟེ། དེ་ལྟ་བུའི་དཀྱིལ་འཁོར་བཞི་ལ་བརྟེན་ནས་དབང་བཞི་རིམ་པ་བཞིན་བསྐུར་རྒྱུ་ཡིན་ནི་རེད། དེའི་ནང་ནས་བུམ་དབང་དང་དོན་མཚུངས་པའི་ཕྱི་ཕན་པའི་དབང་བཅུའམ་ཉེར་བརྒྱད་པོ་དང་། ནང་ནུས་པའི་དབང་ཐམས་ཅད་སྐུར་བའི་དགོས་ཆེད་གཙོ་བོར་བཟུང་ནས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས་པ་རེད། དེ་ཡང་དཀྱིལ་འཁོར་བཞེངས་པ་ཙམ་དང་རྫས་ཙམ་ཞིག་འདུ་བྱས་པས་མི་ཆོག་པར། གང་དོན་དུ་གཉེར་བྱའི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་སྤྱད་དུ་སྒྲུབ་དགོས་ནི་རེད། སྒྲུབ་རྒྱུ་དེ་ཡང་། ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་སྒྲུབ་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་འཐོབ། །ཞེས་རྒྱུད་རང་གི་ནང་ན་དེ་ལྟར་གསུངས་ནི་རེད། སྒྲུབ་པའི་ངོ་བོ་དེ་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་དངོས་གྲུབ་གང་འདོད་དུ་སྒྲུབ་པར་བྱེད་ནི་ཞིག་ཡིན་པ་རེད། དབྱེ་བ་ཕྱེས་ན་རྣམ་པ་བཞིར་ཕྱེ་རྒྱུ་ཡོད་ནི་རེད། བསྒྲུབ་བྱ་དང་གཅིག རྟེན་དང་གཉིས། ངོ་བོ་དང་གསུམ། སྒྲུབ་ཚུལ་ཏེ་རྣམ་པ་བཞིའི་སྒོ་ནས་དབྱེ་ཆོག་རྒྱུ་ཞིག་རེད། དེ་ཡང་བསྒྲུབ་བྱའི་སྒོ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས། རྟེན་གྱི་སྒོ་ནས་རྫས་དང་སྔགས་གཉིས། ངོ་བོའི་སྒོ་ནས་བསྐྱེད་རིམ་དང་རྫོགས་རིམ་གཉིས། །སྒྲུབ་ཚུལ་གྱིས་ཕྱེ་ན་བསྙེན་སྒྲུབ་གཉིས་སམ་བསྙེན་སྒྲུབ་ཡན་ལག་བཞིའི་དབྱེ་བ་ཡོད་ནི་རེད། དེས་ན་ཏིང་འཛིན་དང་རང་ཤུགས་ཀྱིས་འབྲེལ་ཡོད་པ་ཞིག་རེད། གང་སྒྲུབ་པ་དེ་ཉིད་ཕྲིན་ལས་དང་ཡང་འབྲེལ་བ་ཞིག་རེད། དེ་ཅི་འདྲ་རེད་ཟེར་ན། བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །གསུངས་པ་ལྟར། ཕྲིན་ལས་དེ་གཞན་དོན་སྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་པ་ཞིག་ཡིན་ན། སྒྲུབ་པ་ཕྲིན་ལས་གཉིས་ཀྱི་ཁྱད་པར་དེ། ཐབས་དང་ཐབས་བྱུང་གཉིས་ཀྱིས་ཕྱེ་རྒྱུ་ཡིན་པར་གསུངས་པ་ལྟར་དུ། སྒྲུབ་མཆོད་ཕྲིན་ལས་སྔགས་དང་ཕྱག་རྒྱ་ཐམས་ཅད། དབང་དང་དཀྱིལ་འཁོར་སྒྲུབ་པ་འདི་ལ་མ་ཚང་པ་མེད་པ་དེས་ན། དབང་ནི་ཡོན་ཏན་ཀུན་གྱི་འབྱུང་གནས་ལྟ་བུ་ཡིན་པ་ཞུས་དང་ཞུ་བཞིན་པ་འདི་རེད། དེ་ལྟར་ཡིན་པ་དེས་ན་དབང་བསྐུར་བ་པོ་ནི་སྔགས་ཀྱི་དེ་ཉིད་བཅུ་ལ་རང་བྱན་ཆུད་ཅིང་། རང་བཞིན་བརྒྱད་ལྡན་ཞིག་ཡིན་དགོས་ཞེས་གསུངས་ན། ང་རང་ལ་མཚོན་ན་དུས་ཐ་མའི་སློབ་དཔོན་མིང་ཙམ་འཛིན་པའི་མིང་གི་ཐོ་ཡོར་ཙམ་ཞིག་ཡིན་ཀྱང་། དད་དམ་ལྷག་བློ་དགེ་བའི་འདུན་པ་སྟོབས་སུ་བསྐྱེད་དེ། ཟབ་མོའི་དབང་རྒྱུན་མཐུད་སྤེལ་བྱས་པའི་སྐབས་འདིར། ལྟ་སྤྱོད་ཏིང་འཛིན་དག་པ་དང་རྗེས་མཐུན་གྱི་བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་ཆེན་གྱི་ཆོ་གའི་ཡན་ལག་མ་ཉམས་པའི་ཕྱག་བཞེས་ཚུལ་བཞིན་དུ་སྒྲུབ་ཡོད་པའི་མོས་འདུན་གྱིས། དངོས་གཞིའི་དབང་གི་ཆོ་ག་ལ་འཇུག་པའི་ཐོག་མར་འདི་ནས་དབང་ཆོག་གི་ནང་དུ་གསུངས་པ་འདི་ལྟར་རེད། ཅེས་པའི་འཕྲལ་དབང་ཆོག་གསུངས་མཛད།

སྒྱུ་འཕྲུལ་དབང་གི་འཇུག་ཆོག་རྗེས་ཕེབས་པའི་གསུང་འཕྲོས།

དེ་ཡན་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ལས་རིམ་བཅུ་དྲུག་དང་། དེའི་སྟེང་དུ་སློབ་དཔོན་རང་ཉིད་ཀྱིས་རིག་མེ་དོར་བ་དང་ནི་སློབ་མ་གཞུག་པར་གསོལ་བ་འདེབས་པ་གཉིས་ཀ་སྔོན་དུ་སོང་བ་དེ་དག་བརྩིས་ན་བཅོ་བརྒྱད་ཡང་སོང་ནི་རེད། དེ་གོང་དུ་ཞུས་པ་ནང་བཞིན་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་དབང་སྒྲུབ། བསྙེན་པའི་ཁ་སྐང་སོགས་གྲུབ་པར་བྱས་མ་ཐག་ཏུ། སློབ་དཔོན་རང་ཉིད་བདག་འཇུག་གིས་ལྷ་དང་གཉིས་མེད་དུ་བསམ་པས་དཀྱིལ་འཁོར་དུ་ཞུགས། དཀྱིལ་འཁོར་དུ་འཇུག་པའི་དགོས་དོན་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་གསོལ་བ་གདབ་པ་རྒྱུད་དེ་གནང་བ་ཞུས་པའི་འཕྲོ་དེ་ནས། སློབ་མ་དལ་དུ་ཞུགས་པའི་ལས་རིམ་དང་པོ་དྲི་བཟང་པོའི་ཆུས་ཁྲུས་བྱས་ནི་དེ་རེད། དེ་ནས་སྔོན་ཆད་མ་རིག་རྨོངས་པས་སྒྲིབ་པའི་མཚོན་བྱེད་དུ་རས་དམར་པོའི་ཅོད་པན་གྱིས་གདོང་གཡོག སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་དུ་ཞུགས་པར་གསོལ་བ་གཏབས། དེ་ནས་འདོད་དོན་དྲི་བ་དང་དྲིས་ལན་གྱི་ཐོག་ནས་དཀྱིལ་འཁོར་གྱི་ཡོལ་བའི་ནང་དུ་དྲངས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཡེ་ཤེས་ཐོབ་ཆེད་དུ་ལུས་དབུལ། དེ་དང་མཉམ་དུ་བགེགས་བསྐྲད་སྒྲིབ་པ་དང་ཕྲལ་བའི་ཐོག་སློབ་མ་ལྷར་བསྐྱེད་གོ་བགོ་ལུས་སྲུང་དང་བཅས་པ་བྱས་ནི་རེད། དེ་ནས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པའི་བདུད་རྩིའི་ཐིག་ལེས་དམ་ཚིག་བྱིན། རྡོ་རྗེ་སྙིང་ཁར་བཞག་སྟེ་དམ་ཚིག་དབོག་པའི་འཕྲོར། ཕན་ཡོན་དང་ཉེས་དམིགས་གཉིས་ཀྱི་སྒོ་ནས་ཆུ་ནན་བྱས་ནི་རེད། དེའི་མཚམས་ནས་རྡོ་རྗེ་སྤྱི་བོར་བཞག་ནས་དམ་བསྒྲགས་བྱས། མེ་ཏོག་དཀྱིལ་འཁོར་དུ་དོར་ཏེ་རིགས་གང་ཡིན་གྱི་ལས་ཀྱིས་འབྲེལ་བའི་བབས་ལྷ་ངོས་བཟུང། དེས་དབང་རྟགས་ཀྱི་ཅོད་པན་ཡང་རང་གིས་བླངས་པ་རེད། དབྱིངས་ནས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པའི་ཡེ་ཤེས་པ་གོང་གི་དབབ་དྲུག་མའི་ཚིག་གིས་བྱིན་དབབ་པ་དང་སྤྱན་དྲངས་ཏེ་ནམ་མཁའ་གང་བའི་ལྷ་ཚོགས་སློབ་མའི་སྤྱི་བོ་ནས་ཞུགས་ཏེ་སྙིང་ཁའི་རྡོར་སེམས་ལ་སྟིམ། དེའི་མཚམས་ནས་མིག་དབྱེ་དང་བཅས་ཏེ་དཀྱིལ་འཁོར་གྱི་མཐོང་བ་བསྟན་ནས་རིགས་དང་མཐུན་པའི་མིང་བཏགས་པ་རྣམས་ཀྱིས་དཀྱིལ་འཁོར་དུ་ཞུགས་པའི་ཆོ་ག་ཡན་ལག་དང་བཅས་པ་གྲུབ་ནི་རེད། དེ་ལྟར་དཀྱིལ་འཁོར་དུ་ཞུགས་པ་དེ་ལ་ཕན་ཡོན་རྣམ་པ་བཞི་ཡོད་གསུངས་པ་རེད། དང་པོ་དཀྱིལ་འཁོར་འདིར་ཞུགས་པས་བླ་མེད་རིགས་མཐུན་གྱི་དཀྱིལ་འཁོར་ཐམས་ཅད་ལ་ཞུགས་པ་དང་སྐལ་བ་མཉམ་པར་གསུངས་པ་རེད། དེ་ཡིན་ན་སྒྱུ་འཕྲུལ་ཞི་ཁྲོའི་དབང་འདི་ཐོབ་ལ་མ་ཉམས་པའི་གང་ཟག་ཞིག་གིས། རིགས་མཐུན་བླ་མེད་ཀྱི་དབང་གཞན་པ་ཞིག་ཞུས་ན། དབང་དེ་ཐོབ་པའི་སྐབས་སྔགས་སྡོམ་གསར་བ་ཞིག་ཐོབ་ནི་ཨེ་རེད་ཟེར་ན། ཡོན་ཏན་གསར་ཐོབ་ཡོད་མོད་སྡོམ་པ་དངོས་གཞི་གསར་ཐོབ་མེད་ཟེར་དགོས་གི དེ་འདྲའི་དབང་དེ་བླ་མས་གནང་ཀྱང་འདྲ་རང་གིས་བླངས་ཀྱང་འདྲ། སྔར་རང་གི་རྒྱུད་ན་ཡོད་པའི་སྔགས་སྡོམ་གྱི་རྒྱུན་དེ་ཕྱིས་དབང་སྐུར་ཐེངས་རེར་ཐོབ་རིམ་བཞིན། གོང་འཕེལ་དུ་འགྲོ་བ་ཡིན་ལ། ཇི་ཙམ་འཕེལ་བའི་ཆ་དེ་གསར་ཐོབ་རེད་ཟེར་དགོས་ནི་རེད། ཡིན་ན་ཡང་ཐོབ་བྱ་དབང་གི་ངོ་བོ་རིགས་མཐུན་ཡིན་ནས་བཟུང་སྡོམ་པ་རིགས་མི་འདྲ་བ་ཞིག་མེད་རྒྱུ་དང་ནི་རིགས་འདྲ་ན་ངོ་བོ་ཐ་དད་དུ་འཇུག་པ་མེད་པས་ན་སྡོམ་པ་གསར་ཐོབ་ཀྱི་མིང་དོན་གཉིས་ཀ་མེད་པ་རེད། ད་དུང་ཞིབ་ཏུ་བཤད་ན་སྨིན་བྱེད་ཀྱི་དབང་ཞེས་པའི་ཐ་སྙད་ཐོབ་ས་དེ། སྔགས་སྡོམ་གསར་དུ་འཐོབ་བྱེད་ཀྱི་དང་པོའི་དབང་དེ་ཡིན་དགོས་ནི་རེད། དེ་ཕན་ཆད་བླ་མ་ལས་ཅི་ཙམ་ཞུས་རང་གིས་ཅིི་ཙམ་བླངས་ན་རང་སྐལ་གྱི་སྨིན་པར་བྱེད་པའི་ཆ་རེ་ལོས་ཡོད་ཀྱང་། སྨིན་བྱེད་དང་སྡོམ་པ་གསར་སྡོམ་གྱི་མིང་མི་སྦྱོར་བ་རེད། དེ་འདྲའི་སྨིན་ཚུལ་ཙམ་རེ་ནི་སངས་རྒྱས་མ་འཐོབ་ཀྱི་བར་ཡོད་པ་རེད། ད་སྤྱིར་བཤད་ན་གཞི་ལམ་འབྲས་གསུམ་གྱི་ལྡོག་པ་ནས་སྔགས་སྡོམ་རྣམ་པ་གསུམ་གསུངས་ཡོད་ནི་རེད། སྣོད་བཅུད་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་དེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་སྡོམ་པ་གང་ཡིན་པ་དེ་གཞི་རྒྱུད་ཀྱི་སྔགས་སྡོམ་རེད། དེ་ཉིད་མ་ནོར་བར་རྟོགས་པའི་ཐབས་སྨིན་གྲོལ་བསྐྱེད་རྫོགས་ཀྱི་ལམ་གྱིས་ཐ་མལ་གྱི་མཚན་རྟོག་སྡོམ་པར་བྱེད་པ་དེ་ལམ་རྒྱུད་ཀྱི་སྔགས་སྡོམ། ཆོས་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་ངོ་བོར་སྡོམ་པར་བྱེད་པ་དེ་འབྲས་བུའི་སྔགས་རྒྱུད་ཀྱི་སྡོམ་པ། དེ་གསུམ་ལས་དང་པོ་གཞི་རྒྱུད་ཀྱི་སྔགས་སྡོམ་དེ་བཏགས་པ་བ་དང་། ཕྱི་མ་ལམ་དང་འབྲས་བུའི་སྔགས་སྡོམ་གཉིས་ཀ་མཚན་ཉིད་པར་བཞེད་ནི་རེད། ལམ་རྒྱུད་བྱེ་བྲག་ཏུ་བཤད་པའི་སྐབས་སྡོམ་པའི་དངོས་བཏགས་ཀྱི་ཁྱད་པར་སྔར་གོང་དུ་ཞུས་མ་ཐག་པ་ལྟར་རེད། དབང་གི་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་དང་པོ་དེ་སྔགས་ཀྱི་སྡོམ་པ་ཐོབ་པ་དེ་རེད། གཉིས་པ་དེ་མཚོན་བྱེད་མཚན་མའི་དཀྱིལ་འཁོར་ལ་ཞུགས་པས་མཚོན་བྱ་རང་བཞིན་འབྲས་བུའི་དཀྱིལ་འཁོར་དུ་ཞུགས་པ་དང་སྐལ་བ་མཉམ་པ་དེ་རེད། དེ་ཇི་ལྟར་རེད་ཅེ་ན། དབང་ཞེས་པ་འདི་ལམ་སྒོམ་པ་ལ་དབང་བའི་དབང་ཡང་རེད་ལ། འབྲས་བུ་འཐོབ་པ་ལ་དབང་བར་བྱེད་པའི་ཐབས་ཁྱད་པར་ཅན། གོ་འཕང་གི་རིམ་པ་འཐོབ་བྱེད་ཀུན་ལ་དབང་བའི་རྒྱལ་བོ་ལྟ་བུ་ཡིན་པས་དབང་ཞེས་གསུངས་པ་རེད། དེ་ལྟའི་ཡོན་ཏན་གཉིས་དང་། ད་ཡོན་ཏན་གསུམ་པ་དེ་དཀྱིལ་འཁོར་དུ་ཞུགས་པ་དེ་སྨྲོས་ཅི་དགོས་ཀྱང་། དེ་ལ་མོས་པ་བྱས་པ་ཙམ་གྱིས་ཀྱང་། རྒྱལ་བའི་སྲས་སུ་དགོངས་པར་འགྱུར། །གསུངས་ནི་རེད། དེ་ཅིའི་ཕྱིར་ཡིན་ན་མདོ་ལམ་ནས་བསྐལ་ཆེན་གྲངས་མེད་མང་པོར་ཚོགས་གཉིས་རླབས་ཆེན་བསགས་པའི་རང་འབྲས་སུ་གྱུར་བའི་ཡེ་ཤེས་དེ། སྔགས་ལམ་ལ་སོ་སྐྱེ་ལས་དང་པོ་པའི་ས་ནས་ཀྱང་འཇུག་ནུས་པ་དེ་ཡང་དབང་གི་མཐུ་ཡིན་པས་ན། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མེད་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཞེས་བྱ། །ཞེས་གསུངས་པས་ན་གསང་བ་ཆེན་པོའི་དཀྱིལ་འཁོར་ལ་མོས་པ་དེ་སྔར་འབྲེལ་དགེ་བའི་བཤེས་གཉེན་གྱིས་དུས་ཐབས་བསྟན་པ་དང་། ད་འབྲེལ་རང་ཉིད་ཀྱིས་བསོད་ནམས་བསགས་པའི་མཐུ་མཉམ་དུ་འཛོམ་པ་དང་། ཁྱད་པར་དུ་རང་གནས་ཆོས་སྐུའི་ཡེ་ཤེས་ཀྱི་རིགས་སད་པའི་མངོན་རྟགས་ལས་མ་འདས་པ་ཡིན་པས་ན། དབང་གི་དཀྱིལ་འཁོར་དུ་ཞུགས་པས་རྒྱལ་བའི་སྲས་སུ་དགོངས་པར་འགྱུར་བ། ཡེ་ཤེས་ཁོང་ནས་འཆར་བའི་སྔོན་རྟགས་ཀྱི་རྒྱུ་མཚན་གྱིས་ཡིན་ནི་རེད། ཡོན་ཏན་བཞི་པ་དཀྱིལ་འཁོར་དུ་ཞུགས་ནས་དམ་ཚིག་མ་ཉམས་ན་མཆོག་ཐུན་མོང་གི་དངོས་གྲུབ་འཐོབ་པར་འགྱུར་བ་ནི། སྣང་ཞིང་སྲིད་པའི་ཆོས་འདི་དག་ཐམས་ཅད་ལ། ཐ་མལ་རང་རྒྱུད་པར་ཞེན་ཅིང་བཟུང་ན་དེ་ལ་དམིགས་ནས་བདག་དང་ཆོས་སུ་འཛིན་པ་འདོར་ནི་མ་རེད། མཚན་མའི་དམིགས་གཏད་ཀུན་དང་བྲལ་བའི་མཉམ་ཉིད་དུ་མཐོང་བ་ན་རིག་རྩལ་ཡེ་ཤེས་སུ་ཤར་ཏེ། རྟོགས་པ་ཀློང་དུ་གྱུར་པ་ན་ཀུན་འབྱུང་ལམ་བདེན་དང་སྡུག་བསྔལ་བྱང་ཆུབ་ཀྱི་ངོ་བོར་འགྱུར་ནི་རེད། དེའི་དོན་ནི་ཉོན་མོངས་ཡེ་ཤེས་སུ་ཤར་བ་ལ་ཀུན་འབྱུང་ལམ་བདེན་དུ་འགྱུར་རྒྱུ་དང་། མ་དག་རྣམ་སྨིན་གྱི་ཕུང་པོར་སྣང་བ་ཉིད་དག་པའི་ཡེ་ཤེས་སུ་ཤར་བ་དེ་སྡུག་བསྔལ་བྱང་ཆུབ་ཀྱི་ངོ་བོར་འགྱུར་བ་ཡིན་པ་རེད། དེ་ཡང་རྩ་བ་དམ་ཚིག་ལ་ལྟོས་ནི་རེད་མོད། དམ་ཚིག་དག་པ་ལྟ་བ་དག་པ་ལ་ཐུག སྤྱོད་པ་རྣམ་པར་དག་པ་ཡེ་ཤེས་ཀྱི་སྟོབས་ལས་གྲུབ་པ་ཡིན་ནི་རེད། ཡེ་ཤེས་དེ་ཡང་ལྟ་བ་རྣམ་པར་དག་པ་ལས་བྱུང་བའམ་ལྟ་བ་དེའི་ངོ་བོ་ཡིན་པས་ན། དམ་ཚིག་རྣམ་དག་གི་སྲོག་ལྟ་བས་བཟུང་རྒྱུ་དང་ནི། ལྟ་དོན་མ་འཁྲུལ་བའི་ཡེ་ཤེས་དབང་ལས་ཐོབ་པ་ཡིན་པས་ན། དེ་ལྟ་བུའི་ཕན་ཡོན་བཞི་དང་ལྡན་པའི་དབང་གི་དཀྱིལ་འཁོར་དུ་ཞུགས་པ་སོང་ནས། ད་ཞུགས་པ་ལ་མངོན་པར་དབང་བསྐུར་བའི་དངོས་གཞིའི་རིམ་པ་ནི་འདི་ལྟར་རེད། ཅེས་དབང་ཆོག་གསུངས་བར་མཛད་དོ།།

སྒྱུ་འཕྲུལ་གྱི་ཕན་དབང་བཅུ་བསྐུར་ཟིན་འཕྲོར་གསུང་འཕྲོས་ཕེབས་པ།

དེ་ཡན་དབང་གང་དུ་བསྐུར་བ་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ། དབང་གང་ཞིག་བསྐུར་བ་དེ་ཕྱི་ཕན་པའི་དབང་བཅུ་སྐུར་ན། བསྐུར་བའི་དགོས་པ་ནི་འདི་ཕྱིར་ཕན་པའི་ས་བོན་བཞག་པས་མི་ཚད་པར་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་ཉན་རུང་བའི་སྐལ་བ་ཅན་དུ་བྱས་པ་རེད། དེ་ཡང་སྒྱུ་འཕྲུལ་རྩ་བའི་རྒྱུད་དུ། དད་རྩོན་བརྟུལ་ཞུགས་རབ་རྟོགས་པས། །ཕན་པའི་དབང་སྦྱིན་ནུས་པའི་དབང། །ལ་སོགས་པས་ཕན་ནུས་ཟབ་མོའི་དབང་གསུམ་རིམ་པར་བསྟན་ནི་རེད། དང་པོ་དེ་གང་ཡིན་ན་འཇུག་པའི་ཆོ་ག་གོང་དུ་སོང་མ་ཐག་པའི་མཚམས་ནས། ཐོག་མར་ཞུགས་སའི་ཆོ་ག་མངོན་པར་དབང་བསྐུར་བའི་འགོར། སྔོན་འགྲོ་དཀྱིལ་འཁོར་དང་བླ་མ་གཉིས་མེད་ལ་ཕྱག་འཚལ་བ་དང་། གསོལ་བ་གདབ་པའི་རྐྱེན་ལས་དཀྱིལ་འཁོར་གྱི་ཤར་སྒོ་འམ་རང་མདུན་གྱི་དཀྱིལ་འཁོར་གྱི་སྒོའི་ནང་རོལ། དབང་སྟེགས་པདྨ་འདབ་བརྒྱད་ཀྱི་སྟེང་དུ། སློབ་མ་རང་ཉིད་རྡོ་རྗེ་མི་སྐྱོད་པའམ་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཁོད་པ་ལ། སློབ་དཔོན་གྱིས་དབང་སྐུར་ཆེན་པོའི་གནང་བ་བྱིན་པ་དང་ཆབས་གཅིག་ཏུ། སློབ་དཔོན་རང་ཉིད་ཀྱིས་དཀྱིལ་འཁོར་ལ་བསྐོར་བ་དང་བཅས་ཏེ་མཆོད་ཅིང་བསྟོད་པ་སྔོན་དུ་འགྲོ་བས། འདིའི་ཆོག་ཁྲིག་གིས་བསྟན་པ་ལྟར་དུ། ཡེ་ཤེས་པ་མདུན་མཁར་སད་ཅིང་བཞུགས་པ་ལ་དགོངས་གསོལ་དང་བཅས། བདག་རྡོ་རྗེ་སློབ་དཔོན་འདི་དང་འདི་ཞེས་བྱ་བས་སློབ་མ་འདི་དང་འདི་དག་ལ། སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དབང་སྐུར་བ་ལ་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བདག་ལ་སློབ་བུ་འདི་དག་སྨིན་པར་ནུས་པའི་མཐུ་དང་ནུས་པ་བྱིན་ལ། དབང་སྐུར། བྱིན་གྱིས་རློབས། གཟི་བྱིན་བསྐྱེད་དུ་གསོལ་ཞེས་བརྗོད་པའི་མཚམས་སུ། སློབ་དཔོན་རང་ཉིད་དབང་ཁྲི་ལ་གཞི་ནས་འདུག་རྒྱུ་ཡིན་ནི་རེད། ཡིན་ན་ཡང་དེང་སང་ཕྱག་ལེན་ཟོར་ཡངས་པའི་ཆེད་སློབ་དཔོན་ཐོག་མ་ནས་དབང་ཁྲི་ལ་འདུག་རྒྱུ་དང་། སློབ་མས་ཀྱང་དཀྱིལ་འཁོར་ལ་བསྐོར་བ་བྱ་རྒྱུ་སོགས་འདིའི་གོང་འོག་ཏུ་དམིགས་པ་རྐྱང་པས་འཐུས་རྒྱུ་བྱས་ནི་རེད། དེ་ཡིན་ན་གང་དུ་ཞུགས་སའམ་གང་ལ་བརྟེན་ནས་དབང་མཆོག་འཐོབ་ས་དེ་དཀྱིལ་འཁོར་ཡིན་ན། དཀྱིལ་འཁོར་གྱི་རྣམ་དབྱེ་རགས་བསྡུས་ཞིག་གོང་དུ་ཞུས་ནི་རེད་མོད། འདིར་གཞི་ལམ་འབྲས་བུའི་དཀྱིལ་འཁོར་གསུམ་དུ་བསྡུས་ཏེ་བཤད་ན། གཞི་རང་བཞིན་གྱི་དཀྱིལ་འཁོར། ལམ་བསྒོམ་པའི་དཀྱིལ་འཁོར། འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་རྣམ་པ་གསུམ་དུ་འདུ་ནི་རེད། དེ་ལས་དང་པོ་གཞི་རང་བཞིན་གྱི་དཀྱིལ་འཁོར་ནི་སྣོད་བཅུད་རྟེན་དང་བརྟེན་པ་ཡེ་ནས་ལྷ་དང་དཀྱིལ་འཁོར་དུ་རང་བཞིན་གྱིས་གནས་པ་ངོ་བོ་དག་མཉམ་བདེན་པ་དབྱེར་མེད་ལ་རྣམ་པ་མ་འགགས་གང་འདུལ་གྱི་རོལ་བར་འཆར་བ་དེ་རེད། ལམ་སྒོམ་པའི་དཀྱིལ་འཁོར་མཚོན་བྱེད་དཔེ་ཡིས་མཚོན་བྱ་དོན་གང་མཚོན་ན་གསང་གསུམ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་མངོན་དུ་བྱས་པ་བརྒྱུད་དེ། འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྐུ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་མངོན་དུ་བྱེད་པ་ཡིན་པས་ན། དཀྱིལ་འཁོར་གྱི་རྣམ་བཞག་ཐམས་ཅད་གཞི་ལམ་འབྲས་བུའི་དཀྱིལ་འཁོར་ལ་འདུ་རྒྱུ་ཡིན་ནི་རེད། ཡིན་ན་ཡང་སྤྲོས་པ་ཆུང་ཞིང་དབང་པོ་རྣོ་བའི་གང་ཟག་གི་དབང་དུ་བྱས་ན། དཀྱིལ་འཁོར་ཀུན་གྱི་བདག་ཉིད་སློབ་དཔོན་གྱི་ལུས་དཀྱིལ་ཙམ་མམ། ཡེ་ཤེས་ཀྱི་རང་སྣང་དཀྱིལ་འཁོར་གྱི་རྣམ་པར་ཤར་བར་མོས་པ་དེ་དཀྱིལ་འཁོར་དུ་ཞུགས་པའི་མཆོག་ཡིན་ནི་རེད། དེ་ལྟ་བུའི་དཀྱིལ་འཁོར་ནས་གསང་སྔགས་དབང་གི་ཆོ་ག་ཟབ་མོ་ལ་བརྟེན་ནས། སློབ་མའི་སྒོ་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་སྦྱོང་བྱེད་དུ། རྡོ་རྗེ་བཞིའི་ཡེ་ཤེས་སྨིན་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་བྱེད་དུ་དབང་བཞི་དེ་བསྐུར་ནི་རེད། དབང་བཞི་ནི་བུམ་དབང་དང་གཅིག གསང་དབང་དང་གཉིས། ཤེར་དབང་དང་གསུམ། ཚིག་དབང་དང་བཞི་པོ་དེ་རེད། དེ་དག་ནི་བླ་མེད་རྒྱུད་སྡེ་སྤྱིའི་དབང་བཞི་དང་ཐ་མི་དད་པ་ཞིག་རེད། ཡིན་ན་ཡང་ནང་གསེས་ཀྱི་དབྱེ་བསྡུའི་རིམ་པ་དང་ཆོ་གའི་བྱེ་བྲག་རྒྱུད་སོ་སོར་མི་འདྲ་བ་ཅུང་ཟད་རེ་ཡོད་པ་རེད། འདི་ནས་འདྲ་ཡིན་ན་ཕན་ནུས་ཟབ་མོའི་དབང་གསུམ་དུ་བསྡུས་ཏེ་གསུང་ནི་རེད། ཡིན་ན་ཡང་ཟབ་དབང་ནུས་དབང་གི་ཁོངས་སུ་བསྡུས་ན་གཉིས་དང་ནི། དེ་ནས་ཟབ་དབང་ལ་གསུམ་དུ་ཕྱེས་ན་ལྔར་འགྱུར་རྒྱུ་དེ་འདྲ་ཡིན་ནི་རེད། ལྔ་བྱས་ན་དང་པོ་ཕན་པའི་དབང་གིས་ས་བོན་ཞིག་བཞག གཉིས་པ་ནུས་པའི་དབང་གིས་དེ་སྨིན་པར་བྱས། གསུམ་པ་ཟབ་དབང་གསུམ་གྱི་དང་པོས་ཉམས་མྱོང་བསྐྱེད། གཉིས་པས་ཉམས་མྱོང་དེ་བརྟན་པར་བྱས། གསུམ་པ་ཚིག་དབང་རིན་པོ་ཆེས་དེ་མཐར་ཕྱིན་པར་བྱས་ཏེ་མཆོག་གི་དངོས་གྲུབ་འགྲུབ་པར་བྱེད་པའི་དགོས་དོན་ཅན་ཞིག་རེད། དེ་ལྟར་ན་དབང་ཟེར་རྒྱུ་དེ་གསང་སྔགས་ཀྱི་ལམ་བྱེ་བྲག་པ་ཞིག། དེ་ཐོབ་ཀྱང་ཆོག་ལ་མ་ཐོབ་ཀྱང་རུང་བ་དེ་འདྲ་ཞིག་གི་འདང་རྒྱག་མི་བྱེད་པར། དབང་མ་ཐོབ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མི་འབྱུང་། །ཞེས་དཔེ་དང་བཅས་པར་གསུངས་ཡོད་པ་རང་རེའི་རྒྱུད་འདིར་དྲངས་པ་ལྟར་ལ། སངས་རྒྱས་ཀྱི་གོ་འཕང་བདེ་ཞིང་མྱུར་བའི་སྒོ་ནས་འཐོབ་པར་བྱེད་པའི་སྔགས་ཀྱི་ལམ་འདི། དབང་གིས་སྨིན་པར་བྱས་པ་ལས་འབྱུང་གི་གཞན་དུ་ནམ་ཡང་འབྱུང་མི་སྲིད་པ་ཡིན་ནི་རེད། དེས་ན་གསང་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་དབང་གི་ཁོག་ནས་འདོམས་ཤེས་པ་ཞིག་བྱུང་ན། གཞི་ནས་བླ་མེད་སྔགས་ཀྱི་དོན་ལ་གོ་བ་ཞིག་ཆགས་པའི་རྟགས་རེད་ཡིན་ན། སྐབས་བབས་ཀྱི་ཕན་ནུས་ཀྱི་དབང་གཉིས་པོ་དབང་བཞིའི་ནང་གི་བུམ་དབང་དང་གཅིག་མཚུངས་འདྲ་བོ་རེད། འོན་ཀྱང་འདིའི་དབང་དང་པོ་ཕན་དབང་དེ་བུམ་དབང་དུ་མ་སོང་པ་དང་། དབང་གཉིས་པ་ཉན་དབང་ལ་ཡང་བུམ་དབང་སྤྱིར་བཏང་པ་ལྟར་དུ་མཐའ་རྟེན་གྱི་ཆུ་དབང་མེད་པའི། ཕན་པའི་དབང་དང་སློབ་དཔོན་གྱི་དབང་ལ་སོགས་པའི་མིང་གི་ཐོག་ནས་བྱེད་ནུས་གཙོ་བོར་བྱས་པའི་ཆ་ནས་བཏགས་ནི་ཞིག་རེད། དེ་འདྲ་ཡིན་པས་ན་བུམ་དབང་དང་བྱེད་པ་གཅིག་མཚུང་གི་ཕན་ནུས་གཉིས་ཀའི་དབང་དེ་དཀྱིལ་འཁོར་ལས་འཐོབ་དགོས་ནི་རེད། དཀྱིལ་འཁོར་བཞེངས་སྒྲུབ་བྱེད་དགོས་དོན་ཡང་དེ་རེད། དཀྱིལ་འཁོར་གྱི་ལྷའི་དགོངས་པ་གཏད་པའི་ཚིག་ཟིན་འདི་ནས་མི་འབྱུང་ཡང་། གོང་ནས་བཤད་མ་ཐག་པ་ལྟར། དཀྱིལ་འཁོར་བ་ལ་མཆོད་སྟོད་བྱས་པ་བརྒྱུད་དེ། དགོངས་གསོལ་དང་བཅས་ཏེ་བདག་གི་སློབ་མ་འདི་དག་བྱིན་གྱིས་བརླབས་རོགས་མཛོད་ཞུ་རྒྱུ་བོ་དེས་གང་ཞིག་བསྐུར་བའི་དགོངས་པ་གཏད་པ་ཡང་མཚུངས་ནི་རེད། བླ་མེད་ཐུན་མོང་ལྟར་དུ་བགྲངས་པའི་དབང་བཞིའམ། འདི་ནས་བུམ་དབང་ལ་ཕན་ནུས་གཉིས་སུ་ཕྱེས་པའི་དབང་ལྔ་རིམ་ཅན་དུ་འབྱུང་རྒྱུ་དེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཏེ་རྒྱལ་སར་དབང་བསྐུར་བ་ལྟར། མདོ་ལམ་ནས་བསྐལ་བ་གྲངས་མེད་མང་པོར་ཚོགས་གཉིས་རླབས་ཆེན་བསགས་པའི་རང་འབྲས་ཀྱི་ཡེ་ཤེས་དེ་ལ། སོ་སྐྱེ་ལས་དང་པོ་པ་བཙན་ཐབས་སུ་འཇུག་ནུས་པ་དེ་དབང་གི་མཐུ་ལས་བྱུང་བ་ཡིན་པ་སྔར་ཞུས་པ་ལྟར་དུ་རེད། སྒྱུ་འཕྲུལ་གསང་སྙིང་གི་དབང་སྦྱིན་པའི་ལེའུ། ལེའུ་བཅུ་བའི་ཐོག་མ་ནས་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ཞེས་རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཚིག་འདིས་རྒྱལ་བུ་རྒྱལ་སར་བཏོན་པའི་དཔེ་དང་མཚུངས་པ། ཆོས་ཀྱི་རྒྱལ་བོ་ཆེ་བའི་རིག་སྔགས་འཆང་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བསྟན་ནི་རེད། དབང་གི་རིམ་པར་རྒྱུད་རྒྱུ་འདིས་གང་རྒྱལ་སར་འགོད་རྒྱུའི་རིགས་ལྡན་ལས་ཅན་དེ་ཕན་པའི་དབང་བཅུ་འདིས་ཆོས་ཀྱི་རྒྱལ་པོའི་ཆས་སུ་བཅུག་ཏེ། རིགས་ལྔའི་རྒྱལ་ཐབས་ལ་དབང་བའི་རྟེན་འབྲེལ་གྱི་གཞི་སྒྲུབ་ནི་རེད། ནུས་དབང་དང་ཟབ་དབང་གིས་རིམ་པ་བཞིན། ཆོས་ཀྱི་རྒྱལ་སྲིད་ལ་དབང་སྒྱུར་ནུས་པའི་ནུས་པ་དངོས་སུ་བསྐྱེད་པ་ཡིན་ནི་རེད། དེས་ན་ཞི་བའི་ཕན་དབང་བཅུ་ནི། སྙིང་པོ་ལྔ་དང་དབུ་བརྒྱན་དང་། །བུམ་པ་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཅེས་རྡོ་རྗེ་ལས་རིམ་ལས་གསུངས་པ་ལྟར་དུ། འཇིག་རྟེན་ན་རྒྱལ་པོ་ཆེན་པོའི་རྒྱལ་སྲས་རྒྱལ་སར་བཞག་པའི་སྐབས་སྟེང་ན་གདུགས་ཕུབ། གཡས་གཡོན་ནས་རྒྱལ་མཚན་བ་དན་སོགས་བསྒྲེངས་ཏེ། ཐོག་མར་སྤྱི་བོ་ནས་བུམ་ཆུ་བླུག ཅོད་པན་དང་དབུ་བརྒྱན་སོགས་སྦྱིན་པ་དང་ཆོས་མཚུངས་པར། དེ་ཡང་ཆེ་རྟགས་ཀྱི་གཙོ་བོ་དབུ་རྒྱན་དང་། ཅོད་པན། རྒོལ་བས་མི་ཚུགས་པའི་ཆེད་དུ་གོ་ཆ། དེ་ནས་བཟའ་བཏུང་ལ་སོགས་པའི་འདོད་ཡོན། སྲིད་ན་མཐོ་བའི་གདུག་དང་། དེ་མཚུངས་མི་ནུབ་པའི་རྒྱལ་མཚན་སྦྱིན་པ་སོགས་པ་འདི་དག་དུས་འཁོར་གི་ཕྱི་འཇུག་གི་དབང་སོགས་དང་ཕྱོགས་འདྲ་བ་རེད། འདིའི་དབང་རྫས་འདི་ཚོ་སྔར་བདག་མདུན་བུམ་གསུམ་གྱི་སྐབས་སུ་སྒྲུབ་ནི་རེད་མོད། འདི་ནས་སླར་ཡང་རེ་རེ་བཞིན་དུ། བསྡུ་ཚིག་བྱས་ན། སྐུར་རླབས་དབབ་དྲང་སྟིམ་བརྟན་མཆོད། ཅེས་པ་ལྟར། སྐུར། བརླབས། དབབ། དྲངས། བསྟིམ། བརྟན། མཆོད་ཅེས་པའི་དང་པོ་སྐུར་ཅེས་པ་དེ། དབང་སྐུར་པ་རེད་རང་རིགས་གཙོ་བོར་བྱས་པས་དབང་སྐུར། དེ་ནས་བརླབས་ཅེས་པ་སྐུ་གསུང་ཐུགས་རྡོ་རྗེས་བྱིན་གྱིས་བརླབས། དེ་ནས་དབབ་ཅེས་པ་བཛྲ་ས་མ་ཡཱ་ཛའི་སྔགས་ཀྱིས་ཡེ་ཤེས་པ་དབབ། དེ་ནས་དྲང་ཅེས་པ་ཨེ་ཧྱ་ཧིས་སྤྱན་དྲངས། ཛ་ཧཱུྃ་བཾ་ཧོས་གཉིས་མེད་དུ་བསྟིམ། བསྟིམ་པ་དེ་ཉིད་ཀ་ཡཱ་ཝཀྐ་སོགས་ཀྱིས་བརྟན་པར་བྱས། དེ་ནས་ཀུན་བཟང་ཞབས་བསིལ་བཞི་སྣོལ་བཛྲ་དྷུ་པེ་སོགས་ཀྱིས་མཆོད། མཚུངས་ལྡན་གྱི་རྒྱུ་སློབ་བུའི་རྒྱུད་ལ་དང་པོ་ནས་ཡོད་པའི་དབང་སོ་སོའི་རྗེས་མཐུན་གྱི་ཆོས། བདུད་རྩི་ལྔ་དང་། རྣམ་ཤེས་ཚོགས་བརྒྱད། རྩ་གནས་ཐིག་ལེས་གང་བ། རྩ་རོ་རྐྱང་གཉིས་སོགས་ཡོད་པ་ལ། ལྷན་ཅིག་བྱེད་རྒྱུ་དབང་རྫས་རབ་གནས་དང་ལྡན་པ། དེ་ཡང་དབུ་རྒྱན་དང་ཕྲེང་བ་རིན་ཆེན་འབྱུང་ལྡན་གྱི་དབང་། ཅོད་པན་སྣང་བ་མཐའ་ཡས་ཀྱི་དབང་། གོ་ཆ་དོན་ཡོད་གྲུབ་པའི་དབང་། རྒྱལ་མཚན་དང་། གདུགས་མི་སྐྱོད་པའི་དབང་། ཕྱག་རྒྱ་ཞེས་པ་འདི་ཀུན་མཁྱེན་ཆེན་པོས་རིགས་ལྔའི་ཕྱག་མཚན་དུ་བཞེད་པ་རེད་མོད། འདིར་ཟུར་ལུགས་ཀྱི་ཡིག་ཆ་ལྟར་ན་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་སྐུ་གཟུགས་ཀྱིས་མཚོན་པར་བྱས་པ་གཉིས་དོན་དུ་གཅིག་པ་ཡིན་ནི་རེད། བུམ་ཆུ་རིགས་ལྔ་ཀའི་དབང་། བཟའ་བཏུང་རྣམ་སྣང་གི་དབང་། དབང་རྫས་གང་དུ་བཀོད་པའི་མཚན་མའི་དཀྱིལ་འཁོར་དེ་ལྷན་གཅིག་བྱེད་རྒྱུ་དང་བདག་རྐྱེན་གང་གི་ཕྱོགས་སུ་ཡང་མི་གཏོགས་རྒྱུ་ཡིན་ནི་མ་རེད། དབང་རེ་རེ་བཞིན་དུ་སྨོན་ལམ་གདབས་པ་དང་བཅས་ཏེ། ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཕན་པའི་དབང་བཅུ་སྐུར་བ་དེས། རང་རྒྱུད་ལ་འདི་ཕྱིར་ཕན་པའི་དབང་གི་ས་བོན་བཞག་པས་མི་ཚད། ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་ཉན་དུ་རུང་བའི་སྐལ་བ་ཅན་དུ་བྱས་པ་རེད། དབང་གང་ཡིན་ཀྱང་ཐོབ་ཡོད་མེད་ཀྱི་ས་མཚམས་འཇོག་ཚུལ། བསྐུར་ཡུལ་གྱི་སློབ་མའི་རྒྱུད་ཚོད་མི་འདྲ་བས་ན། རྣོ་ལ་ངར་བཏགས་ཀྱི་དཔེ་ལྟར་ནུས་པ་ཐོབ་ཡོད་མེད་ཀྱི་ཚད་རང་གིས་འཛིན་རྒྱུ་ཡིན་ནི་རེད། དེ་ཡིན་ན་ཕྱི་ཕན་པའི་དབང་བཅུ་འདི་དང་། ནང་ནུས་པའི་དབང་ལྔ་འདི་གཉིས་བུམ་དབང་གི་དོད་པོ་ཡིན་པ་འདྲ་མཚུངས་ལ་ཅིའི་ཁྱད་པར་ཡོད་ཅེ་ན། གོང་ཞུས་ལྟར་འདི་ཕྱིར་ཕན་པའི་ས་བོན་བཞག་པ་ཙམ་ལས། ད་ལྟ་ནས་དོན་གཉིས་འགྲུབ་པའི་ནུས་པ་མེད་པའི་ཆ་ནས་ཕན་དབང་ཞེས་ཐོག་མའི་དངོས་གཞིའི་དབང་གི་རིམ་པར་བཞག་པ་རེད། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་བའི་བདག་པོར་འགྱུར། །གསུངས་པ་འདིས་འདི་ཕྱིར་ཕན་པའི་དོན་གཙོ་བོར་བསྟན་པ་གོ་ཐུབ་ནི་རེད། འདིས་དགོས་པ་རེ་རེ་བཞིན་སློབ་མ་དད་པ་ཅན་ལྷར་གསལ་བ་རིན་པོ་ཆེའི་དབུ་རྒྱན་བཅིངས་ནས། ཆོས་ཀྱི་རྒྱལ་པོ་རུ་དབང་སྐུར་བ་དེ་ཕྱིར་མི་ལྡོག་པའི་མཚོན་བྱེད་དང་། རྣམ་ཤེས་ཡེ་ཤེས་ལྔར་གསལ་བའི་དགོས་པ་དང་ལྡན་ནི་རེད། ཅོད་པན་བཅིངས་པ་དེས་ཐབས་ཤེས་ཟུང་དུ་འབྲེལ་བའི་དགོས་པ། ཕྲེང་བས་བྱང་ཆུབ་ཀྱི་ལམ་ཐོབ་པ་དང་གཟུངས་དང་ཏིང་འཛིན་འཐོབ་པའི་དགོས་པ་དང་ནི། གོ་ཆས་གོང་བཤད་ལྟར་ཉོན་མོངས་པའི་མཚོན་གྱིས་མི་ཕིག་པ་དང་ནི། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་རྩ་ཕྲན་བྱེ་བ་ས་ཡ་དང་བཅས་པ་ལུས་ལ་དྲྭ་བའི་ཚུལ་གྱིས་ཁྱབ་ཡོད་ན། དེ་ལྟའི་ལུས་གནས་རྩ་ཡི་དྲྭ་བ་དེ་དག་པར་བྱེད་པ། རྒྱལ་མཚན་གྱིས་འཁོར་བའི་གཡུལ་ལས་རྒྱལ་ཏེ་ཕྱོགས་ཐམས་ཅད་ལས་རྒྱལ་བའི་ཆོས་ཀྱི་རྒྱལ་མཚན་འཛུག་རྒྱུའི་རྟེན་འབྲེལ་སྒྲིག་རྒྱུ་དང། ཕྱག་རྒྱ་ཕྱག་མཚན་ནམ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་སྐུས་རྟོག་ཚོགས་ཞེ་གཉིས་དག་སྟེ་ཡི་གེ་འཁོར་ལོའི་ས་འཐོབ་པར་བྱེད་ནི་རེད། དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང། །གདུགས་དང་བཟའ་བཏུང་དབང་རྣམས་སྐུར། །གསུངས་པའི་གདུགས་དེ་ཉོན་མོངས་པའི་གདུང་བ་སྐྱོབ་པའི་མཚོན་བྱེད་དང་། གདུགས་དེ་སྤྱི་བོར་སྐུར་རྒྱུ་རེད། དེས་སྤྱི་བོའི་རྩ་འདབས་སོ་གཉིས་དག་པར་བྱེད། བུམ་པས་ཉོན་མོངས་པའི་དྲི་མ་དག་པར་བྱེད་ཅིང་ཟག་མེད་ཀྱི་ཆུས་ཡོན་ཏན་གྱི་བཅུད་སྨིན་པར་བྱེད། བཟའ་བཏུང་ཚིམ་པར་བྱེད་པའི་ལས་ཅན་ཞིག་ཡིན་པ་ལྟར། དེའི་ཆོས་མཚུངས་སུ་འདོད་ཡོན་མ་སྤངས་རྒྱན་དུ་ཤར་བས་རྒུད་པ་ཐམས་ཅད་སེལ་ཞིང་བསམ་གཏན་གྱི་བདེ་བས་ཚིམ་པར་བྱེད་པ་དང་། དེ་བཞིན་དུ་སྙིང་པོ་ལྔས་ཉོན་མོངས་ལྔ་ཕུང་པོ་ལྔ་རིག་ལྔ་ཡེ་ཤེས་ལྔའི་ངོ་བོར་དག་པར་བྱེད། དབང་བཅུ་པོ་དེའི་སོ་སོའི་དབང་རྫས་ཀྱིས་དབང་བསྐུར་བས་མདོར་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་དང་ལྡན་པའི་ས་བོན་སྨིན་རུང་དུ་བྱེད་པ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཕྱི་ཕན་པའི་དབང་བཅུ་སྐུར་བ་ནི་དེ་ཡན་དུ་སོང་བ་རེད། ད་གཉིས་པ་ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་པའི་དབང་ལྔ་སྐུར་བ་རེད། ཅེས་གསུངས་འཕྲལ་ནུས་དབང་བསྐུར་གནང་མཛད།

སྒྱུ་འཕྲུལ་གྱིི་ཟབ་དབང་གནང་བའི་རྗེས་སུ་ཕེབས་པའི་གསུང་འཕྲོས།

གོང་དུ་སོང་མ་ཐག་པའི་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་ཟབ་མོའི་དབང་གསུམ་སྐུར་ནི་རེད། ཟབ་དབང་གསུམ་འདི་བླ་མེད་ཀྱི་རྒྱུད་སྡེ་སྤྱི་དང་བསྟུན་ན་འདི་མཆོག་དབང་གོང་མ་གསུམ་ཡིན་ནི་རེད། དུས་འཁོར་དང་བསྟུན་ན་དུས་འཁོར་གྱི་གོང་མ་གོང་ཆེན་གྱི་དབང་དང་འདྲ་མཚུངས་རེད་བསམ་གི་ཡོད། འོན་ཀྱང་མཐར་ཐུག་གི་དོན་ལ་སྐུར་ཐོབ་མེད་པའི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གྱུར་པ། ལྷུན་གྲུབ་རིག་པའི་རང་རྩལ་རྫོགས་པ་རང་རིག་རྩལ་གྱི་དབང་ཆེན་ཐོབ་པ་དེ་རྫོགས་པ་ཆེན་པོར་རྫོགས་པས་ན། མཐར་ཕྱིན་པའི་ཁྱད་ཆོས་ཀྱི་ཆ་ནས་ཁྱད་དུ་འཕགས་པ་ཞུ་མི་དགོས་པ་རེད། འདི་ནས་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་དང་ལྡན་པ་གསུངས་པ་དེ། དབང་གོང་མ་གསུམ་སྐུར་བའི་སྣོད་ཀྱི་དབང་དུ་བྱས་ཏེ་གསུངས་པ་རེད། དེ་ཡིན་ན་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་དབང་བསྐུར། རིག་མའི་བརྟུལ་ཞུགས་ཅན་ལ་ཡེ་ཤེས་རང་གནས་སམ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། མཉམ་པའི་བརྟུལ་ཞུགས་ཅན་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་བསྐུར་རྒྱུ་ཡིན་པར་གསུངས་ནི་རེད། སྤྱིར་སྤྱོད་པ་གསུངས་པ་ནི་གསང་སྔགས་ཚུལ་བཞིན་དུ་སྤྱོད་པའི་སྔགས་པའི་སྒོ་གསུམ་གྱི་ལས་ཐམས་ཅད་སྤྱོད་པ་ཡིན་ནི་རེད། དེ་ཡང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པ་ཞིག་ཡིན་དགོས་ནི་རེད། སྤྱོད་པའི་དབྱེ་སྒོ་མཐའ་ཡས་ཀྱང་། འདིར་རྟེན་དང་ངོ་བོའི་སྒོ་ནས་དབྱེ་ན། རྟེན་གྱི་སྒོ་ནས་སྒོ་གསུམ་གྱི་སྤྱོད་པ། ངོ་བོའི་སྒོ་ནས་ཐབས་གྲོལ་གཉིས། དེ་ཡང་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་སུ་འདུས་པ་རེད། དེ་ལས་ཐབས་ལམ་ཞེས་པ་ཁྱིམ་ཐབ་གཟའ་ཉོབ་ཅན། འདུལ་ཁྲིམས་མི་སྲུང་མཁན་དང། སོར་སྡོམ་མི་ལྡན་མཁན་ཞིག་ལ་གོ་རྒྱུ་མ་རེད། ཐུན་མོང་ཐབས་ཀྱི་སྤྱོད་པ་སྤྱི་དང་། ཁྱད་པར་དུ་སྦྱོར་སྒྲོལ་གྱི་སྤྱོད་པ་གཉིས་ལ་གོ་དགོས་པ་རེད། འདིའི་ཕྱི་མ་སྦྱོར་སྒྲོལ་གྱི་སྤྱོད་པ་འདི། སྒྲ་ཇི་བཞིན་པ་སྤྱོད་པའི་ཚད་དང་ལྡན་མིན་གྱི་ཐད་ནས། མཚན་གཞི་དེ་ཇི་འདྲ་ཞིག་འཇོག་དགོས་ན། སློབ་དཔོན་པདྨ་སོགས་དང་། དེའི་མཚན་ཉིད་ཇི་འདྲ་ཞིག་ལ་འཇོག་ན། ཉོན་མོངས་རང་མཚན་པས་འཆིང་བར་མི་ནུས་པ་ཞིག་དང་། མཚོན་རྟགས་ཅི་ཞིག་ཡོད་ནི་རེད་ཅེ་ན། བསད་པ་གསོ་ནུས་པ་ལ་སོགས་པས་ཚད་འཛིན་རྒྱུ། སྤྱིར་འདིའི་སྐབས་རིག་མ་ཟེར་བའི་མ་སྒྲ་དེ་མོ་ལ་འཇུག་པ་ཞིག་རེད། དེའི་མོ་ལ་འཇུག་རྒྱུའི་མོ་དེ་ཐབས་ཤེས་གཉིས་ཀྱི་ཤེས་རབ་མཚོན་བྱེད་ཡིན་ནི་རེད། རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་མཚོན་དོན། ཨེ་ཝཾ་བདེ་ཆེན་གྱི་མཉམ་སྦྱོར་བདེ་ཆེན་ཟག་མེད་ཤེས་རབ་ལ་གོ་རྒྱུ་རེད། ལྷ་མོ་ཀླུ་མོ་རིགས་ངན་མོ་ལ་སོགས་པ་སྐབས་སོ་སོར་འདུལ་བའི་དབང་གིས་སྣ་ཚོགས་པ་གསུངས་ནི་རེད། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ཡེ་ཤེས་ཀྱི་ལྷ་མོ་དང་། ལྷག་པ་ཏིང་ངེ་འཛིན་དེ་རིག་པའི་ལྷ་མོ། རིག་པ་ཉམས་ཀྱི་དཀྱིལ་འཁོར་དེ་རིག་རྩལ་གྱི་གཟུང་མ་སོགས་སུ་བཤད་ན། འདི་ལྟར་བཤད་པ་ན། ཟབ་དབང་གོང་མ་གསུམ་ཟེར་བ་དང་མཆོག་དབང་གོང་མ་གསུམ་ཟེར་བ་དོན་གཅིག་རེད། དེ་རྣམ་གསུམ་སྐུར་སའི་རྟེན་དེ་མཐའ་གཅིག་ཏུ་ཕོ་ཡིན་དགོས་པར་མ་ངེས་ཤིང་། མོའི་རྟེན་ཅན་གྱིས་གསང་དབང་མི་ཐོབ་པ་ཡང་མིན་པས་ན། འདིའི་གོ་དོན་ཐབས་ཤེས་མཉམ་སྦྱོར་ཟུང་འཇུག་བདེ་ཆེན་གྱི་ཡེ་ཤེས་དེ་འཛིན་པ་ལ་གོ་དགོས་པ་རེད། གསང་སྔགས་ལ་འཇུག་པའི་གལ་གནད་ཞིག་དེ་རེད་སྙམ། གོང་གི་བཤད་པའི་འཕྲོ་གཞི། སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་དབང་སྐུར་གསུངས་རྒྱུའི་སྤྱོད་པ་དེ་དབྱེ་བ་མང་ནི་རེད་མོད། ཡིན་ན་ཡང་སྤྱོད་པ་ཕལ་ཆེར་རྗེས་ཐོབ་ལ་འཇོག་ནི་རེད། དེ་ཡང་མཉམ་བཞག་ལ་མ་བརྟེན་པ་ཞིག་ཅི་ལ་ཡིན། ནང་གི་དྲོད་རྟགས་ཐོབ་ཚུལ་ལ་ཉམས་ལེན་བོག་འདོན་གྱི་དགོས་དབང་གིས་སྤྱོད་པ་སྣ་ཚོགས་ཀྱི་དབྱེ་རིམ་དེ་བྱུང་བ་རེད། དེས་ན་འདིར་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསུངས་པ་དེས་ཅི་ཞིག་ལ་སྤྱོད་པར་བསྟན་ན། ཤ་ལྔ་བདུད་རྩི་ལྔ་སོགས་ལ་གཙང་དང་དམེ་བའི་རྣམ་རྟོག་མེད་པའི་སྒོ་ནས་རོལ་བ་བརྟུལ་ཞུགས་ཀྱི་རྣལ་འབྱོར་དང་ལྡན་པ་ལ་གསང་དབང་སྐུར་ཞེས་གསུངས་པ་རེད། འདིའི་དོན་སྒྱུ་འཕྲུལ་རྩ་བའི་རྒྱུད་དུ། བླ་མེད་མི་སྤངས་བླ་མ་བཀུར། །ལ་སོགས་པ་རྩ་བའི་དམ་ཚིག་ལྔ་དང་། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །ལ་སོགས་པས་ཡན་ལག་གི་དམ་ཚིག་བཅུ་དེ་གསུངས་པ་ན། མི་སྤངས་པ་ལྔ་དང་མི་འདོར་བ་ལྔ་ལས། མི་འདོར་བ་ལྔ་དེ་བདུད་རྩི་ལྔ་དེ་མི་འདོར་བ་རེད། གཙང་དམེ་མེད་པ་གསུངས་པ་དེ། གཙང་བཙོག་མེད་པ་ཁྱི་ཕག་འདྲ་བའི་སྐྱིད་སྡུག་མེད་པ་ཞིག་ལ་གསུངས་ནི་མ་རེད། དཀར་རྩི་དམར་རྩི་ལ་སོགས་པ་ཟེར་ན། དོན་དུ་དྲི་ཆེན། དྲི་ཆུ། རཀྟ། མཾ་ས། བྱང་སེམས་དཀར་དམར་སོགས་ལ་གསུངས་པ་རེད་མོད། གཙང་དམེའི་རྣམ་རྟོག་དང་བྲལ་མེད་ན་དེ་རྣམས་མི་གཙང་བའི་རྫས་སོ་དྲུག་གི་ནང་ནས་ལྔ་རེད། ཡིན་ན་ཡང་དག་མཉམ་བདེ་ཆེན་གྱི་ཡེ་ཤེས་རྟོགས་པའི་རྣལ་འབྱོར་པའི་ངོ་ཁ་ལ། ངོ་བོ་གྲུབ་པ་བཞི་ལྡན་གྱི་རྫས། ཐབས་ཤེས་ཀྱིས་ཟིན་ན་འཇིག་རྟེན་གྱི་བདུད་རྩིར་གྱུར་བ། བརྟུལ་ཞུགས་དང་ལྡན་པས་སྤྱད་ན་དངོས་གྲུབ་མྱུར་དུ་འཐོབ་པར་བྱེད་པ། དུག་ལྔ་སེལ་བའི་སྨན་མཆོག་ཡིན་ནི་རེད། དག་པ་ཡིན་པས་དེང་དུ་བླང་བྱ་དང། མཉམ་ཉིད་ཡིན་པས་གཙང་དམེ་མེད་པ། གཉིས་མེད་ཡིན་པས་དོར་བྱ་མིན་པ་དེ་ལྟར་རེད། འོན་ཀྱང་རྟོགས་པ་ཀློང་དུ་མ་གྱུར་ན་ནི། ཡང་མིན་ན་ཐོ་ལྕོའི་སྨྱོ་སྤྱོད་མཁན་དང་། ཡང་མིན་ན་ཁྱི་ཕག་ལྟ་བུའི་གཙང་དམེ་མེད་པ་གང་རུང་རེ་ལས་མི་འདའ་བ་ཡིན་པ་དང་། སྤྱོད་པ་ཀློང་དུ་གྱུར་ནི་ཞིག་ཡིན་ན་ཆེད་གཏད་དུ་སྤྱད་ཡང་དགོས་ནི་མ་རེད། དེས་ན་དབང་གི་བྱིན་རླབས་དང་དངོས་གྲུབ་ལེན་དུས་ཡིན་ན་འདྲ། དམ་ཚིག་ཚུལ་བཞིན་དུ་སྲུང་བའི་སྐབས་སོགས་དུས་ནམ་ཡིན་ན་ཡང་། རལ་གྲིའི་གར་སྟབས་ལ་བསླབ་པ་བཞིན་དུ་རང་ཉམས་ལ་སྦྱར་རྒྱུ་དེ་གལ་ཆེ་ནི་རེད།

དེས་ན་གསང་རྫས་ངག་ཏུ་བླུད་རྒྱུ་དེ་མཚོན་བྱེད་རྟགས་ཀྱི་བདུད་རྩི། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་བཅུད། བདུད་རྩིའི་རིལ་བུ་ཁྱད་པར་བས་ཕབས་རྟ་བྱས་པ། སྔགས་དམིགས་ཁྱད་པར་ཅན་གྱིས་སྒྲུབ་པ་དེ་འདྲ་རེད། མཚོན་བྱ་དོན་གྱི་བདུད་རྩི་ཆོས་ཉིད་མཉམ་པ་ཆེན་པོ་ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་དུ། རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་སྤྲོ་བསྡུས་སྦྱོར་བ་ལས་བྱུང་བའི་ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ཆེན་པོར་གྱུར་བ་དེ། རྣམ་པ་རྟགས་ཀྱི་ཕྱག་རྒྱ་ཡབ་ཡུམ་གཉིས་ལྷར་གསལ། གཉིས་མེད་མཉམ་པར་རོལ་བའི་བདེ་ཆེན་བདུད་རྩིའི་དབང་སྐུར་བ་རེད། དེས་དོན་ཅི་ཞིག་སྒྲུབ་ཅེ་ན། གསང་རྫས་རྡོ་རྗེ་ཡེ་ཤེས་ཀྱི་ས་བོན་ཧཱུྃ་གི་རྣམ་པར་གསལ་བ་ལྕེ་ཐོག་ཏུ་བཞག་པ། མགྲིན་པའི་ལམ་བརྒྱུད་དེ་སྙིང་ཁར་ཐིམ་པ་དང་མཉམ་དུ། དེ་ཉིད་ཧཱུྃ་ཕྲ་མོ་ཡུང་འབྲུ་ཙམ་གྲངས་མེད་པར་གྱུར། དེ་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་ཤ་སྟག་ཏུ་གྱུར་བ། ཆོས་ཀྱི་འཁོར་ལོའི་རྩ་ཆེན་ནས་རྩ་ཕྲན་ཏུ་བརྒྱུད་ཏེ་ལུས་ཡོངས་ལ་ཁྱབ། དེའི་རྐྱེན་གྱིས་རིགས་དྲུག་འཁྲུལ་བའི་བག་ཆགས་ས་བོན་དང་བཅས་པ་སྦྱོང་། སྤྲོས་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བྱེད་ནི་རེད། དེ་ནི་སྤྱོད་རིག་མཉམ་པ་གསུམ་གྱི་དང་པོ་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་བའི་དབང་སྐུར་བའི་དོན་རེད། གཉིས་པ་རིག་མའི་བརྟུལ་ཞུགས་ཅན་ལ་ཡེ་ཤེས་རང་གནས་སམ་ཤེས་རབ་ཡེ་ཤེས་ཀྱི་དབང་སྐུར་བ་ནི། འདི་དགའ་བཞིའི་ཡེ་ཤེས་དང་སྦྱར་ཏེ་སྟོང་བཞིའི་ཡེ་ཤེས་བསྐྱེད་པའི་སྔགས་བླ་མེད་ཀྱི་ལམ་ཞིག་རེད། ཡས་བབས་དགའ་བ། མཆོག་དགའ། དགའ་བྲལ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་བཞིས་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་ཞི་བའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དགྱེས་མཉམ་མཆོག་གི་མཆོད་སྦྱིན་གསུངས་པ་དེ་རེད། མཆོད་སྦྱིན་དེའི་མཐར་མས་བརྟན་ལུག་ལྡོག་གི་དགའ་བཞི་སྦྱོར་བ་ཐམས་ཅད་ཡེ་ཤེས་སུ་དག་ཅིང་། དབྱིངས་དང་ཡེ་ཤེས་གཉིས་མེད་ཀུན་བཟང་ཡུམ་གྱི་དགོངས་པ་མཐར་ཕྱིན་ནས་དབང་ཐོབ་ནི་རེད། ཐབས་ལམ་དང་གྲོལ་ལམ་ཞེས་བཤད་ཡོང་དུས། ཐབས་ཀྱིས་ངེས་པ་དང་ཤེས་རབ་ཀྱིས་གྲོལ་བ་གཉིས་ཀ་བྱེད་པ་གཙོ་ཆེ་ཆུང་ཞིག་གི་སྒོ་ནས་བཞག་པ་རེད་མ་གཏོགས། གཅིག་ཤོས་ལ་གཅིག་ཤོས་མེད་པ་མིན་པའི་ཚུལ་སྔར་ཡང་ཐེངས་མང་ཞུས་མྱོང་བ་ལྟར་དུ། གྲོལ་ལམ་སྐབས་ཆོས་ཉིད་རྟོགས་པའི་ཤེས་རབ་དེ་ཐབས་ལམ་ལ་ངེས་པར་དུ་ཡོད་དགོས་པ་རེད། དེ་དང་བྲལ་ན་ལམ་གྱི་སྙིང་པོ་མ་ཡོད་སོང་ནི་རེད། ཐབས་ལམ་སྐབས་ཀྱི་ཐབས་ཞེས་པའི་ཚིག་གིས་བསྟན་དོན་གྱི་ཐབས་དེ་གྲོལ་ལམ་ལ་ཡང་ཡོད་ནི་རེད། ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་བཞུགས་ཚུལ་རྟོགས་ནས་ཇི་བཞིན་གོམས་པར་བྱེད་པའི་ཐབས་ཤེས་ཟུང་འབྲེལ་གྱི་ལམ་དེ་འདིའི་སྤྱི་ཁོག་ཡིན་ནི་རེད། དེ་ལྟར་ན་ཐབས་ཤེས་གཙོ་ཆེ་ཆུང་གིས་བཞག་པའི་ཐབས་གྲོལ་གྱི་ལམ་འདི་གཉིས་ཀ་མྱུར་ཁྱད་ཀྱི་སྟེང་ནས་བཤད་ན། གྲོལ་ལམ་རིམ་གྱིས་པ་དེ་ཐབས་ལམ་རིམ་གྱིས་པ་ལས་བུལ་ན་ཡང་། གྲོལ་ལམ་གཅིག་ཆར་བ་ཐབས་ལམ་གཅིག་ཆར་པ་ལས་མྱུར་བར་གསུངས་པ་རེད། ཐབས་གྲོལ་གྱི་ལམ་འདི་གཉིས་ཀྱི་གོ་རིམ་གྱི་དབང་དུ་ན། ཐབས་ལམ་སྔོན་དུ་འབྱུང་བ་དེ་ཐབས་ལམ་རང་ལ་ཡང་ཐབས་དང་ཐབས་བྱུང་གཉིས་ཀྱི་གོ་རིམ་བྱས་ན། ཐབས་བྱུང་དེ་གྲོལ་ལམ་གྱི་སྒྲོམ་ནས་ཤེས་དགོས་པ་རེད། སྤྱིར་གང་ཟག་གཅིག་གི་ལམ་ལ་ཐབས་གྲོལ་གཉིས་ཀ་འཇོག་དགོས་པའི་ངེས་པ་ཡང་མེད་ལ། འདི་གང་ཟག་ཐ་དད་ཀྱི་ལམ་ཆ་ཚང་གཉིས་ལ་ངོས་བཟུང་ཆོག་པ་དང་། ཐབས་ལམ་གྱི་གནད་ཐམས་ཅད་གྲོལ་ལམ་དུ་འདུས་པ་དེ། ཐབས་ལམ་གྱི་གནད་ཐམས་ཅད་གྲོལ་ལམ་གྱི་ལྟ་བས་འཛིན་དགོས་པས་ན། གྲོལ་ལམ་སྣང་སྟོང་ཟུང་འཇུག་ཐབས་ཤེས་དབྱེར་མེད་འོད་གསལ་རྫོགས་པ་ཆེན་པོ་སྤྲོས་མེད་ཐིག་ལེ་ཉག་གཅིག་གི་སྒོམ་པར་འདུ་ཚུལ། ཀུན་མཁྱེན་ཆེན་པོས་འོད་གསལ་མཛོད་ཀྱི་ལུང་དོན་སྔར་ཡང་ཐེངས་མང་ཞུས་པ་ལྟར་རེད། སྒྱུ་འཕྲུལ་རང་གཞུང་མ་ཧཱའི་ལམ་གནད་ལྟར་དུ་བཀྲལ་ན་ཡང་། རྩ་རླུང་ཐིག་ལེའི་བྱེད་བཅིངས་ལ་མི་ལྟོས་པར། སྔོན་བྱུང་དངོས་ལྔ་དང་རྗེས་འཇུག་ཚུལ་ལྔའི་གཏན་ཚིག་ཁོ་ནས་ཀྱང་། ལམ་གྱི་འོད་གསལ་ལ་སྦྱོར་ནུས་རྒྱུ་དེ་རྒྱུད་འདིའི་ཁྱད་ཆོས་ཡིན་ནི་རེད། གོ་དོན་དེའི་སྟེང་ནས་ཟབ་དབང་གསུམ་པ་རིག་མའི་བརྟུལ་ཞུགས་ཅན་ལ། ཡེ་ཤེས་རང་གནས་ཀྱི་དབང་ངམ་ཤེས་རབ་ཡེ་ཤེས་ཀྱི་དབང་སྐུར་རྒྱུ་དེ་ཡང་། རང་ལུས་དང་གཞན་ལུས་ཀྱི་ཐབས་སྟེང་འོག་གི་སྒོའི་ཁྱད་པར་གྱིས་བཤད་ནས། གཙོ་བོར་མཚོན་བྱེད་དཔེའི་ཡེ་ཤེས་མངོན་དུ་བྱ་བའི་ཐབས་ལས་བྱུང་བའི་ཡེ་ཤེས་ཡིན་ན། དེ་འཕྲོས་ཟབ་དབང་གསུམ་པ་མཉམ་པའི་བརྟུལ་ཞུགས་ཅན་ལ་བླ་མེད་སྤྱིའི་དབང་བཞི་དང་སྒྲོས་མཚུངས་པ། དབྱེར་མེད་བདེ་བ་ཆེན་པོའི་དབང་སྐུར་བ་དེ། ཤེས་རབ་ཡེ་ཤེས་སམ་ཡེ་ཤེས་རང་གནས་ཀྱི་དབང་གི་སྐབས་ཡིན། ཐབས་ལམ་གྱི་གནད་ཐམས་ཅད་གྲོལ་ལམ་གྱི་ལྟ་བས་འཛིན་དགོས་པས་ན། མས་བརྟན་གྱི་དགའ་བ་བཞིའི་མཐའི་ལྷན་གཅིག་སྐྱེས་པའི་དགའ་བ་ལ་བརྟེན་ནས། བདེན་གཉིས་ཟུང་འཇུག་གི་དཀྱིལ་འཁོར་མཐར་ཐུག མཚོན་བྱ་དོན་གྱི་ཡེ་ཤེས་ངོ་སྤྲད་པའི་དགོངས་པ་ཡིན་ནི་རེད། འདི་དགའ་བཞི་མཚན་དང་དཔེ་བྱེད་དང་ནི་མངོན་ཤེས་དྲུག་ལྡན་ལ་ངོ་སྤྲད་ནི་རེད། གོང་ནས་བྱུང་བ་ལྟར་བླ་མ་སྐྱེལ་བསུ་སོགས་ཀྱིས་མཚན་དཔེ་དང་ནི། མངོན་ཤེས་སྒྲུབ་པའི་ཕྱོགས་ལས་ཐུན་མོང་མ་ཡིན་པའི་ཚུལ་ཀུན་མཁྱེན་ཆེན་པོས་བཞེད་པ་རེད། དེ་ཡང་ཞིབ་པར་ཞུས་ན་ད་ལྟ་དབང་དུས་སུ་སྐྱེས་པའི་དགའ་བཞི་འདི་རྣམས་ཀྱི་རྒྱུན་ལ་གོམས་སོང་ན། ཡས་བབས་ཀྱི་དགའ་བཞིའི་གནས་སྐབས་བཅུ་དྲུག་དང་ནི། དེ་རྣམས་ཀྱི་རྟེན་གྱི་དབྱེ་བ་བསྡོམས་ན་སུམ་བཅུ་སོ་གཉིས་ཡོད་པ་དེ། ཡེ་ཤེས་ཀྱི་རོ་མཉམ་བརྒྱད་ཅུ་དང་བཅས་པ་མཚན་དཔེའི་རྒྱུ་ཚོགས་ཀྱི་ནུས་པ་ཐམས་ཅད་ཀྱང་། དེ་ལས་བྱུང་བའི་མས་བརྟན་གྱི་ཡེ་ཤེས་དེ་མཚན་དང་དཔེ་བྱད་མངོན་ཤེས་ཀྱི་ཡོན་ཏན་སོགས་དང་ལྡན་པར་གྱུར་པའི་མཚོན་བྱེད་ཡིན་ནི་རེད། མདོར་ན་ཕྱི་ཕན་པའི་དབང་གིས་སྤྱིར་ན་གསང་སྔགས་ཀྱི་རིགས་སུ་ངེས་པར་བྱེད་རྒྱུ། ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་ཙམ་ཉན་པ་ལ་དབང་བར་བྱེད། ནང་ནུས་པའི་དབང་གིས་ནང་ནས་ཉན་སྒོམ་གཉིས་ཀྱིས་ནང་རང་ལུས་ལྷར་གསལ་བའི་བསྐྱེད་རིམ་ཉན་རྒྱུ་དང་བསྒོམ་རྒྱུ་ལ་དབང་། དེ་སྟེང་ནུས་དབང་ལྷག་མ་གསུམ་གྱིས་འཆད་འཕྲིན་གཉིས་ཀྱིས་རྒྱུད་འཆད་རྒྱུ་དང་ལས་ཕྲ་མོ་སྒྲུབ་པ་ལ་དབང་བར་བྱེད། རྡོ་རྗེ་རྒྱལ་བོའི་དབང་གིས་དཀྱིལ་འཁོར་གྱི་ལས་རབ་འབྱམས་མཐའ་ཡས་པ་ལ་དབང་བར་བྱེད་པ་ཡིན་པས་ན། དེ་རྣམས་སློབ་དཔོན་གྱི་དབང་དུ་གཏོགས། སློབ་དཔོན་གྱི་དབང་དུ་གཏོགས་ཚུལ་གཅིག་ན་ཡང་། ཐུན་ཁྱད་ཀྱི་ཁྱད་པར་ཡང་ཆེ་བ་དེ་འདྲ་རེད། ད་དབང་གོང་མ་ཟབ་དབང་གསུམ་གྱི་ནང་ནས་གསང་དབང་ཐོབ་པས། ལམ་རྫོགས་རིམ་པའི་ཏིང་འཛིན་སྒོམ་པ་ལ་དབང་། ཟབ་དབང་གཉིས་པ་ཡང་དེ་དང་ཕྱོགས་འདྲ་བ་ལས། རྣལ་འབྱོར་ལྔའི་རིམ་པའི་ཐོག་ནས་བཤད་ན། གསང་དབང་གི་ལམ་སྟོང་ཆེན་ནས་ཕྱག་རྒྱ་སྤྲོས་བཅས་ཀྱི་བར་བཞི་དང་། ཤེར་དབང་གི་ལམ་ཚོགས་སྒྲུབ་ནས་འཇོག་དགོས་པའི་ཚོད་གང་ལྟར་ཡང་། དབང་བཞི་པའམ་ཟབ་དབང་གསུམ་པས། གསང་ཤེར་གྱི་ལམ་ནས་ཐོབ་པའི་ཡེ་ཤེས་དེ་ཐམས་ཅད་འགྱུར་མེད་ཀྱི་བདེ་བར་སོན་པའི་སྒོ་ནས་ཤིན་ཏུ་བརྟན་པར་བྱེད་པ་ཡིན་ནི་རེད། དེའི་ཐད་ནས་ཡང་ཟེར་གཅིག་བྱས་ན་། ཕྱི་ཕན་པའི་དབང་གིས་ས་བོན་འཇོག ནང་ནུས་པའི་དབང་གིས་དེ་ཉིད་སྨིན་པར་བྱས། ཟབ་དབང་དང་པོས་ཉམས་མྱོང་བསྐྱེད། ཟབ་དབང་གཉིས་པས་དེ་བརྟན་པར་བྱས། ཟབ་དབང་གསུམ་པས་དེ་བརྟན་པ་མཐར་ཕྱིན་པར་བྱས་ཏེ། མཐར་ལམ་མཆོག་གི་དངོས་གྲུབ་འཐོབ་པའི་གོ་དོན་ཅན་ཡིན་ནི་རེད། འདིར་བསྟན་ལས་ཀྱི་ཕྱག་རྒྱ་དང་གསང་རྫས་སོགས་ཀྱི་ཚིག་ཟིན་འདི་རྣམས། སློབ་མ་དང་སློབ་དཔོན་ཤིན་ཏུ་བློ་སྟོབས་ཅན་གྱི་དབང་དུ་བྱས་པའམ། རྡོ་རྗེའི་ཚིག་མཐའ་དྲུག་ཚུལ་བཞིའི་ངེས་འབྱེད་ཀྱིས་གཏན་ལ་དབབ་བྱ་ཡིན་ན། དངོས་དོན་བློ་སྟོབས་ཀྱིས་དེ་ཙམ་མི་ཆུད་པའི་སློབ་དཔོན་སློབ་མ་རིམ་གྱིས་པའི་ན་ཚོད་ཅན་གྱིས། བསྐྱེད་རིམ་ལྟར་གྱི་ཕྲིན་ལས་ལས་ཀྱི་ཕྱག་རྒྱ་དེ། རྫོགས་རིམ་ལྟར་གྱི་བདེ་ཆེན་ཡེ་ཤེས་སྒྲུབ་པའི་རྟེན་དུ་བཟུང་བ། འབྲས་བུ་སྣང་སྟོང་སྐུ་ཡི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ལམ་དུ་བྱས་ཏེ། གསལ་སྟོང་གསུངས་། བདེ་སྟོང་ཐུགས། དབྱེར་མེད་རིག་སྟོང་ཆེན་པོའི་སྒོ་ནས། གནས་ལུགས་ལྷན་ཅིག་སྐྱེས་པའི་བདེ་བ་བདེ་ཆེན་ཡེ་ཤེས་རྡོ་རྗེའི་ངང་ནས། སྒོ་གསུམ་རྒྱལ་བའི་གསང་གསུམ་གྱི་རོལ་བར་བསྒྲུབ་རྒྱུའི་གོ་དོན་དེ་འདྲ་ཞིག་ལ་སྙེག་དགོས་གི། དེའི་ཕྱིར་ན་གསང་རྫས་ཀྱང་བདུད་རྩིའི་རིལ་བུ་བསྟེན་རྒྱུ་དེ་མ་ནོར་གཙང་མའི་ཕྱག་བཞེས་གོང་བཤད་ལྟར་རེད། ཟབ་དབང་གསུམ་དེ་དངོས་དབང་རྟེན་ཅན་དུ་བསྐུར་བའི་བཀའ་སྲོལ་གྱི་ཕྱག་ལེན་དེ་དགོས་པའི་དབང་གིས་སྔར་ནས་མི་མངོན་པར་བྱས་པ་རེད། དབང་གི་དོན་བསྡུས་ན་མ་སྨིན་པ་སྨིན་བྱེད་ཀྱི་ཆེད་དུ་དབང་བསྐུར་བ་དེ་རྒྱུའི་དབང་། སྨིན་ཟིན་གྱི་ནུས་པ་གོང་འཕེལ་དུ་གཏོང་བའི་ཆེད་དང་ནི། སྔགས་སྡོམ་གསོ་བའི་ཆེད་དུ་སྦྱང་པ་སྔོན་དུ་སོང་བའི་སྒོ་ནས་དབང་བླ་མ་ལས་རང་ཉིད་ཀྱིས་དངོས་སུ་ལེན་པའམ་རང་ཉིད་ཀྱིས་ལེན་པ་གང་ཅན་པོ་ཡིན་ན་ལམ་གྱི་དབང་། མཐར་ལམ་ཡོངས་སུ་རྫོགས་ནས་རིགས་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་དབང་ནོད་པ་འབྲས་བུའི་དབང་གི་རྣམ་བཞག་ཀྱང་གསུངས་པ་རེད། མདོ་དོན་གང་ནས་བཤད་ན་སངས་རྒྱས་ཀྱི་གོ་འཕང་བདེ་ཞིང་མྱུར་བའི་ཚུལ་གྱིས་དཀའ་བ་མེད་པར། དུས་ཐུང་ངུའི་ཡུན་ལ་འཐོབ་པ་དེ་སྔགས་ལམ་དབང་ལས་མ་གཏོགས་གཞན་ལས་འཐོབ་པ་མ་རེད། དབང་ཚུལ་བཞིན་ཐོབ་ན། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་བའི་བདག་པོར་འགྱུར། །ཞེས་གསུངས་པ་ལྟར་དུ་ཕན་ཡོན་ཚད་མེད་པ་དང་ནི། དམ་ཚིག་བསྲུང་ན་དངོས་གྲུབ་མྱུར་དུ་འགྲུབ་པ་རྡོ་རྗེ་འཆང་གི་བཀའ་བསླུ་བ་མེད་པའི་དགོངས་དོན་རེད། དབང་དངོས་སུ་ཐོབ་ན་ཕན་ཡོན་ཆེ་བར་མ་ཟད་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བ་ཙམ་ཡང་ཕན་ཡོན་ཆེ་རབས་རྒྱུད་དང་དགོངས་འགྲེལ་ལས་གསུངས་པ་ལྟར་རེད། དེ་ཡན་སྒྱུ་འཕྲུལ་ཞི་བའི་དབང་དངོས་གཞི་ཡོངས་སུ་གྲུབ་ལ་ཉེ་བ་རེད། འདིའི་དབང་གི་གོ་དོན་རང་བློར་དཔོག་ཚོད་ཙམ་ཞུས་པ་དེ་སང་ཉིན་ཕན་ཆོད་ཀྱི་སྒྱུ་འཕྲུལ་ཁྲོ་བོའི་དབང་ལ་ཡང་འདྲ་མཚུངས་ཀྱིས་གོ་དོན་སྦྱར་ཆོག་པ་རེད། ཅེས་གསུངས། མཚམས་འདི་ནས་ཁར་སང་སྔོན་མ་ལྟར་སློབ་མའི་གཙོ་བོ་རྣམས་ཀྱིས་ཚོ་གཉིས་བྱས་ཏེ་དབང་རྫས་འགྲེམ་དགོས་གི། འདུས་པ་ཧ་ཅང་མང་གི་གཞུང་ལས་ཁང་གིས་ཐོ་འགོད་བྱས་པ་ལྟར་ན་དགེ་འདུན་པ་སྟོང་ཕྲག་བརྒྱད་ཡན་བརྒལ་འདུག དེས་ན་དབང་རྫས་འགྲེམ་མཁན་རྣམས་འོ་བརྒྱལ་ཆེ་ན་ཡང་། རང་གཞན་ཐམས་ཅད་ཀྱི་དུས་ཚོད་འགོར་འགྱང་མི་ཤོར་བའི་ཆེད། ཞུ་མཁན་སྐུར་མཁན་ཚང་མས་མྱུར་སྟབས་དང་བྲེལ་སྟབས་མཛད་རོགས་ཞུ་བ་ཡིན། མཁན་པོ་དགེ་བཤེས་རྣམས་དུས་རྒྱུན་བཞུགས་ཡུན་རིང་བས་ད་རེས་ཞོར་དུ་སྐུ་གཟུགས་སྦྱོང་བརྡར་ཡང་རེད་འགྲོ་བ་རེད། ཅེས་གསུངས།

སྒྱུ་འཕྲུལ་ཁྲོ་བོའི་ཕན་དབང་གི་རྗེས་འབྲེལ་དུ་ཕེབས་པའི་འཕྲོས།

ད་དེ་ཡན་དུ་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཁྲོ་བོའི་ཕན་དབང་ཉེར་བརྒྱད་ཕུལ་གྲུབ་ན། དེ་ཕན་དབང་ཞེས་པའི་མིང་དོན་མཚུངས་པ་འདི་དང་ཕྱི་མར་ཕན་པའི་ས་བོན་དབང་གིས་རང་རྒྱུད་ལ་བཞག་པས་མི་ཚད། དབང་འདི་ཐོབ་པས་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་གྱི་སྐོར་ཉན་རུང་བའི་སྐལ་བ་ཅན་དུ་བྱས་པ་རེད། ཁྲོ་བོའི་དབང་གི་ཆོ་ག་ཅིག་མང་བ་རེད། ཁྱད་པར་ཕན་དབང་འདིའི་ཆས་དབང་དང་ལྷ་དབང་གི་རྫས་མང་། དེ་བཞིན་དུ་དབང་ཚིག་ཡང་མི་ཉུང་བས་ན་ཞག་གི་ཆོད་རྒྱུའི་ཕྱག་སྲོལ་ཡོད་པ་ལྟར་དེ་རིང་མཚམས་འདིར་བཞག་ནས་དབང་རྫས་འགྲེམ་རྒྱུ་ཡིན། སང་ཉིན་སླར་ཡང་དབང་སྒྲུབ་ཀྱི་ཆོ་ག་སྐྱར་མ་བྱས་ཏེ། ནུས་དབང་དང་ཟབ་དབང་བསྐུར་ནས་ཐེངས་འདིའི་སྒྱུ་འཕྲུལ་ཞི་ཁྲོའི་སྨིན་དབང་གྲུབ་པར་བྱ་རྒྱུ་ཡིན་ཞེས་དང་།

སྒྱུ་འཕྲུལ་རྩ་རྒྱུད་ཀྱི་བཀླག་ལུང་འཕྲོར་གསུང་འཕྲོས་ཕེབས་པ།

རྒྱུད་ཐམས་ཅད་ཀྱི་རྒྱལ་བོ་དཔལ་ལྡན་གསང་བའི་སྙིང་པོ་འདི་ནི་རྒྱུད་ཐམས་ཅད་ཀྱི་འཕྲོ་གཞི། གསང་བ་སྤྱིའི་རྒྱུད་དམ་ཡང་གསང་ཐུགས་ཀྱི་རྒྱུད་ཡིན་ནི་རེད། འདིའི་དོན་མ་ཤེས་པར་སྔགས་ལམ་ལ་ཞུགས་པར་སྨྲས་པ་ནི་མིང་ཙམ་རྣམ་པ་ཙམ་ལས་དོན་གྱི་བྱ་བ་བྱེད་ཐུབ་ནི་མ་རེད་དོན་བྱེད་ནུས་སྟོང་ཡིན་ནི་རེད། ཁྱད་པར་དུ་སྔ་འགྱུར་ངེས་གསང་གི་བསྟན་པའི་སྒོར་ཞུགས་པར་ཁས་འཆེ་བ་ཞིག་ཡིན་ན་འདི་ལ་ཐོས་བསམ་གྱིས་ཞུགས་མ་མྱོང་ན། ལྟ་སྒོམ་སྤྱོད་པའི་གདེང་ཚད་བརྙེས་ཡོད། རྟོགས་པ་མཐོ་བའི་ས་ཚོད་དུ་ཐོན་ཟིན་ཞེས་བཤད་རུང་། དེ་ལ་བློ་གཏིང་ནས་ཁེལ་དགོས་ན་ཁེལ་དཀའ་ནི་རེད། འདིའི་ཐད་ཁར་ཉིན་སྟ་གོན་སྐབས་བཤད་པ་ལྟར། སྒྱུ་འཕྲུལ་དྲྭ་བ་རྒྱུད་རྣམས་ཀུན་གྱི་རྩ་བ་འདི་ཉིད་དབང་ལུང་ཁྲིད་གསུམ་གང་གི་རྣམ་པའི་ཐོག་ནས་འཆད་ཉན་བྱས་ན། དོན་ཐམས་ཅད་གཅིག་ལ་གཅིག་འབྲེལ་ཡིན་པས་ན། ལུང་རིགས་མན་ངག་གསུམ་གྱིས་གཏན་ལ་ཕབས་ཏེ། རྒྱུ་གླེང་གཞི། རྐྱེན་གླེང་སློང་གཉིས་སྔོན་དུ་སོང་བའི་སྒོ་ནས། འབྲས་བུ་ཡོངས་ཤེས་རྒྱུད་དོན་དེ། གཞི་ལམ་འབྲས་བུའི་རྒྱུད་གསུམ་པོ་དེ་བཤད་པའི་སྒོ་ནས་ངེས་པར་བྱ་དགོས་པ་རེད་། དེ་ཡང་རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བསྟན་པ་དང་། ལམ་རྒྱུད་རྒྱུད་ཀྱི་དངོས་པོ་བྱེ་བྲག་ཏུ་ཕྱེས་ཏེ་བཤད་དགོས་པ་རེད་ཅེས་མགོ་ཞིག་གླེང་ནས། ད་རུང་དུས་ལ་མ་བབས་པའི་གཏམ་རེད་འགྲོ་བས་ན་མི་བཤད་ཅེས་མཚམས་བཞག་ཡོད་ཡིན་ན། དེ་རིང་ནི་དངོས་གཞིའི་དབང་གི་སྨིན་གྲོལ་གཉིས་ཀ་དགོས་དོན་གནད་གཅིག་ཏུ་དྲིལ་བའི་སྐབས་འདིར། ད་ཞག་གི་གླེང་ཕྱོགས་དེ་དང་བསྟུན་ཏེ། ཁོང་རྣམས་ཀྱིས་དབང་རྫས་འགྲིམ་པའི་ཞར་ལ། དབང་འདི་དང་འབྲེལ་བའི་རྒྱུད་དོན་གྱི་སྐོར་རྣམས་གླེང་མོལ་ཞིག་བྱས་ན་བསམ། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་དེ་གང་འདྲ་ཞིག་ཡིན་ན། གཞི་འཆིང་གྲོལ་མེད་པའི་གནས་ལུགས་ཡིན་ནི་རེད། རིག་པ་རང་བྱུང་བྱང་ཆུབ་ཀྱི་སེམས་དེ་ཉིད་གསར་བྱུང་གི་རྒྱུ་རྐྱེན་ལ་མ་ལྟོས་པར། ཡེ་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་མི་ཕྱེད་གཉུག་མའི་ཐིག་ལེ་ཤིན་ཏུ་ཕྲ་ཞིང་ཟབ་པའི་ཚུལ་གྱིས་གནས་པ་དེ་ནི། རྒྱུད་རང་གཞུང་ལས་ཀྱང་། བཅིང་མེད་རྣམ་པར་གྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་གསུངས་པ་ལྟར་དུ། སྣང་སྲིད་གཉིས་བསྡུས་ཀྱི་ཆོས་འདི་ཐམས་ཅད་ཡེ་ནས་ལྷུན་རྫོགས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དག་པ་ལ། བཅིང་མེད་རྣམ་པར་གྲོལ་བ་མེད་པ། དེ་ཡང་བཅིང་མ་མྱོང་པས་ན་བཀྲོལ་བ་དང་གྲོལ་བ་གཉིས་ཀ་མེད་པ། གཉིས་ཆོས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བ། རྒྱར་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། བདེན་གཉིས་དབྱེར་མེད་ཀྱི་ངོ་བོར་བཞུགས་པ་དེ་ལ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་གསུངས་ནི་རེད། དེ་ལ་གཞི་ཞེས་གདགས་པའི་རྒྱུ་མཚན། དེ་ཉིད་རྟོགས་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཞིང་། ཐམས་ཅད་དེའི་རང་བཞིན་དུ་མ་གྱུར་པ་གཅིག་ཀྱང་མེད་པས་ན་གཞི་ཞེས་གསུངས་ནི་རེད། འདི་ལ་གཞི་རྒྱུད་ཅེས་རྒྱུད་ཀྱི་ཐ་སྙད་བཏགས་པའི་རྒྱུ་མཚན་ནི། སེམས་ཅན་ནས་སངས་རྒྱས་ཀྱི་བར་འགྱུར་མེད་རྒྱུན་ཆགས་སུ་འཇུག་པས་ན་རྒྱུད་ཅེས་གསུངས་པ་རེད། དེ་གཞི་རྒྱུད་རེད། འདི་སྣང་ཚུལ་ལ་བརྟེན་ནས་རྒྱུའི་རྒྱུད་ཅེས་གསུངས་པའི་སྐབས་ཡང་ཡོད་ནི་རེད། རྒྱུད་འདིའི་ཐུན་མིན་གྱི་ཆོས་སྐད་ལྟར་བཤད་ན། སྣང་སྟོང་བདེན་པ་དབྱེར་མེད་དག་མཉམ་ཆེན་པོ་གདོད་མ་གཞི་ཡི་དཀྱིལ་འཁོར་དང་། བཀའ་འཁོར་ལོ་ཐ་མའི་སྐབས་དེ་བཞིན་གཤེགས་པའི་སྙིང་པོ། སྐབས་གཞན་དུ་ཆོས་ཀྱི་དབྱིངས། ཡང་དག་མཐའ། ད་དུང་དེ་བཞིན་ཉིད་ལ་སོགས་མིང་མི་འདྲ་བ་དུ་མས་བསྙད་ཡོད་པ་རེད། རྫོགས་ཆེན་མན་ངག་སྡེའི་གཞི་དང་འདིའི་གཞི་གཉིས་སྒྲ་ཚིག་ཡི་གེའི་སྦྱོར་བའི་ཐད་ནས་འདྲ་ན་ཡང་། དོན་གྱི་ཁྱད་པར་གྱི་ཁྱད་འབྱེད་ཡོད་དགོས་ནི་རེད། ནང་རྒྱུད་སྡེ་གསུམ་དང་། སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་གནད་ཀྱི་གོ་དོན་གྱི་ཐད། རྩམ་ཕྱུར་བསྲེས་པ་ལྟར་མི་བསྲེ་བར་འགལ་མེད་མ་འདྲེས་མ་འཛིང་བར། ཞིབ་ཅིང་ཕྲ་བར་གནད་ལ་ཕུག་པའི་སྒོ་ནས་འཆད་ཉན་བསམ་བཞེས་གནང་རྒྱུ་མ་གཏོགས། བསྟན་པ་བསམ་བཞིན་མ་དཀྲུགས་ཀྱང་། འཁྲུགས་མི་ཤོར་བའི་ཕྱོགས་ལ་ཐུགས་གཟབ་གནང་རྒྱུ་གལ་ཆེ་བ་རེད། ད་ལྟ་བཞུགས་དང་མ་འོངས་འབྱུང་འགྱུར་གྱི་འཆད་པ་པོའམ། ཚོགས་པ་སྐྱོང་པའི་སྟོན་ཆེན་ཚོ་ལ་ལྷག་བསམ་རྣམ་དག་གིས་མན་ངག་ཚིག་གཅིག་ཞུས་པ་ཡིན། གང་གིས་རྟོགས་ཤིང་སྒྲུབ་པ་ལམ་གྱི་རྒྱུད་ནི། ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་གསུམ་གྱིས། ཐུན་མོང་དང་མཆོག་གི་སེམས་ལྔ་བསྐྱེད་ནས། ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་ཀྱིས་གྲོལ་བའི་ལམ་གཉིས་ཡ་བྲལ་མ་ཡིན་པར་ཟུང་དུ་འབྲེལ་ཏེ་ཐབས་ལམ་གྱི་གནད་རྣམས་གྲོལ་ལམ་གྱི་ལྟ་བས་འཛིན་རྒྱུ་ཡིན་ནི་རེད། དེ་ཇི་ལྟར་ཡིན་ན་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞིའི་སྒོ་ནས་བཤད་དགོས་པ་ཡིན་པས་ན། དེ་ལས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དེ་ནི་རྒྱུད་དགོངས་འགྲེལ་དང་བཅས་པས་སྔོན་བྱུང་དངོས་ལྔ་དང་། རྗེས་འཇུག་ཚུལ་ལྔ་སོགས་ཀྱིས་གཏན་ལ་དབབ་ཡོད་པ་ལས། རྩ་བ་མན་ངག་ལྟ་ཕྲེང་གི་བསྟན་དོན་ལྟར་རང་གཞུང་གི་གོང་ནས་གསུངས་མ་ཐག་པའི། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་དེས་གོ་རྒྱུ་ཅན་རེད། འཁོར་འདས་གཉིས་རང་བྱུང་ཡེ་ཤེས་སུ་རྒྱུ་གཅིག་པ། སེམས་ཉིད་སྐྱེ་མེད་ཀྱི་མདངས་རོལ་བ་འགག་མེད་ལྷའི་སྐུ་གསུང་ཐུགས་ཀྱི་རོལ་བར་ཤར་བ་དེ། མཚན་མ་མེད་པའི་ཡི་གེ་ཨ་དེ་ཉིད་མཚོན་བྱེད་ཡི་གེ་དུ་མར་ཤར་བས་མཚོན་པར་བྱེད་པ། དེ་ལྟ་བུའི་རང་བཞིན་སྐྱེ་མེད་དང་རོལ་བ་འགག་མེད་དེ་གཉིས་ཀ་ལྷག་པའི་བདེན་གཉིས་ཀྱི་ལྡོག་པ་སོ་སོར་ངེས་པའི་བྱིན་བརླབས་སམ་དེའི་ནུས་པ་དང་དེའི་མཐུ་ལས། ངོ་བོ་དབྱེར་མེད་དུ་རྟོགས་པ་དེ་ངང་གིས་འབྱུང་བ་ཡིན་ནི་རེད། དེས་ན་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །གསུངས་པ་ལྟར་ལྷག་པའི་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་ལས་འདས་པ་དེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་ཤིང་ཁོང་དུ་ཆུད་པ་དང་བཅས་པ་རབ་ཏུ་རྟོགས་པ་རྣམ་བཞི་ཡིས། ཐེག་པ་གཞན་དང་རྒྱུད་སྡེ་གཞན་དང་ཐུན་མོང་མིན་པའི། སྣང་སེམས་ཀྱི་བག་ཆགས་ཤིན་ཏུ་ཕྲ་བ་མཐའ་དག ལམ་འདིས་དཀའ་བ་མེད་པར་བྲལ་ཞིང་བཅད་ནུས་པའི་རྒྱུ་མཚན་ནི་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཐུག་ནི་རེད། རིམ་གཉིས་ཀྱི་གནད་གསང་དེ་འདྲ་ཡོད་པ་གང་ལ་ཐུག་ན། གཞི་ལྷག་པའི་བདེན་གཉིས་དབྱེར་མེད་དང་། དེའི་ངོ་བོའི་བཞུགས་ཚུལ་ལ་ཐུག་ནི་རེད། དེའི་ལྟ་སྒོམ་སྤྱོད་གསུམ་ལ་རགས་ལས་པར་དགོངས་ཏེ། ལམ་རིམ་གཉིས་ཀྱི་གནད་དང་འབྲས་བུ་དག་པ་གསུམ་དང་མཉམ་པ་བཞི་གསུངས་ནི་རེད། དག་པ་གསུམ་ཞེས་པ་སྣོད་བཅུད་རྒྱུད་གསུམ་པོ་དག་པ་རེད། སྣོད་རྣམ་པར་དག་པ་འོག་མིན་གྱི་ཞིང་དང་། བཅུད་རྣམ་པར་དག་པ་རྒྱལ་བའི་དཀྱིལ་འཁོར། རྒྱུད་རྣམ་པར་དག་པ་ཡེ་ཤེས་ཀྱི་རང་བཞིན་དུ་ལྟ་བའི་རྣལ་འབྱོར་རྣམས་བསྟན་ནི་རེད། ཀུན་མཁྱེན་ཆེན་པོས་བཞེད་པ་ལྟར་ན་དབྱིངས་དེ་བཞིན་ཉིད་ལ་སྦྱར་ཚུལ་ཞིག་དང་། བསྐྱེད་རིམ་དང་སྦྱར་ཚུལ་ཞིག རྫོགས་རིམ་དང་སྦྱར་ཚུལ་ཞིག ཟུང་འཇུག་དང་སྦྱར་བའི་གསུངས་ཚུལ་གྱི་དབྱེ་བ་ཡོད་ན་ཡང་། དོན་གྱི་བབས་སོ་གཅིག་རེད། དག་པ་གསུམ་དང་མཉམ་པ་བཞི་ཞེས་པའི་མཉམ་པ་བཞི་ནི། མཉམ་གཉིས་ལྷག་པའི་མཉམ་གཉིས་ཞེས་གོང་དུ་རྩ་རྒྱུད་ལས་གསུངས་མ་ཐག་པ་ལྟར། སྣང་བཏགས་ཀྱི་ཆོས་འདི་ཐམས་ཅད་དོན་དམ་དུ་རང་བཞིན་མེད་མཉམ། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་མཉམ་པ་ཐུན་མོང་གི་མཉམ་གཉིས་དང་། སྣང་བ་ལྷ་དང་དཀྱིལ་འཁོར་དུ་མཉམ་པས་ལྷག་པ་དང་ནི། ཡུལ་ཅན་ཡེ་ཤེས་བདེ་ཆེན་དུ་མཉམ་པས་ལྷག་པ་སྟེ་ལྷག་པའི་མཉམ་གཉིས་དེ་ཐུན་མིན་གྱི་གནད་རེད། སྣང་བ་ལྷ་རུ་སྒྲུབ་པ་དེ་ཡང་ཆོས་ཐམས་ཅད་ཀྱི་སྣང་གཞི་མཐར་ཐུག་པ། གནས་ལུགས་རང་བྱུང་ཡེ་དག་གི་དབྱིངས་དེ་དང་། དེའི་སྣང་ཆ་སེམས་ཉིད་འོད་གསལ་བའི་ཡེ་ཤེས་དེ་གཉིས། ཡེ་གྲོལ་འདུས་མ་བྱས་པའི་མཚན་ཉིད་དུ་གྲུབ་སོང་བ་དེའི་ཕན། སྣང་བ་འདི་ཁ་དོག་སྣ་ཚོགས་པའི་ལྷ་ཁྲ་ཁྲ་ཤིག་ཤིག་ཞིག་ཏུ་སྒྲུབ་དགོས་པའི་གུ་དོག་མི་དགོས་པ་རེད། དེ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རེད། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱི་ཐོག་ནས་བསམ་པར་བྱས་ན། ལམ་གྱི་ངོ་བོ་ནི་རྒྱུད་རང་གཞུང་ལས། ཤེས་འཇུག་མཚན་ཉིད་སྦྱོར་བའི་གཟུང་། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། ནུས་མཐུ་ཅན་དུ་གང་གྱུར་བ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་ལྟར། གཞི་རྒྱུད་དོན་གྱི་ལྟ་བ་ཇི་བཞིན་པར་ཤེས་པའི་ཐོག་ནས། ཚུལ་འདི་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱེད་པས་ན་ལམ་དང། ཐབས་སམ་ལམ་འདི་རྒྱུན་ཆགས་སུ་འབྱུང་བས་ན་རྒྱུད་ཅེས་གསུངས་ཤིང་ལམ་རྒྱུད་ཡིན་པར་དེ་ལྟར་གྲུབ་པ་རེད། སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་འདི་ལུང་ཐམས་ཅད་ཀྱི་སྤྱི་ཡིན་ནི་རེད། དེའི་ཚུལ་ནི་སྤྱིར་ཐེག་རིམ་དགུར་དབྱེ་བའི་ལམ་ཐམས་ཅད་ཀྱི་སྤྱི་ཡིན་པ་དང་། བྱེ་བྲག་སྔགས་བླ་མེད་ཀྱི་ལམ་གནད། ངོ་བོའི་ཆ་ནས་བསྐྱེད་རྫོགས་གཉིས། ཉམས་སུ་ལེན་ཚུལ་གྱི་ཆ་ནས་ཐབས་གྲོལ་གཉིས་པོ་དེ་བཤད་པས་ན་ལམ་གྱི་དངོས་པོ་ཐམས་ཅད་དངོས་པོ་ལ་ཁྱབ་པའི་ལུང་གི་སྤྱི་ཡིན་ནི་རེད། བསྐྱེད་རྫོགས་ཀྱི་ཐད་འདི་ནས་བསྐྱེད་རིམ་འདི་ལྟ་བ་དང་རྗེས་སུ་མཐུན་པར་དག་མཉམ་གྱི་ཚུལ་ལ་བློ་བཅོས་ཤིང་གོམ་པས་འཇུག་པ་ཞིག་རེད། སྤྱིར་བཤད་ན་བསྐྱེད་རིམ་འདི་རྗེས་སུ་དཔག་པའི་རྣལ་འབྱོར་དང་བཅོས་མའི་ལམ་ཞེས་གསུངས་དུས་ཀྱང་ཡོད་པ་རེད་། ཡིན་ན་ཡང་འདིའི་སྐབས་མོས་སྒོམ་དང་ངེས་རྫོགས་གང་ཡིན་རུང་། མོས་པ་ལམ་བྱེད་ཀྱི་བསྐྱེད་རིམ་སྤྱིར་བཏང་བ་དང་མི་འདྲ་བ་རེད། གང་ནས་མི་འདྲ་ན་འདིའི་མོས་སྒོམ་ནི་ཏིང་འཛིན་སྔ་མ་སྔ་མའི་གསལ་བརྟན་གྱི་ཚད་མ་རྫོགས་ཀྱི་བར། ཕྱི་མ་མི་སྒོམ་པར་སྒུག་འདུག་པ་དེ་འདྲ་མ་ཡིན་པར། དང་པོ་ནས་ལྷའི་དོན་གྱི་རྣམ་པ་ཤར་སྒོམ་ལ་འཇུག་པ་དང། ངེས་རྫོགས་ནི་འཆི་བ་དང་། སྐྱེ་བ་དང་། བར་དོ་སོགས་སྲིད་པ་རིམ་གྱིས་སྨིན་ཚུལ་དང་མཐུན་པར། སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་སྟེ་རྣལ་འབྱོར་ལྔའི་རིམ་པ་ལ་རིམ་བཞིན་འཇུག་པ་ཞིག་ཡིན་པ་རེེད།

འདིའི་ཐད་ཞིབ་པར་བཤད་ཁུལ་བྱས་ན། འཆི་བ་ཆོས་སྐུར་དག་བྱེད་སྟོང་པ་ཆེན་པོའི་རྣལ་འབྱོར་རེད། དེ་ཇི་ལྟར་ཡིན་ན་ལུས་ཅན་ཐམས་ཅད་འཆི་དགོས་ནི་རེད། ཤི་བའི་སྐབས་སྙིང་ཁའི་རྩ་མདུད་ཐམས་ཅད་གྲོལ་ཏེ་རླུང་ཐམས་ཅད་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པ་ན། སྣང་གསུམ་འོད་གསལ་དང་བཅས་པ་ཤར་བ་ལ། གཞི་དུས་ཀྱི་སྟོང་པ་ཆེན་པོ་དང་རྣམ་པ་མཐུན་པས་ན། དེའི་ཉམས་ལེན་དེ་ཉིད་ལམ་དུ་བྱས་ནས་རང་བཞིན་མ་བཅོས་པ་ཡེ་ཤེས་ཆེན་པོའི་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་ལ་སྟོང་ཆེན་ནམ་མཁའི་རྣལ་འབྱོར་ཟེར་བ་རེད། བར་དོ་ལོངས་སྐུར་དག་བྱེད་སྙིང་རྗེ་སྒྱུ་མའི་རྣལ་འབྱོར། འཆི་སྲིད་ཆོས་སྐུའི་འོད་གསལ་ཤར་མ་ཐག་ཏུ་བར་སྲིད་རླུང་སེམས་ཙམ་ལས་གྲུབ་པའི་དབང་པོ་ཀུན་ཚངས་ཀྱི་ཡིད་ལུས་སྣང་བ་རེད། དེ་གཞི་དུས་ཀྱི་སྙིང་རྗེ་སྒྱུ་མ་དང་རྣམ་པ་མཐུན་པས་ན། དེ་ཉིད་ལམ་དུ་བྱས་ཏེ་སྟོང་པ་ཆེན་པོའི་ཡེ་ཤེས་མ་རྟོགས་པའི་སེམས་ཅན་ལ། དམིགས་པ་ཚད་མེད་པའི་སྙིང་རྗེས་སྐུལ་ཏེ། སྒྱུ་མ་ཆུ་ཟླ་ལྟ་བུའི་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུར་ལྡང་སྟེ་གཞན་དོན་དུ་ཡིད་ཕྱོགས་པ་དང་ནི། སྐྱེ་བ་སྤྲུལ་སྐུར་སྦྱོང་བྱེད་ཕྱག་རྒྱའི་རྣལ་འབྱོར་དེ། སྦྱོང་བྱ་བར་སྲིད་ནས་ཚེ་ཕྱི་མའི་འཇིག་རྟེན་དུ་སྐྱེས་ཏེ་ལུས་རགས་པ་བཟུང་བའི་སྐབས་ཡིན་པས་ན། བཙས་ནས་རིགས་ཀྱི་བྱ་བ་ལ་དབང་སྒྱུར་བའི་བར་སོགས་སྦྱང་བྱ། སྦྱོང་བྱེད་གཉེན་པོའི་རིམ་པ་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་གསུམ་པོ་རིམ་བཞིན། ཕྱག་རྒྱ་གཅིག་པས་ཕྲ་བ་ཡིག་འབྲུ་ལ་བསླབ་པ་དང་ནི་རགས་པ་ལྷ་སྐུ་ལ་བསླབ་པ་གཉིས་ཀ ཕྱག་རྒྱ་སྤྲོས་བཅས་ཀྱིས་དཀྱིལ་འཁོར་དང་ཚོམ་བུ་གྲངས་དང་ཞལ་ཕྱག་གི་སྤྲོ་བསྡུ་ལ་བསླབ། ཚོམ་བུ་ཚོགས་སྒྲུབ་ལ་ཕུན་སུམ་ཚོགས་པ་ལྔ་ཡིས་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞི་ཡིས་གཞུང་བསྲིང་། འབྲས་བུ་རིག་འཛིན་བཞིའི་ས་འཐོབ་པའི་དུས་བསྟན་པ་རྣམས་རིམ་བཞིན་འབྱུང་བ་རེད། དེ་ལྟའི་རྣལ་འབྱོར་ལྔའི་རིམ་པས་བསྐྱེད་རིམ་དག་རྫོགས་སྨིན་གསུམ་ཚངས་བར་བྱེད་ཚུལ་ཇི་ལྟར་ཡིན་ན། མར་འཁོར་བའི་བག་ཆགས་དག ཡར་མྱང་འདས་ཀྱི་འབྲས་བུ་རྫོགས། དེ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ། མདོར་ན་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་དུས་བསྐྱེད་རིམ་ཐམས་ཅད་མཐར་ཕྱིན་ནས། སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་དུ་འགྱུར་ནི་རེད། སྤྱིར་བཤད་ན་བསྐྱེད་རིམ་རྐྱང་བ་ཞིག་གི་ལམ་ནས་ཇི་ལྟར་རྩལ་རྫོགས་ཀྱང་འདས་ལམ་མངོན་དུ་བྱ་ནུས་ནི་མ་རེད། མིན་ན་ཡང་རྫོགས་རིམ་ངང་གིས་དྲངས་པའི་མཐུ་ལས་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་མཐར་ཕྱིན་ནས་བདེན་པ་མཐོང་ཆོག་རྒྱུ་དང་ནི། མ་བཅོས་སོར་བཞག་གི་རྫོགས་རིམ་ལ་འདི་ལྟའི་བསྐྱེད་རིམ་ལ་བརྟེན་ནས་ཚེགས་མེད་པར་འཇུག་ནུས་གསུངས་པ་རེད། དེ་དག་ནི་བསྐྱེད་རིམ་གྱི་བཤད་པ་རེད། རྫོགས་རིམ་དེ་ཇི་འདྲ་ཞིག་ཡིན་ན། ཐབས་ཀྱི་མན་ངག་ཟབ་མོ་ལ་བརྟེན་ཏེ། གཞི་རྒྱུད་དག་མཉམ་ཆེན་པོ་རང་གནས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་མངོན་དུ་གྱུར་བྱེད་ཞིག་ཡིན་ན། སྤྱི་བཤད་བྱས་ན་རྩ་རླུང་ཐིག་ལེ་སོ་སོ་ལ་བརྟེན་པའི་རྫོགས་རིམ་གྱི་རྣམ་བཞག་མང་པོ་ཡོད་ཀྱང་། ཉམས་སུ་ལེན་ལུགས་དང་ཉམས་སུ་ལེན་བྱའི་ངོས་ནས་དབྱེ་བ་ཞིག་ཕྱེས་ན་ཆོག་ནི་རེད། ཉམས་སུ་ལེན་ལུགས་ཀྱི་ངོས་ནས་རྩོལ་བ་ཅན་མཚན་བཅས་དང་། རྩོལ་བ་མེད་པ་མཚན་མེད་ཀྱི་རྣལ་འབྱོར་གཉིས་ཀྱི་ནང་དུ་འདུ་བ་དང་། ཉམས་སུ་ལེན་བྱའི་ངོས་ནས་བསམ་ན་སྟོང་པའི་ཡེ་ཤེས་འོད་གསལ་དང་ནི་སྣང་བའི་ཡེ་ཤེས་སྒྱུ་ལུས། དེ་གཉིས་ཐ་མི་དད་པ་ཟུང་འཇུག་ཡེ་ཤེས་དང་གསུམ་དུ་འདུས་ནི་རེད། གང་ལྟར་ཡང་རྫོགས་རིམ་ཐམས་ཅད་ལས་རླུང་དབུ་མར་ཐིམ་སྟེ་དག་པའི་ཡེ་ཤེས་མངོན་དུ་འཆར་བ་ལ་མཐར་ཐུག་གི་གནད་ཐམས་ཅད་གཅིག་ནི་རེད། ངོ་བོའི་ཆ་ནས་བསྐྱེད་རྫོགས་གཉིས་དེ་ལམ་ཉམས་སུ་ལེན་ཚུལ་གྱི་ཐོག་ནས་ཐབས་གྲོལ་གཉིས་སུ་བཤད་པ་རེད། ཐབས་གྲོལ་གཉིས་ཞེས་པ་ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ་ཞེས་གསུངས་ནི་རེད། ཐབས་ལམ་ཞེས་པ་མཀྵི་ཀའི་སྦྱོར་བས་ཡུད་ཙམ་ཞིག་ལ་ལྕགས་མང་པོ་ཞིག་གསེར་དུ་བསྒྱུར་ནི་འདྲ་ཞིག་ཡིན་གསུངས་ནི་རེད། ཀུན་རྟོག་ལས་རླུང་གི་བཞོན་པ་དང་བཅས་པ་ཞུ་བདེ་འགྱུར་མེད་ཀྱི་ཡེ་ཤེས་ཀྱིས་བདེ་སྟོང་དྷུ་ཏིའི་དབྱིངས་སུ་བསྟིམ་བཏང་བ་ན། རྩ་ཡི་འགྲོས་དག་འཁོར་ལོ་བཞིའི་རླུང་སེམས་ལས་སུ་རུང་བས་དབུ་མའི་རྩ་མདུད་གྲོལ་རིམ་བཞིན། སྣང་མཆེད་འཕོ་བའི་བག་ཆགས་ཐམས་ཅད་ལོག་སྟེ་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་ནི་རེད། གྲོལ་ལམ་ཞེས་པ་རིན་པོ་ཆེ་ཀོ་སྟུ་བྷ་དང་ལྷན་གཅིག་ཏུ་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་དཔེར་བཞག་སྟེ། དབང་རབ་གཅིག་ཆར་པ་དང་། དབང་བརྟུལ་རིམ་གྱིས་པ་རང་རང་གི་ལམ་གྱི་འཇུག་ཕྱོགས་ལ་བརྟེན་ཏེ། ཏིང་ངེ་འཛིན་གྱི་རྩལ་འབྱོང་བའི་མཉམ་བཞག་དང་རྗེས་ཐོབ་ཀྱི་རྣལ་འབྱོར་ལ་བརྟེན་ནས། ཐ་མལ་གྱི་འཁྲུལ་རྟོག་ཐམས་ཅད་རང་དག་དང་རང་གྲོལ་དུ་འགྱུར་བ་རེད། དེའི་དུས་སུ་ཀུན་རྟོག་གི་སེམས་གྲོལ་བ་དང་མཉམ་དུ་རླུང་ཁམས་ཀྱི་འཕོ་བ་ཡང་ཡེ་ཤེས་སུ་མཉམ་དུ་གྲོལ་བ་ཆོས་ཉིད་ཡིན་ནི་རེད། དེ་ལྟར་ཡིན་པ་དེས་ན་གཟུང་འཛིན་འཁྲུལ་བའི་ཀུན་རྟོག་ཐམས་ཅད། རང་ཞི་རང་གྲོལ་ལ་སོང་ནས་མི་སློབ་པའི་འབྲས་བུ་མངོན་དུ་བྱེད་ཐུབ་པ་རེད། ད་ཐབས་ལམ་དང་གྲོལ་ལམ་དེ་གཉིས་ཀ་ཡང་། ཐབས་ཤེས་ཀྱི་བྱེད་པ་གཙོ་ཆེ་ཆུང་གིས་དེ་ལྟར་བཞག་པ་རེད་མ་གཏོགས། གཅིག་ཤོས་ལ་གཅིག་ཤོས་ཀྱི་གནད་མེད་པ་དེ་འདྲ་མ་རེད། དེ་སྔར་ནས་བཤད་ཡོད། རྒྱུད་འདིར་ནི་མཚན་བཅས་ཀྱི་རྫོགས་རིམ་ཕྲ་ཐིག་དང་། ཐབས་ལམ་རིམ་གཅིག་ཆར་གཉིས་དང་ནི། མཚན་མེད་འོད་གསལ་རྫོགས་པ་ཆེན་པོའི་གདམས་ངག་བསྟན་ནི་རེད། དེ་ཡན་ཆད་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གཉིས་བཤད་ནི་རེད། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་ཞེས་པའི་རིག་འཛིན་བཞི་དེ་གང་ཡིན་ན། རྣམ་སྨིན་རིག་འཛིན་དང་གཅིག ཚེ་དབང་རིག་འཛིན་དང་གཉིས། ཕྱག་ཆེན་རིག་འཛིན་དང་གསུམ། ལྷུན་གྲུབ་རིག་འཛིན་དང་བཞི་རེད། དེ་དག་གི་མིང་དང་གྲངས་ཀྱི་ཐོག་ནས་ཐམས་ཅད་དགོངས་པ་མཐུན་ནི་རེད། ཡིན་ན་ཡང་རིག་འཛིན་བཞི་འདིའི་ས་མཚམས་ཀྱི་ཐད་ནས་བཀའ་སྡེ་ཟུར་པ་དང་། ཀུན་མཁྱེན་བླ་མའི་བར་རྣམ་པའི་ཆ་ནས་བཞེད་ཚུལ་མི་འདྲ་བ་རེ་ཡོད་ཀྱང་། དོན་ངོ་བོའི་ཐོག་ནས་འགལ་བ་མེད་པར་སྒྲུབ་ཐུབ་ནི་རེད། འདི་དང་འདྲ་བར་བསྙེན་སྒྲུབ་ཡན་ལག་བཞི་ཡང་ཁྱབ་ཆེ་ཆུང་དང་། མཚམས་ཚད་དང་དབྱེ་སྡུའི་རྣམ་གྲངས་མང་པོ་བཤད་པ་ལྟ་བུ་རེད། དེ་ཡང་ཀུན་མཁྱེན་ཆེན་པོས་མོས་སྤྱོད་མཐར་ཐུག་ནས་རྣམ་སྨིན་གྱི་ལུས་རྒྱ་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པ་དེ་རྣམ་སྨིན་རིག་འཛིན། སློབ་ལམ་དུ་ཕུང་པོའི་ཟག་པ་ཟད་ཅིང་རྡོ་རྗེའི་ལུས་སུ་གནས་གྱུར་ནས་ཡེ་ཤེས་ཀྱི་གཟིགས་པ་དང་ལྡན་པ་དེ་ཚེ་དབང་རིག་འཛིན། སློབ་ལམ་ཁྱད་པར་བ་སངས་རྒྱས་དང་མཛད་པ་ཆ་འདྲ་བ། མཐར་འབྲས་དངོས་འཐོབ་མ་རག་པ་དེ་ཕྱག་ཆེན་རིག་འཛིན། སྤངས་རྟོགས་མཐར་ཕྱིན་མི་སློབ་ལམ་མངོན་དུ་གྱུར་བ་ལྷུན་གྲུབ་རིག་འཛིན་ཞེས་དེ་ལྟར་བཞེད། བཀའ་སྡེ་ཟུར་པ་ཚང་གིས་རིག་འཛིན་བཞི་ཀ་སློབ་ལམ་གྱིས་བསྡུས་པར་བཞེད་པ་རེད། ཡིན་ན་ཡང་རྫོགས་ཆེན་སྣང་བཞིའི་ཆོས་ཟད་བཤད་པའི་སྐབས། སྐུ་གསུམ་ལམ་སྣང་གི་རྣམ་བཞག་བཤད་པའི་སྐབས་དང་། ཟབ་པ་མཐར་ཐུག་ནང་དབྱིངས་སུ་འཁྱིལ་བའི་སྐབས་ཀྱི་བཤད་ཚུལ་གཉིས་མི་འདྲ་བས་ཆོས་ཟད་གཅིག་ལ་ཡང་གོ་བ་ལེན་སྟངས་ཐ་དད་ཡོད་པ་ལྟར། མཐར་ཕྱིན་ཞུགས་པ་ཡོངས་སུ་རྫོགས་དང་མ་རྫོགས་ཀྱི་ཁྱད་པར་ཡོད་རྒྱུ། མདོ་སྔགས་སྤྱིའི་གོ་དོན་དང་སྦྱར་ཡང་དགོངས་པ་གནད་གཅིག་ཏུ་བསྡུ་ཐུབ་ནི་རེད། དེས་གཞི་རྒྱུད་དང་ལམ་རྒྱུད་ཀྱི་སྤྱི་ཆིངས་ཙམ་བཤད་ཟིན་པ་རེད། ད་གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད་ཅེས་གསུངས་ནི་རེད། ད་དུང་འབྲས་བུའི་ངོ་བོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། ལྔ་ལྔ་འབྲས་ཆོས་ཉེར་ལྔའི་བདག་ཉིད་ཅན་ཞིག་ཡིན་པར་གསུངས་ཡོད་ནི་རེད་མོད། ཕར་རྒྱས་པར་དབྱེ་ན་ཤེས་བྱའི་རྣམ་པ་ཐམས་ཅད་དང་མཚུངས་པའི་ཆོས་ཀྱི་དབྱིངས་ཀུན་འགེངས་པའི་ཡོན་ཏན་ཚད་མེད་དཔག་མེད་དང་ལྡན་པ་ཡིན་ནི་རེད། ཚུར་བསྡུ་ན་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ་དུ་བསྡུ་ཆོག་ལ། དེ་ཡང་ཚུར་བསྡུ་ན་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོར་བསྡུ་ཆོག་པ་རེད། དེ་ཡིན་པས་ན་སྐུ་དང་ཡེ་ཤེས་ཕྲིན་ལས་ཀྱི་ཐོག་ནས་བཤད་ན་དེ་ཡང་རྟེན་སྐུ་ཟེར་བ་དེ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་རེད། དེ་རྣམས་ནི་དེ་ཁོ་ན་ཉིད་ལ་ཤིན་ཏུ་མཉམ་པར་བཞག་པའི་ཆོས་དང་དེའི་ཆོས་ཉིད་སྒྲིབ་པ་ཀུན་བྲལ་གྱི་ཆ་དེ་ཆོས་སྐུ་དང་། ཆོས་སྐུའི་ངང་དེ་ལས་མ་གཡོས་བཞིན་དུ་འོག་མིན་གྱི་ཞིང་དུ་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་སྣང་བ་ལོངས་སྐུ། དེ་ལས་ངེས་པ་ལྔ་དང་མི་ལྡན་པའི་སྣང་ཚུལ། གདུལ་བྱ་དག་དང་མ་དག་པའི་སྣང་ངོར་གཟུགས་སྐུ་རགས་པར་སྣང་བ་དེ་སྤྲུལ་སྐུ། དེ་དག་སྐུ་གསུམ་རེད། ད་དུང་ནང་གསལ་ཆོས་སྐུའི་ལྡོག་ཆ་ནས་གསུམ་དུ་ཕྱེས་པའི་སངས་རྒྱས་སྐུ་ལྔ་ཞེས་པའི་གསུངས་ཚུལ་ཡང་ཡོད་ནི་རེད། རྟེན་སྐུ་བརྟེན་པ་ཡེ་ཤེས་ཞེས་སྨྲས་པའི་བརྟེན་པ་ཡེ་ཤེས་ཀྱི་ཆ་ནས་ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོགས་བྱ་གྲུབ་ཡེ་ཤེས་དང་ལྔ། དེ་ལ་ཆོས་དབྱིངས་མེ་ལོང་ཞེས་པའི་ཆོས་དབྱིངས་སྤྲོས་མཐའ་ཀུན་བྲལ་དེ་བཞིན་ཉིད་དང་རོ་གཅིག་པ་དེ་ཆོས་དབྱིངས་ཡེ་ཤེས་རེད། ཐ་སྙད་དུ་གཟིགས་པ་མ་འགགས་རྟེན་འབྱུང་གི་ཆོས་ཐམས་ཅད་བཀྲ་ས་ལེར་གཟིགས་པ་དེ་མེ་ལོང་ཡེ་ཤེས། ངོ་བོ་གཅིག་ལ་ལྡོག་ཆའི་ཐོག་ནས་བཤད་གི་ཡོད་པ་རེད། འཁོར་འདས་ཤེས་དང་ཤེས་བྱ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་མཉམ་ཉིད་ཡེ་ཤེས། ད་རེ་རེ་བཞིན་བཤད་མི་དགོས་གི། མཛད་པ་ཕྲིན་ལས་ཀྱི་ཐད་ནས་བཤད་ན། མཐའ་ཡས་སེམས་ཅན་ཐམས་ཅད་ལ་ཕྱོགས་དང་རིས་སུ་ཆད་པ་མེད་པར། ནམ་མཁའ་ཇི་སྲིད་བར་དུ་རྟག་ཅིང་ཁྱབ་པའི་ཕྲིན་ལས་གང་ལ་གང་འོས་སུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་ནི་རེད། འདི་བཤད་པའི་སྐབས་གཡུང་སྟོན་རྡོ་རྗེ་དཔལ་ལ་སོགས་པ་སྔོན་བྱོན་འགའ་རེས། མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཡོད་པ་གསུངས་ནི་རེད། འདི་གསུངས་ལུགས་ཡིག་ཆ་ཚོའི་ནང་ན། ཕར་ཕྱིན་ཐེག་པའི་ལམ་གྱི་འབྲས་བུ་མཐར་ཐུག་གི་སངས་རྒྱས་ལས། ཐེག་པ་འདི་ནས་བསྟན་པའི་སངས་རྒྱས་ཁྱད་ཆོས་མང་པོས་ཆེ་བར་གསུངས་པ་དེ། བདག་རང་གི་བློར་གོ་བ་ལེན་བདེ་བའི་ཆེད་ཕར་ཕྱིན་ཐེག་པའི་ལམ་གྱི་འབྲས་བུ་མཐར་ཐུག་གི་སངས་རྒྱས་ཞེས་མི་བརྗོད་པར། ཕར་ཕྱིན་ཐེག་པའི་ལམ་ནས་བཤད་པའི་ལམ་གྱི་འབྲས་བུ་བཤད་པ་ཞེས་པའི་ཚིག་གཉིས་ཞིག་ཟུར་མཆན་གྱི་ཚུལ་དུ་བསྣན་ན་རང་གིས་གོ་བ་ལེན་བདེ་ནི་འདྲ་ཞིག་ཡོང་གི། མདོར་ན་སྔགས་ནི་མདོའི་སྦས་དོན་རེད་ཡིན་ན། མདོ་དང་བསྟན་བཅོས་ཚོའི་ནང་ན་ཡང་ཟབ་པ་དང་རྒྱ་ཆེ་བའི་ལྟ་བ་རྒྱ་ཆེ་ཆུང་ཡོད་ནི་རེད། སྔགས་རྒྱུད་ལ་ཡང་དཔེ་དེ་དང་དེ་བཞིན་དུ། ཐེག་རིམ་གོང་འོག་གི་ཡང་འབྱེད་དང་སྔགས་ཕྱི་ནང་གི་དབྱེ་བ་ཡོད་པ། གདུལ་བྱའི་བློ་རིམ་དང་བསྟུན་ཏེ་གསུངས་པ་ཡིན་པ་འདིའི་དབང་གི་ལོ་རྒྱུས་སོགས་ན་ཞིབ་ཏུ་གསུངས་པ་ལྟར་རེད། དེ་ལྟར་གསུངས་དགོས་པས་ན་མཐའ་དྲུག་ཚུལ་བཞིའི་མན་ངག་གི་ལྡེ་མིག་ལ་བརྟེན་པ་རེད། འདི་བཤད་དུས་མདོ་སྔགས་གཉིས་ལ་ཁྱད་པར་མེད་ན། མདོ་མ་གཏོགས་སྔགས་རྒྱུད་བསྟན་མི་དགོས་པ་དང་། ཁྱད་པར་ཡོད་ན་མདོ་ལམ་བསྟན་པ་དགོས་མེད་ཡིན་ནམ་སྙམ་རྒྱུ་ཅན་ཞིག་ཡིན་ནི་རེད། དེས་ན་རྒྱལ་བ་ཀློང་ཆེན་པ་དང་རོགས་བདེ་གཤེགས་ཤེས་རབ་སོགས་ཀྱི་དགོངས་པ་དང་མཐུན་པར། མདོ་ལམ་ནས་ཟབ་རྒྱས་སུ་མ་བསྟན་པའི་སྦས་དོན་མངོན་རྟོགས་མཐར་ཐུག སྔགས་དང་དགོངས་པ་གཅིག་པས་མངོན་དུ་བྱས་ཏེ། ཡོན་ཏན་ཀུན་ལྡན་སྐྱོན་ཀུན་ཟད་ཀྱི་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པ་རེད་ཅེས་བཤད་ན། བཤད་མི་བདེ་བ་མེད་པར་མན་ངག་ལེགས་བཤད་དུ་འཛིན་གི་ཡོད། སྔགས་ལ་བརྟེན་ནས་མྱུར་དུ་འཚང་རྒྱ་བ་དང་། སྔགས་ཀྱི་བསྟན་དོན་རིང་མོ་ཞིག་ནས་རྟོགས་པ་གཉིས། གཉིས་སུ་ཕྱེས་ཀྱང་གནད་མི་འགལ་དགོངས་པ་གཅིག་ཏུ་དེ་ལྟར་འབབ་གི་ཡོད་ནི་རེད། འོ་ན་མདོ་ལས་སྔགས་འཕགས་ན་འཕགས་པའི་ཁྱད་ཆོས་དེ་ཅི་ལྟར་འཇོག་སྙམ་ན། ཐབས་མང་དཀའ་བ་མེད་པ་ལ་སོགས་པ་སྤྱིའི་བཤད་སྟངས་ལྟར་འཕགས་ནི་རེད་མོད། བྱེ་བྲག་ཏུ་རང་རེའི་ཆོས་བརྒྱུད་ཀྱི་བཞེད་པ་ལྟར་ན། མཉམ་བཞག་ཏུ་གསལ་སྣང་འཐོབ་ཚུལ་དང་། རྗེས་ཐོབ་ཏུ་ངེས་པ་སྐྱེ་ཚུལ་གཉིས་ཀྱིས་འཕགས་གསུངས་ནི་རེད། སྔགས་བླ་མེད་ཀྱི་གཞུང་ནས་ལམ་ལྔ་ཇི་ལྟར་བགྲོད་ཚུལ་དང་། རྒྱུའི་ས་བཅུའི་ཐ་སྙད་དུ་མ་གཏོགས་པའི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སོགས་དང་། ད་དུང་དེས་མི་ཚད་པར་བཅུ་དྲུག་ཡེ་ཤེས་བླ་མའི་སའི་བར་དུ་གསུངས་ཚུལ་ཡོད་ནི་རེད། རིག་འཛིན་བཞིའི་འགྱུར་རྩི་ཚུལ་གྱི་ཁྱད་པར་ལ་སོགས་པ་ཞིབ་པར་སྨྲོས་ཀྱིས་མི་ལོང་པ་ཡོད་ནི་རེད་མོད། དེ་ཐམས་ཅད་ཀྱང་། ནང་གསལ་ཡེ་ཤེས་ཀྱི་ལྡོག་ཆ་ནས་ཕྱེས་པ་ཙམ་རེད། དེ་ལྟར་ཡིན་པས་ན། རྒྱུད་གསུམ་གྱི་རྣམ་བཞག་གི་ཐད་ནས་འདི་ལ་འབྲས་བུའི་རྒྱུད་ཞེས་གསུངས་དོན་དེ། ཐར་བ་བྱང་ཆུབ་ཀྱི་གོ་འཕངས་སྒྲུབ་པའི་གང་ཟག་གིས་དོན་དུ་གཉེར་བྱ་མཐར་ཐུག་ཡིན་པ་དང་། གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་འཆིང་གྲོལ་མེད་པའི་གནས་ལུགས། སྣང་ཚུལ་གློ་བུར་འཁྲུལ་བའི་དྲི་མ་ལམ་གྱིས་བསལ་སྟོབས་ཀྱིས་མངོན་དུ་གྱུར་བས་ན་འབྲས་བུ་དང་། དེ་ཉིད་ནམ་ཡང་རྒྱུན་ཆད་མེད་པས་ན་རྒྱུད་ཅེས་གསུངས་པ་རེད། རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བའི་འབྲས་བུ་ཡོངས་ཤེས་རྒྱུད་དོན་གྱི་ཐད་ནས། སྨིན་གྲོལ་གཉིས་ཀྱི་གོ་བ་ཆགས་པའི་ཆེད་དུ་རྒྱུད་གསུམ་གྱི་རྣམ་བཞག་སྤྱི་དོན་རགས་རིམ་ཞིག་ཞུས་པ་རེད། ད་དེ་ནས་ལམ་རྒྱུད་བྱེ་བྲག་ཏུ་བཤད་པ་རྒྱུད་ཀྱི་དངོས་པོ་བཅུའམ་བཅུ་གཅིག་ཅེས་གསུངས་པ་དག་གང་ཡིན་ན། ལྟ་བ་ཏིང་འཛིན་སྤྱོད་པ་གསུམ། དཀྱིལ་འཁོར་དབང་དང་དམ་ཚིག་གསུམ་བསྣན་པས་དྲུག སྒྲུབ་པ་མཆོད་པ་ཕྲིན་ལས་གསུམ་སྟེ་དགུ། དེའི་སྟེང་སྔགས་དང་ཕྱག་རྒྱ་གཉིས་གཅིག་ཏུ་བརྩིས་ན་བཅུ་དང་། སོ་སོར་ཕྱེས་ན་རྒྱུད་ཀྱི་དངོས་པོ་བཅུ་གཅིག་རེད། དེ་དག་དབྱེ་སྒོ་རྒྱས་པའི་ལུགས་ལྟར་རེད། སྐབས་དོན་སྨིན་བྱེད་དབང་བསྐུར་གྱི་བྱ་བ་ཆེད་དུ་འཛིན་པའི་དུས་འདིར། དེ་དག་གཅིག་ལ་གཅིག་འབྲེལ་ཡིན་ནི་རེད། དེ་ཡང་དབང་ཆོག་རང་གཞུང་ནས་ཀྱང་འབྱུང་ན་ཡང་། རྒྱུད་ཀྱི་དངོས་པོ་བཅུའམ་གསང་སྔགས་བསླབ་པའི་མཐའ་བཅུ་བོ་འདི། ཕར་ཕྱིན་བཅུ་དང་འབྲེལ་ཞིང་ཕར་ཕྱིན་བཅུའི་ངོ་བོ་ཅན་ཞིག་ཡིན་པ་བསྟན་ཡོད་ནི་རེད། ཕར་ཕྱིན་བཅུའི་ངོ་བོ་ཇི་ལྟར་ཡིན་ན། ལྟ་བ་ཤེས་རབ་ཀྱི་ཕར་ཕྱིན་རེད། ཏིང་ངེ་འཛིན་བསམ་གཏན་གྱི་ཕར་ཕྱིན་རེད། སྤྱོད་པ་བཟོད་པའི་ཕར་ཕྱིན་རེད། དཀྱིལ་འཁོར་ཡེ་ཤེས་ཀྱི་ཕར་ཕྱིན་རེད། དབང་སྟོབས་ཀྱི་ཕར་ཕྱིན། དམ་ཚིག་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རེད། སྒྲུབ་པ་བརྩོན་འགྲུས་ཀྱི་ཕར་ཕྱིན། མཆོད་པ་སྦྱིན་པའི་ཕར་ཕྱིན། ཕྲིན་ལས་སྨོན་ལམ་གྱི་ཕར་ཕྱིན་རེད། ཕྲིན་ལས་འབད་མེད་དུ་འགྲུབ་པ་ཡང་སྨོན་ལས་ཀྱི་སྟོབས་ལས་འགྲུབ་པ་ཡིན་པས་ན་ཕྲིན་ལས་སྨོན་ལམ་གྱི་ཕར་ཕྱིན་དང་། སྔགས་ཕྱག་རྒྱ་གཉིས་ཐབས་ཁྱད་པར་བ་ཡིན་པས་ན་ཐབས་ཀྱི་ཕར་ཕྱིན་ཏུ་གཏོགས། དེས་ཕར་ཕྱིན་བཅུ་ཚངས་བ་རེད་། ཕར་ཕྱིན་བཅུ་བགྲང་བའི་སྐབས་སྦྱིན་པ་ནས་འགོ་བཟུང་བ་རེད་མོད། ལམ་རྒྱུད་ཀྱི་སྐབས་འདིར་ཐམས་ཅད་ཀྱི་ཐོག་མར་ལྟ་བ་ཤེས་རབ་ཀྱི་ཕར་ཕྱིན་འབྱུང་བ་རེད། དེའི་རྒྱུ་མཚན་རིག་པ་དང་། རྐང་པ་ལྡན་དགོས་པའི་གནད་ཀྱིས་དེ་ལྟར་གསུངས་པ་རེད། མིག་མེད་ཀྱིས་གོམ་པ་དོར་བ་དེ་ལམ་མ་ནོར་བའི་ཕྱོགས་དེད་པར་མི་ངེས་པ་བཞིན་དུ། མིག་དང་འདྲ་བའི་ལྟ་བ་མེད་ན་རིག་པ་དང་རྐང་པ་ལྡན་པའི་སྒོམ་པ་དང་སྤྱོད་པ་མི་འབྱུང་ཞིང་། ལམ་སྒོམ་པ་གཟུགས་བརྙན་དུ་འགྱུར་ཉེན་ཆེ་བས་ན། ལམ་གནད་ཡང་དག་ཟིན་དང་མི་ཟིན་ཡང་དག་དོན་གྱི་ལྟ་བ་ཡོད་མེད་ལ་རགས་ལས་ཡོད་པས་ན། ལྟ་བ་ཤེས་རབ་ཀྱི་ཕར་ཕྱིན་ཐམས་ཅད་ཀྱི་སྔོན་དུ་འབྱུང་བའི་རྒྱུ་མཚན་དེ་རེད། ཏིང་འཛིན་སྒོམ་པ་ལ་མཚོན་ན་ལྟ་བས་ཐག་གཅད་པ་དེ་སྒོམ་པས་ཉམས་སུ་ལེན་དགོས་པས་ན། ལྟ་བ་ཡང་དག་དང་འབྲེལ་ན་སྒོམ་པ་ཕྱིན་ཅི་མ་ལོག་པར་འགྱུར་རྒྱུ། སྤྱོད་པའི་ཐད་ནས་ཡིན་ན་གསང་སྔགས་ཀྱི་སྤྱོད་པ་བླང་དོར་མེད་པ་གསུངས་ནི་རེད། དག་མཉམ་གྱི་ལྟ་བའི་གདིངས་དང་ལྡན་ན། སྤྱོད་པ་དེ་བཞིན་དོན་ཡོད་དུ་འགྱུར་བས་དེ་ལྟ་བ་ཏིང་འཛིན་སྤྱོད་པ་གསུམ་ཡིན་ནི་རེད། དཀྱིལ་འཁོར་དབང་དང་དམ་ཚིག་གསུམ་ལས་དཀྱིལ་འཁོར་ནི། གཞི་འབྲས་དབྱེར་མེད་དེ་ལམ་གཟུགས་བརྙན་གྱི་དཀྱིལ་འཁོར་འདི་ལ་བརྟེན་ནས། ལམ་ལས་འབྲས་དཀྱིལ་མངོན་དུ་འགྱུར་དགོས་པས། གཞི་རྒྱུད་རང་བཞིན་གྱི་དཀྱིལ་འཁོར་ལྟ་བས་གཏན་ལ་ཕེབས་ན་གཞི་ནས་དོན་དང་མཐུན་པ་ཞིག་འབྱུང་ནི་རེད། དབང་ལ་མཚོན་ན་དེ་བས་ཀྱང་བཤད་མི་དགོས་པར་སྒོ་གསུམ་ཆ་མཉམ་དང་བཅས་པ་ཡེ་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་གནས་པ་དེ་ཉིད། དབང་མཆོག་རང་ལ་མེད་གྱུར་ན། །སྐུར་བས་ཐོབ་པ་ག་ལ་འགྱུར། ཞེས་རྒྱུད་ལས་གསུངས་པ་ལྟར། རང་གནས་ཀྱི་ཡེ་ཤེས་ངོ་འཕྲོད་པ་དེ་ལྟ་དོན་མངོན་དུ་གྱུར་ནི་རེད། དེ་བཞིན་དམ་ཚིག་སྒྲུབ་པ་མཆོད་པ་ཕྲིན་ལས་ཕྱག་རྒྱ་དང་སྔགས་ཐམས་ཅད་པོ་ལྟ་བ་ཡང་དག་ལ་ལྟོས་དགོས་པ་རེད། ལྟ་བ་ཡང་དག་ལ་མ་ལྟོས་པར་སྤྱོད་པ་སྒོམ་པ་སོགས་ཡང་དག་པ་ཞིག་འབྱུང་ཐུབ་ནི་མ་རེད། དག་མཉམ་ལྟ་བའི་ཤེས་རབ་ཀྱི་ཕར་ཕྱིན་འདིས་ཕར་ཕྱིན་གཞན་ཐམས་ཅད་ལ་ཁྱབ་ཅིང་དེ་དག་ལ་དབང་བྱེད་པ་ཡིན་ནི་རེད། དེ་ལྟ་བུའི་ལྟ་བ་དེ་ག་འདྲ་ཞིག་ཡིན་ན་གོང་དུ་ལམ་རྒྱུད་བསྟན་པའི་སྐབས་ཞུས་པ་རེད་མོད། སྤྱིར་ལྟ་བ་ཞེས་པ་ནི་གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློ་ཞིག་ལ་འཇོག་དགོས་མོད། འོན་ཀྱང་ཤེས་རབ་ལ་ཁྱད་པར་ཡོད་པ་དེའི་གནད་ཀྱིས། འཇིག་རྟེན་འདས་དང་མ་འདས་ཀྱི་ལྟ་བ་སྣ་ཚོགས་བྱུང་བ་ནི། རྒྱུད་གསང་བ་སྙིང་པོ་རང་གཞུང་ལས་ཀྱང་། མ་རྟོགས་པ་དང་། ལོག་པར་རྟོག་པ། ཕྱོགས་ཙམ་རྟོགས་པ་སོགས་ཀྱི་དབྱེ་བ་གསུངས་ཡོད་པ་ལྟར། འཇིག་རྟེན་ཕལ་བ་ནས་དཔལ་ལྡན་གསང་བ་སྙིང་པོའི་གྲུབ་མཐའི་བར་དུ་བློ་ན་འཕར་ལ། བློ་ཟེར་བ་དེ་ཐུན་མོང་རིག་གནས་ཀྱི་འགྲོ་སྟངས་ལྟར་ན་རིག་པ་བློའི་མཚན་ཉིད་རེད། གང་རིག་པར་བྱ་བ་ཡུལ་ཡིན་ན་བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་ཡིན་པ་དེས་ན། བློ་དོན་མཐུན་མ་འཁྲུལ་པའི་ངེས་ངོར་ཇི་ལྟ་བ་བཞིན་རྟོགས་པ་ཞིག་ལ་ལྟ་བ་ཞེས་འཇོག་དགོས་པ་རེད། ལྟ་བ་ཞེས་པ་གང་གཏན་ལ་དབབ་བྱའི་དོན་དེ་ཉིད་ངེས་བཟུང་གི་རྣམ་པ་ཅན་ཞིག་ལ་འཇོག་དགོས་དུས། མཉམ་རྗེས་གཉིས་ཀྱི་ནང་ནས་རྗེས་ཐོབ། དེ་ཡང་མཉམ་བཞག་ཏུ་གསལ་སྣང་ཐོབ་ཚུལ་ལས་རྗེས་ཐོབ་ཏུ་ངེས་པ་ཤུགས་ཀྱིས་དྲངས་པའི་དོན་གཏན་ལ་དབབ་པ་ཡིན་ན། ད་འདི་ནས་ལྟ་བ་དེ་ཇི་འདྲ་ཞིག་ལ་འཇོག་ཟེར་ན། ལྟ་བ་ཐམས་ཅད་ཀྱི་ཡང་རྩེ་སྣང་སྲིད་དག་མཉམ་ཆེན་པོར་ངེས་པའི་བློ་ལ་འཇོག མཉམ་བཞག་ཏུ་ཆོས་ཉིད་ལ་གསལ་སྣང་ཐོབ་ཏེ། གཟུང་འཛིན་གཉིས་མེད་དག་དང་མ་དག་པ་ལ་སོགས་པའི་སྤྲོས་པ་ཀུན་དང་བྲལ་བའི་ཆོས་དབྱིངས་མཉམ་པ་ཆེན་པོའི་དོན་མངོན་སུམ་དུ་གཟིགས་སོང་བའི་སྟོབས་ཀྱིས། རྗེས་ཐོབ་ཀྱི་ངེས་ངོར་དག་མཉམ་ཆེན་པོའི་དོན་ཇི་བཞིན་རྟོགས་པ་ལ་ལྟ་བ་ཞེས་འཇོག་ནི་རེད། འདི་ལྟར་བཤད་པ་ན་འགའ་རེས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་དང་མེད་ཅེས་དྲིས་ན། མེད་ཅེས་སྨྲས་ན་སྔགས་ལམ་བསྟན་པ་དོན་མེད་དུ་འགྱུར་བ་དང་། ཡོད་ཅེས་སྨྲས་ན་ལྟ་དེ་སྤྲོས་པ་ཅན་དུ་འགྱུར་བ་སོགས་ཀྱི་ལུང་རིགས་འཕེན་རྒྱུ་རེད། ཐུན་མིན་རང་ལུགས་ལ་བཞེད་པ་ག་འདྲ་ཡོད་ཟེར་ན། ཡུལ་གཞལ་བྱ་ཆོས་དབྱིངས་སྤྲོས་བྲལ་དེ་གཏན་ལ་འབེབ་བར་ཁྱད་མེད། ཡོད་ན་ལྟ་དེ་སྤྲོས་བཅས་སུ་འགྱུར་བའི་སྐྱོན་ཡོད། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཅེས་པ་ལྟར་རེད། འོན་ཀྱང་འཇལ་བྱེད་ཡུལ་ཅན་གྱི་བློས་མཐོང་ཚུལ་ལ་ཁྱད་པར་ཡོད། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །གསུངས་པ་ལྟར། ལྟ་བ་དེ་ཡུལ་ཅན་རྗེས་ཐོབ་ཀྱི་ངེས་ངོར་འཇོག་དགོས་པས་ན་ཁྱད་པར་ཤིན་ཏུ་ཆེ་ཟེར་དགོས་པ་རེད། གང་ཡུལ་གཏན་ལ་དབབ་བྱའི་དོན་ཆོས་དབྱིངས་སྤྲོས་བྲལ་མདོ་སྔགས་གང་ནས་བཤད་ཀྱང་གཅིག་ཡིན་པ་རེད། དེ་མིན་ན་མདོ་ནས་བཤད་པའི་མཐོང་ལམ་གྱིས་དེ་བཞིན་ཉིད་མ་མཐོང་པར་ཐལ་བ་དང་། མཐའ་བཞིའི་སྤྲོས་པ་ལས་གཞན་པའི་སྤྲོས་པ་ཞིག་སྔགས་ཀྱིས་བཅད་དུ་ཡོད་པར་གྲུབ་དགོས་ན། དེ་ལྟར་མིན་པར་མདོ་སྔགས་ཀྱི་མཐོང་ལམ་ཆོས་ཉིད་མངོན་སུམ་མཐོང་བ་ལ་གནད་གཅིག་པ་ནི། མཁས་པའི་དཔྱད་པ་དང་གྲུབ་པའི་ཉམས་མྱོང་ཐམས་ཅད་གཞི་གཅིག་ལ་འབབ་ནི་རེད། ཡིན་ན་ཡང་ལྟ་ཡུལ་རྒྱང་རིང་གི་གཟུགས་གཅིག་ཡིན་རུང་། ལྟ་མཁན་མིག་གསལ་དང་མི་གསལ་གྱི་ཁྱད་པར་ལས་མཐོང་བ་ལ་བཟང་ངན་ཡོད་པ་དེ་མཐོང་ཆོས་ཡིན་པ་ལྟར། ཤེས་རབ་ཀྱིས་མ་རྨོང་པ་དང་ཐབས་ཀྱིས་མྱུར་བར་མཐོང་བའི་ཁྱད་པར་གྱིས། མཉམ་བཞག་ཏུ་གསལ་སྣང་ཐོབ་སླ་བ་དང་། རྗེས་ཐོབ་ཏུ་ངེས་པ་བསྐྱེད་ཆེ་རྒྱུ་གཉིས་ཀྱི་སྒོ་ནས་མདོ་ལས་སྔགས་ཀྱི་ལྟ་བ་ཁྱད་པར་དུ་འཕགས་ནི་རེད། དེའི་ཕྱིར་ན་ཀུན་འབྱུང་ལམ་བདེན་དང་། སྡུག་བསྔལ་འགོག་བདེན་གྱི་ངོ་བོར་ཤར་ནས། ཉོན་མོངས་ཡེ་ཤེས་དང་། སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བས། རྒྱུ་འབྲས་དབྱེར་མེད་ཀྱི་ལྟ་བའི་ཐེག་པ་ཡིན་པས་ན། འབྲས་བུའི་ཐེག་པའམ་རྡོ་རྗེའི་ཐེག་པ་ཞེས་པའི་དོན་དང་མཐུན་པའི་མཚན་ཐོག་ནི་རེད། དེ་ལྟ་བུའི་ལྟ་བ་དག་མཉམ་དབྱེར་མེད་དེ་ཇི་ལྟར་གཏན་ལ་ཕབ་ནི་རེད་ཟེར་ན། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་སོགས་ཀྱི་དོན་བཞིན། གོང་དུ་བསྒྲུབས་པ་ལྟར་གྲུབ་པ་ཡིན་པས་ན། དེ་ལྟར་ན་ལྟ་དོན་ཐད་ཀར་ཡིད་དཔྱོད་དང་བྲལ་བར་མངོན་སུམ་མྱོང་བའི་ཚུལ་གྱིས་རྟོགས་པ་དེ། དབང་རྣོན་གཅིག་ཆར་བ་ལ་སྨིན་བྱེད་དབང་གི་དུས་དང་། དབང་རྟུལ་རིམ་གྱིས་པ་ལ་གྲོལ་བྱེད་གནད་ཀྱི་མན་ངག་གི་ཁྲིད་ལ་བརྟེན་དགོས་རྒྱུ་དང་ནི། གང་གྲོལ་བ་དེ་ཡང་སྨིན་པ་སྔོན་སོང་ལ་བརྟེན་དགོས་པས་ན། སྐབས་ཀྱི་དགོས་དོན་དབང་གི་ཐད་འདི་ནས། དབང་གི་ངོ་བོ། དབང་གི་དབྱེ་བ། དབང་དུ་ཇི་ལྟར་གྲུབ་པའི་ཚུལ། དབང་ཐོབ་པའི་དགོས་པ་དང་བཞི་པོ་དེ། དབང་བསྐུར་ཐོབ་བྱེད་པའམ་དེ་འཆད་ཉན་བྱེད་པའི་ཐོག་མཐའ་བར་གསུམ་དུ་མ་ངེས་ཐབས་མེད། ངེས་དགོས་པ་ཞིག་ཡིན་ནི་རེད། དེའི་སྟབས་ཀྱིས་དབང་རང་གཞུང་ཆོག་ཁྲིག་གི་ནང་ནས་བུད་པ་ལྟར། དབང་གི་ངོ་བོ་ནི་སྔགས་ཀྱི་ཆོ་ག་ཟབ་མོ་ལ་བརྟེན་ནས་སློབ་མའི་སྒོ་ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་དེ། ཨ་བྷི་ཥིཉྩའིསྒྲ་དོན་བཞིན་གཏོར་བའམ་འཁྲུད་པར་བྱེད་པ་དང་ནི། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་བཞིར་སྨིན་པར་བྱེད་པའི་ནུས་པ་ཁྱད་པར་ཅན་ཞིག་རྒྱུད་ལ་འཇོག་པའམ་དེ་ཉིད་བླུག་པར་བྱེད་པ། མཚོན་རྣོན་པོ་ལ་ངར་བཏགས་པ་བཞིན་དུ། ནུས་པ་སྐྱེས་པ་དེ་དབང་གི་ངོ་བོ་ཡང་ཡིན་ལ་དབང་ཐོབ་པའི་ཚད་ཀྱང་ཡིན་པ་རེད། དེ་ནས་དབང་གི་དབྱེ་བ་ནི་གཞི་ལམ་འབྲས་གསུམ་ལ་སྦྱར་ན། གཞི་དུས་ཀྱི་སད་རྨི་གཉིད་འཐུག་སྙོམས་འཇུག་བཞིའི་སྒྲིབ་པའམ་དྲི་མ་སེལ་ཞིང་། ཚོགས་སྦྱོར་མཐོང་སྒོམ་སྟེ་ལམ་བཞི་སྒོམ་པ་ལ་དབང་བར་བྱེད་པ་དང་། འབྲས་བུ་སྐུ་གསུམ་ངོ་བོ་ཉིད་སྐུ་དང་བཞི་འཐོབ་པར་བྱེད་པའི་བདག་ཉིད་ཅན་གྱི་བུམ་གསང་ཤེར་ཡེ་ཚིག་དབང་བཅས་བཞི་བོ་དེ་འབྱུང་བ་རེད། དེ་ཡང་རིམ་བཞིན་དུ་ལུས་དང་རྩ་སྤྲུལ་སྐུར་དག་བྱེད་བུམ་དབང་། ངག་དང་རླུང་ལོངས་སྐུར་དག་བྱེད་གསང་བའི་དབང་། ཡིད་དང་ཐིག་ལེ་ཆོས་སྐུར་དག་བྱེད་ཤེར་དབང་། སྒོ་གསུམ་ཆ་མཉམ་དང་བཅས་པ་ངོ་བོ་ཉིད་སྐུར་དག་བྱེད་ཚིག་དབང་རིན་པོ་ཆེ་ཡིན་ནི་རེད། དེ་ལྟའི་བླ་མེད་སྤྱིའི་དབང་བཞི་དང་། བྱེ་བྲག་རྒྱུད་འདིར་བསྟན་གྱི་དབང་ལ་རྣམ་པ་ངོ་བོ་བྱེད་ལས་གསུམ་གྱིས་ཕྱེ་ན། རྣམ་པའི་ཆ་ནས་ཕན་ནུས་ཟབ་མོའི་དབང་གསུམ། ངོ་བོའི་ཆ་ནས་བཤད་ན་ཟབ་དབང་ནུས་དབང་གི་ཁོངས་སུ་བསྡུས་ན་ཕན་ནུས་གཉིས། བྱེད་ལས་ཀྱི་སྒོ་ནས་བཤད་ན་ཟབ་དབང་ལ་གསུམ་དུ་ཕྱེས་ན་དབང་ལྔ། དེ་ལྟར་ན་བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། དང་པོས་ས་བོན་འཇོག་པ་སྟེ། །གཉིས་པས་ནུས་པ་བསྐྱེད་པ་ཡིན། །ལ་སོགས་པས་བསྟན་པ་ཡིན་ལ། དང་པོ་ཕན་པའི་དབང་གིས་རྒྱུད་སྨན་པའི་ས་བོན་འཇོག་པར་བྱེད། གཉིས་པ་ནུས་པའི་དབང་གིས་དེའི་ནུས་པ་ལ་གསོས་བཏབ་ཏེ་སྨིན་པར་བྱེད། གསུམ་པ་ཟབ་དབང་གསུམ་གྱི་དང་པོས་ཉམས་མྱོང་བསྐྱེད། གཉིས་པས་ཉམས་མྱོང་དེ་བརྟན་པར་བྱེད། གསུམ་པས་བརྟན་པ་མཐར་ཕྱིན་པར་བྱེད་པ་རེད། ཡོངས་ཁྱབ་ཀྱི་བཤད་པ་ལྟར་ན་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་ཞེས་གསུངས་པ་རེད། སྙིང་པོ་ལྔ་དང་དབུ་རྒྱན་ལ་སོགས་པའི་དབང་བཅུ་དེ་རྒྱུད་ཀྱི་དངོས་བསྟན་དུ་འབྱུང་བ་དེ་ཞི་བའི་ཕན་དབང་རེད། ཁྲོ་བོ་ལ་གདན་དང་ཕྱག་མཚན་ལ་སོགས་པ་གོང་དུ་བྱུང་མ་ཐག་པའི་ཆས་བཅུ་དང་སྒྲུབ་རྫས་བཅོ་ལྔ་སོགས་ཉི་ཤུ་རྩ་བརྒྱད་པོ་དེ་དག་རེད། ཡིན་ན་ཡང་ཞི་བའི་གདངས་ཁྲོ་བོར་ཤར་བ་ཡིན་པས་ན། གཙོ་ཆེ་བའི་དབང་གིས་སམ་གཙོ་བོའི་མིང་ནས་སྨྲོས་ཏེ་ཕན་དབང་བཅུར་བསྡུས་པ་རེད། ཕན་དབང་བཅུ་དེ་འཇིག་རྟེན་གྱི་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བ་དང་ཚུལ་མཐུན་པ། ཁར་སང་ཞུས་པ་ལྟར་དུ་དུས་འཁོར་གྱི་བྱིས་པ་འཇུག་པའི་དབང་བདུན་ཞེས་འབྱུང་བ་དེ་ཚོ་དང་ཕྱོགས་འདྲ་རེད་སྙམ། ནུས་དབང་ལས་བདག་དོན་ནུས་པ་ལ་ཉན་སྒོམ་གཉིས་དང་། གཞན་དོན་ནུས་པ་ལ་འཆད་འཕྲིན་གཉིས། གཉིས་དོན་ནུས་པ་ལ་རྡོ་རྗེ་རྒྱལ་བོ་བཀའ་རབ་འབྱམས་ཀྱི་དབང་དང་ལྔར་ཕྱེ་རྒྱུ་རེད། ཟབ་དབང་གསུམ་ནི་མཆོག་དབང་གོང་མ་རྣམ་གསུམ་ཡིན་པ་གཞིར་བཞག་ལ། འདིའི་སྐབས་ཤེར་དབང་ལ་ཡེེ་ཤེས་རང་གནས་ཀྱི་དབང་དང་། དབང་བཞི་པ་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཞེས་གསུངས་པའི་སྐབས་ཀྱང་ཡོད་ནི་རེད། དེ་ཡོད་ན་དེ་སྐུར་ས་དེ་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ཞེས་སྤྱོད་པའི་བརྟུལ་ཞུགས་ཅན། རིག་མའི་བརྟུལ་ཞུགས་ཅན། མཉམ་པའི་བརྟུལ་ཞུགས་ཅན་གསུམ་ལ་སྦྱར་ན། སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་དབང་། རིག་མའི་བརྟུལ་ཞུགས་ཅན་ལ་ཤེར་དབང་། མཉམ་པའི་བརྟུལ་ཞུགས་ཅན་ལ་ཚིག་དབང་སྐུར་རྒྱུ་ཡིན་ནི་རེད། དེ་ལྟར་ན་དེ་དག་དབང་དུ་ཇི་ལྟར་གྲུབ་ན། གོང་ནས་བཤད་པ་ལྟར་རང་ལ་ཡེ་ནས་གནས་པའི་དག་མཉམ་བདེན་པ་དབྱེར་མེད་གཞིའི་དཀྱིལ་འཁོར་དེ། གསང་སྔགས་ཉམས་ལེན་གྱི་ཐོག་མར། འཇུག་སྒོའི་དབང་ནས་ཞུགས་ཏེ། དབང་གི་ཆོ་ག་ཟབ་མོས་རང་གནས་ཀྱི་ཡེ་ཤེས་བཙན་ཐབས་སུ་འཆར་ཞིང་རྡོ་རྗེ་བཞིའི་ཡེ་ཤེས་སྨིན་པར་བྱེད་པ། དེ་ཡང་དཔེར་ན་རྒྱུ་ས་བོན་ས་གཞི་ལ་བཏབས་ན་རྐྱེན་དྲོད་བཤེར་སོགས་འཛོམས་དུས་སྨིན་པ་དང་འདྲ་བར། རྒྱུ་གཉིས་རྐྱེན་བཞི་ཚོགས་པའི་རྒྱུ་རྐྱེན་གྱི་ཁྱད་པར་ཞིག་ལ་བརྟེན་ནས། ཟབ་མོ་སྔགས་ཀྱི་རྟོགས་པ་ཁྱད་པར་ཅན་དངོས་སུ་དབང་དུས་དེར་སྐྱེ་བའམ་སྐྱེ་རུང་གི་ནུས་པ་ཞིག་རྒྱུད་ལ་བཞག་པ་དེ། དབང་དུ་གྲུབ་ཚུལ་ལམ་དབང་དེ་བསྐུར་ནས་ཐོབ་པའི་ཐ་སྙད་ཐོབ་ས་དེ་དེ་རེད། དེ་ལྟར་ན་རྒྱུ་གཉིས་རྐྱེན་བཞི་ཞེས་པའི་རྒྱུ་གཉིས་པོ་དེ་གང་རེད་ཞེ་ན། མཚུངས་ལྡན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྒྱུ་གཉིས་རེད། མཚུངས་ལྡན་གྱི་རྒྱུ་ནི་སློབ་མའི་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་ལ། དང་པོ་ཉིད་ནས་དབང་སོ་སོའི་རྗེས་མཐུན་གྱི་ཆོས་རེ་རང་ཆས་སུ་ཡོད་པ་དེ་ལ་དབྱེར་མེད་མཉམ་པ་ཉིད་དུ་ཁྱབ་པའི་ཆོས་ཉིད་དག་མཉམ་ཆེན་པོ་བཞུགས་པ་དེ་རེད། ལྷན་ཅིག་བྱེད་རྒྱུ་ནི་དབང་བཞིའི་དབང་རྫས་བུམ་པ་དང་གསང་རྫས་ལ་སོགས་པ་བྱིན་རླབས་རབ་གནས་གསར་དུ་བྱས་པ་དག་རེད། རྐྱེན་བཞི་ནི། རྒྱུ་རྐྱེན། བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན་བཞི་རེད། དེ་ལས་དང་པོ་ནི་འདི་ལ་སྤྱིར་བཏང་སྣོད་ལྡན་གྱི་སློབ་མ་རྒྱུའི་རྐྱེན་རེད་ཟེར་ན་ཡང་། ཞིབ་པར་བཤད་ན་དད་པ་ཅན་དེ་ཕན་དབང་གི་སྣོད། བདག་དོན་ནུས་པ་ཉན་དབང་དང་། གཞན་དོན་ནུས་པ་འཆད་འཕྲིན་དང་། གཉིས་དོན་ནུས་པ་རྡོ་རྗེ་རྒྱལ་བོ་བཀའ་རབ་འབྱམས་ཀྱི་དབང་གི་སྣོད་ཡིན་ལ། མདོར་བསྡུས་ན་དད་རྩོན་བརྟུལ་ཞུགས་ཅན་གྱི་སློབ་མ་རྒྱུའི་རྐྱེན་རེད་བརྗོད་ན་དེས་འཐུས་ནི་རེད། བདག་རྐྱེན་ནི་དབང་སྐུར་བ་པོའི་སློབ་དཔོན་ཡིན་ནི་རེད། སློབ་དཔོན་རང་ཉིད་ཀྱིས་སྔགས་ལམ་གྱི་ནུས་པ་རྙེད་དེ་སློབ་མའི་རྒྱུད་བྱིན་གྱིས་རླབས་ནུས་པ་མཚན་ཉིད་དང་ལྡན་པ་ཞིག་ཡིན་དགོས་ནི་རེད། ཡིན་ན་ཡང་དུས་དབང་གིས་གཅིག་སློབ་དཔོན་གྱི་ངོས་ནས་མཚན་ཉིད་ཀུན་ལྡན་དཀོན་ལ། གཉིས་སློབ་མའི་ངོས་ནས་དད་དང་དག་སྣང་གི་སྒོ་ནས་མིན་པ་ཡིན་པར་སྣང་མི་དགོས་དང་། ཡིན་པ་ཡིན་པར་སྣང་བའི་མིག་ལྡན་ཡང་དཀོན་མོ་ཡིན་ནི་རེད། ཡིན་ན་ཡང་གཙོ་བོ་གསང་སྔགས་ཀྱི་དབང་སྐུར་མཚན་ཉིད་པ་འབྱུང་མིན་སློབ་དཔོན་ལ་གཙོ་ཆེར་རགས་ལས་པ་ཡིན་པས་ན། མ་མཐར་ཡང་བརྒྱུད་པ་ལྡན་ཞིང་དམ་ཚིག་གཙང་བ། བཟླས་བསྙེན་ཚད་དུ་འཁྱོལ་བ། བསྐྱེད་རྫོགས་ཀྱི་གདེངས་ཡང་གང་ལ་གང་འཚམས་འཐོབ་པ། བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཐུགས་རྒྱུད་ལ་འབྱོང་རྒྱུ་དེ་གཙོ་བོ་རེད། འབྲེལ་ཚད་དོན་ལྡན་མིན་ཡང་འབྲེལ་ཚད་ལོག་ལམ་དུ་མི་འཁྲིད་པ་ཞིག་ངེས་པར་དུ་ཡིན་དགོས་ནི་རེད། དེ་ལྟ་བུའི་སློབ་དཔོན་དེ་བདག་རྐྱེན་རེད། དམིགས་རྐྱེན་ནི་རྫས་སྔགས་ཏིང་འཛིན་གསུམ་པོ་དེ་རེད། དེ་ལས་ཏིང་ངེ་འཛིན་ནི་གཙོ་བོ་ཡིན་ལ། དེ་ནས་བཟླས་གྲངས་རེད། དེ་ནས་རྫས་རེད། ཏིང་ངེ་འཛིན་གྱི་དགོངས་པའི་གནད་མ་ཟིན། བཟླས་གྲངས་བསྙེན་ཚད་དང་མི་ལྡན། ཐ་ན་རྫས་ཙམ་ཡང་ཚུལ་བཞིན་དུ་མ་ཚོགས་ན་དགོང་ཀ་ནོང་བཤགས་ཤིག་འདོན་ནི་རྐྱང་བས་གར་ཡང་ཕྱིན་ནི་མ་རེད། དེ་མ་ཐག་རྐྱེན་ནི་དབང་སྔ་མ་སྔ་མ་གོ་ཕྱེས་ནས་ཕྱི་མ་ཕྱི་མ་འབྱུང་བས་ན། སྔ་མ་དེ་དག་ལ་དེ་མ་ཐག་རྐྱེན་ཟེར་ནི་རེད། ཟབ་དབང་གི་དེ་མ་ཐག་རྐྱེན་ནུས་དབང་དང་ནུས་དབང་གི་དེ་མ་ཐག་རྐྱེན་ཕན་དབང་ཡིན་པ་ལྟ་བུ་རེད། ཕན་དབང་གི་དེ་མ་ཐག་རྐྱེན་ཕྱི་འཇུག་དང་ནང་འཇུག་གི་དཀྱིལ་འཁོར་དུ་འཇུག་པ་སོགས་མདོར་ན་རིམ་པ་མ་འཆོལ་བའི་སྔ་མ་སྔ་མ་དེ་དག་ཐམས་ཅད་རེད། མདོར་ན་དབང་ཚད་ལྡན་གྱི་སྐུར་ཐབས་ཞིག་ལ་སློབ་དཔོན་སློབ་མ་གཉིས་ཀའི་ངོས་ནས་རྒྱུ་གཉིས་རྐྱེན་བཞི་ཐམས་ཅད་མ་ཚོགས་ན་ཤིང་རྟ་འཁོར་ལོའི་འཕང་ལོ་མ་ཚང་པ་བཞིན་དུ་དགོས་དོན་འགྲུབ་ཐབས་མེད་པ་རེད། དབང་སྐུར་ཡུལ་དེ་ཁམས་དྲུག་ལྡན་པའི་རྟེན་ཅན་ཞིག་ཡིན་དགོས་ལ། དེ་མིན་ན་མཚུངས་ལྡན་གྱི་རྒྱུ་མི་ཚང། དབང་རྫས་ལྷག་གནས་ཀྱི་བྱིན་བརླབས་རབ་གནས་ཅན་ཞིག་དགོས་ནི་རེད། དེ་ཡང་རྫས་ཙམ་ཚོགས་ཀྱང་བྱིན་རླབས་ཀྱི་ཆོ་གས་རབ་ཏུ་གནས་པར་མ་བྱས་ན་ལྷན་ཅིག་བྱེད་རྒྱུ་མཚན་ཉིད་པ་མ་རེད། སློབ་མའི་རྒྱུད་སྦྱོང་བ་སྔོན་སོང་མེད་ན་ཤེས་རབ་མ་ཆེ་རུང་དད་པ་ཙམ་ཡང་མེད་ན་རྒྱུའི་རྐྱེན་མི་ཚང་པ་རེད། ཉི་མ་འཛམ་གླིང་ལ་ཤར་རུང་ཁ་བྱང་བསྟན་གྱི་བྲག་ཕུག་ཏུ་ཉི་འོད་ཕོག་ཐབས་མེད་པ་ལྟ་བུ་ཡིན་ནི་རེད། དབང་སྐུར་མཁན་གྱི་སློབ་དཔོན་མིང་དང་སྙན་གྲགས་ཆེ་རུང་། དོན་དུ་བསྙེན་པ་ཙམ་ཡང་སྔོན་སོང་མེད་ན་དཀྱིལ་འཁོར་གྱི་ལས་ལ་མི་དབང་བར་རྡོ་རྗེ་འཆང་གིས་གསུངས་པ་རེད། དེས་ན་བདག་རྐྱེན་མི་ཚང་པ་རེད། དེ་རྣམས་འཛོམས་ན་ཡང་སློབ་དཔོན་གྱིས་རྫས་སྔགས་ཏིང་འཛིན་སུམ་འཛོམས་རེད་མེད། སློབ་མས་དབང་གི་ཚིག་དོན་ལ་སེམས་མ་གཏད་ན་དམིགས་རྐྱེན་མི་ཚང་པ་རེད། དེས་ན་ཐོས་བསམ་གྱི་གོ་རིམ་བརྒྱུད་དགོས་པས་ན་སྒོམ་རྒྱུ་དེ་དང་པོར་ཤེས་དགོས། དབང་གི་གོ་རིམ་ནོར་བ་དང་བར་དུ་ཆད་སྐྱོན་ཤོར་ན་དེ་མ་ཐག་རྐྱེན་མི་ཚང་པ་རེད། དེ་འདྲ་དེས་ཁྲ་ཁྲ་ཤིག་ཤིག་འུར་འུར་ཟང་ཟིང་ཇི་ལྟར་བྱས་ཀྱང་། བྱིས་པ་མགུ་བའི་རྣམ་པ་དབང་གི་གཟུགས་བརྙན་ཙམ་ཡིན་ནི་རེད། གནའ་ཞིག་ལ་བླ་མ་བླ་རྒོད་ཅིག་གིས་ཆུ་ཆུ་རྒོད་ཅིག་བླུག་ཐལ་སྨྲས་ནི་དང་འདྲ་བར་འགྱུར་ནི་རེད། དབང་བསྐུར་བའི་དགོས་པ་ནི། གོང་བཤད་ལྟར་གྱི་རྒྱུ་གཉིས་རྐྱེན་བཞི་ཚོགས་ན། ཆོས་ཉིད་རང་བཞིན་གྱིས་དག་པ། ཆོས་ཅན་རྟེན་འབྲེལ་བསླུ་མེད་ཡིན་པ། སངས་རྒྱས་ཀྱི་བྱིན་བརླབ་ཚད་མེད་ཡིན་པ། གསང་སྔགས་ཀྱི་ཐབས་ཁྱད་པར་བ་ཡིན་པའི་སྟོབས་ཀྱིས། དབང་ལ་བརྟེན་ནས་དེའི་དུས་སུ་རང་གནས་རྡོ་རྗེ་བཞིའི་ཡེ་ཤེས་དོན་གོ་མྱོང་རྟོགས་པ་ཅི་རིགས་སྐྱེས་པ་དེ། གོང་འཕེལ་གྱི་ལམ་ལ་འབད་ཐུབ་ན་སྙིགས་དུས་ཚེ་ཐུང་གི་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་ཐུབ་པ་དང་། གལ་ཏེ་ཚེ་འདིར་འབད་པ་དེ་ཙམ་མ་ཐུབ་ཀྱང་། དད་པ་དམ་ཚིག་མ་ཉམས་ན་རིང་པོར་མི་འགོར་བར་འཚང་རྒྱ་ངེས་ཡིན་པར་གསུངས་ནི་རེད། སངས་རྒྱས་ཀྱི་གོ་འཕང་དེ་ཉིད་བདེ་ཞིང་མྱུར་བའི་ཚུལ་གྱིས་འཐོབ་པ་དེ་གསང་སྔགས་ལམ་གྱི་ཁྱད་ཆོས་རེད། དེ་དབང་གིས་སྨིན་པར་བྱས་པ་ཞིག་ལས་གཞན་ལ་འབྱུང་མི་སྲིད་པ་རེད། དེ་དབང་ཐོབ་པའི་ཕན་ཡོན་དང་དགོས་པ་རེད། དབང་མ་ཐོབ་ན་གསང་སྔགས་ཀྱི་རྒྱུད་སྡེའི་གླེགས་བམ་ཙམ་ལྟ་བ་དང་ཉན་པ་མི་ཆོག་ན་སྒྲུབ་མི་ཆོག་པ་སྨྲོས་མ་དགོས་པ་རེད། གལ་ཏེ་གཟུ་ལུམ་དང་རིས་ཆོད་ཀྱིས་ཆོས་ལ་དབང་ཟོས་ཏེ་སྔགས་ལ་ཞུགས་ན། རྒྱུད་འདིར། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་བྱས་པར། །ཉན་པ་ལ་སོགས་བརྩོན་པ་གང་། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་པ་རེད། འབྲས་བུ་མེད་ན་ཅི་བྱེད་རྒྱུ་མེད་པའི་འབྲས་བུ་གང་ནས་འབྱུང་། བརླགས་ཏེ་ཚེ་འདིར་ཚེ་ཐུང་ནད་མང་ཕྱི་མར་ངན་སོང་དུ་འཚིག་ན་དེ་རིན་གྱིས་ཉོས་པ་དང་འདྲ་སོང་ན་ཧ་ཅང་སྡུག་ནི་རེད། དེས་ན་སྐབས་འདིའི་ཕྱི་ཕན་པའི་དབང་བཅུ་ཐོབ་པས་སྤྱིར་གསང་སྔགས་ཀྱི་རིགས་སུ་ངེས་པ་དང་། ཁྱད་པར་ཕྱི་དཀྱིལ་དྲང་དོན་བསྐྱེད་རིམ་ཉན་པ་ལ་དབང་བས་མི་ཚད། ནང་ལུས་ལྷ་ཚོགས་སུ་སྒོམ་པའི་བསྐྱེད་རིམ་སྒོམ་པ་ལ་དབང་ནི་རེད། ནང་ནུས་པའི་དབང་ལྔ་ལས་འཆད་འཕྲིན་གྱི་དབང་གཉིས་ཀྱིས་རྒྱུད་འཆད་པ་དང་ལས་ཕྲ་མོ་སྒྲུབ་པ་ལ་དབང་། རྡོ་རྗེ་རྒྱལ་པོའི་དབང་གིས་ལས་རབ་འབྱམས་མཐའ་ཡས་པ་ལ་དབང་བར་བྱེད། ཟབ་དབང་གསུམ་ལས་གསང་དབང་དང་། ཤེར་དབང་གིས་ཐབས་གྲོལ་གྱི་ལམ་ནས་རྫོགས་རིམ་སྒོམ་པ་ལ་དབང་བར་བྱེད་ནི་རེད། དབང་བཞི་པ་ཚིག་དབང་གིས་དཔེ་ཡི་ཡེ་ཤེས་དེ་ཉིད་དོན་གྱི་ཡེ་ཤེས་འགྱུར་མེད་བདེ་བ་ཆེན་པོ། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བརྟན་པར་བྱེད་ནི་རེད། གསང་སྔགས་ཀྱི་ལམ་མྱུར་ནི་རེད། ཁེ་ཆེ་སར་ཉེན་ཆེ་ནི་རེད། སྦྲུལ་སྨྱུག་སྦུག་ཏུ་བཅུག་པ་ལྟར་ཡར་མར་གྱི་ཟང་ཐལ་གཉིས་ལས་འགྲོ་ས་གསུམ་པ་མེད་པར་གསུངས་པ་རེད། དམ་ཚིག་གི་ཐད་ནས་ད་ཞག་ཞུས་པ་ལྟར། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ཡིན་པ་རེད། དམ་ཚིག་ལ་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལ་སོགས་པ་གསུངས་ན། སྤྱིའི་ཆ་ནས་སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་པ། སྔགས་ཕྱི་བའི་དམ་ཚིག་དང་བཅས་པ་བླ་མེད་ནང་རྒྱུད་འདི་ལ་ཐུག་དུས་བསྐྱུར་བཏང་ཆོག་པ་ཞིག་མིན་པར། དེ་ཐམས་ཅད་སྔགས་བླ་མེད་ཀྱི་དམ་ཚིག་གི་གཞི་འམ་ཡན་ལག་ཡིན་པས་ཐུན་མོང་སྤྱིའི་དམ་ཚིག་ཅེས་གསུངས་ནི་རེད། ཁྱད་པར་གྱི་དམ་ཚིག་ཅེས་པ་བླ་མེད་རྒྱུད་རང་གི་ནང་དུ་གསུངས་པ་དག་དང། ལྷག་པའི་དམ་ཚིག་ནི་སྒྲུབ་པ་ཆེན་པོའི་སྐབས་སོགས་སུ་ལྷག་པར་དམིགས་ཀྱིས་བཀར་ཏེ་སྲུང་དགོས་པ་དག་རེད། བྱེ་བྲག་རྒྱུད་སྒྱུ་འཕྲུལ་དྲྭ་བའི་སྐབས་ཀྱི་རྩ་བའི་དམ་ཚིག་ནི། རྒྱུད་རང་གི་ལེའུ་དགུ་བའི་སྐབས་སུ། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་ལ་སོགས་པ་ལྔ་དང་། ཡན་ལག་གི་དམ་ཚིག་བཅུ་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ། །ཞེས་གསུངས་རྒྱུའི་མི་སྤང་པ་ལྔ་དང། དེ་ལ་ཡང། ཡང་དག་དུག་ལྔ་ལོག་དུག་ལྔ་ཅེས་པའི་དབྱེ་བ་ཡོད་པ་དང་། མི་འདོར་བ་ལྔའམ་དང་དུ་བླངས་བྱ་ལྔ་ནི། ཁར་སང་གོང་དུ་ཞུས་པ་བཞིན། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་གཞུང་ནས་བསྟན་པ་ལྟར་དུ་རེད། རྩ་བའི་དམ་ཚིག་ལྔའི་དང་པོ་བླ་མེད་མི་སྤང་གསུངས་པ་དེ་རེད། འདི་ཁོ་ནའི་ནང་དུ་དམ་ཚིག་གི་རྣམ་བཞག་ཐམས་ཅད་བསྡུ་ཐུབ་ནི་རེད། རྩ་བའི་དམ་ཚིག་ལྔའི་ནང་ནས་ཀྱང་རྩ་བ་བླ་མེད་མི་སྤང་གསུངས་རྒྱུ་འདི་གཙོ་བོ་ཡིན་ལ། གཞན་བཞི་ནི་འདིའི་ཡན་ལག་གམ་འཁོར་ལྟ་བུ་རེད། འདི་ཉིད་སྲུང་ཐུབ་ན་གཞན་ཐམས་ཅད་དེའི་ཞར་ལ་ཚང་པ། འཁོར་བསྒྱུར་བྱོན་ན་དཔུང་ཚོགས་གཞན་དེའི་འཁོར་དུ་འབྱུང་བ་ལྟ་བུ་ཡིན་ནི་རེད། དེ་ཡང་བླ་མེད་ཅེས་པ་དེ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ། དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་དེ་རེད། དེ་རྟོགས་པ་དང་འཐོབ་པ་མངོན་དུ་འགྱུར་རྒྱུ་བོ་ཡན་ན་ལམ་དང་འབྲས་བུ་ཞིག་མི་སྲིད་པ་རེད། རང་གནས་རྡོ་རྗེ་བཞི་ཡི་ཡེ་ཤེས་ཀྱི་དོན་ལ་གནས་པ་དེ་མ་སྤངས་ན། དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་གཉིས་ངོ་བོ་ཉིད་ཀྱིས་སྤངས་ཡོད་ནི་མ་རེད། དེ་ཇི་ལྟར་ཡིན་ན་ཆོས་ཉིད་དག་མཉམ་གྱི་གནས་ལུགས་དེ་ཇི་བཞིན་མངོན་དུ་གྱུར་བ་སངས་རྒྱས་དང་། དེ་ཅི་རིགས་རྟོགས་པ་དེ་དགེ་འདུན། དེ་ལྟར་མཐོང་ཞིང་རྟོགས་པའི་ཡོན་ཏན་ཐུགས་རྒྱུད་ལ་མངའ་བ་དེ་ཆོས་རེད། དེ་བཞིན་དུ་གཞི་ལམ་འབྲས་བུའི་དཀོན་མཆོག་གསུམ་པོ་བསྡུས་པ་རེད། དེས་ཕྱིར་ན་བདེན་གཉིས་བྱང་ཆུབ་ཀྱི་སེམས་ཀྱང་སྤངས་ཡོད་ནི་མ་རེད། བླ་མེད་མ་སྤངས་པའི་དམ་ལྡན་དེས། སེམས་ཀྱི་རང་བཞིན་བྱང་ཆུབ་སེམས་ལྟ་བ་རྟོགས་པ་དེ་གཞིར་བཟུང་ནས། ཏིང་ངེ་འཛིན་གྱིས་གོམས་པའི་རྒྱུན་སྐྱངས་བ་ན། སེམས་ཉིད་སྤྲོས་བྲལ་གྱི་ངོ་ལ་མཉམ་པར་འཇོག་པ་དོན་དམ་སེམས་བསྐྱེད་དང་ནི། ཅིར་སྣང་སེམས་ཀྱི་རང་རྩལ་རྒྱལ་བའི་དཀྱིལ་འཁོར་དུ་ཤེས་པ་ཀུན་རྫོབ་སེམས་བསྐྱེད་ཡིན་ནི་རེད། ལྷག་པ་ཀུན་རྫོབ་དོན་དམ་སེམས་བསྐྱེད་ཀྱི་སྙིང་པོ་ཅན། དངོས་སྣང་སྟོང་བར་སྒོམ་པའི་སྟོང་བ་ཐ་ཤལ་བ་དང་མི་འདྲ་བར་དག་པའི་དཀྱིལ་འཁོར་དོན་དམ་འོད་གསལ་གྱི་ཐིག་ལེ་སྒོམ་པ། ལྷག་པ་དོན་དམ་ཀུན་རྫོབ་སེམས་བསྐྱེད་དུ་ཤར་བ་དེ་ལྟ་བུའི་ཟབ་དང་རྒྱ་ཆེ་ཤིན་ཏུ་རྣམ་དག་གི་བདེན་གཉིས་ཟུང་འཇུག་གི་ཚོགས་གཉིས་རླབས་པོ་ཆེ་འདུམ་པ་ཡིན་པས་ན། བདེ་བཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །གསུངས་པ་ལྟར་སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག་པས་ན་ཀུན་ཏུ་བཟང་པོའི་རྒྱལ་སྲིད་རང་ལག་ཏུ་གནས་པར་ལྟར་འགྱུར་ནི་རེད། མདོར་ན་གསང་སྔགས་རྡོ་རྗེ་ཐེག་པའི་འཇུག་སྒོ་དང་པོ་དབང་ཡིན་པ་རེད། དབང་ཐོབ་པས་ལམ་སྒོམ་པ་དང་འབྲས་བུ་འཐོབ་པ་ལ་དབང་བར་བྱེད་པས་ན་དབང་ཞེས་གསུངས་པ་རེད། འཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཡིན་པས་དེ་ཉིད་ཇི་ལྟར་ཡིན་པའི་ལྟ་བ་སྔོན་དུ་བཤད་པ་རེད། ལྟ་དོན་ཏིང་འཛིན་དང་འབྲེལ་བའི་སྤྱོད་པ་རང་ཤུགས་ཀྱིས་ལྡན་དགོས་པ། གང་དུ་དབང་སྐུར་བའི་དཀྱིལ་འཁོར་གྱི་རིམ་པ་རྣམས་རིམ་བཞིན་འབྱུང་བས་དེ་ལྟར་བཤད་པ་རེད་མ་གཏོགས། དོན་ངོ་མ་བཤད་ན་ལྟ་བ་རྒྱུད་ལ་སྐྱེ་བ་ནི་དབང་དོན་ཏིང་འཛིན་སྒོམ་རྒྱུ། སྤྱོད་པ་ལ་ནུས་པ་ཐོན་པ་དེ་དང་། སྒྲུབ་མཆོད་ཕྲིན་ལས་སྔགས་ཕྱག་རྒྱ་རྣམས་དོན་ཡོད་པར་འགྱུར་རྒྱུ། དམ་ཚིག་ཅེས་པ་གང་ཞིག་སྲུང་བར་བྱ་བ་དེ་ཐམས་ཅད་དབང་ལས་འབྱུང་ནི་རེད། མཐར་ཐུག་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་བ་ན་རང་རིག་ཆོས་སྐུའི་རང་རྩལ་རྫོགས་ཏེ། རིག་པ་རྩལ་གྱི་དབང་ཆེན་དེ་དུས་ཐོབ་པས་ཡེ་རྫོགས་རྫོགས་པ་ཆེན་པོའི་ཀློང་དུ་དབང་ཐམས་ཅད་མཐར་ཕྱིན་སོང་བ་རེད། དེ་ལྟར་བཤད་ན། རྒྱུད་ཀྱི་དངོས་པོ་བཅུ་འམ་བཅུ་གཅིག་དེ། ཐོས་དང་བསམ་པའི་ཤེས་རབ་དང་འབྲེལ་བར་གཏན་ལ་འབེབས་པའི་གནས་སྐབས་ན། ལྟ་བ་ཏིང་འཛིན་སྤྱོད་པ་དཀྱིལ་འཁོར་དབང་དང་དམ་ཚིག་ལ་སོགས་པ་རིམ་པ་བསྒྲིགས་ནས་བཤད་ནི་རེད། ཡིན་ན་ཡང་སྒོམ་བྱུང་གི་ཤེས་རབ་དངོས་སུ་སྐྱེས་པའམ་རྒྱུད་འགྱུར་བའི་ཁྱད་པར་གང་ཡིན་པ་ཐོབ་བྱའི་ཡེ་ཤེས་མངོན་དུ་གྱུར་བ་དེ། དབང་གི་དུས་སུ་ཐོབ་དགོས་པ་ཡིན་པས་ན། གོང་ནས་ཀྱང་ཞུས་པ་ལྟར། རྩ་བ་དབང་གིས་རྒྱུད་ཀྱི་དངོས་པོ་གཞན་ཐམས་ཅད་ལ་ཁྱབ་ཅིང་དེ་དག་དབང་ལས་འཕྲོས་པའི་ཆ་ཤས་སམ་ཡན་ལག་ཡིན་པ་དང་། གསང་བ་སྔགས་ཀྱི་དགོངས་དོན་ཐམས་ཅད་དབང་གི་སྒྲོམ་གཞིར་འདུས་པའི་གོ་དོན་དེ་ལྷོང་ཐུབ་དགོས་གི། སྔགས་སྡོམ་ཞེས་པ་དེ་དབང་གི་སྐབས་སུ་ཐོབ་པ་ཡིན་ན་དེ་དབང་གི་སྦྱོར་དངོས་རྗེས་གསུམ་ནམ་ཐོབ་པ་རེད་ཅེ་ན། འདིའི་ཐད་ནས་ནམ་ཡིན་བཤད་མྱོང་། ན་ལོར་དུམ་གཉིས་ཀྱི་དབང་གི་སྐབས་སུ་ཡང་བཤད་པ་ཡིན། འདི་ལ་བཏགས་པ་བ་བརྗོད་པ་ཁས་བླང་གིས་འཐོབ་པ་ཞིག་དང་། མཚན་ཉིད་པ་སྒོམ་བྱ་དབང་ལས་ཐོབ་པ་སྟེ་གཉིས་ཡོད་ཆོག་གི་ཅེས་ཞུས་པ་ཡིན། དེ་ཡང་སྦྱོར་བའི་དུས་སུ་དམ་ཚིག་ཁས་བླངས་པས་ཐོབ་པ་དང་། དངོས་གཞིའི་སྐབས་སུ་དབང་དེའི་ཚུལ་ཁྲིམས་གསར་ཐོབ་ཡིན་པར་གསུངས་པ་རེད། དེས་ན་སྦྱོར་བ་རིགས་ལྔའི་སྡོམ་བཟུང་གི་དུས་སུ་བཟུང་རྒྱུ་དེ་སྡོམ་པ་བཟུང་ནི་རེད། དེ་དུས་སྔགས་སྡོམ་མ་ཐོབ་ཟེར་རྒྱུ་མེད་གི་ཡིན་ན། དམ་ཚིག་ལ་གནས་པར་ཁས་བླངས་པ་རེད། ཁས་བླངས་པ་དེ་དངོས་གཞི་ལ་ལྟོས་པའི་སྲུང་བར་འོས་པའི་དམ་ཚིག་གི་རྣམ་གྲངས་ཙམ་ཡིན་ན། སྨོན་པའི་ཚུལ་གྱིས་རིགས་ལྔའི་ཁས་བླངས་ཀྱིས་ཐོབ་པ་ཡིན་པས་ན་སྔགས་སྡོམ་བཏགས་པ་པར་འཇོག་པ་རེད། དངོས་གཞིའི་དབང་སྐུར་སྐབས་ཡེ་ཤེས་ཁོང་ཆུད་ཀྱིས་སྔགས་སྡོམ་དངོས་ཐོབ་ཡིན་པས་ན་དེ་སྔགས་སྡོམ་མཚན་ཉིད་པ་ཡིན་པར་གསུངས་པ་རེད། ཡིན་ན་ཡང་དབང་རྣོན་གཅིག་ཆར་བ་རེ་གཉིས་སྲིད་པ་ཙམ་མ་གཏོགས། མང་ཆེ་བ་དབང་གྲལ་དུ་ཡར་འཚོགས་དུས་ཀྱི་གང་ཟག་དེ་ཕན་ན། ད་མར་བུད་སྐབས་སྔར་དང་མི་འདྲ་བར་རྒྱུད་མ་འགྱུར་བར་སྣང་ན་ཡང་། དབང་ཐོབ་ནས་རང་གནས་ཀྱི་ཡེ་ཤེས་གསོས་ཐེབས་ཏེ་ནུས་པ་མཐུ་ཅན་དུ་གྱུར་ཡོད་པ་རེད། དབང་དུས་སུ་ཡེ་ཤེས་དངོས་སུ་མ་སྐྱེས་རུང་། སྐྱེ་རུང་གི་ནུས་པ་རྒྱུད་ལ་བཞག་པའི་སྟབས་ཀྱིས་དྲི་མ་སྦྱོང་བ་དང་ཡོན་ཏན་སྐྱེ་བའི་འགོ་ཚུགས་པ་རེད། དེས་ན་རྒྱུད་སྨིན་པ་དང་དབང་ཐོབ་པ་དམ་ཚིག་དང་སྡོམ་པ་ཐོབ་པའི་ཐ་སྙད་སྦྱར་ས་དེ་རེད་སོང་རེད། དབང་ཐོབ་ནས་རྒྱལ་བའི་རིགས་མཆོག་འཛིན་པའི་གང་ཟག་རེད་སོང་རེད། ཉན་ཐོས་ལ་མཚོན་ན་སངས་རྒྱས་ཀྱི་གསུང་ལས་སྐྱེས་པ་རེད། བྱིན་རླབས་ཀྱི་ཕྱག་རྒྱས་བཏབ་པ་རེད་མོད། སངས་རྒྱས་ཀྱི་རིགས་མ་ཡིན་པས་ན་སངས་རྒྱས་ཉིད་ཀྱི་ཕྱག་རྒྱས་བཏབ་མེད་པ་རེད། ཐེག་ཆེན་བྱང་སེམས་སངས་རྒྱས་ཀྱི་རིགས་སུ་གྱུར་ནི་རེད། དེས་ན་སངས་རྒྱས་ཉིད་ཀྱི་ཕྱག་རྒྱས་བཏབ་ན་ཡང་། སངས་རྒྱས་གདོད་འགྲུབ་དགོས་པས་ན་ལྷུན་གྱིས་གྲུབ་པའི་ཕྱག་རྒྱས་མ་བཏབ་པ་རེད། སྔགས་བླ་མེད་ཀྱི་འཇུག་སྒོ་དབང་ནས་ཞུགས་ཏེ་སྔགས་སྡོམ་རྒྱུད་ལྡན་གྱི་གང་ཟག་རྣལ་འབྱོར་པ་དེ་ལ། བྱིན་རླབས་ཀྱི་ཕྱག་རྒྱ་དང་། སངས་རྒྱས་ཉིད་ཀྱི་ཕྱག་རྒྱ་དང་། ལྷུན་གྱིས་གྲུབ་པའི་ཕྱག་རྒྱས་བཏབ་པ་ཐམས་ཅད་རྫོགས་པས་ན་ཀུན་ཏུ་བཟང་པོས་ཕྱག་རྒྱས་བཏབ་པ་ཡིན་ནི་རེད། སྔགས་བླ་མེད་ཀྱི་སྐབས་སུ་ཆོས་ཐམས་ཅད་རྒྱལ་བའི་གསང་གསུམ་གྱི་ངོ་བོར་སངས་མ་རྒྱས་པ་མེད་པའི་ཚུལ་ལ་གནས་ཤིང་། འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བས་ཆེ་བའི་ཁྱད་པར་ཤིན་ཏུ་ཆེ་བ་རེད། དེ་བཞིན་དུ་ཉན་ཐོས་རྣམས་ལྷའི་དབང་པོ་སོགས་ཀྱིས་གུས་བཀུར་བྱེད་ན་ཡང་བྱང་སེམས་ལྟར་མི་བྱེད། བྱང་སེམས་ལ་གུས་བཀུར་ཞུ་ན་ཡང་སངས་རྒྱས་ལྟར་མི་རྩི། སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ཞུགས་པའི་སྔགས་ཀྱི་རྟེན་ཅན་ལ། འཇིག་རྟེན་འདིའི་ལྷ་ཆེན་པོ་སོགས་དང་མཁའ་འགྲོ་ཆོས་སྐྱོང་གིས། བཀའ་བཞིན་ཉན་ཅིང་གཙུག་ཏུ་བཀུར་བ་སོགས་སྔགས་ལ་ཞུགས་པའི་རྟེན་ཅན་གྱིས་སྡོམ་དང་དམ་ཚིག་ཚུལ་བཞིན་དུ་བསྲུང་ན། རང་བཞན་འདི་ཕྱིའི་ལེགས་ཚོགས་འཕེལ་བའི་ལྷ་མིའི་མཆོད་སྡོང་དམ་པར་འགྱུར་བས་ན། ནང་རྒྱུད་བླ་མེད་ཀྱི་དངོས་གཞིའི་དབང་ཐོབ་པས་གླིང་བཞིར་དབང་བའི་འཁོར་སྒྱུར་གྱི་རྒྱལ་སྲིད་ཐོབ་པ་བརྒྱ་སྟོང་གིས་ཀྱང་འགྲན་མི་བཟོད་པས་ན། ཐུགས་ལ་སྤྲོ་སེམས་འཆང་ན་འོས་པ་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས།

སྒྱུ་འཕྲུལ་ཞི་ཁྲོའི་དབང་ཡོངས་གནང་གྲུབ་པའི་རྗེས་སུ་གསུང་འཕྲོས་ཕེབས་པ།

དེ་ཡན་སྒྱུ་འཕྲུལ་ཞི་ཁྲོའི་དབང་སྦྱོར་དངོས་རྗེས་གསུམ་ཡོངས་སུ་རྫོགས་པ་ཕུལ་གྲུབ་པ་རེད། ངས་སྒྱུ་འཕྲུལ་གྱི་དབང་འདི་གནའ་རྫོགས་ཆེན་ཕོ་བྲང་གི་ཡང་སྟེང་གཟིམ་སྐྱིལ་ཤར་མའི་དབང་ཁང་གི་ནང་དུ་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་མདུན་ནས་ལན་གཅིག་ཐོབ་པ་ཡིན། ཡང་གཅིག་ཕྱི་ལོ༡༩༥༦ལོར་རྫོགས་ཆེན་རིན་པོ་ཆེ་དབུས་ཕེབས་ཀྱི་སྐབས་དགེ་རྒྱལ་རྫོགས་ཆེན་དུ་རིན་པོ་ཆེ་སྙུན་ནས་ཞག་ཉི་ཤུ་ལྷག་བཞུགས་སྐབས་དབུས་ཕེབས་ཀྱི་བླ་མཆན་འབྲུག་པ་སྐུ་ཆེན་ནས་དགོན་དེའི་ཚོགས་ཆེན་ལྷ་ཁང་དུ་དངོས་ལྟ་ཕྲན་ཕྲལ་མ་གསུངས་པ་དེ་ཐོབ། ཕར་ལ་བསྐུར་བ་ནི་དེ་སྔོན་ལོ་རབས་བརྒྱད་བཅུ་བའི་ནང་སྨིན་གྲོལ་གླིང་དུ་ལན་གཅིག བསམ་ཡས་རབ་བྱུང་གྲྭ་ཚང་ལ་ལན་གཅིག དབུས་རྡོ་རྗེ་བྲག་ཏུ་ལན་གཅིག་འདོན་སྣང་ཡོད། རྫོགས་ཆེན་ཤྲཱི་སེང་དུ་ཡང་འདོན་མྱོང་ཕར་ཚུར་ལན་བཞི་ལྔ་ཞིག་འདོན་མྱོང་། ཆོས་རྒྱུད་འདིའི་ཐུན་མིན་གྱི་ཕྱག་སྲོལ་དཔལ་གསང་བ་སྙིང་པོའི་རྒྱུད་བཤད་ཀྱི་སྔོན་དུ་འདིའི་དབང་རྒྱུན་ཚད་ལྡན་ཞིག་མེད་ཐབས་མེད་ཡིན་པ་དེས་ན་ཐེངས་འདིར་ཆེད་གཏད་ཀྱིས་འདོན་ནི་རེད། སྤྱིར་སྔ་འགྱུར་རང་ལམ་གྱི་འགྲོས་དེད་ན་ཉན་ཐོས་ཐེག་པ་ནས་རྣལ་འབྱོར་བླ་མེད་ཀྱི་བར་གྱི་དབང་ཐམས་ཅད་དེ་འདུས་མདོའི་དབང་ངམ་ཡང་ན་སྒྱུ་འཕྲུལ་གྱི་ཕན་དབང་ཙམ་བསྐུར། དེ་དང་འབྲེལ་ཏེ་སྔགས་ཕྱི་བ་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི་བསྙེན་པའི་རིགས་དེ་སྔོན་དུ་བཏང་། དེ་དང་མཉམ་དུ་ཐུན་མོང་གི་སྔོན་འགྲོ་རྣམས་རྫོགས་པར་བྱས་ནས་འདུས་མདོའི་ནང་དབང་འབྱུང་བའི་ཆུ་བོ་དང་། སྒྲུབ་དབང་གྲགས་པའི་ཆུ་བོ་གཉིས་སམ་ཡང་ན་སྒྱུ་འཕྲུལ་གྱི་ཉན་སྒོམ་གཉིས་ལྟ་བུ་ནང་ནུས་པའི་དབང་ཅི་རིགས་པ་ཞིག་སྐུར་ནས་བླ་མེད་སྤྱིའི་ཐུན་མིན་བསྐྱེད་རིམ་གྱི་ལམ་ཁྲིད་གདབ་དགོས་པ་རེད། དེའི་སྟེང་འདུས་མདོའི་གསང་དབང་རྫོགས་པའི་ཆུ་བོའམ་འདིའི་ཟབ་དབང་གསུམ་པོ་སྐུར་ནས་རྫོགས་རིམ་ཐུན་མོང་དང་ཐུན་མོང་མིན་པའི་སྐོར་ཁྲིད་དགོས་པ་སྨིན་གྲོལ་རིམ་པ་དེད་ན་གང་ཟག་གཅིག་གི་ལམ་གནད་དང་བསྟུན་ལུགས་དེ་འདྲ་ཞིག་རེད། ཡིན་ན་ཡང་དེང་དུས་ཐམས་ཅད་ཐུགས་བྲེལ་ཆེ་བའི་སྟབས་ཀྱིས་དབང་སྐུར་ནི་ཡོད་དུས་ཞུ་ནི་མེད་ནི་འདྲ། ཞུ་ནི་ཡོད་ན་བསྐུར་ནི་མེད་ནི་འདྲ་གཉིས་ཀ་འཛོམ་ཀྱང་སྙིང་པོ་མེད་པའི་ས་ཚོད་ཡིན་ན་ཡང་། དུས་སྙིགས་མ་ཕྱི་མའི་ཡང་མཐར་འདི་འདྲ་ཞིག་ལ་ཁྱེད་བསྟན་འཛིན་དགེ་འདུན་འདུས་པའི་སྡེ་ཆེན་པོ་འདི་འདྲ་ཞིག་ལ་འདིའི་དབང་རྒྱུན་ཐེངས་གཅིག་འབུལ་རྒྱུ་བྱུང་བ་ལ། རང་ངོས་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དམ་པ་གོང་མ་རྣམས་ཀྱི་ཐུགས་དགོངས་ཀྱི་ཆ་ཤས་ཤིག་འགྲུབ་པ་ལ་སྤྲོ་བ་ལྷག་པར་འཕེལ་གི་ཡོད། དེ་བཞིན་ཁྲིད་རྒྱབ་ལུང་གིས་སྐྱོར་བའི་ཕྱག་བཞེས་དྲི་མེད་ཡང་སྲོལ་རྒྱུན་མ་ནུབ་ཙམ་འབུལ་བཞིན་པ་འདི་རེད། ལུང་རྒྱུན་ཡོད་པའི་རྒྱུད་འགྲེལ་ཚང་མའི་ལུང་རེ་འབུལ་རྒྱུའི་ལྷག་བསམ་ཡོད་ན་ཡང་དོན་ལ་ཁེལ་མིན་ཡུལ་དུས་གནས་བབས་ལ་ལྟ་རྒྱུ་རེད། མ་འོངས་རྒྱང་རིང་གི་དོན་སྔ་ཚོད་སུས་ཀྱང་བཤད་དཀའ་བ་རེད། དབང་ཁྲིད་སྦྲག་མ་དང་། ཁྲིད་ལུང་སྦྲག་མ་མཛད་རྒྱུ་ཆོས་རྒྱུད་འདི་དང་གཞན་གྱི་ང་ཚོའི་བླ་མ་གོང་མ་ཚོའི་རྣམ་ཐར་ཕྱག་བཞེས་ཡིན་པའི་སྟབས་ཀྱིས་མ་བཏོན་མ་བཏོན་ནི་རེད། བཏོན་ནས་བཟུང་འདོན་གོ་ཆོད་པ་ཞིག་རེད་ན་བསམ་རྒྱུའི་འདུན་པ་ཡོད་ནི་རེད། དེ་ལྟ་ན་ཉི་མ་ནམ་ཚ་གཅིག་མ་བརྒྱངས་ཐབས་མེད་རེད། མྱི་ཚེའི་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གྱི་རང་གཞན་གཉིས་དོན་གྱི་དོན་ཆེན་འགྲུབ་པའི་དམ་པའི་སྐྱེས་ཆེན་ཚོ་མ་གཏོགས། མྱི་ང་ཚོ་ཅན་པོས་ལོ་གཅིག་གི་ཞག་སུམ་བརྒྱ་དྲུག་བཅུ་ལས་ཟླ་བ་རེ་ཟུང་སྙོམས་ལས་ངང་གར་འགྲོ་གོ་བ་མ་རེད། ང་ལྟ་བུར་མཚོན་ན་ལོ་གྲངས་དོན་བཞི་ལོན་ན་ཡང་ལོ་འདིའི་ནང་དོན་ལྡན་གྱི་བྱ་བ་འདི་བསྒྲུབས་པ་ཡིན་ཞེས་ལོ་རྩིས་མི་དགོས་ཟླ་རྩིས་ཀྱང་མི་ཕོག་ན་མདོ་དབང་ཞག་གསུམ་བཞི་ཞིག་དང་སྒྱུ་འཕྲུལ་ཉིན་གཉིས་འདོན་མི་འཇོག་གི་བསམ་རྒྱུ་འདྲ་རེད་མོད། རང་རོགས་གཉིས་ཀས་ཤི་གསོན་གཉིས་ཀའི་མགོ་ལ་བུམ་པ་དང་ཙཀླི་བཞག་པ་གྲངས་བརྩི་མི་ཐུབ་པ་ཡིན་པ་རེད། མཐའ་དོན་སྡོམ་དུ་བརྒྱབ་ན་དཀོར་ནག་ཐལ་བ་འགམ་འགམ་བྱས་པའི་ཞུ་རྗེས་བུ་ལོན་གྱི་སྣ་ཐག་ལྡོག་རྒྱུ་ལ་རང་བློ་རང་ལ་མ་ཁེལ་བར་འདི་དོན་ནམ་ཡིན་གླེང་ནི་རེད། མདོ་དོན་ཚིག་རྩ་ཚུར་བསྡུ་ན་དབང་འདི་ཐོབ་ནས་ཐོབ་ཡིག་ཞིག་བཀོད་པས་ཆོག་རྒྱུ་མཛད་མི་ཉན་གི། འདིའི་ནང་དབང་ཐོབ་རྒྱུ་དོན་གཉེར་གྱི་གཙོ་བོ་མ་ཡིན་པར་དབང་སྐུར་ལུགས་ཤེས་རྒྱུ་དོན་གཉེར་གྱི་གཙོ་བོ་བྱེད་ནི་ཡོད་ན་ཐང་ཨ་ལ་ཁ་མཚར་ཡིན། སྡོམ་དང་དམ་ཚིག་རྣམ་པར་དག་པའི་སྒོ་ནས་བསྐྱེད་དང་རྫོགས་པའི་ཉམས་ལེན་ཚད་དུ་འཆོལ་བ་ཞིག་གི་ཐོག་ནས་འདིའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཚད་དང་ལྡན་པ་ཇི་ལྟར་སྤེལ་ན་མཐུན་རྐྱེན་ཚོགས་ནི་རྣམ་པ་ཚོས་དེ་བཞིན་སྤེལ་ནས་གསང་ཆེན་དོན་གྱི་བསྟན་པ་འོད་གསལ་རྫོགས་པ་ཆེན་པོའི་རྩ་བའི་རྒྱུད་ལུང་མན་ངག་གི་བསྟན་པ་མི་ནུབ་པར་མཛད་རྒྱུའི་ཐུགས་སྟོབས་སྙིང་ལ་འཆང་རྒྱུ་བོ་དེ་མཇུག་མཐའི་ཞུ་བ་ཚིག་གཅིག་ཡིན། འདིའི་མཚམས་ནས་དེ་རིང་འདུས་མདོའི་སྒོ་འབྱེད་ཀྱི་དབང་ཡང་འདོན་རྒྱུ་ཡིན་དེའི་རྗེས་སུ་འདུས་པ་བྱིངས་ལ་དབང་གཉིས་ཀའི་རྫས་སྟབས་གཅིག་ཏུ་འགྲེམ་རྒྱུ་ཡིན་ཞེས་གསུངས་སོ། །

འདུས་པ་མདོའི་དབང་གི་སྒོ་འབྱེད་ཀྱི་རྗེས་འབྲེལ་དུ་གསུང་འཕྲོས་ཕེབས་པ།

གོང་དུ་འདུས་པ་མདོའི་དཀྱིལ་འཁོར་ཆེན་པོར་དབང་གིས་སྨིན་པར་བྱེད་པ་འདི་ལ། རིམ་གྱིས་འཇུག་པར་བྱེད་པའི་ཐོག་མའི་སྒོ་འབྱེད་སྔོན་འགྲོའི་ཆོས་ཕྱག་ན་རྡོ་རྗེའི་ངན་སོང་གནས་འདྲེན་གྱི་དབང་ཡིན་ཞིང་། དེ་ཉིད་དམ་པ་གོང་མའི་ཕྱག་བཞེས་ཇི་བཞིན་བསྐུར་གྲུབ་མ་ཐག་པ་རེད། སྤྱིར་བདག་གི་སྟོན་པ་ཐབས་མཁས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། ངོ་བོ་ཆོས་ཉིད་ནང་གསལ་ལ་ལྟོས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ལྟ་མཁྱེན་པ་ལས་མི་གཡོ་བཞིན་དུ། རྣམ་པ་ཆོས་ཅན་ཕྱི་གསལ་ལ་ལྟོས་པའི་ཇི་སྙེད་གཟིགས་པའི་རྣམ་མཁྱེན་གྱི་དགོངས་པ་དེས། ཁམས་གསུམ་རྒྱུད་དྲུག་ལ་འཁོར་བའི་མ་རྟོགས་འཁྲུལ་བར་འཕྱན་པའི་སེམས་ཅན་གྱི་དོན་དུ། གདུལ་བྱའི་ཞིང་དང་། འདུལ་བྱེད་ཀྱི་སྟོན་པ། འདུལ་བའི་ཐབས་ཚུལ། གང་གིས་འདུལ་བ་བསྟན་པ་དམ་ཆོས་ཀྱི་རྣམ་གྲངས་ལ་སོགས་པ། བསམ་གྱིས་མི་ཁྱབ་པ་ཚུལ་མཐོང་གི་བློས་གཞལ་བར་མི་གཏུབ་པའི་སྒྲོན་མ་ཆེན་པོ་ཞིག་རྣམ་པར་བཀོད་པ་ལས། རེ་ཞིག་འཇིག་རྟེན་འདི་ཡི་དབང་དུ་བྱས་པའི་གདུལ་བྱའི་ཁམས་དབང་མོས་པ་སྣ་ཚོགས་པའི་གདུལ་བྱ་ཐ་འབྲིང་རབ་གསུམ་གྱི་བློ་ཅན་ལ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་གསུངས་པ་ལས། བྱེ་བྲག་སྐབས་སུ་བབས་པ་ཐུན་མིན་སྔ་འགྱུར་གྱི་ལུགས་ལ། དེ་ཡང་སྒྱུ་འཕྲུལ་རྩ་རྒྱུད་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་གསུངས་པ་ལྟར། གོང་དུ་བཤད་པའི་གདུལ་བྱའི་ཁམས་དབང་མོས་པ་ལ་བརྟེན་ཏེ་ཐ་འབྲིང་རབ་གསུམ་ལ་ལྟོས་པའི་། ཆུང་གསུམ་འབྲིང་གསུམ་ཆེ་གསུམ་གྱི་ཐེག་པ་རིམ་དགུའི་རྣམ་བཞག་ཏུ་བྱས་ནས་གསུངས་པ་རེད། འདུས་པ་མདོ་ཡི་དབང་འདི་བཀའ་ཡོངས་རྫོགས་དང་བསྟན་པ་ཀུན་འདུས་ཡིན་པ་རེད། མདོ་རྒྱུད་གཅིག་ལ་ཀུན་འདུས་པའི་ཐེག་དགུའི་རིམ་པ་ཡོངས་རྫོགས་ཀྱི་སྨིན་པར་བྱེད་པའི་དབང་གི་ཆུ་བོ། བྱིན་རླབས་དང་ནུས་པ་རྒྱུན་མི་ཆད་པའི་དོན་ཅན་ཞིག་ཡིན་པ་རེད། དེས་ན་བསྟན་པ་ཡོངས་རྫོགས་ཀྱི་ཕྱི་མོ་གསང་སྔགས་སྔ་འགྱུར་བ་འདི་ལ། རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་ཞེས་བཀའ་སྲོལ་གསུམ་དུ་ཕྱེ་བའི་སྲོལ་ཡོད་ལ། དེ་ལྟར་གསུམ་དུ་ཕྱེ་བའམ་ཡང་ན་བཀའ་གཏེར་གཉིས་ཀྱི་ཁོངས་སུ་བསྡུས་ན། རིང་བརྒྱུད་བཀའ་མར་བྱས་པའི་བཀའ་ཐམས་ཅད་ཐེག་རིམ་དགུའི་ནང་དུ་འདུས་པ་དེ་ཉིད་འདུས་པ་མདོའི་དབང་དུ་དྲིལ། ཉེ་བརྒྱུད་གཏེར་མར་བྱས་པའི་གཏེར་ཆོས་ཚད་མ། བྱིན་རླབས་དག་སྣང་གི་བརྒྱུད་པ་དང་བཅས་པ། བླ་རྫོགས་ཐུགས་གསུམ་ཡན་ལག་དང་བཅས་པའི་ཁོངས་སུ་གཙོ་བོར་དྲིལ་ནས་འདོད་འཇོའི་བུམ་བཟང་གི་དབང་གི་ནང་དུ་བསྡུ་བ་དང་། དེ་དག་ཀྱང་རྒྱུད་སྡེ་དང་སྒྲུབ་སྡེར་འདུས་པའི་བཀའ་སྲོལ་དེ་ཉིད་རྩལ་འདོན་མཛད་པ་དེའི་བརྒྱུད་པ་བར་མ་ཆད་པ་ལས། ད་ལྟ་སྐབས་སུ་བབས་པ་འདུས་པ་མདོ་དབང་། ཡོ་ག་བཞི་རྫོགས། ཐེག་པ་དགུ་འདུས་ཀྱི་དབང་བཀའ་འདི་ཉིད་འབུལ་བའི་སྐབས་ལ་ཁེལ་བ་རེད། དེ་ཡང་ཐོག་མའི་ཚིག་གི་གླེང་གཞི་ཐེག་པ་ཞེས་སྨྲོས་ན། ཐེག་པ་ཞེས་པ་སྟེགས་སམ་ཐེག་པར་འགོད་པ། གོང་དུ་འཕོ་བའི་དོན་ཅན། འཕྲལ་ཡུན་གནས་སྐབས་དང་མཐར་ཐུག་ལ། མངོན་མཐོ་དང་ངེས་ལེགས་ལ་དྲངས་བར་བྱེད་པའི་ངོ་བོ་ཅན་ཞིག་རེད། དེ་ལྟ་ན་ཐེག་པ་ཞེས་པའི་ངེས་ཚིག་འདི། ཡ་ན་ཞེས་པ་འཕགས་ཡུལ་གྱི་སྒྲ་ལས་དྲངས་ན། བགྲོད་ཅིང་འདེགས་པར་བྱས་པ་ལ་འཇུག་པས། འདིས་འདེགས་པ་ལམ་གྱི་ཐེག་པ། འདིར་འདེགས་པ་འབྲས་བུའི་ཐེག་པའི་གོ་དོན་ཡང་ཤུགས་ལ་འབྱུང་བ་ཡིན། ཐེག་རིམ་གྱི་དབྱེ་བསྡུའི་ཁྱད་པར་ལ། གཉིས་དང་ལྔ་དང་དགུ་རུ་དབྱེ་ཚུལ་གྱིས་གསུངས་པ་སྟེ། གཉིས་སུ་ཕྱེ་བ་དེ་འཇིག་རྟེན་པའི་ཐེག་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་སུ་དབྱེ་བ་རེད། ཡང་ན་རིང་ལམ་དང་ཉེ་ལམ་གཉིས་སུ་དབྱེ་ཡང་ཆོག དེ་ཇི་ལྟར་ཡིན་ཞེ་ན། ཐུན་མོང་ངེས་འབྱུང་གི་ཐེག་པ་ལྷ་མི་དང་། ཉན་ཐོས་རང་རྒྱལ་གཉིས། བྱང་སེམས་དང་བཞི་སྐབས་འདིའི་རིང་ལམ་དུ་བརྩི་བ་དང་། ཐུན་མིན་གསང་སྔགས་རྡོ་རྗེའི་ཐེག་པ་ཉེ་ལམ་ལ་བཞག་པས་ཐེག་གཉིས་སུ་གསུངས་པ་དང་། གཞན་ཡང་ཐེག་པའི་གྲངས་ལྔ་རུ་བཞག་པ་ཡང་ཡོད་དེ། ཐུན་མོང་ངེས་འབྱུང་གི་ཐེག་པ་བཞི་རེ་རེར་བགྲངས་བའི་བཞི་ཀའི་སྟེང་དུ་གསང་སྔགས་རྡོ་རྗེའི་ཐེག་པ་བསྣན་པས་ལྔར་གྱུར་པ་དང་། ད་དུང་ཐེག་པ་དགུ་རུ་དབྱེ་བ་སྤྱི་ལྟར་ན། ཐུན་མོང་ངེས་འབྱུང་གི་ཐེག་པ་བཞི་དེ་ཐེག་པ་གསུམ་ལ་བསྡུས་ནས། གསང་སྔགས་རྡོ་རྗེ་ཐེག་པ་ལ་ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ་སྟེ་དྲུག་ཏུ་ཕྱེས་ནས་དགུ་རུ་བཞེད་པ་ཐམས་ཅད་ལ་རླུང་བཞིན་དུ་གྲགས་པ་ལྟར་རེད། འོན་ཀྱང་གདུལ་བྱའི་སེམས་ཀྱི་འཇུག་པ་གྲངས་མང་ཞིང་། འདུལ་བྱེད་ཐབས་ཀྱི་ཁྱད་པར་མཐའ་ཡས་པ་དེ་འདྲ་ཡིན་པའི་སྟབས་ཀྱིས། མདོ་སྔགས་ལམ་གྱི་རིམ་པས་ཕྱེས་ཏེ་ཕར་སྤྲོས་པ་ཡིན་ན། ཐེག་པ་དགུས་མ་ཚད་བསམ་ཡས་གྲངས་མེད། ཕ་མཐའ་མི་མངོན་པ་ཞིག་ཡོད་ཀྱང་། ཚུར་བསྡུས་ན་ཐེག་གཅིག་ལ་འདུ། ངེས་པའི་དོན་དུ་ན། ཇི་སྐད་དུ། སེམས་ནི་ནམ་ཞིག་འགྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་གསུངས་པས། ཐེག་པ་མེད་ཅིང་འགྲོ་བ་མེད་ཅེས་པའི་མེད་ཚུལ་ཇི་ལྟར་ཡིན་སྙམ་ན། ཀུན་རྫོགས་ཐིག་ལེ་ཉག་གཅིག་ལ་རྫོགས་པ་སྟེ། ཆོས་ཀྱི་དབྱིངས་དབྱེ་བསལ་བྱ་རྩོལ་དང་བྲལ་བའི་གཉིས་མེད་མཉམ་པ་ཆེན་པོར་རྫོགས་པའམ་བཟླུམས་སོང་བ་རེད། འོན་ཀྱང་དེ་ཉིད་མངོན་དུ་འགྱུར་བའི་ཆེད་དུ། གཞི་དེ་ཉིད་འབྲས་བུར་གཞོལ་བར་བྱེད་པའི་ཐབས་དང་གདམས་པ་མཐའ་ཡས་ཀྱང་། མྱུར་ལམ་ཐབས་ཀྱིས་ཆེ་བ་དེ་ཉིད་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཡིན། དེ་ལྟ་བུའི་རིམ་པ་གཉིས་ཀྱིས་གདུལ་བྱ་སྐལ་ལྡན་ལས་ཅན་ཚེ་གཅིག་གིས་འཚང་རྒྱ་བར་བྱེད་པ་ཡིན་པས། ལམ་ཐམས་ཅད་དབང་གི་སྒྲོམ་དུ་འདུས་པ་ཞིག་ཡིན་པ་སྔར་ནས་ཀྱང་ཞུས་མྱོང་། ད་སྒྲོམ་གཞི་ཆེ་བ་ཞིག་བཞག་ནས་དེ་ལ་འདུ་བར་བཤད་ན། སྔགས་ལམ་ན་དབང་ཞེས་པ་ཞིག་ཡོད་ཀྱང་མདོ་ལམ་ན་དབང་ཞེས་པའི་ཐ་སྙད་ཙམ་ཡང་ཡོད་དམ་སྙམ་ན། དེ་ཡང་རྒྱུན་མཐའི་བར་ཆད་མེད་ལམ་ན་འོད་ཟེར་ཆེན་པོའི་དབང་བསྐུར་ལ་གཞོལ་ནས། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ཤིན་ཏུ་ཕྲ་བའི་བག་ཆགས་ཀྱི་སྒྲིབ་པ་ཡོངས་སུ་གཞོམ་པར་བྱེད་པའི་གསུང་ཚུལ་དེ་ཙམ་མིན་ཡང་། དབང་བསྐུར་ཞེས་པ་ལྷག་པར་གནས་པའམ་བྱིན་གྱིས་རླབས་པའི་དོན་ཅན་ཞིག་ཡིན། དེ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཐོག་མར་འཇུག་པའི་སྒོ། བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་སྐབས་ནས་ཀྱང་འབྱུང་རྒྱུ་ཞིག་ཡིན་པ་རེད། འདུལ་བའི་ལས་ཆོག་གི་ནང་དུ་ཆོས་གོས་རྣམ་གསུམ་སོགས་ཀྱི་བྱིན་རླབས་ཇི་ལྟར་བྱ་ཚུལ་དང་བཅས་པ་འབྱུང་བ་དང་། གཞན་ཡང་འདུལ་བ་རང་གཞུང་སུམ་བརྒྱ་པར། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང༌། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །ཞེས་པ་ལ་སོགས་པ་ནས། རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་གསུངས་ཏེ། བྱང་ཆུབ་རྣམ་པ་གསུམ་གྱི་དཔལ་ཐོབ་ཅིང་ནོད་པའི་རྒྱུ་རྐྱེན་གཙོ་བོ་དབང་སྐུར་ཡིན་པའི་ཐ་སྙད་བྱེད་ལས་དང་བཅས་པ་གསུངས་ཡོད། འོན་ཀྱང་རྒྱུའི་ཐེག་པར་དབང་བསྐུར་རྒྱས་པར་མ་བསྟན་པར་གབ་སོང་བ་དེ་ཉིད། ཡང་འབྱེད་སྔགས་ཀྱི་ཆོ་གའི་སྒོ་ནས་རྫོགས་ཤིང་ཚང་བར་རྩལ་འདོན་གནང་བ་དེ། མྱུར་ལམ་སྔགས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཡིན་པ་རེད། འོ་ན་ཐེག་དགུའི་རིམ་པ་ཕྱེས་ཚེ་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་དང་། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། ཀྲི་ཡ་ཨུ་པ་ཡོ་ག་གསུམ། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་སྟེ་དགུ་རེད། འདིར་དེའི་སྔོན་དུ་འཇིག་རྟེན་ལྷ་མིའི་ཐེག་པ་ཞེས་པ་བཞག་ན་ཐེག་དགུས་མ་ཚད་ཐེག་བཅུར་མི་འགྱུར་རམ། ལར་འདི་ཉིད་ནང་ལུང་ཨ་ནུ་ཡོ་ག་མདོ་ཚོགས་ཆེན་འདུས་པའི་རྩ་བའི་དཀྱིལ་འཁོར་ལ། རྒྱུད་དོན་མན་ངག་གིས་བཀྲལ་ཏེ་ཡན་ལག་གི་དཀྱིལ་འཁོར་ཐ་དད་དུ་ཕྱེས་ནས། རྩ་བ་དང་ཡན་ལག རྒྱུད་དང་མན་ངག་གི་ལུགས་བསྡེབས་པ་ཡིན་ན་འདི་ལ་ནང་རྒྱུད་སྡེ་གསུམ་གྱི་ཨ་ཏི་ཡོ་ག་ཚང་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ལྟ་བུའི་དོགས་པ་དེ་འདྲ་འཆར་སྲིད་པ་ཡང་རེད་ལ་དོགས་སློང་བྱེད་དགོས་རྒྱུ་ཞིག་ཀྱང་རེད། གོང་དུ་ཐེག་པའི་དབྱེ་བསྡུ་བཤད་པའི་སྐབས་ཞིག་ནས་ཀྱང་། ཐེག་པའི་རིམ་པ་འདི་ཉིད་གདུལ་བྱའི་བློ་རིམ་དང་མཐུན་པར་གཉིས་དང་ལྔ་དང་དགུ་ལ་སོགས་པ་ནས་བསམ་ཡས་གྲངས་མེད་ཀྱི་བར་སྤྲོ་ཆོག་ཀྱང་། ཚུར་ལ་བསྡུས་ན་གཅིག་ལ་འདུས་པ་རེད་ཅེས་པའི་གཅིག་དེ་གང་ཞེ་ན། གོང་དུ་སྨྲོས་མ་ཐག་པའི་ཆོས་ཀྱི་དབྱིངས་མཐའ་དབུས་དང་བྲལ་བའི་དེ་བཞིན་ཉིད་ལ་འདུས་ཤིང་རྫོགས། དེ་དུས་ཐེག་པ་གཞན་ཐམས་ཅད་དགོས་མེད་དུ་གྱུར་ནས་དོར་བ་མིན། འོ་ན་ཇི་ལྟར་རྫོགས་པ་རེད་ཅེ་ན། བཅོ་ལྔའི་ཟླ་བ་ཆ་རྫོགས་ལ་ཚེས་ཀྱི་ཟླ་བའི་འཕེལ་ཆའི་ཆ་ཤས་ཐམས་ཅད་འདུས་པ་ལྟར། གང་རྫོགས་པ་འོག་མའི་ལམ་གྱི་ཡོན་ཏན་ཐམས་ཅད། གང་དུ་རྫོགས་པ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་བདེ་ཆེན་འཕོ་འགྱུར་བྲལ་བའི་ས་ལ་རྫོགས་པ་ཡིན་པས། སྐབས་འདིར་བསྟན་མྱུར་ལམ་སྔགས་ཀྱི་ཆོ་གའི་སྨིན་གྲོལ་གྱི་ལམ་ནས། ཐེག་པ་ཡོངས་རྫོགས་ས་ལམ་ཆིག་ཆོད་དུ་བྱེད་པར་དབང་སྐུར་གྱི་ཆོ་གའི་སྒྲོམ་གཞི་ནས། འབྲས་བུའི་ཐེག་པའི་ཐབས་མཁས་ཀྱིས་ཟིན་པས་ན། འདི་ལ་ཐེག་དགུའི་སྙིང་པོའི་ཡང་བཅུད་འདུས་པ་དེ་ལྟར་ཤེས་ཐུབ་པ་རེད། དེ་ལྟར་འདུས་ཤིང་བཅུད་དུ་སྨིན་པར་བྱས་པས་ན་འདུས་པ་ཞེས་པའི་ཐ་སྙད་དང་། དེ་ཉིད་གཞི་གཅིག་ཏུ་དྲིལ་བའམ་མདོ་གཅིག་ཏུ་འདུས་པས་ན་མདོ་ཞེས་དང་། ཡང་ན་འདི་ལ་འདུས་པ་མདོ་ཞེས་མཚན་གསོལ་བའི་རྒྱུ་མཚན་དེ། འདིའི་ནང་ལུང་ཨ་ནུ་ཡོ་གའི་རྒྱུད་སྡེ་ཤེས་བྱེད་ལ་བསམ་བློ་བཏང་ན། མདོ་སྒྱུ་འཕྲུལ་རྔམ་པ་གློག་གི་འཁོར་ལོ་དང་། དུར་ཁྲོད་ཁུ་བྱུག་རོལ་བའི་མདོ། གཞན་ཡང་ད་ལྟ་གོང་དུ་ལོ་རྒྱུས་ལས་གསུངས་པ་ལྟར་གྱི་ཀུན་འདུས་རིག་པའི་མདོ། དགོངས་པ་འདུས་པའི་མདོ་ལ་སོགས་པ་མདོ་དྲུག་གི་དགོངས་དོན་འདུས་པའི་དབང་ཡིན་པས་ཀྱང་འདུས་པ་མདོའི་དབང་ཞེས་ཟེར་ཆོག་པ་རེད། འདི་ནས་མདོ་ཞེས་གསུངས་པ་དེ་རྒྱུད་ལ་མདོའི་མིང་གིས་སྨྲོས་པ་བྱེ་བྲག་གི་སྒྲ་སྤྱི་ལ་འཇུག་པ་རེད། རྩ་རྒྱུད་དང་མན་ངག་གི་རྒྱུད་ཀྱང་ཡོད་པ་རེད། རྩ་རྒྱུད་ལ། རྩ་རྒྱུད་ཐིག་ལེ་འདུས་པ། ཟླ་གསང་ཐིག་ལེ། རྡོ་རྗེ་གདན་བཞིའི་རྒྱུད་ལ་སོགས་པ་དང་ནི། མན་ངག་གི་རྒྱུད་ལ། སྐུ་རྒྱུད། གསུང་རྒྱུད། ཐུགས་རྒྱུད་སོགས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབྱེ་བ་སྟེ། སྐུ་རྒྱུད་མེ་ལྟར་འབར་བ། གསུང་རྒྱུད་དབང་ཆེན་འདུས་པ། ཐུགས་རྒྱུད་པུན་ཌ་རི་ཀ་ལ་སོགས་པ་མང་ངོ་། །དེ་ལྟ་བུའི་མདོ་རྒྱུད་མན་ངག་དང་བཅས་པ་འདུས་པའི་དབང་གི་འཐད་པ་གོང་དུ་བཤད་པ་ལྟར་གྲུབ་པ་ཡིན་པས་ན་འདུས་པ་མདོ་དབང་ཞེས་པ་སྟེ། དེ་ཉིད་སྐབས་སུ་བབ་པ་གང་གསན་བཞེས་གནང་བཞིན་པའི་དབང་བཀའ་འདི་ཉིད་ཡིན་པ་རེད། གོང་དུ་སྨྲོས་པའི་ཐེག་པ་གཉིས་ཞེས་པའི་སྐབས་ཀྱི་འཇིག་འདས་ཀྱི་ཐེག་པ་གཉིས་སུ་དབྱེ་བ། མདོ་སྡེ་ལང་ཀར་གཤེགས་པ་ལས། ལྷ་མིའི་ཐེག་དང་ཚངས་པའི་ཐེག །ཅེས་སོགས་གསུངས་པ་ལྟར་ཏེ། སྔ་མ་ལྷ་མིའི་ཐེག་ཅེས་པ་གཙོ་བོའི་ཆ་ནས་དང་ཕྱི་མ་ཚངས་པའི་ཐེག་ཅེས་པ་གཙང་བའི་ཆ་ནས་ཚངས་པའི་སྒྲ་ཡིས་བསྙད་པ་ཡིན་པར་གསུངས་པས། དོན་ལ་འཇིག་འདས་ཀྱི་ཐེག་པ་གཉིས་ཀ་བསྟན་ཡོད་པ་རེད། བགྲོད་ཅིང་འདེགས་པར་བྱེད་པས་ན་ཐེག་པ་ཞེས་གོང་དུ་ངེས་ཚིག་འགྲེལ་བ་ཇི་བཞིན། གང་ནས་གང་ལ་འདེགས་པ། འདིར་འདེགས་དང་། འདིས་འདེགས། འདི་འདེགས་བཅས་ཀྱིས་གསུངས། དབུ་མ་རིན་ཆེན་ཕྲེང་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་གནས། །ཞེས་གསུངས། ལྷ་མིའི་ཐེག་པ་འདི་ལ་གཞིའི་ཐེག་པ་སྟེ། དཔེར་ན་ཐེམ་སྐས་ཀྱི་ཚིག་ཟིན་ལྟར། གཞིའི་ཐེག་པ་དེ་ཉིད་གཅིག་ཏུ་བགྲང་དུས་འདིའི་ནང་ལུང་ཨ་ནི་ཡོ་ག་མན་ཆོད་ཀྱི་དགུ་ཚང་འགྲོ་བ་རེད། འོན་ཀྱང་ཨ་ཏི་མེད་པའི་ཐེག་དགུ་ཞིག་བརྩི་བ་མ་རེད། སྤྱིའི་ཐེག་དགུའི་ཆོས་སྐད་ལ་ཨ་ཏི་མ་ཚང་བ་དང་ཚང་པར་བྱས་ན་ཐེག་བཅུར་འགྱུར་རོ་སྙམ་པའི་འགལ་བ་འདུ་བ་མ་ཡིན། ཐེག་པ་གཉིས་སུ་དབྱེ་བ་དེ་དོན་ལ་གང་ནས་གང་དུ་འདེགས་པའི་དབྱེ་གཞི་ཞིག་རེད། དབྱེ་གཞི་དེ་ཉིད་དབྱེ་ཆོས་ཀྱི་ཁར་བསྣན་ན་བཅུས་མི་ཚད་བཅུ་གཅིག་ཏུ་འགྱུར་འགྲོ་ཡང་། འདི་ནས་གསུངས་པའི་སོར་བཞག་ལྷ་མིའི་ཐེག་པ། མངོན་མཐོ་དེ་ཉིད་ཐར་བའི་ལམ་སྟེགས་སུ་བཞག་པས། དོན་དམ་ངེས་པའི་ཐེག་པ་ཀུན་འབྱུང་འདྲེན་དང་། དཀའ་ཐུབ་རིག་བྱེད། དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ། གསུམ་གསུམ་དགུ་རུ་ཕྱེས་ཀྱང་། དོན་གྱིས་གནད་གཅིག་ལ་བབས་པ་རེད། འོ་ན་འདི་ལ་ཨ་ཏི་ཇི་ལྟར་ཚང་ཡོད་པ་རེད། རྒྱ་ར་རྒྱང་སྐོར་མང་པོ་བཤད་མ་བཤད་མི་འདུག དོན་ངོ་མའི་གནད་དེ་ཤོད་དང་ཞེ་ན། བཤད་མ་ཐག་པ་ཁ་རླངས་ཡང་མ་ཡལ་བ་དེ་རེད། ད་དུང་དོན་མ་གོ་བར་ལུས་འདུག་ཟེར་ཡུལ་དུ་གྱུར་སོང་བ་མ་ཡིན་ནམ། ནང་རྒྱུད་ཡོ་ག་རྣམ་གསུམ་ལ་གསུམ་གསུམ་དགུ་རུ་ཕྱེ་བའི་ལུགས་བཞིན་དུ། ཨ་ནུ་ལ་ཡང་ཨ་ནུའི་མ་ཧཱ་དང་། ཨ་ནུའི་ཨ་ནུ། ཨ་ནུའི་ཨ་ཏི་སྟེ་གསུམ་དུ་ཕྱེས་པས། ཨ་ནུའི་ཨ་ཏིའི་ལམ་ནས་འདིའི་ཆུ་བོ་བཞི་རྫོགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ། བདེན་གཉིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་མཆོག་དབང་གོང་མ་རྣམ་གསུམ་རིམ་ཅན་དུ་བསྐུར་ནས། མཐར་ལམ་ལྷུན་གྲུབ་ཀྱི་རྣལ་འབྱོར་ལ་དཔེའི་ཡེ་ཤེས་ཀྱིས་དོན་གྱི་ཡེ་ཤེས་མཚོན་པའི་རྡོ་རྗེ་བཞིའི་ཡེ་ཤེས་མངོན་དུ་བྱས་པའི་སྐལ་བ་ཅན་དུ་བྱེད་པ་ཡིན་པ་རེད། ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་པ་ཨ་ཏིའི་བར་དུ་དང་། དེ་ལྟར་འདི་ལ་ཚང་ཚུལ། བྱ་སྤྱོད་གཉིས་གཅིག་ཏུ་བརྩིས་པ། དོན་གྱིས་ཐམས་ཅད་ཚང་ཞིང་གྲངས་དགུ་རུ་འདུས་ན། འདི་ལ་ཐེག་དགུའི་དབང་རྫོགས་ཞེས་གསུངས་པ་དེ་ལྟར་དོན་གྱིས་གྲུབ་པ་རེད། གོང་གི་འགལ་སྤོང་ཡང་དེ་འདྲ་བཤད་ན་ཆོག་སྙམ། འདི་ཐེག་པ་འོག་མ་དག་གི་རང་རང་གི་དགོས་ཆོས་བསྟན་པའི་མདོ་རྒྱུད་ཀྱི་ནང་ནས་བཏུས་ཏེ་ཕྱོགས་གཅིག་ཏུ་བསྡུས་པ་ཡང་མ་རེད། དེ་ཡིན་ན་འདུས་མདོ་ཞེས་ཟེར་མི་རིགས་པར་བསྡུས་མདོ་ཞེས་ཟེར་དགོས་པར་འགྱུར། འདི་ཐེག་པ་སོ་སོའི་ལམ་དང་ཚུལ་འདྲ་རུང་། དོན་ལ་འབྲས་བུའི་ཐེག་པའི་ཐབས་མཁས་ཀྱིས་ཟིན་པའི་སྨིན་ཅིང་གྲོལ་བར་བྱེད་པའི་བྱེད་ལས་ཅན། ཐེག་པ་རང་རང་གི་སྤང་ཐོབ་དང་རིགས་འདྲ་བའི་ཡོན་ཏན་དེ་དང་དེ་མངོན་དུ་བྱེད་པའི་མྱུར་ལམ་ཡིན་པས་ན། འདི་ཐེག་དགུའི་དབང་རྫོགས་དང་ཡོ་ག་བཞི་རྫོགས་ཞེས་སུ་གསུངས་པ་རེད། དེ་ལྟ་བུའི་ཆུ་བོ་བཞི་རྫོགས་ཀྱི་དབང་འདིས། འདུས་མདོ་རང་སྐད་ལྟར་དུ་བྱས་པའི་འགྱུར་བ་མ་ངེས་པའི་ས་ལ་སོགས་པ་སློབ་པའི་ལམ་བཞིས་བསྡུས་པའི་ས་བཅུ་དང་། མི་སློབ་པའི་ལམ་གྱིས་བསྡུས་པའི་ས་གསུམ་སྟེ་ས་བཅུ་གསུམ་རྫོགས་པའི། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ནོད་པའི་བདག་ཉིད་ཅན་ཞིག་ཡིན་པ་རེད། འདིའི་དགོས་ཆོས་ཀྱི་ལམ་ལྔའི་རྣལ་འབྱོར་ལ་མཚོན་ན། ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར། སྦྱོར་ལམ་རིག་ཆེན་འབྱེད་པའི་རྣལ་འབྱོར། མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། བསྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར། མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཏེ་རྣམ་པ་ལྔར་གསུངས་ཞིང་། འདིའི་ས་ལམ་བགྲོད་ཚུལ་ལ་འབྲས་བུ་ལ་བྲོད་པ་བསྐྱེད་པའི་ཕྱིར་དུ། དེ་རིང་དུས་ཚོད་ཡོད་པས། ཅུང་ཞིབ་ཕྲ་འདྲ་ཞིག་བྱས་ནས་ཞུས་ན། དང་པོ་འགྱུར་བ་མ་ངེས་པའི་ས་དང་། གཉིས་པ་བརྟེན་པ་གཞིའི་ས་ཚོགས་ལམ་གྱི་རྣལ་འབྱོར་གྱིས་བསྡུས་པ་ཞིག་རེད། གསུམ་པ་གལ་ཆེན་སྦྱོང་བའི་ས་དང་། བཞི་བ་བསླབ་པ་རྒྱུན་གྱི་ས། ལྔ་བ་བསོད་ནམས་རྟེན་གྱི་ས་སྟེ་དེ་གསུམ་སྦྱོར་ལམ་གྱི་རྣལ་འབྱོར་གྱིས་བསྡུས་པ་དང་། དྲུག་པ་བརྟེན་པས་ཁྱད་པར་དུ་འགྲོ་བའི་ས་མཐོང་ལམ་གྱི་རྣལ་འབྱོར་གྱིས་བསྡུས་པ་དང་། བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས་སྒོམ་ལམ་གྱི་རྣལ་འབྱོར་གྱིས་བསྡུས། བརྒྱད་པ་གནས་པ་མི་འགྱུར་བའི་ས་དང་། དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས། བཅུ་པ་རྫོགས་པ་ཅིར་ཆུབ་ཀྱི་ས་རྣམས་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བསྡུས་ཏེ་ཐེག་དགུའི་རིམ་པ་རྫོགས་ནས། བཅུ་གཅིག་པ་མ་ཆགས་པདྨ་ཅན་གྱི་ས་དང་། བཅུ་གཉིས་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས། བཅུ་གསུམ་པ་ཡེ་ཤེས་བླ་མའི་ས་རྣམས་རྒྱལ་བ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ལ་ལྡོག་ཆས་ཕྱེ་བ་ཙམ་རེད། འུ་ཚོས་རྫོགས་ཆེན་སྐབས་སུ་ནང་གསལ་གྱི་ལྡོག་ཆས་ཕྱེས་པ་དེ་ཉིད་རེད། དེ་ལྟ་བུའི་གོ་འཕང་གི་སྐལ་བ་རྒྱུད་ལ་འཇོག་པའི་སྨིན་བྱེད་ཀྱི་དབང་འདི། རང་གནས་ཀྱི་ས་བོན་ལ་གསོས་འདེབས་པར་བྱེད་པའི་བདག་ཉིད་ཅན་ཏེ། དབང་བསྐུར་མཚན་ཉིད་པའི་གོ་དོན་དེ་ལྟར་ཡིན་པ་རེད། འོན་ཀྱང་གདུལ་བྱའི་དབང་པོ་དང་བསམ་པའི་ཁྱད་པར་གྱིས་ཐམས་ཅད་སྐལ་བ་གཅིག་མཚུངས་མིན་ཡང་། ཤིན་ཏུ་དབང་རྣོན་ཅིག་ཆར་བ། སྨིན་གྲོལ་དུས་མཉམ་དུ་བྱུང་བ་སྔར་ཡོད་མྱོང་ལ་ད་ཡང་ཡོད་མི་ཆོག་པ་མ་ཡིན་ཞིང་། ལམ་འདིར་ཞུགས་ནས་དད་གུས་དམ་ཚིག་གིས་ཐེག་སོང་པ་ཡིན་ན། མ་མཐར་ཡང་རྒྱུད་འགྱུར་བའི་ཁྱད་པར་དུ་བྱས་པའི་སྨིན་བྱེད་དུ་འགྲོ་ངེས་ཡིན་པའི་སྐལ་བ་ཅན་དུ་བྱེད་པ་རེད། ད་དུང་འདིའི་སྐབས་ཀྱི་སྦྱང་གཞི། སྦྱང་བྱ། སྦྱངས་འབྲས། སྦྱོང་བྱེད་བཅས་ཀྱི་སྐོར་ཞུས་ན། སྦྱང་གཞི་དེ་གང་ཡིན་པ་རེད་ཅེ་ན། ལུས་ཅན་ཐམས་ཅད་ཀྱི་ཆོས་ཅན་སེམས་ཀྱི་ཆོས་ཉིད་གང་ཡིན་པ། དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་དེ་ཡིན་པ་རེད། དེ་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་། སྦྱང་བྱའི་དྲི་མ་གློ་བུར་མ་རིག་པའི་རྐྱེན་དེ་ལས། མེད་སྣང་འཁོར་བའི་རྣམ་ཅན་དུ་ཤར་ནས་ཁམས་གསུམ་རིགས་དྲུག་གི་སྡུག་བསྔལ་བཟོད་པར་དཀའ་བས་མནར་བའི་འཁྲུལ་སྣང་རྒྱུ་དང་བཅས་པ་དེ་ཉིད་སྦྱང་བྱའི་དྲི་མ། བརྩེ་བ་ཆེན་པོས་སྦྱང་བར་བྱས་པའི་སྦྱངས་འབྲས་དེ་ནི། རང་ལ་གནས་པའི་རང་བྱུང་གི་ཡེ་ཤེས་སྒྲིབ་མེད་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་བ་དེ་རེད། དེ་ཉིད་མངོན་དུ་འགྱུར་ཆེད། སྦྱོང་བྱེད་དུ་རྒྱལ་བས་རྣམ་གྲོལ་གྱི་ལམ་གསུངས་པ་ཐམས་ཅད་ཀྱི་ནང་ནས། སྐབས་འདིར་འཆད་བྱ་མཆོག་གམ་རྩེ་མོར་གྱུར་པ་གསང་ཆེན་རྡོ་རྗེའི་ཐེག་པ་ཡིན་ལ། དེའི་ལམ་གྱི་གཞི་དང་རྩ་བར་གྱུར་བའི་འདུས་པ་མདོའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པའི་དབང་བསྐུར་བ། ཐབས་ཁྱད་པར་ཅན་ཡིན་ཞིང་། དེ་ཉིད་འབད་པས་ཉེ་བར་སྒྲུབ་པའི་སྐབས་ཡིན་པས། འདི་ཉིད་ཀྱི་དབང་བསྐུར་བ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་ཕྱག་ལེན་གྱིས་བསྐུར་རྒྱུ་ཡིན་པ་རེད། སྔོན་འགྲོ་སྒོ་འབྱེད་ཀྱི་དབང་བསྐུར་དང་པོ་སྔོན་ལ་སོང་ནས། དེའི་སྟེང་དུ་དངོས་གཞིའི་དབང་བསྐུར་ཚུལ་ལ་བསྙེན་སྒྲུབ་ཡན་ལག་བཞི། ཚོགས་སྒྲུབ་དང་འབྲེལ་བའི་ལུགས་བྱས་ནས། སྒྲུབ་དབང་སྦྲགས་མའི་ཚུལ་གྱིས་སྐུར་ལུགས་ཞིག་དང་། དེ་ཙམ་སྤྲོས་པ་མ་བྱས་པའི་དབང་རྐྱང་གི་ཚུལ་དུ་བྱས་པའི་བསྐུར་ལུགས་ཞིག་བཅས་རྣམ་པ་གཉིས་ཀྱི་ཕྱག་རྒྱུན་ཡོད་པ་ལས། དེའི་དང་པོ་སྒྲུབ་དབང་སྦྲགས་མ་དེ་ཅུང་ཟད་རྒྱས་པའི་ཚུལ་བྱས་ན་ཞག་བདུན་སུམ་ཉེར་གཅིག་ལ་བསྐུར་དགོས་པ་ཡིན། འོན་ཀྱང་ཕྱི་མ་ལ་སྔ་མའི་གནད་ཀྱི་དགོས་པ་ཚང་བར་བྱས་ཏེ་རྒྱས་བསྡུས་གཉིས་ཀའི་མཐར་མ་ལྷུང་ཞིང་། སྨིན་གྲོལ་སྦྲགས་མ་རང་རེའི་རྒྱུན་སྲོལ་ལྟར་བྱས་ན། འདི་ཉིན་ཞག་བཅུ་གཅིག་བྱས་ནས་བསྐུར་དགོས་པས། རང་རེས་ཀྱང་དེ་ལྟར་བྱེད་བཞིན་ཡོད་པ་རེད། བཤད་རྒྱུད་རྔམ་པ་གློག་གི་འཁོར་ལོའི་དགོངས་དོན་ལ། དང་པོ་ཕྱི་ཡི་དབང་བཅུ་སྐུར། །དེ་ནས་ནང་དབང་བཅུ་དང་གཅིག །དེ་ནས་སྒྲུབ་དབང་བཅུ་དང་གསུམ། །ཐ་མར་གསང་བ་རྣམ་པ་གཉིས། །བཅུ་ཕྲག་གསུམ་དང་དྲུག་དག་གིས། །དབང་མཆོག་དམ་པ་བསྐུར་བ་ཡིན། །ཞེས་གསུངས་ཞིང་། འདིའི་དབང་གི་བསྡུས་དོན་ཚུར་སྡོམ་པར་བྱས་ན། བཅུ་དང་བཅུ་གཅིག་བཅུ་གསུམ་གཉིས་ཞེས་ཟེར་བ་ཡིན། དེའི་གྲངས་དང་ལྡན་པའི་དབང་དེ་ལ། ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། གསང་དབང་རྫོགས་པའི་ཆུ་བོ་གཉིས་བཅས། དེ་ལྟར་རྩ་བ་དབང་ཆོག་སུམ་ཅུ་རྩ་དྲུག་གིས་ཆུ་བོ་བཞིའི་དབང་བསྐུར་བ་དང་། རྗེས་མཐའ་རྟེན་ཚེ་དབང་གིས་ཤིས་པར་བྱ་བ་བཅས་དབང་འདིའི་སྤྱི་ཁོག་གི་ཐོག་མཐའ་བར་གསུམ་ཡིན་པ་རེད། ཡང་ཆོ་ག་གང་དང་དཀྱིལ་འཁོར་གང་ལ་བརྟེན་ཏེ་བསྐུར་བའི་སྐུར་ཚུལ་གྱི་ཁྱད་པར་ཡོད་པ་རེད། དེ་ཇི་ལྟར་ཡིན་ཞེ་ན། སྤྱིར་གསང་སྔགས་ཀྱི་དབང་བསྐུར་ཡུལ་སྣོད་ལྡན་གྱི་སློབ་མ་ཡིན་པ་གང་ཞིག་ལ། གང་ཟག་རིགས་གཉིས་སུ་ཕྱེ་བ་ཡོད་པ་དངོས་ཡོད་ཡིན་ལ། དེའི་ཕྱིར་འདིའི་ལུགས་ཀྱི་དབང་པོ་རྣོ་རྟུལ་གྱི་སློབ་མ་རིགས་གཉིས་དེ་ཇི་ལྟར་གསུངས་པ་རེད་ཅེ་ན། རང་བཞིན་གྱིས་སྣོད་དུ་གྱུར་བའི་སློབ་མ་དང་། སྦྱང་བས་སྣོད་དུ་གྱུར་བའི་སློབ་མ་སྟེ་རྣམ་པ་གཉིས་སུ་ཕྱེ་བ་རེད། ཐུན་མོང་དང་ཐུན་མིན་གྱི་རྩ་བའི་དཀྱིལ་འཁོར་གང་རུང་ཞིག་ལ། རང་བཞིན་གྱིས་སྣོད་དུ་གྱུར་བའི་སྐལ་ལྡན་གྱི་སློབ་མ་ཁྱད་པར་ཅན་ཞིག་ཡིན་ན། གོང་ནས་སྨྲོས་པའི་ཆུ་བོ་བཞི་ཡོངས་སུ་རྫོགས་པའི་དབང་ཆོག་སུམ་ཅུ་རྩ་དྲུག་བསྐུར་བ་རྒྱུད་ཀྱི་ལུགས་ཡིན་པ་རེད། སྦྱང་བས་སྣོད་དུ་གྱུར་བའི་སློབ་མ་ལ་ཡོ་ག་མན་ཆད་ཀྱི་ཡན་ལག་གི་དཀྱིལ་འཁོར་དྲུག་བཅུ་དེ་ཉིད་ཕྱི་དབང་རྒྱུད་ཀྱི་ཆུ་བོར་བསྐུར། འདྲེན་པའི་ལས་བྱང་ཆེ་ལས་ནས་བཤད་པ་ལྟར་ཚོགས་ཆེན་འདུས་པའི་རྩ་དཀྱིལ་ཐུན་མོང་བའི་དཀྱིལ་འཁོར་ཞལ་ཕྱེ་ནས་ནང་དབང་འབྱུང་བའི་ཆུ་བོ་བསྐུར། དུར་ཁྲོད་གསང་བའི་དཀྱིལ་འཁོར་རྩ་རྒྱུད་ཀྱི་ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ལས་གསུངས་པའི་རྩ་དཀྱིལ་ཐུན་མོང་མ་ཡིན་པ་དེ་ཉིད་ཞལ་ཕྱེས་ནས་སྒྲུབ་དབང་གྲགས་པའི་ཆུ་བོ་བསྐུར་བ་རེད། ཡན་ལག་ཀུན་རྫོབ་དོན་དམ་གྱི་བྱང་སེམས་རྣམ་པ་གཉིས་ཀྱི་དཀྱིལ་འཁོར་དེ་གསང་དབང་རྫོགས་པའི་ཆུ་བོར་བསྐུར་བ། མདོ་དབང་རྩ་བ་སུམ་ཅུ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱ་དང་སོ་གཅིག་ཏུ་བྱས་ཏེ་བསྐུར་བའི་ཕྱག་ལེན་དེ་འདྲ་ཡིན་པ་རེད། རང་ལུགས་བརྒྱུད་པའི་ཕྱག་བཞེས་ལ་རྒྱུད་དང་མན་ངག་གི་ལུགས་གཉིས་པོ་གཅིག་ཏུ་དྲིལ་ནས་བསྐུར་བ་ཡིན་པས། ཐེངས་འདིར་རང་རེས་ཀྱང་བརྒྱུད་པ་གོང་མའི་ཕྱག་བཞེས་མ་འཕྱུག་པར་བསྐུར་དགོས། དེ་ཡང་ཞིབ་ཏུ་ཞུས་ན། ཐོག་མར་གླེང་གཞི་དང་འབྲེལ་བའི་མཆོག་དབང་བཅུ་དྲུག་གིས་དེ་རིང་དབང་གི་སྒོ་ཕྱེས་ནས་བསྐུར་བ་ཡིན་པ་དང་། འདིའི་རྗེས་སུ་ལྷ་མིའི་ཐེག་པ་ནས་ཡོ་གའི་བར་གྱི་ཡན་ལག་གི་དཀྱིལ་འཁོར་དྲུག་དེ་ཉིད་མན་ངག་གི་ལུགས་ཀྱི་ཕྱི་དབང་བསྐུར། དེ་འཕྲོར་རྩ་དཀྱིལ་ཐུན་མོང་བ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཀྱི་ཆུ་བོ་བཞི་ཡོངས་སུ་རྫོགས་པ་བསྐུར་ཏེ། དེའི་རྗེས་སུ་ཡན་ལག་གི་དཀྱིལ་འཁོར་སོ་སོར། ཡང་མན་ངག་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀ་དང་། ཐེངས་འདིར་དབང་གི་གཏད་རྒྱ་ཡང་སྐབས་སུ་བབ་ཡོད་པར་བསམ་པའམ། ཡོད་པའི་དབང་དུ་བཏང་ནས་རྗེས་མཐའ་རྟེན་ཚེའི་དབང་གིས་ཞག་དུས་ཚང་བ་དང་མཉམ་དུ་ཡོངས་སུ་གྲུབ་པར་བྱ་བ་བཅས་ཀྱིས་སྐབས་འདིའི་ཉིན་མ་བཅུ་གཅིག་ཚང་བ་ཡིན། འདིའི་སྐབས་སུ་དོགས་སློང་ཞིག་བཀོད་ན། ཕྱི་དབང་གསང་དབང་གཉིས་ཀ་རྒྱུད་དང་མན་ངག་གི་ལུགས་གཉིས་ཀས་བསྐུར་བ་རེད་འདུག དེར་ཟློས་ཞིང་ལྷག་པའི་སྐྱོན་ཞིག་འབྱུང་བ་མིན་ནམ། ནང་དབང་དང་སྒྲུབ་དབང་གཉིས་རྒྱུད་ཀྱི་ལུགས་ལ་ཡོད་པ་མ་ཡིན་པས་ཆད་སྐྱོན་མེད་དམ། དེས་ན་འདི་ལ་ཆད་ལྷག་གཉིས་ཀའི་སྐྱོན་འདུག་སྙམ་ན། དེའི་སྐྱོན་སྤང་ཇི་ལྟར་བྱེད་དགོས་ཞེ་ན། ཕྱི་དབང་དེ་ཉིད་ལུགས་གཉིས་ཀ་སོ་སོའི་དབང་གི་ཁ་གྲངས་དང་སྐུར་ཐབས་ཀྱི་ཆོ་ག་མི་འདྲ་བ་ཡིན། དེའི་ཕྱིར་ན་སོ་སོ་ནས་རེ་རེ་བཞིན་དུ་མ་བསྐུར་ན། གང་མ་བསྐུར་བ་དེ་མ་ཚང་བ་རེད། ནང་དབང་དང་སྒྲུབ་དབང་གཉིས་སྤྱིའི་ཆ་ནས་མི་འདྲ་བ་མེད་པས། གཅིག་གོ་གཅིག་གིས་ཆོད་རྒྱུ་ཡིན་པའི་སྟབས་ཀྱིས་ཡན་ལག་གི་དཀྱིལ་འཁོར་དོར་ཏེ། རྒྱུད་ལུགས་རྩ་དཀྱིལ་ཐུན་མོང་བར་བསྐུར་བའི་ལུགས་འདི་མཛད་པ་རེད། གསང་དབང་དེ་ཉིད་རྒྱུད་ལུགས་ལ་ཟབ་ཁྱད་སྦྱར་མེད་པའི་སྟབས་ཀྱིས། སློབ་མ་ཐུན་མོང་བའི་སྤྱོད་ཡུལ་དུ་རྒྱུད་རང་གཞུང་དུ་མདོར་བསྡུས་པ། ས་ཁོངས་འཛིན་བྱེད་ཙམ་དུ་བྱས་ཡོད་པ་རེད། འོན་ཀྱང་རྫོགས་རིམ་དོན་གཉེར་གྱི་སློབ་མ་ཁྱད་པར་ཅན་ཡང་ཡོད་པ་ཡིན་པས་ན། དེ་དག་རྗེས་འཛིན་གྱི་ཆེད་དུ། དེའི་རྗེས་ལ་མན་ངག་ལུགས་ཀྱིས་ཟུར་དུ་བཤད་པའི་ཕྱག་ལེན་ངེས་པར་མཛད་དགོས་པ་ཡིན་ཞིང་། དེ་བཞིན་ཕྱག་ལེན་ཡང་བྱེད་ཀྱིན་ཡོད་པ་རེད། འདི་ལ་དགོས་པ་ཅི་ཡོད་སྙམ་ན། རྒྱུད་དང་མན་ངག་གི་ལུགས་གཉིས་ཀ་འདོར་ལེན་གྱིས་གནད་གཅིག་ཏུ་དྲིལ་ནས་བསྐུར་བས། གནས་སྐབས་སུ་ལག་ལེན་ཁྱེར་སླ་ཞིང་སྟབས་བདེ་བ། བརྒྱུད་ནས་རྒྱུད་དང་མན་ངག་གི་ལུགས་གཉིས་གཅིག་རྒྱུན་གཅིག་གིས་འཚོབ་ནས་གཉིས་ཀ་མི་ནུབ་པར་ཆབས་ཅིག་ཏུ་དར་ཞིང་རྒྱས་པར་འགྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་པར་གསུངས། དེ་ལྟར་བཤད་པར་བྱས་ན། སྤྱིའི་འགྲོས་དང་དགོས་པ་རྒྱུ་མཚན་རགས་ཙམ་ཞིག་མཁྱེན་པ་ཡིན་ཡང་། ད་དུང་ཞིབ་ཏུ་དཔྱད་པ་གཏོང་མཁན་ཞིག་གིས་བསམ་བློ་བཏང་ན། རྒྱུད་ཀྱི་ལུགས་ལ་དབང་ཆོག་རྩ་བ་སུམ་ཅུ་སོ་དྲུག་དེ་ཉིད་ཆུ་བོ་བཞི་རྫོགས་ཀྱི་ཚུལ་དུ། དབང་རྣོན་རང་བཞིན་གྱིས་སྣོད་དུ་གྱུར་བར་ཐུན་མོང་ཐུན་མིན་གང་རུང་གི་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཞེས་གསུངས་ཡོད་པ་མ་ཡིན་ནམ། འོ་ན་དེ་བསྐུར་སའི་སྒྲུབ་དཀྱིལ་དེ་ཐུན་མོང་ལ་ངོས་འཛིན་ནམ་ཐུན་མིན་ལ་ངོས་འཛིན། ཡང་ན་གང་བྱུང་གདམ་ཀ་ཅན། གང་ཡིན་ཀྱང་ཆོག་རྒྱུ་ཅན་ཨེ་རེད་ཅེ་ན། དེའི་ཤན་དང་ཁྱད་པར་འབྱེད་དགོས་པ་མ་ཡིན་ནམ། གཞན་ཡང་མན་ངག་གི་ལུགས་ཀྱི་ཡན་ལག་གི་དཀྱིལ་འཁོར་དྲུག་ལ། ཕྱི་དབང་རྒྱུད་ཀྱི་ཆུ་བོ་བསྐུར་བ་རེད། ནང་དབང་འབྱུང་བའི་ཆུ་བོ་དང་སྒྲུབ་དབང་གྲགས་པའི་ཆུ་བོ་གཉིས་རྩ་བའི་དཀྱིལ་འཁོར་དུ་བསྐུར་དགོས་པ་ཡིན་ན། རྩ་བའི་སྒྲུབ་ཁོག་གཅིག་ལས་མེད་པས་འདིའི་ཐུན་མོང་དང་ཁྱད་པར་གྱི་ངོས་འཛིན་ཇི་ལྟར་བྱེད། རྩ་བའི་སྒྲུབ་ཁོག་གཅིག་པོ་དེ་ལ་འདྲེན་པའི་ལས་བྱང་ཆེ་ལས་ཀྱི་དགོངས་པ་དང་མཐུན་པའི་ཚོགས་ཆེན་འདུས་པ་རྩ་བའི་དཀྱིལ་འཁོར་ཐུན་མོང་པ། མ་ཧཱ་དང་འབྲེལ་བའི་སྦྲེལ་ཚུལ་དང་། རྩ་རྒྱུད་ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ཀྱི་དགོངས་པ་ལྟར། རྩ་དཀྱིལ་ཐུན་མིན་དུར་ཁྲོད་གསང་བའི་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པའི་བསྐྱེད་རིམ་སྟེ། ཨ་ནུའི་རང་ལུགས་རྩལ་འདོན་གྱི་གསལ་འབྱེད་ཇི་ལྟར་བྱེད་པའི་ཚུལ་སོགས། འདི་དག་གི་དགོངས་གནད་ཞིབ་ཏུ་མ་ཁྲོལ་ན། སློབ་མ་མ་ཟད་སློབ་དཔོན་ཕལ་ཡང་། རང་མགོ་མ་ཐོན་རོགས་མགོར་ཅ་ཅོ་དོན་མེད་དུ་སྒྲོག་པའི་དབང་བསྐུར་ཐོབ་ཀྱི་གཟུགས་བསྙན། ཐོབ་ཡིག་འགོད་བྱེད་ཙམ་ལས་ཕན་པ་མེད་པར་འགྱུར་མི་སྲིད་པ་མ་རེད་ལ། དེ་བས་ཀྱང་ཆོས་ལ་དབང་ཟའི་ཉེས་ལྟུང་རིན་གྱིས་ཉོ་བར་བག་ཡོད་བྱ་དགོས་པ། རང་གཤིས་དཔེ་མཚོན་ལ་བཞག་ནས། གཞན་ལ་ཕན་ཞིང་བསྟན་ལ་ཕྱི་དོར་གྱི་ཆེད་དུ་དེ་ལྟར་ལྷུག་པོར་ཞུས་པའི་ཚུལ་བྱས་པ་ཡིན། འདིའི་རྒྱུད་དོན་གྱི་ཐད་ནས་ད་དུང་དུས་ཚོད་ཡོད་ན་རིམ་གྱིས་ཞུ་རྒྱུ་བྱེད་ཆོག ད་རེས་འདི་ན་འདུས་པ་འདི་འདྲའི་མང་པོ་ཞིག་གི་ནང་ནས་འོ་བརྒྱལ་ཆེ་ཤོས་སུ་ཡིན་ཟེར་ན། རིས་མེད་ཆོས་བརྒྱུད་ཆེན་པོ་ཁག་སོ་སོ་ནས་ཕེབས་པའི་མཁན་པོ་དགེ་བཤེས་རེ་རེ། ཉིན་ལྟར་དགེ་འདུན་འདུས་པ་ཁྲི་གྲྭར་ཉེ་བ་ལ་སྐུ་དངོས་ཕེབས་ནས་དབང་རྫས་འགྲེམ་པའི་འོ་བརྒྱལ་གནང་གིན་ཡོད་པ་རེད། རྫོགས་ཆེན་ཚང་གི་མཁན་ཆེན་རྣམ་གསུམ་གྱིས་དབུ་མཛད་དེ། མཆོད་མེའི་ཚ་དྲོད་ཆེ་བ་འདིར་མི་འཛེམ་པར་བྱོན་པ་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། ཕྱོགས་ནས་ཕེབས་པའི་དབང་འགྲེམ་མཛད་པའི་མཁན་པོ་དང་དགེ་བཤེས་འདི་རྣམ་པ་ཐམས་ཅད་རེ་རེ་བཞིན་དུ་ཆ་རྒྱུས་དེ་འདྲ་མི་ཆེ་ཡང་། མདོར་ན་དགོན་སྡེ་བརྒྱ་ཕྲག་མང་པོའི་གྲྭ་སྟོང་གྲྭ་མང་པོ། ཁྲི་ལ་ཉེ་བའི་ནང་ནས་བདམས་བསལ་བྱས་པ་རེད་འདུག འདིར་བཞུགས་སྐྱབས་ཡུལ་དགེ་འདུན་འདུས་པའི་སྡེ་ཆེན་པོ་ལ། ངོ་མ་བཤད་ན་ངས་གཙུག་ལག་ཁང་གི་སྒོ་ཁ་ནས། ཉིན་རེར་ཐོག་མར་ཕྱག་གསུམ་རེ་འཚལ་དགོས་ས་རེད་མོད། འོན་ཀྱང་འདྲ་མ་ཆགས་པ། འཇིགས་ཁ་བྱེད་བཞིན་པ་ལྟ་བུར་འགྱུར་དོགས་ཀྱིས། ཁྲི་རྩ་འདི་ནས་ཕྱོགས་བཅུའི་དགེ་འདུན་འདུས་པའི་མཆོག་གསུམ་ཡིད་ཀྱིས་དམིགས་ནས་ཕྱག་གསུམ་རེ་འཚལ་བཞིན་ཡོད། དེའི་ཐོག་ཏུ་པདྨ་ཐང་འདི་ལ་རྟེན་གཞི་གཙོ་བོར་མཛད་པའི་པདྨའི་འོད་སྣང་ཚོགས་པ་ཟེར་བ་ཞིག་བཙུག་ཡོད་ན། ཕྱོགས་ཀྱི་བསྟན་འཛིན་གྱི་བླ་ཆེན། ཁོང་རྣམ་པ་ཚོགས་གཙོ་བཅུ་བོའི་ཐུགས་ཁུར་བཀོད་སྒྲིག་གི་འོག་ནས། ད་རེས་ཀྱི་དབང་ཆེན་ཉི་མ་བཅོ་ལྔ་ལ་བསྐུར་རྒྱུའི་གནས་བབ་འདི་བྱུང་བ་རེད། འདིའི་ཕྱི་ནང་གསང་གསུམ་གྱི་ཐུགས་འགན་ཆེན་པོ་བཞེས་བཞིན་ཡོད་པ་དང་ཆབས་ཅིག་ཏུ། ཉིན་རེ་བཞིན་ཁོང་རྣམ་པས་གཙོ་བོར་མཛད་ནས་དགེ་འདུན་པར་གསོལ་ཚིགས་དྲངས་བར་རྗེས་སུ་ཡི་རང་བྱེད་ཀྱི་ཡོད། རེ་རེ་བཞིན་མཚན་ཐོ་ད་དུང་ཤེས་མ་སོང་ཡང་རིམ་བཞིན་རྗེས་མར་བསྒྲག་ཡོང་རྒྱུ་རེད། ང་ལ་ཡང་ཉིན་རེ་བཞིན་ཉིན་གུང་གི་གུང་ཚིགས་ལ། ཤིང་གི་སྒོག་ཕོར་ཞིག་གི་ནང་ནས་གང་རེ་བསྐྱལ་ཡོང་གིན་འདུག་པས། ངས་ཀྱང་དེ་ཟོས་ནས་ཡོན་བསྔོ་བ་བྱེད་ཀྱིན་ཡོད། དེ་འཕྲོར་རང་རེ་ཡོད་ས་འདི་པདྨ་ཐང་རེད། འདིའི་ཕྱི་ནང་གཉིས་ཀའི་ཚུགས་སྲིད་པ། རྟེན་གཞིའི་བཞེངས་བསྐྲུན་གྱིས་མ་ཚད། བྱ་བཞག་བཀོད་པ་ཐམས་ཅད་མི་གཅིག་ལ་བརྟེན་ཡོད་པ་རེད། དེ་སུ་རེད་ཅེ་ན་རྫ་མུ་ར་སྤྲུལ་སྐུ་རེད། ངས་འདིའི་བདག་སྐྱོང་གི་འགན་སྤྲད་ནས་མི་ལོ་དེ་འདྲའི་གྲངས་ཀ་ཅན་ཞིག་ལ། རང་དོན་ཐོས་བསམ་བློས་བཏང་གིས་བྱ་བ་འདི་ལ་འབད་བཞིན་ཡོད་པ་རེད། དེའི་བཀོད་ཁྱབ་ཀྱི་འོག་གི་བརྒྱད་སྡེ་གྲྭ་ཚང་། བཙུན་མའི་སྡེ་དང་བཅས་པས་ཉིན་མཚན་ལྟོས་མེད་ཀྱི་ལྷག་བསམ་འབད་པ་ལྷོད་མེད་ལ་མ་ལྟོས་པའི། དེང་གི་པདྨ་ཐང་གི་ཆོས་སྒར་ཞིག་ཡོད་པ་མ་རེད། ངས་ནི་ཉིན་གུང་ཅ་ནེ་རེ་སྔོན་དུ་འཇོག་རྒྱུ་དང་། ཆོས་དུང་རེ་བུས་དུས་སྐྱིལ་ཆུང་གི་སྒོ་ལ་བུད་རྒྱུ་ལས་ཕན། དོ་ཁུར་སྣ་ཁ་གཅིག་ཀྱང་བྱེད་ཀྱིན་མེད། དུས་རྒྱུན་མི་དང་གཏུག་འདོད་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ད་སྔོན་མིའི་ཁྱུ་ནས་བསྡད་བསྡད་བཤད་བཤད་ལས་ལས་ཀྱིས་དམུས་ནས། མི་ཁྱུ་ནས་བུད་དེ་རི་དྭགས་བཞིན་དུ་མི་སྒྲ་ཁྱི་སྐད་ལ་དོགས་འདྲོག་བྱེད་བཞིན་ཡོད་པ་རེད། འདི་དག་ས་འདིར་ཕེབས་པའི་འདིའི་འཁོར་ཡུག་གི་སྣང་ཚུལ་རེད། རྣམ་པ་ཚང་མ་འདི་རུ་བཞུགས་པའི་རིང་ཐུགས་ལྷོད་ལྷོད། གུ་ཡངས་ཡངས་མཛོད། ས་ཆ་འདི་ཅི་འདྲ་ཞིག་རེད་ཅེ་ན། སེམས་ཀྱི་ངལ་གསོའི་བསྟི་གནས་ཤིག་རེད། རི་ཁྲོད་པ་ལ་ཟང་ཟིང་གི་འབྱོར་འཁོས་ཆེ་བ་མིན་མོད། དམ་པས་བསྔགས་པའི་དབེན་རིའི་རང་བྱུང་གི་ཡུལ་ལྗོངས་མཛེས་པ་མ་ཟད། ཏིང་འཛིན་ངང་གིས་འཕེལ་བའི་ས་ཆ་ཡིན། འདིའི་བཞུགས་གནས་སོགས་ཀྱི་གྲ་སྒྲིག་ཆ་ཚང་བྱེད་མཁན་དེ་པདྨ་ཐང་དང་། ཚོགས་པའི་ཚོགས་གཙོ་དག་གི་གཙོ་སྐྱོང་གི་འོག་ནས། ས་འདིའི་འབྲོག་རུ་སྡེ་བ་ཟེར་རྒྱུའི་འབྲོག་རུ་བསོད་ནམས་ལྷ་སྡེ། རུ་སར་སྡེ་བ་ཞིག་ཚུར་བརྒྱབ་པའི་སྡེ་ཤོག་ཚོ་བ་བཅུ་གསུམ། མོ་དུད་སྟོང་རུ་ཕྱེད་གཉིས་ཀྱི་མི་རྒྱུ་གཉིས་ཀ་ཕུད་ནས། ས་འདི་ལ་དགེ་འདུན་པའི་འདུས་ཚོགས་ཤིག་ནམ་འཚོགས་ལ་ཞབས་ཕྱི་སྣེ་ལེན་བྱེད་བཞིན་ཡོད་པ་རེད། སྡེ་དགོན་ཡུལ་གཉིས་ཀ་སྲོག་གཅིག་གིས་འབྲེལ་བ་ཡིན་པ་དེ། ང་རྟ་ཐོག་བླ་མ་ཡིན་དུས་ནས་ཁ་བཤད་གཏམ་དོན་ལ་དྲིལ་ནི་བོ་ཡིན་ནི་རེད། མདོར་ན་འདིའི་འཁོར་ཡུག་གི་གཙང་སྦྲ་ཞིག་བྱས་པ་ཚུན་ཆོད་ཀྱི་ཁ་ལག་པས་འབྲེལ་ཚད། བྱས་པ་དོན་ཡོད་བསོད་ནམས་ཆེན་པོ་བསགས་པ་ཡིན་པས་ངས་ཡི་རང་དང་བསྔོ་བ་བྱེད་བཞིན་ཡོད། དགེ་འདུན་འདུས་པའི་བྱིན་རླབས་ཀྱིས་འགྲུབ་ཀྱང་འགྲུབ་རྒྱུ་རེད་བསམ། དེང་སང་ནམ་ཟླ་སྟོན་མཇུག་ལ་ཉེ་གྲབ་ཡོད་པས། ཉིན་རེ་བཞིན་གྲང་ལྷག་གི་སྟོབས་རྒྱས་བཞིན་ཡོད་པས། རྣམ་པ་ཐམས་ཅད་ཀྱི་སྐུ་གཟུགས་ལ་རང་རང་གིས་ཐུགས་ཆགས་མཛོད། ཉིན་བཅོ་ལྔ་ཟླ་ཕྱེད་ཞིག་ལ་གནས་འདི་ནས་ཆོས་ལ་མཉམ་དུ་ལོངས་སྤྱད་ནས། ཉིན་རྗེས་མ་གསུམ་ལ་དབང་དང་ལྷན་དུ་སེམས་བསྐྱེད་འབུམ་མཆོད་འཚོགས་འཆར་རེད། ད་ལོ་ཕན་ཆད་ནས་སེམས་བསྐྱེད་འབུམ་མཆོད་དེ་དགེ་སློང་གི་དགེ་འདུན་རྐྱང་བས་འཚོགས་འཆར་ཡིན། ད་ལོ་ཐེངས་དང་པོ་ད་ལྟའི་གནས་སྐབས་ལ་འདིར་བཞུགས་ཀྱིས་མཚན་ཐོ་བཀོད་པ་དེར་བལྟས་ན་དགེ་སློང་ལྔ་བརྒྱ་ལྷག་ཞིག་འདུག འཚོགས་པའི་གནས་སྐབས་ན་འདུལ་གཞུང་དང་མཐུན་པར་བསླབ་གྲལ་བསྒྲིགས་ནས་འཚོགས་འཆར་རེད། འདིའི་ནང་ན་བསྙེན་པར་རྫོགས་ནས་ལོ་ཉི་ཤུ་བར་མ་ཆད་དུ་ལོན་པ་རྐྱང་པ་ཉིས་བརྒྱ་ལྷག་ཞིག་འདུག་ཟེར། དུས་སྙིགས་མའི་སྐབས་སུ་ངོ་མཚར་ཅན་གྱི་བསོད་ནམས་ཀྱི་ཞིང་ས་ཁྱད་པར་ཅན་རེད། དབང་ཞུ་བ་ཐམས་ཅད་ཐེངས་འདིར་ཟུར་ནས་འཚོགས་སུ་ཞུགས་ཆོག་པའི་འཆར་གཞི་ཡིན། ད་རེས་ཀྱི་དབང་ཆེན་འདི་སེམས་བསྐྱེད་འབུམ་མཆོད་ཀྱི་མཆོད་པ་སྨོན་ལམ་གྱིས་མཐའ་བརྒྱན་པའི་རྗེས། རང་ཡུལ་རང་དགོན། རང་གང་དུ་ཕེབ་པའི་གནས་མཆོག་དེར་བདེ་བར་འབྱོར་བའི་སྨོན་འདུན་དང་ཆབས་ཅིག རྣམ་པ་ཐམས་ཅད་ཀྱིས་སྤྱིར་བདེ་འཇག་དང་དགོས་སུ་སྐུ་ཁམས་དྭངས་རྒྱུའི་ཐད་ནས་གོང་དུ་ཞུས་པ་ལྟར། རང་གི་སྐུ་གཟུགས་བདེ་འཇག་གི་ཐད་ནས་རང་གིས་གཟོབ། སང་ཉིན་ཡང་འཇལ་ཡོང་། དེ་རིང་གི་དབང་འགྲེམ་ཚར་བ་ཡིན་ས་རེད། དེང་འདིར་རྒྱལ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སོགས་སོ།།

ད་གཙོ་བོ་དབང་གནད་ཀྱི་དགོས་དོན་དུ་བཟུང་ནས་གཞན་གཉིས་ཞར་བྱུང་གིས་བསྒོམ་ཁྲིད་ཀྱང་འདེབས་དགོས་ཚུལ་གསུངས་ཡོད། འདི་བཞིན་དུ་ཐེག་པ་སོ་སོའི་དབང་ཐམས་ཅད་ལ་གོང་དུ་གསུངས་པ་ལྟ་བུའི་ལམ་ཁྱེར་བཞི་བསྟན་པ་དང་། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པ་འདི་དག་ཞིབ་མོའི་གོ་དོན་དང་སྦྲགས་ནས་ཞུ་རྒྱུ་ཡོད་པ་རེད་མོད་དུས་ཚོད་ཀྱིས་མི་འདངས་པས་མང་པོ་ཞིག་མི་བཤད། ཡིན་ན་ཡང་དབང་བསྐུར་ཟེར་རྒྱུ་འདི་ཅི་ཞིག་གི་དོན་རེད་ཟེར་ན། རྒྱུད་སྨིན་པའི་ཆེད་རེད། རྒྱུད་སྨིན་པ་ཅིའི་དོན་ཡིན་ན་གྲོལ་བའི་ཆེད་རེད། དེ་ལྟ་བུའི་སྨིན་གྲོལ་གཉིས་ཀ་འདི་བྱེད་པ་གཅིག་མཐུན་ཡིན་པའི་དབང་གིས། གཞི་འབྲས་གཉིས་ཀ་དབྱེར་མེད་དུ་ལམ་གྱིས་སྦྱོར་དགོས་པ་ཡིན་པས་ན་གཞི་ལམ་འབྲས་བུའི་རྣམ་གཞག་འདི་བྱུང་བ་རེད། ལམ་ཞུགས་ལྷ་མིིའི་ཐེག་པ་ནས་དང་པོ་ཞུགས་ཏེ། མངོན་མཐོ་དོན་གཉེར་གྱི་བསམ་པ་ཞིག་ཐོག་མར་སྐྱེས་པ་ནས་བཟུང་སྟེ་ལྟ་སྒོམ་སྤྱོད་གསུམ་རང་ཤུགས་ཀྱིས་འབྲེལ་བ་ཞིག་རེད། དེ་ཡིན་ན་འདི་དག་གི་སྐོར་ནས། གཞུང་ལུགས་པས་ཐོས་བསམ་མཛད་རྒྱུ་དེ་བསྒོམ་པ་ལ་དྲིལ་ཏེ་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་གྱི་གནད་རེ་འཛིན་རྒྱུའི་གོ་བསྡུར་དང་། དེའི་འཕྲོས་སྤོང་བ་བསམ་གཏན་པ་ཞིག་ལ་མཚོན་ན། དེ་བཞིན་དུ་འཇིག་རྟེན་པའི་བསམ་གཏན་ལ་ལམ་དུ་བྱས་པ་ལས་འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་ཁྱད་པར་འདོན་ལུགས་དང་། དེ་ལས་ཀྱང་ཐབས་དང་ཤེས་རབ་ཁྱད་འཕགས་ཀྱིས་ཁྱད་པར་དུ་བྱས་ཏེ་གཉིས་ལ་མི་གནས་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་རྣམ་པ་གཉིས་ཀྱི་འཇུག་རིམ་དང་སྐྱེ་རིམ་ནས་བཟུང་སྟེ། སང་ཉིན་བསྐུར་རྒྱུའི་བྱང་སེམས་ཐེག་པའི་དབང་གི་གོ་དོན་ལ་སྦྱོར་རྒྱུ་དེ་འདྲའི་ཞུ་བྱ་མང་པོ་ཞིག་ཡོད་ཡོད་པ་རེད་དེ། ང་ཚོའི་དུས་ཚོད་ཀྱིས་དེ་ཙམ་མི་འདང་ན་ཡང་། དབང་ཐུན་རེ་ཞུས། དབང་གི་དཀྱིལ་འཁོར་རེ་རེའི་ནང་ནས་དབང་ཆེ་ཆུང་ལ་མ་ལྟོས་པའི་དབང་གང་ཞུས་ན། མདོར་ན་ཆོས་ཐུན་རེ་ཞུས་པས་རང་རྒྱུད་ལ་ཉམས་ལེན་གྱི་གནད་རེ་ཟིན་དགོས་ལ། དེའི་ཡོང་སྒོ་དེ་མེད་བཞག་ན། ཉིན་ཞག་ཉི་མ་ཁ་གྲངས་བརྩིས་ནས་ཐོབ་ཡིག་ཅིག་རྐྱང་བ་བཀོད་པ་དེ་དོན་འབྲས་ཆེན་པོ་མ་རེད། སྒོམ་བསམ་གཏན་ཟེར་རྒྱུ་འདི་ལའང་དབྱེ་རིམ་མང་པོ་རེད། ལྷ་མིའི་ཐེག་པའི་དབང་ནས་བརྩམ་སྟེ་སྒོམ་རྒྱག་དགོས་རེད། ཆུ་མིག་གིས་མཐོང་བས་མི་ཆོག་པར་ཁོག་ལ་སོང་ན་སྐོམ་པ་སེལ་བའི་བྱེད་ལས་དང་དགོས་དོན་འགྲུབ་སོང་བ་ལྟ་བུ་ཞིག་ཡིན་པས། ཐོས་བསམ་གཉིས་ཀ་བསྒོམ་པའི་ཆེད་ཡིན་དུས་ཐེག་པ་གོང་འོག་གང་གི་ལམ་ལ་ཞུགས་ན་ཡང་སྒོམ་རྒྱག་དགོས། སྒོམ་རྒྱག་དུས་ལུས་ཀྱི་འདུག་སྟངས་དང་། སེམས་ཀྱི་བཞག་ཐབས་ལ་རགས་ལས་རྒྱུ་གཙོ་བོ་རེད། ལུས་ཀྱིས་རྣམ་སྣང་ཆོས་བདུན་གྱི་འདུག་སྟངས་བྱེད་རྒྱུ་སྤྱི་མཐུན་ལྟར་དུ་ཡིན་ཡང་། འདིའི་སྐབས་སུ་ལག་པ་གཉིས་ཀས་མཉམ་བཞག་བྱེད་དགོས། དེ་ཡང་ཕོའི་ལག་པ་གཡས་པ་ཐོག་དང་། མོའི་ལག་པ་གཡོན་པ་ཐོག་ཏུ་བཞག་དགོས་རེད། སྒལ་ཚིག་མདའ་ལྟར་དུ་དྲང་པོར་བསྲང་། རྡོ་རྗེའི་དཀྱིལ་ཀྲུང་ངམ་དཀྱིལ་ཀྲུང་བདེ་མོ་ཞིག་བཅས་ནས། དཔུང་པ་ལྷོད་དེ་བརྒྱངས། མགུལ་བ་ཨེན་ཙམ་བསྒུར་ནས། མིག་གིས་ཐད་དྲང་གི་བར་སྣང་ལ་བལྟས། སེམས་ཀྱི་གཞག་ཐབས་གཞན་དུ་མ་ཡེངས་པར། སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་ཡོད་པ་ཞིག་བྱས་ནས། དམིགས་པ་རྩེ་གཅིག་གར་གཏད་དུ་འདུག་ཐུབ་པ་ཞིག་བྱེད་དགོས། ལས་དང་པོ་པས་སྒོམ་རྒྱག་དུས་དེ་བཞིན་གཤེགས་པའི་སྐུ་གཟུགས་གསེར་ལྟར་དྭངས་བ། མཐོང་ན་མི་མཐུན་པ་མེད་པ། བྱིང་ན་ལྷ་གང་བསྒོམ་ན་སོ་སོའི་ཆོ་གའི་མངོན་རྟོགས་བཞིན་དུ་དྭངས་ཞིང་དད་པའི་སྒོ་ནས་དྲན་པ་དང་ཤེས་བཞིན་མ་བྲལ་བཞིན་དུ། གསལ་སྣང་དེའི་ངང་ཡང་དང་ཡང་དུ་མཉམ་པར་བཞག་དགོས། དེའི་འཕྲོས་གོང་ནས་གསུངས་པ་བཞིན་ཚད་མེད་བཞི་བསྒོམ། དེ་ཡང་མན་ངག་གི་ལུགས་བཞིན་དུ། ཐོག་མ་བཏང་སྙོམས་ནས་འགོ་བཙུགས་པའམ་ཡང་ན་སྤེལ་མར་སྒོམ་རྒྱུ་སོགས་གང་ལ་ཅི་འོས་བྱེད་དགོས། གཙོ་བོ་འདི་ནས་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བསྒོམ་དགོས་པ་རེད། འུ་བུ་ཚོས། དང་ནས་རམང་ཆེ་བས་སེམས་གནས་ཙམ་མ་གོམས་པ་ཞིག་གིས་མཐོ་བརྙབས་ཀྱིས། ཐེག་པ་དགུ་ཡི་ཡང་རྩེ་རྫོགས་ཆེན་མན་ངག་སྡེའི་དངོས་གཞིའི་སྒོམ་ལ་སྔོན་འགྲོའི་བསགས་སྦྱང་སོགས་བུ་ལོན་ཕྱིར་འགྱངས་བྱས་ནས་སྔ་སྒོམ་བྱེད་འཇོག་པ་རེད་མོད། དབང་རྣོན་ཚེ་རབས་འདི་འམ་སྔོན་གྱི་སྦྱངས་པ་ཅན་ལ་དེ་མི་འགྲིག་པ་མ་རེད་དེ། དེའི་ཆ་ཚད་གལ་ཏེ་མ་ལོངས་དུས། དེས་ཆོས་ལ་དབང་ཟ་བ་རེད་ཟེར་ནས་བཀའ་སྲུང་དེའི་སྟེང་ནས་ཆད་པ་གཅོད་སར་དངོས་སུ་ཐོན་འཇོག་པ་མི་མཐོང་ན་ཡང་། མ་གཞི་བཤད་ན་སྒྲ་རྣ་བས་ཐོས་པ་ཙམ་ལས་དོན་ལ་རྟོག་དཔྱོད་ཙམ་ཡང་ཞུགས་མ་མྱོང་ན། དེ་འདྲ་བར་ཐོབ་ཉམས་གཉིས་ཀ་མེད་པ། ཐོབ་པའི་ཕན་ཡོན་མེད་དུས་ཉམས་པའི་ཉེས་དམིགས་ཤིག་གང་ན་ཡོད་དེ་མེད་རྒྱུ་ཅན་པོ་རེད། དེ་འདྲའི་རིགས་དང་། ཡང་དང་པོ་དད་པའི་ཤུགས་ཆུང་། བར་དུ་དཔྱད་ཐབས་ལ་རྨོངས་སོང་བའམ་བརྩོན་པས་མ་འདང་བ་གང་ཡིན་ན། ཁྲིད་ཁ་ཐེངས་ག་ཚོད་ཞུས། ཁྲིད་སྦྱོང་ལོ་ག་ཙམ་བྱས་རུང་། རྒྱུད་འགྱུར་བའི་ཁྱད་པར་ཙམ་ཡང་གར་སོང་འདིར་བརྒྱབ་མེད་པ་དེ། སྦྱངས་པ་གནད་ལ་མ་སོང་བའི་རྟགས་ལྷང་ལ་བུད་པ་རེད། དེ་འདྲའི་རིགས། རང་གིས་མྱོང་བས་རང་ལ་བལྟས་ན་མ་གཏོགས་གཞན་གྱིས་ཤེས་རྒྱུ་ཅན་ཞིག་མ་རེད་དེ། གཞན་གྱི་མཐོང་ཚུལ་ལ་ཡང་། ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་མེད་པ་སོགས་ཀྱི་ཚད་གཞིར་འཕང་དུས། ཅུང་ཟད་ཅུང་ཟད་རྒྱུད་དཔོགས་ནུས་རྒྱུ་ཞིག་ཀྱང་ཡིན་ས་རེད། འཇིག་རྟེན་པའི་སྒོམ་ཙམ་མ་ཤེས་དུས་འཇིག་རྟེན་ལས་འདས་པའི་སྒོམ་ཡོང་དོན་ཅི་ལ་ཡོད། བསམ་གཏན་བཞི་དང་གཟུགས་མེད་ཀྱི་སྙོམས་འཇུག་བཞི་བསྒོམ་ནས། དང་པོ་བསམ་གཏན་བཞི་སྒོམ་དགོས། འདིའི་སྐོར་གྱི་དབྱེ་བ་དང་ཞིབ་ཕྲའི་གོ་དོན་མང་པོ་རེད། གཞུང་བཤད་པ་ཐམས་ཅད་ཀྱིས་མཁྱེན་བཞིན་པ་རེད་དེ། གཙོ་བོ་བསྒོམ་ལ་དྲིལ་ནས། ཐོས་དོན་བསམ། བསམ་དོན་བསྒོམ་པར་དྲིལ་རྒྱུ་འདི་གལ་ཆེན་རེད། དེ་འདྲ་ཡིན་དུས། ཐེག་པའི་རིམ་པར་ཞུགས་པ་ཐམས་ཅད་ཀྱིས་ཐོག་མར་ཏིང་ངེ་འཛིན་དེ་དང་དེའི་ཡོན་ཏན་བསྐྱེད་ནས། ཏིང་ངེ་འཛིན་གྱི་ཡོན་ཏན་ཐོབ་པ་དེའི་སྟེང་ནས་རིམ་གྱིས་གོང་མའི་ཁྱད་པར་བགྲོད་དགོས་རྒྱུ་འདི། བདག་ཅག་གི་སྟོན་པས་ཀྱང་དེ་ལྟར་བསྒྲུབས་པའི་ཚུལ་སྟོན་པར་མཛད་པས་ཀྱང་མཚོན་པ་རེད། འདི་འདྲའི་སྐོར་ལ་བསམ་བློ་བཏང་ན། ང་ཚོའི་དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ་གསུམ་གང་གི་མཚན་ཐོག མན་ངག་ཁྲིད་གཞུང་ཅི་ཞིག་གི་ཐོག་ནས་བསྒོམ་ན། མདོར་ན། སྒོམ་བརྒྱབ་ནས་འདོད་སེམས་རྩེ་གཅིག་པའི་ཞི་གནས་ཙམ་ཡང་མ་འགྲུབ། འདོད་པའི་ཁམས་ཀྱི་འདོད་ལ་འདུན་པའི་ཁ་ཞིག་བྲི་མེད་ན་ནི། བསམ་གཟུགས་ཀྱིས་མི་ཚད་དགེ་འདུན་ཉི་ཤུ་བློ་ལ་སོང་ནས་སྦས་དོན་ས་ལམ་གྱི་རྣམ་བཞག་ངག་ཐོག་ནས་ཆུ་རྒྱུག་རྒྱུག་ཡིན། བསྒོམ་བརྒྱབ་ནས་ཉིན་མཚན་ཚོ་འདྲེས་ལ་ཁད་ཡིན་ཟེར་རུང་། དངོས་གཞི་གཟུགས་ཁམས་ཀྱི་བསམ་གཏན་ཙམ་ཞིག་འགྲུབ་ཡོད་མ་རེད། དེ་འདྲ་ཡིན་དུས་ཉམས་ལེན་སྔོན་འགྲོ་བློ་སྦྱོང་གི་སྐོར་ནས་འགོ་བསྐྱར་འཛུགས་ཞིག་དང་། ཐེག་དགུའི་ལམ་གྱི་བགྲོད་རིམ་དེ། ལྷ་མིའི་ཐེག་པ། དང་པོ་མྱི་ངོ་མ་ཞིག་བྱེད་ས་ནས་ཡར་མཐོ་རིས་ཀྱི་རྟེན་བཟང་གི་མཚན་ཉིད་དེ་ལྡན་པར་བྱས་ནས། དེ་ནས་སེམས་གནས་དགུ་ཡི་སྣེ་ནས་བཟུང་སྟེ། སྒོམ་བསམ་གཏན་གྱི་སྐོར་ལ་ཡང་འཇུག་ཞིག་བྱེད་རྒྱུ་འདི་བརྟུལ་ཞུགས་ཀྱིས་རྒན་ཡང་ཏིང་འཛིན་གྱིས་བྱིས་པ་ཡིན་པའི་རང་རྒྱུས་ཡོད་ལ་བལྟས་ནས། ལས་དང་པོ་བའི་འཇུག་རིམ། ལོ་རིམ་དང་པོའི་སློབ་དེབ་ཀྱི་འགོ་གཞི་བཟུང་ཞིག་བྱེད་ན། དེ་འཕྲོད་ནི་མི་ཉུང་བ་ཞིག་ཡོད་ན་མི་ཤེས་བསམ་པ་རེད། དབང་གང་ལ་གསན་བཞེས་གནང་ན་དེའི་རང་ལམ་དེ། ཡིན་ན་མིན་ན་སྒོམ་དགོས། རྒྱུད་སྨིན་པར་བྱེད་རྒྱུ་དེ། དེ་ཉིད་གྲོལ་བར་བྱ་རྒྱུའི་ཆེད་རེད། གྲོལ་སྨིན་མ་གསུངས་སྨིན་གྲོལ་གསུངས་རྒྱུ་ཡང་རིམ་པ་དེ་བཞིན་ཡིན་པས་རེད། སྨིན་པ་དེ་ཉིད་གྲོལ་བར་མ་གྱུར་གྱི་བར་རྒྱུན་བརྟན་པའི་ཆེད་དུ་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་གི་རྣམ་བཞག་གསུངས་པ་རེད། ཨ་ནུ་ཡོ་ག་འདིའི་དམ་ཚིག་ལ་བསམ་བློ་བཏང་ན་གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་ཉི་ཤུ་རྩ་བརྒྱད། ལྷག་པའི་བཞི་ལ་སོགས་པ་རྣམ་གྲངས་དགུ་ཡིས་བསྟན་ཡོད་རེད། དེའི་ནང་གི་དང་པོ་གལ་མདོ་ངེས་པའི་དམ་ཚིག་བཞི་ནི། ལུས་ངག་ཡིད་གསུམ་དང་། སྤྱོད་ཡུལ་བཞི་པོ་ཡོངས་སུ་དག་པའི་ཐད་ཀྱིས་བདེ་བར་གཤེགས་པའི་ཐུགས་མི་ཁྲེལ་བ། སེམས་ཅན་གྱི་སེམས་མི་ཁྲེལ་བ་ཞིག་བྱེད་རྒྱུ་ཞིག་གིས་བསྟན་ཡོད་ན། ལྷ་མིའི་ཐེག་པའི་དབང་བསྐུར་ཐོབ་པའི་སྐབས། དེ་ཚོའི་འགོ་བཟུང་ནས་སྲུང་བར་བྱ་རྒྱུ་ལོས་ཡིན་བསམ་པ་ཞིག་ཡིན་པ་དེ་དང་། གདམས་ངག་ངང་སྒོམ་གྱི་སྐོར་དང་འབྲེལ་ནས་འཕྲོས་གཏམ་དེ་ཙམ་རེ་བཤད་པ་ཡིན། ཞེས་གསུངས།

ཉན་ཐོས་ཐེག་པའི་དབང་གི་རྗེས་འབྲེལ་དུ་གསུང་འཕྲོས་ཕེབས་པ།

འདིའི་གདམས་ངག་ངང་སྒོམ་འདི་གལ་ཆེ་བར་འདུག་བསམ། སྤྱི་དོན་ས་བཅད་མང་པོ་བཞག་པ་རྣམས། ངོ་མའི་དུས་ཚོད་ཡོད་ན་ཞིབ་ཏུ་རིམ་པ་བཞིན་གོ་བསྡུར་བྱེད་རྒྱུ་གལ་ཆེ་མོད། གདམས་ངག་ངང་སྒོམ་གྱི་ཁྲིད་འདི་གོང་ནས་ཞལ་འཕང་བའང་རེད། དེ་ཡིན་དུས་རང་ལམ་གྱི་ཞི་གནས་དང་། ལྷག་མཐོང་དེ་བསྒོམ་དགོས། དེ་ཡང་བདེན་བཞིའི་རྣམ་པ་བཅུ་དྲུག་གི་ཚུལ་གྱིས་བསྒོམས་ཏེ། བཟོད་ཤེས་སྐད་ཅིག་བཅུ་དྲུག་གི་རབ་མཐའི་བར་ཆད་མེད་ལམ་ནས་ཟག་མེད་འཇིག་རྟེན་ལས་འདས་པའི་ཤེས་རབ་ལྷག་མཐོང་དང་འབྲེལ་བའི་ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་མངོན་དུ་མ་བྱས་ཀྱི་བར་དུ་སྒོམ་རྒྱུ་ཡོད་རེད། སྒོམ་རྒྱུ་དེ་ཡང་ངེས་འབྱུང་དང་སེམས་བསྐྱེད། དག་སྣང་ལ་སོགས་པའི་ཆ་ནས་ཆེན་པོ་གསུམ་གྱི་ལྟ་བ་དང་འབྲེལ་བའི་ཉམས་ལེན་གྱི་གནད་ལ་སྦྱར་ཆོག་གི། རང་ལམ་སོ་སོའི་ལམ་གནད་ཡར་ལྡན་དུ་རྫོགས་རྒྱུ་དེ་ལ་ལྡོག་པས་དབྱེར་རུང་བ་དང་། ཁྱད་པར་འདི་དང་བསྟུན་ནས་གདམས་ངག་ངང་སྒོམ་ལ་མི་སྡུག་པ་སྒོམ་རྒྱུ་དེ་གནད་ཆེན་རེད། ཉོན་མོངས་པས་མི་གནོད་ཐབས་སུ། སྤོང་སྒྱུར་ལམ་དུ་བྱེད་པ་ལ་སོགས་པའི་ཐབས་ཀྱི་རྣམ་གྲངས་མང་པོ་ཞིག་བསྟན་ཡོད་མོད། གོང་ནས་ཞུས་པ་ལྟར་ལོ་ག་ཚོད་བསྒོམས་ན་འདོད་འདུན་ཙམ་ཡང་སྐྱོང་མི་ཐུབ་པ་ཞིག་གིས་གཟུགས་ཁམས་ཀྱི་བསམ་གཏན་ཙམ་ཡང་མངོན་དུ་བྱེད་མི་ཐུབ་པ་ཡིན་དུས། མི་སྡུག་པ་སྒོམ་གྱི་ནར་མའི་ཐུགས་དམ་ལ་བསྟེན་རྒྱུ་དེ་གལ་ཆེན་རེད་སྙམ། གོང་དུ་མཛོད་ཀྱི་ལུང་། ཀེང་རུས་ཆགས་བཅས་སོགས་ཀྱི་ལུང་དོན་ལྟར། རང་ཉིད་ཀྱི་དཔྲལ་བའམ་ཡ་ཐོད་ཀྱི་དཀྱིལ་ནས། དང་པོ་རུས་པ་དཀར་སང་གི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསྒོམ། དེ་ལ་ཤེས་པ་གཏད་ནས་གང་མཚམས་ཞིག་ལ་དེའི་ཐོག་གཞག་ནས་བསྒོམ། དེ་ནས་རུས་པའི་ཐིག་ལེ་སྐྱ་ཐིག་ཙམ་དེ་རྒྱ་ཇེ་ཆེར་ཇེ་ཆེར་སོང་ནས། བར་གཅིག་རང་ལུས་ཐམས་ཅད་རུས་པ་སྐྱ་སང་གི་ཀེང་རུས་ཞིག་ལ་གྱུར། དེའི་འཕྲོས་གཞན་ཆགས་ཡུལ་ལ་སོགས་པ་ཡང་དེ་བཞིན་དུ་ཀེང་རུས་ཀྱི་རྣམ་པ་གཟུགས་མི་སྡུག་པ། མཐོང་ན་ཞེན་པ་ལོག་བྱེད། སྣབ་དང་ཁ་ལུད་བཤང་གཅི་གནག་ཁྲག་ལ་སོགས་པ་མི་གཙང་པའི་རྫས་སོ་དྲུག་གི་རང་བཞིན་ཅན་ཞིག་ཡིན་པ་ལ་ཡིན་པར། སྤྱོད་འཇུག་གི་ནང་ནས་འདོད་ཡུལ་མ་བརྟག་ཡིད་འོང་གི་རྣམ་པ་སྣང་རྒྱུ་འདི་ཤ་ཡི་ཞལ་ཞལ་དང་། ལྤགས་པའི་གཡོག་གིས་བཏུམ་བཞག་ཡོད་རྒྱུ་དེ་བསལ་བཞག་ན་ཀེང་རུས་ཆ་ཚང་ཞིག་རེད་ཅེས་གསུངས་པ་ལྟར་བསྒོམ། བར་སྐབས་སྣང་བ་ཐམས་ཅད་ལ་དེ་ལྟར་བྱས་པས་གོམས་ནས་ཀེང་རུས་ཀྱི་རྣམ་པ་སྐྱ་ཁྲོ་ཁྲོལ་གྱིས་གང་སོང་དུས། ཀེང་རུས་ཀྱི་འཇིག་རྟེན་ཞིག་ཏུ་འགྱུར་འགྲོ་བའི་སྣང་བ་བཞག་དགོས་པ་རེད། ད་རུང་མི་སྡུག་པ་སྒོམ་རྒྱུ་རྩལ་འདོན་བྱེད་ན། གང་ཆགས་ཡུལ་གྱི་ལུས་དེའི་དབྱིབས་དང་ཁ་དོག་རེག་བྱ་གསུམ་ལ་བརྟགས་ཏེ། དབྱིབས་དུར་ཁྲོད་དུ་འཕངས་བའི་མི་རོ་བྱ་དང་ཁྱི་སྤྱང་གི་ཟ་འཕྲོ། ཁ་དོག་རྣམ་པར་སྔོ་བ། རྣམ་པར་བམ་པ། རྣམ་པར་འབུས་གཞིག་པ་གསུངས་པ་ལྟར་དང་། རེག་བྱ་ཡང་གོང་གི་ཀེང་རུས་ཐོད་ཕྱེད་ཀྱི་མན་ངག་ལྟར་དུ་བསྒོམ། གོང་བཞིན་དེའི་ཐོད་ཕྱེད་ནས་བསྒོམ་ན་གཅིག་རེད། མཉམ་བཞག་དེ་ལས་ཐུན་སྡུད་པའི་གནས་སྐབས་ན། དང་པོ་རང་ལུས་ཙམ། དེའི་འཕྲོ་ཐོད་ཕྱེད། བརྟན་པ་ཅུང་ཙམ་ཐོབ་དུས་ཐོད་ཕྱེད་ཀྱང་ཚུར་བསྡུས་ཏེ་མི་སྡུག་པའི་ཏིང་འཛིན་ལ་གོམས་དུ་བཅུག མཐར་མི་དམིགས་པའི་ངང་དུ་མཉམ་པར་བཞག ཡང་ཆགས་སྡང་འགག་སྟེ་སེམས་ལས་སུ་རུང་དུས། ལྷག་མཐོང་གི་སྒོམ་ལ་གོམས་པར་བྱ་དགོས་པ་རེད། གོང་ནས་བཤད་པའི་ལམ་ལྔའི་སྐབས་ཀྱི་དྲན་པ་ཉེར་བཞག་ལ་སོགས་པའི་བྱང་ཆོས་རྣམས་བདེན་བཞིའི་རྣམ་པ་བཅུ་དྲུག་རང་ལམ་གྱི་ལྷག་མཐོང་སྒོམ་རྒྱུའི་སྐབས་དོན་གྱི་དགོས་ཆོས་རེད་མོད། གོང་མའི་ལམ་སྟེགས་ལ་གང་ཟག་གི་བདག་མེད་སྒོམ་པའི་ལྟ་ཁྲིད་དེ་འདི་ནས་གོམས་ན་ཤིན་ཏུ་ནས་ཀྱང་ཡག་གསུངས་ཡོད་རེད། ཅིའི་ཕྱིར་ན། རང་ལུས་ཉེར་ལེན་གྱི་ཕུང་པོ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་དང་ལྔ་པོ་སྤུང་པ་འདི་ལ། ང་རེད་བདག་རེད་བསམ་ནས་ང་མེད་ལ་ང་དང་བདག་མེད་ལ་བདག་གིར་བཟུང་ནས། མིན་པ་ལ་ཡིན་པར་བཟུང་བའི་གཞི་མེད་ཀྱི་སྒྲོ་ཞིག་བཏགས། མེད་པ་ལ་ཡོད་པར་ཞེན་པའི་འཁྲུལ་སྣང་ཞིག་བཟུང་ནས། བར་སྣང་ཁམས་ནས་འབྲུག་སྐད་ངར་བ་ཞིག་ཚག་གློག་བྱེད་ན། ཀླད་དཀྱིལ་ནས་ཚ་ཤ་རེ། སུ་གཅིག་མ་དྲན་གོང་ནས་ང་ལ་བརྒྱབ་ཨེ་ཡོང་བསམ་ནས་ང་དང་ང་ཡིར་འཛིན་པ་འདི། མེད་པ་ཡོད་པར་བཟུང་བ། ཐོ་ཡོར་མི་འཁྲུལ་གྱི་རྫུན་རྐུབ་དེ་ཕུད་ནས་སུན་ཕྱུང་གཞག་ན། དེ་ཡང་རང་ཁེས་བདག་མེད་ཧང་ཧང་ཙམ་གྱིས་གོ་མི་ཆོད། ཕྱི་ལུས་ནང་སེམས་གཉིས་ཀ་ཞིབ་ཆ་བྱས་ནས་བརྟག་དགོས་པ་རེད། ལུས་རྡུལ་ཕྲན་གྱི་བར་དུ་བཤིགས། རྡུལ་ཕྲན་ཆ་མེད་ཡུལ་མེད་ཀྱི་བར་དུ་ཕར་བཤིགས། ང་ཟེར་ནས་མཛུབ་མོས་བཙུག་ས་ཕྱི་ནས་མི་རྙེད་པར་གྱུར་དུས། ནང་སེམས་ལ་ཚུར་འཁོར་ནས་ནང་སེམས་ཀྱི་རྣམ་རྟོག་འདིའི་རྒྱུན་ཕྲ་བ་སྐད་ཅིག་གི་བར་དུ་བཤིགས་ན་སེམས་ཟེར་བ་ཞིག་ཀྱང་མི་འགྲུབ་པས། གཞི་མེད་རྩ་བྲལ་ང་ཚོའི་རྫོགས་ཆེན་གྱི་ཁྲིད་བཤད་པའི་སྐབས། སེམས་ཀྱི་བྱུང་གནས་འགྲོ་གསུམ་ཉུལ་བ་དང་གཅིག་མཚུངས། མཐར་ཐུག་གི་བབས་ས་དེ་གཞི་མེད་རྩ་བྲལ་ཞིག་ལ་ཐུག་འོང་བ་རེད། དེ་ལྟར་གང་ཟག་གི་བདག་ཟེར་རྒྱུ་ཞིག་མེད་པར་རྟོགས་པའི་སྐབས་སུ་དེའི་ངང་ལ་མཉམ་པར་འཇོག་དགོས་པ་ཡིན། དེ་ལྟར་ཚིག་གིས་གཏན་ལ་ཕབ་པ་རྐྱང་བ་ཞིག་མ་ཡིན་པར། ཉམས་ལེན་གོམས་པའི་སྟོབས་ཀྱིས་དོན་གཏན་ལ་ཕབ་ཐུབ་སོང་དུས། རང་རྒྱུད་ཀྱི་བདག་འཛིན་ལྡོག་རྒྱུ་ལ་ཕན་ཐོག་ཡོད་རེད། སྨན་ཁོག་ལ་སོང་བ་ལྟ་བུ་རེད། ཉེས་པ་ཐམས་ཅད་ཀྱི་རྩ་བ་འཁྲུལ་བ་ཐམས་ཅད་ཀྱི་འབྱུང་ཁུངས། ང་དང་ང་ཡིར་བཟུང་བའམ་བདག་དང་བདག་གིར་འཛིན་པ་འདི་ཡིན་ན། འདི་ལོག་སོང་དུས་ཉོན་མོངས་ལྡོག་འགྲོ་བ་རེད། ཉོན་མོངས་ལོག་པས་ལས་ཟད། ལས་དང་ཉོན་མོངས་གཉིས་ཀ་ཟད་དུས་སྐྱེ་བ་ཟད་པ་འགྱུར་བ་ཡིན་ན། ཟད་དང་མི་སྐྱེའི་རྣམ་གྲོལ་ཐོབ་པ། འདིའི་གདམས་ངག་ངང་སྒོམ་ཀྱི་ཁྲིད་འདི་ཚོ་ཐེག་ཆེན་མ་དགོས་ཐེག་དམན་ཚོགས་ལམ་གྱི་སྣེ་ཙམ་ཡང་མ་ཟིན་པའི། བློ་ཆུང་བྱིས་པའི་ངང་ཚུལ་ཅན་དྲན་པ་ཉེར་བཞག་བཞི་ཟེར་ན་སྡེ་གང་ཞིག་གིས་མིའི་མིང་རེད་ཙམ་མ་བསམ་ན་ཡང་། དོན་གྱིས་ཆགས་སྡང་རགས་པའི་མཆོག་སྣེའམ་ཟུར་ཙམ་མ་ཉམས་པའི། ཁ་བཤད་ཙམ་རེ་རྗེས་ཟློས་ཤེས་དང་མི་ཤེས་གཉིས་ཀ་གང་ཅན་པོ་ཡིན་ན། དང་པོ་ནད་ཀྱི་ཚ་བའི་ཚ་འགོ་དེ་མ་ར་རུག་བྱེད་ཀྱི་སྨན་ལ་འདི་ཚོ་ནོར་བུ་བདུན་ཐང་ཞིག་རེད་བསམ་ཁི། མི་སྡུག་པ་བསྒོམས་ཏེ་གོམས་པ་ནས་འགོ་བཟུང་སྟེ་གང་ཟག་གི་བདག་མེད་བསྒོམ་ན། གོང་མའི་ལམ་གྱི་ལྟ་སྒོམ་ཟབ་མོ་ཁ་ཡོད་ལག་ལ་མེད་པ་ཞིག་ལས་འདིའི་ཟབ་ཁི་བསམ་པ་ཡིན། རྒྱ་ཁམས་ལ་རྩམ་པ་མང་ཡང་ཨ་ཅོའི་ཁུག་མའི་ནང་ལ་བབ་རྒྱུ་དེའི་ཨ་ཅོའི་ལྟོ་ཕོ་བའི་གཉིས་ཀའི་ཉམས་ལ་རན་ནི་རེད། གནའ་རྫོགས་ཆེན་ཨ་བུ་ལྷ་སྒང་གཤིན་རྗེ་སྒྲུབ་ཕུག་ན་བཞུགས་དུས་ཆབ་གསང་ཕེབས་སའི་ལམ་ཁར་མྱི་རུས་དཀར་སང་ཆ་རེ་བཞག་ཡོད་པ་རེད། མི་རྟག་པ་སྒོམ་པའི་རྟེན་ཡིན་གསུངས་དར་རབས་ཡོད། ང་རང་ཚོར་ཡིན་ན། མི་སྡུག་པ་སྒོམ་པའི་རྟེན་ལ་དེ་འདྲ་ཡོད་ན་བཟང་ས་ཡོད་ཁི་དྲན། མི་སྡུག་པ་སྒོམ་རྒྱུ་འདི་མི་ཤེས་རྒྱུ་མི་འདུག། དེ་ཚོ་སྒོམས་དང་གདམས་ངག་ངང་སྒོམ་གྱི་ནང་ནས་གདམས་ངག་མཆོག་གྱུར་ཡིན་ནོ་ཞེས་བསྐྱར་ཟློས་ཞིག་དང་བཅས་ཏེ། །སླར་བཀྲ་ཤིས་བརྗོད་མཐར།

ད་དེས་ཉན་ཐོས་ཐེག་པའི་དབང་བསྐུར་མན་ངག་དང་བཅས་པ་ལེགས་པར་གྲུབ་ནས་ད་འདི་ནས་གསུམ་པ་རང་རྒྱལ་གྱི་ཐེག་པའི་དབང་བསྐུར་བ་ཡིན། ཞེས་གསུངས་ནས་དབང་རྣམས་རིམ་བཞིན་བསྐུར་འཕྲལ།

རང་རྒྱལ་ཐེག་པའི་དབང་གི་རྗེས་འབྲེལ་དུ་ཕེབས་པའི་གསུང་འཕྲོས།

གདམས་ངག་ངང་སྒོམ་ལ། བསྒོམ་བྱ་གང་ཡིན་ན་འདིའི་ཐེག་པ་འདིར་རྟེན་འབྲེལ་ལུགས་འབྱུང་ལྡོག་ཡིན་པ་རེད། དེ་གདམས་ངག་གིས་སྒོམ་དུས་ཡང་འདུག་སྟངས་སྔར་བཞིན་དུ་རྣམ་སྣང་ཆོས་བདུན་བྱས། སེམས་ལས་རུང་གི་ཐོག་ནས་རང་གི་སྤྱི་བོ་རུ་གོང་དུ་གསུངས་མ་ཐག་པ་ལྟར། ལུགས་འབྱུང་གི་མཚོན་བྱེད་ལ་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་དང་། དེའི་སྟེང་གི་ཁྲི་གང་ཙམ་གྱི་སར། ལུགས་ལྡོག་གི་མཚོན་བྱེད་ཐིག་ལེ་དཀར་པོ་སྲན་མ་ཙམ། དེ་གཉིས་པོ་སྟེང་འོག་བྱས་ནས་མཉམ་པོར་བསྒོམ། དེ་ལ་ཤེས་པ་གཏད་ནས་གསལ་སྣང་བརྟན་པ་གྱུར་འདུག་བསམ་དུས། ལུགས་འབྱུང་གི་རྟེན་ཐིག་ལེ་དམར་པོ་དེ་ལ་ཆེད་དུ་ཤེས་པ་གཏད་དེ་བསྡད་པས། བར་གཅིག་དེ་ཡར་ཇེ་ཆེར་ཇེ་འཕེལ་སོང་ནས་སྟོང་ཁམས་ཁྱབ་པའི་སྣང་བ་ཐམས་ཅད་པོ་དམར་ལམ་མེ་སོང་བར་སྒོམ་དགོས་པ་རེད། དེའི་ཐོག་ནས་གཞན་ལ་མི་གཡོ་བར་རྩེ་གཅིག་ཏུ་མཉམ་པར་བཞག ཡང་ལུགས་ལྡོག་གི་རྟེན་ཐིག་ལེ་དཀར་པོ་ལ་ཤེས་པ་གཏད་ནས་སྣང་བ་ཐམས་ཅད་ཡང་དཀར་ལམ་མེར་སོང་བ་ལ་ཤེས་པ་མི་གཡོ་བར་རྩེ་གཅིག་ཏུ་མཉམ་པར་གཞག དེའི་འཕྲོར་དཀར་དམར་གཉིས་ཀ་འདྲེས་སོང་བའི་ཐིག་ལེ་སྤྱི་བོ་ནས་མར་རང་གི་ལུས་ཀྱི་ནང་ལ་བབས་ནས་སྙིང་ཁར་ཐིམ་པ་དེའི་མོད་ལ། ཆེད་འཛིན་གྱི་རྟོག་པ་མེད་པར་མ་བཅོས་པའི་ངང་དུ་མཉམ་པར་བཞག་སྟེ་བརྟན་པར་མ་གྱུར་གྱི་བར་སྒོམ་དགོས་པ་རེད། དེ་བརྟན་པར་གྱུར་སོང་དུས། འདིའི་ལྟ་ཁྲིད། ལུས་རྡུལ་ཕྲན་དུ་བཤིགས། སེམས་ཀྱི་རྒྱུན་སྐད་གཅིག་མའི་བར་དུ་བཤིགས། དེ་ཚོའི་བཤིག་ལུགས་ཉན་ཐོས་དང་འདྲ་འདྲ་ཡིན་པའི་ཐོག་ཏུ་གཟུང་འཛིན་དུ་སྣང་བ་རྡུལ་ཕྲན་དུ་གསལ་བ་དེ་ཡང་རྣམ་པར་བཤིགས་ཏེ་མ་གྲུབ་པ་དེའི་ངང་ལ་མཉམ་པར་འཇོག་དགོས་པ་རེད། དེ་ནི་འདིའི་ལྟ་ཁྲིད་ཀྱི་སྙིང་པོའམ་ཁྱད་ཆོས་ལྟ་བུ་ཡིན། གོང་གི་འབྲས་བུའི་སྐབས་བཤད་རྒྱུའི་ཐོབ་བྱ་ཐམས་ཅད་གོལ་ས་རེད། རྟོགས་བྱའི་ཡོན་ཏན་ཐམས་ཅད་ལམ་མངོན་རྟོགས་ཀྱི་རིམ་པར་འདི་བཞིན་རྟོགས་དགོས་རེད། དེས་ན་ཟག་བཅས་འཇིག་རྟེན་པ་ལྷ་མའི་ཐེག་པའི་ལམ་སྟེགས་སུ་བྱས་པའི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ནས་འགོ་བཟུང་སྟེ། ཟག་མེད་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་ལྷག་མཐོང་གིས་ཁྱད་པར་བྱས་པའི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་སྐྱེས་པ་བརྒྱུད་དེ། འཕགས་པ་རྣམས་ཀྱིས་འདུ་ཤེས་ཚོར་བ་འགོག་པའི་ཏིང་ངེ་འཛིན་ཐོབ་པ་དང་ལྷན་དུ། ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་པ་ནས་རང་རྒྱལ་གྱིས་གཟུང་བ་རང་བཞིན་མེད་པར་རྟོགས་པའི་བདག་མེད་ཕྱེད་དང་གཉིས་རྟོགས་ཀྱི་རྟོགས་རིགས་ཀྱི་བར་དེ་ལྟར་ཁྱད་པར་འཕགས་པ་ཡིན་ན། དེ་བཞིན་དུ་རིགས་འགྲེས་ཡོན་ཏན་དེ་ཉིད་ལམ་དུ་བྱས་ནས། སྟོང་ཉིད་རྟོགས་པའི་བདག་མེད་གཉིས་རྟོགས་ཀྱི་གོང་མའི་ལམ་སྟེགས་སུ་བསྐྲུན་དགོས་ཁི་ཡོད་པ་རེད། འདིའི་ལམ་ཁྱེར་གྱི་གདམས་པ་འདི་ཚོ་ཡང་གོ་བདེ་ལ་ཉམས་ལེན་རང་རྒྱུད་དུ་འཕྲོད་པའི་སྨན་ཆེན་པོ་ཡིན་པ་སྨོས་ཅི་དགོས། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལ་བཟང་ངན་དུ་ཕྱེ་སྲོལ་ཞིག་གང་ན་ཡོད། གདུལ་བྱ་དེ་དང་དེའི་རིགས་ཅན་ལ་མེད་དུ་མི་རུང་བའི་ཟབ་ཆོས་ཡིན་དུས། ཐེག་དགུའི་རིམ་པ་གང་ནས་བཤད་ན་ཐམས་ཅད་གཅིག་ལས་གཅིག་ཟབ་རྒྱལ་བའི་བཀའ་དང་། དམ་པའི་ལེགས་བཤད་ལས་གཞན་དུ་འབད་པ་བྱས་ནས་གྲུབ་འབྲས་ཐོན་འོང་རྒྱུ་ཞིག་སྔར་མ་ཡོད། ད་ལྟར་མ་བྱུང་། ཕྱི་ནས་མི་འབྱུང་པའི་ངེས་པ་ཚིག་ཐག་བཅད་ཆོག་པ་རེད། གཞུང་ལུགས་གདམས་པར་དྲིལ་བའི་ཉམས་ལེན་གྱི་གནད་འཛིན་རྒྱུ་འདི་དུས་དང་རྣམ་པ་ཀུན་ཏུ་ཐུགས་ནས་བསྙེལ་མི་རུང་བ་རེད་ཞུ་བ་ཡིན་ནོ།།

བྱང་སེམས་ཐེག་པའི་དབང་གི་རྗེས་འབྲེལ་དུ་ཕེབས་པའི་གསུང་འཕྲོས།

དེ་རིང་དུས་ཚོད་འདྲ་མིན་ཞིག་སྔ་ཁི། དབང་གི་ཆོ་ག་ཡང་དེ་ཙམ་ཞིག་མི་མང་གི། ཐུགས་ལྷོད་ལྷོད་མཛད་དེ་བག་ཡངས་སུ་བཞུགས་ཨེ་ཆོག་གི་བསམ་རྒྱུ་ཞིག་རེད། གོང་ནས་སོང་མ་ཐག་པའི་བྱང་ཆུབ་སེམས་ཀྱི་ཐེག་པའི་དབང་བསྐུར་གདམས་པ་དང་བཅས་པ་དེ་ལ་ཡང་བསྐྱར་རྗེས་དྲན་བྱས་ནས་དེའི་གོ་དོན་དེར་བསམ་བློ་ཞིག་བཏང་སྟེ་གོ་བསྡུར་ཞིག་བྱེད་རྒྱུའི་ཚུགས་ཀ་བྱས་ན། སྤྱིར་ན་བྱང་ཆུབ་སེམས་དཔའི་ཐེག་པ་གསུངས་རྒྱུ་འདི་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ལམ་ལས་རིང་དུ་བརྒལ་སོང་བའི་སྐྱེས་བུ་བློ་སྟོབས་ཆེན་པོའི་སྤྱོད་ཡུལ་ཅན་ཞིག དེ་ཡང་དམིགས་པ་ཆེ་དང་སྒྲུབ་པ་ཆེ་ལ་སོགས་པ་ཆེན་པོ་བདུན་གྱིས་འཕགས་པའི་ཐེག་པ་ཆེན་པོ་ཡིན་ན། དེ་ལྟ་བུའི་ཐེག་ཆེན་དེ་ལ་ཡང་རྒྱུ་དང་འབྲས་བུ་ཐེག་ཆེན་རྣམ་པ་གཉིས་ཡོད་པའི་ནང་ནས་འདི་རྒྱུའི་ཐེག་པ་ཡིན། འདིའི་རྒྱུའི་ཐེག་པའི་བྱང་ཆུབ་སེམས་ཀྱི་ཐེག་པའམ་བྱང་ཆུབ་སེམས་ཞེས་པ་འདིའི་ངོ་བོ་དང། ངེས་ཚིག མཚན་ཉིད། དེ་དག་གི་ཐོག་ནས་བསམ་བློ་ཞིག་བཏང་ན། འདིའི་བྱང་ཆུབ་སེམས་དཔའི་ཐེག་པའི་དཀྱིལ་འཁོར་དུ་དབང་བསྐུར་རྒྱུ་འདིའི་ཐེག་པའི་ངོ་བོ་དེ། ཆོས་ཐམས་ཅད་བདག་མེད་པར་རྟོགས་ཤིང་སྙིང་རྗེ་ཆེན་པོས་གཞན་དོན་རླབས་པོ་ཆེ་སྤྱོད་པའི་ཐབས་དམ་པ་ཞིག་རེད། ངེས་ཚིག་གམ་སྒྲ་དོན་གྱི་ཐད་ནས་དཔྱད་པ་བཏང་བ་ཡིན་ན། འདི་འཕགས་ཡུལ་སཾ་ཀྲི་ཏའི་སྐད་དུ་བྷོ་དྷི་ས་ཏྭ་ཞེས་པའི་སྒྲ་ལས་དྲངས་བ་ཞིག་ཡིན་དུས། བྱང་ཆུབ་སེམས་དཔའ་གསུངས་རྒྱུ་དེ། སེམས་སྟོབས་ཆེན་པོས་བླ་མེད་རྫོགས་བྱང་བསྒྲུབ་པ་ལ་སེམས་དཔའ་ཞིང་མི་ཞུམ་པ་བརྩོན་པའི་གོ་ཆ་མི་འདོར་བས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ཐོགས་པ་ཡིན་ན། བྱང་ཆུབ་སེམས་བསྐྱེད་ཀྱི་མཚན་ཉིད་ལ་བསམ་བློ་བཏང་ན། བདེན་གཉིས་མ་ཕྱེད་པའི་སེམས་བསྐྱེད་སྤྱིའི་མཚན་ཉིད་ཡིན་ན། གཞན་དོན་དུ་རྫོགས་བྱང་གི་སྒྲུབ་པ་ཁྱད་པར་ཅན་གྱི་མཁྱེན་པ་དེ་ཉིད་སེམས་བསྐྱེད་ཀྱི་མཚན་ཉིད་དང་། འདི་ཆེད་དུ་བྱ་བ་གཞན་དོན་ཡིན་པའི་ཐད་ནས་འདྲ་ན། དམིགས་ཡུལ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་ཐད་ཀྱིས་ཆོས་ཉིད་དང་ཆོས་ཅན་གྱི་ཁྱད་པར་ཡོད་སོང་བའི་སྟབས་ཀྱིས། ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་ཀྱི་ཁྱད་པར་བྱུང་བ་རེད། སྐབས་འདི་ནས་གླེང་བའི་སྨོན་འཇུག་སེམས་བསྐྱེད་ཀྱི་མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་སྒྲུབ་པ་ཁྱད་པར་ཅན་གང་ཞིག དེའི་མི་མཐུན་ཕྱོགས་སྒོ་གསུམ་གྱི་ཉེས་པ་སྤང་བའི་སེམས་པ་རྒྱུན་ཆགས་པ། ཁྱད་པར་བརྡ་ལས་བྱུང་བའི་སེམས་བསྐྱེད་ཟེར་རྒྱུ་རེད། དཀྱིལ་འཁོར་འདི་ལས་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གོང་ནས་སྔོན་དུ་འགྲོ་བར་བྱས་པའི་ཐོག་ནས། དངོས་གཞིའི་དབང་བསྐུར་བ་ཡིན་ན། དེ་ཡང་གདམས་པ་ཁྱད་པར་ཅན་གྱིས་བློ་བཅོས། ཡུལ་ཁྱད་པར་ཅན་ལ་གསོལ་བ་བཏབ། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་སོང་། ཐབས་ཁྱད་པར་ཅན་གྱིས་ཚོགས་བསགས་པ་བཞི་པོ་དང་སྒོ་མཐུན་པར་བྱས་ནས། དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས། སྐྱབས་སུ་འགྲོ་བ་གསུམ་གྱིས་གཞིར་བྱས། དངོས་གཞི་སྨོན་འཇུག་སྟབས་གཅིག་ཏུ་བླངས་བ་རེད། དེའི་རྗེས་དེ་མ་ཐག་ཏུ་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་བསླབ་བྱར་བསླབ་ཚུལ་གྱིས་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་ཤེས་པའི་ངང་ནས། གཞི་རིགས་ཀྱི་དྲི་མ་སྦྱོང་ཆེད་དུ། ལམ་རྣམ་པར་མི་རྟོག་པའི་ཏིང་འཛིན་བསྒོམས་ནས་འབྲས་བུ་བླ་མེད་གཉིས་མཐར་མི་གནས་པའི་བྱང་ཆུབ་ལ་དམིགས་པ་ཞེས་གོང་ནས་གསུངས་མ་ཐག་པ་ཡིན་ན། སྨོན་འཇུག་གི་སྡོམ་པ་དེ་ཉིད་མི་ཉམས་གོང་འཕེལ་ཡོང་ཆེད་ཕར་ཕྱིན་བཅུ་དང་བསྡུ་དངོས་བཞི་སོགས་ལ་སྤྱོད་པ། སྒོམ་སྤྱོད་ཟུང་དུ་འབྲེལ་བའི་བསླབ་བྱ་དང་བཅས་པ་བསྟན་པ་རེད། དེ་བསྟན་ནས། དབང་གི་དངོས་གཞིར་སྟོན་པ་ཐུབ་པའི་དབང་པོ་བཅོམ་ལྡན་ཤཱཀྱའི་རྒྱལ་པོ་དང་ནི། རྒྱལ་ཡུམ་ཤེས་རབ་ཀྱི་ཕར་ཕྱིན། རྣམ་པ་རྟགས་ཀྱི་ཕྱག་རྒྱར་སྣང་བ་དེ་ཅི་འདྲ་ཞིག་གསུངས་ན། གསེར་མདོག་ཕྱག་བཞི་མ་ཞིག སྲས་བྱང་སེམས་ཉེ་བའི་འཁོར་ཕྱོགས་བཅུའི་བདེ་གཤེགས་རྒྱལ་བ་དང་བཅས་པའི་རྩ་དབང་དང་། འཁོར་གང་འདུལ་ཚོམ་བུར་སྣང་བའི་མགྲོན་ཐབས་ཀྱི་ལྷ་ཚོགས་གི་དབང་དང་བཅས་པ། དེ་བཞིན་དུ་ཐུན་མིན་རྫས་ཀྱི་དབང་། རྫས་དབང་ཉི་ཤུ་དང་བཅས་པ་བསྐུར་བ་རེད། དེ་བསྐུར་བས། མདོ་ཨ་ནུ་རང་ལུགས་ཀྱི་སྦྱོར་ལམ་གཉིས་པ་མཚན་མ་རྟགས་ཀྱི་རྣལ་འབྱོར་གྱི་བསླབ་པ་རྒྱུན་གྱི་ས་གནོན་པ་དང་ནི། དེ་དང་རིགས་འདྲའི་ཡོན་ཏན་ཐོབ་ནས་མངོན་རྒྱུའི་བག་ཆགས་འབྲིང་པོ་དག་གསུངས་ཐལ། སྲིད་དང་ཞི་བའི་མཐའ་གཉིས་ལས་རྣམ་པར་གྲོལ་བའི་རྒྱུ་དང་། ལམ་གོང་མར་སྦྱོར་བར་བྱེད་པའི་སྦྱོར་བ་བྱང་ཆུབ་ཀྱི་སེམས་སྐྱེས་པའི་རྟགས་སུ་གྱུར་ནི་ཡིན་གསུངས་པ་རེད། རྒྱལ་ཚབ་ས་བཅུའི་བྱང་སེམས་ཆེན་པོ་ཚོའི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་བའི་སྐལ་བ་ཅན་དུ་བྱས་བཞག་པ་རེད། དེ་ནས་མཐའ་རྟེན་བསྐུར་བའི་མཇུག་ཏུ། རྗེས་ཀྱི་སྤྱི་དོན་རྣམ་གསུམ་གསུངས་ན། སྤྱི་དོན་རྣམ་པ་གསུམ་དེ། ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་ཀྱི་ཁྲིད། དེ་དག་གི་ཕྱག་ལེན་དང་བཅས་པ། རང་གཞུང་ཆོག་ཁྲིགས་ཀྱི་ཆོ་གའི་སྟེང་ནས་སོང་མ་ཐག་པ་རེད། ཡིན་ན་འདིའི་དོན་གོ་ཙམ་ཐོས་ཙམ་གྱི་ཤར་འདོན་བྱས་པ་ཙམ་གྱིས་རྟ་རྒྱུག་མ་རེད་ཨེ་འགྲོ་ན་བསམ་ནས། དབང་ཁྲིད་སྦྲགས་མའི་ཕྱག་སྲོལ་གྱི་རྗེས་སུ་ཅུང་ཟད་འཇུག་བཞིན་ཡིན་ན། འདིའི་ལམ་ཁྱེར་བཞིའི་དང་པོ་ཐེག་པ་ལམ་ཁྱེར་རེད། དེ་ལ་ནང་གསེས་རྣམ་པ་དྲུག་ཕྱེས་ཡོད་པ་རེད། ཐེག་པ་ཐམས་ཅད་དབྱེ་སྒོའི་རྣམ་གྲངས་འདྲ་འདྲ་བྱས་ནས་ནང་གསེས་རྣམ་པ་དྲུག་ནི། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་གསུམ། སྒོམ་པ་སྤྱོད་པ་འབྲས་བུ་གསུམ་གྱིས་དབྱེ་བ་ཕྱེས་ཡོད་པ་རེད། དེ་ལས་དང་པོ་འཇུག་པའི་སྒོ་ནི་བདེན་གཉིས་ཡིན་ཟེར་རྒྱུ་རེད། སྤྱིར་ན་བདེན་གཉིས་ཀྱི་རྣམ་བཞག་ཙམ་ཞིག་གྲུབ་འཐའ་སྨྲ་བ་ཐམས་ཅད་ཀྱིས་ཁས་ལེན་ལ། ཉན་ཐོས་བྱེ་བྲག་སྨྲ་བས། ཁ་སང་གོང་ནས་སོང་མ་ཐག་པ་ལྟར་རགས་པའི་དངོས་པོ་དང་ཤེས་པའི་རྒྱུན་དེ་ཀུན་རྫོབ་ཡིན་ན། ཤེས་པའི་སྐད་ཅིག་ཆ་མེད་དང་ནི་དངོས་པོའི་རྡུལ་ཕྲན་ཆ་མེད་གཉིས་ཀ་དོན་དམ་ལ་འདོད་པ་དང་། མདོ་སྡེ་བས་དོན་དམ་པར་དོན་བྱེད་པའི་རང་མཚན་དོན་དམ་དང་། དེ་མི་ནུས་པའི་སྤྱི་མཚན་ཀུན་རྫོབ་ཏུ་འཇོག་རྒྱུ་དང་། དེའི་སྟེང་གི་སེམས་ཙམ་པར་མཚོན་ན། གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་དེ་ཀུན་རྫོབ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ཙམ་དེ་དོན་དམ་ལ་འདོད་པ་དང་། དེའི་གོང་ནས་དབུ་མ་རང་རྒྱུད་པས། སྣང་བ་ཀུན་རྫོབ་སྒྱུ་མའི་རྟ་གླང་བཞིན་དང་། དོན་དམ་ཅིར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུར་འདོད་པ་རེད། ཐལ་འགྱུར་བའི་བཞེད་པ་ལ་མཚོན་ན། སྤྱིར་བཏང་གི་དབྱེ་ན། དབྱེ་གཞི་ཤེས་བྱ་ཙམ་ལ། སྣང་ལུགས་ཀུན་རྫོབ་དང་། གནས་ལུགས་དོན་དམ་པའི་བདེན་པ་གཉིས་སུ་དབྱེ་བ་རེད། སྣང་ལ་དོན་བྱེད་ནུས་པ་དེ་ཡང་དག་ཀུན་རྫོབ་དང་། སྣང་ཡང་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་ཀྱི་རྣམ་བཞག ཀུན་རྫོབ་ལ་ཡང་ལོག་གི་ཁྱད་པར་དང་། དོན་དམ་ལ་རྣམ་གྲངས་ཡིན་མིན་གྱི་ཁྱད་པར་དེ་འདྲ་སྦྱར་བ་ཡིན་ན། སྤྲོས་པ་ཕྱོགས་རེ་དང་བྲལ་བ་རྣམ་གྲངས་བའི་དོན་དམ་དང་། སྤྲོས་པ་མཐའ་དག་བྲལ་སོང་བ་དེ་རྣམ་གྲངས་མ་ཡིན་པའི་དོན་དམ་ལ་འཇོག་རྒྱུའི་རྣམ་བཞག་ཡོད་ན། རང་ལུགས་ཀུན་མཁྱེན་ཆེན་པོའི་རྒྱུད་རང་ཤར་གྱི་དགོངས་དོན་གཞིར་བཞག་ནས་བཞེད་པ་དེ་ཅི་འདྲ་ཞིག་རེད་ཟེར་ན། སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ནང་ལ་འདུས་པ་ཡིན། འདུས་ལུགས་གང་ཡིན་ན། ཆོས་ཅན་མཚན་མར་སྣང་བ་བློའི་ཡུལ་དུ་སྣང་རུང་ཐམས་ཅད་དེ་ཀུན་རྫོབ་བདེན་པ་ཡིན། ཆོས་ཉིད་རང་བཞིན་དུ་གནས་པ་གང་ཡིན་པ་སྟོང་ཉིད་ཀྱི་ངོ་བོ་དང་ནི། དེས་རྗེས་སུ་གཞལ་བའི་ཤེས་རབ་སྤྲོས་པ་ཞི་བའི་རྣམ་པ་དང་བཅས་པ་དོན་དམ་བདེན་པ་ཡིན། མ་བརྟག་མེད་པ་གསལ་སྣང་དུ་ཤར་བའི་ཡུལ་འཁྲུལ་སྣང་བློ་རྫུན་པའི་ངོ་ཁར་མཐུན་པར་སྣང་འདུག་རྒྱུ་འདི་ལོག་པའི་ཀུན་རྫོབ་དང་ནི། འཁྲུལ་བར་སྣང་ཡང་བདེ་འགྲོ་ཐར་བའི་རྒྱུ་བྱེད་པའི་བློས་དཔྱད་ཡུལ་ལམ་བདེན་གྱིས་བསྡུས་པ་ཐམས་ཅད་ཡང་དག་ཀུན་རྫོབ་བཞག་རྒྱུ་དེ་འདྲའི་བཞེད་པ་རེད། དོན་དམ་ཡིན་ན་རྣམ་གྲངས་པ་མཚན་མ་ཚིག་གི་དོན་དམ་དང་ནི། རྣམ་གྲངས་མ་ཡིན་པ་ཡང་དག་གཤིས་ཀྱི་དོན་དམ་ལ་འཇོག་ནི་རེད། ཆོས་ཐམས་ཅད་གདོད་མ་ཉིད་ནས་ཡོད་མེད་ཀྱི་སྤྲོས་པའི་མཐའ་ལས་འདས་སོང་བའི་དབྱིངས་རང་བཞིན་གྱི་དག་པ་དེ་ཉིད་ལ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །རྣམ་རྟོག་མེད་དོན་ཐ་དད་མེད། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་དུ་བཞེད་པ་རེད། བདེན་པ་གཉིས་ཀྱི་དབྱེ་བའི་རྣམ་བཞག་འདི་སྣང་བ་ཀུན་རྫོབ་དང་། སྟོང་པ་དོན་དམ་དུ་འཇོག་ལུགས་ཤིག་དང་། གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་གཉིས་ཀ་དོན་དང་ནི། གནས་སྣང་མི་མཐུན་པའི་ཡུལ་ཡུལ་ཅན་གཉིས་ཀ་ཀུན་རྫོབ་ཏུ་འཇོག་ལུགས་གཉིས་ཀ་གཞུང་སོ་སོའི་འཆད་བྱའི་སྐབས་སུ་བཤད་དགོས་ཁི། དེས་ཐེག་པ་ལམ་ཁྱེར་ལ་དྲུག་ཡོད་པའི་ནང་གི་དང་པོ་འཇུག་སྒོ་ལ་དཔྱད་ཞིབ་ཞིག་བྱས་པའི་ཆགས་ཞོགས། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་གསུམ་སོགས་གསུངས་དུས། གཉིས་པ་ལྟ་བ་རེད། ལྟ་བ་བདག་མེད་གཉིས་ཀ་ཕྱིན་ཅི་མ་ལོག་པ་རྟོགས་རྒྱུ་དེ་རེད་མོད། འདི་ལ་ཡང་སྤྱིར་ཐེག་ཆེན་དབུ་སེམས་ཀྱི་ཁྱད་པར། བྱེ་བྲག་ཐལ་རང་གིས་བཞེད་ཚུལ་ལ་དབྱེ་བ་ཡོད་ན། འདི་ནས་དབང་གཙོ་བོར་བྱས་པའི་སྐབས་སུ་ཐེག་པའི་ལམ་ཁྱེར་ལྟ་བའི་དབྱེ་འབྱེད་ཀྱི་ས་ཁོངས་ཙམ་བཟུང་རྒྱུ་བྱེད་ན། ཀུན་མཁྱེན་ཆེན་པོས་ཐེག་མཆོག་མཛོད་ཀྱི་ནང་ན་འདི་ལྟར་གསུངས་ཡོད་པ་རེད། སེམས་ཙམ་པ་ལ་རྣམ་བདེན་རྫུན་གཉིས་ཡོད་པ་ལས། སྣ་ཚོགས་སུ་སྣང་བ་ཤེས་པ་དང་བཅས་པ་འདི་ཐམས་ཅད་རང་གི་སེམས་ཀྱི་རྣམ་པ་བདེན་པར་འདོད་པ་འདི་རྣམ་བདེན་པ་ཡིན། དེ་ཡང་རྣམ་པའི་གྲངས་ཇི་སྙད་ལ་ཤེས་པའི་གྲངས་དེ་སྙད་དུ་འདོད་པ་ཞིག་དང་། རྣམ་པ་དང་ཤེས་པ་གཉིས་སྒོང་ང་གས་པ་ལྟར་འདོད་པ། རྣམ་པ་དང་ཤེས་པ་སྣ་ཚོགས་གཉིས་མེད་དུ་སྣང་བ་གསུམ་གྱི་དབྱེ་བ་ཡོད་རྒྱུ། རྣམ་རྫུན་པར་དྲི་བཅས་དྲི་མེད་གཉིས། དྲི་བཅས་རྫུན་པར་འདོད་པ་བས། སྣ་ཚོགས་སུ་སྣང་བའི་རྣམ་པ་འདི་དང་། དེ་འཇལ་བྱེད་ཀྱི་ཤེས་པ་གཉིས་ཀ་བློའི་དྲི་མ་སྣང་བ་ཙམ་ཞིག་ཡིན། དོན་དམ་པར་གཉིས་མེད་ཀྱི་ཡེ་ཤེས་ཡིན། ཁམས་ཀྱི་ཡོན་ཏན་དང་བཅས་པ་ཙམ་ཞིག་ཡོད་ནའང་རྣམ་ཤེས་སུ་གྲུབ་པ་མེད། ད་ལྟའི་སེམས་ལ་ཉོན་མོངས་དང་ཡེ་ཤེས་མ་འདྲེས་ནས་གནས་པའི་དྲི་མ་ཉོན་མོངས་ཀྱི་ཆ་རྫུན་པ་དེ་ཕར་བསལ་བཞག་དུས་ལྷག་མེད་ཀྱི་ཡེ་ཤེས་དག་པ་མངོན་དུ་བྱེད་པ་ཡིན་པར་དེ་འདྲ་འདོད། དྲི་མེད་དག་པ་རུ་འདོད་པ་ཚང་གི་རྣམ་པ་དང་རྣམ་ཤེས་རྫུན་དུའང་གྲུབ་པ་མེད། ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། དེ་འཇལ་བྱེད་ཀྱི་བློ་གཉིས་ཀ་མེད་བཞིན་སྣང་གཟུགས་བརྙན་ལྟ་བུ་ཞིག་ཡིན། ཡིན་ན་ཡང་དེའི་དོན་ཉམས་སུ་མྱོང་བ་སོ་སོར་རང་རིག་པའི་ཡེ་ཤེས་ཙམ་ཞིག་ཡོད་པ་འདོད་པ་རེད། དབུ་མ་པ་ལ་མཚོན་ན། དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ཡོད་ན། དབུ་མ་རང་རྒྱུད་པས་སྣ་ཚོགས་སུ་སྣང་བའི་རྣམ་པ་དང་། དེ་འཇལ་བྱེད་ཀྱི་ཤེས་པ་ཐམས་ཅད་མེད་པ་གསལ་སྣང་ཙམ་ཞིག་ཡིན་པས་མི་ཚད་དོན་དམ་པ་ན་སོ་སོར་རང་རིག་པའི་ཡེ་ཤེས་དེ་ཡང་། རང་བཞིན་གྱིས་ངོ་བོ་ཉིད་མེད་པར་བཞེད་ན། འདི་ཡང་ནང་གསེས་ཀྱི་དབྱེ་བ་རང་རྒྱུད་འོག་མ་དང་གོང་མ། དེ་རེ་རེ་ལའང་དབྱེ་བ་མང་པོ་གཞུང་ལྟར་དུ་རེད། དབུ་མ་ཐལ་འགྱུར་བའི་བཞེད་པ་བཞག་དུས། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །ལ་སོགས་པའི་ལུང་དྲངས་ནས་ཀུན་མཁྱེན་ཆེན་པོས། ཡོད་མེད་ཀྱི་མཐའ་ཐམས་ཅད་བཀག་ནས། མཐའ་ལས་འདས་པའི་རང་བཞིན། ཁས་ལེན་ཐམས་ཅད་དང་བྲལ་བ་རྩོད་ཟློག་གི་ནང་ནས་གསུངས་བ་ལྟ་བུ། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་དུ། བློས་བཀོད་པའི་གྲུབ་མཐའ་གང་ཡང་མེད་པ་སྤྲོས་པ་ཉེར་བར་ཞི་བའི་གཏན་ཚིག་གིས་བསྒྲུབ་པའི་ཕ་རོལ་ནས། སྣང་ཙམ་འཇིག་རྟེན་པས་ཇི་ལྟར་བཞག་པ་བརྡ་བྱས་པའི་ཡན་ལག་ཏུ་འཇོག་ཆོག ཆོས་སུ་སྣང་བ་ཐམས་ཅད་ཡོད་མེད་ཀྱི་མཐའ་དང་ད་ལྟའི་དུས་ནས་བྲལ་བར་འདོད་པ་ཡིན། ཀུན་མཁྱེན་ཆེན་པོས། འདི་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་རྩེ་མོ་ཡིན་གསུངས་པ་ལྟར་རེད། འདི་འདྲའི་ལྟ་བ་གཏན་ལ་འབེབས་པའི་གྲུབ་མཐའི་འདོད་གཞུང་དང་། ཁྱད་པར་དུ་དབུ་མའི་ལྟ་བ་བཤད་དུས། རྒྱལ་གསུང་འཁོར་ལོ་བར་ཐ་གཉིས་ཀའི་བཀའ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱིས་མཐར་ཐུག་གི་ཟབ་དོན་འགལ་མེད་གནད་གཅིག་ལ་འབབ་པ་རེད། ཡིན་ཡང་ཞལ་བཞེས་ཀྱི་ཁྱད་པར་རེར་བརྟེན་ནས་དགག་སྒྲུབ་རྣམ་དཔྱོད་ཀྱི་རྩལ་འགྲན་རེ། འཕགས་བོད་གཉིས་ཀ་ནས་དགོས་པའི་དབང་གིས་བྱུང་ན་ཡང་། དོན་ལ་འགལ་འདུ་མ་ཡིན་པའི་གཞུང་ལུགས་གདམས་པར་ཤར་བའི་གནད་དེ་རིག་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་ཀྱིས་རང་གིས་རྟོགས་དགོས་པ་རེད། འགལ་མེད་གནད་གཅིག་ཏུ་བསྡུ་ཤེས་ཤིང་དེ་ཡང་ཉམས་ལེན་གནད་དུ་འཛིན་ཤེས་པ་དེ་ལ། ངས་ནི་ཞྭ་མགོ་དམར་སེར་ཁྲ་བོ་གང་གོན་མཁན་ཅན་པོ་ཡིན་ན། དེར་མཁས་པ་བརྩི་ཁི་ཡོད། འཁོར་ལོ་བར་བའི་དངོས་བསྟན་དབུ་མ་རིགས་ཚོགས་དང་ནི་དཔལ་ལྡན་ཟླ་བའི་བཞེད་གཞུང་སོགས་ལྟར་དུ། ཆོས་དབྱིངས་ངོ་བོའི་སྟོང་ཕྱོགས་ལ་དགོངས་ནས། སྙིང་པོའི་ཡོན་ཏན་སོ་སོའི་སྐྱེ་བོའི་རྒྱུད་ལ་ད་ལྟ་མངོན་འགྱུར་དུ་མེད་པའི་ཕྱིར་ན། ཚོགས་གཉིས་གོམས་པའི་རྒྱུ་དེ་ལས་ཕྱིའི་གསར་དུ་བསྒྲུབ་པ་ལྟར་སྣང་བས། གཅད་བྱ་གཅོད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་ལྟར་ཁས་ལེན་མཁན་ཞིག་ཀྱང་ཡོད། དེ་མཚན་ཉིད་ཐེག་པ་སྤྱིའི་ལུགས་རེད། དེ་ལྟར་དུ་སྣང་ཚུལ་ཀུན་རྫོབ་དབང་བཙན་དུ་འཛིན་པ་ཞིག་དང་། འཁོར་ལོ་ཐ་མའི་མདོ་དང་དབུ་མ་ཆོས་དབྱིངས་བསྟོད་པ། བྱམས་གཞུང་ཕྱི་མ་དག་གི་རྗེས་སུ་འབྲངས་ནས། སེམས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་བྲི་གང་བསལ་བཞག་མེད་པར་གདོད་མ་ཉིད་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་ལ་ཡོན་ཏན་ཡེ་རྫོགས་སུ་བཞུགས་པ་ཡིན། དེ་ཉིད་རྐྱེན་དང་འཕྲད་དུས་ཐེག་ཆེན་གྱི་རིགས་སད་པ་དང་ལམ་ལ་གོམས་སྟོབས་ཀྱིས་མེད་སྣང་གློ་བུར་བའི་སྒྲིབ་པ་དག་པ་དང་ཆབ་གཅིག་ཏུ། ལམ་དང་འབྲས་བུའི་ཡོན་ཏན་མངོན་དུ་སྣང་བ་ཡིན། ཡིན་ན་ཡང་དེ་བྲལ་རྒྱུ་བྲལ་འབྲས་ཙམ་མ་གཏོགས་གཅད་བྱ་གཅོད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་མི་བཞེད་པ། གནས་ཚུལ་དོན་དམ་དང་མཐུན་པར་གསུངས་པའི་ཁྱད་པར་ཅུང་ཙམ་རེ་ལྟར་སྣང་ལ་ཡོད་ཀྱང་། རང་ལུགས་ཀུན་མཁྱེན་བརྒྱུད་པས་གོང་དུ་དྲངས་པའི་ལུང་། འདི་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་རྩེ་མོ་ཡིན་གསུངས་པའི་དོན་བཞིན། མདོ་ཕྱོགས་ཀྱི་གྲུབ་མཐའ་འཇོག་དུས། འཁོར་ལོ་བར་བའི་དངོས་བསྟན་ཐལ་འགྱུར་བའི་ལུགས་ལྟར་དུ་བཞག་ན། དོན་གྱིས་གཞི་ཀ་དག་དང་མཐུན་པ་རེད། སྔགས་ཐུན་མིན་གྱི་རྒྱུད་དོན་སྤྱི་དང་ཁྱད་པར་རྫོགས་ཆེན་གྱི་གཞིའི་གནས་ལུགས་སྐབས་སུ། འཁོར་ལོ་ཐ་མའི་མདོ་དང་། མདོ་སྔགས་མཚམས་འཛིན་སྦྱོར་གྱི་གཞུང་རྒྱུད་བླའི་ལུང་དྲངས་ནས་ངེས་དོན་གྱི་མདོ་རྒྱུད་ཟབ་མོ་ཐམས་ཅད་ཀྱི་དགོངས་པའི་གསུང་གནད་གཅིག་ལ་དྲིལ་རྒྱུ་འདི། རང་བཞིན་ལྷུན་གྲུབ་ཀྱི་གནས་ལུགས་འོད་གསལ་མཐའ་ཐུག་གི་དགོངས་པ་དང་གནད་གཅིག་པ་ཡིན་པའི་གསལ་འབྱེད་དུ་ཤེས་དགོས། འདི་འདྲའི་ལྟ་གྲུབ་དང་འབྲེལ་བའི་ཕྱོགས་རེར་ཐུག་སོང་དུས། རང་རེའི་འདི་ཚོ་བཤད་པའི་ཁུར་རྟང་མི་འདུག འདིའི་འགན་འཁྲི་ཡོད་མ་རེད། དེ་ཚོ་དཔེ་ཆ་བའི་སྐད་ཆ་ཞིག་རེད། རང་རེ་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་བྱ་བ་ལས་ཀྱི་འཁོར་ལོར་འཇུག་པ་ཚོས་བསམ་བློ་གཏོང་དགོས་ས་ཅན་པོ་མ་རེད་བསམ་རྒྱུ་དང་། ཡང་བསྙེན་སྒྲུབ་ཀྱི་ཏིང་འཛིན་དང་མཐོང་བརྒྱུད་ཀྱི་ཆོ་ག་ཕྱག་ལེན་གྱི་ལས་འགྲིག་ཞིག་ལ་ཐུག་དུས། ཁོང་ཚོ་འགའ་རེའི་སྒོམ་རྒྱོབ། འགའ་རེའི་དབྱངས་འཐེན་གྱིན་སྡོད་ཡ། ང་རང་གིས་རྒྱན་འཇུག་གཉིས་ཀྱི་རྩ་བ་བློ་ལ་ལེན་པས་ཆོག་བསམ་རྒྱུའི་དེ་འདྲའི་ཕྱོགས་གཅིག་རྐྱང་བ་མཆོག་ཏུ་འཛིན་པ་ལས་གཞན་དགོས་མེད་ཀྱི་ལྟ་ཚུལ་གྱིས་ཅང་ལོ་ནི་མ་རེད། གཅིག་ཤོས་ལ་གཅིག་ཤོས་མ་འབྲེལ་པ་ཞིག་ཅི་ལ་ཡོད། འོན་ཀྱང་ཐམས་ཅད་ཀྱིས་ཐམས་ཅད་ཤེས་སོང་བ་ཞིག་ལོས་དཀའ། སོ་རིག་བཞི་ལ་དབང་འདྲ་མ་འབྱོར་ན་ཤེས་བྱ་ཐམས་ཅད་ཅི་འདྲའི་ཤེས་ཐུབ། ཇི་སྙེད་ཇི་བཞིན་དུ་ཤེས་དུས་རྣམ་མཁྱེན་གྱི་ཡེ་ཤེས་མཉེས་ནས་ཐམས་ཅད་མཁྱེན་པ་རེད། ཡིན་ཡང་ཤེས་བྱའི་རྣམ་པ་ཅུང་ཟད་དཔོགས་པའི་ཆ་ཤས་དེ་ལ་ཡང་། ཇི་སྙེད་ཤེས་དང་ཤེས་བྱའི་གནད་འདུས་པ། ལན་ཚྭ་ཐམས་ཅད་རོ་གཅིག་པ་ལྟ་བུའི་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཚང་བའི་ལྟ་སྤྱོད་ཟུང་འབྲེལ་གྱི་གོ་དོན་སྦྱོར་དགོས་ཁི་མ་གཏོགས། མདོ་དང་སྔགས་འབྲེལ་ལུགས་མ་ཤེས། རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀ་དབྱེ་མ་ཤེས་དུས། དེ་ནས་འདིར་བཞུགས་མང་ཆེ་བ་སྔ་འགྱུར་པ་ཡིན་པས། ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབས་ཏེ་མཚོ་སྐྱེས་རྒྱལ་བའི་བསྟན་པ་ཇི་ལྟར་བྱས་ནས་འཛིན་སྲུང་སྤེལ་གསུམ་ཐུབ། དེས་ན་གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་གང་ནས་བཤད་ཀྱང་དོན་གྱི་གནད་གཅིག་ལ་འབབ་པས་མི་ཚད། དེའི་གཞི་ལམ་འབྲས་བུའི་རིམ་པ་ཡང་གང་ཟག་རེ་རེའི་རང་ངོས་ནས་ཡོངས་སུ་རྫོགས་པའི་ཕྱིར་ན། ལྟ་སྒོམ་གྱི་གྲུབ་མཐའི་འགག་རང་སར་གྲོལ་བྱེད་ལ་དམིགས་ནས་ཕྲན་བུ་ཞུས་པའི་ཁུལ་ཡིན། དེ་ནས་འཇུག་སྒོ་ལྟ་བ་ཚུལ་ཁྲིམས་གསུམ་ལས་། ཐེག་པ་ལམ་ཁྱེར་གྱི་ནང་གསེས་གསུམ་པ་དེ་ཚུལ་ཁྲིམས་ཡིན་ན། ཚུལ་ཁྲིམས་ཀྱི་ཐད་ནས་དེ་རིང་བྱང་ཆུབ་སེམས་དཔའི་ཐེག་པ་ལས་བྱང་ཆུབ་སེམས་སྡོམ་བཤད་པའི་སྐབས་ཡིན་ན། བྱང་ཆུབ་སེམས་ལ་དམིགས་པའི་སྨོན་སེམས་དང་། དེའི་ཆེད་དུ་ཚོགས་བསགས་དང་བྱ་བ་ལ་འཇུག་པའི་འཇུག་སེམས་རེད། དབུ་སེམས་ཀྱི་སྲོལ་གཉིས་གང་རུང་གིས་སྔར་ཡང་བླངས་པ་ཡིན་དུས། སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་གྱི་ནང་ནས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ་གང་ཡིན་ཟེར་ན། བྱང་སའི་དགོངས་པ་ལྟར་ན་སོ་ཐར་རིགས་བདུན་བཤད་ཡོད་པ་རེད། གཏན་ཁྲིམས་བདུན་པོའི་ཁར་དུས་ཁྲིམས་བསྙེན་གནས་ཡན་ལག་བརྒྱད་པ་བཞག་ན་བརྒྱད་རེད། དབུ་མའི་ལུགས་ལ་སེམས་བསྐྱེད་ལེན་པའི་རྟེན་ལ་སོར་སྡོམ་ལྡན་དགོས་པར་མ་ངེས་ཀྱང་། གང་བླངས་བའི་སོར་སྡོམ་དེ་འཁོར་བའི་གནས་མཐའ་དག་ལས་རང་ཉིད་གཅིག་པུ་ཐར་འདོད་ཀྱིས་བླངས་བ་དེ་ངེས་འབྱུང་གི་ཚུལ་ཁྲིམས་ཐེག་དམན་སོ་ཐར་མཚན་ཉིད་པ་དང་། དེ་སེམས་བསྐྱེད་ཀྱིས་ཟིན་སོང་ན་ཐེག་ཆེན་སོ་ཐར་རེད། དེ་ཟེར་དུས། གནའ་ཆུང་དུས་ནས་རབ་བྱུང་ཞིག་བསྒྲུབས་མྱོང་བ་རེད། བསྒྲུབས་པ་ཞིག་ཧ་ལམ་དྲན་ཁི། ངེས་འབྱུང་དང་བྱང་སེམས་གཉིས་ཀྱིས་ཅི་ཡང་ཟིན་ཡོད་ས་མེད། འཇིགས་སྐྱོབ་ཞིག་ཀྱང་མ་རེད། གྲྭ་བ་ཞིག་བྱེད་གཞག་ན་འཁོར་ཡུག་གི་དབང་གིས་ཡིན་ན་མི་ཤེས་ཏེ། རང་གིས་ཡག་སྣང་འདྲ་ཞིག་ཤར། ཁྱིམ་ཕ་མའི་མྱི་ཐོག་སྔོན་མ་ཞིག་ནས་ཆོས་ལྡན་བོད་མིའི་རེ་འདུན་དང་པོ་དེ་ཡིན། གཞན་གྱིས་བསྟོད་ར་བྱས་དུས་ཡག་ཁི་བསམ་ཡོད་ན། དེ་མངོན་མཐོ་དོན་གཉེར་གྱི་ལེགས་སྨོན་མ་ཡིན་ཡང་། གཞན་ངོས་ལྟ་སྣང་གི་ཚུལ་འཆོས་ཙམ་ཞིག་ཡིན་དུས་ལེགས་སྨོན་གྱིས་ཕྱོགས་སུ་ཐེ་བ་ཨེ་ཡིན་ན། སྡོམ་པ་ངོ་མ་ལར་ཅིག་ཐོབ་ཨེ་ཡོད་ན་བསམ་མི་དགོས། དང་པོ་ལེན་དུས་ལེགས་སྨོན་དང་འཇིགས་སྐྱོབ་ཡིན་རུང་ལྟུང་རྒྱུ་མ་བྱུང་གི་བར་ཕྱིས་ངེས་འབྱུང་ནམ་སྐྱེས་ཡོང་ན་ངེས་འབྱུང་གིས་ཟིན་པའི་ཐེག་དམན་སོ་ཐར་དང་། བྱང་སེམས་ནམ་སྐྱེས་ཡོང་ན་དེ་དུས་ཐེག་ཆེན་སོ་ཐར་འགྱུར་འགྲོ་གསུངས་ཡོད་རེད། འདི་ཚོའི་གནད་ཀྱི་ཕྱོགས་རེའི་གསང་ངམ་གཟེར་འདྲ་བོ་ཤེས་དགོས་མཁན་ཡོད་སྲིད་ན་ཐང་བསམ་ནས་ཞོར་དུ་ཞུས་པ་ཡིན། ད་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ། བྱང་སེམས་རང་གི་དབང་དུ་བྱས་དུས། སྡོམ་གསུམ་རྣམ་ངེས་ནང་ན། དཀོན་མཆོག་དཀོར་འཕྲོག་དང་ནི་ཆོས་སྤོང་ལས། །ཚུལ་ལྡན་ཚུལ་འཆལ་ཁྲིམས་གཅོད་བསླབ་འབེབ་སོགས་ནས། མང་དུ་བཅོ་བརྒྱད་རྫས་སུ་བཅུ་བཞི་སྟེ། །སྨོན་འཇུག་སེམས་བཏང་དེ་རྣམས་རྩ་ལྟུང་ཡིན་ཞེས་གསུངས་པའི་བར་དུ་དབུ་མའི་ལུགས་ཀྱི་བསླབ་བྱ་དང་། དེའི་འཕྲོའི་ཐོགས་མེད་ལུགས་ནི། ཐོགས་མེད་ལུགས་ཀྱི་སྨོན་པའི་བསླབ་བྱ་ལ། །ལ་སོགས་པ་ནས། རྩ་ལྟུང་བཞི་སྟེ་འཇུག་པའི་བསླབ་བྱའོ། །ཞེས་གསུངས་སའི་བར་གྱིས་སེམས་ཙམ་ལུགས་ཀྱི་བསླབ་བྱ་བསྟན་པ་ལྟར་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་འབྲེལ་བའི་ཕར་ཕྱིན་དྲུག་ལ་སོགས་པ་དགེ་ཆོས་རྒྱ་མཚོ་ལྟ་བུ་བསྒྲུབ་ཅིང་། དེའི་མི་མཐུན་ཕྱོགས་སྤང་བ་ལ་བསླབ་རྒྱུ་དེ་རེད། དེའི་སྟེང་ནས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བསམ་པས་གཞན་དོན་ལ་དམིགས་ཏེ་སྦྱོར་བ་བསྡུ་དངོས་བཞི་ཡི་སྒོ་ནས་སེམས་ཅན་གྱི་གཞན་དོན་བསྒྲུབས་ནས། གཞན་དོན་ཡལ་བར་འདོར་བའི་བློ་སྤང་རྒྱུ་དེ་ཡིན་ནོ། །དེའི་ཚུལ་ཁྲིམས་སོང་ཆག་ཀྱིས། ད་སྒོམ་བྱེད་འབྲས་བུ་གསུམ་ལས་སྒོམ་པ་དེ་ཅི་འདྲ་ཞིག་རེད་ཟེར་ན། སྤྱིར་ན་ཚོགས་སྦྱོར་མཐོང་སྒོམ་གྱི་སློབ་ལམ་བཞིའི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་རྒྱུ་གོང་ནས་གསུངས་ཡོད་ན། དེ་ཡང་བྱེ་བྲག་ལ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་སྒོམ་དགོས་ཁི་ཡོད་པ་རེད། དེའི་ཏིང་འཛིན་དེ་ཡང་། །ཐེག་པ་ཆེན་པོའི་ལམ་ལྔ་པོ། །དྲན་ཉེར་སྤོང་བཞི་རྐང་པ་བཞི། །ཚོགས་ཀྱི་ལམ་གསུམ་བགྲོད་གྱུར་ནས། །དབང་སྟོབས་གཉིས་ཀྱིས་སྦྱོར་ལམ་བགྲོད། །མཐོང་ལམ་རབ་དགའི་ས་ཐོབ་ནས། །འཇིགས་པ་ལྔ་བྲལ་ཡོན་ཏན་ཐོབ། །ཅེས་སྡོམ་གྱིས་དེ་འདྲར་གསུངས་པ་ལ་སོགས་པས་བསྟན་པ་ལྟར་དུ། ཚོགས་ལམ་ཆུང་ངུའི་གནས་སྐབས་ན་ལུས་ཚོར་སེམས་ཆོས་ཀྱི་དྲན་པ་ཉེར་བར་བཞག་པ་བཞི། ཚོགས་ལམ་འབྲིང་ལ་ཡང་། དགེ་བ་བསྐྱེད་དང་སྤེལ་བ་དང་། །མི་དགེ་ཞི་དང་མི་སྐྱེ་ཕྱིར། །ལ་སོགས་པ་ཡང་དག་སྤོང་བཞི་སྒོམ། ཚོགས་ལམ་ཆེན་པོས་འདུན་བརྩོན་སེམས་པ་སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ། སྦྱོར་ལམ་དྲོད་རྩེ་གཉིས་ཀར་དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་སྟེ་དབང་པོ་ལྔ་སྒོམ། འདི་ལྔ་པོས་བདེན་པ་རྟོགས་པ་ལ་དབང་བྱེད་པས་དབང་པོ་གསུངས་པ་རེད། བཟོད་པ་ཆོས་མཆོག་གཉིས་ཀའི་དད་སོགས་སྟོབས་ལྔ་སྒོམ་དགོས་པ་རེད། གོང་གི་དབང་པོ་ལྔ་པོ་གོམས་པ་སྟོབས་སུ་གྱུར་བས་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་པའི་སྟོབས་རེད་སོང་བས་སྟོབས་ལྔ་གསུངས་པ་རེད། དེ་ནས་མཐོང་ལམ་ལ། དྲན་དང་ཆོས་རབ་རྣམ་འབྱེད་དང་། །བརྩོན་འགྲུས་དགའ་དང་ཤིན་ཏུ་སྦྱོང་། །ཏིང་ངེ་འཛིན་དང་བཏང་སྙོམས་དང་། ཞེས་པ་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ནི། དེའི་སྟེང་གི་སྒོམ་ལམ་ས་དགུ། ཡང་དག་ལྟ་དང་རྟོགས་པ་དང་། །ངག་དང་ལས་མཐའ་རྩོལ་བ་དེ། །འཕགས་ལམ་ཡན་ལག་བརྒྱད་ཡིན་ནོ། །ཞེས་གསུངས་པ་ལྟར། དེ་ལྟར་སློབ་པའི་ལམ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གོམས་སོང་བའི་སྟབས་ཀྱིས། མཐའ་ཕྱིན་མི་སློབ་པའི་ལམ་དེ་ཉིད་ལ་སྦྱོར་བར་བྱེད་པ་རེད། དེའི་སྤྱིར་ལམ་ལྔའི་འགྲོས་བྱང་ཆུབ་ཕྱོགས་ཆོས་བསྒོམ་པ་དེ་བཤད་པའི་ཚུལ་གྱིས། བྱེ་བྲག་དུ་འཁོར་ལོ་ཐ་མའི་དགོངས་དོན་ལ། རིག་ཁམས་བདེ་བ་གཤེགས་པའི་སྙིང་པོ་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་དེ་གདུལ་བྱ་མ་སྨིན་པ་ལ་འཁོར་ལོ་དང་པོའི་སྐབས་དངོས་སུ་མ་བསྟན་པ་ཡིན། བར་བ་རུ་བདག་ཏུ་ལྟ་བའི་གཉེན་པོར་ངོ་བོ་སྟོང་ཕྱོགས་ཀྱི་སྒོ་ནས་རྣམ་ཐར་སུམ་ལྡན་གསུངས་པ་ཡིན། འཁོར་ལོ་ཐ་མར་ཡོངས་སུ་སྦྱོང་བར་བྱེད་པའི་བྱང་སེམས་སྐལ་ལྡན་གྱི་ངོ་ལ། རང་བཞིན་སྐུ་དང་ཡེ་ཤེས་སོགས་སྣང་ཕྱོགས་ཀྱི་ཆ་ངེས་དོན་ཐད་དྲང་དུ་བསྟན་པའི་སེམས་ཉིད་སྤྲོས་བྲལ་འོད་གསལ་ཡེ་ཤེས་དྭངས་གསལ་རྗེན་པ། རྣམ་མཁྱེན་ཡེ་ཤེས་ཀྱི་ས་བོན་ནམ་བདེ་གཤེགས་སྙིང་པོའི་སྟེང་འདི་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བདག་མེད་གཉིས་ཀྱི་དོན་ཚུལ་ཇི་བཞིན་གཏན་ལ་ཕབས་དགོས་ཀྱི་ཡོད་པ་རེད། གང་ཟག་གི་བདག་མེད་ཉན་ཐོས་བྱེ་མདོ་གཉིས་ཀྱི་ལྟ་བའི་དངོས་གཞིའི་སྐབས་ཤིག་ནས་གཏན་ལ་ཕབས་ཕབས་ཁ་ཡོད་ན། ཆོས་ཟེར་རྒྱུ་འདི་ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་ཀྱིས་བསྡུས་པ་ཞིག་ཡིན་ན། དེ་ལ་དངོས་པོ་དང་མཚན་མར་ཞེན་པ་དེ་དེའི་བདག་རེད། འདི་མེད་པར་བསྒྲུབ་པ་ལ་གཟུང་དང་འཛིན་པར་བྱས་ནས་གྲུབ་མཐའ་སྨྲ་བ་ཁག་བཞི་ནང་གསེས་དང་བཅས་པའི་འདོད་ཚུལ་གཞུང་ཆེན་དག་ལས་འབྱུང་བ་བཞིན་ལས། དབུ་མ་ཐལ་འགྱུར་བའི་འདོད་ཚུལ་བཞིན་དུ་ལྟ་བ་མཐའ་ཐུག་སྟོང་རྟེན་འབྱུང་དབྱེ་བསལ་མེད་པར་གཏན་ལ་ཕབ་པ། ཇི་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་དབུ་མའི་ལྟ་བར་བཤད། །དེ་ནི་བརྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཞིག་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེའི་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར་དུ། རིག་པའི་རྒྱལ་པོ་རྟེན་འབྲེལ་གྱི་རིག་པའི་སྒོ་ནས། གཞི་དབུ་མ་བདེན་གཉིས་ཟུང་འཇུག་གཏན་ལ་ཕབས། དགག་བྱ་མཐའ་བཞི་པོ་སོ་སོ་ནས་བཀག་སྟེ་མཐའ་བྲལ་ཙམ་ཡང་དོན་ལ་གྲུབ་པ་མེད་པ། སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་། སྣང་བས་ཡོད་མཐའ་སེལ། སྟོང་པས་མེད་མཐའ་སེལ། དེ་ལྟ་བུའི་སྤྲོས་བྲལ་ཆོས་ཉིད་ཀྱི་རིག་པའི་ངོ་ཁ་ལ། ལུང་རིགས་ཀྱི་དཔྱད་པས་མཐར་ཐུག་གི་མྱོང་བ་དང་གཤིས་གནས་ལུགས་མཐོང་བའི་བརྗོད་བྲལ་གཏན་ལ་ཕབ་པ་དེ་གཉིས་ཀ་མཐར་གྱིས་རོ་གཅིག་ལ་གྱུར་དུས། དེ་དུས་གཟུང་འཛིན་གྱི་སྤྲོས་པ་ལས་གྲོལ་བ་ཡིན་པས། ལྟ་བར་དཔྱད་པ་རྫོགས་སོང་དུས་དཔྱད་སྒོམ་བཞག་ནས་འཇོག་སྒོམ་བྱེད་དགོས་ཁི་ཡོད་པ་རེད། རྗེ་འཇམ་མགོན་བླ་མ་ཙོང་ཁ་བས། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཞིག་པ་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ཡིན། །ཞེས་གསུངས་ནས། དེ་དུས་དཔྱད་འཇོག་སྤེལ་མ་བྱེད་འདུག་མི་དགོས་པར་རང་བཞག་སོ་མར་གློད་པའི་དགོངས་དོན་དང་གཅིག་ཏུ་བསྟན་པ་རེད། གང་ལ་འཇོག་དགོས་པ་རེད་ཟེར་ན། སྒྲ་གཅན་འཛིན་གྱིས་ཡུམ་བསྟོད་ཀྱི་ནང་གསུངས་པ་ལྟར་དུ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གསུངས་རྒྱུའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྤྲོས་བྲལ་དབུ་མ་ཆེན་པོའི་དགོངས་དོན་ལ། ཅི་འདྲའི་འཇོག་དགོས་ན། བཞག་བྱ་འཇོག་བྱེད་དང་བྲལ་བར་བཞག་དགོས་པ་རེད། འོ་ན་སོ་སོ་རང་རིག་གི་ཡེ་ཤེས་དེ་ཅི་འདྲ་ཞིག་ཡིན་སྙམ་ན། སོ་སོ་རང་རིག་གི་ཡེ་ཤེས་དེ་སེམས་མ་རེད་ལ། སེམས་ཕྲ་བ་ཡང་མ་རེད། གཉུག་མའི་སེམས་ཀྱི་སྒྲས་བསྙད་པའི་ཡེ་ཤེས་ཤིག་རེད། སྟོང་པའི་གདངས་ཀྱིས་གོ་འབྱེད་པའི་ངོས་ནས་སོ་སོ་རང་རིག་པ་གསུངས་པ་རེད། འོན་ཀྱང་དེ་དྲན་བསམ་རང་རྒྱུད་པར་མི་གནས་པ་ཡིན་པས། རྟོག་པ་དང་རྫས་འགལ་བ་རེད། དེའི་སྒོམ་པ་སོང་ཆག་ཀྱིས། ད་སྤྱོད་པ་རེད། རྗེས་ཐོབ་ལ་བདག་བས་གཞན་གཅེས་ཀྱི་སྒོ་ནས། སྤྱོད་པ་ཕར་ཕྱིན་དྲུག་གམ་བཅུ་ལ་སྤྱོད་ནས། འབྲས་བུའི་ཐད་ནས་ཞིབ་པར་བརྗོད་ཀྱིས་མི་ལོངས་ན་ཡང་། ཐེག་པ་ལམ་ཁྱེར་གྱི་ཕྱོགས་སྟོན་ཞིག་ལ་དོད་ཐུབ་ཙམ་གྱིས་ཆོག་རྒྱུ་བྱེད་ན། ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་ནས་མི་སློབ་པའི་ལམ་བཅུ་གཅིག་ཀུན་ཏུ་འོད་དང་། རང་དོན་ཆོས་སྐུར་གྲོལ་བས་གཞན་དོན་གཟུགས་སྐུ་གཉིས་ཀྱིས་འཁོར་བ་མ་སྟོང་སེམས་ཅན་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་གཉིས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི། རྟེན་སྐུ། བརྟེན་པ་ཡེ་ཤེས། འཛད་པ་ཕྲིན་ལས་ཀྱིས་བསྡུས་པ་ཞིག་རེད། གོང་ནས་འདི་འདྲ་གསུངས་ཡོད་ན་དྡྷ་རྨ་ཤྲཱིའི་ཆོག་ཁྲིགས་མཛད་པ་དེ། ངས་བསམ་བློ་ཞིག་བཏང་ནས་དལ་དལ་བྱས་བཏོན་པ་རེད། ཁྱེད་རྣམ་པས་གསན་དགོས་རྒྱུ་རེད་བསམ་པ་ཡིན། རང་ལམ་གྱིས་བསྐལ་བ་གྲངས་མེད་གསུམ་ནས་མི་སློབ་པའི་ལམ་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འདོད་མོད། སྔགས་ཀྱི་ཐེག་པ་ལས་ནི་ཕར་ཕྱིན་ཐེག་པའི་ལམ་གྱིས་མཐར་ཕྱིན་པར་བསྒྲུབ་ཀྱང་། ས་བཅུ་པའི་བྱང་སེམས་ཀྱི་གོ་འཕང་ལས་ལྷག་པར་མི་ཐོབ་ཅིང་། སྐབས་དེར་སྔགས་ལམ་ལ་ངེས་པར་ཞུགས་ནས་སངས་རྒྱས་ཐོབ་པས་ན། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པར་གསུངས་སོ། །ཞེས་གསུངས་ཡོད་པ་འདིའི་གོ་དོན་དེ། འདི་ནས་བྱང་སེམས་ཀྱི་ཐེག་པ་གསུངས་པའི་རབ་དབྱེའི་སྐབས། བྱང་སེམས་རྐྱང་པ་དང་སྦྱར་ནས་བཤད་ན། སྔ་འགྱུར་རང་ལུགས་ལྟར་ན། བྱང་ཆུབ་སེམས་དེ་དྲང་དོན་དང་གཅིག ངེས་དོན་ཙམ་དང་གཉིས། ངེས་དོན་མཐའ་ཐུག་དང་གསུམ་ལ་ཕྱེས་ན། དེ་ཕྱེས་དུས་དྲང་དོན་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། ངེས་དོན་ཙམ་ལ་བདེན་གཉིས་ཟུང་འཇུག་གི་སེམས། ངེས་དོན་མཐའ་ཐུག་གི་སྐྱེལ་སོ་ལ་དོན་དམ་བྱང་ཆུབ་ཀྱི་སེམས། དེ་ཡང་ཡོངས་སུ་དག་ཅིང་བྱང་བའི་དག་པ་གཉིས་ལྡན་གྱིས་ཁྱད་པར་དུ་ཕྱེས་པ་ཞིག་ཡིན་ན། དེ་ལྟ་བུའི་དོན་དམ་བྱང་ཆུབ་ཀྱི་སེམས་མཐར་ཐུག་པ་དེས་མཐར་ཐུག་ཐེག་གཅིག་སྒྲུབ་རྒྱུ་མ་གཏོགས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་སྒྲུབ་མི་ནུས་པ་དང་། ངེས་དོན་ཙམ་གྱིས་ཀྱང་སྒྲུབ་མི་ནུས་པ་དེ། འདི་ནས་སྔགས་ལམ་ལ་སྦྱར་ཏེ་གསུངས་པ་དང་དོན་གཅིག་པར་བཀྲལ་ཆོག་ཁི་ངས་དེ་ལྟར་བསམ་པ་ཡིན། གཞན་དུ་ན་སྣང་གསུམ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་ཕྲ་མོ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་པའི་གནད་ཀྱང་འདིའི་སློང་འོང་རྒྱུ་དང་། མདོ་སྔགས་ཀྱི་སངས་རྒྱས་ཁྱད་པར་ཡོད་མེད་སོགས་ཀྱི་འཕྲོས་དོན་ཡང་འདི་ལས་འབྱུང་བ་མཁྱེན་བཞིན་པ་ལྟར་དུ་རེད། དགོངས་པ་བཀྲལ་ལུགས་འདི་མ་རེད་ན་འགལ་འདུ་ཅན་དུ་འགྱུར་འགྲོ་བ་རེད། དེའི་ཐེག་པ་ལམ་བྱེད་ཡིན་ཆགས་གྱིས། ད་ལྷ་ལམ་ཁྱེར་རེད། ལྷ་ལམ་ཁྱེར་ནི་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྲས་དང་བཅས་པར། ཕྱག་དང་མཆོད་པ་བསྟོད་པ་སོགས་ཞུས་གསུངས་སོང་ན། དེ་ལྟར་བྱས་ནས་སྙིང་པོ་ལམ་ཁྱེར་ཤེར་སྙིང་བཟླ་རྒྱུ་དང་། བསླབ་བྱ་ལམ་ཁྱེར་གོང་ནས་བཤད་པའི་སྨོན་འཇུག་གི་བསླབ་བྱར་བསླབ་རྒྱུ། དེ་ཡང་སྨོན་པའི་བསླབ་བྱ་བདག་གཞན་མཉམ་བརྗེ་དང་ནི། བདག་བས་གཞན་གཅེས་བསྒོམ་བཞིན། འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་སྤྱོད་དགོས། དེའི་ལམ་ཁྱེར་བཞིའི་དོན་རགས་རིམ་གྱི་བཤད་པ་སོང་བ་རེད། ད་སྤྱི་དོན་གཉིས་པ་འགག་དྲུག་བཤད་པ་གསུངས་རྒྱུ་ཞིག་ཡོད་ན། གང་དུ་གང་གིས་གང་ལ་གང་ཞིག་ལ་སོགས་པ་རེད། གནས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་བོ་གང་དུ། སྟོན་པ་རྫོགས་པའི་སངས་རྒྱས་གང་གིས། འཁོར་བྱང་ཆུབ་སེམས་དཔའ་དོན་འགྲུབ་སོགས་གང་ལ། ཅི་ཞིག་བསྟན་པ་འདིའི་དངོས་བསྟན་ལྟར་དུ་རེད། དེའི་སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་ཟེར་རྒྱུ། དང་མ་རེད། ངང་རེད་ཟེར་འདུག་ས། ངས་ངང་སྒོམ་ཟེར་འདུག་ནི་རེད། རྣམ་པ་ཚོས་བརྟག་དཔྱད་ཐོངས་། དེ་ནས་སྒོམ་བཞག་ཡོད་ན། བསམ་གཏན་ངང་སྒོམ་གྱི་ཁྲིད་འདི་བསྒོམ་དགོས་རེད། བསྒོམ་དགོས་དུས་ཁ་སང་ཞུས་པ་ལྟར་དུ་ལུས་ཀྱི་འདུག་སྟངས་དང་། སེམས་ཀྱི་བཞག་ཐབས་གཉིས་གནད་ཆེ་བ་རེད། བསམ་གཏན་གྱི་འདུག་སྟངས་དུས་རྒྱུན་བཞིན་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས་ནས། རང་གི་སྙིང་དབུས་སུ་གོང་དུ་གསུངས་པ་ལྟར་རྣམ་པ་འོད་ཀྱི་ཐེག་ལེ་ཞིག ཁ་དོག་ཅི་ཡང་འཆར་ཞིང་གཅིག་ཏུ་མ་ངེས་པ་དེ་འདྲ་ཞིག། ཆེ་ཆུང་བྱེའུ་ཅོ་གའི་སྒོང་བ་འདྲ་ཞིག་སྒོམ་གསུངས་སོང་ན། ཅོག་སྒོང་ཙམ་ཞིག་སྒོམ་གསུངས་རྒྱུ་དེ་བྱེའུ་ཅོ་གའི་སྒོང་བ་འདྲ་ཞིག་སྒོམ་གསུངས་པ་རེད་འདུག དེའི་ཐེག་ལེ་དེ་བསྒོམ་པས་ཅི་ཞིག་མཚོན་ན། འཇམ་དཔལ་སྒྱུ་དྲྭའི་ནང་ན། ཐེག་ལེ་སྟོང་པ་སྐྱེ་བ་མེད། །གསུངས་རྒྱུ་དེ་གོང་དུ་དྲངས་ན། འོད་སྣང་སྟོང་པའི་ཐེག་ལེ་དེས་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་སྟོང་ཉིད་སྤྲོལ་བྲལ་མཚོན་བྱེད་རེད། དེ་ལས་སྣང་བ་མ་འགག་པ་རྟེན་འབྱུང་སྒྱུ་མའི་ངང་ཚུལ་འབྱུང་རྒྱུ་དེ་ཁ་དོག་ཅི་ཡང་འཆར་བ་དེའི་མཚོན་བྱེད་རེད། དེའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཡང་ནས་ཡང་དུ་སྒོམ་དགོས་རེད། ཡང་སྔར་བཞིན་བརྟག་ཤིང་དཔྱད་ནས་སྒོམ། ཡང་དེའི་ངང་ལ་བཞག་སྟེ་དཔྱད་འཇོག་སྤེལ་མ་བྱེད། དེ་ལྟ་བུའི་དཔྱད་འཇོག་སྤེལ་མས་བློ་བརྟན་པར་གྱུར་བ་དེའི་སྐབས་གོམས་པ་བརྟན་པོ་ཞིག་རེད་སོང་དུས། ད་ལྟའི་སྐབས་སུ་འུ་ཅག་གིས་དབང་བསྐུར་རྒྱུ་འདི་ལྟ་བུར་མཚོན་ན། དབང་བསྐུར་བྱ་སྐུར་བྱེད་ལ་སོགས་པའི་བྱ་བྱེད་འདི་དག་གིས་མཚོན་པའི་ཕྱི་དང་ནང་གི་དངོས་པོར་སྣང་བ་འདི་ཐམས་ཅད། རྟེན་འབྲེལ་ཙམ་དུ་མ་འགག་པར་ཤར་བསྡད་ཀྱང་སྣང་ཙམ་ཉིད་ནས་དོན་ལ་གྲུབ་པ་མེད་པ། དོན་ལ་གྲུབ་པ་ཅུང་ཟད་ཀྱང་མེད་པའི་སྣང་བའི་རྫུན་རིས་འདི་དག་ཐམས་ཅད། མ་བརྟག་ཉམས་དགའ་བ་ཡོད་ཡོད་གྲུབ་གྲུབ་འདྲ་བའི་རྨི་ལམ་ལྟ་བུ་ཡིན་རྒྱུ་དང་ནི། དེ་ཉམས་སུ་མྱོང་མཁན་གྱི་རང་སེམས་ལ་བལྟས་བཞག་ན་ཡང་ཅིའི་ངོ་བོར་ཡང་མ་གྲུབ་པ་ཞིག་རེད། རང་གི་སེམས་ལ་རང་གིས་ཅེར་གྱིས་བལྟས་ན། འདི་ཡིན་དེ་ཡིན་ཟེར་རྒྱུའི་ངོ་བོར་ཡང་མ་གྲུབ་པའི་འཛིན་མེད་སྟོང་པ་ལ་ཁོ་ཐག་ཆོད་སོང་དུས། ཡུལ་མི་དམིགས་སྟོང་གཟུགས་ནམ་མཁའི་འཇའ་ཚོན་འདྲ་བ་དང་། ཡུལ་ཅན་འཛིན་པའི་སེམས་སྐད་ཅིག་ཆ་མེད་བར་སྣང་གི་སེམས་འདྲ་ཞིག་གཏད་མེད་རང་སང་དུ་སོང་དུས་སྟོང་གསལ་ནམ་མཁའ་ལྟ་བུའི་བློ་འདས་སྨྲ་བསམ་བརྗོད་མེད་ཀྱི་རང་བྱུང་རིག་པ་ཟེར་ན་སྨྲ་བསམ་བརྗོད་བྲལ་དུ་གྱུར་བ་དེ་ཉིད་ཀྱི་ངང་ལ། བསལ་བཞག་མེད་པར་གནས་ནས་བཞག་བཞག་དུས། རིམ་གྱིས་བདག་མེད་རྣམ་གཉིས་ཀྱི་དོན་དེ་རྟོགས་ཤིང་མངོན་དུ་འགྱུར་ཡོང་བ་རེད། དེ་འདྲའི་མཉམ་པར་བཞག་རྒྱུ་འདི་ཞི་ལྷག་ཟུང་འཇུག་ཀྱང་རེད། རིག་པས་དཔྱད་ནས་བརྗོད་མེད་བརྗོད་པ་དང་བྲལ་བར་གཏན་ལ་ཕབ་རྒྱུ་འདི་ལྷག་མཐོང་ཡིན་ན། དེའི་ངང་ལ་གསལ་སྟོང་རྣམ་པར་མི་རྟོག་པར་འཇོག་རྒྱུ་དེ་ཞི་གནས་རེད། དེ་གཉིས་ཀ་བརྡ་ཤེས་པའི་ཡན་ལག་ཏུ་སོ་སོར་བརྗོད་པ་ཙམ་ཞིག་མ་གཏོགས་ཞི་ལྷག་ངོ་བོ་དབྱེར་མེད་ཟུང་འཇུག་ཏུ་ཤེས་པའི་ངང་ནས། མཉམ་གཞག་དེ་ལས་ལངས་པའི་རྗེས་ཐོབ་ལ། བདག་མེད་རྣམ་གཉིས་ཀྱི་དོན་དུ་དྲན་ཤེས་ཀྱིས་སྐྱོང་བཞིན་གང་སྣང་སྒྱུ་མ་ལྟ་བུར་ཐག་བཅད། ལྷ་རྗེས་དྲན་ཡུམ་ཆེན་ཤེར་ཕྱིན་གྱི་སྐུའི་རྣམ་པའི་གསལ་སྣང་གི་འདུན་པ་དང་མ་བྲལ་གོང་དུ་གསུངས་ཡོད་ན། དེ་བཞིན་དུ་སྤྱོད་ལམ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེའི་དགོངས་དོན་བཞིན། ནམ་ཡང་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱེད་པ་དེ་སྡོམ་པའི་ལྡོག་ཆས་དམ་ཚིག་ཀྱང་ཡིན་ཟེར་ཆོག་རེད། ཡ་ད་དེ་ཙམ་ཡིན་ཞེས་གསུངས།

བྱ་སྤྱོད་ཀྱི་དབང་གི་རྗེས་འབྲེལ་དུ་ཕེབས་པའི་གསུང་འཕྲོས།

ད་ཁ་རྩང་ཡན་ཆོད་དུ་སྔོན་འགྲོ་སྒོ་འབྱེད་ཀྱི་དབང་ནས་སོར་བཞག་ལྷ་མིའི་ཐེག་པའི་དབང་གི་རྨང་གཞིའི་སྟེང་གི་རྒྱུ་མཚན་ཉིད་ཀྱི་ཐེག་པའམ་ཀུན་འབྱུང་འདྲེན་པའི་ཐེག་པར་དཀྱིལ་འཁོར་རྣམ་པ་གསུམ་གྱི་སྟེ། ཉན་རང་བྱང་སེམས་ཀྱི་ཐེག་པའི་དབང་གསུམ་སོང་ཟིན་པའི་མཚམས་ནས། དེ་རིང་ནས་འབྲས་བུ་སྔགས་ཀྱི་ཐེག་པའི་དཀྱིལ་འཁོར་དུ་འཇུག་པའི་སྐབས་ལ་ཁེལ་ནི་རེད། གོང་དུ་མན་ངག་ལུགས་ཀྱི་ཕྱི་དབང་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར་ལྔ་པ་ཀྲི་ཡ་ཏནྟྲ་འམ་བྱ་བའི་རྒྱུད། དེ་ཡང་བྱ་རྒྱུད་ཁྱད་པར་བ་སྤྱོད་རྒྱུད་དང་ཐུན་མོང་དུ་བྱས་པའི་དཀྱིལ་འཁོར་ནས་དབང་སྐུར་བ་སོང་མ་ཐག་པ་ཡིན་ན། སྤྱིར་ན་འབྲས་བུ་སྔགས་ཀྱི་ཐེག་པ་ཟེར་ནས་བཤད་པའི་སྐབས། འདི་ལ་འབྲས་བུ་ཞེས་བཏགས་དོན་ཅི་ཡིན་ནམ་དགོངས་ན། མཐར་ཐུག་གི་འབྲས་བུའི་དཀྱིལ་འཁོར་གང་ཡིན་པ་དེ་ཉིད་ད་ལྟ་ནས་ལྟ་སྤྱོད་ཁྱད་པར་ཅན་གྱི་སྒོ་ནས་ཅི་རིགས་པར་ལམ་དུ་བྱེད་པའི་ཐབས་དེ་ལ་བརྟེན་ནས། སངས་རྒྱས་མྱུར་དུ་འགྲུབ་པར་བྱེད་པའི་ལམ་ཡིན་པས་ན་འབྲས་བུའི་ཐེག་པ་ཞེས་གསུང་ནི་རེད། དེ་ཡང་གསུང་བ་ལྟར་དུ་ཡིན་ཏེ། མཚན་ཉིད་ཐེག་པའི་སྐབས་ནས་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཙམ་དུ་ཤེས་པ་དེ། རྐྱེན་ཚོགས་གཉིས་ལ་བརྟེན་ནས་སངས་རྒྱས་ཐོབ་པར་འདོད་ཡིན་ལ། སྔགས་ཀྱི་སྐབས་ནས་སེམས་ཉིད་འབྲས་བུའི་ངོ་བོ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་རང་ལ་ཡེ་གནས་ཀྱི་ཚུལ་དུ་ཡོད་པའི་གཞི་དེའི་སྟེང་ནས། གནས་སྐབས་གློ་བུར་བའི་དྲི་མ་ལམ་གྱིས་བསལ་སྟོབས་ཀྱིས། གཞི་དྲི་བྲལ་མངོན་གྱུར་གྱི་ཆ་ནས་འབྲས་བུར་བཞག་པ་ཡིན་པས། དོན་ལ་རྒྱུ་འབྲས་གཉིས་ག་སྔ་ཕྱི་མེད་པའི་ཕྱིར་ན། འབྲས་བུའི་ཐེག་པ་དང་ནི། དེ་ཉིད་གཏན་ཏུ་འགྱུར་བ་མི་སྲིད་པས་ན་རྡོ་རྗེའི་ཐེག་པ་ཡང་གསུང་ནི་རེད། དེའི་མ་ཚད་སྔགས་ཀྱི་ནུས་པ་ཐོགས་མེད་བཞིན་དུ་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པས་ན་སྔགས་ཀྱི་ཐེག་པ་ཞེས་ཀྱང་གསུངས། དོན་གྱི་ཁྱད་པར་གྱི་ཕྱོགས་རེ་ནས་མཚན་གྱི་རྣམ་གྲངས་རེ་རེ་གསུངས་ནི་རེད། བདེ་མྱུར་གྱི་ཁྱད་པར་ཇི་ལྟར་འཇོག་ཟེར་ན། ཚུལ་གསུམ་སྒྲོན་མེའི་ལུང་། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་གསུངས་པ་ཡིན་པས། དེ་ལྟར་གསུངས་པ་ལྟར་ཐབས་མང་དཀའ་བ་མེད་པ། ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་ལ། ཤེས་རབ་ཀྱི་ཆ་ནས་མ་རྨོངས་པ་དང་ནི་གང་ཟག་དབང་པོ་རྣོན་པོའི་སྤྱོད་ཡུལ་ཡིན་པས་ན། འབྲས་བུ་མྱུར་དུ་འགྲུབ་པའི་ཚུལ་གྱིས་འཕགས་པ་ཡིན་ནི་རེད། དེ་ཡིན་ན་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་སྔགས་ལམ་ཐམས་ཅད་ལ་དེ་འདྲའི་ཁྱད་ཆོས་ཁྱད་པར་འཕགས་པ་ཞིག་ཡོད་པས། རྒྱུད་སྡེ་བཞི་འམ་དྲུག་གི་རྣམ་བཞག་དབྱེ་ཡོད་ནི་རེད། ཐུན་མོང་ལྟར་དུ་བྱས་ན་བཞི། ཐུན་མིན་གསང་སྔགས་སྔ་འགྱུར་པའི་ལུགས་ལ་རྒྱུད་སྡེ་དྲུག་གསུང་ནི་རེད་མོད། སྔགས་ཐམས་ཅད་ལ་དེ་འདྲའི་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་ཁྱད་ཆོས་ཡོད་དུས། རྒྱུད་སྡེ་གོང་འོག་དྲུག་གི་རྣམ་བཞག་བཤད་དོན་ཅི་ཡིན། དེ་ཚང་མ་ཨེ་དགོས་སམ་སྙམ་ན། དབང་རྣོན་སྔགས་ཀྱི་གདུལ་བྱ་ཡིན་པ་གང་ཞིག་ལ་ཡང་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཡོད་པས་དགོས་པ་རེད། དེའི་ཁྱད་པར་ཡོད་ན་དེ་ལྟར་དུ་འདུལ་བྱེད་ཀྱི་ཆོས་སམ་ལམ་ལ་དཀྲི་བའི་ཐེག་པ་ཡང་དེ་བཞིན་དུ་ཁྱད་པར་བྱས་ཏེ་གསུངས་ཡོད་ནི་རེད། དེས་ན་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་འདིའི་མཚན་དེ་ཇི་ལྟར་ཐོགས་པ་ཡིན་ནམ་ཞེ་ན། བླང་དོར་སྤང་གཉེན་གྱི་ལྟ་སྒོམ་སྤྱོད་པ་སོགས་གང་ཐད་ནས་ཕྱི་མཚན་ཉིད་རྒྱུ་ཡི་ཐེག་པའི་མཐའ་བྲལ་དབུ་མའི་དགོངས་སྤྱོད་དང་ཚུལ་མཐུན་པ་ཡིན་པས་ན་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་གསུངས་ནི་རེད། ཕྱིའི་ལུས་ངག་གི་དཀའ་ཐུབ་ལྟ་བུ་རེད། གཙང་སྦྲའི་ཐད་ནས་རྒྱ་གར་གྱི་གནའ་སྔ་མོའི་རིག་བྱེད་ལྟར་དུ་བརྟེན་པ་ཡིན་པས་ན་རིག་བྱེད་ཀྱི་ཐེག་པ་ཞེས་གསུངས། འདིར་ཡེ་ཤེས་འཆར་ལུགས་ཀྱི་སྒོ་ནས་བཤད་ན། ཡེ་ཤེས་འཆར་ལུགས་གསུམ་གྱི་ནང་ནས་ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཡིན་ནི་རེད། བསྐལ་པ་གྲངས་མེད་མང་པོར་སྒུག་མི་དགོས་པར་འོག་མིན་ན་བཞུགས་པའི་རྒྱལ་བ་རིགས་གསུམ་མམ་རིགས་ལྔ་འཁོར་དང་བཅས་པ་ད་ལྟ་ནས་སྤྱན་དྲངས་ཏེ་དངོས་གྲུབ་སྒྲུབ་པར་འདོད་པ་ཞིག་རེད། ཐེག་དགུའི་དབང་རྫོགས་ཀྱི་མདོ་རང་ལུགས་ནས། དབང་པོ་ཐ་འབྲིང་རབ་གསུམ། རེ་རེ་ལ་གསུམ་གསུམ་དགུ་ལ་དབྱེ་བའི་ནང་ནས། སྐབས་བབ་འབྲིང་གི་ཐ་འབྲིང་གཉིས་ཀ་ཀྲི་ཡ་དང་ཨུ་པ་ཡ་ཐུན་མོང་གི་དཀྱིལ་འཁོར་ནས་དབང་འདི་སྐུར་བ་ཡིན་དུས། སྤྱིར་བཏང་གིས་བཤད་ན་བྱ་བའི་རྒྱུད་འདིས་ངོ་བོ་དེ་ཅི་འདྲ་ཞིག་རེད་ཅེ་ན། དོན་དམ་པར་མཐའ་བཞི་དང་བྲལ་བར་རྟོགས་པས་ཀུན་རྫོབ་ཏུ་འབད་བཅས་རྩོལ་བ་ཅན་གྱིས་དངོས་གྲུབ་གཞན་ལ་རེ་བ་དང་། སྤྱོད་རྒྱུད་ཀྱི་ངོ་བོ་དེ་ལྟ་སྒོམ་གཉིས་ཀ་གོང་མ་ཡོ་ག་ལྟར་དང་སྤྱོད་པ་འོག་གི་བྱ་རྒྱུད་ལྟར་དུ་སྤྱོད་པས་ན་དངོས་གྲུབ་སྒྲུབ་པའི་ཐབས་སུ་གྱུར་པ། དེ་བཞིན་ངེས་ཚིག་ཀྱང་ཀྲི་ཡའི་སྒྲ་དེ་བྱ་བ་ལ་འཇུག་ནི་རེད། ཕྱིའི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་ན་བྱ་རྒྱུད་དང་ནི། ཨུ་པ་ཡ་གསུངས་པའི་སྒྲ་དེ་སྤྱོད་པ་ལ་འཇུག་པས་ཕྱིའི་ལུས་ངག་གི་བྱ་བ་དང་ནང་དེ་ཉིད་ཀྱི་རྣལ་འབྱོར་གཉིས་ཆ་མཉམ་དུ་སྤྱོད་པས་དེ་ལྟར་གསུངས་ན། སྐབས་འདིར་གཉིས་ཀ་ཐུན་མོང་གི་དཀྱིལ་འཁོར་ནས་དབང་བསྐུར་བ་སྟེ། དང་པོ་འཇུག་ཆོས་བཅུས་ཞུགས་ནི་རེད། དངོས་གཞི་ཆུ་དང་ཅོད་པཎ་གྱི་དབང་བསྐུར་ཏེ། ལྷ་དབང་ནང་དུ་རྩ་བའི་ལྷ་དང་མགྲོན་ཐབས་ཀྱི་ལྷ་ལ་དབང་སོ་སོར་ཡོད་མོད། དེ་འཕྲོས་དེ་ལ་སྦྲེལ་ནས་རྫས་དབང་ཉི་ཤུ་རྩ་དྲུག་གིས་བསྐུར་ནི་རེད། འདིའི་མདོ་རང་ལུགས་ཀྱི་སྦྱོར་ལམ་གསུམ་པ་སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ནས། བསོད་ནམས་རྟེན་གྱི་ས་དང་ནི་མཐོང་ལམ་དབུག་ཆེན་འབྱིན་པའི་རྣལ་འབྱོར་ནས། བརྟེན་པ་ཁྱད་པར་དུ་ཤེས་པའི་ས་གཉིས་ཀ་ཅི་རིགས་པར་ནོན་པའི་རྟེན་འབྲེལ་སྒྲིག་པ་ཡིན་ཞེས་གོང་ནས་བུད་མ་ཐག་པ་ལྟར་རེད། དེའི་རིགས་འདྲའི་ཡོན་ཏན་གྱིས་གསོས་ཐེབས། མངོན་དུ་རྒྱུ་ཕྲ་མོ་དང་ཀུན་འགྲོའི་སྒྲིབ་པ་གང་འཚམས་རེ་དག རང་སའི་ལམ་གོང་མ་ལ་སྦྱོར་བར་བྱེད། འཇུག་པ་བྱང་ཆུབ་ཀྱི་སེམས་དང་། དགའ་བ་བྱང་ཆུབ་ཀྱི་སེམས་གང་རུང་རྒྱུད་ལ་སྐྱེ་ནི་ཡིན་གསུངས་པ་རེད། གནས་སྐབས་སུ་བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་གས་རྒྱུ་རྒྱུད་སོགས་སྤྱོད་པ་ལ་དབང་ནི་རེད། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་རིགས་གསུམ་རྡོ་རྗེ་འཛིན་པའི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་སྐལ་བ་ཅན་བྱས་པ་དེ་ལྟ་བུ་ཞིག་རེད། དེའིམཚམས་ནས་རྗེས་ཀྱི་བྱ་བ་ལམ་ཁྱེར་བཞི་བསྟན། དེ་ཡང་ལམ་ཁྱེར་བཞི་བསྟན། འགག་དྲུག་བཤད། གདམས་ངག་ངང་སྒོམ་གྱི་ཁྲིད་བཏབས་ནི་རེད། ད་དེ་དག་གི་གོ་དོན་རེ་བཀྲལ་ནས་རང་རྒྱུད་ལ་སྦྱར་རྒྱུའི་གདམས་པ། ངག་འདོན་རྟ་རྒྱུག་མའི་ཁྲལ་སོད་ཙམ་དུ་མ་སོང་བར་དམ་པ་གོང་མའི་ཕྱག་སྲོལ་མཐུད་རྒྱུ་ལ་བསམ་བློ་ཞིག་བཏང་ནས་ས་ཁོངས་འཛིན་བྱེད་ཙམ་རེ་ཞུ་དགོས་པ་དང་བསྟུན་ན། ད་ལམ་ཁྱེར་བཞིའི་དང་པོ་དེ་ཐེག་པ་ལམ་ཁྱེར་རེད། འདིའི་གོང་འོག་གི་ཐེག་པ་ཚང་མ་ལ་ས་བཅད་འཇོག་ལུགས་གཅིག་པ་ཡིན་ནི་རེད། ཐེག་པ་ལམ་ཁྱེར་ལ་ཡང་ནང་གསེས་ཀྱི་དབྱེ་བ་དྲུག་ཏུ་ཕྱེ་བ་རེད། དྲུག་ཏུ་ཕྱེས་པའི་དང་པོ་དེ་འཇུག་སྒོ་ཡིན་ལ། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་ཞེས་གསུངས་པས། འཇུག་སྒོ་དག་པ་གསུམ་གྱི་སྒོ་ནས་འཇུག་པ་ཡིན། དག་པ་གསུམ་པོ་གང་རེད་ཟེར་ན། རྒྱུད་རང་ཤར་ལས། ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ལོངས་སྤྱོད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །ཞེས་གསུངས། ལྷ་དང་དཀྱིལ་འཁོར་དག་པ་ཞེས་གསུངས་པ་ཅི་འདྲ་ཞིག་ལ་གསུངས་པ་རེད་ཟེར་ན། བདག་དང་ལྷ་ཡི་དེ་ཉིད་བསྒོམ་པ་དེ་ལ་གསུངས་ནི་རེད། རྫས་དང་ལོངས་སྤྱོད་དག་པ་གསུངས་པ་དེ་ཤ་ཆང་དང་སྒོག་ཙོང་ལ་སོགས་པ་མི་གཙང་བ་སྤངས་ཤིང་ཁྲུས་དང་གཙང་སྦྲ་ལ་གནས་པ་དེ་ལ་གསུངས་ནི་རེད། དེ་འཕྲོས་སྔགས་དང་ཏིང་འཛིན་དག་པ་དེ་དག་པ་གསུམ་གྱི་རྗེས་མ་དེ་རེད། སྔགས་དང་ཏིང་འཛིན་དག་པ་བཟླས་བརྗོད་དང་བསམ་གཏན་གྱི་དེ་ཁོ་ན་ཉིད་བཅས་རེད། ཁྱད་པར་དུ་ཁྲུས་གསུམ་བྱེད་ཅིང་གོས་གསུམ་བརྗེ་བ་དེ་འདིའི་འཇུག་སྒོའི་དགོས་ཆོས་ཁྱད་པར་ཅན་ཡིན། ཁྲུས་གསུམ་དེ་གང་ཡིན་ཞེ་ན། ཕྱིའི་ཁྲུས་ལུས་ཀྱི་ཡན་ལག་ལྔ་ཁྲུས། ནང་གི་ཁྲུས་རང་རྒྱུད་ཀྱི་རྩ་ལྟུང་དག་པར་བྱེད་པ། གསང་བའི་ཁྲུས་མཚན་མའི་རྟོག་པ་རང་རྒྱུད་པ་དག་པར་བྱེད་པ་བཅས་དང་། གོས་གསུམ་བརྗེ་བ་ནི། ཕྱིའི་གོས་རས་ལ་སོགས་པ་གཙང་མའི་གོས་གསར་བ་གྱོན་པ། ནང་གི་གོས་རང་རྒྱུད་ཀྱི་སྡོམ་པ་སྲུང་ཞིང་གསོ་སྦྱོང་བྱས་ཏེ་རང་རྒྱུད་གཙང་མར་བྱ་བ། གསང་བའི་གོས་ལྷ་སྒོམ་པ་དང་མི་འབྲལ་བར་བྱེད་པ་བཅས་ཡིན། འཇུག་སྒོ། ལྟ་བ། ཚུལ་ཁྲིམས་གསུངས་པའི་འཇུག་སྒོ་དེ་འདྲ་ཞིག་རེད། ལྟ་བ་བདེན་གཉིས་ཡིན་ནི་རེད། ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བའི་སྟོང་གསལ་གྱི་ཡེ་ཤེས་གང་ཡིན་པ་དེ་ཉིད་དོན་དམ་བདེན་པ་དང་ནི། ཀུན་རྫོབ་ལ་ཡང་དག་དང་ལོག་པའི་ཀུན་རྫོབ་རྣམ་པ་གཉིས་སུ་བཤད། རེད་དེ་བཤད་ལུགས་མཚན་ཉིད་ཐེག་པ་དང་འདྲ་བའི་ནང་ནས་མི་འདྲ་བ་རེད། དབུ་མ་མན་ཆད་ཀྱི་ཡང་ལོག་གཉིས་ཀྱིས་བསྡུས་པའི་ཀུན་རྫོབ་ཐམས་ཅད་དེ་སྐབས་འདིར་ལོག་པའི་ཀུན་རྫོབ་ལ་བཞག་ནི་རེད། ཡང་དག་ཀུན་རྫོབ་དེ་ཇི་ལྟར་བཞག་ཟེར་ན། ཀུན་རྫོབ་ཏུ་ཡོངས་སུ་དག་པ་ལྷ་དེ་ཉིད་སྒྲུབ་པས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་འགྲུབ་པའི་ཚུལ་ལ་ངེས་པ་བརྟན་པ་དང་། དེ་ཡང་དོན་དམ་མཐའ་བཞི་བྲལ་བ་རང་གི་སེམས་ཉིད་དག་པའི་ཡེ་ཤེས་ལས་ཆོས་ཉིད་དེ་ལྟར་རྟོགས་པའི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལ་སོགས་པ་ཡོངས་དག་ལྷ་ཡི་རྣམ་པ་ཡེ་ཤེས་པར་བསྒྲུབ་པ་སྟེ། དེ་བསྒྲུབ་པས་དམིགས་པའི་འབྲས་བུ་བསླུ་མེད་དུ་ཐོབ་པས་ཡེ་ཤེས་བརྟན་པར་གྱུར་པ་སྐབས་འདིའི་ལྟ་བ་རེད་ཟེར་དགོས། བདག་དང་ལྷ་གཉིས་རྗེ་ཁོལ་དང་གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ཞུ་བ་ཡིན་ན་ཡང་། དངོས་གྲུབ་དེའང་ལྟ་བ་བདེན་གཉིས་དང་མཐུན་པའི་དངོས་གྲུབ་རྣམ་གཉིས་ཐོབ་དགོས་པས། དངོས་གྲུབ་རྩོལ་བའི་ནུས་པ་ལྷ་ལ་ཡོད་པ་རྐྱང་བར་དམིགས་པ་མ་ཡིན་པར་མཐར་ཐུག་བསྒྲུབ་བྱའི་ལྷ་དང་ངོ་བོ་དབྱེར་མེད་དུ་འགྲུབ་པར་འགྱུར་བའི་ཡིད་ཆེས་བརྟན་པོ་ཡོད་པ་དེ་ལྟ་བའི་གནད་ངོ་མ་ཡིན། འདི་ཚང་གི་ལྟ་སྤྱོད་དབུ་མའི་མཐའ་བྲལ་ངོ་བོ་ཉིད་མེད་པའི་ལྟ་བ་དེ་གཞིར་བཞག་གི་སྟེང་ནས། སྔགས་ཀྱི་ཁྱད་འཕགས་ཀྱི་རང་བཞིན་གྱིས་ཁྱད་པར་དུ་བྱས་པ་ཞིག་ཡིན། དབུ་མ་བ་ལྟར་སྣང་བ་རྟེན་འབྱུང་གི་རང་བཞིན་ཅན་དེ་སྐབས་འདིར་ལྷ་ལ་བསྒོམ་པ་ཡིན་ན་གསེར་འགྱུར་གྱི་རྩི་ལྕགས་ལ་ཐེབས་པ་བཞིན་མ་དག་པ་དག་པར་བསྒྱུར་བར་བཞེད་བཞིན་ཡོད། དོན་དམ་སྐྱེ་འགག་མེད་པ་དབུ་མ་དང་མཐུན་པར་མ་ཟད་ཀུན་རྫོབ་ཕུང་ཁམས་སྐྱེ་མཆེད་སྒྱུ་མ་ལྟར་དུ་ལྟ་བ་ཡང་མཐུན་པ་རེད། འོ་ན་ཁྱད་པར་གང་གིས་འབྱེད་ཅེ་ན། སྒྱུ་མའི་མཚན་ཉིད་དེ་དག་ཐམས་ཅད་ཡོངས་སུ་དག་པ་ལྷའི་མཚན་ཉིད་དུ་ལྟ་བ་དང་ནི། ཆོས་ཉིད་དག་པའི་སྒོ་ནས་ལྷར་ལྟ་བ་ཡིན་པས་བདེན་གཉིས་དབྱེར་མེད་ཆོས་ཉིད་སངས་རྒྱས་ཡིན་པས་ཆོས་ཅན་སངས་རྒྱས་མ་ཡིན་པ་མི་རུང་བར་ལྟ་བ་དེ་འདྲ་ཞིག་རེད། དཔེར་ན་ལི་དང་འཁར་བ་བཞུ་བཏུལ་བྱས་པའི་ཞུན་ཐིགས་དེ་སྐུ་འདྲ་མ་ཡིན་ལ་དེས་བདེ་བར་གཤེགས་པའི་སྐུ་འདྲ་ལུགས་སྐུ་བླུགས་བཞག་པ་དེ་ལས་གཞན་པའི་སྐུ་མི་འབྱུང་བ་བཞིན། མ་དག་པའི་དངོས་པོ་ཁོ་རང་ཡིན་པར་མི་ལྟ་ཞིང་རང་སེམས་དག་པ་མཐའ་བཞིར་རྟོགས་པའི་ཀུན་རྫོབ་ཡོངས་སུ་རྫོགས་པ་ལྷའི་མཚན་ཉིད་དུ་ལྟ་ནི་རེད། འདི་ནས་དེའི་ཡོན་ཏན་གསུང་པ་དེ་ཆོས་ཉིད་དེ་ལྟར་རྟོགས་པའི་ཡོན་ཏན་ལ་ཀུན་རྫོབ་སྣང་བའི་དངོས་པོ་སྣང་བ་རྣམ་པར་དག་པ་དབང་དེས། རིགས་གསུམ་སེམས་དཔར་སྣང་བ་རེད། ཚུལ་ཁྲིམས་གང་ཡིན་ན་གསང་བ་སྤྱི་རྒྱུད་ལ་ཞལ་འཕང་ནས་གསུངས་པ། སྤྱིའི་དམ་ཚིག་གསུམ་དང་བྱེ་བྲག་གི་དམ་ཚིག་བཅུ་གསུམ་དུ་བཤད་པ་སོགས་སོ། །ཞེས་གསུངས་ནས། བསྲུང་བྱའི་རྣམ་གྲངས་ཀྱི་ཐད་ནས་གསང་བ་སྤྱི་རྒྱུད་ནས་གསུངས་པ་ལྟར་ཡིན་པར་བསྟན། གསང་བ་སྤྱི་རྒྱུད་ན་གཙོ་བོ་འདི་ལྟར་བསྟན་ཏེ། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞེས་པ་ལ་སོགས་པའི་ཚིག་བཞིས་རྩ་བའི་དམ་ཚིག་གསུམ་བསྟན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་གཅིག བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་ལ་བསླབ་པ་དང་གཉིས། གསང་སྔགས་རིག་སྔགས་ཀྱི་ལྷ་ཚོགས་ལ་དད་པ་བརྟན་པོ་བྱེད་དགོས་པ་བཅས་གསུམ་པོ་བསྟན་ཡོད། འདི་ནས་གསང་སྔགས་དང་རིག་སྔགས་ཞེས་བཤད་སྐབས་བཟླ་རྒྱུའི་གསང་སྔགས་ཀྱི་རིགས་ལ་གོ་རྒྱུ་མ་རེད། འདིའི་སྐབས་སུ་ལྷ་ལ་གོ་དགོས་པ་ལས་སྔགས་ལ་གོ་རྒྱུ་མིན། གསང་སྔགས་ཞེས་པ་དཀྱིལ་འཁོར་གྱི་ལྷ་ཕོའི་རིགས་སུ་སྣང་བ་དང་། རིག་སྔགས་ཞེས་པ་ལྷ་མོ་རིགས་སུ་སྣང་བ་ལ་དད་དང་དང་བས་བསྟེན་རྒྱུ་སྟེ། རྩ་བའི་དམ་ཚིག་གསུམ་དང་། བྱེ་བྲག་གི་དམ་ཚིག་བཅུ་གསུམ་གསུང་པ། རང་གི་ལྷ་ལ་གཞན་ལས་ཀྱང་གུས་པར་བྱ་རྒྱུ་དང་། བྱ་སྤྱོད་ཀྱི་ཐེག་པ་འདིའི་སྒོར་ཞུགས་པའི་དམ་ཚིག་ཅན་ལ་གུས་རྒྱུ་ལ་སོགས་པ་རང་གཞུང་ལྟར་དུ་རེད། འདི་ན་སོགས་གསུངས་པའི་སོགས་ཁུང་ནས་ཅི་བསྟན་ཞེ་ན། འདི་ལ་བཞེད་ཚུལ་གྱི་དབང་གིས་རྣམ་གྲངས་མི་འདྲ་བ་གཞན་ཡང་ཡོད་པ་དག་དང་། འདི་བྱ་སྤྱོད་ཐུན་མོང་གི་དཀྱིལ་འཁོར་ཡིན་པས་ན་སྤྱོད་རྒྱུད་གྱི་ལྟ་བ་རྣལ་འབྱོར་རྒྱུད་དང་མཐུན་ཞིང་ཆོས་དབྱིངས་མཐའ་བྲལ་དང་གཉིས་སུ་མེད་པའི་རིག་པའི་ཡེ་ཤེས་ཀྱི་བྱིན་རླབས་དེ། རྣམ་སྣང་ལ་སོགས་པ་རིགས་བཞིར་མཐུན་པའི་ལྟ་བ་ཡིན་པས་དེ་དང་མཐུན་པའི་དམ་ཚིག་ཀྱང་འདི་ནས་སོགས་སྒྲས་བསྟན་ཡོད་པ་རེད། དེའི་འཇུག་སྒོ་ལྟ་བ་ཚུལ་ཁྲིམས་སོང་ནི་རེད། དེའི་སྒོམ་པ་སྤྱོད་པ་འབྲས་བུ་གསུམ་ཡོད་པར་བཤད་པས། སྒོམ་པ་ནི་འདི་ནས་འདི་ལྟར་གསུང་སྟེ། བྱ་རྒྱུད་ཙམ་པོ་བ་རྣམས་སུ་བདག་ཉིད་ལྷར་སྒོམ་པ་མི་འབྱུང་ཡང་འདིར་བྱ་རྒྱུད་ཁྱད་པར་ཅན་སྤྱོད་རྒྱུད་དང་ཐུན་མོང་བའི་སྒྲུབ་ཚུལ་ལ། སྟོང་བ་ཡི་གེ་སྒྲ་གཟུགས་དང་། །ཞེས་སོགས་གསུང་པ་རེད། ཀྲི་ཡ་ལྷ་དྲུག་གི་སྒོ་ནས་དམ་ཚིག་པ་བསྐྱེད་པ་སོགས་བསྟན་པ་ཡིན་ན། སྤྱིར་བྱ་རྒྱུད་འདི་ལ་ཙམ་ཁྱད་གཉིས་ཕྱེ་ནས་གསུང་སྲོལ་ཡོད། བྱ་རྒྱུད་ཙམ་པོ་བ་དེ་ཅི་འདྲ་ཞིག་ཡིན་ཞེ་ན། བདག་བསྐྱེད་མེད་པར་གསུངས་ཤིང་དེ་ཡང་གཙོ་བོའི་ཆ་ནས་གསུངས་པར་གོ་དགོས། བདག་བསྐྱེད་མེད་པ་ཙམ་གྱིས་བྱ་རྒྱུད་ཙམ་པོ་བ་ཡིན་པའི་སྒྲུབ་བྱེད་དུ་མི་འགྲོ རྒྱུད་སྡེ་གོང་མར་ཡང་བདག་བསྐྱེད་གསལ་བར་མ་བསྟན་ས་ཡོད་ཀྱང་གཙོ་བོ་གང་གིས་འཛིན་དགོས་ཤེ་ན་རྗེ་ཁོལ་དུ་སྒྲུབ་པ་ཡིན་པ་དང་། དེ་གནད་ལ་བཟུང་ནས་བདག་དང་ལྷ་ལ་བཟང་ངན་དུ་ལྟ་བའི་ཕྱིར་ན། མདུན་བསྐྱེད་གཙོ་བོ་བྱ་རྒྱུ་མ་གཏོགས་རྣལ་འབྱོར་ལྟར་དུ་བདག་མདུན་དབྱེར་མེད་བྱས་ནས་བདག་ཉིད་མདུན་བསྐྱེད་ཀྱི་ལྷ་དང་འདྲ་འདྲར་བསྙེན་པའམ་ང་རྒྱལ་མི་འཆང་པའི་ཕྱིར་ན་བདག་ཉིད་ལྷར་མི་སྒོམ་གསུངས་པ་རེད། དེས་ན་ཀུན་རྫོབ་ཏུ་ལྷ་དངོས་ཀྱི་རང་བཞིན་མིན་ཡང་རིམ་གྱིས་གསལ་སྣང་བྱུང་ནས་ལྷའི་གསང་གསུམ་དང་དབྱེར་མེད་དུ་གྱུར་མི་རུང་བ་ཡང་མིན་ཏེ། དེ་ཡང་གསང་སྔགས་མདོ་སྡེའི་ཚུལ་དུ་པཎ་གྲུབ་ཚོས་བཀྲལ་བཞག་པར་ལྷ་ཡེ་ཤེས་པར་མཆོད་བཟླས་བྱེད་རྒྱུ་རས་བྲིས་སོགས་ལ་བརྟེན་པ་དང་ནི། རང་ལྷར་སྒོམ་པ་དང་མི་འབྲེལ་ས་བྱ་རྒྱུད་ཙམ་པོ་བའི་གྲངས་ལ་བཞག་པ་ཡོད། ད་སྐབས་ཀྱི་འཆད་བྱ་ངོ་མ་དེ་བྱ་རྒྱུད་ཁྱད་པར་ཅན་སྤྱོད་རྒྱུད་དང་ཐུན་མོང་བའི་སྒྲུབ་ཚུལ་ཡིན་པས། འདི་ནས་ལུང་དྲངས་པ། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་གསུང་རྒྱུ་འདི་དེ་ཁོ་ན་ཉིད་རྣམ་བཞིའི་ནང་ནས་ལྷའི་དེ་ཁོ་ཉིད་རེད། སྟོང་པ་ཡི་གེ་སྒྲ་གཟུགས་ལ་སོགས་པ་འདི་དག་ཞིབ་པར་བཤད་དུས་དེ་ཁོ་ན་ཉིད་བཞི་པོའི་སྒྲོམ་གཞི་ནས་བཤད་རྒྱུ་ཡིན། དེ་ཁོ་ན་ཉིད་བཞི་ཞེས་པ་གང་ཡིན་ན། བདག་གི་དེ་ཁོ་ན་ཉིད་དང་གཅིག ལྷ་ཡི་དེ་ཁོ་ན་ཉིད་དང་གཉིས། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་གསུམ། བསམ་གཏན་གྱི་དེ་ཁོ་ན་ཉིད་དང་བཞི་རེད། དང་པོ་དེ་བདག་གི་དེ་ཁོ་ན་ཉིད་ཡིན་ན། བདག་གི་དེ་ཁོ་ན་ཉིད་དེ་ཅི་འདྲ་ཞིག་ཡིན་ཞེ་ན། གཞི་གནས་ལུགས་ལྟ་བས་གཏན་ལ་ཕབ་པ་གོང་ནས་བཤད་པ་ལྟར་དུ་སེམས་ཉིད་སྟོང་པ་མཐའ་བྲལ་གྱི་ཆོས་ཉིད་རྣམ་པར་ཤེས་པའི་ཆོས་ལས་འདས་པ་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་དེ་རེད། དོན་དམ་པའི་ལྷ་དང་དོན་དམ་བྱང་ཆུབ་ཀྱི་སེམས་ཆོས་ཐམས་ཅན་གྱི་གནས་ལུགས་ཞེས་གང་སྨྲས་ན་གཅིག་པ་རེད། དེ་ལ་བདག་གི་དེ་ཁོ་ན་ཉིད་ཅེས་གསུངས་པ་རེད། གཉིས་པ་ལྷའི་དེ་ཁོ་ན་ཉིད་ལ་ནང་གསེས་ཀྱི་དབྱེ་བ་ཡོད་ནི་རེད། སྟོང་པ་ཡི་གེ་སྒྲ་གཟུགས་ལ་སོགས་པའི་ལྷ་སྒོམ་པའི་རྣལ་འབྱོར་དྲུག་འབྱུང་། གང་རེད་ཅེ་ན། སྟོང་པའི་ལྷ་དང་གཅིག ཡི་གེའི་ལྷ་དང་གཉིས། སྒྲའི་ལྷ་དང་གསུམ། གཟུགས་ཀྱི་ལྷ་དང་བཞི། ད་དུང་ཕྱག་རྒྱ་དང་མཚན་མ་གཉིས་ཀྱི་ལྷ་དང་དྲུག་ཡིན། སྟོང་པའི་ལྷ་དེ་བདག་གི་དེ་ཁོ་ན་ཉིད་མཐའ་བཞི་དང་བྲལ་བར་བསྒོམ་པ། ཡི་གེའི་ལྷ་དེ་དེ་ཉིད་ཀུན་རྫོབ་ཟླ་བའི་དཀྱིལ་དུ་བསྒོམ་པ། སྒྲའི་ལྷ་དེ་དེའི་སྟེང་དུ་བཟླ་བྱའི་གཟུངས་སྔགས་བཅས་རང་སྒྲ་སྒྲོག་གི་ཡོད་པ། གཟུགས་ཀྱི་ལྷ་དེ་གོང་གི་སྔགས་དེ་ཟླ་དཀྱིལ་ལ་འདྲེས་པའི་མོད་ལ་སྔགས་ཕྲེང་བཀོད་དེ་འོད་ཟེར་སྤྲོ་བསྡུ་སོགས་སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་བསྡུས། ཟླ་བ་སྔགས་ཕྲེང་དང་བཅས་པ་ཡོངས་སུ་གྱུར་ནས་ལྷར་བསྐྱེད་པ་དེ་རེད། དེ་ནས་ཕྱག་རྒྱའི་ལྷ་དང་མཚན་མའི་ལྷ་གཉིས་ཡོད། ཕྱག་རྒྱའི་ལྷ་ཟེར་བ་དེ་རིགས་གང་ཡིན་དེ་དང་དེའི་དམ་ཚིག་ཕྱག་རྒྱས་རྒྱས་འདེབས་པ་དང་། མཚན་མའི་ལྷ་གསུངས་པ་འདི་དུས་ཐམས་ཅད་ལ་ཏིང་འཛིན་ལྷ་ཡི་འདུ་ཤེས་དང་མི་འབྲལ་བར་བྱེད་པ་བཅས་པ་རེད། དེ་ཁོ་ན་ཉིད་གསུམ་པ་དེ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཡིན། འདི་ལ་ཐུན་ཁྱད་གཉིས་བཤད་རྒྱུ་ཡོད། ཐུན་མོང་བ་དེ་གང་ཡིན་ན་བདག་དང་ལྷ་དང་འཕྲོ་འདུས་དེ་ཉིད་གསུམ་དང་ལྡན་པའི་སྒོ་ནས། སྔགས་བཟླ་སྐབས་སུ་མགྱོགས་མི་ཆེ། དལ་མི་ཆེ་བ་དང་། སྒྲ་མི་ཆེ། སྒྲ་མི་ཆུང་། ངག་འཁྱལ་དང་མ་འདྲེས་པར་སྒྲ་དག་ཅིང་ཚིག་གི་ཟུར་ཕྱིན་པ་ལ་སོགས་པ་སྔགས་ཀྱི་སྐྱོན་བཅུ་སྤང་བ་ལ་སོགས་དང་། དེའི་སྟེང་ནས་བཟླས་བརྗོད་ཀྱི་དེ་ཁོ་ཉིད་གསུང་སྐབས་ཁྱད་པར་བ་རེད། ཁྱད་པར་བ་ལ་བསམ་གཏན་ཕྱི་མའི་ལུང་དོན་ལྟར་དུ་ཡན་ལག་བཞི་མ་ཉམས་པའི་ཏིང་འཛིན་དང་ལྡན་པས་སྔགས་བཟླ་རྒྱུ་དེ་རེད། ཡན་ལག་བཞི་གང་རེད་ཅེ་ན། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོས་ཤིག །ཞེས་གསུང་ཡོད། སྒྲ་དང་སེམས་དང་གཞི་ལ་གཞོལ་ཞེས་གསུང་ན། སྒྲ་སྔགས་ཕྲེང་གི་ཡི་གེའི་སྒྲ་རེད། སེམས་གསུང་བ་བྱང་ཆུབ་ཀྱི་སེམས་རེད། ཤིན་ཏུ་རྣམ་དག་རྣམ་རྟོག་དང་བྲལ་བ་མི་གཡོ་ཟབ་ཅིང་ཕྲ་བ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བ་དང་ནི། དེ་འཕྲོས་གཞི་ལ་གཞོལ་ཞེས་པ་གང་རེད་ཅེ་ན། མདུན་དུ་བསྒོམ་པའི་མདུན་བསྐྱེད་གཞི་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པའམ་དེ་ལ་གཞོལ་བའོ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཞེས་གསང་སྔགས་མི་འགྱུར་གསུང་པ་དེ་ཡན་ལག་བཞི་པོ་གསལ་བརྟན་དུ་བྱེད་པ་དང་གཞི་ལ་གནས་ཞེས་གསུང་སྐབས་གཞི་འདི་བདག་གི་གཞི་ལ་གོ་དགོས་ཏེ་བདག་ལྷར་གསལ་བ་ལ་དམིགས་པ་རྩེ་གཅིག་ཏུ་གནས་པ་དེ་ཡིན། འོ་ན་བདག་ལྷར་མི་གསལ་བ་མ་ཡིན་ནམ་སྙམ་ན། དེ་བྱ་རྒྱུད་ཙམ་པོ་བ་བཤད་སྐབས་ཀྱི་སྐད་ཆ་རེད། འདིར་བྱ་རྒྱུད་ཁྱད་པར་ཅན་སྤྱོད་རྒྱུད་དང་ཐུན་མོང་བའི་སྐབས་ཀྱི་སྒོམ་པ་བཤད་པ་ཡིན་པས་བཟླས་བརྗོད་ཀྱི་དེ་ཁོ་ཉིད་ཀྱི་དོན་ཚུར་བསྡུས་ན། གཞི་སྔོན་རྗེས་གཉིས་འོང་པ་དེ་བདག་མདུན་གཉིས་ཡིན་ནི་རེད། བདག་མདུན་གཉིས་ཀ་ལྷར་བསམ་པ་དང་། སེམས་ཐུགས་ཀར་ཟླ་དཀྱིལ་ལ་བསམ་པ། སྒྲ་དེའི་སྟེང་དུ་སྔགས་ཀྱི་སྒྲ་གདངས་ལ་བསམ་པ་སྲོག་རྩོལ་བསྡམས་ནས་མདུན་གྱི་ལྷ་སྔགས་ལ་དམིགས་ནས་བཟླ་རྒྱུ་དེ་རེད། ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོས་ཤིག་ཞེས་གསུང་པ། དེའི་སྐབས་ཀྱི་བདག་དེ་གང་ལ་གོ་ན་མི་རྟོག་པ་ལ་གོ་དགོས་པ་རེད། དམིགས་གཏད་ཀྱིས་ངལ་ནས་བསྒོམ་མི་ཐུབ་ན་མི་རྟོག་པའི་ངང་ལ་མཉམ་པར་ཞོག མཚན་བཅས་ཀྱི་དམིགས་པ་དེ་ལས་ངལ་ན་མཚན་མེད་ཀྱི་ངང་དུ་ཞོག་ཅེས་གསུངས་ནི་རེད། དེ་ནས་དེ་ཁོ་ན་ཉིད་ཀྱི་དབྱེ་བ་བསམ་གཏན་གྱི་དེ་ཁོ་ན་རེད། འདི་ལ་ནང་གསེས་ཀྱི་དེ་ཉིད་གསུམ་ཡོད་པ། མེར་གནས།སྒྲ་གནས།སྒྲ་མཐའ་དང་གསུམ་ཡོད། དེ་ཁོ་ན་ཉིད་བཞི་པོ་བསམ་གསམ་གཏན་གྱི་དེ་ཁོ་ན་ཉིད་བཞི་བོ་རེད། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐའ་ཐར་བ་སྟེར་བར་བཤད། །འདི་དག་དེ་ཉིད་གསུམ་ཡིན་ནོ། །ཞེས་གསུངས་པ་རེད། འདི་ཚོའི་ཞིབ་ཆ་རྒྱུད་རང་གཞུང་དང་དེའི་རྒྱས་འགྲེལ་དག་ལས་གསལ། མདོར་ན་དེ་ཡན་ཆད་མཚན་བཅས་རྣལ་འབྱོར་སྒོམ་པའི་ཚུལ་དུ་བཤད་པ་རེད། ད་མཚན་མེད་ལ་མཚན་བཅས་ལྷ་དང་ཡིག་འབྲུ་ལ་སོགས་པ་སྒོམ་འདུག་རྒྱུས་སྣང་བ་དེ་ཡང་མི་དམིགས་མཚན་མ་དང་བྲལ་བ་མཐའ་བྲལ་དག་པའི་ངང་དེ་ལ་བཞག་ནས་བདེན་གཉིས་རེས་འཇོག་ཏུ་སྒོམ་པའི་ངང་ལ་འདི་སྒོམ་པ་འདུས་ཡོད། སྤྱོད་པ་དྲུག་ལ་སོགས་པ་གསུང་ཡོད་ནི་རེད་དེ། གཙོ་བོར་ཁྲུས་གསུམ། གཙང་སྦྲ་གསུམ་སྤྱོད་དང་། སྦྱིན་བསྲེག་དང་མཆོད་པ་ལ་སོགས་པ་གསང་སྔགས་འགྲུབ་བྱེད་ཀྱི་ཆོ་གའི་ཡན་ལག་ལ་བརྩོན་རྒྱུ་དེ་གསུངས་པ་རེད། འབྲས་བུ་གནས་སྐབས་ལ་ལུས་དང་རྫས་དང་ལོངས་སྤྱོད་ལས་བྱུང་བའི་ཐུན་མོང་གི་གྲུབ་པ་ཆེ་ཆུང་དང་། འདོད་པའི་ལྷ་དང་སྐལ་བ་མཉམ་རྒྱུ་སོགས་ནས་མཐར་ཐུག་མི་ཚེ་བཅུ་དྲུག་གམ་བདུན་ལ་སོགས་པར་སྐུའི་རིགས་རྣམ་པར་སྣང་མཛད་དང་། གསུང་གི་རིགས་སྣང་བ་མཐའ་ཡས། ཐུགས་ཀྱི་རིགས་རྡོ་རྗེ་མི་བསྐྱོད་པ་སྟེ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པའི་ཚུལ་གསུངས་ཡོད། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དུ་འགྱུར་བར་འདོད་ནི་རེད། འདིའི་མི་ཚེའི་ཚད་འདི་དག་རིག་འཛིན་གྲུབ་ཚར་སྐབས་སྤྱིར་བཏང་གི་མི་ཚེའི་ཚད་དང་མི་འདྲ་བ་ཡིན་པས་དེ་ལྟ་བུ་གོ་དོན་ཤེས་དགོས། རིག་འཛིན་ཞེས་བཤད་པའི་གནས་སྐབས་འདི་ན། རིག་འཛིན་ལ་འཇིག་རྟེན་འདས་དང་མ་འདས་ཀྱི་རིག་འཛིན་ལ་དབྱེ་ཡོད་པར་ངེས་དགོས། འཇིག་རྟེན་འདས་པའི་རིག་འཛིན་དེ་ཁ་རྩང་སྔོན་ནས་ཞུས་པ་ལྟར་དུ་སྤྱིར་སྔ་འགྱུར་རང་ལུགས་ཀྱི་བཞེད་པ་ལ། རྣམ་སྨིན་རིག་འཛིན། ཚེ་དབང་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ལྷུན་གྲུབ་རིག་འཛིན་ཏེ་རིག་འཛིན་བཞི་ལྟ་བུ་དང་། འཇིག་རྟེན་ལས་མ་འདས་པར་རིག་འཛིན་ཞེས་པའི་མིང་ཐོགས་ས་ཡོད། ཐུན་མོང་གི་གྲུབ་པ་བརྒྱད་བཤད་སྐབས་རལ་གྲིའི་རིག་འཛིན་དང་། རིལ་བུའི་རིག་འཛིན་ལ་སོགས་པ་རྫས་ལ་བརྟེན་པའི་རིག་འཛིན་དང་ནི། གཞན་ཡང་རིག་སྔགས་ཀྱི་ནུས་པས་ཚར་གཅོད་རྗེས་འཛིན་གྱི་ལས་རེ་འགྲུབ་པ་དེ་ཚོ་ཐུན་མོང་གི་གྲུབ་པ་ཆུང་གྲས་དང་། ཐུན་མོང་གི་གྲུབ་པ་འབྲིང་གྲས་ཀྱི་ཐད་ནས་ལུས་འདོད་ཁམས་ཀྱི་ལྷ་དང་སྐལ་བ་མཉམ་པ། ལུས་ཕྲ་ཡང་གི་སྤྲུལ་བསྒྱུར་ནུས་པ་དང་ཡོན་ཏན་བརྒྱད་ལྡན་ཡང་རྩི་རྒྱུ་ཡོད། ཡང་ཕྲ་བ་འཇའ་ཡི་ལུས་ལ་འགྱུར་རྒྱུ་དང་ནི་ཡང་བ་འབྱུང་བ་ལ་རང་དབང་སྒྱུར་ནུས་པ་ཡང་གསུངས་ཡོད་པ་རེད། ཐུན་མོང་གི་གྲུབ་པ་ཆེ་གྲས་གཟུགས་ཀྱི་རིག་འཛིན་གྲུབ་ནས་གཟུགས་ཁམས་ཀྱི་ལྷ་དང་སྐལ་བ་མཉམ་པ་ལ་སོགས་པ་ཡིན་ཡང་། ཁྱད་པར་འཕགས་པའི་འཇིག་རྟེན་གྱི་དབང་ཕྱུག་ཡོན་ཏན་བརྒྱད་ལྡན་ཐོབ་ནས་འདོད་ཁམས་ཀྱི་གནས་ནས་མི་ཕལ་བའི་མིག་གིས་མི་མཐོང་བའི་སྤྲུལ་པས་དོན་བྱེད་ནུས་པ་དེ་འདྲ་ཡོད་གསུང་པ་རེད། འདི་དག་གིས་མཆོག་གི་དངོས་གྲུབ་ཐོབ་ཡོད་པ་མ་རེད། འོན་ཀྱང་ཚེ་ལ་དབང་བ་ཐོབ་པ་ཡིན་པས་རྟེན་དེའི་སྟེང་ནས་ལམ་གོང་མར་སྦྱོར་ཆོག་པ་ཡིན་པ་མ་གཏོགས་འཇིག་རྟེན་འདས་པའི་རིག་འཛིན་བཞི་སོགས་དང་བསྡུར་ཡོང་ས་ཡོད་ནི་མ་རེད། དེ་དང་འདྲ་བར་མཁའ་སྤྱོད་གྲུབ་པ་དེ་དག་གིས་ཀྱང་ཡོན་ཏན་བརྒྱད་འདི་དག་དང་འདྲ་བ་ཐོབ་ནི་རེད། མཁའ་སྤྱོད་དེ་ལ་ཡང་བསམ་བློ་བཏང་ན་མི་ཡུལ་གྱི་མཁའ་སྤྱོད་དང་། ལྷ་ཡུལ་གྱི་མཁའ་སྤྱོད་ཟེར་བའི་ཁྱད་པར་དེ་འདྲ་གསུང་ཡོད། མཁའ་སྤྱོད་གྲུབ་པ་དེ་དག་གིས་ད་ལྟའི་ལུས་སྤངས་པ་དང་མ་སྤང་བ་འདྲ་མི་འདྲ་ཡོད་ཆོག འདི་ལ་བཟང་ངན་གྱི་ཁྱད་པར་ཡོད། སྐྱེ་བདུན་གྱི་ཤ་ཟོས་པ་དང་། བཅུད་ལེན་སོགས་ཟས་ལ་བརྟེན་པ་དང་ནི། བསྐྱེད་རིམ་ཅུང་ཟད་མཐར་ཕྱིན་པ་གཞན་སྟོབས་ཀྱིས་ཁྲིད་པ་དེ་དག་འཕྲལ་སྣང་ཙམ་ཡིན་མ་གཏོགས་ཕུག་གཏིང་ནས་བཙན་ས་ཟིན་པ་མིན་པས། རགས་ལུས་དྭངས་མར་གྱུར་ཟེར་རྒྱུ་ཙམ་ཞིག་ཡིན་ན་ཡང་འདི་བཟང་ཤོས་ཀྱང་སྔགས་ཀྱི་སྐུ་ཞེས་སྦྱོར་རུང་ཡིན་རྒྱུ་མ་གཏོགས་རྫོགས་རིམ་ཟབ་མོའི་ཐབས་ཀྱིས་མ་ཟིན་དུས། ཅི་ལྟར་བྱས་ཀྱང་རྫོགས་རིམ་གྱི་སྐུ་ཙམ་ཡང་མིན་ན་རྫོགས་ཆེན་གྱི་འཇའ་ལུས་སོགས་ལ་འགྲན་ཡོང་ས་ཞིག་ཡོད་ནི་མ་རེད། བླ་མེད་ཐུན་མོང་གི་སྐབས་ཀྱི་ཕྲ་བའི་རླུང་སེམས་ལས་སྒྱུ་མའི་ལྷ་སྐུར་སྒྲུབ་ཚུལ་འབྱུང་བ་དེ་དག་ཀྱང་ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་བཤད་པ་འདྲེས་སོང་བ་ལས་གྲུབ་པ་ཡིན་པས་ན། མ་དག་པ་དག་པར་འགྱུར་དགོས་པ་དང་ནི། སློབ་པའི་ཟུང་འཇུག་དེ་མི་སློབ་པའི་ཟུང་འཇུག་གི་སྐུ་ལ་རིམ་པ་བཞིན་དུ་གནས་འགྱུར་དགོས་པར་གསུང་ཡོད་པ་རེད་མོད། རྫོགས་ཆེན་གྱི་སྐབས་ཀྱི་སྣང་བཞི་མཐར་ཕྱིན་གྱི་སྐབས། རགས་ལུས་འོད་དུ་ཡལ། རིག་པའི་ཡེ་ཤེས་འོད་གསལ་ཤིན་ཏུ་རྣམ་དག་གི་སྐབས་མི་སློབ་པའི་ཟུང་འཇུག་ཐད་ཀ་ཐད་ཀར་མངོན་དུ་བྱས་པ་ཡིན་པའི་གོ་དོན་ཡང་ཞར་ནས་ངེས་དགོས། དེ་ཡན་གྱིས་ལམ་ཁྱེར་བཞིའི་ནང་ནས་ཐེག་པ་ལམ་ཁྱེར་བཤད་ཟིན་པ་རེད། གཉིས་པ་ལྷ་ལམ་ཁྱེར་ནི། ལྷ་ལམ་ཁྱེར་ལ་ཀྲི་ཡ་དོན་གྱི་ལྷ་དྲུག་གི་སྒོ་ནས་རིགས་གསུམ་མགོན་པོའི་སྐུ་རུ་བསྒོམ་དགོས། ཀྲི་ཡ་དོན་གྱི་ལྷ་དྲུག་ཅེས་པ་གང་ཡིན་ཅེ་ན། ཧེ་རུ་ཀ་གལ་པོ་ལས། ཆོས་ཉིད་སྒྲ་དང་ཡིག་གཟུགས་ཐུགས། །ཡེ་ཤེས་ཡོངས་རྫོགས་སྐུར་སྒྲུབ་སྒོམ། །ཞེས་གསུངས་པས། ཆོས་ཉིད་ཅེས་པ་སྟོང་པའི་ལྷ་ལ་གསུངས་། བདག་དང་ལྷའི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་བསམ་པ། དེའི་ངང་ལས་ནམ་མཁའི་ཁམས་ནས་ལྷ་གང་སྒྲུབ་ཀྱི་སྔགས་ཀྱི་སྒྲ་གདངས་གྲགས་པ་དེ་སྒྲའི་ལྷ། གོང་གི་ནམ་མཁའ་ནས་གྲག་པའི་སྒྲ་དེ་སྔགས་ཀྱི་ཡིག་གཟུགས་ལ་སྣང་རྒྱུ་དེ་ཡི་གེའི་ལྷ། བདག་དང་ལྷ་གཉིས་གཉིས་མེད་དུ་གྱུར་པའི་རང་བཞིན་དེ་ལྷག་པའི་ལྷ་རུ་སྐུ་གཟུགས་གསལ་ཞིང་དེའི་ང་རྒྱལ་བྱ་བ་དེ་ཉིད་གཟུགས་ཀྱི་ལྷ། ཐུགས་ཕྱག་རྒྱའི་རྒྱ་ཡིས་བརྟན་པར་བྱས་ཤིང་བྱིན་གྱིས་རླབས་པ་དེ་ཕྱག་རྒྱའི་ལྷ། དེ་ལྟ་བུའི་མཚན་མའི་ལྷ་རང་དམ་ཚིག་པའི་མདུན་དུ་ཡང་དག་པའི་སྨོན་ལམ་གྱི་སྟོབས་ཀྱིས་བྱུང་ཞིང་གཞལ་ཡས་ཁང་དང་བཅས་པ་གསལ་སྟེ་སྤྱན་དྲངས་པ་དེ་ཡེ་ཤེས་ཡོངས་རྫོགས་ཀྱི་ལྷ་ཞེས་གསུང་། ཡེ་ཤེས་ཡོངས་རྫོགས་མཚན་མའི་སྐུར་བསྒྲུབ་ཏེ་སྒོམ་པ་དེ་ཡིན་ནི་རེད། དེ་ལྟ་བུའི་མཚན་མའི་ལྷ་སྐུར་བསྒོམ་པ་ནས་བཟླས་པ་སོགས་བྱས་པ་བརྒྱུད་ནས་བསྒྲུབ་བྱའི་ལྷ་དང་རང་ཉིད་རྗེ་དང་ཁོལ་པོའི་ཚུལ་དུ་གཙོ་བོར་བལྟས་ཏེ། དངོས་གྲུབ་བླང་ན་མཐར་མི་དམིགས་དག་པ་མཐའ་བཞི་དང་བྲལ་བའི་སྟོང་གསལ་གྱི་ངང་ལ་འཇོག་པ་དེ་མཚན་མེད་དོན་དམ་པའི་ཉམས་ལེན་ཡིན། འདིའི་སྙིང་པོ་ལམ་ཁྱེར་ལྷ་གང་སྒྲུབ་ཀྱི་སྔགས་ཐུགས་ཀྱི་ཟླ་དཀྱིལ་ལ་སྔགས་ཕྲེང་དུ་བཀོད་པ་སོགས་ལ་དམིགས་ཏེ་བཟླ་བ་དེ་རེད། བསླབ་པ་ལམ་ཁྱེར་ཀྲི་ཡའི་དབང་ཉི་ཤུ་རྩ་དྲུག་དང་འབྲེལ་བའི་དམ་ཚིག་བཅུ་གསུམ་སོགས་གོང་ནས་གསུངས་པ་ལྟར། བསླབ་པར་བྱ་བའི་གནས་ཐམས་ཅད་ལ་ཚུལ་བཞིན་ཏུ་སློབ་པ་དེ་རེད། སྤྱི་དོན་གཉིས་པ་འགག་དྲུག་ཅེས་པ་ཞིག་གསུངས་ཡོད་པ་ཡིན་ན། དེའི་ཐད་ནས་འདིའི་དབང་ཆོག་གང་དུ་བསྐུར་བའི་གནས་སྔོན་བྱུང་ཝ་ར་ཎ་སི་དང་རྗེས་མཇུག་མེ་ཏོག་འཇའ་ཚོན་གྱི་ཚལ་དུའོ་ཞེས་གསུངས་ཡོད། ཡང་གང་གིས་སྐུར་བའི་སྟོན་པ་གསུང་སྐབས་སྔོན་བྱུང་བཅོམ་ལྡན་འདས་དང་རྗེས་འཇུག་ཤནྟིས་སོ་གསུངས། གང་ལ་བསྐུར་ཡུལ་གྱི་སློབ་མའི་འཁོར་གསུངས་སྐབས། སྔོན་བྱུང་ཕྱག་ན་རྡོ་རྗེ་དང་རྗེས་འཇུག་རྡོ་རྗེ་གདན་པར་བསྩལ་གསུང་བ་འདི་དག་ལ་སྔོན་བྱུང་དང་རྗེས་འཇུག་ཅེས་གསུང་བའི་གོ་དོན་འདི་ཤིན་ཏུ་ནས་ཀྱང་གནད་སློང་གལ་ཆེ། དབང་གི་ཆོ་ག་རང་ནས་ཀྱང་སངས་རྒྱས་རྡོ་རྗེ་འཛིན་པ་ལ། །ས་མཐའི་སེམས་དཔའ་ཆེན་པོ་ཡིས། །ཇི་ལྟར་མཆོད་ཅིང་ཞུས་པ་ལྟར། །ཞེས་གསུངས་པ་དེ་དང་དབང་ཆོག་གཞན་གྱི་ནང། དཔེར་ན་སྙིང་ཐིག་ཚོའི་སྐབས་ནས་རྒྱུན་དུ་འབྱུང་བའི། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་བདག་ལ་འང་སྩལ་དུ་གསོལ། །ཞེས་པའམ། དེ་ལྟར་འདི་ལ་འང་སྩལ་དུ་གསོལ། །ཞེས་དེ་འདྲ་གསུང་རྒྱུ་ཡོད་པས། འདི་ཚོའི་གོ་དོན་ཧ་ལམ་གོ་ཕྱོགས་གཅིག་པ་འདྲ་བོ་རེད། འདི་ཐ་མལ་པ་གྲོང་ཚིག་གིས་བཤད་སྟངས་བྱས་ན། སྔར་ཁྱེད་ལ་ཅི་འདྲ་བྱས་ནས་ཐོབ་པ་ལྟར། ད་བདག་དང་ཡང་ན་ངའི་སློབ་མ་འདི་ཚོ་ལ་གནང་རོགས་ཞེས་གླེན་ཟེར་བྱེད་ན་དེ་འདྲ་ཞིག་རེད། ཁྱད་པར་འདིའི་སྤྱི་མདོའི་སྐྱེས་བུ་དམ་པ་དབང་ཐོབ་པའི་ལེའུའི་ནང་དུ། ལ་ལས་ནི་རྒྱུད་ཀྱི་ཆུ་བོའི་དབང་བྱིན། ལ་ལས་ནི་འབྱུང་བའི་ཆུ་བོའི་དབང་བྱིན། ལ་ལས་ནི་གྲགས་པའི་ཆུ་བོའི་དབང་བྱིན། ལ་ལས་ནི་རྫོགས་པའི་ཆུ་བོའི་དབང་བྱིན་ནོ་ཞེས་གསུངས་པས། སྔོན་བྱུང་དབང་གི་ཆུ་བོ་བཞི་དེ་རྒྱལ་ཚབ་སྐྱེས་བུ་ལྔ་ཐུན་མོང་གིས་བསྐུར་བ་དང་བྱེ་བྲག་ཚུལ་བསྟན་གྱིས་དམ་པ་ཏོག་དཀར་ལ་ཐུན་མིན་གྱི་བསྐུར་ཚུལ་བྱུང་བ་ལྟ་བུ། སྔོན་བྱུང་དང་རྗེས་འཇུག་གཉིས་ལ་གཉིས་རེ་གཉིས་རེ་འབྱུང་རྒྱུ་ལྟ་བུ་འདི་ཚོའི་དགོསཔ་ཅི་ཡིན་སྙམ་ན། སྔོན་བྱུང་གི་དབང་གི་ལོ་རྒྱུས་རྒྱལ་བའི་མཛད་སྤྱོད་ཀྱི་སྒོ་ནས་གདུལ་བྱ་སྤྲོ་བ་བསྐྱེད་པའི་ཆེད་དུ་རེད། རྗེས་འཇུག་གི་དབང་གིས་རྗེས་འཇུག་གང་ཟག་ཉམས་ལེན་གྱི་སྒོ་ནས་གདུལ་བྱ་ཆུད་མི་ཟ་བར་བྱེད་པ་དབང་གི་དགོས་པ་རེད། རྗེས་འཇུག་ལ་ཡང་ཁྱད་པར་ཡོད། རྗེས་འཇུག་ལམ་པ་དང་རྗེས་འཇུག་ལས་དང་པོ་བའི་ཁྱད་པར་ཡོད་པས། རྗེས་འཇུག་ལམ་པ་ལ་མཚོན་ན་སློབ་པའི་ལམ་བཞི་ལ་གནས་པའི་སློབ་ལམ་ལ་རིམ་བཞིན་དུ་ཆུ་བོ་བཞིའི་དབང་སྐུར་ཡོང་དུས། ལམ་གོང་མ་གོང་མ་ལ་སྦྱོར་རྒྱུ་དེ་ལམ་གྱི་ལམ་པའི་དབང་བཅུ་དགུ་གསུངས་པ་རེད། རེད་དེ་སྔ་མ་གསུམ་ལ་ལམ་དུས་ཀྱི་དབང་དངོས་ཡིན་ཡང་ཕྱི་མ་རྒྱུན་མཐར་གནས་པའི་གང་ཟག་ཅིག་ལ་མཚོན་ན་འབྲས་དུས་ཀྱི་དབང་ལ་གཏོགས་འགྲོ་བཞིན་ཡོད་ནི་རེད། འདི་ནས་གཙོ་བོར་རྗེས་འཇུག་ལས་དང་པོ་བའི་དབང་དུ་བྱས་སྐབས་རྒྱུ་དུས་ཀྱི་དབང་ལ་རྩི་རྒྱུ་ཡིན། དེ་ལྟ་བུས་སྔོན་བྱུང་དང་རྗེས་འཇུག་གི་དབང་གི་ཁྱད་པར་གྱིས་འདི་ནས་གང་དུ་གང་གིས་གང་ལ་ཞེས་པ་ཐམས་ཅད་ལ་གཉིས་རེ་གཉིས་རེ་འབྱུང་བའི་རྒྱུ་མཚན་དེས་རེད། གང་སྐུར་བའི་དབང་དེ་རི་རབ་མཆོད་རྟེན་སོགས་བཀྲ་ཤིས་པའི་རྫས་ཀྲི་ཡའི་དབང་ཉི་ཤུ་རྩ་དྲུག་གིས་མཚོན་པ་རེད། ཅིའི་ཕྱིར་སྐུར་བ་དེ་སྔོན་བྱུང་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་བཟུང་ནས་གདུལ་བྱ་འདུལ་ཆེད་ལ་སྐུར་ན། རྗེས་འཇུག་སྣོད་བཅུད་ཀྱི་རྟེན་འབྲེལ་ཚོགས་དུས། དམ་ཚིག་ལྡན་པའི་གང་ཟག་ལ་རྗེས་སུ་བཟུང་ཆེད་དུ་སྐུར་ནི་རེད། དེ་ལྟར་བསྐུར་བའི་དགོས་པ་དབང་རྫས་སོ་སོའི་བཤད་པ་དང་མཐུན་པའི་མཚུངས་ལྡན་གྱི་ནུས་པ་ཐོབ་ཆེད་ཡིན་པ་དང་། དེས་འགག་དྲུག་པོ་ཕལ་ཆེར་སོང་ཟིན། སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། འདིའི་ཐད་སྒོམ་རྒྱག་དགོས་པ་ཡིན། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་རིམ་པ་བཞིན་དུ་བཤད་པ་ཙམ་གྱིས་མི་ཚད་སྒོམ་དགོས་པ་རེད། ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་བཞག་ཐབས་ལ་སོགས་པ་ཁ་རྩང་སྔོན་ནས་ཐེག་པ་འོག་མའི་རྨང་གཞི་དེའི་སྟེང་ནས། མཚན་བཅས་སྒོམ་པའི་སྐབས་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་མཐའ་བྲལ་དབུ་མའི་ལྟ་བ་དེའི་སྟེང་ནས་ཀུན་རྫོབ་སྣང་ཙམ་བདེན་པར་མ་གྲུབ་པ་བཏགས་ཡོད་ཙམ་དུ་སྣང་བ་འདིའི་སྟེང་ནས་ཉམས་ལེན་ལྷ་རུ་སྒྲུབ་པའི་རྣལ་འབྱོར་ལ་བརྩོན་དགོས་ནི་རེད། དང་པོ་དམིགས་པའི་གཞི་སྒོམ་དགོས། ཁྱད་པར་དུ་ལས་དང་པོ་བས་དམིགས་པའི་གཞི་དེ་བརྟན་པར་བྱེད་དགོས་ནི་རེད། དམིགས་པའི་གཞི་དེ་མ་བརྟན་དུས་སྒོམ་ཡག་པོ་ཞིག་མི་འོང་། དཔེར་ན་གྱང་ལྡེབས་ལེགས་པོ་ཅན་ཞིག་མེད་ན་གྱང་གི་རི་མོ་ཡག་པོ་ཞིག་མི་ཡོང་བ་དཔེ་དེ་བཞིན་རེད། དེ་ཡང་སྒོམ་པ་ལོ་ཆུང་ད་སྔོན་སྒོམ་མི་འོང་མཁན་ཤིན་ཏུ་ནས་ཀྱང་སྒོམ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་མི་ཤེས་པ་ཞིག་ཡིན་པའམ། ལྷའི་གསལ་སྣང་གོམས་ཆ་དེ་འདྲ་མེད་མཁན་ཡིན་ན་གསལ་གདབ་ཡག་པོ་ཞིག་དང་པོ་མི་ཐུབ་གི་བསམ་ན། རང་གི་རང་སྒོམ་དགོས་པ་རེད། རང་གིས་རང་ཉིད་ཅི་འདྲ་ཞིག་ཡིན་ཤེས་རྒྱུ་རེད། རང་གིས་རང་བསྒོམ་ཟེར་དུས་གོ་མ་མྱོང་བ་འདྲ་ཞིག་ཨེ་རེད། འོན་ཀྱང་སྒོམ་སྦྱང་དུས་དང་པོ་རྩ་བ་ནས་སྒོམ་མ་ཤེས་ན་རང་གིས་རང་གཅིག་སྒོམ་དང་རང་ཉིད་ཅི་འདྲ་ཞིག་ཡིན་རང་གིས་ལོས་ཤེས། རང་གི་རྣམ་སྨིན་གྱི་ལུས་འདི། འདི་ལྟ་བུའི་མི་གཙང་བའི་རྫས་སུམ་ཅུ་སོ་དྲུག་གི་བདག་ཉིད་ཅན་ཞིག་མ་ཡིན་པར་དྭངས་གསལ་སྒྲིབ་ཐོགས་མེད་པ་སྟོང་བཞིན་དུ་སྣང་བ་འཇའ་གཟུགས་ལྟ་བུ་ཞིག་ལ་སྒོམ་དགོས། དེ་ནས་རིམ་གྱིས་སམ་ཡང་ན་བློ་སྟོབས་གདིང་ནས་མ་ཆུང་བར་ལྷ་སྐུའི་མཚན་མ་སྒོམ་ཐུབ་གི་བསམ་ན། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་ཀྱི་བདག་ཉིད་འཇམ་པའི་དབྱངས་དང་།སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས་། ནུས་པའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ལྟ་བུ་ལ་བསྒོམ། དམིགས་པའི་གཞི་ལྟ་བུ་གང་ལ་གང་འཚམས་ཤིག་གསལ་ཐེབ་མཁན་ཞིག་ཏུ་གྱུར་དུས། རང་ཉིད་ལྷ་རུ་སྒོམ་པའི་སྤྱི་གཙུག་ན་འོད་ཀྱི་ཐིག་ལེ་གསལ་འཚེར་དཀར་དམར་མཐིང་གསུམ་བརྩེགས་མར་ཡོད་པ་ཞིག་བསྒོམ་དགོས། དེ་ཡང་སྟེང་མ་ལ་དཀར་པོ། དེ་ནས་དམར་པོ། འོག་མ་མཐིང་ག་ལ་སྒོམ་དགོས། སྒོམ་རྒྱུ་དེ་བརྟན་པོར་གྱུར་བ་ན་ཐིག་ལེ་དཀར་པོ་དེ་ལས་འོད་ཟེར་དཀར་པོ་ཞིག་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྡིག་སྒྲིབ་དེ་བྱང་ཞིང་དག ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པ་ཕུལ། དེའི་འོད་དཀར་པོ་དེ་སླར་ཚུར་འདུས་ནས་རང་གི་སྤྱི་བོ་ལ་ཐིམ་པར་བསམ། ཐིམ་ནས་སྤྱི་བོ་ན་འཕགས་པ་འཇམ་པའི་དབྱངས་སྐུ་མདོག་དམར་སེར་འོད་དུ་འབར་བ་གསེར་བཙོ་མའི་མདངས་ཅན་ཕྱག་གཡས་ན་རལ་གྲི་དང་གཡོན་མེ་ཏོག་ཨུཏྤ་ལར་ཡུམ་ཤེར་ཕྱིན་གྱི་གླེགས་བམ་གྱིས་མཚན་པ་དེ་འདྲ་བསྣམས་པ་ཞིག་བསྒོམ་དགོས། དེའི་མཚམས་ནས་ཐིག་ལེ་དམར་པོ་ལས་རང་མདོག་གི་འོད་ཟེར་དམར་པོ་འཕྲོས་པར་སྒོམ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྡིག་སྒྲིབ་བྱང་ཞིང་དག་པར་བསམ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ལ་གསུང་མཉེས་པའི་མཆོད་པ་ཕུལ། དེའི་འོད་ཟེར་དམར་པོ་དེ་སླར་ཡང་རང་ལ་ཚུར་འདུས་ནས་རང་གི་མགྲིན་པ་ལ་ཐིམ་པར་བསམ། མགྲིན་པར་ཐིམ་ནས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་སྦྱར་མཛད་པ། འོག་མ་གཉིས་ཀ་ཤེལ་ཕྲེང་དང་པདྨ་དཀར་པོ་བསྣམས་པ་དེ་འདྲ་ཞིག་བསྒོམ། ཡང་སྤྱི་བོའི་ཐིག་ལེ་མཐིང་ག་ནས་འོད་ཟེར་མཐིང་ག་ཞིག་འཕྲོས་པར་སྒོམ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྡིག་སྒྲིབ་དེ་སྦྱངས་ཤིང་དག་པར་བྱས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། འོད་ཟེར་མཐིང་ག་དེ་ཉིད་སླར་ཚུར་འདུས་ནས་རང་གི་སྙིང་ཁ་ལ་ཐིམ། སྙིང་ཁ་ན་འཕགས་མཆོག་མཐུ་སྟོབས་དབང་ཕྱུག་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་བཻཌཱུརྱའི་མདོག་ཅན་ཕྱག་གཡས་ན་རྡོ་རྗེ་འཛིན་ཞིང་གཡོན་གྱིས་སྡིག་མཛུབ་མཛད་པ་ཁྲོ་བོའི་ཉམས་དང་ལྡན་པ་ཞིག་སྒོམ་དགོས། དེ་འདྲར་བྱས་ནས་རང་གི་ལུས་མ་དག་པའི་སྒོ་ལུས་ངག་ཡིད་གསུམ་ལ་དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་རྒྱས་གདབ་ནས་དེའི་ངང་ལ་མཉམ་པར་འཇོག་པ་དེ་མཚན་བཅས་རེད། དེ་ནས་མཚན་མེད་ལ་མཐར་ལྷ་ཡི་སྣང་བ་དེ་ཡང་མི་དམིགས་པར་སྟོང་ཉིད་བསམ་ངོ་དང་བྲལ་བར་སྦྱང་ནས་སྤྲོས་བྲལ་དབུ་མའི་བདེན་གཉིས་རེས་འཇོག་གི་སྟེང་དུ་ལྷར་སྣང་དེ་དམིགས་མེད་སེམས་ཉིད་དག་པ་སྟོང་གསལ་མཐའ་བཞི་དང་བྲལ་བ་དེའི་ངང་ལ། མགོན་པོ་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུང་བ་ལྟར་ཉམས་ལེན་གྱི་རྒྱུན་སྐྱོང་དགོས། འདིའི་སྐབས་ནས་མིན་ན་ཡང། ཀློག་པ་ཐོས་བསམ་ལ་རྩལ་འདོན་མཛད་མཁན་རྣམ་པས་དབུ་ཕར་ལ་ཐོས་བསམ་གྱི་གདར་ཤ་ཆོད་རིམ་བཞིན། སྤྱོད་འཇུག་སྒོམ་རིམ་དང་ཤེར་ཕྱིན་སྒོམ་རིམ་སོགས་བརྩིག་མི་བཞག་པར་ཉམས་ལེན་གྱི་མཐིལ་དུ་བཟུང་ནས་སྒོམ་རྒྱུ་གལ་ཆེ་ནི་རེད། གྲོང་ཆོག་པ་དང་བྱ་བ་ལས་ཀྱི་འཁོར་ལོ་བྱེད་པ་དག་གིས་གང་ལྟར་བསྐྱེད་རྫོགས་ལ་འཇུག་བཞིན་ཡོད་པས་བསྐྱེད་དང་རྫོགས་པའི་རིམ་པ་ལ་ཉམས་ལེན་མཛད་བཞིན་པ་རེད། ཐོས་བསམ་པས་ཀྱང་ཡིན་ན་མིན་ན་ཐོས་བསམ་གྱི་མཛད་པ་གཙོ་ཆེ་བ་རེད་མོད་ཐོས་བསམ་སྒོམ་ལ་དྲིལ་རྒྱུ་དེ་གལ་ཆེ་བ་ཡིན། དེ་ལྟར་མིན་ན་ཐོས་པ་དེ་ཁ་ཕྱིར་བལྟས་སུ་ཤོར་ནས་གཞན་སྐྱོན་འཚོལ་བའི་མིག་ཐུར་ཞིག་ཏུ་གྱུར་ན། ནམ་ཞིག་ལོག་པའི་ཤེས་རབ་ཀྱིས་ལམ་ལོག་ལ་ཡང་འཁྱེར་མི་སྲིད་པ་མིན་པས་ཞབས་རིམ་རྐྱེན་སེལ་ཐམས་ཅད་ཀྱི་མཆོག་དེ་ཚོ་ཡིན་པ་དང་། ནང་ཉམས་ལེན་གྱི་གནད་རེ་ཟིན་པའི་གོང་ན་དོན་དུ་གཉེར་བྱ་རང་གཞན་གཉིས་ཕན་གྱི་ཐབས་གཞན་ཞིག་བཙལ་དགོས་རྒྱུ་ཡོད་པ་མ་རེད་བསམ། འདིའི་འཕྲོས་ནས་སང་ཉིན་ཡོ་ག་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ནས་དབང་བསྐུར་ཏེ། གནང་ཉིན་ནས་ཡན་ལག་ཅན་རྩ་བའི་ཆོ་ག་ལ་ཐུག་པ་རེད། དེའི་སྟ་གོན་ལ་སང་ཉིན་ཡོ་གའི་དབང་གི་རྗེས་སུ་རྩ་དཀྱིལ་གྱི་སྟ་གོན་བྱེད་དགོས་པ་རེད། ད་འདིའི་མཚམས་ནས་སྒྲུབ་གཞུང་གི་ལུང་འདོན་རྒྱུ་བྱེད། ཅེས་གསུངས།

ཡོ་ག་རྣལ་འབྱོར་རྒྱུད་ཀྱི་དབང་གྲུབ་མཚམས་ནས་གསུང་འཕྲོས་ཕེབས་པ།

ད་དེ་ཡན་ནས་མདོ་རང་ལུགས་ཀྱི་ཐེག་དགུའི་དབང་རྫོགས་ཡོ་ག་བཞི་འདུས་ཆུ་བོ་བཞི་རྫོགས་ཀྱི་སྐབས་ནས། ཕྱི་དབང་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར་ནས་རིམ་དགུའི་ཐེག་པའི་ནང་ནས་ཕྱི་རྒྱུད་གསུམ་གྱི་གསུམ་པ།དབང་པོ་ཐ་འབྲིང་རབ་གསུམ་ལ་གསུམ་གསུམ་དགུ་རུ་ཕྱེ་པའི་ནང་ནས་དབང་འབྲིང་གི་རབ་ལ་དགོངས་པ། ཡོ་ག་རྣལ་འབྱོར་རྒྱུད་ཀྱི་ཐེག་པའི་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་གྲུབ་མ་ཐག་པ་ཡིན་ན། ཡོ་གའི་ཐེག་པ་ཞེས་གསུང་རྒྱུ་འདིའི་ངོ་བོ་དང་ངེས་ཚིག་གི་སྟེང་ནས་ཧ་ལམ་ཞིག་ཞུས་ན། དོན་དམ་མཚན་མེད་ཀྱི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས། ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་སྣང་དུ་རྟོགས་པ་བཟང་ངན་བླང་དོར་གྱི་རྩོལ་བས་འབྲས་བུ་སྒྲུབ་པར་འདོད་པ་དེ་ཡོ་ག་རྣལ་འབྱོར་རྒྱུད་ཀྱི་ཐེག་པའི་ངོ་བོ་ཡིན་པ་རེད། ངེས་ཚིག་གི་ཐད་ནས་ཡོ་ག་ཞེས་པའི་སྒྲ་དེ་རྣལ་འབྱོར་ལ་འཇུག་པ་ཡིན་ན། ནང་ནི་རྣལ་འབྱོར་གཙོ་བོར་སྟོན་པས་ན་རྣལ་འབྱོར་རྒྱུད་ཀྱི་སྤྱི་མིང་བྱེ་བྲག་ལ་བཏགས་པ་ཞིག་རེད། འདི་ལ་སྤྱོད་རྒྱུད་དང་ཐུན་མོང་གི་ཡོ་ག་ཙམ་པོ་བ་ཞིག་དང་ཡོ་ག་རང་རྐང་གི་ཁྱད་པར་བའི་དབང་དུ་བྱས་པའི་དབྱེ་བ་ཡང་འབྱུང་བ་ཡོད་པ་རེད། འདི་གཙོ་བོར་ལྟ་བའི་ཐོག་ནས་འབྱེད་རྒྱུ་ཞིག་ཡིན། འོག་ནས་ཞུ་རྒྱུ་ལྟར་ཡིན། འདིའི་དབང་དེ་གོང་ནས་སོང་མ་ཐག་པ་ལྟར། ཐོག་མར་ངན་སོང་སྦྱོང་བའི་སྔགས་ཀྱིས་སྡིག་སྒྲིབ་བག་ཆག་སྦྱང་། དེ་འཕྲོས་རིགས་ལྔའི་སྡོམ་པ་བཟུང་། ནང་གི་མི་ཤིགས་པའི་སེམས་དེ་ཉིད་བསྐྱེད་དེ། དཀྱིལ་འཁོར་དུ་འཇུག་པ་སོགས་ཀྱི་སྦྱོར་བ་འཇུག་པའི་ཆོས་ཐམས་ཅད་སྔོན་དུ་སོང་ནས། དེའི་མཚམས་ནས་དངོས་གཞི་སློབ་མའི་དབང་ལྔ་དང་ནི། སློབ་དཔོན་གྱི་དབང་དྲུག་སྐུར་བ་རེད། སློབ་མའི་དབང་ལྔ་དེ་ཐུན་མོང་གི་རིག་པའི་དབང་ལྔ་ཟེར་བ་དེ་རེད། རེད་དེ་ཐུན་མོང་ཞེས་པའི་བརྡ་ཆད་དེ་གོང་མའི་དཀྱིལ་འཁོར་གྱི་སྐབས་ནས་མ་གཏོགས་ཡོ་ག་རང་གཞུང་ནས་དེའི་བརྡ་ཆད་དེ་འབྱུང་ནི་མ་རེད། རིག་པའི་དབང་ལྔའི་སྟེང་དུ་དགོས་གལ་ལྡན་པའི་སྐབས་ལ་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བའི་དབང་དང་དྲུག་བྱས་ནས་སྐུར་ནི་རེད། སློབ་དཔོན་གྱི་དབང་དྲུག་གསུང་རྒྱུ་དེ་གང་ཡིན་ན། ཕྱིར་མི་ལྡོག་པའི་དབང་། གསང་བའི་དབང་། དེའི་སྟེང་དུ་རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་བཞི་པོ་བསྣན་ནས་དྲུག་བྱས་དེ་རྩི་བ་རེད། བསྡོམ་པས་དབང་བཅུ་གཅིག་ཅེས་རགས་པའི་བརྡ་ཆད་ཀྱིས་བསྡོམ་ནས་གསུང་ས་ཡང་ཡོད། འདིའི་གསང་དབང་ཡང་མཚན་ལ་གསང་དབང་ཞེས་བཏགས་པ་རེད་མ་གཏོགས་བླ་མེད་ཀྱི་གསང་དབང་དང་མིང་འདྲ་བ་ཙམ་ལས་དོན་ལ་ཁ་ཁ་རེད། གསང་བ་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་གསང་བའི་དཀྱིལ་འཁོར་མཐོང་ནས་ལས་རིམ་ལ་ཞུགས་པ་ལ་གསང་དབང་དུ་བཏགས་པ་ཙམ་རེད། འདི་ལ་གསང་དབང་ཞེས་པ་བཏགས་པ་བ་སྨོས་ཀྱང་མི་ཆོག་པ་མེད་རྒྱུ་ཅན་རེད། འདིའི་དབང་གི་རིམ་པ་ཞིབ་པར་བྱས་ཡོང་ན། གོང་ནས་ཇི་ལྟར་གསུངས་བ་བཞིན་དུ་བུམ་དབང་དང་རྗེས་འབྲེལ་གྱི་ལྷ་དབང་སོགས་ནས་ཡོ་ག་དྲུག་བཅུ་རྩ་གཉིས་ཀྱི་དབང་སྐུར་བ་རེད། འདུས་མདོ་རང་ལུགས་ཀྱི་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་ནས་དམིགས་པས་ཀྱང་འབྲས་བུ་སྐྱེ་བའི་ས་ནོན་པའི་རྟེན་འབྲེལ་བསྒྲིག་པ་ཡིན་གསུང་པ་དེ་རེད། རིགས་འདྲའི་ཡོན་ཏན་གྱིས་གསོས་ཐེབ་པར་བྱས་པ་རེད། ད་དུང་ལྷན་གཅིག་གནས་པའི་སྒྲིབ་པ་དག་པ་ཡིན། ལམ་གོང་མ་ལ་སྦྱོར་བར་བྱེད་པའི་མི་འགྱུར་བ་བྱང་ཆུབ་ཀྱི་སེམས་སྐྱེ། གནས་སྐབས་སུ་རྣལ་འབྱོར་བཞི་བའི་སྔགས་དང་རྒྱུད་རྣམས་ལ་སྤྱོད་པར་དབང་ཞིང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་རིགས་ལྔ་སྟུག་པོ་བཀོད་པའི་ས་ནོན་པ། དེའི་རྟོགས་རིག་དང་འདྲ་བའི་ཡོན་ཏན་གྱི་ཁྱད་པར་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་གསུང་། དེའི་མཚམས་ནས་གོང་གི་ལམ་ཁྱེར་བཞི་བསྟན་པ་རེད། དེ་ཡང་ལམ་ཁྱེར་བཞི་བསྟན། འགག་དྲུག་བཤད། གདམས་ངག་ངང་སྒོམ་གྱི་ཁྲིད་དང་བཅས་པ་གདམས་ན། ལམ་ཁྱེར་བཞིའི་ནང་དང་པོ་ཐེག་པ་ལམ་ཁྱེར་ཡིན། ཐེག་པ་ལམ་ཁྱེར་ལ་ཡང་ནང་གསེས་རྣམ་པ་དྲུག ཚང་མ་མཚུངས་པར་བྱས་ནས་བཤད་པ་རེད། དེ་ལ་འདིའི་འཇུག་སྒོ་དེ་གང་ཡིན་ན། མཚན་བཅས་མཚན་མེད་སྒོ་ནས་འཇུག །ཅེས་གསུང་། དེ་གསུང་པ་དེ་ལ་གོ་རྒྱུ་ཞིག་ཡོད། མཚན་བཅས་མཚན་མེད་ཟེར་བ་དེ་ལྟ་སྒོམ་གྱི་སྐབས་ཀྱི་བཤད་པ་ཞིག་རེད། རེད་དེ་འཇུག་སྒོ་དབང་ནས་ཞུགས་དགོས་དུས་ལྟ་སྒོམ་དང་མ་འབྲེལ་བའི་དབང་མེད་ཀྱང་། དབང་གི་སྒྲོམ་གཞིའི་ལྟ་སྒོམ་ཡང་བསྡུས་པས་ན་དེ་ལྟར་གསུང་པ་དེ་ཉིད་དོན་ལ་གནས་ཡོད་པ་རེད། དེའི་འཇུག་སྒོ་བཤད། འཇུག་སྒོ་མཚན་བཅས་དང་མཚན་མེད་ཀྱི་སྒོ་ནས་འཇུག་གསུངས་སོ། །གཉིས་པ་ལྟ་བ་རེད། ཡོ་ག་རྣལ་འབྱོར་རྒྱུད་ལ་དབྱེ་བ་ཙམ་ཁྱད་གཉིས་ཡོད་པ་གོང་ནས་བཤད་བཞག་པ་དེ་རེད། དེ་གཉིས་གའི་ཁྱད་པར་དེ་ཇི་ལྟར་ཕྱེ་ཟེར་ན། གཙོ་བོ་ལྟ་བའི་ཐོག་ནས་ཕྱེ་དགོས། ལྟ་བ་བདེན་གཉིས་ཡིན་པ་འདྲ་བ་རེད། འདི་ནས་ཡོ་ག་ཙམ་པོ་གཙོར་བཟུང་གིས་བཤད་ན། དོན་དམ་བདེན་པ་དེ་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་ཀུན་བྲལ་གྱི་འོད་གསལ་སྟོང་པ་ཉིད་ཡིན། དེ་ངོ་བོ་ཉིད་ཀྱིས་གདོད་ནས་དག་པ་ཞིག་ཡིན། ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་བའི་ལོག་པའི་ཀུན་རྫོབ་དེ་སྔར་བྱ་སྤྱོད་ཀྱི་སྐབས་དང་འདྲ་བ་རེད། རྒྱུ་མཚན་ཉིད་ཐེག་པའི་སྐབས་ཀྱི་དབུ་མ་མན་ཆད་ཀྱི་ཡང་དག་དང་ལོག་པར་བཏགས་པའི་ཀུན་རྫོབ་ཐམས་ཅད་པོ་འདི་ནས་ལོག་པའི་ཀུན་རྫོབ་ལ་བཞག དེས་ན་ཡང་དག་ཀུན་རྫོབ་དེ་གང་རེད་ཅེ་ན། སྣང་བ་རང་རྒྱུད་དུ་བཏགས་པ་འདི་མེད་པར་ཅིར་སྣང་ཅི་ཤར་ཐམས་ཅད་ཆོས་ཉིད་མཐའ་དབུས་དང་བྲལ་བ་རྟོགས་པའི་བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྣང་བ་དེ་ཉིད་ལ་འདོད་པ་རེད། དོན་དམ་མཉམ་ཉིད་ཀྱི་ཐད་ནས་ཁྱད་པར་བྱ་རྒྱུད་དང་བསྡུར་ན་ངེས་པ་ཇེ་བཟང་ཇེ་བཟང་ལ་སོང་བའི་སྟབས་ཀྱིས་བདག་དང་ལྷ་ཡང་རྗེ་ཁོལ་ལྟ་བུའི་བཟང་ངན་ཅན་མ་ཡིན་པར། བདག་དང་ལྷ་འདྲ་མཉམ་སྤུན་དང་གྲོགས་པོའི་ཚུལ་དུ་སྒྲུབ་བཞིན་ཡོད། བདེན་གཉིས་ཟབ་མོའི་ཚུལ་ལ་བསམ་བློ་བཏང་ན་ཡིད་ཆེས་ཀྱི་ལྟ་བ་དང་ལྡན་པས། རྟེན་འབྲེལ་གྱི་སྣང་ཆ་མ་འགག་པས་ཇི་ལྟར་དམིགས་པ་བཞིན་དུ། འཕྲལ་ཡུན་གྱི་དོན་དུ་ལྷ་ལ་བརྟེན་ནས་འགྲུབ་པར་བྱས་པ་ཞིག་རེད། དེ་ཡོ་ག་ཙམ་པོ་བའི་དབང་དུ་བྱས་ཏེ་བཤད་ནི་རེད། དེ་ལས་ཡོ་ག་ཁྱད་པར་བའི་དབང་དུ་བྱས་ན། མཉམ་ཉིད་ཀྱི་ལྟ་བ་གོང་ནས་སྨོས་མ་ཐག་པ་དེ་ལས་ཀྱང་ད་དུང་ཁྱད་པར་དུ་འཕགས་པའི་དབང་གིས་བདག་དང་ལྷ་དོན་ལ་མཉམ་པ་ཡིན་པའི་ངེས་ཤེས་ཀུན་རྫོབ་ཏུ་ཡང་ཐ་དད་དུ་མི་ལྟ་བར་ཆུ་ལ་ཆུ་བཞག་པ་ལྟ་བུའི་དཔེ་ཡི་མཉམ་པར་བསྒོམ་པས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་སེམས་ཀྱི་སྣང་ཙམ་ཞིག་སྟེ་ཏིང་ངེ་འཛིན་གྱིས་དབང་བསྒྱུར་བས་ན་ཕྱིའི་བྱ་བ་ལ་མ་ལྟོས་པར་ནང་གི་རྣལ་འབྱོར་ཁོ་ནས་ཀྱང་སྒྲུབ་ཏུ་རུང་བར་མཐོང་བ་ཡིན་ན། ཇི་ལྟར་དམིགས་པའི་ལྷ་ཉིད་མངོན་དུ་གྲུབ་པ་རེད། ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདག་ཉིད་ཕྱག་རྒྱ་བཞིའི་ངོ་བོ་ལ་འབད་པས་སྒྲུབ་པའི་བརྩོན་ལ་མ་ཞུམ་ན་དེའི་ངོ་བོར་འགྲུབ་པའི་ངེས་པ་ཁྱད་པར་ཅན་གྱི་ལྟ་བ་དེ་རང་ལུགས་ཀུན་མཁྱེན་བརྒྱུད་པས་རྩལ་འདོན་གནང་ནས་བཞེད་པ་ཞིག་རེད། འདི་དང་ཕྱོགས་འདྲ་བར་སེམས་རྒྱུད་གཟུངས་སྤོབས་ལ་སོགས་པའི་ཡོན་ཏན་ལ་རང་ཉིད་ཀྱི་ངེས་ཤེས་དང་མ་བྲལ་བས་དེ་ལ་འདྲིས་པར་བསླབ་ན། བློ་དེ་དང་འདྲ་བ་སྔ་མ་སྔ་མས་ཕྱི་མ་ནུས་མཐུ་ཅན་དུ་བྱས་ཏེ། ཡོན་ཏན་གོང་འཕེལ་དུ་འགྲོ་བ་བཞིན། བློའི་རང་བཞིན་ཚད་མེད་ཅིང་དེའི་ཆོས་ཉིད་མཐའ་ཡས་པ་ཡིན་པས་ན། ཤེས་བྱ་ལ་མཐའ་མེད་པ་བཞིན་ཏུ་དེ་ཉིད་མཁྱེན་པའི་ཡེ་ཤེས་དེ་བཞིན་དུ་རྒྱས་པར་འཐད་པའི་གོ་དོན་ཡང་ཤུགས་ནས་འབྱུང་བ་རེད། གོང་ནས་ཕྱག་རྒྱ་བཞི་ཡི་ངོ་བོ་ཟེར་རྒྱུའི་ཕྱག་རྒྱ་བཞི་བོ་དེ་གང་རེད་ཅེ་ན། དམ་ཚིག་གི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་བཞི་ཡིན་ན། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་རུ་གསུང་བ་རེད། དེ་ཡང་ལྷ་རང་རང་གི་དམ་ཚིག་གི་རྒྱ་བཅས་ནས་སྔགས་བརྗོད་བཞིན་དུ་དམ་ཡེ་དབྱེར་དུ་བསྟིམ་པ་དེ་དམ་རྒྱ། ལྷ་རྣམས་ཀྱི་ལྐོག་མ་སོགས་པར་པད་ཟླའི་སྟེང་དུ་རྡོ་རྗེའི་ལྟེ་བར་རང་སྔགས་བཀོད་ནས་བཟླ་བ་དེ་ཆོས་རྒྱ། ལྷའི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་ཞིག་བསམ་ནས་ལྷ་རང་རང་གི་ལས་རྒྱ་བཅའ་བཞིན་བརྗོད་པ་དེ་ལས་རྒྱ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་རེ་གསལ་ནས་ལྷ་རང་རང་གི་ཕྱག་རྒྱ་བཅའ་བཞིན་སྔགས་བརྗོད་པ་ཕྱག་རྒྱ་ཆེན་པོ་ཡིན་ཡང་གསུང་། གསུང་ཚུལ་འདྲ་མི་འདྲ་འགའ་རེ་ཡོད་ཀྱང་དོན་གྱི་ངོ་བོ་གཅིག་པ་རེད། དེ་ནས་ཚུལ་ཁྲིམས་ཞེས་པའི་ཚུལ་ཁྲིམས་ནི་དབང་གི་སྐབས་ནས་སྔགས་སྡོམ་མཚན་ཉིད་པ་ཐོབ་པའི་ཁས་བླང་གི་སྡོམ་པའི་ལྡོག་པ།དམ་ཚིག་གི་རྣམ་བཞག་ཚུལ་བཞིན་དུ་སྲུང་ཞིང་དེ་ཉིད་མི་ཉམས་པར་བགྱི་བ་ཡིན་ན། རིགས་ལྔ་སྤྱིའི་དམ་ཚིག་བྱང་ཆུབ་ཀྱི་སེམས་དང་པོར་བསྐྱེད་ཅིང་དེའི་རྗེས་ལ་ཚུལ་ཁྲིམས་གསུམ་གྱི་བྱ་བ་ལ་ནན་ཏན་དུ་བྱ་བ་དང་ནི། འདིའི་བྱེ་བྲག་གི་དམ་ཚིག་དེ་གང་ཡིན་ན་རིགས་ལྔ་སོ་སོའི་དམ་ཚིག་རེད། ཕར་ཚུར་བཅུ་བཞི་གསུང་རྒྱུ་ལ་སོགས་པ་རྒྱུད་སོ་སོའི་སྐབས་ལ་རྣམ་གྲངས་ཀྱི་ཐད་ནས་ཅུང་ཟད་རེ་མང་ཉུང་གི་ཁྱད་པར་ཡོད་ཀྱང་དོན་ལ་ཁྱད་པར་མི་ཆེ་བར་སོ་སོའི་གཞུང་ཁོག་མ་ལྟར་དུ་རེད། སྒོམ་པ་ནི་མཚན་བཅས་དང་མཚན་མེད་གཉིས་ཀྱིས་བཤད་དགོས་པ་རེད། མཚན་བཅས་ཀྱི་རྣལ་འབྱོར་ཞེས་པ་མངོན་བྱང་ལྔ་དང་། ཆོ་འཕྲུལ་བཞིའི་སྒོ་ནས་ལྷའི་རྣལ་འབྱོར་དེ་ཉིད་ཕྱག་རྒྱ་བཞི་ལྡན་དུ་སྒོམ་དགོས་པ་རེད། མངོན་བྱང་ལྔ་ཞེས་པ་དེ་གང་ཡིན་ཟེར་ན་གདན་པད་ཟླ་ལས་མངོན་པར་བྱང་ཆུབ་པ། གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ། སྐུ་ཡོངས་རྫོགས་ལས་མངོན་པར་བྱང་ཆུབ་པ་དང་བཞི། དེའི་སྟེང་དུ་ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་དང་ལྔ་བོ་དེ་མངོན་བྱང་ལྔ་རེད། དེ་ཡང་ཞིང་ཁམས་དང་གཞལ་ཡས་ཁང་ཕུན་སུམ་ཚོགས་པ་འགྲུབ་པའི་རྒྱུ་དེ་གདན་པདྨ། ཆོས་སུམ་ཚོགས་པ་འབྱུང་བའི་རྒྱུ་དེ་གསུང་ཡིག་འབྲུ། དུས་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པར་གནས་པའི་རྒྱུ་དེ་ཐུགས་ཕྱག་མཚན། འཁོར་དང་སྟོན་པ་སུམ་ཚོགས་པའི་རྒྱུ་དེ་སྐུ་ཡོངས་རྫོགས་ཀྱི་སྐུའི་ངོ་བོ་ཡེ་ཤེས་ཕུན་ཚོགས་ཀྱི་རྒྱུ། ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་གསུང་རྒྱུ་དེ་མཐར་ཐུག་གི་འབྲས་བུའི་བདག་ཉིད་ཡིན་ན། མངོན་བྱང་ལྔ་ཡི་སྒོ་ནས་དེ་འདྲར་བསྐྱེད་དགོས་པ་རེད། ཕྱག་རྒྱ་བཞི་གོང་ནས་བཤད་མ་ཐག་པ་རེད། དཀྱིལ་འཁོར་འདིའི་སྐབས་ལ། ལས་རྒྱལ་མཆོག་ཅེས་པ་ཞིག་དང་དཀྱིལ་འཁོར་རྒྱལ་མཆོག་ཟེར་བའི་ཐ་སྙད་རྣམ་པ་གཉིས་འབྱུང་། ལས་ཐོར་བུ་བ་ཆོ་གའི་ཡན་ལག་གང་ཡང་རུང་བ་ཞིག་ལ་བརྟེན་ནས་མཆོད་པ། སྦྱིན་སྲེག བསྙེན་པ་ལྟ་བུ་ལ་རྒྱུན་དུ་འབད་བསྡད་ན། འདི་ཐམས་ཅད་དཀྱིལ་འཁོར་སྒྲུབ་པའི་ཡན་ལག་ཏུ་ཉམས་སུ་ལེན་པ་ལས་རྒྱལ་མཆོག་ཡིན་པ་དང་། སའི་ཆོ་ག་ནས་འགོ་བརྩམ་སྟེ་དབང་ནས་བསྡུ་བའི་ཆོ་ག་ཡན་ཆད་ཡན་ལག་ཐམས་ཅད་གང་ཟག་གཅིག་གི་ལམ་དུ་བཞག་པ་ལ་དཀྱིལ་འཁོར་རྒྱལ་མཆོག་ཅེས་གསུངས་པ་རེད། གང་ཟག་དབང་རྣོན་གྱིས་གོང་ནས་སྨོས་མ་ཐག་པ་སྔོན་བྱུང་སྟོན་པའི་མཛད་པ་བཞིན་ཉམས་ལེན་ལས་རིམ་ལ་འཇུག་པ་དང་། དབང་པོ་རྟུལ་བོ་ཞིག་ཡིན་ན་དེས་རྣལ་འབྱོར་ལ་བརྟེན་ཏེ་ཉམས་སུ་ལེན་དགོས་པ་རེད། རྣལ་འབྱོར་བཞི་ཞེས་པ་གང་རེད་ཅེ་ན། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར། ཐམས་ཅད་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར་བཅས་ལ་རྣལ་འབྱོར་བཞི་ཞེས་གསུངས་པ་རེད། རྣལ་འབྱོར་ཟེར་དུས་རྣལ་འབྱོར་གྱི་ངེས་ཚིག་ཏུ་དུས་རྒྱུན་ང་ཚོས་རྣལ་མའི་དོན་ལ་དབང་འབྱོར་བས་ན་རྣལ་འབྱོར་ཟེར་བ་ཡིན། དབང་རྟུལ་ལམ་ལས་དང་པོ་བ་ཞིག་གིས་བདག་ཉིད་རང་རིག་གི་ཆ་ལྷ་དམ་ཚིག་པར་སྒོམ་པ་དེ་རྣལ་འབྱོར་ཡིན་ནི་རེད། ལྷ་སྒོམ་པ་རྣལ་འབྱོར་དུ་བྱེད་བཞིན་ཡོད། སྒོམ་པའི་ལྷ་དེ་ཡེ་ཤེས་པ་ལ་བསྟིམ་ནས་རོ་གཅིག་པར་བྱས་པ་དེ་རྗེས་སུ་རྣལ་འབྱོར་ཡིན་ནི་རེད། དེའི་སྟེང་དུ་བརྟན་གཡོ་སྣོད་བཅུད་ཐམས་ཅད་རང་རིག་གི་ལྷའི་རྣལ་འབྱོར་བྱ་བ་དེ་ཐམས་ཅད་རྣལ་འབྱོར། དེ་གསུམ་སྔོན་དུ་སོང་ཞིང་གོམས་པ་བརྟན་སོང་པའི་རྗེས་སེམས་རྩེ་གཅིག་ཏིང་ངེ་འཛིན་མངོན་དུ་གྱུར་པ་དེ་ཤིན་ཏུ་རྣལ་འབྱོར་ཡིན་གསུངས་ཡོད་ནི་རེད། དབང་པོ་རྣོ་རྟུལ་གང་ཡིན་ལ་མ་ལྟོས་པར་གཙོ་བོ་ཏིང་ངེ་འཛིན་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་དགོས་པ་དང་། བཟླས་བརྗོད་ལ་བརྟེན་ནས་འཇིག་འདས་གཉིས་ཀའི་དངོས་གྲུབ་འགྲུབ་དགོས། དེའི་མངོན་བྱང་ལྔ་བཤད་པ་སོང་བ་རེད། དེ་ནས་ཆོ་འཕྲུལ་བཞི་ཞེས་པ་གང་ཡིན་ན། ཏིང་འཛིན། བྱིན་བརླབས། དབང་སྐུར། མཆོད་པ་བཅས་རེད། དེ་ཡང་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་སྤྱན་དྲངས་ནས་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པ་ཕྱག་རྒྱ་བཞིའི། ཀུན་གཞི་དང་གཅིག ཉོན་ཡིད་དང་གཉིས། ཡིད་ཤེས་དང་གསུམ། སྒོ་ལྔའི་རྣམ་ཤེས་བཅས་ཀྱི་སྒྲིབ་པ་ཕར་བསལ་བའི་མེ་ལོང་། མཉམ་ཉིད། སོར་རྟོགས། བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་བཞི་པོར་སྦྱར་ནས། འཁྲུལ་བ་བྱུང་བ་ཡིན། ཕྱིའི་ཕུང་པོ་དང་འབྱུང་བ་རྣམ་པར་དག ནང་ལས་དང་ཉོན་མོངས་པ་རྣམ་པར་དག གསང་བ་ཡུལ་དང་དབང་པོ་མོངས་པ་རྣམ་པར་དག་ནས་རིགས་ལྔའི་སངས་རྒྱས་ཀྱི་བདག་ཉིད་དུ་གྱུར་པ། ལྷ་ལ་བཟང་རྒྱུ་མེད་པར་ཤེས་ནས་དངོས་གྲུབ་རང་ལས་བྱུང་དང་ནི་བདག་ལ་ངན་རྒྱུ་མེད་པར་རྟོགས་ནས། སྒྱུ་ལུས་སྐུར་གསལ་ནུས་པས་འོག་མ་ནས་འཕགས་པའི་ཁྱད་ཆོས་དེ་འདྲ་བཏོན་པ་རེད། དེས་ན་ཡོ་ག་ཙམ་པོ་བ་དང་ཁྱད་བ་གཉིས་ལ་ཁྱད་པར་དེ་ཅི་འདྲ་ཡིན་སྙམ་ན། ཚིག་བསྡུས་ཏེ་སླ་མོ་སླ་མོ་ཞིག་བཤད། དམ་ཡེ་སྤུན་གྲོགས་ཀྱི་ཚུལ་དུ་ལྟ་བ་དང་དམ་ཡེ་གཉིས་མེད་དུ་སྒྲུབ་པ་གཉིས་གས་ཁྱད་པར་གྱིས་དབྱེ་བ་ཙམ་ཁྱད་ཕྱེ་ན་ཆོག་ཟེར་རྒྱུ་རེད། དམ་ཡེ་སྤུན་གྲོགས་ཀྱི་ཚུལ་དུ་ལྟ་བ་ཡོ་ག་ཙམ་པོ་བ་དང་། དམ་ཡེ་གཉིས་མེད་དུ་སྒྲུབ་པ་ཡོ་ག་ཁྱད་པར་བ་རེད་ཟེར་ན་ཡང་མི་འགྲིག་པ་མེད། དེའི་སྒོམ་པ་མཚན་བཅས་བཤད་པ་རེད། མཚན་མེད་ལ་བསམ་ན་དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དང་ནི་དེའི་བྱིན་རླབས་ལྷར་སྣང་ཡེ་ཤེས་ཀྱི་སྣང་ཆ་དེ་གཉིས་ཀ་གཉིས་མེད་མཉམ་པའི་ངང་ལ་མཉམ་པར་འཇོག་པ་དེ་ཡིན། བདེན་གཉིས་ཟུང་འཇུག་གི་དོན་ལ་ངེས་པ་རྙེད་པའི་ལྟ་བ་དེ་དང་རྗེས་སུ་མཐུན་པར་ཕྱིའི་བྱ་བ་ལ་མི་ལྟོས་པར་ནང་གི་རྣལ་འབྱོར་གཅིག་པོས་ཀྱང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཛད་པ་དང་བཅས་མངོན་དུ་བྱ་བའི་ཉམས་ལེན་གནད་དུ་འཛིན་རྒྱུ་དེ་སྒོམ་པ་ཡིན། སྤྱོད་པ་གོང་ནས་སོང་བ་ལྟར་ལས་ཚོགས་ཀྱི་དུས་ལྟ་བུར་དགོས་པ་དམིགས་བསལ་བ་བྱུང་ན་མ་གཏོགས། གཙང་སྦྲ་དང་དཀའ་ཐུབ་སོགས་ཀྱིས་ཕྱིའི་ཀུན་གྲོགས་ཙམ་ལ་བརྟེན་པ་མ་གཏོགས་གཙོ་བོར་མི་འཛིན་པས། ནང་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་དུ་གཙོ་བོར་བཟུང་ནས་ལྷའི་རྣལ་འབྱོར་ལ་སྤྱོད་པས་རང་གཞན་གྱི་དོན་ལ་སྤྱོད་པ་རེད། འབྲས་བུ་གང་ཡིན་ན་འཇིག་རྟེན་འདས་དང་མ་འདས་གཉིས་ཀྱི་ནང་ནས་གནས་སྐབས་འཇིག་རྟེན་པའི་དངོས་གྲུབ་མཁའ་སྤྱོད་ཀྱི་རིག་འཛིན་གྲུབ་པ་དང་ནི། མཐར་ཐུག་འཇིག་རྟེན་འདས་པའི་དངོས་གྲུབ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ནི་གྲོལ་བར་འདོད། །ཅེས་གསུང་ཡོད་པ་རེད། འདི་ཡང་དབང་པོ་རྣོན་པོའི་གོ་དོན་ལ་སྦྱོར་དགོས་ཀྱང་ཐམས་ཅད་གང་ལྟར་དབུ་མ་ལས་ལམ་མྱུར་བའི་ཁྱད་པར་མི་ཚེ་སྐྱེ་བ་ཁ་གྲངས་སྔར་གྱི་འདི་བཞི་པོའི་སྟེང་ལ་ལས་ཀྱི་རིགས་བསྣན་པས་རིགས་ལྔ་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་དུ་འཚང་རྒྱ་བར་འདོད་པ་རེད། དེས་ཐེག་པ་ལམ་ཁྱེར་བཤད་པ་ཡིན། གཉིས་པ་ལྷ་ལམ་ཁྱེར་ནི། ལྷ་ལམ་ཁྱེར་ལ་བདེན་གཉིས་རེས་འཇོག་གི་ཉམས་ལེན་དགོས་གསུང་པས། བདེན་གཉིས་རེས་འཇོག་གི་ཉམས་ལེན་དེ་ཅི་འདྲར་བསྐྱང་དགོས་ན། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་པའི་ངོ་སྐལ་དུ་སྣང་ནས་རིགས་ལྔས་གཙོ་བོར་བྱས་པའི་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་གོང་ནས་བཤད་པའི་ཕྱག་རྒྱ་བཞི་ལྡན་གྱིས་སྒོམ་པ་དེ་ཀུན་རྫོབ་བདེན་པའི་ཉམས་ལེན། མཐར་དེ་ཡང་མི་དམིགས་བསམ་བརྗོད་དང་བྲལ་བའི་སྟོང་ཉིད་ཀྱི་ངང་ལ་འཇོག་པ་དེ་དོན་དམ་བདེན་པའི་ཉམས་ལེན་ཡིན། དེས་ལྷ་ལམ་ཁྱེར་བསྟན། ལྷའི་སྙིང་པོ་གསང་སྔགས་ཀྱི་ཡི་གེ་གསུང་པ་རེད། རིགས་ལྔའི་ལྷ་ཚོགས་ཐུགས་ཀར་ཟླ་བའི་དཀྱིལ་ལ་སྔགས་ཕྲེང་སོ་སོར་བཀོད་པ་དེ་ལས་འོད་ཟེར་སྤྲོས་པས། དེས་སེམས་ཅན་ཐམས་ཅད་ཀྱིས་སྡུག་བསྔལ་ཉེས་ཚོགས་རྒྱུ་དང་བཅས་པ་ཐམས་ཅད་སྦྱང་བར་བསམ་བཞིན་དུ་རིགས་ལྔའི་སྔགས་བཟླ་ཞིང་རིགས་ལྔའི་ཐུགས་རྒྱུད་བསྐུལ་བ་དེ་སྙིང་པོ་ལམ་ཁྱེར་གྱི་སྲོག་ལྟ་བུ་ཞིག་ཡིན། བཞི་པ་བསླབ་པ་ལམ་ཁྱེར་ནི། བསླབ་པ་ལམ་ཁྱེར་རམ་སྔགས་ཀྱི་སྐབས་འདི་ནས་དབང་ལམ་ཁྱེར་གསུང་གི་ཡོད། དེ་ཅིའི་ཕྱིར་གསུང་ཞེ་ན། མཚན་ཉིད་ཐེག་པའི་སྐབས་སུ་བསླབ་པ་ལམ་ཁྱེར་དང་འདི་ནས་དབང་ལམ་ཁྱེར་གསུང་བས་བསླབ་པ་མ་དགོས་པ་ཨེ་རེད་ཅེ་ན། དབང་གི་ངོ་བོ་བྱིན་རླབས་སྡོམ་པའི་རང་བཞིན་ཅན་ཞིག་རེད། དེ་དམ་ཚིག་གིས་རྒྱུད་ལ་འཛིན་པ་ཞིག་ཡིན་པས་ཡོ་གའི་དབང་མཆོག་དྲུག་བཅུ་རྩ་བཞི་དེ་དང་རྗེས་འབྲེལ་གྱི་བསླབ་པར་བྱ་གནས་ཐམས་ཅད་ལ་བསླབ་པ་དང་དབང་གི་ལམ་ཁྱེར་དང་གོ་དོན་གཅིག་པ་ཡིན། དེས་ལམ་ཁྱེར་བཞི་བསྟན་པ་སོང་ནས། ད་སྤྱི་དོན་གཉིས་པ་འགག་དྲུག་བཤད་པའི་ནང་ནས་དང་པོ། གང་དུ་གང་གིས་གང་ལ་སོགས་གསུང་ཡོད་པས། གང་དུ་ཞེས་པའི་དོན་གྱི་བསྟན་དོན་ཅི་ཡིན་ན། སྔོན་བྱུང་དང་རྗེས་འཇུག་གཉིས་ཀྱི་བཤད་དུས། སྔོན་བྱུང་དེ་རི་རབ་རྩེ་འམ་མེ་རུ་འབར་བའི་རྩེ་རེད། རྗེས་འཇུག་ལྷ་བྱ་ཀུན་སྙན་བརྗོད་བྱུང་གི་ཚལ་འདི་ནས་གསུང་བ་བཞིན་དུ་གང་གིས་གང་ལ་གང་ཞིག་སོགས་ཀྱི་དོན་རེད། སྔོན་བྱུང་སྟོན་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གང་གིས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་སོགས་ལ་དང་། རྗེས་འཇུག་སློབ་དཔོན་ཆེན་པོས་པདྨ་ཀུ་མ་ཊིས་རྡོ་རྗེ་ཁྱུང་དྲག་རྩལ་སོགས་ལ་གསུངས། གང་བསྐུར་བའི་དབང་དེ་སྔོན་བྱུང་དང་རྗེས་འཇུག་གཉིས་གར་སྐུ་ཕྱག་རྒྱའི་དབང་ལ་སོགས་པ་ཡོ་ག་དྲུག་བཅུ་རྩ་གཉིས་ཀྱི་དབང་བསྐུར། དེ་ཅིའི་ཕྱིར་བསྐུར་བ་ཡིན་ན་སྔོན་བྱུང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་རྗེས་སུ་བཟུང་ཆེད་དང་། རྗེས་འཇུག་དམ་ཚིག་དང་ལྡན་པའི་རྣལ་འབྱོར་བ་རྗེས་འཛིན་གྱི་ཆེད་དུ་བསྐུར། དེ་ལྟར་དབང་སྐུར་བའི་དགོས་པ་ཅི་རེད་ཅེ་ན། དབང་གང་དང་གང་དག་སྐུར་བ་དེ་དང་དེ་དག་གི་མཚུངས་ལྡན་གྱི་ཡོན་ཏན་དེ་བསྐུར་ཡུལ་ལ་ཐོབ་པའི་དགོས་པ་དེ་དང་ལྡན་པ་ཞིག་རེད། དེས་འགག་དྲུག་བཤད་པ་སོང་ནས། སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ཀྱིས་བསྟན་པས། འདིའི་དོན་དབང་ཆོག་རང་གཞུང་གི་ནང་ནས་འདི་ལྟར་གསུང་སྟེ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་འམ་རྣམ་སྣང་གི་སྐུར་བསྒོམ། དེ་གསལ་བ་དང་རང་གི་སྙིང་དཀྱིལ་དུ་དྭངས་མ་མི་ཤིགས་པ་ལྔ་གདོད་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ་ཉིད། རྣམ་པ་ཐིག་ལེ་སྲན་མ་ཙམ་པ་འོད་ལྔའི་གོང་བུ་ཅན་ཞིག་ཏུ་གསལ་བཏབ་སྟེ་གསུང་ན། དྭངས་མ་མི་ཤིགས་པ་ཞེས་གསུང་པ་དེ་ཅི་གསུང་བ་རེད་ཅེ་ན། སྙིང་གི་དབུས་ན་རིག་པ་བྱང་ཆུབ་སེམས་ཀྱི་རྟེན་འཇིག་འབྲལ་མེད་པ། མི་ཤིགས་པ། ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་ཡི་དྭངས་མ་ལྔ་འདུས་འོད་ལྔའི་ཐིག་ལེ་ཆེ་ཆུང་སྲན་མ་ཙམ་ཞིག་ཡོད་པ་དེ་གསུང་པ་རེད། དེ་ལྟ་བུའི་མ་འདྲེས་འོད་ལྔའི་གོང་བུ་དེ་ཉིད་གསལ་ཐེབས་ནས་གོམས་པའི་སྐབས་ན་ནམ་མཁའི་དཀྱིལ་ནས་ཐིག་པ་ཤར་ཞེས་གསུང་། དེའི་དོན་དེ་དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ནས་སྟོང་གསལ་འགག་མེད་ཀྱི་རང་གདངས་དེ། ཐིག་ལེ་དཀར་པོའི་རྣམ་པར་ནམ་མཁའི་ཆུ་ཐིག་རྒྱ་མཚོར་བབ་པ་ལྟ་བུ་ཡིན་གསུངས། ཐིག་ལེ་དཀར་པོ་གསུང་རྒྱུ་དེ། དཀར་པོ་ཟེར་ན་ཤེལ་ལྟ་བུའི་དཀར་པོ་ཞིག་དང་། དུང་ལྟ་བུའི་དཀར་པོ་ཞིག་རྣམ་པ་གཉིས་ཡོད་མོད་འདི་ཤེལ་ལྟ་བུའི་དཀར་པོ་ཞིག་ཨེ་མི་ཡིན་སྙམ། ཐིག་ལེ་དཀར་པོ་དེ་སྤྱི་བོ་ནས་མར་ནམ་མཁའི་དཀྱིལ་ནས་ཐིག་པ་ཤར་བ་བཞིན་ལུས་ནང་དུ་ཕེབ་ནས་སྙིང་དཀྱིལ་དྭངས་མ་མི་ཤིགས་པའི་ཐིག་ལེ་གོང་ནས་བཤད་པ་དེ། ཕྲུགས་གཅིག་གཉིས་སུ་མེད་པ་འདྲེས་སོང་བའི་ངང་དེར་ཡང་བསལ་བཞག་མཚན་མ་དང་བྲལ་བའི་ངང་ལ་བཞག་དགོས། དེ་འདྲ་ཡང་ནས་ཡང་དུ་བཞག་ཅིང་གོམས་སོང་བ་ན་མེད་པ་མ་ཡིན་གསལ་བ། ཡོད་པ་མ་ཡིན་སྟོང་བ། ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་གསལ་དུ་ལྷག་གེར་ཤར་མ་ཡོང་བར་དུ་བསྒོམ་དགོས། དེ་ཤར་བའི་སྐབས་དེ་ཉིད་དོན་དམ་མཚན་མ་མེད་པའི་ངོ་བོ་ཡིན་པར་ཐག་གཅད་ཁི་ཡོད་ནི་རེད། དེའི་བྱིན་བརླབས་ཀྱིས་རྗེས་ཐོབ་ལ་གང་ཤར་གྱི་སྣང་བ་ཐམས་ཅད་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ཅི་བཞིན་དུ་ལམ་དུ་ཁྱེར་བས། གང་སྣང་ལྷ་ཡི་རྣམ་པར་སྣང་བ་དེ་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་ཡིན། དེ་ལྟར་དོན་དམ་མཚན་མ་མེད་པ་ངོ་བོ་ཉིད་དང་ནི་ཀུན་རྫོབ་ཡེ་ཤེས་ཀྱི་ལྷར་སྣང་གཉིས་ཀ་གཉིས་སུ་མེད་པའི་ངང་དེ་ལ་ངང་སྒོམ་མ་བཅོས་པར་གནས་ན་དེ་ཉིད་དབང་གི་བྱིན་རླབས་ཆགས་པའི་རྟེན་ཡིན་གསུང་། འདིའི་སྔགས་ཕྱི་པ་གསུམ་དེ་རྒྱུའི་ཐེག་པར་ལྟོས་ན་ཉེ་ལམ་སྔགས་ཀྱི་ཐེག་པ་ཡིན་པས་ན་ལམ་མྱུར་པོ་ཡིན། རེད་དེ་སྔགས་ནང་རྒྱུད་ལ་ལྟོས་ན་ཅུང་ཟད་བུལ་བ་ཡིན་པ་རེད། ཕྱི་རྒྱུད་སྡེ་གསུམ་གྱི་ནང་ནས་མྱུར་ཤོས་ཡོ་ག་རྣལ་འབྱོར་གོང་ནས་སོང་མ་ཐག་པ་འདི་རེད་མོད་དེ་འདིས་ཀྱང་དབང་རྣོན་གྱི་དབང་དུ་བྱས་ཀྱང་མི་ཚེ་གསུམ་ལ་འགོར་བ་རེད། དེ་འགོར་བའི་གནད་གང་ལ་ཐུག་ཡོད་ཅེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་ལྷའི་ངོ་བོ་ཉིད་དུ་ཡེ་ནས་སངས་རྒྱས་པའི་དོན་དེ་མ་རྟོགས་མེད་པས། སྔགས་ནང་རྒྱུད་ཡོ་ག་རྣམ་གསུམ་འདྲ་འདྲའི་བདེ་མྱུར་གྱི་ཐོག་ནས་ཚེ་གཅིག་ལུས་རྟེན་དེའི་སྟེང་ནས་འཚང་རྒྱ་མི་ཐུབ་པ་རེད། འདི་ཡན་ཆད་ནས་ཕྱི་རྒྱུད་ཀྲི་ཡོག་སྡེ་གསུམ་གྱི་དབང་གི་སྔོན་དུ་ཁ་རྩང་ཞུས་པ་བཞིན་ལོ་ཆེན་དྷརྨ་ཤྲཱི་རིས་དབང་རེ་རེ་བཞིན་དུ་ལྟ་སྒོམ་གྱི་ཆོག་ཁྲིགས་ཅུང་ཟད་རྒྱས་ཤིང་། ཕུན་སུམ་ཚོགས་པའི་ཡན་ལག་ལ་ལྷག་སྐྱོན་མེད་པའི་དགོངས་བཞེས་གནང་ནས་བཞག་ཡོད་པ་རེད། རེད་དེ་ཟོར་ཡང་ཤིང་ཆད་སྐྱོན་མེད་པའི་དགོས་པ་དང་བསྟུན་ནས་ཆོས་རྒྱུད་འདིའི་ཕྱག་སྲོལ་བཞིན་སྟ་གོན་མི་དགོས་པའི་ཕྱག་བསྟར་བྱེད་རྒྱུ་ཡིན། འདིའི་མཚམས་སུ་སང་ཉིན་ནས་མདོ་རྩ་བའི་དཀྱིལ་འཁོར་ནས་ཆུ་བོ་བཞིའི་དབང་མཆོག་སུམ་ཅུ་རྩ་དྲུག་བསྐུར་རན་པས་དེའི་སྔོན་ལ་སློབ་མ་ལྷ་གནས་ལ་སོགས་པ་གོང་དུ་བསྐུར་མ་ཐག་པ་དེ་ལྟར་དུ་རེད། དེའི་མཚམས་ནས་སྒྲུབ་གཞུང་གི་ལུང་འདོན་ཞེས་གསུངས།

ད་དེ་ཡན་ཆད་ཀྱིས་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཆུ་བོ་བཞིའི་དབང་བསྐུར་བའི་སྐབས་ཀྱི་ཕྱི་དབང་རྒྱུད་ཀྱི་ཆུ་བོ་སོང་བ་རེད། གསར་ཞུགས་གོ་དོན་བློ་ལ་དེ་ཙམ་བཞག་མ་ཐུབ་པ་རེ་གཉིས་ཀྱིས། ཕྱི་དབང་རྒྱུད་ཀྱི་ཆུ་བོ་དེ་དོ་ཞག་ལོ་རིང་ལ་བསྐུར་བསྡད་པ་མིན་ནམ། དེ་རིང་ཡང་ཕྱི་དབང་རེད་འདུག་དགོངས་ན་ཤེས་རྒྱུ་མ་རེད། དོ་ཞག་གི་དེ་ཡན་ལག་གི་དཀྱིལ་འཁོར་ནས་མན་ངག་ལུགས་ཀྱིས་བསྐུར་བ་རེད། ད་རེས་ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་ནས་རྒྱུད་ཀྱི་ལུགས་ལྟར་དུ་བསྐུར་གྱིན་ཡོད་པ་རེད། རྒྱུད་ལུགས་རྩ་བའི་དཀྱིལ་འཁོར་ནས་དབང་གི་ཁ་གྲངས། སྡོམ་ཚིག་ཏུ། བཅུ་དང་བཅུ་གཅིག་བཅུ་གསུམ་གཉིས་ཅེས་དེ་དག་ཚུར་བསྡུས་ཏེ། དབང་མཆོག་སུམ་ཅུ་རྩ་དྲུག་དེ་ཉིད་ཡན་ལག་གི་དཀྱིལ་འཁོར་ནས། ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེས་ནས་བསྐུར་བ་རེད། འདིའི་དབྱེ་བསྡུའི་ཁྱད་པར་འདི་ཅི་འདྲ་ཞིག་ཡིན་ནམ་དགོངས་ན། ཁར་སྔོན་ཞིག་ནས་ཐེངས་མ་གཅིག་གཉིས་ལ་ཞུས་མྱོང་བ་ལྟར། འདིའི་དངོས་གཞིའི་དབང་ལ་ལུགས་གཉིས་ཡོད་པ་རེད། རྒྱུད་ཀྱི་ལུགས་དང་མན་ངག་གི་ལུགས་གཉིས་རེད། དེའི་རྒྱུད་དང་མན་ངག་གི་ལུགས་གཉིས་ཀ་ད་ལྟའི་སྐབས་འདིར་གཅིག་ཏུ་དྲིལ་རྒྱུའི་ཕྱག་ལེན་ལྟར་དུ་བསྐུར་བའི་སྐབས་རེད། ཐོག་མར་གླེང་གཞི་དང་འབྲེལ་བའི་མཆོག་དབང་བཅུ་དྲུག་གིས་དབང་གི་སྒོ་ཕྱེས་པ་རེད། དེར་མཐུད་ནས་ཁ་སང་ཡན་ཆད་ལ། ལྷ་མིའི་ཐེག་པ་ནས་ཡོ་ག་རྣལ་འབྱོར་རྒྱུད་ཀྱི་བར། ཡན་ལག་གི་དཀྱིལ་འཁོར་དྲུག་ནས་མན་ངག་ལུགས་ཀྱི་ཕྱི་དབང་བསྐུར་བ་རེད། མདང་དགོང་སྟ་གོན་སྔོན་དུ་འགྲོ་བ་དང་བཅས་པས། དེ་རིང་ནས་ཚོགས་ཆེན་འདུས་པ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཀྱི་ཆུ་བོ་བཞི་རྫོགས་སུ། ཡོངས་སུ་རྫོགས་པར་མུ་མཐུད་ནས་བསྐུར་བཞིན་པ་རེད། འོན་ཀྱང་འདིའི་རྗེས་སུ་ཡང་ཡན་ལག་གི་དཀྱིལ་འཁོར་སོ་སོ་ནས་མན་ངག་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀ་འཁོར་མཐའ་རྟེན་གྱི་དབང་དང་བཅས་པས་ཡོངས་སུ་གྲུབ་པར་བྱ་རྒྱུ་རེད། ཕྱི་དབང་དང་གསང་དབང་གཉིས་ཀ་ལུགས་གཉིས་ནས་བསྐུར་རྒྱུ་དེ། དབང་གི་ཁ་གྲངས་དང་། བསྐུར་ཐབས་ཀྱི་ཚུལ་མི་འདྲ་བས་ན་གཉིས་ཀ་སོ་སོ་ནས་བསྐུར་དགོས་པ་རེད། ནང་དབང་དང་སྒྲུབ་དབང་གཉིས་ཀ ལུགས་གཉིས་ཀ་ནས་དབང་གི་གྲངས་དང་བསྐུར་ཐབས་ལ་མི་འདྲ་བ་ཆེན་པོ་མེད་པས། གཅིག་གིས་ཆོག་པར་མཛད་པ་དེ་གཅིག་ན་ཟོལ་ཡངས་བའི་ཆེད་དང་། གཉིས་སུ་ཚོགས་སྒྲུབ་ལྟ་བུའི་དགོས་མཁོ་ཡི་མོས་སློབ་ཙམ་ལ་བརྟེན་པ་ཤས་ཆེ་བ་ཡིན་པས། རྩ་དཀྱིལ་ཐུན་མོང་བར་བསྐུར་བའི་ལུགས་མཛད་པ། དེ་དང་སྒོ་བསྟུན་པ་ཡིན་པ་རེད། གསང་དབང་གི་ཐད་འདི་ནས་རྒྱུད་རྩ་བའི་ལུགས་ལ་སློབ་མ་ཐུན་མོང་པའི་བགོ་སྐལ་ལ། དེ་དག་རྗེས་འཛིན་གྱི་ཆེད་དུ། ཟབ་པའི་ཁྱད་པར་དེ་ཙམ་མ་སྦྱར་ནས་རྩ་བ་འཕྲོ་གཞི་ཕྱི་མོ་ལྟ་བུར་བཞག་ནས་གསུངས་པས། ཅུད་ཟད་ཐུན་མོང་པ་ཙམ་ཞིག་དང་། མདོར་བསྡུས་ཙམ་གྱིས་ས་ཁོངས་ཤིག་བཟུང་ཡོད་པའི་རྣམ་པ་ཙམ་ཞིག་ཡོད་ན། རྫོགས་རིམ་ཆེན་པོའི་དོན་གཉེར་ཅན་གྱི་སློབ་མ་ཐུན་མིན་ཡང་ཡོད་སྲིད་པ་ཡིན་པས་ན། དེ་དག་གི་ངོ་སྐལ་ལ་ཆེད་དུ་དམིགས་ནས་མན་ངག་གི་ལུགས་ཟུར་དུ་ཕྱེས་ཏེ། རྒྱས་པར་བྱས་པའི་དབང་བསྐུར་གྱི་ཕྱག་ལེན་མཛད་པ་རེད། དགོས་པ་རྒྱུ་མཚན་དེ་འདྲ་ཞིག་ལ་བརྟེན་ནས་རྒྱུད་དང་མན་ངག་གི་ལུགས་གཉིས་ཀ་འདོར་ལེན་འོས་ཤིང་མཚམས་པ་ཞིག་མཛད་ནས། གནད་ཀྱིས་གཅིག་ཏུ་དྲིལ་བ་དེ། གནས་སྐབས་ལ་དངོས་སུ་བྱ་སླ་ཁྱེར་བདེ་ཡིན་པ་དང་། མཐར་དོན་ལ་ལུགས་གཉིས་པོ་གཅིག་རྒྱུན་གཅིག་གིས་འཚོབ་ནས་མི་ནུབ་ཆབས་ཅིག་ཏུ་དར་ཞིང་རྒྱས་པའི་དགོས་པ་དང་ལྡན་ཡོད་ལུགས་སྔར་ཡང་ཞུས་མྱོང་བ་ལྟར་རེད། སྤྱིར་ན་དབང་བསྐུར་ཟེར་བ་དེ་ཆོས་ཟབ་མོ་སྨིན་བྱེད་ཀྱི་དབང་ཡིན་ཞིང་། དབང་བསྐུར་བའི་དགོས་དོན་མང་ཆེ་བས་མཁྱེན་བཞིན་པ་རེད། དེ་ཉིད་ཐོག་མཐའ་བར་གསུམ་ལ་ཤེས་རྒྱུ་གལ་ཆེ་བ་རེད་ལ་རྒྱུད་ལ་ངེས་རྒྱུ་ཡང་ཧ་ཅང་གནད་ཆེ། དེས་ན་འདིའི་སྦྱང་གཞི། སྦྱང་བྱ། སྦྱངས་འབྲས། སྦྱོང་བྱེད་བཅས་ཀྱི་ཐོག་ནས་སླར་ཡང་ཐེངས་གཅིག་ཞུས་ན། ལུས་ཅན་ཐམས་ཅད་ཀྱི་སེམས་ཉིད་གདོད་ནས་དཀྱིལ་འཁོར་རྣམ་གསུམ་དུ་མ་འདྲེས་ཡོངས་རྫོགས་སུ་གནས་པ་དེ་སྦྱང་གཞི་ཡིན་པ་རེད། དེའི་གཤིས་ལ་མ་དག་པ་ཞིག་ཡོད་མ་མྱོང་པར། གདོད་མ་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཀྱང་། གློ་བུར་མ་རིག་པའི་རྐྱེན་དེ་ལས་མེད་སྣང་འཁྲུལ་འཛིན་འཁོར་བའི་རྣམ་པར་ཤར་བ་འདི་སྦྱང་བྱ་ཡིན། སྦྱངས་འབྲས་གང་ཡིན་ཟེར་ན། རང་ལ་ཡེ་ནས་གནས་པའི་རང་བྱུང་གི་ཡེ་ཤེས་དེ་ཉིད། ཡེ་དག་སྔར་ནས་ཡིན་པ་ལ་ཇི་ལྟ་བ་བཞིན་དུ་ཡང་དག་གིས་མངོན་དུ་གྱུར་བར་བྱས་ནས། རྒྱལ་བུ་ཐང་འཁྱམས་རང་གི་རྒྱལ་སར་འཁོད་པ་ལྟར། སྒྲིབ་བྲལ་དག་པ་གཉིས་ལྡན། ཡོན་ཏན་གྱི་མངའ་དབང་འབྱོར་བའི་གོ་འཕང་དམ་པ་མངོན་དུ་འགྱུར་བའི་ཆེད་དུ། སྦྱང་བྱེད་གང་དེ་ནི། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐུའི་རྣམ་པ་ཐ་དད་པས་རྣམ་པར་གྲོལ་བའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཞིག་གསུངས་པ་ལས། དེ་དག་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་བའམ་རྩེ་མོར་གྱུར་པ་གསང་ཆེན་རྡོ་རྗེའི་ཐེག་པ་ཡིན་ལ། དེའི་ལམ་གྱི་གཞི་དང་རྩ་བར་གྱུར་པ། སྐབས་འདིར་ཀུན་འདུས་འདུས་པ་མདོ་ཆེན་པོའི་དཀྱིལ་འཁོར་ནས། སྨིན་བྱེད་ཀྱི་དབང་བསྐུར་བཞིན་པ་རེད། དབང་བསྐུར་གྱི་རྒྱུན་འདི་ཕྱི་རབས་ཀྱི་བསྟན་རྒྱུན་རིང་མོར་སྨན་པའི་ཕྱིར་དུ། ད་རེས་ཆེད་གཏད་ཀྱིས་འབུལ་བའི་སྐབས་རེད། དེས་ན་གང་བསྐུར་བྱ་འདུས་པ་མདོའི་དབང་རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་ནས། རྒྱུད་དང་མན་ངག་གི་དགོངས་དོན་གཅིག་འདྲིལ་གྱི་ཐོག་ནས། ཐེག་དགུ་ཡོངས་རྫོགས། ཆུ་བོ་བཞི་རྫོགས་ཀྱིས་བསྐུར་བཞིན་ཡོད་པ་ལས། མདོ་ཚོགས་ཆེན་འདུས་པ་རྩ་བའི་དཀྱིལ་འཁོར་རམ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་གཉན་པོ་འདི་ནས། ནང་བ་ཐབས་ཀྱི་རྒྱུད། དབང་བསྐུར་ཐབས་ཀྱི་ཐེག་པས་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི་དགོངས་གནད་ཆ་ཚང་འདིའི་ནང་དུ་འདུས་ཀྱིན་ཡོད་པ་རེད། གང་ཟག་དབང་པོ་རབ་གསུམ་གྱི་ངོ་སྐལ་དུ་གྱུར་པའི་ཐེག་པ་འདི་ལ་སྔགས་ནང་བའམ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་ཞུ་བ་རེད། འདི་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞུ་དོན་ཅི་རེད་ཅེ་ན། སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་རོལ་བར་སྣང་བས། དངོས་གྲུབ་ཕྱི་ནས་མི་འཚོལ་བར་ནང་རང་བྱུང་གི་ཡེ་ཤེས་སུ་རྟོགས་པའི་ཐབས་ཀྱི་ལམ་ཡིན་པས་ན་སྔགས་ནང་པ་དང་། སྣོད་བཅུད་སྣང་སྲིད་ཀྱི་ཆོས་ཐམས་ཅད་དག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྲུབ་པ། བདེན་གཉིས་དབྱེར་མེད་བློའི་སྤྱོད་ཡུལ་ལས་འདས་པར་གཏན་ལ་ཕབས་པས། ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་རོ་གཅིག་པར་དབང་དུ་བསྒྱུར་བའི་ཐབས་ལ་མཁས་པས་ན་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་སུ་གསུངས་པ་རེད། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ཆེན་པོའི་གཞན་དབང་གི་ཐུགས་བརྩེ་བ་ཆེན་པོས་སེམས་ཅན་ཡོངས་སུ་མ་དོར་བར། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་མཐར་མངོན་པར་རྫོགས་པ་སངས་རྒྱས། ཡང་མཐར་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་རྒྱ་ཆེན་རྒྱུན་མི་ཆད་པ་ནམ་མཁའ་ཇི་སྲིད་དུ་འབྱུང་བ་ཐམས་ཅད་འགྲོ་བའི་དོན་ཉག་གཅིག་ཡིན་པ་རེད། ཞིང་འདིར་ཆོས་ཀྱི་འཁོར་ལོ་རིམ་གསུམ་གྱིས་མཚོན་པའི་ཆོས་འཁོར་བསྐོར་ཚད་ཐམས་ཅད། མཐར་ཐུག་སེམས་ཅན་ཐམས་ཅད་གཏན་བདེ་རྫོགས་བྱང་ལ་འགོད་པའི་དམིགས་ཡུལ་ཉག་གཅིག་པ་རེད། འོན་ཀྱང་གདུལ་བྱ་དམའ་འབྲིང་རབ་གསུམ་ཡོད་པ་དང་། དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་ཅན་ཡིན་ཕྱིར་དེ་དག་གི་བློ་དང་འཚམ་པར་ཆོས་ཐེག་དགུའི་རིམ་པ། ད་དུང་ཕྱེས་ན་ཆོས་ཀྱི་དབྱིངས་དང་གདུལ་བྱའི་བློ་བཞིན་དུ་ཚད་མེད་མཐའ་ཡས་པ། ཚུར་ལ་བསྡུས་ན་ཐེག་གཅིག་སྤྲོས་པ་ཀུན་བྲལ། ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཏུ་འདུས་པའི་གོ་དོན་སྔར་ཡང་ཞུས་མྱོང་བ་ལྟར་ཡིན། རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། དེས་མ་ཚད་གསང་སྔགས་ཕྱི་བ་དང་བཅས་པ་ཐམས་ཅད་རིང་བའི་ལམ་དུ་འཇོག་པ་རེད། སྔགས་བླ་མེད་ཐུན་མོང་བ་ཉེ་ལམ་དང་། ནང་རྒྱུད་ཡོ་ག་སྡེ་གསུམ་ཡང་གསུམ་གསུམ་དགུ་རུ་ཕྱེས་པའི་གོང་མ་དག་མྱུར་ལམ་ཡང་ཡིན་པ་དེའི་ཕྱིར་ན་འབྲས་བུའི་ཐེག་པ་ཞེས་སུ་གསུངས་ཏེ། རྒྱུའི་ཐེག་པ་རུ་ཕྱེས་པའི་དགོས་དོན་ཡང་འབྲས་བུའི་ཐེག་པར་གཞོལ་བའི་ཆེད་རེད། དེ་བཞིན་དུ་ཐེག་པ་འོག་མ་ཐམས་ཅད་གདུལ་བྱའི་བསམ་པ་དང་མོས་པའི་སྐལ་བར་ལྟོས་ནས། གདུལ་བྱ་ལམ་དམན་གཡང་སར་མི་འཕྱན་ཞིང་ཁ་དྲངས་བའི་ཐབས་སུ་བསྟན་པ་ཡིན་ཞིང་། འབྲས་བུའི་ཐེག་པ་ནི་སངས་རྒྱས་རང་ཉིད་ཀྱི་ཡེ་ཤེས་ཀྱི་གཟིགས་པ་ཡིན་པས་ན། ངེས་དོན་མཐའ་ཐུག་གང་དུ་དྲངས་པའི་གཞི་དེ་ཉིད་ལ་གཞོལ་བའི་དོན་བསྟན་པ་ཞིག་ཡིན་པ་དེའི་ཕྱིར་ན། གསང་བའི་ཐེག་པ་དང་འབྲས་བུའི་ཐེག་པ་ལ་སོགས་པ་མཚན་སྒྲ་མང་པོ་ཞིག་གིས་བསྟན་པ་རེད། དེ་ལྟར་ན་རྒྱུ་མཚན་ཉིད་ཐེག་པའི་ཡེ་ཤེས་འཆར་ལུགས་དེ་ཅི་འདྲ་ཞིག་ཡིན་པ་རེད་ཅེ་ན། ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ཡིན་ཏེ། བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པ་ཕྱི་དུས་ལ་ལྟོས་དགོས་པ་དང་། སྔགས་ཕྱི་རྒྱུད་སྡེ་གསུམ་དེ་ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཡིན་ཏེ། མི་ཚེ་བདུན་ནམ་བཅུ་དྲུག་ལ་སོགས་པའི་མཐའ་འབྲས་ལ་བལྟ་དགོས། ནང་རྒྱུད་ཐབས་ཀྱི་ཐེག་པ་ཆེན་པོ་འདིའི་ཡེ་ཤེས་འཆར་ལུགས་དེ་གང་ཡིན་ཞེ་ན། ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ཞེས་པ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོའི་བདག་ཉིད་ལ་གནས་བཞིན་དུ། དེ་ཉིད་ཚེ་འདིར་མངོན་དུ་བྱེད་པ། རང་གི་ཡེ་ཤེས་རང་གིས་མངོན་དུ་བྱེད་རྒྱུ་མ་གཏོགས་སངས་རྒྱས་གཞན་ནས་འཚོལ་མི་དགོས་པས་ན་ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ཞེས་དེ་འདྲ་གསུངས་པ་རེད། མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཆུ་བོ་བཞི་རྫོགས་ཀྱིས་དབང་བསྐུར་བའི་དང་པོ། ཕྱི་དབང་རྒྱུད་ཀྱི་ཆུ་བོ་ནས་འཇུག་ཅིང་། མཐར་གསང་དབང་རྣམ་གཉིས་ཀྱིས་ཡོངས་སུ་ཚང་ཞིང་གྲུབ་པར་བྱ་དགོས་པ་ཡིན་ན། འདིའི་ཕྱག་བཞེས་ཕལ་ཆེ་བ་སྒྱུ་འཕྲུལ་རྡོ་རྗེ་ལས་རིམ་ལྟར་དུ་མཛད་པ་ཡོད་མྱོང་བ་རེད། དེ་ཉིད་འཇུག་པ་ཟོལ་ཡངས་ཤིང་སྟབས་བདེ་བ་ཡིན་པས་སྔ་རབས་པ་མང་པོ་ཞིག་གིས་ཕྱག་ལེན་དེ་མཛད་སྲོལ་ཡོད་མོད། འོན་ཀྱང་རང་ལུགས་བརྒྱུད་པའི་ཕྱག་བཞེས་འདི་མདོ་རང་བཞེད་ཀྱི་དགོངས་པ་མ་ནོར་མ་འཆུག་པའི་དབང་དུ་བྱས་ནས། འདིའི་དཀྱིལ་འཁོར་དུ་ཞུགས་ཚུལ་ལའང་རྣམ་པ་གཉིས་ཀྱི་ཐོག་ནས་འཇུག་གིན་ཡོད་པ་རེད། རྡོ་རྗེ་རྣལ་འབྱོར་ལྟར་དུ་ཞུགས་པའི་ཞུགས་ཚུལ་ཞིག་དང་། རུ་ཏྲ་ལྟར་ཞུགས་པའི་ཞུགས་ཚུལ་གཉིས་ཡོད་པ་ལས། འདི་ནས་གཉིས་ཀ་དང་སྒོ་བསྟུན་ནས། རྒྱས་བསྡུས་འཚམས་པའི་དབང་བསྐུར་གྱི་ལས་རིམ་ལ་ཞུགས་ཀྱིན་ཡོད་པ་རེད། དེ་ཡང་ཕྱི་འཇུག་མཚན་མའི་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག ཁྲུས་དང་བགེགས་བསལ་བ་ལ་སོགས་པ་ནས་ཁམས་གསུམ་རྒྱུད་དྲུག་གི་ས་བོན་སྦྱངས་ནས། འཁོར་བའི་སྒོ་དགག་པ་སོགས་ད་ལྟའི་གོང་ནས་གསུངས་མ་ཐག་པ་དང་། སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། དེ་ནས་སྡོམ་པ་དང་དམ་ཚིག་བྱིན་ནས་ནང་འཇུག་ལ་ཞུགས་པ་རེད། ནང་འཇུག་ལ་ཞུགས་པ་དེའི་ཐོག་མར་འབྲེལ་བའི་ལྷ་ལ་རིགས་ཀྱི་མེ་ཏོག་ཕུལ་ནས་བྱིན་དབབ། མ་རིག་སྒྲིབ་པའི་མིག་ཕྱེས་ཏེ་དཀྱིལ་འཁོར་གྱི་མཐོང་བ་བསྟན་པ་ལ་སོགས་པ་གོང་ནས་སོང་མ་ཐག་པའི་མཚམས་ནས། ཆུ་བོ་བཞིས་བསྡུས་པའི་དབང་མཆོག་རྩ་བ་སུམ་ཅུ་རྩ་དྲུག་རིམ་བཞིན་བསྐུར་བཞིན་པ་ལས། དེ་ཡང་དད་པ་ཅན་ལ་ཕྱི་དབང་གསུངས་པ་དང་། བརྩོན་འགྲུས་ཅན་ལ་ནང་དབང་དང་སྒྲུབ་དབང་གསུངས། བརྟུལ་ཞུགས་ཅན་ལ་གསང་དབང་རྣམས་རིམ་བཞིན་བསྐུར་དགོས་ཞིང་། ད་ལྟ་འདི་ཡན་ཆད་ལ་ཕྱི་དབང་རྒྱུད་ཀྱི་དབང་བཅུ་ཐམ་པ་སྟེ། བཅུ་དང་བཅུ་གཅིག་བཅུ་གསུམ་གཉིས་ཞེས་གསུངས་པས། དང་པོ་རྒྱལ་པོ་བཀའ་རྟགས་ཀྱི་ཕྱག་རྒྱའི་དབང་བསྐུར་བ་རེད། ལྷ་སྐུ་ཕྱག་རྒྱ་ཆེན་པོའི་དབང་གིས་སྐུ་ལྔ་ཡོངས་རྫོགས་ཀྱི་དབང་ཐོབ། དེ་འཕྲོར་དབང་གཉིས་པ་མཚན་མ་རྟགས་དབང་རེད། རིགས་ལྔའི་དམ་ཚིག་གི་ཕྱག་རྒྱ། ཕྱག་མཚན་ལྔའི་དབང་བསྐུར་བ་རེད། དེས་རིགས་ལྔ་ཡེ་ཤེས་ལྔའི་དབང་ཐོབ་སོང་བ་རེད། དེ་རྗེས་གསུམ་པ་ཤེས་རབ་གཟུངས་ཀྱི་དབང་རེད། དེ་བསྐུར་བས་བདེ་ཆེན་ཤེས་རབ་ཆེན་པོ་རྫོགས་པའི་དབང་ཐོབ། བཞི་བ་བཀྲ་ཤིས་བུམ་པའི་དབང་། རིགས་ལྔའི་བུམ་དབང་བསྐུར་བ་རེད། དེས་ཅི་ཞིག་ཐོབ་པ་རེད་ཟེར་ན། བདེ་གཤེགས་བཞུགས་གནས་ཀྱི་ཕོ་བྲང་། དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་ཐོབ་སོང་བ་རེད། དབང་ལྔ་བ་དང་དྲུག་པ་བཀྲ་ཤིས་པའི་རྫས་བརྒྱད་དང་སྣ་བདུན་སོགས་རེད། དེ་འཕྲོར་བརྒྱད་པ་གདན་ཁྲི་དང་རྒྱན་ཆས་སོགས་རེད། དགུ་བས་མོས་དབང་ཚང་མ་ཐོབ་པ་རེད། ཐམས་ཅད་ཀྱི་རྗེས་མ་བཅུ་པས་རྒྱལ་ཐབས་འཁོར་ལོའི་དབང་ཐོབ་པ་རེད། དེའི་དབང་དེ་བསྐུར་བས་དབང་བསྒྱུར་ཐབས་ཀྱིས་འགྲོ་བ་འདུལ་བའི་རྟེན་འབྲེལ་སྒྲིག་རྒྱུའི་དབང་ཆ་ཐོབ་སོང་བ་རེད། ཕྱི་དབང་རྒྱུད་ཀྱི་ཆུ་བོའི་དབང་བཅུ་ཐོབ་པ་འདིའི་མཚམས་སུ་ནང་དབང་འབྱུང་བའི་ཆུ་བོའི་དབང་ལ་ཐུག་པ་རེད། ཅེས་གསུངས།

ད་འདི་དང་བསྟུན་ནས་མ་ཧཱ་ཡོ་གའི་ལྟ་སྒོམ་སྤྱོད་འབྲས་ཀྱི་སྐོར་ཞུ་འོས་ལ། ཅིའི་ཕྱིར་ཞུ་འོས་པ་རེད་ཅེ་ན། ནང་དབང་འབྱུང་བའི་ཆུ་བོ་དེ་མ་ཧཱ་ཡོ་གའི་སྤངས་ཐོབ་དང་རིགས་འདྲའི་ཡོན་ཏན་གྱི་ས་བོན་ཐེབས་པའི་དབང་ཡིན་པ་རེད། མ་ཧཱ་ཡོ་གའི་ཐེག་པ་དེ་སྔགས་བླ་མེད་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ་ཡིན་ཞེས་གསུངས་ཡོད་པ་རེད། དེས་ན་རྒྱུད་ཀུན་གྱི་འཕྲོ་གཞི་རྩ་བ་ལྟ་བུ་ཞིག་ཡིན་པར་གསུངས་པ་རེད། མ་ཧཱ་ཡོ་གའི་ཐེག་པའི་ངོ་བོ་ནི་ཐབས་བསྐྱེད་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས། ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་དོན་ལ་རྟོགས་བསྒོམ་ཀྱི་སྦྱོར་བས་གྲོལ་བ་ཐོབ་པ་ཞིག་ཡིན་པ་རེད། མ་ཧཱ་ཡོ་ག་ཞེས་པའི་ངེས་ཚིག་ནི། མ་ཧཱ་ཆེན་པོ་དང་ཡོ་ག་རྣལ་འབྱོར་ཞེས་པའི་དོན་རེད། དེ་ལྟར་རྣལ་འབྱོར་ཆེན་པོ་ཞེས་གསུངས་པས། དེ་ཡང་འདིའི་འོག་མ། ཁ་རྩང་སྔོན་ནས་སོང་མ་ཐག་པའི་ཕྱི་རྒྱུད་སྡེ་གསུམ་གྱི་རྩེ་མོ་དེ་ཡང་ཡོ་ག་རྣལ་འབྱོར་རྒྱུད་རེད། འདི་གཉིས་ཀ་རྣལ་འབྱོར་རྒྱུད་ཡིན་པ་འདྲ་ཡང་མ་ཧཱ་ཞེས་པའི་ཆེན་པོའི་ཐ་སྙད་ཀྱི་ཁྱད་པར་ཞིག་ཡོད་པ་རྒྱུ་མཚན་ཅི་ཞིག་རེད་ཟེར་ན། འདི་གཉིས་མེད་མཉམ་པའི་དོན་ལ་བློ་འབྱོར་བས་ན་ཡོ་ག་འོག་མ་ལས་འཕགས་པའི་ཁྱད་ཆོས་མངོན་པར་གསུངས་པ་རེད། གཉིས་མེད་མཉམ་པའི་དོན་ཞེས་པ་དེ་ཇི་ལྟར་ཡིན་ཞེ་ན། དེ་ཉིད་ལྟ་བའི་སྐབས་ནས་འཆད་རྒྱུ་ཞིག་དང་ལྟ་བའི་སྐབས་ནས་ཤེས་དགོས་པ་ཞིག་རེད། འདིར་སྐབས་སུ་བབས་པ་འཇུག་སྒོའི་ཐད་ནས་བཤད་དགོས་པས། འཇུག་སྒོ་ལ་དབང་གི་འཇུག་སྒོ་དང་བྱ་བའི་འཇུག་སྒོ་སྟེ་རྣམ་པ་གཉིས་ཡོད་པ་ལས། དབང་གི་འཇུག་སྒོ་དེ་རྒྱུད་ཐམས་ཅད་ཀྱི་རྩ་བ་གསང་བ་སྒྱུ་འཕྲུལ་གྱི་ལུགས་ལྟར་དུ་བྱས་ན། ཐུན་མོང་པ་བུམ་པའི་དབང་གི་སྟེང་དུ་ཐུན་མོང་མ་ཡིན་པ་གསང་དབང་དང་ཤེར་དབང་། ཚིག་དབང་བཅས་བསྣན་པས་དབང་བཞི་བསྐུར་བ་རེད། དེ་ཡང་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བ་རེད། གོང་དུ་བཤད་པའི་དབང་བཞིའི་ནང་གི་བུམ་པའི་དབང་དེ་ལ་ཕན་ནུས་གཉིས་སུ་བྱས་ཏེ་བརྩིས་པས་ལྔ་རེད་འགྲོ་བ་ཡིན། དེ་ཉིད་རྒྱུད་སྡེའི་ལུགས་ཡིན་པ་རེད། སྒྲུབ་སྡེ་ཐམས་ཅད་ཀྱི་སྤྱི་བཀའ་བཀའ་བརྒྱད་བདེ་གཤེགས་འདུས་པ་ལྟར་དུ་བྱས་ན། ཕྱི་ནང་གསང་བ་དེ་ཁོ་ཉིད་ཀྱི་དབང་དང་བཞིར་ཕྱེས་ནས་སྒྲུབ་སྡེའི་ལུགས་སུ་བསྐུར་བ་རེད། དེ་ཅི་ལྟར་ཡིན་སྙམ་ན། གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་བའི་ཕྱིར་ཕྱི་དབང་རྫས་ལ་བརྟེན་ཏེ་བསྐུར་བ་དང་། ང་རྒྱལ་ཅན་ལྷ་ལམ་དུ་ཁྱེར་བའི་ཕྱིར་དུ་ནང་དབང་ལུས་ལ་བརྟེན་ཏེ་བསྐུར། འདོད་ཆགས་ཅན་སྦྱོར་བ་ལམ་དུ་བྱེད་པའི་ཕྱིར་གསང་དབང་ཡུམ་ལ་བརྟེན་ཏེ་བསྐུར། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བསྐུར་བ་བཅས་ཀྱི་གསུང་ཚུལ་ཡོད་པ་རེད། སྒྲུབ་སྡེའི་ནང་ཚན་གྱི་སྒོས་བཀའ་སོ་སོ་ལའང་བསྐུར་ཚུལ་གྱི་ཁྱད་པར་ཅུང་ཟད་རེ་ཡོད་ཀྱང་། སྤྱི་ལྡོག་ནས་བཤད་ན་བླ་མེད་ཀྱི་དབང་ཐམས་ཅད་དབང་བཞི་རུ་འདུས་པ་རེད། དབང་གི་འཇུག་སྒོའི་ཐད་ནས་དེ་འདྲ་རེད། བྱ་བའི་འཇུག་སྒོའི་ཐད་ནས། མ་ཧཱ་ཡོ་ག་འདི་བསྐྱེད་རིམ་གཙོ་བོར་སྟོན་པའི་ལམ་ཡིན་ཞིང་། འཇུག་སྒོ་དེ་ཏིང་འཛིན་རྣམ་གསུམ་ནས་འཇུག་དགོས་པ་རེད། ཏིང་འཛིན་རྣམ་གསུམ་དེ་ཉིད་ཤེས་རབ་དང་གཅིག ཐབས་དང་གཉིས། ཕྱག་རྒྱ་དང་གསུམ་གྱིས་ཕྱེས་ན། ཤེས་རབ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། ཐབས་སྙིང་རྗེ་སྒྱུ་མ། ཕྱག་རྒྱ་ཕྲ་རགས་ཀྱི་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་འཇུག་བཞིན་ཡོད། འཇུག་སྒོ། ལྟ་བ། ཚུལ་ཁྲིམས་ཞེས་བཤད་པའི་འཇུག་སྒོ་དེ་ལྟར་ཡིན་པ་རེད། མ་ཧཱ་ཡོ་གའི་ལྟ་བ་དེ་ཅི་འདྲ་ཞིག་རེད་ཅེ་ན། དག་མཉམ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་གཏན་ལ་འབེབ་པ་ཞིག་ཡིན་པ་རེད། དེ་ཡང་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པའི་དོན་དམ་བདེན་པ་དང་། འཁོར་འདས་མཉམ་ཉིད་དུ་རྫོགས་པ་ལ་ལྷག་པའི་ཀུན་རྫོབ་བདེན་པར་གསུངས་པ་རེད། དཀོར་བདུན་དེ་གང་ལ་གསུངས་པ་རེད་ཅེ་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྟེང་དུ། དབྱེ་གཞི་དབྱིངས་དང་ཡེ་ཤེས་གཉིས་ཀ་བསྣན་པས་བདུན་རེད། ལྷག་པའི་དོན་དམ་བདེན་པ་གོང་ནས་བཤད་པ་ལྟར་ཡིན་པའི་དབང་དུ་བྱས་ན། འཁོར་འདས་མཉམ་ཉིད་དུ་རྫོགས་པ་ལྷག་པའི་ཀུན་རྫོབ་ཇི་ལྟར་ཡིན་སྙམ་ན། ལྷག་པའི་དོན་དམ་བདེན་པའི་རང་རྩལ་ལས། རྩལ་སྣང་ཕུང་ཁམས་ཀྱིས་བསྡུས་པའི་རྟོག་ཚོགས་ཤར་བ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཡིན་པས་ན། འཁོར་དང་མྱང་འདས་ལ་བཟང་ངན་དབྱེ་བསལ་མེད་པར་མཉམ་པ་ཉིད་དུ་རྫོགས་པ་ལ་ལྷག་པའི་ཀུན་རྫོབ་བདེན་པ་ལ་གོ་བར་གསུངས་པ་རེད། དེས་ན་ཚིག་བསྡུས་ན། མ་ཧཱ་ཡོ་གའི་ལྟ་བ་དེ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་གཏན་ལ་འབེབ་པ་ཞིག་རེད། དེས་ན་དེའི་དབྱེར་མེད་དེ་སྣང་སྟོང་ཕྱོགས་རེ་བ་ཞིག་མ་ཡིན་པར། དུང་དང་དུང་གི་དཀར་པོའམ་གསེར་དང་དེའི་སེར་པོ་ལྟར་དབྱེར་མི་ཕྱེད་པར་མཉམ་པར་སྣང་བས་ན། ཐ་སྙད་ལ་དབྱེར་མེད་དུ་བརྡ་བྱས་པའི་ཡན་ལག་དུ་བརྗོད་བཞིན་ཡོད་ཀྱང་། དེ་ཡང་དེར་འཛིན་གྱི་བསམ་བརྗོད་དང་བྲལ་བ་ཞིག་ཡིན་པས། བདེན་གཉིས་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་ཞེས་གསུངས་པ་ཡིན། འདི་ལ་ལྷག་པའི་བདེན་པ་དབྱེར་མེད་ཅེས་ལྷག་པའི་སྒྲ་སྦྱར་དགོས་དོན་ཅི་ཡིན་སྙམ་ན། ཀུན་རྫོབ་དང་དོན་དམ་བདེན་པ་ཞེས་པའི་མིང་གི་ཐ་སྙད་སྦྱར་ལུགས་ཙམ་ཞིག་ཐེག་པ་འོག་མ་དང་འདྲ་བ་ཡིན་ཡང་། དོན་གྱིས་དེ་ལྟར་ཐེག་པ་འོག་མ་ལས་འཕགས་པ་ཡིན་པས་ལྷག་པའི་སྒྲ་སྦྱར་བ་རེད། སྐབས་འདིར་ལྟ་བ་བཤད་པའི་སྐབས་རེད། སྤྱིར་ན་ལྟ་བ་ཟེར་བ་འདི་སྔར་ཡང་ལན་མང་བཤད་མྱོང་ཡང་། གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློ་ཞིག་ལ་ལྟ་བ་ཞེས་ཟེར། འོན་ཀྱང་ཤེས་རབ་ལ་ཁྱད་པར་ཡོད་པ་རེད། ཤེས་རབ་ཀྱི་ཁྱད་པར་གྱིས་ཡུལ་ཇི་བཞིན་པར་གཏན་ལ་ཕེབ་དང་མ་ཕེབ་ཀྱིས། འཇིག་རྟེན་འདས་དང་མ་འདས་ལ་སོགས་པའི་ལྟ་བའི་དབྱེ་རིམ་བྱུང་བ་ཡིན། དེའི་ཕྱིར་ན་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་རང་ལས་ཀྱང་། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཞེས་གསུངས། དེ་ལྟར་ཡོད་པའི་དབང་གིས་དེ་འཕྲོར་སླར་ཡང་། འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པས། གྲུབ་མཐས་བློ་མ་བསྒྱུར་པར་ཇི་ལྟར་སྣང་བའི་སྣང་ཚུལ་འདི་ལ་བདེན་ཞེན་ཞུགས་ནས། བདག་དང་ཆོས་སུ་བལྟ་བའི་འཇིག་རྟེན་པ་ཕལ་བ་ནས་བརྩམས་ཏེ། སྣང་སྲིད་དག་མཉམ་ཆེན་པོ་ཇི་བཞིན་གཏན་ལ་ཕབ་པའི་གྲུབ་མཐའི་བར་གྱི་ཁྱད་པར་འཕགས་ཚུལ་དེ་བསྟན་པ་རེད། ལྟ་བ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་ཞེས་སུ་སྨྲས་ཀྱང་། གང་གཏན་ལ་དབབ་བྱའི་དོན་དེ་ངེས་བཟུང་གི་རྣམ་པ་ཅན་ཞིག་ལ་འཇོག་དགོས་པ་མ་ཡིན་ནམ། དེ་དགོས་ན་སྣང་སྲིད་དག་མཉམ་ཆེན་པོ་ངེས་པའི་བློ་རེད་མི་ཟེར་ཐབས་མེད་རེད། བློ་ཡིན་པ་དང་བློའི་སྤྱོད་ཡུལ་དང་བྲལ་བ་གཉིས་ཀ་རྫས་འགལ་བ། མཉམ་དུ་འདུ་བའི་གཉིས་ཡིན་ཞིག་ཡིན་མི་རུང་མོད། འོན་ཀྱང་ཡང་དག་དོན་མཐོང་ལྟ་བ་ཡིན་ཞིང་། དེ་ཉིད་འཕགས་པའི་མཉམ་བཞག་གི་སྐབས་ཀྱི་ཆོས་དབྱིངས་གཟིགས་པའི་གཟིགས་ངོ་ལ་སྣང་རྒྱུ་དེ། སོ་སོ་རང་གིས་རིག་པར་བྱ་བ་ལས་སྒྲ་རྟོག་གི་ཡུལ་ལས་འདས་ཀྱང་། མཉམ་བཞག་གི་རྩལ་སྣང་ལས་རྗེས་ཐོབ་ཀྱི་ངེས་པ་ཤུགས་ལ་འདྲེན་པ་དེ་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་སྟོབས་ལས་བྱུང་བ་ཡིན་པ་རེད། དེ་བཞིན་དུ་འཕགས་པའི་ས་ལམ་གྱི་རྣམ་བཞག་ཐམས་ཅད་། རྗེས་ཀྱི་ངེས་པ་ལས་དྲངས་བ་འབའ་ཞིག་ཡིན་ཞིང་། ངེས་པ་ཁྱད་པར་ཅན་དེ་ལ་བསྟུན་ནས་འཕགས་པའི་ཡང་དག་གི་ལྟ་བ་བཞག་པ་ཇི་ལྟར། འདི་ནས་ཀྱང་དབང་དུས་ཀྱི་ཡེ་ཤེས་འཕོ་བའམ་ལམ་ཁྱད་པར་བ་གོམས་པའི་མཐུས། ཟུང་འཇུག་སྤྲོས་བྲལ་ཆེན་པོའི་དོན་ལ་མཉམ་པར་བཞག་པའི་སྟོབས་ཀྱིས། རྗེས་ཐོབ་ཏུ་སྣང་སྲིད་དག་མཉམ་ཆེན་པོར་ངེས་པ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ཡིན་པས་ན། བདེན་གཉིས་མཉམ་པ་ཆེན་པོའི་དོན་ལ་ངེས་པ་ཁྱད་པར་ཅན་དུ་གྱུར་བ་འདི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་པ་ཞིག་ཡིན་པ་རེད། དེའི་སྟབས་ཀྱིས་གཞི་འཆིང་གྲོལ་མེད་པའི་གནས་ལུགས། བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་ཡེ་ནས་གནས་པ་དེ། སངས་རྒྱས་ཀྱི་ངོ་བོ་ཡིན་པའི་ཆ་ནས་བདེ་གཤེགས་སྙིང་པོ་དང་། སངས་རྒྱས་སྐུ་གཉིས་ཀའི་ཡོན་ཏན་འཆར་རུང་ཡིན་པའི་ཆ་ནས་རང་བཞིན་གནས་རིགས། འཁོར་འདས་ཀུན་འབྱུང་གི་གཞི་ཡིན་པས་ན་ཀུན་གཞིའི་ཡེ་ཤེས། འདི་ལ་བྱ་རྒྱུད་ཀྲི་ཡ་པས་བདག་གི་དེ་ཁོ་ན་ཉིད་ཅེས་ཟེར་བ་དང་། སྤྱོད་རྒྱུད་ཨུ་པ་ཡ་དང་ཡོ་ག་རྣལ་འབྱོར་རྒྱུད་ཀྱིས་དོན་དམ་མཚན་མེད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་ལྟ་བ། མ་ཧཱ་ཡོ་ག་ཚང་གིས་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་ཞེས་སུ་གསུངས་ཞིང་། ཨ་ནུས་དབྱིངས་དང་ཡེ་ཤེས་དབྱེར་མེད། ཨ་ཏིས་ཡེ་ཤེས་གསུམ་ལྡན་ལ་སོགས་པ། མདོར་ན་ཐ་སྙད་གང་གིས་སྟེང་ནས་བཤད་ཀྱང་འབབ་ས་གཞིའི་རྒྱུད། རྟོགས་བྱ་ལྟ་བས་གཏན་ལ་དབབ་པ་འདི་ལ་ཐུག་ཡོད་པ་རེད། འོན་ཀྱང་འདི་རྟོག་གེའི་ལྟར་སྣང་གི་རིགས་པས་གཏན་ལ་ཕབ་རྒྱུ་ཞིག་ཡིན་པ་མ་རེད། རང་རིག་ལྟ་བའི་ལྟ་བས་མངོན་སུམ་གྱིས་རྟོགས་བྱ། ཀུན་ཁྱབ་ཚད་མ་རྣམ་གསུམ་གྱི་ཚད་མས་གཏན་ལ་དབབ་བྱ་ཡིན་པར་གསུངས། དེ་ཡང་སྒྱུ་འཕྲུལ་རང་གཞུང་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ། སྔོན་སྒྱུ་འཕྲུལ་གྱི་སྐབས་ནས་བཤད་པ་བཞིན། འཇལ་བྱེད་རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་ཕབ། དེ་ཉིད་གཞལ་བྱར་བྱས་པའི་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ཀྱིས་རོལ་བ་འགག་མེད་དུ་གཏན་ལ་ཕབ། བྱིན་གྱིས་རླབས་ཀྱི་གཏན་ཚིགས་ཀྱིས་ངོ་བོ་དབྱེར་མེད་དང་། མངོན་སུམ་པའི་གཏན་ཚིགས་ཀྱིས་མཚན་ཉིད་བློ་བྲལ་དུ་གཏན་ལ་ཕབ། རྟོགས་པ་བཞི་ཡི་གཏན་ཚིགས་ཀྱིས་དེ་འདྲར་གཏན་ལ་ཕབ་ཚེ། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་གསུངས་ཏེ། དག་པ་གསུམ་གྱི་གཏན་ཚིགས་ཀྱིས་འབྱུང་བ་ལྔ་རིགས་ལྔ་ཡུམ་ལྔ། བཅུད་ཕུང་པོ་ལྔ་རིགས་ལྔ་ཡབ་ལྔ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔ་རུ་ཡེ་ནས་དག་པའི་རང་བཞིན་དུ་བསྟན་པས། ཡེ་དག་ལ་སྒྲིབ་པ་ལྡན་དུ་མི་རུང་བའི་ཕྱིར་ན། ཡེ་དག་སྒྲིབ་པས་གོས་མ་མྱོང་བ་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པས་ཁྱབ་པ་རེད། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་གསུངས་ཏེ། མཉམ་པ་བཞི་ཡི་གཏན་ཚིགས་ཀྱིས་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཉམ་པ་ཆེན་པོའི་རང་བཞིན་དུ་གཏན་ལ་འབེབ་བཞིན་ཡོད་པ་རེད། བདག་ཉིད་ཆེན་པོའི་གཏན་ཚིགས་དེ་ཅི་འདྲ་ཞིག་ཡིན་ཞེ་ན། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་པས། ཆོས་ཐམས་ཅད་སེམས་ཉིད་སྤྲོས་བྲལ་གདོད་ནས་དག་པའི་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་། ཡེ་ནས་གནས་པར་གཏན་ལ་འབེབ་པ་རེད། དེ་ལྟར་བཤད་སྐབས། སྔར་ཡང་ཞུས་པ་ཇི་བཞིན་མདོ་སྔགས་ཀྱི་ལྟ་བ་འདི་ལ་ཁྱད་པར་ཡོད་པ་ཨེ་རེད་ཅེས་པའི་དྲི་བ་རང་ཤུགས་ཀྱིས་འབྱུང་བ་རེད། འདི་ལ་བཞེད་ཚུལ་དང་འཆད་སྲོལ་སྣ་ཚོགས་ཡོད་ཀྱང་། རང་ལུགས་ཀུན་མཁྱེན་བརྒྱུད་པའི་བཞེད་པ་ལྟར་ན། གཞལ་བྱ་ཆོས་ཀྱི་དབྱིངས་སྤྲོས་བྲལ་དུ་གཏན་ལ་ཕབ་ཚུལ་ལ་ཁྱད་པར་མེད། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་ཀྱང་དེ་མཐོང་བའི་ཡུལ་ཅན་ལ་ཁྱད་པར་ཡོད། དེས་ན་ལྟ་བ་ཡུལ་ཅན་གྱི་ངོས་ནས་བཞག་པ་ཡིན་པས། དེའི་ཐད་ཀྱི་ཁྱད་པར་ཆེ་ཞེས་སྨྲ་རྒྱུ་ཡིན་པ་རེད། འོ་ན་ལྟ་བྱའི་ཡུལ་གཅིག་ལ་བལྟས་ན་ལྟ་མཁན་མི་འདྲ་བ་ཡིན་རུང་། མཐོང་བ་གཅིག་མ་གཏོགས་སྔགས་ཀྱི་ལྟ་བའི་ཁྱད་པར་འཕགས་ཆོས་ཞིག་མི་འགྲུབ་བོ་སྙམ་ན། འདིའི་ཐད་ནས་ཡིན་གཅིག་མིན་གཉིས་དུས་རྒྱུན་འུར་བཞིན་པའི། དོན་གཅིག་ན་ཡང་མ་རྨོངས་པ་ལ་སོགས་པ་མ་གླེང་ཡང་། ཉམས་ལེན་གྱི་གནད་ཀྱི་སྟེང་ནས་བཤད་ནའང། མཉམ་བཞག་ལ་གསལ་སྣང་ཐོབ་ཚུལ་དང་། རྗེས་ཐོབ་ལ་ངེས་པ་སྐྱེ་ཚུལ་གྱིས་ཁྱད་པར་དུ་འཕགས་པའི་དབྱེ་བ་འབྱེད་ངེས་ཡིན། ཆོས་ཀྱི་དབྱིངས་གཅིག་དེ་ཉིད་མདོ་ནས་རྗེས་དཔག་ལ་བརྟེན་ནས་ཡིད་དཔྱོད་ཀྱིས་སྒོམ་དགོས་ལ། དེ་ཡང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་བསགས་པ་དང་བཅས་ཏེ་ཡུན་རིང་པོའི་མཐའ་ཞིག་ནས་རྟོགས་སྒུག་བྱེད་རྒྱུ་དེ། འདི་ནས་རང་ལ་ཡོད་པའི་རང་གི་སེམས་ཉིད་ཀྱི་སྟེང་དེ་ནས། ཡིད་དཔྱོད་རྗེས་དཔག་ལ་མི་ལྟོས་པར་ཐད་ཀར་མྱོང་བ་ངེས་པའི་ཚུལ་གྱིས་རྟོགས་ནུས་པ་རེད། མདོ་སྔགས་གང་གི་ལམ་ཡིན་ཡང་མཐར་བདེན་གཉིས་དབྱེར་མེད་དུ་བབས་པ་རེད། འོན་ཀྱང་ལས་དང་པོ་བ་ཞིག་གིས་མཐའ་སོ་སོ་ནས་རེ་རེ་བཞིན་དུ་བཀག་པའི་རེས་འཇོག་གི་སྟོང་པ་ཞིག་ལ་ཞེན་ཤས་ཆེ་བ་མ་གཏོགས། དང་པོ་ཉིད་ནས་ཟུང་འཇུག་རོ་མཉམ་ལ་ངེས་པ་མྱོང་དཀའ་མོད། སྔགས་བླ་མེད་ནས་ཟུང་འཇུག་འོད་གསལ་བའི་ཡེ་ཤེས་ཐད་ཀར་བསྟན་པ་ཡིན། འདིའི་སྐབས་སུ་དུས་འཁོར་གྱི་ལུང་འདི་དྲངས་དར་བ་རེད། སྲིད་གསུམ་ཕྲ་རགས་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ། །དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། ཞེས་པའི་གསུང་དེས་བསྟན་པ་ལྟར། བདེ་སྟོང་ཟུང་འཇུག་གམ་དབྱིངས་རིག་ཟུང་འཇུག་གི་དོན་རྗེན་པ་དེ། མཉམ་བཞག་ཏུ་གསལ་སྣང་ཐོབ་པའི་མྱང་འདས་ཀྱི་དོན་ཇི་བཞིན་པའི་དེ། ད་ལྟ་རྒྱུའི་སྐབས་ནས་མྱོང་བས་ཁྱད་པར་དུ་འཕགས་པ་རེད། དེ་ལྟ་བུའི་ཁྱད་འཕགས་ཀྱི་ཆོས་དང་ལྡན་པའི་དག་མཉམ་བདེན་པ་དབྱེར་མེད་དེ་ཉིད། དག་གཟིགས་ཡེ་ཤེས་རྣམ་དག་གི་ཚད་མ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རིགས་པའི་སྟོབས་ཀྱིས་མ་གཏོགས་སྒྲུབ་ཐུབ་པ་མ་རེད། ཐུན་མོང་ཚུར་མཐོང་ལ་བརྟེན་པའི་ཐ་སྙད་ཚད་མས། ཐུན་མིན་ཆོས་ཉིད་ཀྱི་རྗེས་སུ་ཟིན་པའི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཇི་བཞིན་དུ་གཞལ་བར་མི་ནུས་པས་ན། བསྒྲུབ་པར་བྱ་མི་ཐུབ་པ་རེད། དེ་ཉིད་ལྟ་བ་རེད་། འདིའི་ཚུལ་ཁྲིམས་ལ་སྤྱི་བྱེ་བྲག་གཉིས་སུ་ཕྱེས་ནས་བཤད་ན། སྤྱིའི་ཚུལ་ཁྲིམས་སམ་སྤྱིའི་དམ་ཚིག་དེ་ཉིད་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་དུ་འདུས་པ། རྒྱུད་སྡེ་རང་གཞུང་བཞིན་དུ་སྲུང་དགོས་པ་རེད། སྤྱིའི་དམ་ཚིག་ནི་སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་བྱ། སྔགས་ཕྱི་བའི་སྐབས་སུ་གསུངས་བའི་དམ་ཚིག དགོས་མེད་དུ་འདའ་བྱ་མིན་པ་ཐམས་ཅད་སྲུང་དགོས་པ་རེད། དེའི་སྟེང་དུ་ཁྱད་པར་གྱི་དམ་ཚིག་ནི། བླ་མེད་རང་གཞུང་ནས་གསུངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག ལྷག་པའི་དམ་ཚིག སྒྲུབ་པ་ཆེན་པོའི་དུས་སྐབས་སུ་དམིགས་བསལ་གྱིས་གསུངས་པ་རྣམས་མ་གཏོགས། འདའ་བར་མི་རུང་བས་མི་འདའ་བ་དང་། བྱེ་བྲག་རྒྱུད་སོ་སོའི་སྐབས་ཀྱི་དམ་ཚིག་གི་རིམ་པ་དབྱེ་བསྡུ་གཅིག་ཏུ་མ་ངེས་པ་སྟེ། རྩ་ལྟུང་བཅུ་བཞི་དང་། ཡན་ལག་སྦོམ་པོའི་ལྟུང་བ་བརྒྱད་ལ་སོགས་པ་གཅིག་ཏུ་མ་ངེས་པའི་བཤད་ཚུལ་སྣ་ཚོགས་ཡོད་ན་ཡང་། གསང་བ་རྒྱལ་པོ་སྒྱུ་འཕྲུལ་གྱི་ལུགས་སྔོན་མར་ཞུས་པ་ལྟར། བླ་མེད་མི་སྤང་བླ་མ་བཀུར་ལ་སོགས་པའི་རྩ་བའི་དམ་ཚིག་ལྔ་དང་། དུག་ལྔ་མི་སྤང་བ། བདུད་རྩི་ལྔ་དང་དུ་ལེན་པ་བཅས་ཡན་ལག་བཅུ་གསུངས་པ་རྣམས་སྲུང་དགོས་པ་བཅས་ནི་ཚུལ་ཁྲིམས་རེད། སྒོམ་པ་ནི་དེ་ལྟ་བུའི་སྔགས་བླ་མེད་ཐུན་མིན་གྱི་ལམ་འདི་ལ། ངོ་བོའི་ཆ་ནས་བསྐྱེད་རྫོགས་གཉིས་དང་། ཉམས་ལེན་གྱི་སྒོ་ནས་ཐབས་གྲོལ་གཉིས་སུ་བཤད་པ་རེད། དེ་ཉིད་ཀྱང་རྒྱུད་སྡེ་གཙོ་བོར་བྱས་པའི་ལུགས་དང་སྒྲུབ་སྡེ་གཙོ་བོར་བྱས་པའི་ལུགས་ཏེ་རྣམ་པ་གཉིས་ཡོད་པ་ལས། རྒྱུད་སྡེ་གཙོ་བོ་བྱས་པའི་ལུགས་ཀྱི་མ་ཧཱ་ཡོ་ག་ལ་ཡང་ནང་གསེས་སུ་ཕ་མ་གཉིས་མེད་ཀྱི་རྒྱུད་དེ་གསུམ་དུ་དབྱེ་རུ་ཡོད་པ་རེད། ཕ་རྒྱུད་ཀྱིས་བསྐྱེད་རིམ་ཐབས་ཀྱི་ཆ་དང་དེའི་རྫོགས་རིམ་རླུང་གཙོ་བོར་བྱས་ཏེ། གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་རྒྱུ་དང་། མ་རྒྱུད་ཀྱིས་བསྐྱེད་རིམ་གྱི་སྤྲོས་པ་དེ་ཙམ་མི་ཆེ་བར་ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་མཛད་དེ། ཁམས་བྱང་ཆུབ་ཀྱི་སེམས་དང་ཐིག་ལེ་རྣལ་འབྱོར་གཙོ་བོར་མཛད་དེ་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་རྒྱུ། གཉིས་མེད་མ་ནིང་གི་རྒྱུད། རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ནས་ཐབས་ཤེས་བསྐྱེད་རྫོགས་ཟུང་འཇུག་ཆ་མཉམ་གྱིས་ཉམས་སུ་ལེན་པ་སྟེ། རྫོགས་རིམ་ལ་ལུས་ལ་བརྟེན་པ་རྩ་ཡི་རྫོགས་རིམ། དབུགས་ལ་བརྟེན་པ་རླུང་གི་རྫོགས་རིམ། བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ། དེ་ལྟར་རྩ་ཐིག་རླུང་གསུམ་ལས་སྐྱེས་པའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་དང་། མཐར་ཐུག་འོད་གསལ་ཡེ་ཤེས་ཆེན་པོ་རྩལ་འདོན་གྱིས་ཉམས་ལེན་སྒོམ་པའི་གནད་ལ་དྲིལ་བ་རེད། དེ་ཉིད་རྒྱུད་སྡེ་གཙོ་བོར་བྱས་པའི་ལུགས་ཀྱི་སྒོམ་ཚུལ་རེད། གཞན་ཡང་སྒྲུབ་སྡེ་གཙོ་བོར་བྱས་པའི་ལུགས་ནི། འཇམ་དཔལ་སྐུའི་སྒྲུབ་པ། དེ་ཉིད་ཀྱང་འཁོར་ལོ་རྣམ་པ་བཞིའི་དགོངས་པས་གསུངས་རྒྱུ། པདྨ་གསུང་གི་སྒྲུབ་པ། རྟ་སྐད་ཐེངས་གསུམ་གྱི་དགོངས་པ། ཡང་དག་ཐུགས་ཀྱི་སྒྲུབ་པ། རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པ། ཆེ་མཆོག་ཡོན་ཏན། བདུད་རྩི་རྣམ་དག་ལ་སོགས་པ་མང་པོ་ཞིག་ཡོད་པ་རེད། འདིའི་སྐོར་ན་ནིང་སྙིང་ཐིག་དུམ་གཉིས་ཀྱི་དབང་འདོན་དུས། དཔལ་ཆེན་བཀའ་བརྒྱད་ཀྱི་སྐབས་སུ་ཞིབ་ཆ་འདྲ་བ་ཞིག་བྱས་པ་ཡིན་སྙམ། མདོར་ན་མ་ཧཱ་ཡོ་གའི་སྒོམ་པ་དེ་ཉིད། ཏིང་འཛིན་རྣམ་གསུམ་ཡན་ལག་དང་བཅས་པའི་ཚུལ་གྱིས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་འཆར་བའི་བསྐྱེད་རིམ་ལམ་དུ་གཙོ་བོར་བྱས་པ་ཞིག་དང་། རྫོགས་རིམ་ཐབས་ལམ་ཐབས་ཀྱིས་ངེས་པའི་ལམ་དང་གྲོལ་ལམ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་སྟེ། མདོར་ན་ཐབས་གྲོལ་ཐབས་ཤེས་ཟུང་འཇུག་གི་ལམ་ནས་ཆོས་ཉིད་ཀྱི་བདེན་པ་མངོན་དུ་བྱེད་པ་རེད། འདིའི་ཚུལ་ཞིབ་པར་བཤད་ན། རྫོགས་རིམ་རྐྱང་བས་མ་ཚད་བསྐྱེད་རྫོགས་གཉིས་ཀ་ལའང་མཚན་བཅས་དང་མཚན་མེད་ཀྱི་དབྱེ་བ་ཡོད་པ་རེད། བསྐྱེད་རིམ་མཚན་བཅས་ལ་མཚོན་ན་འདི་གྲོལ་ལམ་ཡིན་པ་རེད། ལམ་རིམ་གྱིས་པ་མོས་སྒོམ་བྱེད་པ་ཞིག་གིས་ཏིང་འཛིན་གསུམ་གྱི་བསྐྱེད་རིམ་གྱིས་ཁོག་ཕུབ། དེ་ཉིད་ཀྱང་དག་རྫོགས་སྨིན་གསུམ་ཚང་བའི་སྲོག་སྡོམ་གཟེར་བཞིས་རྒྱས་ཐེབ་པ་ཞིག་དང་། ལམ་ངེས་རྫོགས་པ་ཞིག་ཡིན་ཀྱང་། གཡོ་ཐོབ་གོམས་བརྟན་སོགས་ཉམས་ལྔ་མཐར་ཕྱིན་དགོས་པ་རེད། རྫོགས་རིམ་མཚན་བཅས་ལ་བསམ་བློ་བཏང་ན་འདི་ཐབས་ལམ་ཡིན་པ་རེད། ལྟ་བའི་གདིང་དང་ལྡན་པ་ཞིག་གིས་སྤྱད་ན་མི་འཆིང་པར་མ་ཟད་གྲོལ་བ་ཐོབ་བྱེད་དང་། དེ་ལྟར་མ་ཡིན་པའི་གང་ཟག་གིས་སྤྱད་ན་ངན་འགྲོ་ལོག་པར་ལྟུང་ཉེན་ཆེན་པོ་དང་ལྡན་པ། སྟེང་སྒོ་འཇུ་འདུལ་དང་འོག་སྒོ་ཁམས་གསུམ་རོལ་བའི་མན་ངག་གཉིས་ཀ་ཡིན་པ་རེད། དེ་ཡང་བསྐྱེད་རིམ་མཚན་མེད་དེ་གང་ཡིན་པ་རེད་ཅེ་ན། འཆི་སྲིད། བར་སྲིད། སྐྱེ་སྲིད་གསུམ་པོ་ཅིག་ཆར་དུ་སྦྱོང་བའི་སྟོང་བ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་སྟེ་རྣལ་འབྱོར་གྱི་རིམ་པ་ལྔ་དང་། ཟག་མེད་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་རུ་བསླབ་པས་བསྡུས་པ་ཞིག་རེད། རྫོགས་རིམ་མཚན་མེད་དེ་གང་ཡིན་པ་རེད་ཅེ་ན། ཆོས་ཀྱི་དབྱིངས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པ་སྟེ། སྟོང་པ་ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་དེ་ལ། རང་གསལ་རིག་པའི་སྣང་ཆ་ཀུན་ཏུ་བཟང་པོ་ཆོས་སྐུའི་ཡེ་ཤེས། དབྱིངས་དང་ཡེ་ཤེས་རིག་སྟོང་གཉིས་སུ་མེད་པ་དེ། འོད་གསལ་གཉུག་མའི་སེམས་སམ། ཟུང་འཇུག་རྫོགས་པ་ཆེན་པོ་ཡིན་པ་ལ་སོགས་པ་སྔགས་ལ་ཞུགས་པའི་གང་ཟག་སྤྱི་དང་། ཁྱད་པར་དུ་གསང་སྔགས་སྔ་འགྱུར་བ་ཞིག་གིས་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་དགོངས་དོན་ཚགས་སུ་ཚུད་པར་ངེས་དགོས་རྒྱུ་དང་། ཁྱད་པར་དུ་རྒྱལ་བ་ཀློང་ཆེན་པ་ཡབ་སྲས་བརྒྱུད་པ་དང་བཅས་པས་མ་ཧཱའི་ཨ་ཏིར་བཀྲལ་བའི་དགོངས་པའི་མཐིལ་རྟོགས་པ། མི་མཁྱེན་ཐབས་མེད་ཀྱི་གནད་ཡིན་པ་རེད་ཅེས་དང་། ཞིབ་པར་རང་གཞུང་ནས་མཁྱེན་པར་མཛོད་ཅེས་ དྲན་སྐུལ་ཐུགས་གསོས་མཚོན་པའི་སྒོ་ཙམ་དུ། འདིར་མ་ཧཱ་ཡོ་གའི་ལྟ་བའི་སྐོར་སྣེ་ཟིན་ཙམ་ཞིག་སྨྲོས་པ་ཡིན། མ་ཧཱ་ཡོ་གའི་སྤྱོད་པ་དེ་གང་རེད་ཅེ་ན། རྟེན་གྱི་སྒོ་ནས་སྒོ་གསུམ་གྱི་སྤྱོད་པ་གསུམ་དུ་གསུངས་ཞིང་། ངོ་བོའི་སྒོ་ནས་དབྱེ་ན། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་སུ་འདུས། སྤྱོད་པ་དེ་ཉིད་དུས་ཀྱི་དབང་དུ་བྱས་ན། དང་པོ་འཇུག་པའི་སྤྱོད་པ། བར་དུ་སྒྲུབ་པའི་སྤྱོད་པ། ཐ་མར་གྲུབ་པའི་སྤྱོད་པ་སྟེ་གསུམ་གྱིས་བསྡུས་པར་གསུངས། གང་ལྟར་སྤྱོད་པ་དུས་ཚོད་དང་འབྲེལ་དགོས་ཀྱང་། འཇིག་རྟེན་པའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཁེ་གང་ཆེར་ལྟོས་ཞེས་གསུངས་པ་མ་རེད། ཆོས་ཕྱོགས་ཀྱི་རྣམ་པ་ཞིག་བསྟན་ན་དགའ་བར་འདུག་སྙམ་ཚེ་དེའི་ཕྱི་ཚུལ་གྱི་རྣམ་པ་བསྟན་པ་དང་། འཇིག་རྟེན་སྲིད་ལུགས་ཀྱི་ཕྱོགས་སུ་འཐམས་ན་དེར་ཁེ་བཟང་འདུག་སྙམ་ཚེ་དེར་འབད་པའི། སྐྱ་སེར་གཉིས་གོ་ཨེ་ཆོད་ལྟ་བའི་སྐབས་འཚོལ་བ་ཞིག་གྱིས་ཞེས་གསུངས་པ་མ་རེད། ཐབས་ལ་མཁས་པའི་མཛད་པ་ཞེས་པ་དེ། རྣམ་གཞག་གཞན་དུ་གྱུར་བའི་ཐུན་མིན་གྱི་མཛད་པ་ཁོ་ན། དེ་དང་དེའི་སྤྱོད་ཡུལ་ཅན་གྱི་འཕགས་ཆེན་རེ་གཉིས་ལས། ཐུན་མོང་བའི་སྤྱོད་ཡུལ་ཡིན་པ་མ་རེད། ལྟ་བས་དེ་འདྲའི་རྗེས་མ་ཟིན་པར་སྤྱོད་པས་དེའི་རྗེས་འདེད་པར་བྱས་ཚེ། ལྟ་རྐུབ་སྤྱོད་པས་ཕུད་པ་འཇིག་རྟེན་པ་ཡན་ཆོད་ཀྱི་མཐོང་ཆོས་སུ་འགྱུར་ཉེན་ཆེ་བས། དེའི་ཕྱིར་ན། ལས་དང་པོ་དང་རྣལ་འབྱོར་གྲུབ་ཐོབ་དང་། །ཐམས་ཅད་མཁྱེན་པའི་སྤྱོད་པ་གང་ཡིན་པ། །དུས་ཚོད་འབྲེལ་བར་དགོས་ཞེས་དུས་འཁོར་བཤད། །ཅེས་མངའ་རིས་པཎ་ཆེན་གྱིས་གསུངས་པ་ལྟར། རང་ཉིད་ཀྱི་ཉམས་རྟོགས་ན་འཕར་བའི་དུས་ཚོད་དང་འབྲེལ་ནས་སྤྱོད་པ་སྐྱོང་དགོས་པ་རེད། ལས་དང་པོ་པ་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་པའི་སྐབས་སུ། དགེ་སྦྱོང་གཞོན་ནུའི་སྤྱོད་པ་དང་། སྡོམ་པ་གསུམ་ལ་གནས་པའི་བག་ཡོད། བཟོད་པ་ལྷུར་ལེན་གྱི་ཐོག་ནས་མཉམ་བཞག་ཏིང་འཛིན་ལ་སྦྱང་། རྗེས་ཐོབ་ཆོས་སྤྱོད་བཅུ་ལ་བརྩོན་རྒྱུ་གལ་ཆེ་བ་རེད། དེ་ནས་རིམ་གྱིས་ཏིང་འཛིན་ལ་བརྟན་པ་མ་སྐྱོན་པ་ཞིག་ཐོབ་སྟེ། མཉམ་རྗེས་བསྲེ་ཐུབ་པར་གྱུར་སྐབས། རྟོགས་པས་རྐྱེན་ཐུབ་པ་ཡིན་པས་དེ་ན་འཕར་བའི་ཕྱིར་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་རྒྱུ་དང་། བརྟན་པ་ཆེས་ཆེར་ཐོབ་ནས་རྒྱལ་པོ་ས་འཛིན་གྱི་སྤྱོད་པར་འཇུག་རྒྱུ། དེ་དུས་བོགས་འདོན་རྒྱ་ཆེ་ས་ནས་ཐོབ་པ་ཡིན། དེས་ན་རིག་འཛིན་བཞི་དང་སྦྱར་བའི་བཤད་པ་ལྟར་རིམ་གྱིས་ཉམས་ལེན་ལ་འཇུག་དགོས་པ་རེད། སྤྱོད་པ་འདི་མཉམ་བཞག་ལ་ཏིང་འཛིན་སྒོམ་རྒྱུ་དང་། རྗེས་ཐོབ་ལ་སྤྱོད་པས་བོགས་འདོན་བྱེད་རྒྱུ་གོང་ནས་བཤད་པ་ལྟར་ཡིན་ཡང་། སྤྱོད་པ་དངོས་དེ་རྗེས་ཐོབ་ཀྱི་སྐབས་ནས་འཇོག་པ་ཨོས་རེད། དེ་ཡང་ནང་གི་ཉམས་ལེན་གྱི་དྲོད་ཚུལ་ལ་བརྟེན་དགོས་པས་མཉམ་བཞག་དང་མ་འབྲེལ་བ་ཞིག་མ་རེད། དེས་ན་ཐབས་ལམ་གྱི་སྐབས་སུ་ཐུན་མོང་སྤྱི་ཡི་སྤྱོད་པ་དང་། ཁྱད་པར་ཅན་སྦྱོར་སྒྲོལ་གྱི་སྤྱོད་པ་སོགས་གསུངས་པ་རེད། གྲོལ་ལམ་པ་ལ་དད་བརྩོན་ལ་སོགས་རིམ་གྱིས་པའི་སྤྱོད་པ་བདུན་དང་། བླང་དོར་མེད་པའི་ཅིག་ཆར་བའི་སྤྱོད་པ་དང་བརྒྱད་ཀྱང་གསུངས་པ་རེད། འདིའི་འབྲས་བུ་ལ་ཚེ་འདིའམ་བར་དོ་རུ། རིག་འཛིན་རྣམ་བཞིའི་མྱུར་ལམ་བགྲོད་དེ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་འཚང་རྒྱ་བར་འདོད་པ་དེ་འདྲ་རེད། དེ་ཡང་གསང་སྔགས་ལུང་གི་ཁོག་གཞུང་གི་ནང་དུ། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་གསུངས་ལྟར་རེད། སྔར་ཡང་ལུང་དེ་ཐེངས་གཅིག་དྲངས་མྱོང་། འདི་ཉིད་སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱང་འབྲས་བཞི་དང་སྦྱར་ནས་བཤད་ན། སྦྱང་གཞི་དེ་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་རེད། བདེ་སྟོང་ཟུང་འཇུག་ལྷན་སྐྱེས་བདེ་བ་ཆེན་པོ་གདོད་ནས་རང་ཆས་སུ་བཞུགས་པ་དེ་ཉིད་ལས་ཤར་བའི་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡེ་ནས་གནས་པ་དེ་སྦྱང་གཞི་ཡིན་ཞིང་། སྦྱང་བྱ་གང་ཡིན་ཞེ་ན། དེའི་སྟེང་གི་མེད་སྣང་གློ་བུར་བའི་སྒྲིབ་པ་སྤྱི་དང་བྱེ་བྲག དེ་ཉིད་སྦྱོང་བྱེད་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་གྱིས། སྦྱངས་ཟིན་པའི་སྦྱང་འབྲས་དེ་གང་ཡིན་ཞེ་ན། མེད་སྣང་གློ་བུར་བའི་སྒྲིབ་པ་སྤྱི་དང་། ཁྱད་པར་དུ་སྣང་གསུམ་འཕོ་བའི་བག་ཆགས་ཀྱི་ཤེས་སྒྲིབ་ཤིན་ཏུ་ཕྲ་བའམ། བག་ཆགས་ཀྱི་སྒྲིབ་པ་སྦྱངས་ནས་གཞིའི་ཡོན་ཏན་ཇི་བཞིན་མངོན་ཏུ་གྱུར་པ་དེ་འབྲས་བུ་རེད། དེ་ཡང་སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་དང་འཕྲིན་ལས་ལྔ་ཡི་དབྱེ་བ་དང་། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ལ་སོགས་པ་གཞུང་ལས་ཇི་ལྟར་བསྟན་པ་ལྟར་ཡིན་པ་རེད། འདུས་པ་མདོའི་དབང་འདི་ཐེག་དགུ་ཡོངས་རྫོགས། ཆུ་བོ་བཞི་རྫོགས་ཀྱི་དབང་ཡིན་པ་རེད། དེ་ཡིན་པའི་སྟབས་ཀྱིས་འདི་ནས་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི་དགོངས་དོན་དེ་ཆུ་བོ་བཞིའི་དབང་དུ་སྡུད་པའི་སྐབས་འདིར། ནང་དབང་འབྱུང་བའི་ཆུ་བོའི་ཞོར་དུ། ཐེག་དགུའི་བཤད་པ་ས་ཁོང་འཛིན་བྱེད་ཙམ་དུ། འདི་ཉིད་མ་ཧཱ་ཡོ་ག་དང་འབྲེལ་བ་ཡིན་ཕྱིར། མ་ཧཱ་ཡོ་གའི་ལྟ་སྒོམ་སྤྱོད་འབྲས་ཀྱི་སྐོར་ཆེ་ལོང་སྣེ་ཟིན་དུ་ཞུས་པ་ཡིན། གཞན་ཡང་ལམ་ཁྱེར་བཞི་དང་འགག་དྲུག གདམས་ངག་ངང་སྒོམ་གྱི་ཁྲིད་སོགས། འདིའི་རང་གཞུང་གིས་འཐུས་པར་བྱེད་དགོས་པ་རེད། ཧ་ཅང་སྤྲོས་ལ་གྱེར་ན་བརྒྱུད་པའི་ཕྱག་སྲོལ་དང་མི་འཚམ་པའི་ཟོན་བྱེད་མི་དགོས་པ་མིན་པས། ད་འདིའི་མཚམས་ནས་ལུང་འདོན་རྒྱུ་བྱེད།

ད་དེ་རིང་གོང་དུ་ཕུལ་གྲུབ་མ་ཐག་པའི་དབང་འདི། རྒྱུད་ལུགས་རྩ་བའི་དཀྱིལ་འཁོར་གྱི་ཆུ་བོ་བཞིའི་དབང་གི་ནང་ནས་སྒྲུབ་དབང་གྲགས་པའི་ཆུ་བོ་དང་། གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀ་རེད། སྤྱིར་ན་འདུས་པ་མདོ་དབང་དེ་ཆུ་བོ་བཞི་རྫོགས། ཐེག་དགུ་ཡོངས་རྫོགས་ཞེས་ཐེངས་མང་པོར་ཞུས་པ་ལྟར་རེད། ཆུ་བོ་བཞི་རྫོགས་དེ་གང་ཡིན་ན་ཕྱི་དབང་རྒྱུད་ཀྱི་ཆུ་བོ། ནང་དབང་འབྱུང་བའི་ཆུ་བོ། སྒྲུབ་དབང་གྲགས་པའི་ཆུ་བོ། གསང་དབང་རྫོགས་པའི་ཆུ་བོ་རྣམས་རེད། དེ་ལས་དེ་རིང་སྐུར་རྒྱུ་གཙོ་བོ་དེ་སྒྲུབ་དབང་གྲགས་པའི་ཆུ་བོ་དང་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀ་རེད། དེ་ཡང་ཁར་སང་ཚུན་ཆོད་དབང་ཆོག་རྩ་བ་སུམ་བཅུ་སོ་དྲུག་པོ་སྐུར་གྲུབ་པ་རེད། འདིའི་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀ་སློབ་མ་ཐུན་མོང་བའི་ངོ་སྐལ་དུ་བསྟན་པ་ཡིན་ན། འདིའི་སྐབས་སུ་རྒྱས་པར་སྤྲོས་ཏེ་གསུང་མེད་པ་རེད། སློབ་མ་ཐུན་མོང་བའི་ངོ་སྐལ་དུ་གྱུར་བ་ཞིག་གསུངས་པ་རེད། འདིའི་རྗེས་སུ་ཡན་ལག་གི་དཀྱིལ་འཁོར་ནས་མན་ངག་གི་ལུགས་བཞིན་དུ་ཞིབ་ཅིང་རྒྱས་པའི་སྒོ་ནས་རྒྱས་པར་འབྱུང་མ་རག་པ་ཡིན་ནི་རེད། སང་ཉིན་ང་ཚོས་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀ་སྐུར་རྒྱུ་ཡིན། དེ་ཡིན་ན་དེ་རིང་གི་དབང་གི་གཙོ་བོ་དེ་སྒྲུབ་དབང་གྲགས་པའི་ཆུ་བོ་ལ་ངོས་འཛིན་དགོས་པ་རེད། འདི་གོང་གི་ནང་དབང་འབྱུང་བའི་ཆུ་བོ་ལས་ཀྱང་ཐུན་མོང་མིན་པ། དུར་ཁྲོད་གསང་བའི་དཀྱིལ་འཁོར་ཆེན་པོར་སྒྲུབ་ནས་ཟབ་མོའི་བསྐྱེད་རྫོགས་དེ་ཨ་ནུ་རང་གཞུང་ལྟར་དུ་བཀྲལ་བ། བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ་གྱི་ཟླས་ཕྱེ་བའི་རྫོགས་པ་ཨ་ནུ་ཡོ་ག་རེད། དེས་ན་འདིར་ཨ་ནུ་དང་འབྲེལ་བའི་གོ་དོན་དེ་གསལ་འདེབས་ཞིག་ཞུ་འོས་པ་ཡིན་པས། དེའི་ས་ཁོངས་ཙམ་བཟུང་ན་ཨ་ནུ་ཡོ་གའི་ཐེག་པའི་ངོ་བོ་ནི། ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་བརྟེན་པའི་སྒོ་ནས་དབྱིངས་ཡེ་གཉིས་སུ་མེད་པའི་དོན་དེ་ཉིད། རྟོགས་གོམས་ཀྱི་སྒོ་ནས་གྲོལ་བ་འཐོབ་པའི་དོན་ཅན་ཞིག་རེད། ཁར་སང་མ་ཧཱའི་སྐབས་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་བསྟན་པ་རེད། དེ་རིང་ཤེས་རབ་རྫོགས་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་དབྱིངས་ཡེ་གཉིས་སུ་མེད་པའི་དོན་དེ་རྟོགས་སྒོམ་གྱི་སྒོ་ནས་མཐར་ཕྱིན་པ་བྱེད་པ་དེ་འདྲ་ཞིག་རེད། ཨ་ནུ་ཡོ་ག་ཞེས་པའི་སྒྲ་དོན་བཤད་ན། ཨ་ནུ་ཡོ་ག་ཞེས་པ་ལེགས་སྦྱར་གྱི་སྐད་དེ་བོད་སྐད་དུ་རྗེས་སུ་རྣལ་འབྱོར་ཞེས་པའི་དོན་རེད། ཤེས་རབ་རྗེས་ཆགས་ཀྱི་ལམ་གཙོ་བོར་སྟོན་པའི་ཕྱིར་ན་རྗེས་སུ་རྣལ་འབྱོར་གསུངས་པ་རེད། ཡིན་ན་ཡང་ཀུན་གཞི་རྒྱུའི་རྒྱུད་དང་བྱ་བ་རྒྱུའི་རྣལ་འབྱོར་ཞེས་གསུངས་ས་ཡང་ཡོད་པ་རེད། འདི་ལུས་ཐབས་ཀྱི་རྒྱུད་དང་བྱེད་པ་རྐྱེན་གྱི་རྣལ་འབྱོར་ཡང་ཟེར་ཆོག་པ་རེད། ཁམས་དྲུག་ལྡན་པའི་མིའི་རགས་པ་རྩ་ཡི་གནད་ལ་རྟེན་ནས་རླུང་ཁམས་རགས་ཕྲ་འཆིང་བར་བྱེད་པ། ལུས་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པའི་དོན་ཅན་ཞིག་ཡིན་པ་རེད། འདིའི་འཇུག་སྒོ། ལྟ་བ། ཚུལ་ཁྲིམས་སོགས་ནས་བཤད་དགོས་པ་རེད། ཐེག་པ་གཞན་དང་འདྲ་བར་ས་བཅད་བཞག་ཡོད་པ་རེད། དེ་ལྟར་ན་འདིའི་འཇུག་སྒོ་ཡང་ཐེག་པ་གཞན་དང་འདྲ་བར་འཇུག་སྒོ་གཉིས་ཀྱི་ཐོག་ནས་བཤད་དགོས་པ་རེད། དབང་གི་འཇུག་སྒོ་དང་། བྱ་བའི་འཇུག་སྒོ་གཉིས་རེད། དེ་ཡང་དབང་གི་འཇུག་སྒོའི་ཐད་ནས། བཅུ་དང་བཅུ་ཅིག་བཅུ་གསུམ་གཉིས། ཞེས་པའི་སྡོམ་ལྟར་སྒྲུབ་དབང་གྲགས་པའི་ཆུ་བོ་འདི་བཅུ་གསུམ་རེད། སྐུར་མ་ཐག་པ་རེད། དེའི་སྟེང་ནས་བྱ་བའི་འཇུག་སྒོ་དེ་གང་ཡིན་ན་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་སྒོ་ནས་འཇུག་པ་དེ་རེད། ཡིན་ན་ཡང་གཙོ་བོའི་ཆ་ནས་བཤད་ན་དབྱིངས་བདེ་ཆེན་རྣལ་འབྱོར་བསྟན་པའི་རྒྱུད་ཡིན་པས་ན། སྣོད་བཅུད་ཐམས་ཅད་ལྷའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཙམ་དུ་རྟོགས་པའི་མ་བསྐྱེད་རྫོགས་པའི་ངང་ནས་བསྐྱེད་པ་ཐབས་ཤེས་ཆུང་ལ། རྫོགས་པ་རྩ་ཐིག་རླུང་གི་རྣལ་འབྱོར། དེ་ཡང་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལམ་དུ་བྱེད་པ་ཤས་ཆེ་བས་ན་དེའི་སྒོ་ནས་འཇུག་དགོས་པ་རེད། དེ་དག་འཇུག་སྒོ་རེད། དེ་ནས་ལྟ་བ་རེད། ལྟ་བ་སྣང་ཆ་ཡེ་ནས་དག་པ་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང་ནི། དེའི་སྟོང་ཆ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཡིན་ན་དེ་གཉིས་དབྱིངས་རིག་སོ་སོ་མ་ཡིན་ཐ་མི་དད། དབྱིངས་ཡེ་ཟུང་དུ་འཇུག་པ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསུངས་པ་རེད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་ཡེ་སངས་རྒྱས་པར་བཞེད་པ་རེད། དེའི་ཕྱིར་ན་ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་དུ་འདུས་པར་བསྟན། དེ་བསྟན་པའི་དཀྱིལ་འཁོར་རྣམ་གསུམ་དེ་གང་ཡིན་ཞེ་ན། ཀུན་བཟང་ཡུམ་དང་ཡབ་དང་སྲས་གསུམ་གྱི་དཀྱིལ་འཁོར་རེད། ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་ནི། ཡབ་ཀུན་ཏུ་བཟང་པོ་ཡེ་ཤེས་རང་སྣང་རིས་མེད་ཀུན་ཁྱབ་ཏུ་ཤར་བའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གཉིས་ངོ་བོ་ཟུང་འཇུག་ཐ་མི་དད་དུ་གནས་པ། དེ་ཉིད་དབྱིངས་ཡེ་གཉིས་མེད་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གྲུབ་པ་རེད། དེ་འདི་ལྟར་ཆོས་བཤད་པའི་སྐབས་མདོ་སྔགས་གང་བཤད་ན། ཐེག་པ་སོ་སོའི་རང་སྐད་དང་། གཞུང་ལུགས་སོ་སོའི་ཆོས་སྐད་རེ་ཡོད་པ་དེ་བརྡ་ལ་ཡེ་མ་བྱང་བ་དག་གིས་ཉན་ན། བཤད་རྒྱུ་བོད་སྐད་ཀྱིས་བཤད་པས་ན། སྐད་རིགས་ཀྱི་ཐོག་ནས་མི་གོ་རྒྱུ་མེད་ན་ཡང་། འདི་གོ་སོང་ཟེར་ནས་བཤད་དགོས་ན་བསྐྱར་བཤད་མི་ཤེས་པ། སྐབས་ཐོག་དེར་བོད་སྐད་ཡིན་ན་ཡང་ཚིག་འགའ་རེའི་དོན་ཇི་བཞིན་གོ་བརྡ་མི་འཕྲོད་པ་དེ་འདྲ་ཞིག་ལས་དང་པོ་པ་དང་རྒན་ཞུགས་དག་ལ་འབྱུང་སྲིད་ནི་རེད། ཡིན་ན་ཡང་ཆོས་བཤད་པའི་སྐབས་ཆོས་དེ་ཉིད་ཆོས་སྐད་ལྟར་མི་བཤད་པར་ཇི་བཞིན་བཤད་ཐབས་མེད་པ་ཞིག་ཡིན་པ་རེད། ཞིབ་ཀྱིས་ཉན་ན་རིམ་བཞིན་འདྲིས་པ་ན་གོ་ཐུབ་པ་རེད། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། གསུངས་པ་ལྟར་རེད། དཔེ་ཆའི་ཐོག་གི་ཡིག་སྐད་དང་ཆོས་སྐད་འདི་མི་དགོས་རྒྱུ་བྱས་ན། རྗེས་མ་རིམ་བཞིན་བཀའ་བསྟན་འགྱུར་མདོ་སྔགས་རིག་གནས་དང་བཅས་པར་ཁ་འབག་ཆད་༼ཕན་ཚུན་སྐད་ཆ་བཤད་རས་མེད་པར་གྱུར་བའི་དོན༽ཉེན་ཆེ་བ་རེད། དེ་དུས་འུ་ཚང་གི་ནང་ནོམ་ཚང་མ་བེད་མེད་དུ་འགྱུར་བ་རེད། དེས་ན་ཆོས་ཆོས་སྐད་ལྟར་བཤད་ན་དེ་ལ་དགོས་པ་རེ་འགུ་སྙམ་བཞིན་ཡོད། འདིར་མ་ཧཱ་ཨ་ནུ་ཨ་ཏི་ཐམས་ཅད་ལ་རང་རང་ཐུན་མིན་གྱི་ཆོས་སྐད་རེ་ཡོད་པ་དེ་ཤེས་དགོས། ད་ང་ཚོས་བཤད་པའི་སྐབས་དེ་གང་ལ་ཐུག་ན་ཨ་ནུ་ཡོ་གའི་ཐེག་པ་འདིས་ཆོས་ཐམས་ཅད་དཀྱིལ་འཁོར་གསུམ་དུ་འདུས་པར་བསྟན་པ་རེད་ཅེས་བཤད་པའི་སྐབས་རེད། དེའི་ཚུལ་ཞིབ་པར་བཤད་ན་སྣང་སྲིད་འཁོར་འདས་ཀྱི་རྩལ་སྣང་ཐམས་ཅད་རང་སེམས་ལ་ཤར་བ་འབའ་ཞིག་རེད། དེའི་སེམས་ཀྱི་དེ་ཉིད་དམ་ཆོས་ཉིད་དེ་སྐྱེ་བ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཞིག་ཡིན་ན། དེ་ལྟའི་དབྱིངས་དེ་ཉིད་ཡེ་ནས་དེ་ལྟར་ཡིན་པ་མ་གཏོགས་གསར་དུ་བཟོས་བཏང་བ་དང་བཅོས་བཏང་བ་མིན་པས་ན། སྟོང་ཆེན་མཁའ་དབྱིངས་བརྡལ་བ་ཐམས་ཅད་སྟོང་པའི་རང་བཞིན་དེ་ལ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཞེས་གསུངས་པ་རེད། སྟོང་བ་དེ་སྐྱེ་མ་མྱོང་བས་སྐྱེ་མེད་ཡིན་པ་དང་། སྐྱེ་མེད་ཡིན་པའི་གནད་ཀྱིས་འགགས་མེད་དུ་ཐམས་ཅད་ནས་ཐམས་ཅད་དུ། རང་སྣང་རིས་མེད་ཀུན་ཁྱབ་ཏུ་ཤར་བ་དེ་ཡེ་ཤེས་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་གསུངས་པ་རེད། དེ་ལྟར་སྣང་དང་མི་སྣང་གཉིས་སུ་མེད་པ། བདེ་དང་སྟོང་བ་འགགས་མེད་རང་ཤར། གཉིས་ཀྱི་ངོ་བོའི་ཆོས་ལས་འདས་པ། དབུ་མ་ཙམ་དུ་ཡང་དམིགས་སུ་མེད་པའི་དེ་ཁོ་ན་ཉིད་གང་ཡིན་པ་དེ། ལྷུན་རྫོགས་བདེ་བ་ཆེན་པོའི་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་ཀྱི་རང་བཞིན་ཡིན་པ་རེད། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་གྲུབ་ཏེ་གནས་པ། ལྷུན་གྱིས་གྲུབ་པ་ཡེ་ནས་སངས་རྒྱས་པར་ལྟ་བ་དེ་ཨ་ནུ་ཡོ་གའི་ལྟ་བ་རེད། དེ་ལྟ་ན་གོང་གི་མ་བསྐྱེད་རྫོགས་ཞེས་པ་དེ་ཇི་འདྲ་རེད་ཅེ་ན། ང་ཚོས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་འདིར། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །ཞེས་དུས་རྒྱུན་འདོན་པ་ལྟར། ཀུན་ཏུ་བཟང་པོའི་རོལ་བ་མ་འགགས་པའི་རང་རྩལ་དེ་ཉིད་ལྷ་སྐུར་འཆར་བར་འདོད་པ་རེད། ཕྱི་སྤྲོས་བཅས་ཀྱི་བསྐྱེད་རིམ་སོགས་ལ་མི་ལྟོས་པར། ནང་རྣལ་འབྱོར་རང་གི་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་སྣུན་པའི་མན་ངག་དེས། རགས་པའི་འགྱུར་བ་ཐམས་ཅད་འགྱུར་མེད་ཀྱི་ཡེ་ཤེས་ལ་སྟིམ་ནས། སེམས་ཉིད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་ལུས་ཐབས་ཀྱི་རྒྱུད་ལ་བརྟེན་ནས་མངོན་དུ་བྱེད་པ་ཨ་ནུ་ཡོ་གའི་ལྟ་བ་རེད། སྐྱར་ཟློས་བྱས་ན་དེ་འདྲ་རེད། དེ་ནས་ཚུལ་ཁྲིམས་གང་ཡིན་ན། སྲུང་བར་བྱ་བ་དེ་ཉིད་ལས་མི་འདའ་བ་ཚུལ་ཁྲིམས་དང་སྡོམ་པའི་ངོ་བོ་རེད། དེ་ཡང་སྲུང་བར་བྱ་བའི་ཚུལ་ཁྲིམས་དེ་གང་ཡིན་ན་དབང་སྲོག་འཛིན་པའི་དམ་ཚིག་ལ་ཐུག འདིའི་སྐབས་སུ་གལ་མདོ་ངེས་པའི་དམ་ཚིག་བཞི་ཞེས་གསུངས་པ་དེ་དག་དང། དེའི་ཐོག་ཐུན་མོང་པའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལ་སོགས་པའི་རྣམ་གྲངས་དག་རེད། དེ་ལས་གལ་མདོ་ངེས་པའི་དམ་ཚིག་བཞི་ཞེས་པ། སྒོ་གསུམ་སྤྱོད་ཡུལ་དང་བཅས་པ་བཞི་བོ་དེ་ཡོངས་སུ་དག་པ། བདེ་བར་གཤེགས་པའི་ཐུགས་མི་ཁྲེལ། སེམས་ཅན་གྱི་སེམས་མི་ཁྲེལ་བར་བྱེད་པ་དེ་རེད། དེ་ནས་ཐུན་མོང་གི་དམ་ཚིག་ཉེར་བརྒྱད་གསུངས་པ་དེ། རྩ་བ་སྐུ་གསུང་ཐུགས་ཀྱི་གསང་གསུམ་རྡོ་རྗེ་གསུམ་གྱི་དམ་ཚིག་གི་ཐོག་ཏུ། དེ་ཡན་ལག་སྤྱད་བྱ་ལྔ་དང་བླང་བྱ་ལྔ། ཤེས་བྱ་ལྔ་དང་སྒྲུབ་བྱ་ལྔ་སོགས་རྣལ་འབྱོར་ཆེན་པོའི་དམ་ཚིག་དང་ཕྱོགས་འདྲ་རེད། ད་དུང་ཞིབ་པར་ཕྱེས་ན་ལྷག་པའི་དམ་ཚིག་བཞི་ཞེས་པ་དང་། བརྟུལ་ཞུགས་ཉེར་གསུམ་ལ་སོགས་པ་རྣམ་གྲངས་མང་པོ་ཞིག་གསུངས་པ་རང་གཞུང་སྤྱི་མདོ་ཉིད་ལས་ཤེས་པར་བྱ་དགོས་པ་རེད། དེ་ཐམས་ཅད་ཚུར་བསྡུ་ན། སྤྱི་མདོ་རང་གཞུང་དུ། བསྲུང་བྱ་བསྲུང་དུ་མེད་པ་ནི། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཞེས་ཚིག་གཉིས་ཀྱི་ནང་དུ་བསྡུས་ཡོད་པ་ལྟར། སྲུང་མཚམས་མེད་པ་གཅིག་ཆར་བའི་དམ་ཚིག་དང་། སྲུང་མཚམས་ཡོད་པ་སྙིང་རྗེའི་དམ་ཚིག་རིམ་གྱིས་པའི་སྡོམ་པ་གཉིས་སུ་བསྡུ་བ་རེད། དེ་དག་ཚུལ་ཁྲིམས་ཀྱི་རྣམ་བཞག་རེད། ད་སྒོམ་པ་ནི། དབང་བཞི་དང་འབྲེལ་བའི་ལྟ་བ་བཞི་དང་གྲུབ་མཐའ་བཞི་ལ་སོགས་པ་བློ་རྩལ་ཆེ་ཆུང་གི་སྒོམ་པའི་རིམ་པ་གཅིག་ཏུ་ངེས་པ་མ་རེད། ཞིབ་པར་རང་གཞུང་དུ་ལྟ་དགོས་པ་རེད་མོད།

འདིར་གཙོ་བོའི་ཆ་ནས་བཤད་ན་གསང་ཤེར་གྱི་ལམ་ལ་གནད་དུ་བསྣུན་པ་དེ་རེད། དེ་ཉིད་ཐབས་ཀྱིས་ངེས་པའི་ལམ་དང་ཤེས་རབ་ཀྱིས་གྲོལ་བའི་ལམ་གཉིས་སུ་འདུས་པ་རེད། དེ་ཡང་རྒྱས་པར་དབྱེ་ན། སྦྱོང་གཞི། སྦྱོང་བྱ། སྦྱོང་བྱེད། སྦྱོང་འབྲས་བཞི་ཡོད་པ་དག་བཤད་ན། དེ་ལས་དང་པོ་སྦྱོང་གཞི་ནི། མཆོག་ཏུ་མི་འགྱུར་བའི་བདེ་ཆེན། གཉུགས་མ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་རང་མདངས། ཤིན་ཏུ་ཕྲ་བའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་སྒྲུབ་གཞིར་ཤར་བ་དེ་ཉིད་ཡིན་ན། དེ་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཆེར་ལ་རང་བྱུང་གིས་གནས་པའི་རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འདི་ཉིད་ལ་ངོས་འཛིན་དགོས་པ་རེད། གཉིས་པ་སྦྱོང་བྱ་ནི། སྣང་གསུམ་འཕོ་བའི་བག་ཆགས་རྐྱེན་དུ་གྱུར་བའི་ཐ་མལ་སྣང་ཞེན་གྱི་སྒྲིབ་པ་རགས་ཕྲ་ཐམས་ཅད་པོ་རེད། གསུམ་པ་སྦྱོང་བྱེད་ནི། གོང་དུ་ལྟ་བའི་སྐབས་སུ་བཤད་པ་ལྟར། ཕྱི་སྤྲོས་བཅས་རྩོལ་བ་ཅན་གྱི་ལམ་ལ་མི་ལྟོས་པར། ནང་རང་ལུས་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་ཞུ་བདེའི་ལམ་ལ་བརྟེན་པ་དེ་རེད། བཞི་བ་སྦྱོང་འབྲས་ནི། རགས་པའི་འགྱུར་བ་ཐམས་ཅད་འགྱུར་མེད་དབུ་མའི་དབྱིངས་སུ་བསྟིམ་པ་དེ་རེད། དེ་ནས་གཞི་གནས་ལུགས་དག་མཉམ་བདེ་བ་ཆེན་པོ་ལ་འཁྲུལ་བ་ཞིག་མེད་ན་ཡང་། གཉིས་འཛིན་འཁྲུལ་བས་བསླད་པ་ན་སྒོ་གསུམ་ལུས་ངག་ཡིད་གསུམ་དེ་རྣམ་པ་རིས་ཆད་དུ་འདི་ལྟར་སྣང་བ་ན། རང་སྣང་གིས་དུམ་བུར་བཅིང་བའི་ལུས་འདི་ཡི་དབུས་ན་ཀུན་རྫོབ་རྒྱུའི་ཐིག་ལེ་ལ་རྟེན་པའི་དོན་དམ་འོད་གསལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་བུམ་ནང་གི་ནམ་མཁའ་ལྟར་བཞུགས་པ་རེད། དོན་དམ་འོད་གསལ་བྱང་ཆུབ་སེམས་ཀྱི་ཐིག་ལེའི་དེའི་ངོ་བོ་ནི། ཆ་མེད་ཀུན་འགྲོ་ཁྱབ་པའི་བདག་ཉིད་ཅན་ཞིག་ཡིན་པ་རེད། ཡིན་ན་ཡང་དེ་སེམས་ཀྱི་ཆོས་ཉིད་ཡེ་ནས་བྲི་གང་གསལ་སྒྲིབ་དང་བྲལ་བ་ཡིན་པའི་ཕྱིར་ན། སེམས་ཅན་གང་ན་ཡོད་ན་དེའི་ཆོས་ཅན་སྒོ་གསུམ་གྱི་ཆོས་ཉིད་དང་འབྲལ་བ་མེད་པར་སྙིང་པོའི་ཚུལ་དུ་བཞུགས་པ་དེ་འདྲ་ཞིག་རེད། བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་ཡང་ངོ་བོ་ཆ་མེད་ཡིན་ན་སྣང་ཆ་འོད་དང་གདངས་ཀྱི་ཚུལ་དུ་དབྱིབས་ཁ་དོག་གི་རྣམ་པར་སྣང་ཆོག་པ་རེད། དེ་ལྟར་སྣང་ཆ་ལ་ཇི་ལྟར་སྣང་རུང་དེའི་ངོ་བོ་མི་འགྱུར་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་རང་བཞིན་ཡིན་པས་ན་གོས་པ་མེད་པ་རེད། རགས་ལུས་ཁམས་དྲུག་ལྡན་པའི་འདོད་ཁམས་པ་ལ་མཚོན་ན། ཕྲ་བ་ཀུན་གཞིའི་རྣམ་ཤེས་དང་སྲོག་གི་རླུང་། ཕ་མས་རྒྱུ་རྐྱེན་དང་འགྲོགས་པའི་རླུང་སེམས་ཇེ་རགས་ལ་སོང་བའི་བྱེད་པས་རྩ་གཙོ་མོ་གསུམ་དང་རྩ་ཕྲན་ལ་ཁྱབ་ནས་གནས་སྐབས་བཅུ་བའི་ལུས་དེ་ཡོངས་སུ་རྫོགས་པ་རེད། ལུས་གནས་རྩ་ཡི་ནང་ན་རྩ་བ་ཡན་ལག་གི་རླུང་དང་ཐིག་ལེ་ཕྲ་རགས་ཀྱི་ཁམས་གནས་པའི་བྱེད་ལས་དེས། ནང་དུ་ཀུན་རྟོགས་སྣ་ཚོགས་དང་། ཕྱི་རོལ་དུ་སྣང་བ་སྣ་ཚོགས་བསྐྱེད་པ་རེད། ཕྱི་རོལ་ལ་ཅི་སྣང་ཐམས་ཅད་ནང་ལུས་ཀྱི་ཆ་ལ་དེ་དག་སྣང་བའི་བྱེད་པ་ཐམས་ཅད་ཚང་བ་རེད། དེ་ཚང་བས་ན་ནང་གི་རྩ་རླུང་ཐིག་ལེ་ལམ་དུ་ལྷོང་ཐུབ་ན་དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་བ་དང་། ནང་གི་རྩ་རླུང་ཐིག་ལེ་ལམ་དུ་ལྷོང་མ་ཐུབ་ན་མ་དག་འཁྲུལ་བའི་སྣང་བ་འདི་ཉིད་འཆར་བ་རེད། དེས་ན་ཕྱི་སྤྲོས་བཅས་ཀྱི་བསྐྱེད་རིམ་སོགས་ལ་མི་ལྟོས་པར་ནང་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ཏེ། རགས་པའི་འགྱུར་བ་ཐམས་ཅད་དང་པོ་གང་ནས་བྱུང་སའི་ཕུག་ལ་ཡར་བཏུག་སྟེ། ཐོག་མར་གང་ནས་བྱུང་བའི་འགྱུར་མེད་དབུ་མའི་དབྱིངས་སུ་བསྟིམ་པ་ན། དབྱིངས་རིག་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་འདྲེན་ཐུབ་པ་རེད། དེ་ཐབས་ཀྱིས་ངེས་པའི་ལམ་དང་བསྟུན་ནས་བཤད་པ་རེད། ཤེས་རབ་ཀྱིས་གྲོལ་བའི་ལམ་དང་བསྟུན་ཏེ་བཤད་ན། འདི་བྱེད་པ་རྐྱེན་གྱི་རྣལ་འབྱོར་ལས་རྒལ་ཏེ་བྱ་བྲལ་འབྲས་བུའི་རྣལ་འབྱོར་ལ་གཞོལ་བའི་སྔགས་ལམ་ཁྱད་པར་བ་ཞིག་ཡིན་པ་རེད། འདི་དོན་རྟགས་གཉིས་ཀྱི་སྒོ་ནས་བཤད་དགོས་པ་རེད། དོན་རྟགས་གཉིས་ཀྱི་སྒོ་ནས་བཤད་ན། དོན་བཀོད་པ་ཇི་བཞིན་པ་ཡི་ཆོས་ཉིད་ལ་དེ་བཞིན་པ་ཡི་བློ་བཞག་ན་བརྗོད་པ་མེད་པའི་ངང་ཡིན་གསུངས་པ་རེད། དེའི་བརྗོད་པ་མེད་པའི་ངང་དེ་ཉིད་ལ་མ་ཡེངས་རྒྱུན་དུ་དྲན་པས་བརྟེན་རྒྱུ་བོ་ཡིན་ན། རྟགས་ཀྱི་རོལ་བ་གང་རེད་ཟེར་ན། སྤྲོས་བཅས་ལྷའི་ཏིང་འཛིན་དེ་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར་མ་བསྐྱེད་ཡོངས་རྫོགས་ཀྱི་ལྷ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གསལ་གདབས་ན་ལམ་ངེས་ཀྱི་དབང་དུ་བྱས་ན་ཟག་བཅས་ཀྱིས་བསྡུས་པའི་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་དང་། སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་གྱིས་ཨ་ནུ་རང་ལུགས་ཀྱི་རང་ས་ལྔ་བ་མན་ཆད་ལ་སྦྱོར་རྒྱུ་དང་། ཟག་མེད་ཀྱིས་བསྡུས་པའི་ལུང་ཆེན་ཐོབ་པ་དང་། དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཐོབ་པ། རྩལ་ཆེན་རྫོགས་པ་གསུམ་དང་། ད་དུང་དེའི་སྟེང་དུ་མཐོང་ལམ་ལུང་ཆེན་འབྱིན་པ་དང་སྒོམ་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་གྱིས་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་པ་རེད། མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་རང་གི་ལམ་ས་བཅུ་རྫོགས་པར་བྱེད་པར་དེ་ལྟར་གསུངས་ཡོད་པ་རེད། འདིའི་རྒྱུ་མཚན་གང་ལ་ཐུག་ན། མཚན་བཅས་མཚན་མ་མེད་པའི་རྫོགས་རིམ་གྱི་གནད་ལ་ཐུག་པ་རེད། དེ་ཡང་དོན་དམ་འོད་གསལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་བརྟེན་ནས་སྙིང་ཁའི་ཐིག་ལེ་ཕྲ་མོ་རུ་རླུང་སེམས་ཟིན་པ་ན་སྣང་གསུམ་ལུགས་ལྡོག་ཏུ་ཤར་བ་རེད། དེའི་འཆར་རིམ་དང་མཐུན་པར་རང་བཞིན་བརྒྱད་བཅུའི་ཀུན་རྟོགས་འགག་ནས་སློང་བྱེད་རྐྱེན་གསུམ་བྲལ་བའི་ནམ་མཁའ་ལྟ་བུའི་ཤིན་ཏུ་མཚོན་པར་དཀའ་བའི་འོད་གསལ་བྱང་ཆུབ་སེམས་ཀྱི་གནས་ལུགས་དེའི་ངང་དུ་མཉམ་པར་བཞག་པ་ན་རང་བྱུང་གི་ཡེ་ཤེས་ཁོང་ནས་ཤར། དེ་དང་མཉམ་དུ་དེའི་རྩལ་སྣང་དུ་འཁོར་འདས་ཐམས་ཅད་རོ་མཉམ་དུ་དག་པ་ཆེན་པོར་ཤར་བ། མཚན་མེད་རྫོགས་པ་ཆེན་པོའི་རྫོགས་རིམ་ཡང་དེ་ཡིན་ན། དེའི་ངང་དུ་ཆུ་ལས་ཉ་ལྡང་བ་ལྟར་དུ་སྣང་གསུམ་ལུགས་འབྱུང་དུ་ཤར་བས་ཉེར་ལེན་གྱི་རྒྱུ་བྱས། རླུང་འོད་ཟེར་ལྔ་བས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ཏེ་སྒྱུ་མའི་ལྷ་སྐུར་གྲུབ་པ་མཚན་བཅས་ཀྱི་རྫོགས་རིམ་རེད། མདོར་ན་ཀུན་རྫོབ་བྱང་ཆུབ་སེམས་དང་འབྲེལ་བའི་སྟེང་སྒོ་རླུང་དང་འཇུ་འདུལ་གྱི་མན་ངག་ཡིན་ན་འདྲ། འོག་སྒོ་ཁམས་གསུམ་རོལ་བའི་མན་ངག་གཉིས་ཀ་གང་ཡིན་ལ་བརྟེན་ནས་འཛག་མེད་བདེ་སྟོང་གི་ཡེ་ཤེས་ལ་བསླབ་རྒྱུ་དང་། དོན་དམ་བྱང་སེམས་དང་འབྲེལ་བའི་གདམས་པ་རྟེན་ཅན་སྙིང་ཁའི་ཕྲ་ཐིག་ལ་སེམས་བཟུང་བ་དང་། རྟེན་མེད་མི་གཡོ་གསུམ་ལྡན་གྱི་ཡུལ་དང་ཡུལ་ཅན་གཉིས་མེད་ཆོས་ཉིད་དོན་གྱི་དབྱིངས་དང་ཆོས་སྐུ་བཞིའི་ཡེ་ཤེས་དབྱེར་མེད་བསལ་བཞག་དང་བྲལ་བའི་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པར་རྟོགས་པ་ན་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གཏན་ལ་ཕེབས་པར་གསུངས་པ་རེད། དེ་དག་གིས་སྒོམ་པ་བཤད་ཟིན་ནས། འདིའི་སྤྱོད་པ་ནི་ལྷུན་འབྱམས་ཤུགས་འབྱུང་གི་སྤྱོད་པ་ཞེས་པ་ཞིག་འདི་ལ་ཡོད་པ་རེད། དབྱེ་བ་བྱས་ན་དགག་སྒྲུབ་དང་བླང་དོར་གྱི་ཆེད་རྩོལ་གྱི་བྱ་བ་གང་ཡང་མེད་པར། ཤུགས་འབྱུང་ཞེས་པ་སྣང་སྲིད་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་བ་ལས་འདའ་བ་མེད་པ་འདི་ཚོ་དཔེ་དོན་སྦྲེལ་ནས་གསུངས་ཡོད་པ་རེད། ཇི་ལྟར་སྦྲེལ་ན། བྱིན་རླབས་ཀྱི་སྤྱོད་པ་དེ་ནམ་མཁའ་ལྟ་བུ་ཞིག་ཡིན། དབང་སྒྱུར་གྱི་སྤྱོད་པ་དེ་རྒྱལ་བོ་ལྟ་བུ་ཞིག་ཡིན། ཐབས་ཀྱི་སྤྱོད་པ་དེ་ཆུ་བོ་ལྟ་བུ་རྒྱུན་ཆད་མེད་པ་ཞིག་ཡིན་གསུངས་པ་རེད། དེ་གསུམ་དཔེ་དོན་སྦྲེལ་བ་ན། དབྱིངས་ཡེ་གཉིས་མེད་དུ་རྟོགས་པ་དེ་བྱིན་རླབས་ཀྱི་སྤྱོད་པ་ཡིན། དེ་ནམ་མཁའ་ལྟ་བུ་ཞིག་ཡིན། དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་བ་དེ་དབང་སྒྱུར་སྤྱོད་པ་ཡིན་ལ། དེ་རྒྱལ་བོ་ལྟ་བུ་ཡིན། དབྱིངས་ཡེ་གཉིས་མེད་དུ་རྟོགས་པ་དེ་ཐབས་ཀྱི་སྤྱོད་པ་ཡིན། དེ་ཆུ་བོ་ལྟ་བུ་ཡིན་པར་གསུངས་པ་རེད། འབྲས་བུ་གང་ཡིན་ན་གཞི་ལ་ཡོན་ཏན་ལྷུན་གྲུབ་ཏུ་བཞུགས་པ་དེ་ཉིད་མངོན་དུ་གྱུར་ནས་མི་ཚེ་གཅིག་གིས་མི་སློབ་པའི་ཟུང་འཇུག་འབྲས་ཆོས་ཉེར་ལྔའི་ཡོན་ཏན་ལྷུན་གྱིས་གྲུབ་པ། ངོ་བོ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་མཛད་དེ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ཟད་པ་མེད་ཅིང་རྒྱུན་མི་ཆད་པ་འབྱུང་བ་དེ་རེད། ད་དུང་འདིའི་ཐད་ནས་ཞུས་ན་སྲིན་བུ་པད་མ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་གཞི་རྒྱུད་བདེ་གཤེགས་སྙིང་པོ་བཞུགས་པ་རེད། རྒྱུད་བརྟག་གཉིས་སུ། སེམས་ཅན་ཐམས་ཅད་སངས་རྒྱས་དངོས། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །ཅེས་གློ་བུར་གྱི་སྒྲས་འབྲལ་རུང་ཡིན་པར་བསྟན་པ་རེད། དེས་མི་ཚད། དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་གཤིས་ལ་དྲི་མས་མ་གོས་པར་ཡེ་སངས་རྒྱས་པའི་དོན་གསལ་བར་བསྟན་ན། འདི་ནས་ཁམས་དྲུག་ལྡན་པའི་མིའི་ལུས་རྟེན་ལ་མི་ཤིག་བདེ་བ་ཆེན་པོའི་ཐིག་ལེ་ཡེ་ཤེས་ནམ་མཁའི་གཟུགས་ཅན་གོང་ནས་བཤད་པ་དེ། སྙིང་ཁར་བཅུད་ཀྱི་ཚུལ་དུ་གནས་གསུངས་པ་འདིས་གཞི་བདེ་གཤེགས་སྙིང་པོས་སེམས་ཅན་ཁམས་དྲུག་ལྡན་མ་ཡིན་པ་ལ་མ་ཁྱབ་པ་དང་། གཞིར་གནས་རང་བྱུང་གི་ཡེ་ཤེས་དེ་གདོད་ནས་ཡེ་སངས་རྒྱསཔ་མ་ཡིན་པར་བསྟན་ནི་མ་རེད། སྤྱིར་དལ་འབྱོར་ཚང་བའི་རྟེན་བཟང་གི་སྟེང་ནས་དམ་ཆོས་རྣལ་མ་སྒྲུབ་ན་འཚང་རྒྱ་བར་གསུང་བ་དང་འདྲ་བར། ལུས་ཐབས་ཀྱི་རྒྱུ་དང་བྱ་བ་རྐྱེན་གྱི་རྣལ་འབྱོར་གྱི་ལམ་འདི་ནས་གཞིར་གནས་རང་བྱུང་གི་ཡེ་ཤེས་རང་ལ་གནས་པ་དེ་མངོན་དུ་འགྱུར་ཐུབ་པར་གསུངས་ནི་རེད། རྩ་རླུང་ཐིག་ལེ་ཁམས་དྲུག་ལྡན་པའི་མིའི་ལུས་ལ་གནས་པ་ཡིན་ན། རྟེན་པ་རྩ་ཡི་རྫོགས་རིམ་དང་ནི། གཡོ་བ་རླུང་གི་རྫོགས་རིམ། བཀོད་པ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་སོགས་ལ་རྟེན་ནས། དགའ་བཞིའི་དྲངས་པའི་སྟོང་བཞིའི་ཡེ་ཤེས་ལམ་དུ་བྱེད་དུས། འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་དང་ཆབས་གཅིག འཁོར་ལོ་ལྔ་ཡི་རླུང་སེམས་ལས་རུང་ལ་བརྟེན་ནས་ལམ་ལྔའི་ཡོན་ཏན་ནང་ནས་འཆར་བ་དང་ནི། དབུ་མའི་རོ་རྐྱང་གི་མདུད་པ་ཉེར་གཅིག་གྲོལ་བའི་སྟོབས་ཀྱིས་ས་བཅུ་གཅིག་གི་ཡོན་ཏན་འཆར་བའི་གསང་སྔགས་ཐབས་ཀྱི་ལམ་ཁྱད་པར་ཅན། རྡོ་རྗེའི་ལུས་ལ་རྟེན་ནས་མཐར་ཐུག་གི་ཡོན་ཏན་མངོན་དུ་བྱེད་པའི་ཐེག་པ་དེ་དག་གི་ནང་དོན་བསྟན་པ་རེད། དེ་ཡིན་ན་འདི་ལྟར་བསམ་ཆོག་རེད། འདི་ལྟར་ཉན་ནས་ཐོས་བསམ་བྱེད་པ་ན་ཆོས་དབྱིངས་ཀུན་ཁྱབ་ཀྱི་ཡེ་ཤེས་ཀུན་ལ་ཁྱབ་པའི་བདག་ཉིད་ཅན་ཡིན་པ་རེད། དེ་ཉིད་ཁམས་དྲུག་ལྡན་པའི་མིའི་ལུས་ཡོད་མེད་ལ་འགྲོ་ལྡོག་བྱེད་རྒྱུ་ཅན་ཡིན་ན། དེ་ཀུན་ཁྱབ་མཁའ་དང་མཉམ་པའི་ཡེ་ཤེས་ཟེར་རུང་ངམ་སྙམ་ན། རྒྱུད་བརྟག་གཉིས་རང་ཉིད་དུ། ཡེ་ཤེས་ཆེན་པོ་རང་ལུས་གནས། །རྟོག་པ་ཐམས་ཅད་ཡང་དག་སྤོང་། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །གསུངས་པ་བཞིན་ལུས་ཅན་གྱི་སྙིང་ལ་གནས་པའི་རང་བྱུང་ཟག་མེད་ཀྱི་ཡེ་ཤེས་མི་ཤིག་ཐིག་ལེ་བདེ་ཆེན་གྱི་གཟུགས་སུ་བཞུགས་པ་དེ། ཀུན་ཁྱབ་ནམ་མཁའ་ལྟ་བུའི་མི་གནས་ཆོས་སྐུའི་རང་བཞིན་ཡིན་པ། རྟག་ཏུ་སྙིང་ལ་གནས་པའི་འགྱུར་མེད་ཀྱི་ཐིག་ལེ་དེ་ལ་བརྟེན་ཏེ། སྒོམ་པ་ལམ་དུ་བྱེད་པའི་སྐྱེ་བོ་ལ་ཡེ་ཤེས་ངེས་པར་སྐྱེ་འགྱུར་ཡིན་པའི་རྒྱུད་ཀྱི་ལུང་ཡང་མང་པ་རེད། དེ་ལྟ་བུའི་སྔགས་བླ་མེད་གསར་རྙིང་གི་རྒྱུད་སྡེ་སོ་སོའི་རྣམ་པ་གསུངས་སྟངས་སྣ་ཚོགས་ཀྱིས་གསུངས་པའི་ཕྲ་མོའི་ཐིག་ལེ་ཐམས་ཅད་ཀྱི་འགག་དོན་མཐར་ཐུག་འདི་ལ་ཐུག་པ་རེད། དེ་ཇི་ལྟར་ཡིན་ན་གདོད་མའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་དེ་ནམ་མཁའ་ལྟར་འཕོ་འགྱུར་མེད་པ་ཞིག་ཡིན་ན་ཡང་། དེ་སྟོང་པ་ཕྱང་ཆད་མ་ཡིན་པར་འོད་ལྔའི་འཆར་གཞི་གདངས་འཆར་རུང་གི་ཆ་ཡོད་པ། དེའི་རྩལ་སྣང་ལ་གཉིས་འཛིན་ཞུགས་པའི་དབང་གིས་ལས་རླུང་དང་ཕྲ་བའི་ཀུན་རྟོག་འགྲོགས་པའི་རྣམ་པ་དེའི་སྟེང་ནས། ཁུ་རྡུལ་རླུང་གསུམ་དང་འགྲོགས་པའི་རྣམ་ཤེས་ཕྲ་བ་ནས་ཡར་ཇེ་རགས་ལ་སོང་ནས། གསང་བའི་འབྱུང་བ་ཡེ་ཤེས་ལྔའི་གདངས་ལྔ་དེ་ལས་ལུས་ཀྱི་དྲོད་ལ་སོགས་པ་ནང་གི་འབྱུང་བ་ཕྲ་རགས་ཐམས་ཅད་བསྐྱེད་པ་དང་མཉམ་དུ། དེའི་མཐུ་ཡར་རྒྱས་པའི་དབང་གིས་ཕྱི་རོལ་གྱི་འབྱུང་བ་ཕལ་བ་ཇི་སྙེད་པ་དང་ནི་སྣོད་ཀྱི་འཇིག་རྟེན་གྱི་འབྱུང་བའི་བར་དུ་སྣང་བ་རེད། ལུས་ཀྱི་རྩ་ནང་དུ་རྩ་བ་དང་ཡན་ལག་གི་རླུང་དང་། ཐིག་ལེ་ཕྲ་རགས་ཐམས་ཅད་གནས་པ་དེའི་སྟོབས་ཀྱིས་ནང་དུ་ཀུན་རྟོག་སྣ་ཚོགས་བསྐྱེད་པ་དང་མཉམ་དུ། ཕྱིའི་སྣང་བ་སྣ་ཚོགས་བསྐྱེད་པར་བྱེད་ནི་རེད། ཇི་ལྟར་ཕྱི་རོལ་གྱི་སྣང་བ་ཇི་ལྟ་བ་བཞིན་དུ་ནང་ལུས་ཀྱི་ཆ་ལ་དེ་དག་སྣང་བའི་བྱེད་པའམ་ས་བོན་ཚངས་བར་ཡོད་ནི་རེད། དེས་ན་སྣོད་བཅུད་ཕྱི་ནང་གི་སྣང་བ་ཐམས་ཅད་རླུང་སེམས་ཕྲ་མོའི་ཆོ་འཕྲུལ་ཇེ་རགས་ལ་སོང་བ་ཡིན་པས་ན། དག་དང་མ་དག་པའི་སྣང་བ་འདི་ཡང་རྩ་རླུང་ཐིག་ལེའི་བྱེད་པ་བཟང་ངན་ལ་ཐུག་པ་ཡིན་པས་འདི་ལམ་དུ་སློང་ཐུབ་ན། དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་རྒྱུ་དང་ནི་ལམ་དུ་སློང་མ་ཐུབ་ན་མ་དག་འཁྲུལ་བའི་སྣང་བ་འཆར་ཞེས་གོང་དུ་བཤད་མ་ཐག་པ་ལྟར་རེད། ལུས་ཀྱི་དབུས་སུ་རྩ་དབུ་རྐྱང་རོ་གསུམ་འཁོར་ལོ་ལྔ་ཡི་རླུང་ཁམས་རྒྱུ་བ་སྣ་ཚོགས་ལ་གནད་དུ་སྣུན་ཚུལ་གྱིས་ཡེ་ཤེས་འཆར་ཚུལ་འདྲ་དང་མི་འདྲ་ཡོད་ན་ཡང་། རྩ་བའི་ཐུག་ས་གང་ཡིན་ན་རགས་པ་མཆེད་གཞིའི་དྭངས་མ་ཆེན་པོ་དྲུག་གི་གཉིས་གཉིས་ཟུང་དུ་འཇུག་པ་ཞེས་གསུངས་ཡོད་པ་རེད། གཉིས་གཉིས་ཟུང་དུ་འཇུག་པ་དེ་གང་ཡིན་ན། ཤིན་ཏུ་ཕྲ་བའི་སྒོ་གསུམ་རྡོ་རྗེ་གསུམ་ལ་ཐུག་ནི་རེད། དེ་ཡང་གཉིས་གཉིས་འཕྲད་པ་དེ་གང་འཕྲད་པ་རེད་ཟེར་ན། ས་ཆུ་གཉིས་ཟུང་དུ་འཇུག་པ་སྐུ་རྡོ་རྗེ། མེ་རླུང་གཉིས་ཟུང་དུ་འཇུག་པ་གསུང་རྡོ་རྗེ། མཁའ་སེམས་གཉིས་ཟུང་དུ་འཇུག་པ་ཐུགས་རྡོ་རྗེ། དེ་ཐམས་ཅད་ཀྱི་མཆེད་གཞི་མཐར་ཐུག་པ་དེ་ཡེ་ཤེས་ནམ་མཁའི་གཟུགས་ཅན། གོང་ནས་དྲངས་པའི་ལུང་དོན་ལྟར་དུ་ལུས་གནས་ལུས་ལས་མ་སྐྱེས་པ། ལུས་ལས་གཞན་ལ་མ་ཁྱབ་པ་མ་ཡིན་པ། དབྱིབས་ཁ་དོག་ཆེ་ཆུང་གི་རྣམ་པ་ལྟར་སྣང་ཡང་ངོ་བོ་ཕྲ་རགས་རྡུལ་གྱི་ཆོས་ལས་འདས་སོང་བ། ཁར་སང་དུས་འཁོར་གྱི་ལུང་ཞིག་དྲངས་པ་ལྟར་རྣམ་ཀུན་མཆོག་ལྡན་པྲ་ཕབས་སྣང་བ་དང་། ཆེ་ཆུང་ཕྱོགས་ཆར་མ་གྲུབ་པ་ཞིག་ཡིན་གསུངས་པ་རེད། གནད་འདི་ཉིད་ཉམས་ལེན་བྱེད་དུས། ཉམས་ལེན་ལམ་སློང་གི་རྣལ་འབྱོར་པ་ལ་དྲོད་རྟགས་དང་ཉམས་མྱོང་གོང་འཕེལ་ཇེ་བཟང་རེད་རྒྱུ་ཡོད་ན་ཡང་། ཡེ་ཤེ་རང་གི་ངོ་བོ་འཇིགས་འབྲལ་འཕོ་འགྱུར་མེད་པ་རྡོ་རྗེའི་དཔེས་མཚོན་པས་ན། དུས་གསུམ་མཉམ་ཉིད་བྲི་གང་དང་བྲལ་བའི་ཡེ་ཤེས་ཡིན། གནས་ཚུལ་རང་བྱུང་གི་ཡེ་ཤེས་ཉིད་ལས་ཏིལ་འབྲུ་ཙམ་ཡང་མ་གཡོས་ཅིང་། སྣང་ཚུལ་ཆོས་ཅན་སེམས་ཀྱི་ཆོས་ཉིད་དུ་བཞུགས་པ་ཡིན། ཀུན་རྫོབ་རྒྱུའི་ཐིག་ལེ་དང་དོན་དམ་འོད་གསལ་གྱི་ཐིག་ལེ་གཉིས་རྟེན་དང་བརྟེན་པའི་ཚུལ་གྱིས་འབྲེལ་ཡོད་པའི་དབང་གིས་ཐབས་ལམ་དང་གྲོལ་ལམ་གྱི་ལམ་གནད་ཇི་བཞིན་གནད་དུ་འཁྱོལ་སོང་དུས། ཕུང་ཁམས་ཀྱི་འགྱུར་བ་ཐམས་ཅད་འགྱུར་མེད་ཡེ་ཤེས་ཀྱི་དབྱིངས་སུ་སྡོམ་རྒྱུ་འདི་ཕྱི་ནང་གཞན་གསུམ་དེ་ཁོ་ན་ཉིད་དང་བཅས་པའི་ཚུལ་དུ་འགལ་མེད་གནད་གཅིག་ཏུ་བསྡུ་ཐུབ་པའི་གནད་ལ་ཐུག་པ་རེད། དཀའ་གནད་དེ་ཚོ་དམ་པ་གོང་མས་གལ་ཆེན་གནད་ཆེན་ཡིན་གསུངས་པའི་གསུངས་རྒྱུན་ལྟར་ཞུས་པ་རེད། ལམ་ཁྱེར་བཞིའི་ནང་གི་གཉིས་པ་དེ་ལྷ་ལམ་ཁྱེར་དེ་རེད། ལྷ་ལམ་ཁྱེར་འདི་རང་སེམས་དབྱིངས་དང་ཡེ་ཤེས་དབྱེར་མེད། གདོད་ནས་དག་པ་ཟུང་འཇུག་ལྷ་སྐུའི་ངོ་བོར་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་། ཁྱད་པར་དུ་གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་ལམ། ཡང་ན་དཀྱིལ་འཁོར་ཆེན་པོའི་གཙོ་བོ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་ཡི་དམ་གྱི་ལྷ་སྐལ་དུ་བབས་པའི་ལྷ་དང་རང་སེམས་དབྱེར་མེད། སྣང་བ་ལྷ་དང་ལྷ་མོ། སྣོད་བཅུད་སྐུ་དང་ཞིང་ཁམས་སུ་ཁྱེར་ཤེས་དགོས་པ་རེད། དེའི་སྟེང་ནས་སྙིང་པོ་ལམ་ཁྱེར་གསུངས་ནི་རེད། སྙིང་པོ་སྔགས་ཡིན་ན་རིགས་ཀྱི་ལྷ་མེ་ཏོག་ཕོག་པའི་ལྷ་དང་ནི། ཡང་ན་བསྐྱེད་སྔགས། དུས་གྲངས་མཚན་མའི་རྟགས་ཚད་ལོང་བར་བཟླ་དགོས་ནི་རེད། དེ་བཟླ་བཞིན་དུ་གྲག་སྟོང་གཞོམས་མེད་སྔགས་ཀྱི་རང་སྒྲར་ཤེས་པའི་ལམ་ཁྱེར་ཟེར་དགོས་གི། དེ་ནས་བསླབས་པ་ལམ་ཁྱེར་གསུངས་དུས་སྔགས་ཀྱི་སྐབས་དབང་ལམ་ཁྱེར་གསུངས་པ་རེད། དེས་ན་བཞི་པ་དེ་དབང་ལམ་ཁྱེར་ཡིན་ནི་རེད། དབང་ལམ་ཁྱེར་ལ་རྩ་བ་དང་ཡན་ལག་གིས་བསྡུས་པའི་དབང་གི་སྡོམ་པའི་ངོ་བོའམ་དམ་ཚིག་གི་རྣམ་བཞག་སྲུང་རྒྱུ་དང་ནི། དབང་ནི་ལྷ་ལས་མི་ཞུ་བླ་མ་ལས་ཞུ་གསུངས་རྒྱུའི་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པའི་བྱིན་བརླབས་ཀུན་གྱི་རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་ནུས་བྱིན་འདུ་བ་ཡིན་པས་ན། བླ་མ་ལ་དད་གུས་དང་མཆེད་ལྕམ་ལ་གདུང་སེམས་རྒྱུན་མི་འཆད་པ་དགོས་ཞེས་གོང་ནས་གསུངས་པ་དེ་རེད། སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དེ་སྒྲར་གྲག་རླུང་སྔགས་ཡི་གེའི་རྣམ་རོལ་དང་ནི། དྲན་རྟོག་ཐམས་ཅད་ཆོས་ཉིད་མཉམ་པའི་ལྟ་སྒོམ་སྤྱོད་པ་ལས་མཉམ་རྗེས་ཐམས་ཅད་དུ་མི་འདའ་བར་བསླབས་པ་དེ་རེད། དེ་ནས་འགག་དྲུག་བཤད་དགོས་པ་རེད། གང་གིས་གང་ལ་གང་ཞིག་ལ་སོགས་པ་ཡིན་ན་འདི་རྣམས་སྔོན་བྱུང་དང་རྗེས་འཇུག་གི་དབང་རྣམ་པ་གཉིས་རེར་སྦྱར་ནས་གསུང་ཐལ་ཡིན་ན། འདིའི་དབང་ཆོག་གང་དུ་སྐུར་བའི་གནས་སྔོན་བྱུང་ལ་སྤྱིར་ཡེ་ཤེས་རང་སྣང་ལས་གྲུབ་པའི་གནས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དེ་རོལ་བ་འགགས་མེད་ཀྱི་ཆུ་བོར་བྱས་ཏེ་བསྐུར་ནི་ཡིན་ན། བྱེ་བྲག་ཚུལ་བསྟན་ལ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་དགའ་ལྡན་ལྷ་ཡི་ཡུལ་ནས་གསུངས། ནང་དབང་འབྱུང་བའི་ཆུ་བོ་དེ་རྒྱ་གར་འཕགས་པའི་ཡུལ་གྱི་ཆུ་བོ་ནེ་རན་ཛ་ནའི་འགྲམ་དང་ནི། སྒྲུབ་དབང་གྲགས་པའི་ཆུ་བོ་དེ་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་། གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀ་དབང་སྒྱུར་གྱི་ཁོང་གསེང་ནས་གསུངས་ཞེས་གསུངས་པ་རེད། རྗེས་འཇུག་གི་སྐབས་སུ་འདི་ནས་པད་མ་མེ་ཏོག་འཇའ་ཚོན་གྱི་ཚལ་ཞེས་གསུངས་པ་འདི་གསང་སྔགས་གང་ནས་འབྱུང་བའི་གནས་ཆེན་ཨོ་རྒྱན་གྱི་ཡུལ་ཞིག་ལ་ཕལ་ཆེར་གོ་རྒྱུ་ཡིན་རྒྱུ་རེད་བསམ་གི་ཡོད། ད་ང་ཚོས་ཨོ་རྒྱན་གྱི་ཡུལ་ཟེར་ཡོང་དུས་དེང་དུས་ཨ་ཧྥིས་གྷན་ན་སུ་ཐན་ཞེ་ལ་ཤར་ནས་སེམས་ཤི་འགྲོ་མི་དགོས་གི། ད་རྒྱ་གར་ལ་འཕགས་ཡུལ་ཟེར་ནི་རེད་མོད་དེང་དུས་ཀླ་ཀློས་བཟུང་ནས་དུས་ཡུན་ཐུང་ཐུང་མ་རེད་ཡིན་ན། ད་འདི་སྔོན་བྱོན་དང་རྗེས་འཇུག་གི་གསུངས་པ་རེད་མ་གཏོགས། དེ་ཕྱི་ནང་གསང་བ་དང་སྦྱར་ཡོང་ན་ད་དུང་ཨོ་རྒྱན་དྷུ་མ་ཐ་ལའི་ཞིང་ཁམས་ཡང་། རང་ལུས་རྡོ་རྗེ་ཕུང་པོའི་རྩ་ཁམས་ཀྱི་ཞིང་དང་ཉེ་ཞིང་ལས་མ་འདས་པ། རང་སྣང་སྐུ་གསུམ་རོལ་བའི་ཞིང་ཁམས་དེ་ཇི་ལྟར་བྱས་ན་ཐག་རིང་ནས་བཙལ་རྒྱུ་ཅན་ཞིག་མ་རེད་ཡིན་ན། གང་དུ་གང་གིས་གང་ལ་གསུངས་པ་ལས། གང་གིས་སྐུར་བའི་སློབ་དཔོན་དེ་སྔོན་བྱུང་ལོངས་སྐུ་དང་སྤྲུལ་སྐུའི་སངས་རྒྱས་དང་། རྗེས་འཇུག་ལ་སློབ་དཔོན་རོ་ལང་བདེ་བའི་དངོས་གྲུབ་ཀྱིས། གང་ལ་སྐུར་བ་སྔོན་བྱུང་ལ་ལྷའི་བུ་དམ་པ་ཏོག་དཀར་དང་ནི་མིའི་རྒྱལ་བུ་དོན་ཀུན་གྲུབ་པ་དང་། གསང་བདག་སོགས་ལ་གསུངས་པ་རེད། ད་དུང་རྗེས་འཇུག་གི་དབང་དུ་ན་ཨོ་རྒྱན་གྱི་རྒྱལ་པོ་སོགས་གོང་དུ་གསུངས་པ་དེ་དག་རེད། གང་སྐུར་བའི་དབང་ནི་སྔོན་བྱུང་ལ་འབྲས་དབང་རྫས་ལ་བརྟེན་ནས་ཆུ་བོ་བཞི་དང་། རྗེས་འཇུག་ལ་ཕྱི་ནང་སྒྲུབ་གསང་བཞིའི་སུམ་བཅུ་རྩ་དྲུག་པོ་དེ་སྐུར་བ་རེད། ཅིའི་ཕྱིར་རམ་ཅིའི་དོན་དུ་སྐུར་ན་སྔོན་བྱུང་ལ་མཐར་ཐུག་གི་འབྲས་དབང་དང། རྗེས་འཇུག་ལ་མཚོན་ན་མི་ལུས་ལྷ་རུ་སྒྲུབ། རྟོག་ཚོགས་ཆོས་ཉིད་དུ་དག་ཆེད་དུ་བསྐུར་བ་རེད། དེ་ལྟར་དབང་བསྐུར་བའི་དགོས་པ་གང་ཡིན་ཞེ་ན། དབང་བསྐུར་བ་དེ་ཐོབ་རྒྱུའི་དགོས་པ་ཅན་རེད། དེ་ཡང་སྔོན་བྱུང་ལ་རྫོགས་སངས་རྒྱས་པའི་ཡེ་ཤེས་མངོན་དུ་མཛད་ཅིང་འགྲོ་དོན་རྒྱུན་མི་འཆད་པ་དང་ནི། རྗེས་འཇུག་ལ་རྒྱུད་མ་སྨིན་པ་སྨིན། སྨིན་པ་གྲོལ་བར་བྱེད་པའི་ཆུ་བོ་བཞི་རྫོགས་ཀྱིས་ལམ་ལྔ་ཡོངས་སུ་རྫོགས་ནས་མཐར་ཐུག་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་འཐོབ་པའི་དགོས་པ་ཅན་ཞིག་རེད། སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་རེད། ངང་སྒོམ་ཆུང་བ་ལྷ་སྒོམ་རྒྱུ་བོ་ཡིན། ངང་སྒོམ་འབྲིང་བ་དང་ཆེན་པོ་མན་ངག་སྒོམ་པ་ཡིན་ཞེས་གོང་དུ་གསུངས་པ་ལྟར་རེད། ནང་དབང་འབྱུང་བའི་ཆུ་བོ་དང་འབྲེལ་བ་མ་ཧཱ་ཡོ་ག་དང་ཐུན་མོང་བའི་སྒོམ་ཐབས་ཁར་སང་གོང་དུ་བཤད་པ་ལྟ་བུ་རེད། ངང་སྒོམ་འབྲིང་བོ་དང་སྒྲུབ་དབང་གྲགས་པའི་ཆུ་བོ་དེ་རིང་སྐུར་ནི་བོ་དང་འབྲེལ་བ་ཨ་ནུའི་ཐུན་མིན་གྱི་ངང་སྒོམ་ཆེན་པོ་གསུང་ནི་བོ་མ་ཧཱ་ཡོ་གའི་ལམ་གནད་ཐམས་ཅད་ཚུར་བསྡུ་ན། སྣང་སྲིད་དག་མཉམ་གྱི་དགོངས་སྤྱོད་སྣང་བ་ལྷ་རུ་སྒྲུབ་པའི་གནད་ལ་ཐུག་པ་རེད། དེ་ལ་མ་བརྟེན་པར་ལམ་གང་སྒྲུབ་གཟུགས་བརྙན་ཙམ་དུ་འགྱུར་རྒྱུ་དང་ནི། ཨ་ནུ་ཡོ་གའི་མཚན་བཅས་ལྷ་ཡི་རྫོགས་རིམ་སྒྱུ་མའི་ལྷ་སྐུར་གྲུབ་པ་ནས་མཚན་མེད་གཉུག་མའི་ཡེ་ཤེས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཁོང་ནས་ཤར་བ་དང་ལྷན་དུ། འཁོར་འདས་རོ་མཉམ་དག་པ་ཆེན་པོའི་རྩལ་སྣང་དང་འབྲལ་མེད་བྱ་རྒྱུ་བོ་གདམས་ངག་ངང་སྒོམ་གྱི་སྙིང་པོ་དེ་རེད། དེ་ནས་སང་ཉིན་ནས་ཡན་ལག་གི་དཀྱིལ་འཁོར་ནས་མན་ངག་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་གདུལ་བྱ་དབང་རྣོན་གྱི་སྒོས་སྐལ་དུ་གྱུར་བ་ཨ་ནུའི་རྫོགས་རིམ་ཨ་ཏི་དང་འབྲེལ་ཏེ་སྐུར་རྒྱུ་རེད། འདིའི་མཚམས་ནས་དེ་རིང་ཚོགས་ཆེན་འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ཀྱི་ལུང་འདོན་ཚར་བ་ཞིག་བྱེད་དགོས་གི། ཞེས་གསུངས་ནས་ལུང་གནང་སོང་།

འདུས་མདོའི་གསང་དབང་རྫོགས་པའི་ཆུ་བོ་གནང་བའི་རྗེས་སུ་ཕེབས་པའི་གསུང་འཕྲོས།

ད་གོང་གི་དེ་ཡན་མདོ་དབང་རྩ་བ་དང་ཡན་ལག་གཉིས་གཅིག་ཏུ་དྲིལ་ནས། མ་བུ་མཉམ་སྡེབ་ལྟ་བུའི་རྩ་བ་དང་ཡན་ལག་གཅིག་རྒྱུན་གཅིག་གིས་འཚོབ་པའི་འདོར་ལེན་ཅན་གྱི་ཕྱག་བཞེས་ལས། དུས་སྐབས་འདི་ནས་གསང་དབང་རྫོགས་པའི་ཆུ་བོ་སྐུར་བ་རེད། འདི་སྐུར་བའི་ཐོག་མར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དབང་དེ་ལུས་ལ་སྐུར་བ་ཡིན་ན། འདི་ཨ་ཏིའི་གསང་དབང་དང་ཤེར་དབང་མཚོན་པའི་དོོད་ཐུབ་ཅིག་རེད། ཨ་ནུའི་ཐེག་པ་འདིའི་རྫོགས་རིམ་རྫོགས་པ་ཆེན་པོའི་མཆོག་དབང་གོང་མ་དང་མཐུན་པར་བསྐུར་ནས་འདིའི་གསང་དབང་ཐོབ་པར་བྱས་པ་རེད། གསང་དབང་འདིའི་དག་བྱ་གང་ཞིག་དག་ན་གོང་ནས་གསུངས་པ་ལྟར་གཙོ་བོ་ཉོན་སྒྲིབ་དང་། ངག་དང་ཐིག་ལེའི་སྒྲིབ་པ་དག་པ་ཡིན། དབང་འདི་ཐོབ་ནས་ལམ་གང་སྒོམ་པར་དབང་ན་གཏུམ་མོ་དང་རླུང་གི་རྣལ་འབྱོར་སྒོམ་པ་ལ་དབང་གསུངས་པ་རེད། འདིས་འབྲས་བུ་ཅི་ཞིག་ཐོབ་ན་འབྲས་བུ་གསུང་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་འགྱུར་བར་བྱེད་པ་རེད། དེ་ཡི་སྟེང་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་གཙོ་བོར་ཤེས་སྒྲིབ་དག་ཡིད་དང་ཐིག་ལེའི་དྲི་མ་སྦྱང་། ལམ་དངོས་རིག་ཡིད་ཀྱི་ཕྱག་རྒྱར་བསྟེན་པ་ལ་དབང་ཞིང་། འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱེད་པ་ཡིན་གསུངས་པ་ལྟར་རེད། ད་དེའི་དེ་མ་ཐག་གཉིས་པ་དོན་དམ་བྱང་ཆུབ་སེམས་ཀྱི་དབང་དེ་སེམས་ལ་སྐུར་ནི་རེད། དེ་ཡང་དོན་དམ་སེམས་བསྐྱེད་ཞེས་པ་དུས་རྒྱུན་ནམ་ཡིན་ན་བཤད་པ་ལྟར། དོན་དམ་ཞེས་པ་ཆོས་ཀྱི་དབྱིངས་ལ་གོ་རྒྱུ་དང་། སེམས་ཞེས་པ་འོད་གསལ་བའི་ཡེ་ཤེས་ལ་གོ་རྒྱུ་ཡིན་ཞེས་པའི་གོ་ཕྱོགས་དང་གཅིག་པ་རེད། འདིའི་ཐོག་མར་རིག་པའི་རྩལ་དབང་སྐུར་བ་རེད། ཐོབ་བྱ་རིག་པའི་ཡེ་ཤེས་རང་ལ་ཡོད་པ་དེ་ཉིད། སྐབས་འདིར་དབང་དུས་སུ་ངོ་སྤྲད་པ་དང་མཉམ་དུ། བསྐུར་ཐོབ་བྲལ་བའི་རང་ངོ་མཐོང་དུས་གྲུབ་པ་མཐར་ཕྱིན་གྱི་འབྲས་བུའི་དབང་། དམ་ཚིག་ལ་འདའ་ཉམས་མེད་པ་དང་ནི། སྤྱོད་པ་མ་སྤངས་ལྷུན་གྲུབ། ཕྲིན་ལས་བྱ་རྩོལ་བྲལ་བའི་དབང་དང་བཅས་པ་འབད་མེད་གཞི་རྫོགས་ལ་ཐོབ་པ་ཡིན་གསུངས་པ་ལྟར་ཐོབ་པ་རེད། དེའི་དབང་དེ་ཉིད་བརྟན་པར་བྱ་བ་ལ། དབང་གི་རྒྱུན་མི་འགྱུར་ཞིང་བརྟན་པར་བྱ་བ་ལ་མཚོན་བྱེད་བུམ་པའི་དབང་སྐུར། དེ་མ་སྐྱེས་ཆོས་ཉིད་དག་པ་བུམ་པའི་དབང་གིས། མ་འགག་བདུད་རྩིའི་ཆབ་རྒྱུན་གྱིས་དབང་སྐུར་བ་ན། ཚོགས་བརྒྱད་དབང་ཡུལ་དང་བཅས་པ་གདོོད་ནས་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནསཔ་དེའི་རང་ངོ་འཕྲོད་པ་དེ་རྒྱུད་ལ་བརྟན་པར་བྱས་པ་རེད། དེའི་རྗེས་འབྲེལ་དུ་ཉམས་མྱོང་གི་བོག་འདོན་དང་། རྟོགས་གོམས་མཐར་ཕྱིན་གྱི་ཡོན་ཏན་ལ་དབང་འབྱོར་ཆེད་དང་། ཨ་དོན་སྐྱེ་བ་མེད་པའི་བྱིན་བརླབས་ལ་བརྟན་པ་ཐོབ་ཆེད་དུ་བླ་མ་རིག་འཛིན་གྱི་དབང་སྐུར་ནས། འདིའི་དབང་སྒྱུར་རིག་པའི་རྩལ་དབང་གི་བྱིན་བརླབ་འཕོ་བའི་ངོ་སྤྲོད་གཟེངས་བསྟོད་དང་བཅས་པ་མཛད་པ་རེད།

འདི་དུས་རིག་པའི་རྩལ་དབང་ཡོངས་སུ་རྫོགས་པར་མཛད་པ་རེད། རིག་པ་རྩལ་གྱི་དབང་ཆེན་ཟེར་བ་འདིས་གཙོ་བོ་བག་ཆགས་ཀྱི་སྒྲིབ་པ་དག་པ་དང་ནི། ལམ་རྣམ་གསུམ་མ་འདྲེས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོར་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་དབང་བ་། འབྲས་བུ་གང་ཡིན་ན་ཡེ་ཤེས་རྡོ་རྗེའི་སྐལ་བ་ཅན་དུ་བྱས་པ་སྟེ་དེ་ལྟ་བུའི་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་དབང་། གསང་དབང་རྫོགས་པའི་ཆུ་བོ་ཡི་སྒོ་ནས་སྐུར་བ་རེད། དབང་དངོས་གཞི་སྐུར་བའི་རྗེས་སུ་སྤྱི་དོན་རྣམ་པ་གསུམ་འོག་མའི་ཐེག་པ་ཐམས་ཅད་ལ་གསུངས་པ་དང་འདྲ་བར། ལམ་ཁྱེར་བཞི། འགག་དྲུག གདམས་ངག་ངང་སྒོམ་དང་བཅས་པ་གོང་ནས་བསྟན་མ་ཐག་ཡིན་ན། འདིའི་གསང་དབང་རྫོགས་པའི་ཆུ་བོ་འདི་རྫོགས་རིམ་རྫོགས་པ་ཆེན་པོ། ཨ་ཏིའི་ལམ་དང་འབྲེལ་བའི་མདོ་རང་གཞུང་གི་ཐེག་དགུའི་དབང་རྫོགས་ཀྱི་སྐབས་ཡིན་པས་ན། ཨ་ནུ་ལ་ཡང་ནང་བསེས་ཀྱི་དབྱེ་བ། ཨ་ནུའི་མ་ཧཱ། ཨ་ནུའི་ཨ་ནུ། ཨ་ནུའི་ཨ་ཏི་དེ་ལྟར་གསུམ་དུ་ཕྱེ་བའི་ཨ་ནུའི་ཨ་ཏི་ཡིན་ནི་རེད། དེ་ལྟར་ན་ཐེག་པ་ལམ་ཁྱེར་ལ་དྲུག་ཏུ་ཕྱེ་བའི་དང་པོ་དེ་འཇུག་སྒོ་རེད། འདིའི་འཇུག་སྒོ་འདི་ཅི་ཡང་འཇུག་ཏུ་མེད་པའི་སྒོ་ནས་འཇུག་ཅེས་པ་ཙམ་ཞིག་གིས་དོན་བསྡུས་ཏེ་ཚིག་ཉུང་ཉུང་ཞིག་གིས་གསུངས་པ་དེ་འདྲ་རེད། དེ་འཕྲོར་སེམས་ལུང་ཆེན་པོའི་མདོ་ལུང་ཚིག་རྐང་གསུམ་ཞིག་དྲངས་ནས་བསྡུས་པར་མཛད་པ་རེད། འདིའི་འཇུག་སྒོ་འཇུག་ཏུ་མེད་པའི་སྒོ་ནས་འཇུག་ཞེས་གསུངས་པ་དེ་ཇི་ལྟར་འཇུག་པ་ཡིན་ན། དབང་གསུམ་པའི་མཚོན་བྱེད་དཔེའི་ཡེ་ཤེས་ཀྱིས་མཚོན་བྱ་གང་ཡིན་པ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་རྫོགས་ཆེན་རིག་པའི་རྩལ་དབང་སྐུར་ནས་འཇུག་རྒྱུ་ལ་གོ་དགོས་གི། གོང་དུ་སེམས་ལུང་ཆེན་པོའི་ལུང་དྲངས་པ་དེ་འདི་རེད། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པའི་དབང་ཞེས་བྱ། །ཞེས་གསུངས་པ་ལྟར། རང་ལ་ཡེ་ནས་ཡོད་པའི་ཡེ་ཤེས་དེ་ཉིད་རང་གིས་མངོན་དུ་བྱ་རྒྱུ་ཕན་གི། འཇུག་བྱ་འཇུག་བྱེད་དང་བྲལ་བ་འཇུག་ཏུ་མེད་པའི་སྒོ་ནས་འཇུག་ཞེས་གསུངས་པ་རེད། འཇུག་སྒོ་རྣམ་པ་གཉིས་ལས་དབང་གི་འཇུག་སྒོ་དེ་དེ་འདྲ་ཞིག་རེད། བྱ་བའི་འཇུག་སྒོའི་གོ་ཕྱོགས་བྱས་ན་རང་ཉིད་ཀྱིས་དེའི་ཞོར་དུ་གོ་བ་བླངས་ན། བྱར་མེད་བྱས་ཆོས་དང་བྲལ་བ་འཇུག་ཏུ་མེད་པའི་སྒོ་ནས་འཇུག་པ་ཡིན་ན། བྱར་མེད་བྱས་ཆོས་དང་བྲལ་བ་བྱ་རྩོལ་བློ་འདས་ལ། བློ་སྤྲོས་བཅས་བྱེད་རྩོལ་ཅན་གྱིས་འཇུག་རྒྱུ་མེད་པར། དེ་ཡང་རང་བཞག་དོན་གྱི་རྣལ་འབྱོར་གྱི་སྒོ་ནས་འཇུག་གསུངས་རྒྱུའི་གོ་དོན་ཡང་འབྱོར་གི་བསམ་ནི་རེད། སྤྱིར་རྫོགས་པ་ཆེན་པོའི་དབང་གི་ཐད་ནས་བཤད་ན། བླ་མེད་སྤྱིའི་དབང་བཞི་ལས་ཁྱད་པར་དུ་བྱས་པའི་དབང་བཞི་བའི་དོན་གྱི་ཡེ་ཤེས་ངོ་སྤྲོད་དང་ནི། ཁྱད་པར་དུ་མན་ངག་སྡེ་ལྟར་ན། དབང་བཞི་པ་ཉིད་ལ་ཡང་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་བཞི་ཡོད་ན། བླ་མེད་ཐུན་མོང་གི་དབང་བཞི་པོ་དང་གྲངས་འདྲ་ན་ཡང་དོན་མི་འདྲ་བ་རེད། དེས་མི་ཚད་པར་རིགས་མཐུན་བླ་མེད་ཀྱི་ཆོ་ག་གཞན་ཡིན་ན་གཅིག་གིས་གཅིག་གི་དོད་ཐུབ་པ་རེད་། རིགས་འདྲེས་དབང་ཞུ་ཚད་ལ་དབང་དུས་ཀྱི་ཡེ་ཤེས་ན་འཕར་རྒྱུ་ལོས་ཡོད་མ་གཏོགས། བླ་མེད་ཐུན་མོང་གི་སྔགས་སྡོམ་རྒྱུད་ལྡན་ཞིག་གིས་རིགས་འདྲའི་དབང་གསར་དུ་ཞུ་དུས་སྡོམ་པ་གསར་ཐོབ་མེད་པ་རེད། ཡིན་ན་ཡང་རྫོགས་ཆེན་མན་ངག་སྡེའི་མཆོག་དབང་གོང་མ་ཞུས་ན་སྔགས་སྡོམ་སྔོན་མེད་གསར་ཐོབ་ཡོད་པར་བཞེད་ནི་རེད། དེ་འདྲ་ཡིན་པས་ན་དབང་གི་ཁ་གྲངས་ཀྱི་ཐད་ནས་བླ་མེད་སྤྱི་ཁྱབ་ལ། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། ཚིག་དབང་དང་བཅས་པའི་དབང་བཞི་ཡོད་ན་ཡང་། ཁྱད་པར་དུ་གྱུར་བ་འདིར་མན་ངག་སྡེའི་སྐབས་སུ་སྒྲ་མཐུན་དོན་འཕགས་ཀྱི་སྒོ་ནས་ཁྱད་པར་ཆེན་པོ་ཡོད་པ་དེ་འདྲ་རེད། དེ་འདྲ་ཡིན་པས་ན་རྫོགས་ཆེན་མན་ངག་སྡེའི་མཆོག་དབང་གོང་མ་ཞུས་ན་སྔགས་སྡོམ་གསར་བ་ཐོབ་རྒྱུ་ཡོད། འདིའི་རིགས་མཐུན་གྱི་བླ་མེད་སྤྱིའི་དབང་ཞུས་ན་སྡོམ་པ་གསར་བ་ཐོབ་རྒྱུ་མེད། ཡོན་ཏན་གྱི་ཐད་ནས་ན་འཕར་རྒྱུ་ཡོད་གསུངས་པ་རེད། དེས་ན་འདིར་རྫོགས་ཆེན་དངོས་གཞིའི་དབང་མིན་ན་ཡང་། འདྲ་རུང་དོན་གྱི་ཐོག་ནས་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་ནང་ནས་བསྐྱེད་དང་རྫོགས་པ་གཉིས་ལས་འཕགས་པའི་རྫོགས་རིམ་རྫོགས་པ་ཆེན་པོའི་དོན་དབང་ཐོབ་པ་རུ་འཇོག་ཆོག་པ་རེད། འོན་ཀྱང་བླ་མེད་ཐུན་མོང་གི་དབང་བཞི་དང་གྲངས་འདྲ་ཡང་དོན་གྱིས་མི་འདྲ་ཞེས་པ་དང། རྫོགས་ཆེན་མན་ངག་སྡེའི་སྤྲོས་བཅས་སྤྲོས་མེད་སོགས་ཀྱི་དབང་བླ་མེད་ཐུན་མོང་ལས་ཁྱད་པར་འཕགས་པའི་སྡོམ་པ་གསར་ཐོབ་ཡོད་ཞུ་རྒྱུ་བོ་གང་འདྲ་རེད་ཟེར་ན། འདིས་ཐམས་ཅད་ནས་ཐམས་ཅད་དུ་ཕྱོགས་འདྲ་བའི་རྫས་གཅིག་ཏུ་བསྡུ་མི་ཐུབ་ཅེས་པའི་དོན་རེད། དེས་ན་སྔར་ཉན་ཐོས་ཐེག་པའི་སྐབས་ཀྱི་དབང་སྐུར་དུས་སྐྲ་བཅད་དེ་མིང་བཏགས། ཆོས་གོས་རྣམ་གསུམ་གཏད་དེ་ཐོས་བསམ་རིམ་ནོད་ཀྱི་སོ་སོར་སྡོམ་ཆོག་དང་འདྲ་བར་དབང་སྐུར་བ་རེད། དེས་སོ་ཐར་གྱི་སྡོམ་པ་དངོས་ཐོབ་པའི་གོ་མི་ཆོད། དེའི་རྒྱུ་མཚན་འདི་སོ་ཐར་གྱི་སྡོམ་པ་སྦྱིན་པའི་ཆོ་ག་རྩལ་འདོན་གྱི་སྐབས་མ་ཡིན་པས། ཐེག་དགུའི་ཆ་རྫོགས་ཀྱི་མ་འདྲེས་དཀྱིལ་འཁོར་གཅིག་ནས་སྔགས་ཀྱི་ཆོ་གས་འདྲ་རུང་གི་ཡོན་ཏན་རྫོགས་པ་སྨིན་བྱེད་དབང་སྐུར་བའི་སྐབས་ཡིན་པས་ན། སོ་ཐར་གྱི་སྡོམ་པ་དངོས་སུ་བྱིན་པ་དང་འདྲ་བ་མ་རེད། དེ་བཞིན་དུ་རྫོགས་རིམ་ཨ་ཏིའི་མཆོག་དབང་དང་འགྲོས་མཐུན་པར་སྐུར་རྒྱུ་འདིས་ཀྱང་། ཕྱིན་ཆད་རྫོགས་ཆེན་མན་ངག་སྡེའི་སྙིང་ཐིག་ཡ་བཞིའི་དབང་མི་དགོས་པར་འདིས་གོ་ཆོད་པ་ཨེ་རེད་ཟེར་ན་ཆོད་པ་མིན་མོད། འདྲ་རུང་ཨ་ནུའི་ཨ་ཏིའི་དབང་འདིས་ཕྱི་སྤྲོས་བཅས་ཀྱི་བསྐྱེད་རིམ་ལ་མི་ལྟོས་པར། ལུས་ཐབས་ཀྱི་རྒྱུ་ལམ་དུ་བྱེད་པའི་བདེ་བ་ཐིག་ལེའི་མན་ངག་དེས་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སྦྱོར་བར་བྱེད་པའི་མན་ངག་དང་དབང་ཐོབ་པ་རེད། དབང་གི་འཇུག་སྒོ་དང་བྱ་བའི་འཇུག་སྒོ་དེ་འདྲ་རེད། འདིའི་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་བསལ་མེད་གསུངས་པ་རེད། ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་གསུངས་ནས། སེམས་ལུང་ཆེན་པོའི་མདོ་ལུང་རྒྱུད་ཚིག་ངོ་མ་དྲངས་པ་སྟེ། རང་བྱུང་ཡེ་ཤེས་རྩལ་མེད་པས། །རྩོལ་མེད་དམ་པ་ཞི་བ་ཡིན། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས་པ་རེད། ལུང་ཚིག་འདིས། སྔགས་བླ་མེད་གསར་རྙིང་ཐུན་མོང་གིས་གཉུག་མའི་ཡེ་ཤེས་གསུངས་ན། དེ་ཁོ་ན་ཉིད་གསུངས་ན། སེམས་ཀྱི་རྡོ་རྗེ་གསུངས་ན། མཁའ་དང་མཉམ་པའི་ཡེ་ཤེས། སྲིད་ཞི་ཀུན་ཁྱབ་ལ་སོགས་པའི་ཚིག་འདྲ་དང་མི་འདྲས་བསྙད་པའི་དོན་བདེ་གཤེགས་སྙིང་པོ་དེ་ལ། འདི་ནས་རང་བྱུང་གི་ཡེ་ཤེས་གསུངས་བ་རེད། རང་བྱུང་གི་ཡེ་ཤེས་ཞེས་པའི་རྒྱུ་མཚན་གཞན་བྱུང་གི་རྒྱུ་ཡིས་མ་བསྐྱེད་ཅིང་རང་བྱུང་རང་ལ་གནས་པ་ཡིན་པས་ན། གཞན་ནས་བཙལ་ཀྱང་འཚོལ་དུ་མེད་པ། རྩོལ་མེད་རང་སར་བཞག་ན། ཆོས་ཅན་སེམས་ཀྱི་རྙོགས་མ་དྭངས་པའི་ཆོས་ཉིད་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་རང་ལ་སྐྱེས་པ་དེའི་ཕ་རོལ་ན་གྲོལ་བ་ཞེས་བྱ་བ་ཞིག་མེད་གསུངས་པ་རེད། ཆོས་ཉིད་ཞེས་པ་དང་། སེམས་ཀྱི་དེ་བཞིན་ཉིད། ད་དུང་མཐའ་བརྒྱད་སྤྲོས་པ་ཀུན་བྲལ། ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས། བདེ་ཆེན་ལྷན་ཅིག་སྐྱེས་པ་ལ་སོགས་པ་གང་བཤད་ན། ཡེ་གྲོལ་སྤང་བླང་ལས་འདས་པའི་ཞི་བ་དམ་པ་དེ་ཉིད་ཡིན་པ་གོ་དགོས། གོང་དུ་རྒྱུད་ཚིག་གི་ལུང་དྲངས་པ་གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས་པའི་གྲོལ་ནས་གྲོལ་ཞེས་པའི་སྒྲ་གཅིག་ཚིག་གཉིས་ཀྱིས་སྐྱར་ཞིང་བཟླས་པ་དེའི་གྲོལ་སྔ་མས་ཅི་ཞིག་བསྟན་ན། འོག་མའི་ཐེག་བརྒྱད་སེམས་ཀྱི་འདུལ་སྦྱོང་ལ་ལམ་དུ་བྱེད་ཅིང་། འབྲས་བུ་ཕྱི་དུས་ལ་རེ་བའི་ཐེག་པ་ཐམས་ཅད་འདིས་འདེགས་པ་ལམ་གྱི་ཐེག་པ་རུ་བསྟན་པ་རེད། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན་ཞེས་པའི་གྲོལ་རྗེས་མ་དེས་ཅི་ཞིག་བསྟན་ན། འདིར་འདེགས་པ་འབྲས་བུའི་ཐེག་པའམ་འབྲས་བུའི་ངོ་བོ་ཐེག་པའི་ངེས་འབྱེད་ལམ་ཞེས་པའི་ཚིག་གིས་བསྟན་པ་རེད། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས་པའི་དོན་དེ་ལྟར་རེད། གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས། མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློ་ཞིག་ལ་ལྟ་བ་གསུངས་པ་རེད། དེས་ན་ཡང་དག་པའི་དོན་མཐོང་བའི་ཆ་ལ་ལྟ་བ་ཟེར་མི་ཆོག་པ་མ་རེད་མོད། དཔེར་ན་མཐོང་ལམ་གྱི་མཉམ་བཞག་ཡེ་ཤེས་ལྟ་བུ་ཞིག་ལ་མཚོན་ན་དེ་ལ་ཡེ་ཤེས་ཀྱི་མིང་གིས་བསྙད་པ་ལས་ལྟ་བ་གསུངས་སྲོལ་མེད་པ་རེད། ཡིན་ན་ཡང་ཡང་དག་པའི་གཟིགས་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་གཟིགས་ངོར་སྣང་རྒྱུ་དེ་དང་མི་མཐུན་པའི་ལྟ་བ་ཡང་དག་ཞིག་འཇོག་དུ་མེད་པས་ན། འཕགས་པའི་མཉམ་བཞག་གིས་ཆོས་དབྱིངས་གཟིགས་པའི་ཚུལ་དེ་སྒྲ་རྟོག་གི་ཡུལ་ལས་འདས་པ་ཞིག་རེད་མོད། མཉམ་བཞག་གི་གསལ་སྣང་ལ་རྗེས་ཐོབ་ཀྱི་ངེས་པ་འདྲེན་ཚུལ་གྱི་དབང་དུ་བྱས་ཏེ་མཚོན་པ་ཚིག་གི་སྒོ་ནས་ལྟ་དོན་མཚོན་པར་བྱེད་པ་རེད། མདོར་ན་ཨ་ནུའི་ལྟ་བ་གང་རེད་ཟེར་ན། དབྱིངས་དང་ཡེ་ཤེས་གཉིས་མེད་བདེ་སྟོང་དབྱེར་མེད་ཀྱི་ལྟ་བ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཏུ་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ལྟ་བ། དེ་ཡང་ཨ་ཏིའི་དགོངས་བཅུད་དང་འབྲེལ་བའི་རིག་སྟོང་དབྱེར་མེད། སྟོང་གསལ་འདུས་མ་བྱས་པའི་ཁྱད་པར་དུ་བྱས་པ་ཞིག་ཡིན་པ་རེད། དེ་ཡན་ཆོད་ལྟ་བ་བཤད་པའི་ཟོལ་རེད།

ད་ཚུལ་ཁྲིམས་ལ་མཚོན་ན་མེད་དང་ཕྱལ་བ་གཅིག་པུ་ལྷུན་གྲུབ་རྫོགས་ཆེན་གྱི་བསྟན་དོན། གོང་དུ་ཚིག་ཟུར་ཞིག་ཡོད་པ་ལྟར་དེའི་དོན་ཀུན་མཁྱེན་ཆེན་པོའི་གནས་ལུགས་རིན་པོ་ཆེའི་མཛོད་དུ། གནད་བཀྲལ་བ་དང་གཅིག འགག་བསྡམ་པ་དང་གཉིས། ཆིང་གིས་བཅིང་བ་དང་གསུམ། ལ་བཟླ་བ་དང་བཞི་བོས་གཏན་ལ་ཕབས་པའི། འདའ་ཉམས་སྲུང་མཚམས་དང་བྲལ་བའི་དོན་ལས་མི་འདའ་བ་དེ། དམ་ཚིག་དང་སྡོམ་པའི་གནད། ཚུལ་ཁྲིམས་ཀྱི་མཆོག སྲུང་བ་མེད་པ་ཚུལ་ཁྲིམས་ཀྱི་མཆོག་དང་རབ་རེད། འདིའི་སྒོམ་པ་གང་དུ་བཤད་པའི་ལྟ་དོན་ལ་དམིགས་གཏད་འཛིན་ཞེན་དང་བྲལ་བའི་ངང་ནས་འཇོག་པ་དེ་རེད། དེ་དང་འབྲེལ་བའི་སྤྱོད་པ་ལ་མཚོན་ན། ཅིར་སྣང་ཆོས་ཉིད་ཀྱི་རོལ་བར་ཤར་བས་བླང་དོར་མཚན་འཛིན་དང་བྲལ་བ་དེ་སྤྱོད་པ། ལྟ་དོན་སྒོམ་པས་སྐྱོངས། སྒོམ་དོན་སྤྱོད་པས་བོག་དབྱུངས་ན། འབྲས་བུ་གང་ཡིན་ན། འཁོར་འདས་མཉམ་ཉིད་དབྱིངས་དང་ཡེ་ཤེས་དབྱེར་མེད། ཤེས་དང་ཤེས་བྱ་རོ་གཅིག་པའི་གཉིས་མེད་ཡེ་ཤེས་ཆེན་པོ་ཡེ་ཤེས་བླ་མའི་སར་སྦྱོར་བ་དང་བཅས་པའི་ལམ་ཁྱེར་བཞིའི་ནང་གི་ཐེག་པ་ལམ་ཁྱེར་དེ་ཙམ་གྱིས་ས་ཁོངས་བཟུང་ན། གཉིས་པ་ལྷ་ལམ་ཁྱེར་རེད། དེ་ནི་ལྷ་སྒོམ་པ་རེད། དེ་ཡང་མ་ཧཱ་དང་ཨ་ནུ་ལྟར་ཡིན་ན་སྔགས་བརྗོད་པ་ཙམ་གྱིས་བསྐྱེད་པ་ཡིན་ནི་རེད། ཨ་ཏི་ལྟར་ན་སྐད་གཅིག་དྲན་རྫོགས་སུ་བསྐྱེད་པ་རེད། འདི་ནས་གཙོ་བོ་ཨ་ནུའི་ཨ་ཏིའི་དབང་དུ་བྱས་པ་ཡིན་པས་ན། སྐད་ཅིག་དྲན་རྫོགས་ཀྱིས་རང་རིག་ཆུ་ལས་ཉ་འཕར་བ་བཞིན་དུ་ཞེས་དཔེ་དེ་ལྟར་བཞག་ནས་གསུངས་ཡོད་ན། དབྱིངས་དང་ཡེ་ཤེས་གཉིས་མེད་བདེ་བ་ཆེན་པོའི་རོལ་པ་ལྷ་སྐུ་ཡབ་ཡུམ་གྱི་རྣམ་པར་ཤར་བ། གསལ་ལ་མ་འདྲེས་ཡོངས་རྫོགས་ཀྱི་རྣམ་པ་འཛིན་མེད་ཀྱིས་ལམ་དུ་བྱེད་དགོས་པ་ཡིན་པས། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རང་གི་ཕུང་ཁམས་སྐྱེ་མཆེད་ལ་འདུ་བས་ན། དེ་ལྟའི་ཆོས་ཐམས་ཅད་གདོད་ནས་དག་པ་ལྷའི་རང་བཞིན་དུ་སངས་རྒྱས་པར་ངེས་པའི་སྒོ་ནས། ལྷའི་གསང་སྔགས་ཆོས་ཉིད་ཀྱི་རང་སྒྲར་གྲགས་ཤིང་བརྗོད་པ་ཙམ་གྱིས། དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་གཅིག་ཆར་དུ་གསལ་འདེབས་པ། སྔགས་ཙམ་གྱིས་བསྐྱེད་པ་དང་སྐད་ཅིག་དྲན་རྫོགས་ཀྱིས་གསལ་བ་གཉིས་ཀའི་མན་ངག་གཅིག་འདུས་ཀྱི་བདག་ཉིད་ཅན་ཞིག་རེད། གསུམ་པ་སྙིང་པོ་ལམ་ཁྱེར་རེད། སྙིང་པོ་ཞེས་པ་སྔགས་རེད་འདིའི་སྐབས་སྤྱི་མདོའི་ལུང་ཞིག་དྲངས་ནས། ཨ་ཧཱུྃ་ཨཱོྃ་གྱིས་གསུངས་པ་རེད། ཨ་མ་སྐྱེས་གསང་བའི་ཡི་གེ་དེས་སྣང་སྲིད་ཐམས་ཅད་སྐྱེ་མེད་དུ་ངོ་སྤྲད། ཧཱུྃ་སེམས་ཉིད་ཡི་གེའི་རང་བཞིན་གྱིས་འགགས་མེད་དུ་ངོ་སྤྲད། ཨཱོྃ་རྒྱལ་བ་ཡི་གེའི་རང་བཞིན་ཡིན་པས་རང་བཞིན་གྱིས་ཕྱག་རྒྱར་རྫོགས་པར་གཉིས་མེད་དུ་ངོ་སྤྲད། དེ་ལྟར་མདོར་ན་རླུང་འབྱུང་འཇུག་ལྡང་གསུམ་མམ་རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་སྔགས་ཀྱི་གདངས་སུ་འཆར་བས་བཟླ་བར་བྱ་བ་ཞེས་དེ་ལྟར་གསུངས་པ་རེད། དེའི་ཕྱིར་ན་སྔགས་ཀྱི་རྒྱུ་ཡི་གེ་ཡིན་པ་རེད། ལུས་གནས་རྩ་ཡི་ཡི་གེ་དེ་ལུས་ཀྱི་རྩ་འདབས་སོ་སོར་ཨོྃ་ཨཱ་ཧཱུྃ་སོགས་སུ་གནས་པ་དང་། དེའི་ངོ་བོ་གྲུབ་པ་བཞི་ལྡན།འབྲས་བུ་ནུས་པ་ཐོགས་མེད་དང་ལྡན་པ་ཡིན་པ་རེད། དེས་ན་རླུང་སྔགས་དབྱེར་མེད་དུ་བཟླ་བ་སྙིང་པོའི་ལམ་ཁྱེར་ཡིན་གསུངས་པ་རེད། བཞི་བ་དབང་ལམ་ཁྱེར་རེད། ཐུན་མོང་ཐེག་པའི་སྐབས་སུ་བསླབ་པ་ལམ་ཁྱེར་གསུངས་པ་དང་། སྔགས་ཀྱི་སྐབས་སུ་དབང་ལམ་ཁྱེར་དང་གཞི་མཐུན་དུ་ཡོད་པའི་དམ་ཚིག་དང་སྡོམ་པ་ཇི་ལྟར་སྲུང་བའི་སྐོར་དེ་རེད། གསང་དབང་རྫོགས་པའི་ཆུ་བོ་རྣམ་གཉིས་ཡིན་ན་དེ་དང་རྗེས་སུ་འབྲེལ་བའི་རྫོགས་རིམ་ཟབ་མོའི་རྣལ་འབྱོར་ལ་རང་རང་སྐབས་ནས་གསུངས་པ་ལྟར་དུ་སློབ་གསུངས་པ་དང་། དམ་ཚིག་སྲུང་གསུངས་པ་རེད། འདིའི་རྫོགས་རིམ་རྫོགས་པ་ཆེན་པོ་ཡིན་ནི་རེད། རྫོགས་པ་ཆེན་པོ་ཞེས་པ་ཇི་ལྟར་ཡིན་ན། མདོ་སྡེ་དཀོན་བརྩེགས་ཀྱི་ཆོས་ཀྱི་རྣམ་གྲངས་སུ། བཅོམ་ལྡན་འདས་ཀྱིས་ཞི་བའི་བློ་གྲོས་ལ་གསུངས་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ཡིན་གསུངས་ཡོད་པ་རེད། དེ་རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་བོ་རྫོགས་ཆེེན་ཞེས་གསུངས་ན་དེ་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ཡིན་གསུངས་ཀི་ཡོད་ནི་རེད། རྩ་རླུང་ཐིག་ལེའི་བྱེད་རྩོལ་གྱིས་དྲངས་པའི་བདེ་གསལ་མི་རྟོག་པ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཀུན་གཞི་ཚོགས་བརྒྱད་ལས་ལོག་པ་ཞིག་ཡིན་དགོས་པ་རེད། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ་གསུངས་པ་རེད། ཚོར་བ་བདེ་བར་རློམ་པ་ཙམ་ཞིག་ཡིད་དང་ཉོན་ཡིད་ཀྱིས་བསྐྱེད་པ་རེད། དྭངས་མ་ཕྱེད་པའི་སེམས་རྟོག་མེད་ཞིག་ཡོད་པ་དེ་ཀུན་གཞི་རེད། ཀུན་གཞིའམ་ཀུན་གཞིའི་རྣམ་ཤེས་ལས་མ་འདས་པ་རེད། དཔེར་ན་ཀུན་གཞི་དེ་ལས་ཅུང་ཟད་གསལ་ཞིང་དྭངས་པ་ཡུལ་མངོན་གསལ་དུ་མ་གྱུར་བ་དེ་ཀུན་གཞིའི་རྣམ་ཤེས་ཡིན་པ་རེད། དེའི་ཐོག་ནས་གཟུགས་ལ་སོགས་པའི་ཡུལ་ལྔ་རགས་པ་དབང་ཤེས་སོ་སོ་ལ་སྣང་བ་དེ་སྒོ་ལྔའི་རྣམ་ཤེས་རེད། དེ་དག་ཐམས་ཅད་ལས་མ་གྲོལ་ན་འཁོར་བའི་སེམས་ལས་འདའ་མི་ཐུབ་པ་རེད། འཁོར་བའི་སེམས་དེ་ལས་འདའ་མ་ཐུབ་ན་ཁམས་གསུམ་ལས་གཅིག་མིན་ན་གཅིག་ལ་མི་གོལ་བར་གང་དུ་འགྲོ། དེའི་རྩ་བ་ཕལ་ཆེ་བ་ཡང་རླུང་ལ་ཐུག་པ་ཡིན། རླུང་འདིས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡང་བསླུ་བར་བྱེད་ཅེས་གསུངས་པ་རེད། རིགས་དྲུག་འགྲོ་བའི་རྩ་འདབ་ལ་རླུང་སེམས་ཞུགས་ན། མ་དག་འཁྲུལ་བའི་སྣང་བ་འཆར་རྒྱུ་དེ་ཚོ་གོལ་དང་མི་གོལ་གྱི་གནད་ལ་ཐུག་ཡོད། དེས་ན་སེམས་ཉིད་དབྱིངས་དང་ཡེ་ཤེས་གཉིས་མེད། གདོད་ནས་མ་སྐྱེས་པའི་ཆོས་ཉིད་ཨ་ཡིག་གི་རྣམ་པས་མཚོན་པར་བྱས་པ་གོང་ནས་ངོ་སྤྲད་པའི་གཏམ་དེ། རིག་པ་བདེ་གསལ་རྩིས་གདབ་དང་བྲལ་བའི་ངང་ལ་ལྷོད་ཀྱིས་བཞག་ཏེ། དེ་ཀའི་ངང་ལ་ཅེར་གྱིས་བལྟས་པ་ན། བདེ་གསལ་མི་རྟོག་ཙམ་དུ་ཡང་དམིགས་སུ་མེད་པ་སྨྲ་བསམ་བརྗོད་པ་ཀུན་ལས་འདས་པའི་དོན། དེ་ཇི་ལྟ་བུ་ཞིག་ཡིན་ན་དྭངས་ལ་མི་གཡོ། གསལ་ལ་མི་རྟོག རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཞིག་ཡིན་ཞེས་ཚིག་གིས་དེ་ལྟར་ངོ་སྤྲད་པ་རེད། རང་སངས་རང་རིག་ཏུ་ཤར་བ། སྤྲོས་པ་ཐམས་ཅད་དང་བྲལ་བར་ཡོད་པ་དེ། དབྱིངས་རིག་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཡིན་ཞེས་འདིའི་ཐེག་པའི་རང་ལུགས་ལ་དེ་ལྟར་བཤད་པ་རེད། དེའི་ངང་དུ་ལས་རླུང་རང་ཞི་ལ་བཞག་དུས། ངོ་བོ་རང་དག་ལ་སོང་། ལུས་གནས་འོད་རྩའི་ཡེ་ཤེས་ཀྱི་རླུང་རང་ས་ནས་གསལ་ཡོང་བ་ན། སྐུ་དང་ཞིང་ཁམས་འོད་དང་ཐིག་ལེ་སོགས་དག་པ་ཡེ་ཤེས་ཀྱི་སྣང་བ་ཤར་བ་ཡིན། དེའི་སྐབས་མ་དག་འཁྲུལ་བའི་སྣང་བ་འཆར་བའི་སྐབས་མི་ཕྱེད་པར་མ་ཟད། དབུ་མའི་འོད་རྩ་དེ་ཉིད་འཕེལ་བ་དང་རྩ་ཡི་མདུད་པ་གྲོལ་རིམ་བཞིན། ས་ལམ་མངོན་རྟོགས་དེ་བཞིན་འཆར་བ་ཡིན་དེ་ཚོ་གསུངས་པ་རེད། དེ་ལྟར་ཡིན་པ་དེས་ན་སེམས་རང་བབས་སུ་བཞག་པ་འདིས་རྩ་རོ་རྐྱང་གཉིས་ཀྱི་རླུང་གི་རྒྱུ་བ་མར་རང་ཤུགས་ཀྱིས་ཞན་ཡོང་པ་རེད། དེ་ཐུབ་དུས་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་རང་ཤུགས་ཀྱི་མི་འོང་ཐབས་མེད་ཡིན་པས། འདི་ལ་འོག་མའི་རྫོགས་རིམ་གྱི་ཡོན་ཏན་ཐམས་ཅད་རྫོགས་པར་ཚང་པ་རེད། རྫོགས་ཆེན་གྱི་སྒོམ་ལ་བསྐྱེད་རིམ་སྔོན་སོང་མི་དགོས་པ་དང་། འོད་གསལ་འཆར་དུས་དབང་པོའི་གསལ་ཆ་ནུབ་མི་དགོས་པར་མཉམ་བཞག་སྣང་བཅས་ཡིན་པ་ཡང་འདིའི་ཁྱད་ཆོས་ཡིན་པ་རེད། དེས་དབང་ལམ་ཁྱེར་དང་བཅས་ལམ་ཁྱེར་བཞིའི་བཤད་པའི་ས་ཁོངས་བཟུང་ནི་རེད། སྤྱི་དོན་གཉིས་པ་འགག་དྲུག་བཤད་པ་དེ་རེད། གང་དུ་གང་ལ་གང་གིས་གང་ཞིག་ཅིའི་ཕྱིར་དགོས་པའི་དབང་གིས་གསུངས་པ་ཡིན་ཞེས་སྡོམ་དུ་བཀོད་པ་ལྟར་ལས། འདིའི་གང་དུ་གང་གིས་གང་ལ་གང་ཞིག་རྣམས་སྔོན་བྱུང་དང་རྗེས་འཇུག་གཉིས་ཀྱིས་ཕྱེ་སྟེ་བཤད་རྒྱུ་ཞིག་རེད་ཡིན་ན། གང་དུ་སྐུར་བའི་གནས་ནི་སྔོན་བྱུང་ལ་འདིར་འོག་མིན་ཆོས་ཀྱི་དབྱིངས་གསུངས་པ་རེད། སྤྱིར་ན་འོག་མིན་ཞེས་པའི་ཚིག་འདི་མདོ་སྔགས་ཀྱི་སྐབས་སུ་ནམ་ཡིན་འབྱུང་རྒྱུ་ཅན་རེད། འོག་མིན་ཅེས་པའི་ཚིག་འདི་འདྲ་གཞི་གཅིག་ལ་དོན་གྱིས་མི་འདྲ་བའི་དབྱེ་ཆོས་མང་དུ་ཡོད་པ་རེད། གནས་སུ་གྱུར་བ་གང་ཞིག་དེའི་གོང་ན་ཆེས་འཕགས་པའི་གནས་གཞན་མེད་པ་འོག་མིན་ཙམ་གྱི་མཚན་ཉིད་ཡིན་གསུངས་པ་ཡིན་ན། འདི་ལ་ཆོས་ལོངས་སྤྲུལ་སྐུའི་འོག་མིན་གྱི་རྣམ་དབྱེ་ཡོད་པ་དང་། མཐར་ཐུག་བགྲོད་བྱའི་གནས་ཡིན་པ་གང་ཞིག་གཟུགས་སྐུ་གཉིས་ཀྱི་འཆར་གཞིའི་རྟེན་བྱེད་པ་ཆོས་སྐུའི་འོག་མིན་གྱི་མཚན་ཉིད་ཅེས་གསུངས་ས་ཡང་ཡོད། ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་འོག་མིན་དེ་ཉིད་ལ། རྗེས་འཇུག་ཏུ་དབང་དང་སྒྲུབ་པའི་གནས་ཀྱི་མཚན་ཉིད་ཐམས་ཅད་ཚང་པ། དེ་ལ་ཡང་འོག་མིན་གཉིས་པ་ཟེར་ཆོག་པ་རེད། གང་གིས་སྐུར་བའི་སློབ་དཔོན་ནི་སྔོན་བྱུང་དུ་ཀུན་ཏུ་བཟང་པོ་སོགས་གསུངས་རྒྱུའི་སོགས་སྒྲས་ཅི་ཞིག་བསྟན་ན། རྡོ་རྗེ་འཆང་ཆེན་དང་རྡོ་རྗེ་སེམས་དཔའ་སོགས་སུ་བཞེངས་པའང་བསྡུས་ནི་རེད། གང་གི་གནས་ཀྱང་ངེས་པ་ལྔ་ལྡན་སྣང་བའི་གནས་སུ་གྱུར་བ་ལོངས་སྐུའི་འོག་མིན་སོགས་སུ་ཡང་སྦྱར་ཆོག་ས་རེད་སྙམ། རྗེས་འཇུག་ཏུ་བརྒྱུད་པའི་བྱིན་བརླབས་དང་བརྒྱུད་པའི་བབས་སོ་དང་ལྡན་པའི་བླ་མ་དམ་པ་གང་གིས། གང་ལ་བསྐུར་བའི་སློབ་མ་སྔོན་བྱུང་འཁོར་ཡེ་ཤེས་རྒྱ་མཚོ་ཞེས་གསུངས་ན། ཡེ་ཤེས་རྒྱ་མཚོ་ཞེས་པའི་ཚིག་འདིས། ཡེ་ཤེས་རྒྱ་མཚོའི་འཁོར་ལ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་གིས་གསུངས་པའི་སོགས་ཁོང་དུ། སྨིན་པ་རྒྱ་མཚོའི་ཚོགས་དང་ས་ཆེན་སེམས་དཔའི་ཚོགས་ལ་ལོངས་སྐུ་དགོངས་པ་བརྡ་ཡིས་གསུངས་པ་བསྟན་ནི་རེད་སྙམ། རྗེས་འཇུག་ལ་སྐལ་ལྡན་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་བསྐུར་ནི་རེད། གང་བསྐུར་བའི་དབང་ནི་སྔོན་བྱུང་འབྲས་དུས་ཀྱི་དབང་། སྤྱིར་ན་དབང་གི་ཡོན་ཏན་དག་ཚུར་བསྡུ་ན་ཡོན་ཏན་ཀུན་ལྡན་གྱི་འབྱུང་གནས་ཡིན་པ་དང་། གོ་འཕང་གི་རིམ་པ་ཐམས་ཅད་འཐོབ་བྱེད་ཀྱི་རྒྱལ་བོ་ལྟ་བུ་ཡིན་ན། འབྲས་དབང་འཐོབ་པ་དེ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས་ཏེ། ས་ལམ་གྱི་མངོན་རྟོགས་མཐར་ཕྱིན་པའི་ཟུང་འཇུག་སྐུ་བཞིའི་ཡེ་ཤེས་ལ་མངའ་དབང་འབྱོར་བ་དེ་ལ་འཇོག་རྒྱུ་དང་། རྗེས་འཇུག་ཏུ་གཞི་ལམ་གྱིས་བསྡུས་པའི་དབང་ཞེས་གསུངས་པ་རེད། གཞི་དབང་རང་ལ་ཡོད་པའི་སྦྱང་གཞི་བདེ་གཤེགས་སྙིང་པོ་དེ་ཉིད་ལ་ངོས་བཟུང་དགོས་ནི་རེད། ལམ་དབང་སྦྱོང་བྱེད་སྨིན་གྲོལ་གྱི་ལམ་ལ་བརྟེན་པ་གང་ཡིན་པའམ་ཡང་ན་རྒྱུ་དུས་ཀྱི་དབང་། དང་པོ་བླ་མ་ལས་དངོས་སུ་བླངས་ན་ལམ་དུས་ཀྱི་དབང་ཕྱིས་སུ་རང་ཉིད་ཀྱིས་ཀྱང་ལེན་དུ་རུང་བ། སྔ་རོལ་ས་བོན་བསོས་ཐེབས་ཀྱི་རྒྱུད་ལ་ཡེ་ཤེས་བསྐྱེད་ནས་སྨིན་པར་བྱས་པ་སྨིན་ཟིན་དབང་གི་རྒྱུན་དེ་ཉིད་གོང་ནས་གོང་དུ་སྤེལ་བར་བྱེད་པ་སྐབས་དོན་གསང་དབང་རྫོགས་པའི་ཆུ་བོ་རེད། དེ་དག་གིས་གང་དུ་གང་གིས་གང་ལ་གང་ཞིག་རྣམས་སོང་ནི་རེད། ཅིའི་ཕྱིར་ན་དབང་དེ་བསྐུར་བ་ཡིན་ན། རང་ལ་ཡོད་པའི་རང་ཉིད་ཀྱི་རང་ཞལ་མཐོང་བའི་ཆེད་དུའོ་གསུངས་པ་རེད། གོང་ནས་སྨྲོས་མ་ཐག་པའི་གཞི་དབང་དེ་ཉིད་ལམ་དབང་ལ་བརྟེན་དེ་འབྲས་དབང་ལ་སྦྱོར་བའི་ཆེད་ཡིན་པ་རེད། དེ་ལྟར་བསྐུར་བའི་དགོས་པ་དེ་འགག་དྲུག་གི་ཐ་མ་རེད། འབྲས་བུ་ཕྱི་དུས་ལ་མི་ལྟོས་པར་ད་ལྟ་ཐོབ་པའི་དགོས་པ་ཡོད་ན། གསང་སྔགས་འབྲས་བུའི་ཐེག་པ་འདི་སྒྲ་བཤད་བྱས་ན། མི་མཉམ་པ་དང་མཉམ་པའི་ཐེག་པ་ཞེས་གསུངས་པ་རེད། མི་མཉམ་པ་དང་མཉམ་པའི་ཐེག་པ་ཞེས་པའི་དོན། གང་དང་ཡང་མི་མཉམ་ཤིང་མཉམ་པ་མེད་པ་དེ་མཐར་ཐུག་འབྲས་བུའི་སྐུ་བརྙེས་པའི་དུས་གསུམ་སངས་རྒྱས་རེད། དེ་ལ་བཞག་ན་གསང་སྔགས་མཆོག་ཏུ་འཛིན་པ་ནི་དེ་དག་དང་དགོངས་སྤྱོད་མཉམ་པའི་ཕྱིར་ན་མི་མཉམ་པ་དང་མཉམ་པ་ཞེས་བཤད་པ་རེད། དེ་ལྟར་བཤད་ན་ཡེ་ཤེས་འཆར་ལུགས་གསུམ་གྱི་ནང་ནས། རྒྱུ་འབྲས་ཀྱི་ཐེག་པའི་རྣམ་དབྱེ་འབྱེད་པ་ལ་ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་དེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་ཡིན་པ་དང་། ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་དེ་སྔགས་ཕྱི་རྒྱུད་སྡེ་གསུམ། ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་དེ་སྔགས་ནང་རྒྱུད་བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་གསུམ་ལ་སྦྱར་བ་ན། བསྐྱེད་དང་རྫོགས་པ་གཉིས་ལས་ཀྱང་འཕགས་པའི་རྫོགས་རིམ་རྫོགས་པ་ཆེན་པོ་དེ། སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཡེ་སངས་རྒྱས་པའི་རང་བཞིན་དུ་གཏན་ལ་ཕབས་ནས། བདེ་བ་ཆེན་པོ་བདེ་བ་མཆོག་གི་དགོངས་པ་མ་བཅོས་རྣལ་བཞག་གི་དོན་མངོན་དུ་གྱུར་ཏེ་འབྲས་བུ་མི་སློབ་པ་ཚེ་འདིར་འཐོབ་པའི་དགོས་པ་དང་ལྡན་པ་དེ་འདྲ་ཞིག་རེད། སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་རེད། འདི་ལ་ནང་བསེས་གཉིས་ཕྱེས་པའི་དང་པོ་དེ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་རེད། གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་རེད། དེའི་ནང་གི་དང་པོ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་དེ་ལ་ཡང་གོང་ནས་གསུངས་པ་ལྟར་དུ་སྒྲོལ་མ་བཟུང་བའི་མན་ངག་དང་། བདེ་བ་ཐིག་ལེའི་མན་ངག་དང་གཉིས་ཡོད་གསུངས་ཡོད་པ་ལས། དེའི་དང་པོ་སྒྲོལ་མ་བཟུང་བའི་མན་ངག་དེ་ནི་རྟེན་སྒྲོལ་མ་ཟིན་དུས་བརྟེན་པ་རིག་པ་ཀློང་དུ་ཆུད་ནས། དབྱིངས་རིག་དབྱེར་མེད་ལ་མཉམ་པར་འགྱུར་བ་དང་ནི། ལས་རླུང་དབུ་མར་ཚུད་ན་སྒྲ་གཅན་གྱིས་ཉི་ཟླ་ཟིན་པའི་གཏུམ་མོ་འབར་འཛག་གི་རྣལ་འབྱོར་ལ་རང་བྱན་ཆུད་པའི་དགོས་པ་དང་ལྡན་པར་གསུངས་པ་རེད། འདི་ནས་གསུངས་པ་ལྟར་རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་སྐུའི་ནང་དུ་སྟོང་ཆེན་སྒྲིབ་གཡོག་དང་བྲལ་བའི་དབུས་སུ་རྩ་དབུ་མ་གཡས་གཡོན་དུ་རོ་སྐྱང་གཉིས་ཡས་སྣེ་སྣ་བུག་ལ་ཟུག་ཅིང་མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་དབུ་མར་ཆུད་པར་མོས་ལ་སྤྱི་བོར་བླ་མ་ཡབ་ཡུམ་བསྒོམ་ཏེ་གསོལ་བ་གཏབས། དེ་ནས་ནད་གདོན་སྡིག་སྒྲིབ་རྣམས་སངས་ཀྱིས་དག་པར་མོས་ཏེ་རླུང་རོ་བསལ་ཞེས་གསུངས་པ་རེད། དུས་རྒྱུན་ལྟར་རླུང་རོ་དགུ་ཕྲུགས་སམ་ཡང་ན་སུམ་ཕྲུགས་སུ་དམིགས་པ་དང་བཅས་ཏེ་བསལ། དེ་ནས་ཅུང་ཟད་ངལ་བསོས་ནས། ངལ་སོས་པ་ན་བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་རྔུབ་ནས། སྲོག་ཐུར་ལྟེ་འོག་ཏུ་ཁ་སྦྱར་ཏེ་མ་ཡེངས་པར་བཟུང་བས། རླུང་དབུ་མའི་ནང་དུ་ཞུགས་ནས་གསལ་བདེ་མི་རྟོག་པའི་ཉམས་སྐྱེས་པར་སྒོམ། ཅུང་ཟད་མི་བདེ་ན་གཞིལ་བར་བྱ་ཞིང་། མི་ཐུབ་ན་སང་གིས་གཏོང་བ་གནད་དོ་གསུངས་པ་རེད། སྲོག་ཐུར་ཁ་སྦྱར་ཞེས་པ་དེ་སྲོག་རླུང་དང་ཐུར་སེལ་གྱི་རླུང་གཉིས་སམ་སྟེང་རླུང་དང་འོག་རླུང་གཉིས་ཁ་སྦྱར་ལྟེ་འོག་ཏུ་བུམ་ཅན་གྱི་རྣམ་པར་བཟུང་ནས། རླུང་དབུ་མར་ཞུགས་པ་ན་རང་བཞིན་གྱིས་གསལ་བ་བདེ་བ་མི་རྟོག་པའི་ཉམས་རྣམས་སྐྱེ་ཡོང་བ་རེད། ཡིན་ན་ཡང་ཐོག་མར་སྦྱོང་བའི་གནས་སྐབས་ན་དེ་ལྟར་སྐྱེས་པར་སྒོམ་ན་ནམ་ཞིག་ན་སྒོམ་མི་དགོས་པར་རང་ཤུགས་ཀྱིས་དེའི་ཉམས་དེ་སྐྱེ་བ་དེ་འདྲ་ཡིན་ས་རེད། དེ་དུས་མི་བདེ་བ་གལ་ཏེ་བྱུང་ན་རླུང་གེགས་སེལ་བྱེད་དུ། གཞིལ་ཞིང་རྣམ་པར་བཤར་བའམ། ཡང་ན་མི་ཐུབ་པར་བཙན་གྱིས་བཀག་ན་རླུང་གེགས་དེ་བས་ཆེ་བ་ལྡང་བས་ན། སང་གིས་གཏོང་བ་མན་ངག་གི་གནད་ཡིན་གསུངས་པ་རེད། དེ་ལྟར་སྦྱོང་བའི་ཡོན་ཏན་གོང་དུ་བཤད་པ་ལྟར་སྒྲོལ་མ་བཟུང་བའི་མན་ངག་ཡིན་པ་རེད། དེ་ནས་གཉིས་པ་དེ་བདེ་བ་ཐིག་ལེའི་མན་ངག་རེད། བདེ་བ་ཐིག་ལེའི་མན་ངག་ནི་སྟེང་སྒོ་འཇུ་འདུར་གྱི་མན་ངག་དང་འོག་སྒོ་ཁམས་གསུམ་རོལ་བའི་མན་ངག་གཉིས་གསུངས་པ་རེད། དེའི་དང་པོ་སྟེང་སྒོ་དེ་ལུས་དང་རྩ་ཡི་དམིགས་པ་སྔར་བཞིན་ལ། སྤྱི་མགྲིན་སྙིང་དང་ལྟེ་བའི་རྩ་འཁོར་བཞི་རུ་གསལ་གཏབས། དེ་ནས་རླུང་གི་འཁོར་ལོས་བསྐུལ་ནས་ལྟེ་བའི་འོག་གི་མེའི་འཁོར་ལོ་བུས། མེའི་དྭངས་མ་རཾ་ཡིག་དེ་མེ་རུ་འབར། སྤྱི་བོའི་ཧཾ་ཡིག་དཀར་བོ་བདེ་བའི་རང་བཞིན་ཅན་དུ་བསྒོམ་ནས་རླུང་སྔར་བཞིན་བཟུང་བ་ན། སྟེང་འོག་གཉིས་ཀ་གོང་དུ་བཤད་པ་ལྟར་སྲོག་ཐུར་གྱི་རླུང་གཉིས་ཀྱིས་མེ་དཀྱིལ་རཾ་ཡིག་འབར་བའི་བསོས་བྱས། མཚན་ཉིད་བཞི་ལྡན་གྱི་མེ་ལྕེ་དེ་ཉིད་དབུ་མའི་ཡར་སྣའི་ཧཾ་ལ་རེག་ཡོང་དུས། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དྲོད་ཀྱིས་སྤྱི་བོའི་བླ་མ་ལ་མཆོད་པ་ཕུལ། བླ་མ་དགྱེས་པ་ཆེན་པོས་བདུད་རྩིར་ཞུ་བ་དེ་ཉིད་ཧཾ་ཡིག་ལ་ཐིམ། ཡང་ཧཾ་ཡིག་ལས་ཟླ་བ་བདུད་རྩིའི་རྒྱུན་སླར་ཡང་ཇེ་ཆེར་བབས་པས་ལུས་ཐམས་ཅད་གང་བའི་འབར་འཛག་ལ་སེམས་བཟུང་། དེ་བཞིན་དུ་འོག་སྒོ་ཁམས་གསུམ་རོལ་བའི་མན་ངག་དངོས་རིག་ལས་ཀྱི་མུ་ཏྲ་ལ་བརྟེན་ཏེ། ཡས་བབ་དང་མས་བརྟན་གྱི་དགའ་བཞིའི་འགྲོས་ཀྱིས། ཐ་མར་ཐབས་ལ་བརྟེན་པའི་ཐབས་བྱུང་གང་ཡིན་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པར་སེམས་བཟུང་ནས། འཛིན་འདྲེན་དགྲམ་པ་ལ་སོགས་པའི་ལག་ལེན་སྤྱི་མདོའི་ལྗོན་ཤིང་གི་ལེའུར་ཞལ་འཕང་པ་ལྟར་དུ་རེད། འདིའི་གསང་དབང་རྫོགས་པའི་ཆུ་བོའི་དབང་གཉིས་ཀ་ཤིན་ཏུ་རྒྱས་པའི་ལུགས་ལྟར་ན། ཞག་མ་སོ་སོར་བཅད་དེ་དུས་སྐབས་ཁ་ཁར་བྱས་ཏེ་འདིའི་གདམས་ངག་ངང་སྒོམ་གྱི་ཁྲིད་འདི་ཚོ་དབང་སྔོན་མའི་རང་གཞུང་ལ་སྦྱར་དགོས་རྒྱུ། རྒྱས་བསྡུས་འབྲིང་བོའི་སྐབས་ལྟར་ན་གསང་བའི་དབང་གཉིས་མཉམ་དུ་བསྐུར་བ་རང་རེའི་བསྐུར་ཚུལ་འདི་ལྟར་བྱས་ཏེ་གཉིས་ཀ་དབང་གི་རྗེས་སུ་སྦྱོར་རྒྱུ་ཡིན་པར་གསུངས་པ་རེད། དོན་དམ་བྱང་ཆུབ་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ་མཚོན་ན། འདི་ལ་རྟེན་བཅས་དང་རྟེན་མེད་རྣམ་པ་གཉིས་གསུངས་ཡོད་པ་རེད། དེའི་དང་པོ་རྟེན་ཅན་འདྲ་ཡིན་ན་མན་ངག་ཕྱག་བཞེས་འདྲ་མི་འདྲ་ཡོད་པ་ལས། སློབ་དཔོན་རྡོ་རྗེ་བཞེད་པའི་མན་ངག་ཡིན་གསུངས་པ་རེད། འདི་ནས་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ལ་རྟེན་ནས། འོད་གསལ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་ཚུལ་བསྟན་པ་རེད། ལུས་གནད་དང་ལྟ་སྟངས་མི་གཡོ་བའི་སྟེང་ནས་དབང་གི་རྟེན། སྙིང་ཙིཏྟ་མཆོང་གུར་སྨུག་པོ་ཕུབ་པ་ལྟ་བུའམ་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུའི་ཁོང་སྟོང་དུ་སྒོམ་པའི་དབུས་སུ། སྙིང་ཁའི་རྩ་འདབ་དེ་བརྒྱད་དུ་བཀས་ཡོད་པ་སྔར་བཤད་ཟིན་པ་ལྟར་རེད། སྙིང་ཁའི་རྩ་འདབ་བརྒྱད་ལས་གསུམ་ཆོས་ཉིད་ཀྱི་རྩ་ཡིན། གསུམ་ཡེ་ཤེས་ཀྱི་རྩ་ཡིན་དེས་དྲུག་རེད། གཅིག་ཡོན་ཏན་གྱི་རྩ་དང་གཅིག་རང་རྒྱུད་ཀྱི་རྩ་རེད་དེ་དག་བསྣན་པས་བརྒྱད་རེད། དེའི་ནང་གི་ཆོས་ཉིད་ཀྱི་རྩ་དང་ཡེ་ཤེས་ཀྱི་རྩ་རང་རྒྱུད་ཀྱི་རྩ་རྣམས་ཀྱིས་དག་པ་ཡེ་ཤེས་ཀྱི་རྟེན་བྱེད་པ་རེད། མ་དག་འཁོར་བའི་བག་ཆགས་ཀྱི་རྟེན་དུ་སྐུ་གསུང་ཐུགས་ཀྱི་ཡི་གེ་དང་། རང་འོད་མི་འཆར་བའམ་མི་མངོན་པའི་མ་དག་རིགས་དྲུག་གི་ས་བོན་གནས་པ་དང་། ཡོན་ཏན་གྱི་རྩ་ལ་བརྟེན་ཏེ་སྒོ་ལྔའི་རྣམ་ཤེས་རྒྱུ་བ་ཡིན་པ་དེ་ལྟར་གསུངས། དེ་འདྲའི་རྩ་འདབ་བརྒྱད་པོ་དེ་ལ་ད་རེས་པད་མ་དཀར་བོ་འདབ་བརྒྱད་དུ་གྱེས་ཡོད་པའི་ལྟེ་བ་ལ་རྩའི་དྭངས་མ་ཤེལ་གྱི་བ་ཐག་ལྟ་བུའི་གསལ་འཚེར་འབར་བ་ཞིག་ཡོད་པར་སོམས་གསུངས་ཐལ་མོ། དེའི་ནང་ན་དྭངས་མ་ལྔ་འདུས་ཀྱི་གོང་བུ་དེ་ད་རེས་ཡེ་ཤེས་སྙིང་པོའི་ཐིག་ལེ་འོད་ལྔའི་གོང་བུ་ཆེ་ཆུང་ཡང་འབྲུ་ཙམ་པ་ཞིག་ལ་དྭངས་གསལ་འབར་བའི་རྣམ་པ་ཅན་ཞིག་ཡོད་པར་བསྒོམ་ཏེ། དེ་ལ་སེམས་གཏད་ནས་མ་ཡེངས་མི་སེམས་པའི་ངང་ལ་གསལ་ས་ལེར་གནས་སྐབས། གོང་དུ་ཕཊ་སྒྲ་རྒྱབ་ཏེ་རིག་སྟོང་མི་ཤིགས་པའི་ངང་ལ་བཞག་པ་དེ་ལྟར་དུ། གསལ་ས་ལེ་དྭངས་སེང་ངེར་ཡོད་པའི་ངང་དུ་མཉམ་པར་བཞག་སྟེ། རིམ་གྱིས་གོམས་པར་བྱས་ན་ནམ་ཞིག་ན་རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེར་འདུས་ནས་དབྱིངས་རིག་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་ཞིང་། དེ་ནས་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞི་ནས་ཁམས་གསུམ་བདེ་བ་ཆེན་པོར་གྲོལ་བར་གསུངས་པ་རེད།

འདིའི་ཁམས་གསུམ་ཟེར་བ་སྣང་དང་མི་སྣང་ཕྱེད་སྣང་གསུམ་རང་རྒྱུད་ནས་བཞག་རྒྱུ་ཡིན་ནི་རེད། དེ་རྟེན་ཅན་རེད། ད་རྟེན་མེད་ཀྱི་མན་ངག་ནི་ལུས་མི་གཡོ་བར་ལུས་གནད་འཆའ་བ་དང་མི་འབྲལ་ཞིང་། ངག་མི་འགྱུར་སྨྲ་བ་ཐམས་ཆམས་སེ་བཞག་ན། སེམས་བཟོ་མེད་དུས་གསུམ་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་བཅད་ནས། སྤྲིན་མེད་ཀྱི་ནམ་མཁའ་དྭངས་པ་སྟོན་གནམ་སྨག་གིས་མ་གོས་པ་ལྟ་བུ་དེ་ལྟར་རྩེ་གཅིག་མི་རྟོག་པའི་ངང་དུ་འཇོག་པ་ན། སྟོང་ཉིད་སྤྲོས་པ་ཀུན་བྲལ་གཟུང་འཛིན་མཚན་མའི་ཆོས་ཀྱིས་མ་གོས་པ་ཞིག་སྐྱེ་ཡོང་བ་དེ།དབྱིངས་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཀུན་ཏུ་བཟང་མོ་ཆོས་ཉིད་སྐྱེ་མེད་དོན་གྱི་ཡེ་ཤེས་ཡིན་གསུངས་པ་རེེད། དེའི་སྟེང་དུ་གསལ་རིག་རྗེན་པའི་སྣང་ཆ་ཞིག་ཡེ་ཤེས་འགག་མེད་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ཤར་བ་དེ་ཀུན་ཏུ་བཟང་པོ་ཆོས་སྐུ་གཞིིའི་ཡེ་ཤེས་ཡིན། དེ་གཉིས་དབྱེར་མེད་སོ་སོ་ཐ་དད་མ་ཡིན་པ། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་གཉུག་མའི་ཡེ་ཤེས་དེ་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན། དེའི་དོན་སྤྱི་མདོའི་ལུང་ཡང་དྲངས་པ་འདི་ལྟར། ཀྱེ་འདུས་པའི་ཚོགས་རྒྱལ་བའི་སྲས་རྣམས། རང་རང་གི་དེ་ཁོ་ན་ཉིད་མཐོང་བར་འདོད་ན། དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིག་ཏུ་འཇུག་པར་བྱའོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འབའ་ཞིག་གི་སྒོར་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ཆེན་པོ་གསུམ་དང་རང་རང་གི་དེ་ཁོ་ན་ཉིད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འདུས་པའི་ཕྱིར་རོ།།

ཞེས་གསུངས་ནས་རྒྱུ་མཚན་རྟགས་སུ་བཀོད་ནས་དེ་ལྟར་གསུངས་པ་རེད། མན་ངག་དང་བཅས་པ་དམ་པ་གོང་མའི་ཕྱག་བཞེས་བཞིན་དུ་དེ་ལྟར་བྱས་ནས་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀ་ཕུལ་གྲུབ་པ་རེད། ད་འདིའི་འཚམས་ནས་ཟབ་མོ་དབང་གི་གཏད་རྒྱ་ཞེས་པ་ཞིག་འབྱུང་ནི་རེད། དེ་སང་ཉིན་འབུལ་རྒྱུ་བྱེད་དགོས་ཁི། འདི་ངོ་མ་བྱས་ན་རྡོ་རྗེ་རྒྱལ་བོའི་རྒྱལ་ཚབ་དུ་འོས་ཤིང་བདག་གཞན་གཉིས་དོན་ནུས་པའི་ཐུན་མིན་གྱི་སློབ་མ་ལ་ཆོས་བརྒྱུད་གཏད་པའི་དབང་ཡིན་པ་རེད། ཡིན་ན་ཡང་དུས་སྐབས་འདི་ལ་བསམ་བློ་བཏང་ན་དོན་གྱི་བསྟན་པ་ཕྱི་ཚུལ་ནས་དར་དྲག་ལ་ནང་ཚུལ་ནས་ཉམས་དམའ་བ་ཡིན་པ་དང་། ཁྱད་པར་དུ་གསང་སྔགས་གི་དབང་དང་ཁྲིད་ཀྱི་རྒྱུན་དམ་པའི་སྐྱེས་བུ་ཐུགས་བསྐྱེད་དང་སྨོན་ལམ་རྣམ་པར་དག་པ་ཚུལ་དགུའི་ཡོན་ཏན་དང་ལྡན་པ་ཞིག་མ་གཏོགས་འཛིན་མི་ཐུབ་རྒྱུ་དང་། དེ་ཡང་ད་ལྟའི་གནས་སྐབས་སུ་སྦས་པའི་ཟོལ་གྱིས་མཚན་དང་ཐོབ་ཐང་མི་ཆེ་བའི་ཁྲོད་ན་ཡང་ཡོད་སྲིད་པ་དང་། སྙིགས་མའི་རྒུད་པ་ནམ་འོང་ཆ་མེད་དང་ཅི་ཡོང་ངེས་མེད་ཡིན་པས་ན། གང་ཟག་རེ་རེས་ཀྱང་ཆོས་ཀྱི་བརྒྱུད་པ་འཛིན་རྒྱུ་དེ་ང་ཁེར་རུའི་ཐོག་ཏུ་བབས་ན་ཡང་བསྟན་སྲོག་རང་རྒྱུད་ནས་མི་གཏོང་སྙམ་པའི་དམ་བཅའ་དང་སྙིང་སྟོབས་བརྟན་པོ་ཞིག་དགོས་པ་ཡིན་ན། དེ་ལྟ་བུའི་དམ་བཅའ་དང་སྙིང་སྟོབས་བརྟན་པོ་བསྐྱེད་པའི་ཆེད་དུ་དམིགས་ནས་འདུས་པ་ཡོངས་ལ་མཉམ་དུ་སང་ཉིན་སེམས་སྡེའི་དབང་དང་མཉམ་དུ་འབུལ་རྒྱུ་ཡིན། རྒྱས་པའི་སྐབས་སུ་འདི་ཉིད་ཉིན་གཅིག་གི་དབང་ཡིན། དབང་རྒྱས་སྤྲོས་ཀྱི་ཕྱག་ལེན་དུ་དབང་རྟགས་སོ་སོའི་གོ་འཕངས་དང་མཚམས་པའི་ཁྲི་ལ་མངའ་གསོལ་བ་སོགས་མཛད་པ་རྒྱས་སྤྲོས་མང་བ་རེད་མོད། ཆོས་རྒྱུན་མཐུད་རྒྱུ་གཙོ་བོར་བཟུང་ནས་ཕྱག་ལེན་ཟོལ་ཡངས་པའི་དགོས་ཆེད་དང་བསྟུན་བཞིན་ཡོད་ནི་རེད། འདིའི་གཏད་རྒྱའི་དབང་རྫས་དཀྱིལ་འཁོར་དང་གླེགས་བམ་རེད། རྩ་བའི་དཀྱིལ་འཁོར་གྱི་སྟེང་ཁང་ཞི་བའི་དཀྱིལ་འཁོར་ཡིན་ནི་རེད་མོ། དེའི་དཀྱིལ་འཁོར་གཉིས་པ་ལྟ་བུའི་འདུ་ཤེས་བསྐྱེད་དེ་རབ་གནས་དབང་སྒྲུབ་ཀྱིས་ནུས་ལྡན་དུ་བྱས་ནི་བོ་དེ་ཉིད་ཀྱིས་དབང་བསྐུར་རྒྱུ་དང་ནི། དེ་འཕྲོས་གཏད་རྒྱ་ལུང་རྫོགས་ཀྱི་མཐའ་ཅན་དུ་སྤྱི་མདོ་མན་ངག་དང་བཅས་པའི་གླེགས་བམ་དང་ནི། ད་དུང་རས་དཀར་ཡུག་ཅིག་གི་སྟེང་དུ་ཚོམ་བུ་བཅུ་གསུམ་བཀོད་དེ་ཐར་ལམ་ས་བཅུ་གསུམ་མཚོན་པའི་རྟེན་འབྲེལ་སྒྲིག་རྒྱུ་སོགས་ཀྱི་དབང་ཡིན་ནི་རེད། དབང་རྟགས་རྡོ་དྲིལ་སོགས་ཀྱང་འབྱུང་བ་དང། གཏད་རྒྱའི་ནང་བསེས་ཀྱི་དབྱེ་བ་འཆད་མཁན་དང་ལས་མཁན་ཕལ་བ་གསུམ་དུ་དབྱེས་ཡོད་པ་རེད། འཆད་མཁན་རྡོ་རྗེ་སློབ་དཔོན་དང་ནི། ལས་མཁན་རྒྱལ་ཐེབས་ལ་འོས་པ། ཕལ་བ་སྐལ་ལྡན་འདུས་པ་བྱིང་ལ་འོས་པ། སོ་སོར་གཏད་རྒྱུའི་དབང་རྫས་དང་གདན་གྱི་ཁྱད་པར་སོགས་གསུངས་ཡོད་ན་ཡང་། གོང་ནས་ཞུས་པ་བཞིན་དུ་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་པ་ཡར་ཕུད་ཤུལ་དུ། དབང་གྲྭར་འདིར་འཁོད་པའི་མཆེད་ལྕམ་ཐམས་ཅད་པོས་ཀྱང་ཚེ་རབས་འདི་དང་སྐྱེ་བརྒྱུད་སྐུ་ཚེའི་རིང་ཐམས་ཅད་ལ་གསང་བའི་མཛོད་འཛིན། གསང་སྔགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱེད་པོར་གྱུར་ཏེ། རང་གཞན་གཉིས་དོན་འགྲུབ་རྒྱུའི་རྟེན་འབྲེལ་གྱིས་དབང་གི་ཆོ་ག་དུས་རྒྱུན་ལྟར་དུ་གཞུང་བསྲིང་སྟེ་དབང་རྫས་ཀྱང་རྒྱུན་སྲོལ་ལྟར་ཕུལ་བས་མཐུས་རྒྱུ་བྱེད། ངས་འདི་ལྟར་ཁ་བརྡ་བཤད་པ་ན་དུས་རྒྱུན་ཡིན་ན་ངག་བཅད་བྱས་ཡོད་ནི་རེད། ངག་གི་སྨྲ་བ་བསྡོམས་ཡོད་ནི་རེད། ཆོས་རེ་བཤད་དུས་དང་ཆོས་དོན་གྱི་རྒྱུ་བ་ཤིན་ཏུ་གལ་ཆེན་མ་གཏོགས་ཁ་མི་གྲག་ཟེར་པ་རེད། ཡོད་ན་ཡང་ཆོས་ཁྲིད་འདི་འདྲ་ལ་ཁག་བཞག་ནས་སྨྲ་བ་མང་ཙམ་བྱེད་རྒྱུ་དང་། མཚམས་རེར་མྱི་མང་ནང་ནས་བཤད་རྒྱུ་དང་མྱི་ཉུང་ཉུང་ནང་ནས་མི་བཤད་རྒྱུའི་འགལ་འདུ་འདྲ་ཞིག་ཨེ་རེད་གོ་གདའ་། གང་ལྟར་ཆོས་རྭ་ཆེན་པོའི་དཀྱིལ་འཁོར་གྱི་དབང་གྲལ་འདི་ནས་ཆོས་དང་མི་མཐུན་པའི་གཏམ་ཞིག་འབྱུང་དོན་མེད་གི། དེ་ལྟ་བུའི་དབང་དུ་བཏང་ནས་ཡང་སང་ཉིན་མཇལ་ཡོང་ཁི། དེས་ན་ད་འདིའི་སྒྲུབ་གཞུང་གི་ལུང་འདོན་རྒྱུ་ཡིན། ཞེས་གསུངས།

འདུས་པ་མདོ་དབང་ཆེན་མོའི་སྨིན་དབང་ཡོངས་མཇུག་གྲུབ་པའི་རྗེས་སུ་ཕེབས་པའི་གསུང་འཕྲོས་འགའ་ཞིག

ད་དེ་ཡན་ཆད་འདུས་པ་མདོ་དབང་ཆེན་མོའི་དབང་བཀའ་ཡོངས་སུ་རྫོགས་པ་དམ་པ་གོང་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་ཐེངས་གཅིག་ལ་ཕུལ་གྲུབ་པ་རེད། འདི་ངས་སྔར་ཡང་ཞུས་པ་བཞིན་དུ་དུས་རབས་སྔོན་མའི་དུས་སྟོད་ལ། རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་ཕྲེང་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་མདུན་ནས་ཐོབ་པ་ཡིན། དེ་དུས་གསུངས་ས་དེ་རྫོགས་ཆེན་གདན་ས་འདིའི་ལྟེ་བ་རྫོགས་ཆེན་ཕོ་བྲང་གི་ཡང་སྟེང་ལྷོ་ངོས་མདུན་ཕྱོགས་ཀྱི་དབང་ཁང་ནང་ནས་གསུངས་ཐལ། དེ་དུས་ཀྱི་དབང་ཞུ་བ་ཕྱོགས་ཀྱི་ཆོས་བརྒྱུད་དགོན་སྡེ་ཁག་དང་། གཞིའི་བླ་གྲྭ་རྣམ་པས་གཙོས་བྱས་པའི་སློབ་ཚོགས་ཞལ་གྲངས་རྩིས་ན་བརྒྱ་ཙམ་ཞིག་ཨེ་ཡོད་ན། གཅིག་བྱས་ན་བདུན་བཅུ་བརྒྱད་བཅུ་ཙམ་རེ་ལས་ཡོད་རྒྱུ་མ་རེད་གོ་བསམ་རྒྱུ་ཞིག་ཡིན། དེ་དེའི་དུས་ཚོད་དེའི་སྐབས་ཡར་མར་ལ། རིན་པོ་ཆེ་ཚང་དང་ལྷན་དུ་ང་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མདུན་དུ་དབང་ཞུ་ལ་ཐེངས་མ་ཁ་ཤས་ལ་འགྲོ་མྱོང་། དེ་དུས་གསལ་རྒྱུ་ཞིག་ལ་ཀ་ཐོག་སིདྡྷི་དང་རྨོག་ཚ་སོགས་རྙིང་མའི་བླ་ཆེན་དེ་ཚོ་འདུག དེ་དུས་ཆེད་དུ་བྱ་ཡུལ་གྱི་སློབ་མའི་གཙོ་བོ་དེ་རྫོགས་ཆེན་རིན་པོ་ཆེ་ཡིན་ཐལ། བཀའ་གཏེར་མདོ་སྒྱུ་སེམས་གསུམ་གྱི་དབང་དེ་ཚོ་ཆེད་གཏད་ཀྱིས་གསུངས་བསྐུལ་ཞུ་ནི་བོ་ཡང་རྫོགས་ཆེན་ཚང་ཨེ་མི་ཡིན་བསམ་རྒྱུ་ཞིག་རེད། དེ་དུས་ང་བྱིས་པ་ཡིན་ནི་རེད་དེ་ཙམ་མཉམ་འཇོག་ཡོད་ནི་མ་རེད་མོད། དེ་དུས་ཡང་དབང་གསུངས་སའི་དབང་ཁང་དེ་ཆེན་པོ་ཞིག་ཅིག་ཡོད་མི་དར། ད་སློབ་མ་ལྔ་བཅུ་དྲུག་བཅུ་ཡན་ན་ཨེ་ཤོང་གོ་བསམ་བསམ་ཞིག་ཡིན། དེ་འདྲ་བྱས་ཏེ་བསམ་བློ་བཏང་དུས་གནའ་སྔོན་ཆད་ཐོས་བསམ་ཉམས་ལེན་གང་གི་ཐད་ནས་ཡིན་ན་མི་འདྲ་བ་ཁྱད་དུ་ཐོན་པ་དེ་འདྲ་བུད་རྒྱུ་ད་ལྟས་ན་ཡོད་སིག་མོ་མ་གཏོགས། དེ་སྟབས་གཅིག་ཏུ་སྟོང་ཚོ་ཁ་གྲངས་ཅན་གྱི་དབང་ཞུ་གིན་ཡོད་པ་མཐོང་དཀོན་པོ་ཡིན་སྣང་ཡོད། ངས་དེ་དུས་འདུས་མདོའི་དབང་མཉམ་ཞུའི་གྲལ་ནས་ད་ཡོད་ཞིག་ལ་ཁོང་རྣམ་པ་རྒན་རབས་ཉུང་ཤོས་ཞིག་མ་གཏོགས་ཞལ་མི་བཞུགས་ཀི། ད་མང་ཆེ་བས་དགོངས་ནི་རེད་ངའི་སྐྱེ་ཡུལ་རྫ་ཆུ་ཁ་རེད། ང་རང་ལོ་བཅུ་ཐམ་པའི་ཐོག་རྫོགས་ཆེན་ན་ཡོང་ནི་རེད། བཅུ་ནས་བཅུ་དྲུག་གི་བར་ལོ་དྲུག་ལ་གདན་ས་འདིར་བསྡད་དེ་དེའི་ཚེ་དབང་ལུང་ལ་སོགས་མདོ་སྔགས་གཉིས་ཀའི་ཆོས་ཀྱི་རྒྱུན་ཅི་ཞིག་ཐོབ་ཡོད་ན་མྱི་ང་རང་གི་ཚེ་ལ་གནའ་སྔོན་ཆད་ཆོས་ཐོབ་ནི་བོ་དེ་ཡིན་ནི་རེད། ཁྱད་པར་དུ་ད་ལྟས་ཏེ་རྩི་གྲངས་རྒྱབ་ན་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཤིང་ལུག་གཉིས་ཀ་སྤྱི་ལོའི་ཐོག་ནས་བཤད་ན་གཅིག་དགུ་ལྔ་བཅུ་ང་བཞི་དང་ང་ལྔ་གཉིས་ཀྱི་ལོའི་དགུན་ཀ་དང་སྟོན་ཀའི་ལོ་ཕྱེད་ཀ་གཉིས་ལ། རྫོགས་ཆེན་ཕོ་བྲང་གི་ཡང་སྟེང་རིན་པོ་ཆེའི་བཞུགས་ཤག་གཟིམས་སྐྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་ཚང་དང་། རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ངེད་དཔོན་གཡོག་གསུམ། ཉིན་མཚན་གཉིས་ཀར་འབྲལ་མེད་དུ་དམ་མཚམས་བཞུགས་པའི་བར་གསེང་ཐམས་ཅད་དུ་ཡོངས་འཛིན་མཁན་པོ་ཚང་གི་མདུན་ནས།

ཀློང་ཆེན་མཛོད་བདུན་སོགས་སྙིང་ཐིག་གོང་འོག་གི་དབང་ཁྲིད་ལུང་གསུམ་རྣམས་སྤྱིའི་ཆ་ནས་ཐོབ་པ་ཡིན། དེའི་ནང་གི་དུམ་དགུའི་ནང་ཚན་མང་ཆེ་བ་ཞིག་ར་ཆེན་མ་འདས་ཚང་གི་སྲས་པདྨ་འོད་གསལ་གྱི་མདུན་ནས་ཞུ་མྱོང་། དེའི་རྟ་ལུག་གཉིས་ཀྱི་དཔྱིད་ཀ་གཉིས་ལ་རྫོང་སར་ལ་བྱོན་ནས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མདུན་ནས་ཡང་དབང་དག་དག་མཉམ་པོར་ཞུས་པ་ཡིན། ལོ་དེ་གཉིས་ཀའི་ནང་གི་ལོ་སྔོན་མའི་དབྱར་དེ་ཡིན་ནི་འདྲ་ཞིག་ཡིན། དེའི་དབྱར་དེ་ལ་ཨ་གྲོ་ངག་དབང་ནོར་བུ་ཚང་གི་མདུན་ནས་རྙིང་རྒྱུད་ཀྱི་ལུང་དང་ཡོན་ཏན་མཛོད་ཀྱི་འཆད་ཁྲིད་ཞུས་པ་ཡིན། ཁོང་གི་བློ་ཐོག་དག་དག་ནས་གསུངས་ཚུལ་ངས་སྔོན་མ་ཞུས་པ་ལྟར་རེད། ངས་སྔོན་མ་མཆོད་མེ་སོ་ཁོང་ལ་ཚད་རོགས་བྱེད་མྱོང་། ནུབ་དུས་ཁོང་གིས་ཤར་རེ་གཟིགས་དར། དེ་རྙིང་རྒྱུད་ཀྱི་ལུང་དང་ཡོན་ཏན་མཛོད་ཀྱི་འཆད་ཁྲིད་གཉིས་ཀ་དེའི་ལོར་ཞུས་ནི་རེད། དེའི་ལོ་རྗེས་མ་དེའི་དབྱར་དེ་ཡིན་ནི་འདྲ་ཞིག་ཡིན་འཇིགས་བྲལ་ཚང་གིས་འདུས་མདོ་དང་ནི་དུམ་གཉིས་གཉིས་ཀྱི་དབང་གསུངས་པ་རེད། འདོད་འཇོའི་བུམ་བཟང་ཡང་ཕལ་ཆེར་དེ་དུས་ཨེ་མི་ཡིན་བསམ་རྒྱུ་ཅན་ཞིག་ཡིན། སྐལ་བ་མེ་སྤྲེལ་གྱི་ལོ་ད་རྩིས་ན་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དྲུག་གི་ལོ་ལ་དབུས་ཕེབས་མཛད་དེ་ལྷ་ས་དབུས་ཕྱོགས་ལ་བྱོན་ནི་རེད། དེ་དུས་ཡར་མར་གྱི་ལམ་དང་ནི་དབུས་ཀྱི་དགོན་ཆེན་ཚོའི་ནང་ནས་དབང་ཆེ་ཆུང་འདྲ་མི་འདྲ་མང་པོ་ཞིག་གསུངས་པ་དེ་ཚོ་ཚང་མ་ཐོབ་ཡོད་ནི་རེད། མེ་བྱ་མེ་ཁྱི་གཅིག་དགུ་ལྔ་བཅུ་ང་བདུན་དང་ང་བརྒྱད་གཉིས་ལ་ང་གནས་འདིའི་ཡར་རྒྱབ་ཀྱི་རི་ཁྲོད་ཚེ་རིང་ལྗོངས་སུ། མཁན་པོ་པདྨ་ཚེ་དབང་ཚང་གི་སྐུ་མདུན་ལ་བསྡད་ནས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པའི་གཞན་དགའི་མཆན་འགྲེལ་རྣམས་དང་གསང་འགྲེལ་རྣམས་བཅས། ཁྱེད་རྣམས་མང་ཆེ་བས་ཞལ་འཚོ་བའི་ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོ་ཚང་དང་ངེད་རྣམས་དེ་སྐབས་ཆོས་མཉམ་ཞུའི་མཆེད་གྲོགས་རེད། དེ་དག་ཆེད་གཏད་ཀྱིས་ང་ལ་དམིགས་ནས་གསུངས་པ་རེད། གཅིག་དགུ་ལྔ་བཅུ་ང་དགུ་ཚེས་ལ་མ་ཚེས་པར་དུས་འགྱུར་བྱུང་ནི་རེད། དུས་འགྱུར་བྱུང་ཟེར་དུས་འདིར་ཡོད་མང་ཆེ་བ་ལོ་ཆུང་དག་དག་ཡིན་ནི་རེད། སྐྱེ་བ་སྔོན་མའི་སྐད་ཆ་ཞིག་ལ་རེད། དུས་འགྱུར་དེ་བྱུང་ནས་ང་ཅན་པོའི་མྱི་ཐོག་འདིའི་མྱི་ལུས་གཅིག་ལ་སྐྱེ་ལུས་གསུམ་བླང་བའི་སྐྱེ་ལུས་དང་པོའི་འཇུག་སྡོམ་དེ་དེ་དུས་རྒྱབ་སོང་ནི་རེད། ངས་དབང་ལུང་ཁྲིད་གསུམ་ཐོབ་རྒྱུ་དེ་ཚོ་ང་བཟང་བས་མ་ཡིན་པར། མཛོ་ཆུང་ལུའི་བཀའ་དྲིན་གྱིས་ཤིང་ལྟག་བུའི་ཁྱི་རྐོ་ལྷ་སར་ཐོན། ཞེས་པའི་གཏམ་དཔེ་ལྟར་རྫོགས་ཆེན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དགུང་ལོ་ཉི་ཤུར་ཟིན་ལ་མ་ཟིན་པའི་སྐབས་ཡོངས་འཛིན་མཁན་པོ་འཇིགས་མེད་ཡོན་ཏན་མགོན་པོས་དབང་ལུང་ཁྲིད་གསུམ་ཆིག་བརྒྱུད་དུ་གནང་བའི་སྐབས་དང་ཁེལ་ནི་རེད། དེས་སྟབས་ཀྱིས་དབང་ལུང་གདམས་ཁྲིད་ཟབ་མོ་ཐམས་ཅད་མཉམ་དུ་ཐོབ་ནི་ཡིན། ད་རྫོགས་ཆེན་ཚང་ལ་བླ་སྤྲུལ་མང་ནི་རེད། མང་ནི་རེད་དང་ནི་ཁོང་རྣམ་པ་གཉིས་དང་ཞེ་ས་མ་ཞུས་ན་ཁྱིམ་གཅིག་གི་མྱི་བྱས། ཉིན་མཚན་ཐུན་དྲུག་ལ་གཟིམས་ཆུང་གཅིག་གི་ནང་དུ་མཉམ་དུ་གཤིབ་ནི་ང་མིན་པ་ཡོད་ནི་མ་རེད། དེའི་སྟབས་ཀྱིས་དེ་དུས་ཀྱི་རྫོགས་ཆེན་ཚང་གི་ཆོས་སྲིད་ལུགས་གཉིས་གང་ཐད་ནས་ནང་དང་གསང་བའི་གནས་ཚུལ་ཆ་ཚང་དེ་ཤེས་ནི་རྟོགས་ནི་ང་འདྲ་འདྲ་ད་སྐབས་མི་དགོས་སྔར་ཡང་ཡོད་རྒྱུ་མ་རེད། ངས་འདིའི་དབང་འདི་བསྟན་པ་ཡང་དར་གི་དུས་མགོ་ངོ་མ་ལ་མི་ཉག་བྲག་མཁར་དགོན་ནས་ཐེངས་གཅིག་ལ་འདོན་མྱོང་། དབུས་ཀྱི་སྨིན་གྲོལ་གླིང་དུ་ཐེངས་གཅིག་ལ་འདོན་མྱོང་། རྫོགས་ཆེན་ཤྲཱི་སེང་ནས་ཐེངས་གཅིག་འདོན་མྱོང་། ད་རེས་ཀྱི་འདི་དང་ཐེངས་བཞི་རེད། སྔ་འགྱུར་བཀའ་མའི་སྒྲུབ་སྡེའི་མཆོད་ཁག་ཡོད་ས་ཞིག་ནས་འདི་སྔོན་ལ་མ་ཐོབ་བར་འཚོགས་ལ་ཅིག་ཞུགས་ཐབས་མེད་པ་ལྟ་བུ་ཞིག་ཡིན་ནི་རེད།

ཐེངས་འདིར་རྣམ་པ་ཐམས་ཅད་ནས། དམ་ཆོས་དོན་གཉེར་གྱི་ཆེད་དུ་མང་ཆེ་བ་ཕྱོགས་ནས་ཕེབས་ནི་ཡིན་དུས། ས་ཆ་ཐག་རིང་གི་སྐུ་ངལ་འོ་བརྒྱལ་ལ་མ་འཛེམ། གཞི་བྱེས་ཐམས་ཅད་པོས་ཕྱག་ལས་ཐམས་ཅད། ཆེ་བཞག་ཆུང་སྐྱུར་གྱི་ཐོག་ནས། དབང་རྒྱུན་འདི་ཉིད་གསན་བཞེས་མཛད་རྒྱུར་གལ་ཆེན་དུ་བརྩིས་ནས། དེ་བཞིན་ཉམས་བཞེས་གནང་བ་ལ། རྗེས་སུ་ཡི་རངས་དང་བཅས་ཏེ། ཕྱི་རབས་བསྟན་རྒྱུན་ལ་སྨན་པའི་མཛད་འཕྲིན་འདི་ལྟར་སྐྱོང་བ་ལ་བཀའ་དྲིན་ཆེ་ཞུས་ནི་ཡིན། དེ་རིང་ཁར་སང་གི་དུས་འདིའི་གནས་སྟངས་ལ་བལྟས་ན། ཕྱི་ཚུལ་ནས་སྤྱི་ཡོངས་ཀྱི་འཁོར་ཡུག་གི་རྣམ་པ་ཡར་རྒྱས་སུ་འགྲོ་གི་ཡོད་པ་དང་འདྲ་བར། དགོན་གྲྭ་ཚང་སྤྱི་དང་བྱེ་བྲག་གི་ཕྱིའི་མཐུན་རྐྱེན་འདྲ་བོ་མ་སྐྱོན་པ་རེ་ཚོགས་པའི་རྣམ་པ་ཡོད་བསྡད་ཀྱང་། ནང་ཚུལ་སྙིགས་མའི་འགྲོས་དང་བསྟུན་ནས་མིའི་རིགས་ཡོངས་རྫོགས། ནང་ཉོན་མོངས་ཀྱི་མཐུ་བདོ་བ་དང་མཉམ་དུ། དེའི་ཉེར་ལེན་ལས་བྱུང་བའི་བསམ་སྤྱོད་ངན་པའི་སྟོབས་རྒྱས་པ་དང་མཉམ་དུ། ཁོར་ཡུག་དེའི་ནང་དུ་ཚུད་པའི་རང་རེ་བོད་ཀྱི་བླ་གྲྭ་དགོན་སྡེ་ཚོ་ལ་མཚོན་ན། ཕྱི་ཚུལ་ན་བཟའ་ངུར་སྨིག་གི་རྒྱལ་མཚན་འཆང་ནི། བོད་མི་རིགས་གྲངས་ཉུང་ཡིན་པའི་ཚོད་ཀྱིས་གྲངས་མི་ཉུང་བ་ཞིག་མཇལ་རྒྱུ་ཡོད་ཀྱང་། ནང་ཚུལ་བསླབ་པ་སློབ་གཉེར་བྱེད་ནི་ཉུང་། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་བརྟེན་ནས་དོན་གྱི་བསྟན་པ་རང་རྒྱུད་ནས་འཛིན་ནི་དེ་བས་ཀྱང་ཉུང་ཞིང་། ཆོས་ལ་གལ་ཆུང་བྱེད་པའི་དུས་ཡིན་ནི་རེད། དེ་ལྟ་བུའི་དུས་འདིར་བསླབ་ལྡན་དགེ་འདུན་འདུས་པ་སྟོང་ཚོ་ཁ་གྲངས་ཅན་འདི་བཞིན་དབང་ཆོས་གསན་ནས། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་ཉམས་དམའ་ཉག་ཕྲ་བའི་སྐབས་འདིར། བསྟན་པའི་སྲོག་དེ་བཤད་དང་སྒྲུབ་པས་འཛིན་རྒྱུའི་ཐུགས་བསྐྱེད་དམ་བཅའ་འཆང་བའི་ཕྱག་ལེན། འདི་ལྟར་མངོན་སུམ་མཐོང་ཆོས་ལ་མཇལ་རྒྱུ་ཡོད་པ་འདི་ཚོ། ཡ་མཚན་བླ་ལྷག་ཏུ་ཆེ་བའི་ངོ་མཚར་རྨད་བྱུང་གི་མཛད་པ་རེད་བསམ་གི་ཡོད།ད་ཕྱིའི་རྟེན་གཞིའི་བཞེངས་སྐྲུན་སྣ་ཚོགས་དང་། དེའི་མཐུན་རྐྱེན་སྲིད་འབྱོར་རིག་གསུམ་གྱི་བྱེད་ཐབས་ཐམས་ཅད་དེ། བླ་གྲྭ་མིན་ན་མི་སྐྱ་ཕོ་མོ་འཇོན་ཐང་ཅན་རྣམས་ཀྱིས་ཀྱང་སྒྲུབ་མི་ཐུབ་པ་ཞིག་མ་རེད། ཚུལ་གནས་ཐོས་དང་བསམ་ལྡན་གྱི་གོ་རིམ་བཞིན། བསླབ་པ་སློབ་གཉེར་གྱིས་རང་རྒྱུད་ཕྱུག འཆད་རྩོད་རྩོམ་གསུམ་ལ་རང་དབང་འབྱོར། ཡང་དགོས་གསང་སྔགས་དབང་གི་ནང་དུ་མ་འདུས་པ་མེད་པས། དབང་བཞིའི་སྒྲོམ་དུ་འདུས་པའི་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་ལ་གདེང་ཐོབ་ནས། རྟོགས་པས་བདག་བསྒྲལ། ཐུགས་རྗེས་གཞན་སྒྲོལ་བར་བྱས་ནས། ཐོས་དོན་ཉམས་བཞེས་གནང་བའི་བསྟན་འཛིན་གྱི་སྐྱེས་བུ། དོན་གྱི་བསྟན་པ་ངོ་མ་འཛིན་ནི་བོ་དེ། མིའི་ནང་ནས་མཇལ་བར་དཀོན་པའི་ནོར་བུ་ཡིན་ནི་རེད། འདུས་པ་བརྒྱ་ཕྲག་མ་དགོས་སྟོང་ཕྲག སྟོང་ཕྲག་མ་དགོས་ཁྲི་ཕྲག་ཆ་རེའི་ནང་ནས། རེ་རེ་དོན་རྒྱུ་ཡོད་ན། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་ངོ་མཚར་ཅན་དུ་འཛིན་རྒྱུ་དང་ནི། ད་དུང་བསྟན་པའི་མཐའ་ལ་མ་ཐུག་ཞིག སྐྱེ་འགྲོའི་བསོད་ནམས་མ་དམན་ནི་རེད་བསམ་རྒྱུའི། རང་ངོས་ནས་དམ་པའི་སྐྱེས་བུ་འདི་མོ་རེ་མཇལ་རྒྱུ་ཡོད་པ། ཚེ་སྔོན་སྐྱེ་བ་མང་པོ་ཞིག་ལ་བསོད་ནམས་བསགས་པའི་འབྲས་བུ་རེད། བསམ་འདུག་ཆོག་གི་བསམ་གི། རྒྱུ་མཚན་དེ་འདྲ་ལ་བསམ་བློ་བཏང་ཡོང་དུས། ད་རེས་ཀྱི་དབང་ལུང་ཁྲིད་རྒྱུན། དུས་རབས་མི་རབས་བརྗེ་མཚམས་ཀྱི་སྐབས་འདིར། འདི་ལྟར་འབུལ་རྒྱུ་བྱུང་བ་དེ་ང་རང་ངོས་ནས་བསོད་ནམས་ཆེན་པོ་རེད་བསམ་གི་ཡོད། ཚེ་མཇུག་མི་ཚེའི་ལྷག་མ། དགུང་ལ་ཁའི་ཉི་ཟེར་འདྲ་བོ། འདིའི་ཚེ་འདི་ལ་ང་རང་ཉིད། ཆོས་རྒྱུད་སྦྲེལ་མཐུད་ཀྱི་ཟམ་པ་ཞིག་ཉན་སོང་བ་འདི། མྱི་ཞིག་སྐྱེས་པ་ལ་མྱིང་ཞིག་བཏགས། བླ་མ་གོང་མ་ཚོའི་ཐུགས་དགོངས་རེ་གཏད་ནི་ཡིན་ན། དེའི་ཐུགས་དགོངས་རྫོགས་པའི་མཆོད་པ་ཞིག རང་ཚོད་ཀྱིས་འགྲུབ་པ་རེད་བསམ་ནས། བློ་ཁ་གང་། ཞེ་བློ་བདེ་ནས། དགའ་བ་སྒོམ་གི་ཡོད།དེ་མིན་ང་ལ་མཚོན་ན་མཁས་པ་མིན། མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ལ་ཐོས་བསམ་བྱེད་རྒྱུའི་སྐལ་བ་མ་ཐོབ་པའི་མྱི་རེད། གྲུབ་པ་དེ་བས་ཀྱང་མིན། ཕྱི་ན་བཟླས་པའི་གྲངས་མེད། ནང་ན་སྒོམ་པའི་ཉམས་མེད། མེད་ནི་བོ་ལ་ཡོད་པའི་ཟོལ་ཟོག་སྔར་ཡང་བྱེད་མ་མྱོང་། ད་དུང་ཡང་བྱེད་འདང་མེད། སོ་སྐྱེ་ཕལ་བ་ཡིན། འཆིང་བ་ཀུན་ལྡན་རེད། འོན་ཀྱང་དམ་པ་གོང་མ་ཚོས་མྱིང་རེ་བཏགས་ནས། ཐུགས་དགོངས་རེ་གཏད་དེ། ཐུགས་ཀྱིས་རེ་བ་རེ་གནང་མྱོང་ནི་བོ་ལ། སྐུར་འདེབས་ལོག་ལྟ་ཡང་མེད། མ་འོངས་དེ་དང་དེ་བཞིན་དུ་འགྱུར་རྒྱུའི། དགོངས་པ་དགོངས་གཞི་ཅན་ཡིན་རྒྱུ་རེད་བསམ་བཞིན་ཡོད། དེ་སྐྱེ་བ་སྔ་ཕྱི་ཁས་ལེན་ནི་རེད་འུ་རེད། ལས་ཉོན་གྱིས་འཕངས་ནི་མ་རེད་སྨྲས་ནི་མིན་མོད། སྐྱེ་བ་ལ་དབང་ཐོབ་པ་མིན་ཡང་། སྨོན་ལམ་དག་པས་མཚམས་སྦྱར་ནི་རེ་མིན་ཟེར་ཅི་ཤེས་བསམ་གི་ཡོད། རྒྱལ་བ་ཀློང་ཆེན་པས། རྫོགས་ཆེན་ཐེག་རྩེའི་ཆོས་འདི་དང་འཕྲད་པ་ཆོས་ཅན་དུ་བཀོད་ནས། སྐྱེ་བ་འདི་འམ་གཞན་དུ་འཚང་རྒྱ་ངེས་ཡིན་ཏེ། ཞེས་དམ་བཅས་ནས། སྒྲུབ་བྱེད་ཀྱི་རྟགས་བཀོད་ཡོད་ཡིན་ན། དེ་ང་སྤྲུལ་སྐུའི་ཡང་སྲིད་གཏན་ནས་ཁས་མི་ལེན་ནི་བོ་མ་རེད། ཐམས་ཅད་ཁས་ལེན་ནི་བོ་ཡང་མ་རེད། འདིའི་ཞིབ་འཇུག་འདི་གནའ་མྱི་ལོ་ཉི་ཤུ་སུམ་ཅུའི་ཡར་སྔོན་ཞིག་ནས་བྱེད་མྱོང་བས་མི་ཚད། འདིའི་ཐད་ཀྱི་ལག་ལེན་ཕྱོགས་བསྟན་གྱི་ཡི་གེ་ཡང་བྲི་མྱོང་ནི་ཞིག་ཡིན། དེ་རྗེས་དཔག་གི་མཐའ་དེ་མངོན་སུམ་ལ་གཏུག་ནས། དེ་ཉིད་བཀའ་ལུང་ཚད་མའི་ངེས་པ་དང་བསྟུན་ནི་ཅན་པོ་དང་ལྟ་བ་མཐུན་ནི་ཅན་པོ་སྔར་ནས་ཡིན་ནི་རེད། ད་ང་རང་གིས་ང་རང་ངོས་འཛིན་བྱས་ན། སོ་སོའི་སྐྱེ་བོ་ཐ་མལ་པ་ཡིན་པ་གང་ཞིག་ལ། སྔར་བསགས་ཀྱི་རྣམ་སྨིན་ཡིད་མི་འོང་བ་མང་ཆེ་བ་མྱོང་ཚར་སོང་བ། ཆོས་ཕྱོགས་ཀྱི་བསོད་ནམས་རབ་ཏུ་མི་དམན་པ། མྱིང་དང་དོན་མཚུངས་པ། ད་ངའི་མྱིང་ལ་པདྨ་སྐལ་བཟང་ཟེར་ནི་རེད། ང་པདྨ་སྐལ་བཟང་ཟེར་བ་དེ་རྗེས་ནས་ཆེ་བརྗོད་བྱས་ནས་བཏགས་གཏོང་བ། རང་གིས་རང་ལ་མཛེས་བཟོ་བྱས་ཏེ་རང་མྱིང་རང་གིས་བཏགས་གཏོང་བ། དེ་འདྲ་མ་རེད། མ་ཨ་མའི་པང་ནས་སྐྱེས་ནས་རིང་པོར་མ་ལོན་པ་ན། ངའི་ཞང་པོས་ང་ལ་བཏགས་ནི་རེད། དེ་མྱིང་དང་དོན་ཇི་ལྟར་མཚུངས་ནི་རེད་ཟེར་ན། པདྨའི་བསྟན་ཞབས་སུ་སྐྱེས་པའི་གང་ཟག ཆོས་དང་བླ་མར་མཇལ་བའི་སྐལ་བ་བཟང་པོ་དང་ལྡན་པའི་མྱི་ཞིག་ཡིན་རྒྱུའི་འདིང་དེ་ཡོད། དེ་རང་རྒྱུས་རང་ལ་ཆེ་ནི་བོ་ཁྱེད་རྣམ་པ་ལ་ངོས་སྦྱོར་བྱེད་གི་ཡོད་ནི་རེད། འདིར་བཞུགས་རྣམ་པ་མང་ཆེ་བ་མང་ཐོས་བསླབ་གནས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ། དམ་པའི་ཚུལ་དགུའི་མངའ་བདག ཆོས་སྲིད་ལུགས་གཉིས་ཀྱི་མཁྱེན་རྒྱ་ཡངས་པའི་མཁས་པ་ཡིན་ནི་རེད། མ་བརྟག་བབ་ཅོལ་སྨྲ་བའི་གསུང་ངག་བརྗོད་རྒྱུ་མ་རེད་མོད། བརྗོད་ཡང་མི་ཉན། ཆོས་རྒྱུན་ཞིག་བླངས་པའི་ཉེར་ལེན་གྱིས། ཕྱིན་ཆད་མ་འོས་པའི་བསྟོད་པ། དོན་ལ་མི་གནས་པའི་རབ་བཏགས། བླ་རྒན་ཟོག་པོ་ལ་བསྒྱུར་རྒྱུ་ཡང་མ་རེད་ད། བསྒྱུར་ཡང་མི་ཉན། ང་ནི་སྔར་ནས་དམན་པའི་ས་ལ་དགའ་ནིའི། དམའ་བའི་ས་ལ་སྙེག་ནི་ཞིག་ཡིན་ཐོག་ལ། ཉེ་བའི་ལོ་གྲངས་བཅུ་ཕྲག་ཚུན་ཆད་དུ། ཡང་དགོས་མི་ཁྱུ་ནས་བུད་དེ། ངག་གི་སྨྲ་བ་བསྡམ། གྲོགས་དང་འབྲེལ་འདྲིས་སྤངས་ཏེ། བསྡད་ཡོད་ནི་ཡིན་ན། ཁྱེད་རྣམ་པས་གཞི་མེད་ཀྱི་ཆེ་བསྟོད་མཛད་མི་ཉན། ངའི་མྱིང་འདི་མང་པོས་མ་ཤེས་ན་དགའ། ཤེས་ནི་སུས་ཀྱང་འོར་གྲངས་མ་མང་ན་དགའ། མཐོ་ས་ལ་བཀྱགས་ནི་བས། ཉམས་ཆུང་གྱི་ནའི་ས་དམའ་ས་ལ། འཁུམ་ཁ་བཞག་ན་དགའ་གི་ཡོད་ནི་རེད། ད་ཕོ་ལོ་བདུན་བཅུ་དོན་གྲངས་ཀྱི་རྒས་ཤིང་འཁོག་པའི་ན་ཚོད་ལ་ཐོན་ནི་རེད། བརྒྱད་ཅུའི་སྔས་མགོ། བདུན་ཅུའི་སྟེད་མོ་བྱས་ཡོད་ནི་ཞིག་གིས། དོན་མེད་གྲགས་ཆའི་སྒྲ་སྐད་ཀྱི་རྗེས་སུ་སྙེག་རྒྱུ་མ་རེད་ལ། དགའ་སྡུག་བྱིས་པའི་རྩེད་མོ་ལ་ཕྱིར་བལྟས། ཡང་དགོས་མི་ཤོར། རྣལ་འབྱོར་གོམ་པ་བཟང་བའི་ཉམས་རྟོགས་ཀྱི་ལག་རྗེས་ཞིག་མ་རེད་དང་ནི། འཁྲུལ་སྣང་མདང་གི་རྨི་ལམ་འདྲ་བོའི་ངན་རྒྱུས་དེ་ལོན་ནི་བོས། དམུས་སོང་བ་རེད། དེ་ཚོ་རང་ང་ཞོར་འབྱུང་ངའི་ཐད་ནས་འཕྲོས་པའི་གཏམ། ཁྱེད་རྣམས་ལ་རང་གར་ཅི་བྱུང་གང་བྱུང་གིས་ཞུ་གི་འདུག་ནི་རེད།

ད་ཐེངས་འདིའི་མདོ་སྒྱུ་སེམས་གསུམ་གྱི་བཀའ་དབང་འབུལ་རྒྱུའི་ཐོག་མའི་སྔོན་འཆར་ལྟར་དུ་ཉི་མ་བཅུ་བཞི་དེ་རིང་ཚང་ནས་སྔོན་གྱི་འཆར་འགོད་བཞིན་དུ་གེགས་མེད་ལམ་ལྷོང་རྣམ་པར་རྒྱལ་བའི་ངང་ནས་མཇུག་ཡོངས་སུ་གྲུབ་པ་རེད། སང་ཉིན་ཤྲཱི་སེང་ནས་འཇམ་དཔལ་རྒྱུད་ལུགས་ཀྱི་དབང་ཞིག་འདོན་རྒྱུ་བྱས་ནི་ཡིན། སྔར་དང་པོ་སྤྲེལ་ཟླའི་ཚེས་བཅུའི་དབུ་འབྱེད་མཛད་སྒོའི་སྐབས་སུ་ཐོག་མའི་རྟེན་འབྲེལ་གྱི་ཆེ་བར་འདོན་དགོས་གསུངས་པ་ལྟར་དུ་དང་ལེན་སྤྲོ་བཞིན་དུ་ཞུས་ན་ཡང་དེའི་རྗེས་སུ་གནས་ཚུལ་གྱི་དབང་གིས་འགྱུར་བ་སོང་ནས་མ་གྲུབ་པ་རེད། སླར་ཡང་གསུང་སྐུལ་དང་ལེན་ཞུས་ཏེ་འདོན་རྒྱུའི་དུས་ལ་ཁེལ་ནི་རེད། གསར་བཞེངས་ན་ལེནྜའི་ཆོས་དུང་དང་པོ་འབུད་རྒྱུའི་རྟེན་འབྲེལ་གྱི་ཆེ་བ་ཡོད་པས་དེར་འགྲོ་འཆར་ཡིན། སྤྱིར་ཡིན་ན་ད་མྱི་མྱི་གྲབ་ནས་བུད་ནི་ཡིན་ཟེར་རྒྱུ་བོ་གོང་ནས་ཞུས་མ་ཐག་པ་རེད། ལུགས་གཉིས་ཟུང་གི་མཛད་སྒོ་དང་མང་པོ་ཚོགས་པའི་བསེབ། ཁྱད་པར་དུ་ཆེན་པོའི་ངོ་སྲུང་ལ་བུད་འདོད་དེ་བས་ཀྱང་ཡོད་པ་མ་རེད། ཡིན་ན་ཡང་ཤྲཱི་སེང་ཟེར་དུས་ངའི་མྱི་ཚེའི་ཚེ་སྐད་ལ་འབད་འབུངས་བྱེད་ས་དེ་ཡིན་པ་རེད། ད་རེས་དཔལ་གྱི་ན་ལེནྜའི་དོན་ཐོབ་ཀྱི་མཚན་གནས་སླར་གསོའི་ཐོག་མའི་རྟེན་འབྲེལ་གྱི་སྐབས་རེད་ཟེར་དུས་ཡང་དགོས་ཅིག་ལོས་འགྲོ་བསམ་བཞིན་ཡོད། སང་ཉིན་དབང་འདོན་སར་སྒྲ་སྒམ་ལ་སོགས་པའི་ཁྱད་པར་གྱིས་དེ་འདྲ་གསལ་མོ་གསན་ཐུབ་རྒྱུ་མ་རེད་བསམ་ནས་སང་ཉིན་གྱི་དབང་དང་འབྲེལ་བའི་སྐད་ཆ་དེ་རིང་འདི་ནས་ཞོར་དུ་ཞུ་འདུག་ནི་རེད། སང་ཉིན་འདོན་རྒྱུ་དེ་འཇམ་དཔལ་རྒྱུད་ལུགས་ཀྱི་དབང་རེད། སྤྱིར་ན་རིགས་གསུམ་སེམས་དཔའ་དེ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་ཡིན་རྒྱུ་དང་ནི། ཁྱད་པར་དུ་འཕགས་པ་འཇམ་དཔལ་དབྱངས་རྒྱལ་བ་ཀུན་གྱི་མཁྱེན་རབ་ཡེ་ཤེས་རྣམ་པ་རྟགས་ཀྱི་ཕྱག་རྒྱ་བརྒྱད་གཉིས་བཅུ་དྲུག་ལོན་པའི་ན་ཚོད་ཅན་དུ་ཤར་བ། མི་ཟད་གཟུངས་སྤོབས་བློ་གྲོས་ཀྱི་གཏེར་མཛོད་ཡིན་པས་ན་ཤེས་རབ་སྒྲུབ་པའི་ལྷ་ལ་ཐམས་ཅད་ནས་འཛིན་པ་རེད། དེ་བཞིན་དུ་ངས་ཀྱང་བླ་མ་དམ་པའི་བཀའ་བཞིན་དུ་ལྷག་ལྷ་དང་མོས་ལྷ་དབྱེར་མེད་དུ་བསྟེན་མྱོང་། གནའ་ང་རང་ལོ་བཅུ་གཅིག་པར་རྫོགས་ཆེན་ཨ་བུ་ལྷ་སྒང་གི་དགོང་རྫོགས་ནང་བླ་མ་བཀའ་དྲིན་ཅན་སང་དང་ནི་རྫོགས་ཆེན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་རྣམ་པ་གཉིས་ཀས་ང་ལ་ཨ་ར་པ་ཙ་དུང་གཅིག་བཟླ་རྒྱུའི་ཁས་ལེན་བྱེད་བཅུག་སོང། དེ་ཚུན་ཆོད་དུས་གྲངས་མཚན་མའི་བསྙེན་ཚད་ཀྱི་ནང་ནས་གྲངས་བསྙེན་ཙམ་རེ་སོང་ཡོད་རྒྱུ་རེད་མ་གཏོགས། བརྩོན་འགྲུས་ཐང་ལྷོད་མེད་པའི་མྱི་མིན་པས་ན་བཟླས་གྲངས་དུང་ཕྱུར་གྱི་ཁ་ལ་སོན་ཡོད་རྒྱུ་མ་རེད། ཡིན་ན་ཡང་ལྷའི་གནང་བའི་མཚན་མ་མ་ཐོབ་རུང་རྒྱུད་འབྱོར་བའི་དད་མོས་གཙོ་བོར་བྱས་ཏེ། ལྟར་སྣང་དང་གཟུགས་བརྙན་དུ་མི་འགྱུར་བའི་ཡིད་ཆེས་ཀྱིས་འདོན་པ་རེད། འདིའི་དབང་འདི་ད་སྔོན་ལོ་མང་པོ་ཞིག་ལ་ཕལ་ཆེར་ལོ་རེ་བཞིན་དུ་མ་ཆག་པར་ཤྲཱི་སེང་ཆོས་གྲྭའི་ཐོས་བསམ་པ་རྣམས་འདོན་པ་ཡིན། ད་ལོ་ནི་དུས་རྒྱུན་དང་མི་འདྲ་བར་དམིགས་བསལ་གྱིས་གནས་དང་དུས་དང་མཛད་པ་གསུམ་པོ་དེ་ཐུན་མོང་མིན་པ་ཞིག་ལ་ཁེལ་ཡོད་པའི་སྟབས་ཀྱིས་འདོན་དགོས་བསམ་བཞིན་ཡོད། གནས་དུས་མཛད་པ་གསུམ་པོ་ཐུན་མིན་ཁྱད་འཕགས་ཞིག་ལ་ཇི་ལྟར་ཁེལ་ཡོད་ན། དབང་སྐུར་སའི་གནས་ནི་དཔལ་གྱི་སེང་གེ་རིའི་གངས་ལྗོངས་ན་ལེནྜ་གཉིས་པ་རེད། འདིའི་མཚན་འདི་ཆོས་གྲཱ་འདིའི་མི་ལོ་བརྒྱ་ཕྲག་གཅིག་གཉིས་ལ་སྔར་གྱི་ལོ་རྒྱུས་ཀྱི་ཐོག་ནས་ཐོགས་ནི་ཞིག་རེད། བོད་ཡུལ་ཡོངས་ངོས་ནས་ལྟས་བཞག་ན་ན་ལེནྜ་དང་ན་ལེནྜ་གཉིས་པ་བཏགས་ས་དང་ཐོག་ས་གཞན་པ་མེད་ནི་མ་རེད་མོད་དང་ནི། འདི་ལ་ན་ལེནྜ་ཐོག་པའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་ཚུལ་དེ་ཞུས་ན། རྒྱ་གར་འཕགས་པའི་ཡུལ་གྱི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་སོགས་ནས་དཔལ་ན་ལེནྜའི་པན་གྲུབ་རྣམས་ཀྱི་ཆོས་བརྒྱུད་ཀྱི་རྒྱ་གཞུང་དྲི་མ་མེད་པ་ལ་བསྲེ་ལྷད་གཅིག་ཀྱང་མ་ཞུགས་པར་འཆད་ཉན་མཛད་པའི་སྲོལ་རྒྱུན་དེ། ས་ཆ་གཞན་དང་མི་འདྲ་བར་འདི་ན་སྔར་ནས་ད་ལྟའི་བར་མ་ནུབ་པ་དང་གཅིག དེའི་འཆད་ཉན་བྱས་པའི་གྲུབ་དོན་བོད་ཀྱི་ཆོས་རྒྱུད་སོ་སོའི་མཁས་གྲུབ་མང་པོ་ཞིག་མ་ཡུམ་གྱི་སློབ་གྲྭ་འདི་ནས་ཐོན་པ་དང་གཉིས། འདིའི་ཡན་ལག་ཉིང་ལག་བཅས་པའི་མདོ་དབུས་ཁམས་གསུམ་གྱི་ཆོས་གྲྭ་དེ་དག་ལ་རྒྱ་གཞུང་གཙང་མ་འཆད་ཉན་བྱེད་པའི་ཕྱག་ལེན་དར་ཡོད་པ་དང་གསུམ་གྱིས། འདིའི་ན་ལེནྜ་འདི་ཐུབ་པའི་བསྟན་པ་བྱང་ནས་བྱང་དུ་དར་བའི་ཆོས་ཚིགས་ཀྱི་ཡུལ་དབུས་བོད་གངས་ཅན་གྱི་ཤར་ཕྱོགས་མདོ་ཁམས་ཀྱི་ན་ལེནྜའི་མཚན་དེ་ལྟར་གྲུབ་པ་ཞིག་རེད། དེས་མི་ཚད་པར་མདོ་ཁམས་སྨད་ཀྱི་ཕྱོགས་འདིའི་བསྟན་པའི་གཞི་མ་དམ་ཆོས་འདུལ་བསྟན་དར་བའི་ཕུག་དང་ཆུ་འགོ་ལྟ་བུ་ཡང་འདི་ཡིན་ནི་རེད། དེ་ལྟར་ན་གནས་ཀྱི་ཐད་ནས་ཀྱང་གཞན་ལས་ཁྱད་དུ་འཕགས་པའི་ཐུན་མོང་མ་ཡིན་པ་ཞིག་རེད། དུས་ཀྱི་ཐད་ནས་བྱས་ན་ད་རེས་མི་ལོ་བཅུ་གཉིས་ཀྱི་ནང་ནས་ལན་རེ་ཚེས་རྒྱུའི་སྤྲེལ་ལོ་རེད་དེ་ཉིན་མཛད་སྒོ་བྱས་པའི་དུས་ཚོད་དེ་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་ཁེལ་ཡོད་ནི་རེད། སློབ་དཔོན་བཀའ་དྲིན་ཅན་མ་ཆགས་པདྨའི་སྡོང་པོ་ལ་རྫུས་ཏེ་སྐུ་འཁྲུངས་པའི་དུས་ཚེས་དང་འབྲེལ་བས་མི་ཚད་པར་ཐེངས་འདིའི་བྱ་བ་ལས་ཀྱི་འཁོར་ལོ་རྟེན་གཞིའི་བཞེངས་བསྐྲུན་གསར་བ་ཐམས་ཅད་ཡོངས་སུ་གྲུབ་ནས་ཆོས་དུང་དང་པོའི་སྒྲ་དབྱངས་སྒྲོག་པའི་དུས་ཚོད་ཡིན་ནི་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་རྟེན་འབྲེལ་བཟང་པོའི་ཆོས་སྒོ་འབྱེད་པའི་ཐོག་མར་དཔལ་གྱི་ན་ལེནྜའི་མཚན་དང་དོན་མཐུན་པར་མི་ཟད་གཟུངས་དང་སྤོབས་པའི་གཏེར་མཛོད་ལ་མངའ་བརྙེས། འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་རྒྱུ་བ་རྣམ་གསུམ་ལ་དབང་འབྱོར་སོང་བའི་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་ཤེས་བྱ་གང་ལ་ཡང་མ་རྨོངས་པའི་མཁས་པའི་དབང་པོ་ཞེས་འབོད་ན་མིང་དང་དོན་མཚུངས་པའི་པནྜི་ཏ་བརྒྱ་ཚོའི་སྣེ་ལ་སྟོང་ཚོ་འཐུད་དེ་བྱོན་རྒྱུའི་རྟེན་འབྲེལ་དུ། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་ཡེ་ཤེས་ཀྱི་རང་གཟུགས་འཕགས་པ་འཇམ་པའི་དབྱངས་ཀྱི་དབང་རྗེས་གནང་བྱིན་བརླབས་དང་བཅས་པ་འབུལ་འཆར་རེད། དེ་བཞིན་དུ་སྡེ་སྣོད་འཛིན་པ་རབ་འབྱམས་པ་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་ཕྱུག་པའི་དགེ་འདུན་པ་ཁྲི་ཚོ་ནས་འབུམ་ཚོ་བརྒལ་བ་བྱོན་ནས། བསྟན་པའི་སྣང་བས་ས་གཞིའི་ཁྱོན་ཀུན་ཡོངས་སུ་ཁྱབ་པའི་སྨོན་འདུན་དང་སྦྲག་ཏེ་བཀྲ་ཤིས་པའི་ཚིག་ཀྱང་བརྗོད་འཆར་ཡིན། ད་འདི་འདྲ་བྱས་ཏེ་བཤད་ཡོང་དུས་དེ་རིང་འདི་ན་དགོན་པ་འདིའི་མཁན་སྤྲུལ་མང་པོ་བཞུགས་འདུག། དགོན་སྡེ་གཅིག་གི་ནང་ལུང་ལུ་གཅིག་གི་མགོར་རྔ་ན་རྒྱུན་དུ་མཉམ་བཞུགས་ཡིན་ཀྱང་ནམ་ཡིན་བཤད་ཞོར་མེད་པས། དེ་རིང་སྐད་ཆ་ཉུང་ཙམ་ཞུ་རྒྱུ་ཡིན། འདིའི་ན་ལེནྜའི་རྟེན་གཞིའི་བཞེངས་སྐྲུན་གྱིས་མི་ཚད་རྫོགས་ཆེན་རུ་དམ་ལུང་འདིའི་ལུང་བ་སྟོད་སྨད་བར་གསུམ་གྱི་དགོན་བཤད་སྒྲུབ་ལས་གསུམ་གྱི་ལྟེ་གནས་ཐམས་ཅད་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་སྨྲས་པ་ཙམ་གྱིས་མི་ཚད་པར། སྔོན་མེད་ཀྱི་རྟེན་དང་བརྟེན་པ་ཁོར་ཡུག་དང་བཅས་པ་གསར་བཞེངས་དང་གསར་སྐྲུན་མཛད་དང་མཛད་བཞིན་པའི་མི་རབས་གསར་བའི་བསྟན་འཛིན་གྱི་སྐྱེས་བུ་ཐུགས་སྟོབས་སྨོན་པའི་རང་གཟུགས་དུས་སུ་བདོ་ཡོད་པ། བཟང་པོའི་མཛད་པ་མཛད་དང་མཛད་བཞིན་པ་ཐམས་ཅད་ལ་བསྔགས་བརྗོད་ཞུས་པ་ཡིན། ང་གདན་ས་འདིའི་དུས་རབས་མི་རབས་བརྗེ་འཚམས་ཀྱི་གསོན་གསོན་བརྒྱའི་མགོ་མ་མ་རེད་མོད། ཤི་ཤི་བརྒྱའི་གཏིང་མ་ཡིན་ནི་རེད། ང་རྐྱང་བའི་ཚིག་གིས་བསྟོད་བསྔགས་རྐྱང་བས་མི་ཚད་པར། ངས་འདི་ནས་ཞོར་དུ་ཞུ་རྒྱུ་ཅན་ཞིག་ལ་བསྟན་པ་འདི་ལ་ཐུགས་བསམ་བླ་ལྷག་ཏུ་དཀར་བའི་མི་རབས་སྔོན་མའི་སྐུ་འདས་བཞུགས་ཀྱི་སྒྲེས་རབས་པ་ཡོངས་རྫོགས་ཀྱི་སྐུ་ཚབས་ཞུས་པས་མི་ཚད་པར། བསམ་པ་ལྷ་ལ་དཀར། ཞེ་སེམས་དགྲ་ལ་གནག རང་སྲོག་ཡིན་ཀྱང་བསྟན་དོན་དུ་བཏོང་ཐུབ་པའི་ལྷག་བསམ་སེམས་སྟོབས་ཅན། ཤི་མིག་ཁྲ་ཆུང་གསོན་ན་ལྟ་བའི་སྔར་གཤེགས་རྣམ་པའི་འཚབས་ཀྱང་ཞུས་ཏེ། ཁྱེད་བསྟན་འཛིན་གྱི་སྐྱེས་བུ་དེང་རབས་པ་ཕྱི་ནང་གསང་གསུམ་གྱི་རང་བསྟན་གྲུ་བཞི་ལམ་མེར་འཛིན་ནི་ཐམས་ཅད་ལ་བཀའ་དྲིན་ཆེ་ཞུ་ནི་ཡིན། ཕྱིའི་བརྟེན་གཞིའི་བཞེངས་བསྐྲུན་ལྟ་སར་ཡོད་རྒྱུ་འདི་ཚོ། སྔར་སོང་ཕྱི་མའི་ལམ་དུ་གོམ་པ་སྤོས་སོང་བའི་ལྷག་བསམ་ཅན་རྣམས་ཀྱིས་ཧ་བོ་འདི་གཅིག་མ་རིག་ཐལ་བསམ་རྒྱུའི་སྔོན་ཆད་ཡིད་ཡུལ་ལ་རབ་རེས་ཤར་མ་མྱོང་བའི་རྣམ་པ་གསར་བ་ཞིག་ལ་འདི་ལྟར་བསྒྱུར་ཡོད་ནི་རེད། ད་དུང་དེས་ཀྱང་མི་ཚད་པར་ནང་དོན་གྱི་བསྟན་པ་ཚུལ་གནས་ཐོས་དང་བསམ་ལྡན་གྱི་ཐད་ནས་ལྟར་མི་མངོན་པའི་བསླབ་གསུམ་དྲི་མ་མེད་པའི་གསེར་གྱི་མཆོད་སྡོངས། ལྷ་མིའི་འཇིག་རྟེན་གྱི་རྒྱན་གཅིག སྲིད་པ་འདི་ན་མཚུངས་ཟླ་བྲལ་བ་དག འདི་ལྟར་མཁན་ཆེན་ཁྲི་རབས་རྣམ་པས་བསྐྲུན་ནི་བོ་དེ་བས་ཀྱང་ངོ་མཚར་ཆེ་ནི་རེད་ཞུས་ནི་ཡིན། དེ་གཉིས་ལྷན་དུ་འཛོམ་དུས་བསྟན་པ་ཕྱི་ལྡན་ནང་ལྡན་ཟེར་ནི་རེད། འདིའི་རྟེན་དང་བརྟེན་པའི་བཞེངས་བསྐྲུན་འདི་ཚོའི་ཐད་ནས་ཁར་སང་ང་ཚོས་ཨ་ཏིའི་བསྐྱེད་རིམ་བཤད་པ་དང་འདྲ་བར། བསྐྱེད་རིམ་སྐད་ཅིག་དྲན་རྫོགས་སུ་ཀྲང་བསྐྱེད་བྱས་པ་དང་འདྲ་བར་བཀྲ་ལམ་མེ་གསལ་བཏོང་བས་ཆོག་རྒྱུ་ཅན་ཞིག་ཅི་ལ་ཡིན། ལུས་སེམས་རྒྱུ་ཚེགས་གཉིས་ཀས་འོ་རྒྱལ་བྱས། ད་དུང་དེའི་སྟེང་དུ་འོ་བརྒྱལ་ཆེ་ཤོས་དེ་གང་ཡིན་ན། བསླབ་གསུམ་ཉམས་བཞེས་ཐུགས་དམ་ཉམས་ལེན་སོགས་ཀྱི་དུས་ཚོད་རིན་ཐང་ཅན་དྲོན་རྒྱུ་ལ་སོགས་པའི་དོན་ཆེན་མང་པོ་ཞིག་མ་བཏོང་བར་འདི་མི་འགྲུབ་པ། ཤེས་ལྡན་ལྷག་བློ་ཅན་ཐམས་ཅད་ནས་བསམ་བློ་བཏང་ན་ཤེས་རྒྱུ་ཅན་ཞིག་ཡིན་ནི་རེད།

མདོར་ན་ཡོངས་རྫོགས་བསྟན་པའི་ཆ་ཤས་ཆེན་པོའི་གོ་སར་བཟུང་ནས། ད་ཡོད་རྫོགས་ཆེན་ཚང་གི་དགོན་མ་ལག་བརྒྱ་ཚོ་ཁ་གྲངས་ཀྱིས་ལྟ་ས་དེ་གྲུ་བཞི་ལམ་མེར་བཟུང་བའི་མཛད་པ་ཐམས་ཅད་ལ་རྗེས་སུ་ཡི་རང་དང་བཅས་བསྔགས་བརྗོད་ཡོད་ཟེར་རྒྱུ་ཡིན། དེ་ལས་ཀྱང་ཁྱད་པར་དུ་གྱུར་བ་ལེགས་པ་ཀུན་གྱི་གཞི་རྟེན་དེ་ཐུགས་མཐུན་གོང་བུ་གཅིག་གྱུར། ལུས་ཡན་ལག་དབང་པོ་ཀུན་ཚང་གི་སྐྱེས་བུ་ནད་མེད་སྟོབས་དང་ལྡན་པ་འདྲ་ཞིག་ཡིན་པ་འདི་ལ་དམིགས་བསལ་གི་བསྔགས་བརྗོད་ཞུས་པས་མི་ཚད་པར་ཡུན་ནས་ཡུན་དུ། ཐུགས་ཤུགས་ནུས་པ་ཆིག་དྲིལ། མྱི་གཅིག་བསམ་པའི་སེམས་འདྲ། གཞོག་གཅིག་སྟ་རེའི་སོ་འདྲ་མཛད་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། ད་རེས་འདི་ན་རིགས་མཐུན་གྱི་དགོན་སྡེ་སུ་དང་སུ་འདྲའི་མི་སྣ་ཡོད་ན་ཐམས་ཅད་ཀུན་ལ་དེ་བཞིན་གཅིག་མཚུངས་སུ་ཞུ་རྒྱུ་ཡིན། གཞན་ཅི་ཡང་མེད་ཀྱང་དགོན་པ་ཞིག་ལ་ཐུགས་མཐུན་དང་ཁྲིམས་གཙང་གཉིས་ཀ་ཡོད་ན་ཕྱི་ལ་ངོམ་རྒྱུ་ནང་ལ་འཇོག་རྒྱུ་གཉིས་ཀ་དེས་ཆོག་ནི་རེད། དེ་གཉིས་ཀྱི་ནང་དུ་ཡོན་ཏན་དང་དཔལ་ཡོན་གཞན་ཐམས་ཅད་མ་ལུས་པ་འདུས་ཡོད་ནི་རེད། དཔེ་བཞག་ན་རྒྱ་མཚོ་ཆེན་པོར་ཆུ་ཕྲན་གཞན་ཐམས་ཅད་འདུས་པ་ལྟ་བུ་ཡིན་ནི་རེད། ཐུགས་མཐུན་ཁྲིམས་གཙང་ཟེར་རྒྱུའི་ཚིག་དེ་གཉིས་ཀ་སྦྱོར་སའི་དོན་དེ་མེད་ནས་བཟུང་། གཞན་ཅི་ཞིག་ཡོད་ཀྱང་སྲོག་མེད་བེམ་པོའི་ངང་ཚུལ་ལས་མ་འདས་པ་རེད་ཅེས་ཞུས་ནི་ཡིན། ངས་སང་ཉིན་ན་ལེནྡྲའི་ཆོས་གླིང་གསར་བའི་ཆོས་དུང་དང་པོ་འབུད་རྒྱུའི་ལོ་རྒྱུས་ཀྱི་ལམ་སྟེག་གསར་བའི་ལེ་ཚན་སོ་མ་ཞིག་འདི་ལྟར་དབུ་འབྱེད་བྱེད་པའི་སྐབས་འདིར། འདིའི་རྒྱབ་ལྗོངས་འདས་དུས་ཀྱི་སྣང་བརྙན་ཐམས་ཅད་ཀྱང་རང་ཤུགས་ཀྱིས་མངོན་སུམ་ལྟར་དུ་ཡིད་ངོར་འཆར་རྒྱུ་ཅན་ཞིག་རེད། དེ་འདས་པའི་མི་ལོ་ཉིས་བརྒྱའི་ཡར་སྔོན་ནས་བརྒྱུད་པའི་ཆོས་གྲྭ་འདིའི་བྱུང་རིམ་ལ་ཕྱི་ལྟས་ཞིག་བྱས་ན། སྔར་དུས་སུ་སེང་ཕྲུག་པདྨ་བཀྲ་ཤིས་ཀྱི་དུས་སུ་བསྟན་པའི་དབུ་བརྙེས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་བསྟན་པའི་སྲོལ་གཏོད། མཁན་ཆེན་པདྨ་བཛྲ་གྱིས་བསྟན་པ་དར་ཞིང་རྒྱས་པར་མཛད། ཆོས་རྗེ་གཞན་ཕན་སྣང་བས་བསྟན་རྒྱུན་ཡུན་དུ་སྐྱོང་བར་མཛད་པ་ནས་དུས་རབས་སོ་སོའི་སྐབས་སུ། རྫ་དཔལ་སྤྲུལ་དང་འཇུ་མི་ཕམ་ལ་སོགས་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན། མཚན་གྱིས་ས་ཆེན་གཡོ་ནུས་པ་ཞལ་སློབ་ཡང་སློབ་དང་བཅས་པ་གྲངས་ཀྱིས་མི་ལང་བ་ཞིག་གནས་འདི་ནས་བྱོན་ནི་རེད།

ད་ནས་བརྩིས་པའི་མི་ལོ་དྲུག་བཅུའི་ཡར་སྔོན་གྱི་གནས་འདི་ང་ཚོར་གསལ་བའི་དུས་སུ་བོད་བསྟན་པ་སྔ་དར་ནས་ཕྱི་དར་ལ་དར་བའི་ཕྱི་དར་གྱི་བསྟན་པ་མ་ཉམས་པའི་དུས་རེད། དེའི་དུས་སྐབས་སུ་ལྷག་པར་དུ་མར་མེ་དལ་ཁར་གསལ་བ་དང་འདྲ་བར་བསྟན་པ་དར་དུས་ཞིག་རེད། དེའི་དུས་སུ་དམ་པ་གོང་མ་མཁས་བཙུན་གྲུབ་པ་སུམ་ལྡན་སངས་རྒྱས་དངོས་བྱོན་དང་འདྲ་བ། ད་ལྟའི་སྐབས་སུ་མཚན་ཙམ་ཐོས་པ་ཡང་སྐལ་བ་མཆོག་ལྡན་དུ་འཇོག་རྒྱུ་མང་པོ་ཞིག་གི་ཞལ་དངོས་སུ་མཇལ། གསུང་དངོས་སུ་ཐོས་རྒྱུ་ཡོད་གི། གདན་ས་འདི་ལ་མཚོན་ན་དེའི་སྔོན་དུ་བསྟན་པ་ལ་ཆགས་ཉམས་ཞིག་ཡོང་ན་ཡང་། དེ་དུས་བསྟན་པ་ཡར་དར་ཞིང་རྒྱས་པའི་སྒང་དུ་ཁེལ་འདུག ང་དེ་དུས་ལོ་ངོ་བཅུ་གྲངས་ཀྱི་ཚད་ལ་ཐོན་ཡོད་དུས་ཡིན། ངེད་ཚོའི་མྱི་ཐོག་གི་མྱི་ཚེ་དེ་གོང་དུ་བཤད་པ་ལྟར་དུ་གཅིག་དང་མི་འདྲ་བའི་འགྱུར་བ་ཆེན་པོ་ཅན་ཞིག་ཡིན་སོང་ནི་རེད། མྱི་གཅིག་གི་མི་ཚེ་སྐྱིད་སྡུག་འདྲ་དང་མི་འདྲ་མང་པོ་ལུས་རྟེན་སྐྱེ་བ་གསུམ་ཙམ་བརྗེས་སོང་ནི་འདྲ་ཞིག་ཡིན་ཐ། དང་པོའི་དུས་སུ་སྐྱིད་ཀྱི་རྔ་ལུ་ལ་ཅིག་ཟིན་ནི་རེད། བོད་ཡུལ་གཙུག་ལག་ཟུང་གི་མངའ་ཐང་གྲ་མ་ཉམས་གྲུ་མ་ཞིག་པའི་སྒང་ཡིན་ནི་རེད། ཁྱད་པར་དུ་ཆོས་ཕྱོགས་ནས་ད་ལྟས་ཡོང་ན་རྫོགས་ལྡན་གྱི་དུས་བཟང་ཟེར་རྒྱུ་བོ་ད་དེ་དུས་ཡིན་ཞིག་བསམ་རྒྱུ་ཞིག་རེད། རེད་དང་ནི་རྟག་མ་ཐ། མདང་གི་རྨི་ལམ་འདྲ་ཞིག་རེད། བར་དུ་སྐལ་བ་རྟ་རྒོད་ཀྱི་འགྲེ་ལོག་འདྲ། དུས་འགྱུར་ཡོ་ལང་གི་ཁུག་སོ་ཚེས་ཐ། ཆོས་པ་རབ་བསད། འབྲིང་སྤྱུགས། ཐ་མ་བྲན་དུ་བཀོལ། སྣོད་བཅུད་ཀྱི་རྒུད་པ་བདོ་བའི་མྱི་ལོ་སུམ་བཅུ་ཙམ་ཞིག་གི་རིང་ལ། མྱི་ཚེ་རིང་ཞིག་གི་ཚེ་ཕྱེད། ཚེ་ཐུང་ཞིག་གི་མྱིའི་ཚེའི་ཚད་འདྲ་ཞིག་ལ། བོད་ཡུལ་བསྟན་དགོན་སྤྱི་ལ་གཏོར་རླག་ཐེབས་ནི་རེད། ས་འདི་ཚོ་ཉམས་ཉེས་ལྷག་པར་དུ་བྱུང་ས་ཞིག་ཡིན་ནི་རེད། སྐབས་དོན་བཤད་པའི་དཔལ་གྱི་སེང་གེ་རིའི་ཆོས་གྲྭ་འདི་ལ་མཚོན་ན་དེ་དུས་མྱི་མེད་ས་སྟོང་གི་ལུང་བ་རྩ་འཇག་མས་བཤུག་གླུ་ལེན་ས། གྱང་ཤུལ་རྟ་རྣ་རུག་གེར་གྱུར་ནས་ལོ་མང་པོ་སོང་ནི་རེད། དེས་མོ་བྱས་ཏེ་མྱི་ལུས་གཅིག་ལ་སྐྱིད་སྡུག་གི་སྐྱེ་ལུས་གཉིས་གསུམ་ཞིག་མྱི་རབས་དེ་ཡི་མྱི་རྣམས་ཀྱིས་བླངས་བཏང་བ་ཡིན་ན།

ད་ལོ་རེ་རྒྱབ་གི་ལོ་རེེར་སྐྱིད་ཉི་མས་ཕྱི་ལྟས་ལ་རེ་སྟེ་རེ་བ་རྒྱབ་ནི་རེད། རེ་བ་རྒྱབ་ན་ཡང་སྐྱིད་ལ་ཡོང་རྒྱུ་དང་སྡུག་འཛད་རྒྱུ་མ་ཡོད་ནས། མྱི་སེམས་ཆུང་གི་ཡིད་ཆད་སྐྱེ་ཡི་སྡུག་གི་མཆིལ་མ་ལྐོག་རྔུབ་བྱེད་རྒྱུ་མ་གཏོགས་རེ་བཞག་མི་ཆེ་ས་ལ་ཐུག་མྱོང་ནི་རེད། དེའི་རྗེས་སུ་རིག་གནས་གསར་བརྗེའི་དུས་ངན་དེ་ཚོ་ཕར་ར་ཅིག་ཡོལ། དུས་རབས་སྔོན་མའི་དུས་མཇུག་གི་ལོ་རབས་བརྒྱད་བཅུའི་དགུ་བཅུའི་སྣེ་ཟིན་སྐོར་ལ་བོད་བསྟན་པ་ཡང་དར་གྱི་དུས་སྐབས་འདི་ཚེས་ནི་ཡིན་ན། དེང་སང་གི་དུས་སུ་ས་སྟོད་སྨད་བར་གསུམ་གང་དུ་ལྟས་ཡོང་ན་བསྟན་པ་ཡར་དར་དབྱར་གསུམ་གྱི་མེ་ཏོག་བཀྲ་ནི་འདྲ་བོ་འདི། སྔར་སོང་ལོ་ཟླ་མང་པོའི་ནང་ལ་དཀའ་སྡུག་ཁྱད་དུ་བསད་ནས་བསྟན་པ་རང་སྲོག་གིས་སྲུང་བའི་དམ་པའི་སྐྱེས་བུ་ཉུང་ཤས་ཞིག་གི་བཀའ་དྲིན་ཡིན་པ་དེ་ཆུ་འཐུང་དུས་ཆུ་སྒྲ་གོ་བའི་དྲིན་མ་བརྗེད་ཟེར་བ་དང་འདྲ་བར་མི་དྲན་ཀ་མེད་ཀྱི་དཔེ་དོན་ལ་ཁེལ་ཡོད་ནི་རེད། དེ་ལྟར་དུས་རབས་གསར་རྙིང་གི་མྱི་ཐོག་བརྗེས་བའི་དུས་མྱི་ང་ལ་མཚོན་ན་ཅི་འདྲ་ཞིག་ཡིན་ཟེར་ན། ཤི་སྐལ་མ་ཡོད་པར་དུས་བཟང་ངན་གཉིས་ཀའི་སྐྱིད་སྡུག་དེ་ལུས་སེམས་གཉིས་ཀའི་ཐོག་ལ་ཡོང་ནི་རེད། མ་མྱོང་དགུ་མྱོང་ཤི་བ་མ་མྱོང་ཙམ་གྱིས་མངར་སྐྱུར་ཁ་སྐའི་བྲོ་བ་མང་པོ་མྱོང་ནི་རེད། རླུང་འཚུབ་རླབས་དྲག་མང་པོ་གཤག་ནས་ཡོང་ནི་ཡིན། གདན་ས་འདི་ཚོའི་སྟེང་གི་སྔར་གོང་ནས་ཞུས་པ་བཞིན་དུ་གསོན་གསོན་བརྒྱའི་མགོ་མ་མ་རེད་མོད། ཤི་ཤིའི་བརྒྱའི་རྟིང་མ་ཡིན་ནི་རེད། དེ་ལྟ་བུའི་སྔར་སོང་འདས་དོན་ཐམས་ཅད་ད་ལྟ་མངོན་སུམ་མཐོང་ཐོས་ཀྱི་ཡུལ་དུ་ཡོད་ནི་མ་རེད་དང་ནི། དེ་དེ་དྲན་པའི་ཡུལ་དུ་གྱུར་བའི་སྣང་བརྙན་ལ་ཕྱི་ལྟས་ཞིག་བྱས། བསམ་བློ་ཞིག་བཏང་ན། དུས་རབས་སྔོན་མའི་དུས་སྐེད་ཀྱི་ཉིན་གཅིག་ཉི་མ་ཞིག་ལ། བསྟན་པ་མགོ་ནས་བཤིག་སོང་ནི་རེད། བསྟན་གཞི་ཚངས་མ་ཤུལ་མེད་དུ་བརླག་སོང་ནི་རེད། བསྟན་འཛིན་གྱི་སྐྱེས་བུ་བཀྲོངས་བཏང་ནི་རེད། རྒྱབ་ནས་གྲོ་བའི་ལྷོག་པ་བཤུས་སོང་ནི་རེད། མདུན་ནས་བརྟེན་པའི་མཁར་བ་ཆག་སོང་ནི་རེད། མྱི་ང་ལ་ཆག་བཞག་ན། ཕོ་ལོ་བཅོ་ལྔ་བཅུ་དྲུག་གི་ཐོག་ནས། ཆགས་ས་འཁྲི་ས་རྟེན་མེད་དུ་སྐྱབས་མགོན་མེད་ཀྱི་དྭ་ཕྲུག་ཁེར་འཁྱམ་ཞིག་ཡིན། དེ་སྐྱེ་བ་མ་བརྗེས་ཡི་སྐྱེ་ལུས་ཐེངས་གཅིག་ལ་བརྗེས་ནི་འདྲ་འདྲ་རེད་སོང་ནི་རེད། མྱི་ལ་སྐྱིད་སྡུག་མང་པོ་ཡོང་རྒྱུ་དེ་མི་དར་རྒྱུ་ཞིག་མ་རེད་དང་ནི། ང་དང་ང་འདྲ་བའི་མི་རབས་གཅིག་གི་ནང་དོན་རིག་པས་གཙོ་བོ་བྱས་པའི་ཤེས་བྱ་རིག་གནས་སྦྱོང་བའི་གོ་སྐབས་མ་རེག་པ་འདི། མི་རབས་ཤིག་གི་ལོ་རྒྱུས་ཀྱི་ཐོག་ནས་བསམ་བློ་བཏང་ན་གྱོང་གུད་ཆེ་ཤོས་ཀྱི་གྲས་དེ་དེ་ཚོ་ཨེ་མི་ཡིན་བསམ་བཞིན་ཡོད། ད་གང་ལྟར་བཤད་ཀྱང་གསོན་གྲང་ང་ཁམས་ཀྱི་ས་ཆ་ལ་ལྷག་ཡོད་གི། སྔར་སོང་འདས་པའི་ལོ་རྒྱུས་དང་དམ་པ་གོང་མའི་གསུང་དང་ཞལ་ངོ་ཚོ། ཁྲ་ལམ་མེར་ཡིད་ངོར་རེ་རེ་ཤར་དུས་མདངས་བསམ་བློའི་སྐོར་རྫོགས་རེ་རེ་བྱས་ན། ཆུ་དགུ་འབོག་གི་ཨབ་བྲ་ལ། སྤུ་རྩ་དེ་བས་རླན་ཞིག་དང་། མདའ་དགུ་རྒྱབ་པའི་ཤ་བོ་ལ། རྨས་ཚབས་དེ་བས་ཆེ་ཞིག་ཡོད་ནི་མ་རེད་མོད། དེ་སྲོག་རྟ་རྔ་འདྲ་བོ་མ་ཆད་སིག། མ་ཤི་ཡི་ཤུལ་དུ་ལུས་ནི་རེད། ཕ་ཤུལ་བུ་ཡིས་མ་ཟིན་ཀྱང་། ཕ་འཚེར་དུད་པ་ལ་ལོང་ཟེར་ནི་རེད། ལས་ཁུལ་རང་ཐོག་ལ་བབ་ནི་བོ་དེ་ཤེས་ནས། ཅུང་ཟད་ཅིག་ལྷོད་དེ་དབུགས་ཆེ་བ་ཞིག་ལེན་ཆོག་པ་དང་མཉམ་དུ། རང་བསྟན་ཞབས་གང་དུ་སྐྱེས་པའི་ལས་ཁུལ་ཁོང་བླ་སྤྲུལ་རྒན་རབས་རྣམས་པ་དབུ་ལ་བཞུགས་ས་ནས། སྡེ་འདིའི་དེ་དུས་ཀྱི་སྐྱ་སེར་ལྷག་བསམ་ཅན་ཚོས་རམ་འདེགས་དང་བཅས་ཏེ་དགོན་བསྟན་གཞིའི་བཞེངས་སྐྲུན་གཙོ་བོ་བྱས་ས་ཞིག་གིས། མཐོང་བརྒྱུད་ཀྱི་ཕྱག་བཞེས་སོ་ཉམས་པ་སླར་གསོ། མི་ཉམས་གོང་འཕེལ་གྱི་ཚུགས་ཀ་རེ་བཏོད་ས་ལ་མཉམ་རུབ་བྱས། དེའི་མཚམས་ཞིག་ནས་ང་ནི་ཤྲཱི་སེང་ཆོས་གྲྭ་སླར་གསོའི་བྱ་བ་དེ་ལ་འཐབ་བཞག་ནི་རེད། དེའི་དུས་སུ་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ཞིག་གི་ནང་ན་དེང་སང་ཡང་ལྟ་བྱས་ཡོང་དུས་དེ་དང་འབྲེལ་བའི་སྐད་ཆ་ཞིག་འདུག

དེ་ཚེ་ལས་རླུང་ཤར་གྱི་རི་བོའི་རྩེར། །སྙིང་སྟོབས་མཁའ་ལ་འཕུར་བའི་རྩལ་ཤུགས་ཅན། །ལྷག་བསམ་ཆ་ཡི་དཀྱིལ་འཁོར་ཡོངས་རྫོགས་པའི། །ཉ་གང་དུང་ཟླ་དཀར་ཆུང་ཁོ་བོ་ཙམ། །ཞེས་བྲིས་ཡོད་པ་དེ་རང་གིས་རང་ཉིད་ལ་སྙིང་སྟོབས་སྐྱེད་བྱེད་དུ་བྲིས་ནི་རེད་ཡོད་གི། དེ་མི་གཞན་ཞིག་གིས་བྲིས་ནི་ཞིག་ཡིན་ན་རབ་བཏགས་ཀྱི་རྒྱན། དོན་ལ་མི་གནས་པ་ཞིག་རེད་ཟེར་རྒྱུ་རེད་ཡིན་ན་ཡང་དེའི་མཇུག་ཏུ། །ངས་འདིར་གཡས་འཁྱིལ་ཆོས་དུང་དཀར་མོའི་སྒྲས། །ཁོར་ཡུག་རི་བོའི་ལྗོངས་ཀུན་ཁྱབ་པར་བྱས། །ཞེས་བྲིས་པ་དེ་ཅུང་ཟད་དོན་དང་མཐུན་པའི་གཏམ་ཞིག་རེད་བསམ་བཞིན་ཡོད། དེའི་ཐད་ཚོད་བྱ་བའི་འགོ། གཏོར་མའི་རྩེ་། དང་པོའི་དུས་ནས་རང་ཉིད་ཀྱིས་སྣེ་ཁྲིད་དེ་བསྟན་རྩ་དམ་ཆོས་འདུལ་བའི་སྡོམ་རྒྱུན་དང་། བསྟན་པའི་སྙིང་པོ་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་འཛིན་རྒྱུ་དེ་གནད་དུ་བཟུང་ནས། ཕྱོགས་གཅིག་གིས་ཤྲཱི་སེང་གི་རྟེན་གཞི་བཞེངས་བསྐྲུན་ལ་འཐམ།

དེ་ཚར་སྒུག་འགྲུབ་སྒུག་བྱེད་རྒྱུ་མེད་གི། ནང་གི་བསྟན་པ་མྱུར་སྐྱོབ་བྱེད་རྒྱུ་དེ་བས་གལ་ཆེ་ནི་རེད་བསམ་ནས། ཡང་ཕྱོགས་གཅིག་ཞིག་ནས་འཆད་ཉན་གྱི་རྒྱུན་འཛུག་རྒྱུ་གཙོར་བཟུང་བྱས་ཏེ་ཆོས་དུང་ཞིག་ཀྱང་བོས་ནི་ཡིན། རྟེན་གཞིའི་བཞེངས་བསྐྲུན་གྱི་ཐད་ནས་དེའི་དུས་ཀྱི་སྤྱི་ཚོགས་དེ་འབྱོར་མཁོ་ཞན་པ་རེད་ཡིན་ན། ང་རང་གི་གྲོང་ཆོག་གི་འབུལ་བ་ཡན་ཆད་བསོག དོམ་ཁ་བུ་ལོན་བླངས། ཕྱོགས་ཡར་མར་གྱི་མྱི་དང་འབྲེལ་བཏུགས་བྱས། གྲྭ་ཆུང་རྗེས་སུ་འབྲང་ནི་ཆ་ཀ་སློང་མོར་མངག ཤྲཱི་སེང་གི་གྲྭ་ཐོག་སྔོན་མ་ཆ་ཀས་ས་བར་བར་ཞིག་ལ་ས་སྟེང་རྐང་རྗེས་ཀྱིས་བཀང་སྟེ་ཆོས་གྲྭ་འདིའི་ཆེད་དུ་འབད་པ་མཛད་ནི་རེད། སྐབས་དེ་དུས་དོན་གྱི་བསྟན་པ་ཡར་གསོ་མཁན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཐུགས་རྒྱུད་ལ་བཞུགས་ཤིང། ལུང་སྡེ་སྣོད་གསུམ་གྱི་འཆད་རྩོད་རྩོམ་པ་ལ་ཐོགས་པ་མེད་པ་དེ་འདྲ་ཉིན་སྐར་ལྟར་དཀོན་པོ་ཡིན་པའི་དུས་ཚོད་རེད། རེད་དང་ནི་དམ་པའི་སྐྱེས་བུ། དམ་པ་གོང་མ་ཚོའི་ཞལ་སློབ། བསྟན་པ་རང་རྒྱུད་ནས་སྲུང་བ་རེ་རེ་ཉིས་རེ་ཞིག་ས་ཁུག་འགའ་རེ་ལ་བཞུགས་པ་ཚོ་བཙལ་སྟེ། དཀའ་བའི་ཚེགས་ལ་མ་འཛེམ། དཀོན་པའི་རྒྱུ་ལ་མ་འཛེམ་པར་གདན་འདྲེན་རེ་ཞུས། ཅིག་ཅ་རེ་སློབ་གཉེར་རེ་ལ་བློ་ཁ་ཕྱོགས་པའི་བན་ཆུང་སྐྱོན་མེད་རེ་ཡན་ཆོད་འདང་ཆེན་བཙིགས་ཆེན་རེ་བྱས། འགའ་རེ་ལ་མྱིང་རེ་ཚོ་དགོས་པའི་དབང་གིས་བཏགས། བསྟན་དང་འགྲོ་བའི་དོན་དུ་རེམ་ནས། མྱི་ཚེའི་ཚེ་སྐད་ཀྱི་ཉི་མ་ནམ་ཚ་མི་ལོ་ཉི་ཤུ་ཙམ་ཤྲཱི་སེང་ན་ཟད་སོང་པ་རེད། བསྟན་པ་འདི་མྱིའི་ལུས་རྟེན་ལ་བརྟེན་ཡོད་ན། མྱིའི་རྣམ་ཤེས་འཁྲི་སའི་གནས་ཁང་གནས་མལ་ཞིག་མེད་ན་ཐབས་མེད་རེད། ཁྱད་པར་དུ་འདུས་པའི་སྡེ་ཆེན་ཞིག་ལ་མཚོན་ན་རྟེན་གཞི་གཙོ་བོ་གང་དང་གྲྭ་ཤག་སྒྲིག་ཁང་ཞིག་མེད་ན་ཐབས་མེད་ཡིན་པས་རྟེན་གཞི་བཞེངས་སྐྲུན་གྱི་ཕྱོགས་ལ་དེ་ལྟར་འབད་མྱོང་། ཡིན་ན་ཡང་དེ་དུས་གཅིག་ན་ཐམས་ཅད་འབྱོར་འཁོས་ཞན། གཉིས་ན་ས་འབྲོག་པའི་མྱི་ལ་ཨར་ལས་ཀྱི་ཉམས་མྱོང་མེད་པའི་སྟབས་ཀྱིས། ཤྲཱི་སེང་གི་གླིང་ཕྱོགས་བཞི་རྙིང་བ་གན་ངས་སྣེ་ཁྲིད་དེ་ཕལ་ཆེ་བ་དེ་འོར་མ་བཞི་ལ་ཡང་ལས་བྱས། དེ་མི་ལས་སྲས་མཁར་དགུ་ཐོག་བཞེངས་ནི་འདྲ་འདྲ་བྱས་ཏེ་ལས་ཡོད་ནི་རེད། ང་རང་གིས་སྣེ་ཁྲིད་ནས་གྲྭ་ཆུང་ཆ་ཀས་མཚམས་རེར་དཔེ་ཆ་ལྟ་རྒྱུ་ཕར་ར་བཞག་ནས། ས་རྡོ་ཤིང་གསུམ་ལ་སོགས་པ་ཕྱི་ནང་གི་ལས་ཀ་ལ་འཐམ་དགོས་ཐུག་པ་དང་། འགའ་རེས་ལོ་ཆ་རེར་ས་ལས་ཁོ་ནའི་མགོ་ལྟ་དགོས་ཐུག་མྱོང་ང། འབྲོག་རུ་བསོད་ནམས་ལྷ་སྡེའི་དེ་དུས་ཀྱི་རྒན་དར་གཞོན་གསུམ། ད་ལྟས་ན་མྱི་ཐོག་སྔོན་མའི་མྱི་གྲབ་ལ་འགྲོ་གི་ཡོད་ནི་འདི་ཆ་ཀས་སྒལ་བ་རྣག་ཟག་ལ་མ་སོང་བར་ས་རྡོ་ལས་ཡོད་རྒྱུ་རེད། ཡོད་ན་ཡང་དེ་ནས་ད་ལ་མ་ཐུག་གི་བར་དུ་འཁེང་ར་ཞིག་བྱེད་མྱོང་ནི་མ་རེད། ས་འདིའི་རང་སྡེའི་མྱི་རབས་ཐམས་ཅད་པོ་དེ་སེམས་མཐུན་བསམ་པ་ཕྱོགས་གཅིག ཀི་རྒྱབ་ན་གཡང་དཀར་ལུག ཆོ་སྨྲས་ན་མདོ་བ་རྟ་ཡིན་ནི་རེད། དུས་སྙིགས་མ་ཡིན་པས་སམ། གཅིག་བྱས་ན་ཆོས་ཟབ་རྩ་ན་ནག་པོའི་བདུད་ཡང་ཟབ་ཅན་པོ་ཨེ་མི་ཡིན། བར་ཆད་དེ་འདྲ་ཅིག་ཆེ་ནི་རེད། ཤྲཱི་སེང་གྲཱ་ཤག་ལ་མེ་དགྲ་ལ་སོགས་པ་འབྱུང་བ་བཞི་བོས་གནོད་པ་ཡོད་མྱོང་ང། སྐོར་ཞིག་ང་ཕྱི་རྒྱལ་ཞིག་ལ་ཡོད་དུས་ཞིག་ལ། ཤྲཱི་སེང་གི་གླིང་མེ་ལ་འབར་ཐ་ཟེར་ནས་ཁ་པར་ཞིག་ཐོན་བཏང་ཐ། ངས་རྟེན་འབྲེལ་ཡག་ཞིག་སྨྲས་ནི་བོ་ད་རུང་དྲན་གི། དེ་ཤར་གླིང་གི་ཕྱེད་ཀ་ཙམ་ཞིག་ནས་བྱང་གླིང་གི་ཕྱེད་བར་སྤོས་ཐུར་སྒྲོན་ནི་འདྲ་བྱས་ཏེ་འབར་སོང་བ་རེད། དེ་ཚོ་སྐད་ཆ་འཕྲོས་བཤད་རེད། ཤྲཱི་སེང་གི་གཙུག་ལག་ཁང་དེ་ཐེངས་དང་པོ་ལས་ལོ་ཙམ་ཞིག་ལ་ད་ལྟ་ན་ལེནྡྲ་བཏབས་ཡོད་སའི་ས་ཆ་འདིར། སྨྱུག་ཁང་གི་ཆོས་རྭ་ཞིག་ལས་ནས་ལོ་གཅིག་ལ་དེར་ཆོས་དུང་འབུད་ནི་རེད། ངས་ད་དུང་དྲན་རྒྱུ་ཞིག་ལ་དགོང་གཅིག་ཕྱི་དྲོ་ཞིག་ལ་ང་དེའི་ཆོས་རྭའི་སྒོ་ནས་ཆོས་གྲྭའི་འགན་བཞེས་པ་ཆ་ཤས་དང་མཉམ་དུ་ལས་ཀའི་འཆར་འགོད་འདྲ་བྱས་ཏེ་འགྲོ་བཞིན་ཡོད་དུས། རྫ་ཆུ་ཁའི་རྫ་སེར་ཤུལ་དགོན་པའི་སྐུ་ཞོག་སྨན་ཤུལ་སྤྲུལ་སྐུ་བྱོན་ཡོང་ནས། ཁོང་ལ་ད་རེས་རོགས་ཞིག་དགོས་གི་གསུངས་པ་ལྟར། རྫ་སེར་ཤུལ་ཚང་གི་བསྟན་སྲིད་དང་འབྲེལ་བའི་གྱོད་དོན་གལ་ཆེན་ཞིག་ངས་དེ་དུས་དཀའ་ལས་རབ་ཞིག་རྒྱབ་ནས་ལམ་ལ་བཞག་མྱོང་ང་། ད་མྱི་ལོ་ལོན་གི་སྐད་ཆ་ཉོག་གི་ཡོད་ནི་རེད། ད་ཡང་སྙིང་ཅི་ཞིག་བཤད་ན། མྱི་ང་ལ་མཚོན་ན་ལས་རྒྱུ་ཆེ་ན་ཡོང་རྒྱུ་མང་བའི་དཔེ་ལྟར་དེའི་སྔོན་གྱི་ཡར་སྔོན་ཞིག་ལ་ལྷས་བཀའ་ཆད་ཨེ་ཡིན་མི་ཤེས། འདྲེས་བར་ཆད་ཨེ་ཡིན་མི་ཤེས། འགའ་རེས་བསྟན་པའི་གོད་ཆགས་རེད་ཟེར་ནི་རེད། སྔོན་ལས་ཞིག་མིན་ན་འཕྲལ་རྐྱེན་ཞིག་ལོས་ཡིན། མདོ་རང་འདོད་ཀྱི་བྱ་བ་སྒྲུབ་ས་ནས་མ་རེད། ངའི་ལུས་ལ་སྲོག་མ་ཤོར་ཙམ་གྱི་རླངས་འཁོར་གྱི་བརྡབས་སྐྱོན་ཆེན་པོ་ཞིག་བྱུང་ནི་རེད། ད་ཞག་སྐལ་བཟང་ལེགས་སྐྱེས་དང་འབྲེལ་བའི་སྐད་ཆ་ཞིག་ཁྱེད་རྣམ་པ་ཚང་མས་ཨ་འོར་ཡང་འོར་མང་པོ་ཞིག་གསུངས་ཡོད་གྲགས་དང་ནི། ད་ཁྱེད་རྣམ་པས་གསུངས་བ་དེ་འདྲ་གཟུགས་གཉིས་པ་རེད། ང་རང་གིས་བཤད་ན་བྱུང་བ་དངོས་རེད། དེ་ཡིན་དུས་དེ་དུས་ཀྱི་རླངས་འཁོར་རྡབ་སྐྱོན་དེ་ཕ་རོལ་པོ་ཆབ་མདོའི་རྒྱ་གཞུང་ལས་ཁུངས་གི་རླངས་འཁོར་ཆེན་པོ་ཞིག་གིས་ཚུར་རྒྱབ་བཞག་པ་རེད། འགན་བརྒྱ་ཆ་བརྒྱ་བོ་ཕར་ཕྱོགས་ཀྱི་ཁུར་དགོས་རྒྱུ་ཅན་པོ་རེད།

དེས་ན་དེའི་ཁྲག་རིན་དང་མྱི་ཞིག་གི་མྱི་ཚེའི་དབང་པོ་སྐྱོན་ཅན་བྱས་བཏང་བའི་གྱོང་ཚབས་ལ་སྒོར་རྡོག་ཁྲི་ཁ་ཤས་ལོན་པ་རེད། དེ་དུས་ཀྱི་སྒོར་གྲངས་མ་མང་ན་ཡང་དེང་སང་གི་འཛའ་ཐང་བྱས་ཏེ་རྩིས་ན་ཉུང་ཉུང་ངོ་མ་ཞིག་མ་རེད། །དེའི་རྨས་སྟོང་ཁྲག་རིན་དེ་ཆ་གཉིས་སུ་བགོས་ཏེ་ཆ་གཅིག་ཤྲཱི་སེང་གསར་འཛུག་གི་རྨིང་གཞིའི་རྒྱུ་རྩ་ལ་བཞག ཆ་གཅིག་སྐལ་བཟང་ལེགས་སྐྱེས་ཟེར་རྒྱུའི་མྱིང་དེ་བཏགས་ནས་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་རང་རིགས་ཆོས་དང་རིག་གཞུང་ལ་མཛད་རྗེས་ཅན་ལ་གཟེངས་བསྟོད་ཀྱི་ལེགས་སྐྱེས་འབུལ་རྒྱུའི་འཆར་འགོད་དེ་བྱས་ཏེ་མ་དངུལ་བཞག་པ་རེད། སྐྱེ་ལུས་གྲངས་མེད་བླངས་པའི་སྐྱེ་བ་རེ་རེ་ལ་ལུས་ཤ་ཁྲག་དོན་མེད་དུ་ཅི་འདྲ་ཞིག་བཏང་མེད་ན། རྟེན་འདི་ལ་རྐྱེན་ངན་གྲོགས་སུ་འགྱུར་བའི་སྐལ་བ་བཟང་པོ་ཞིག་ལྡན་སོང་པ་རེད། དེ་གོང་ནས་ཟེར་རྒྱུའི་རྩོམ་ཡིག་དེའི་མཇུག་ན། ནམ་མཁའ་ཇི་སྲིད་དགྲ་གཉེན་བར་མའི་འགྲོས། །མགོན་དང་དཔུང་གཉེན་དམ་པར་བདག་གྱུར་ནས། །ཟུངས་ཁྲག་དྲོན་པོས་བསྟན་པའི་སྲོག་མཐུད་པའི། །སྐལ་བཟང་ཕྱིས་ཀྱང་འཐོབ་པར་ཡང་ཡང་སྨོན། །ཞེས་སྨྲས་པ་དེ་སྙིང་ནས་སྨོན་པའི་སེམས་གཏིང་གི་མངོན་རྟགས་མཚོན་པའི་ཚིག་རིས་ཤིག་ཡིན་ཟེར་ན་ཆོག་ནི་རེད། དེ་སྐལ་བཟང་ལེགས་སྐྱེས་ཀྱི་ཐེབས་རྩའི་གཞི་གདན་དེ་བཞག་ནས་ཡུན་རིང་རེད། བོད་བརྒྱུད་ནང་བསྟན་གྱི་ཆོས་རིག་གཞུང་ལ་མཛད་རྗེས་ཅན་གྱི་མི་སྣ་རླབས་ཆེན་རེ་རེ་གཉིས་རེ་ལ་ལེགས་སྐྱེས་ཀྱི་ཕུད་རེ་ཕུལ་བ་དང་། འདིའི་ཆོས་གྲྭའི་དཔེ་ཆ་བ་བཟང་གྲས་རེ་ལ་ལེགས་སྐྱེས་ཐེངས་ཆ་རེ་ལ་འབུལ་མྱོང་། བྱ་བ་འདི་མཐའ་བརྟན་པོ་ཞིག་གི་ཐོག་ནས་གེགས་མེད་ལམ་ལྷོང་ཡུན་རིང་དུ་ཡོང་དགོས་ནས་བཟུང་། ཡིན་ལུགས་རྒྱལ་ཁྲིམས་ཀྱི་ངོས་ནས་ཁྲིམས་མཐུན་གྱི་ཚོགས་པ་ཞིག་བཙུགས་རྒྱུའི་ཐད། དཔའ་རང་ཤེས་མེད་ན་རོགས་ཤེད་བཙལ་ནས་འདིིའི་ཕྱོགས་ལ་འབད་རྩོལ་ལྷོད་མེད་ཞིག་བྱས་ནི་རེད་དང་ནི། བསམ་ཚོད་ཙམ་ཞིག་ཚུགས་ཐབས་མ་བྱུང་བས་ཡིད་ཐང་ཆད་པའི་འཚམས་འདིར། ད་ལོ་ནས་ཆེད་གཏད་སྒེར་གྱི་ཚོགས་པ་ཞིག་བཙུགས་ནས་འདི་ལས་བཞིན་པ་ཡིན་ནི་རེད། སྔར་དང་པོར་སྐལ་བཟང་ལེགས་སྐྱེས་འདི་བོད་དང་བསྟན་པ་སྤྱི་ལ་ཁ་ཕྱོགས་རྒྱུའི་འདང་ཞིག་རྒྱབ་མྱོང་བ་རེད། དེ་བཞིན་དུ་ལག་ལེན་རེ་བཏུག་མྱོང་བ་རེད། རེད་དང་ནི་སྤྱིའི་གྲུབ་ཆ་བྱེ་བྲག་ཡིན་པས་ན། དབུས་སྐད་ཀྱི་སྟངས་ལྟར་ལབ་ན་དང་པོ་བྱེ་བྲག་ཧྲ་ཐག་ཐག་གི་རྨིང་གཞི་ཞིག་དགོས་པའི་སྟབས་ཀྱིས། ད་བབས་ལས་ཀྱི་སོ་མ་ལ་ངའི་ལས་རྒྱུན་མཐུད་ནས་སྒེར་གྱི་ཚོགས་པ་ཞིག་གིས་འདིའི་ལས་དོན་སྒྲུབ་བཞིན་པ་རེད། འདིའི་ལེགས་སྐྱེས་འབུལ་ས་དེ་དང་པོ་རྫོགས་ཆེན་ཆོས་བརྒྱུད་རྐྱང་པ་ལ་ཆགས་བཞག་པ་ཡིན། དེ་ཡང་ལོ་རེ་བཞིན་དུ་འབུལ་རྒྱུའི་གཟེངས་རྟགས་ཞིག་དང་དུས་ངེས་མེད་དུ་འབུལ་རྒྱུའི་གཟེངས་རྟགས་ཤིག་སྟེ་ཚན་པ་གཉིས་ཀྱི་རིམ་པ་གོང་འོག་ཏུ་ཕྱེ་དགོས་འཆར་ཡོད་ནི་རེད། དེའི་སྐོར་ཁྱེད་རྣམ་པས་མཁྱེན་ནི་རེད་དང་ནི་དེ་འདི་ཡིན་རྒྱུ་ཤྲཱི་སེང་ཧ་ཡི་ཆོས་གྲྭའི་མཚན་དང་། ངའི་སྐལ་བཟང་ལེགས་སྐྱེས་ཀྱི་རྟགས་མ་ལ་སོགས་པ་གང་ལ་ཅི་ཞིག་གིས་མཚོན་བྱེད་བྱས་ན་ཆོག་རྒྱུ་ཅན་ཞིག ཤྲཱི་དང་སེང་ཧ་ཟེར་རྒྱུའི་མྱིང་ཡོད་པ་དེ་གཉིས་ཀ། སེང་ཧ་དང་བྷ་དྲ་གཉིས་ཀ་ཐོ་གཏུག ཤྲཱི་མ་ཎི་གཉིས་ཀ་ཐོ་གཏུགས། དེ་གཉིས་ཀའི་མཚན་ཐོག་ནས་འབུལ་རྒྱུ་ཡིན་པ་རྣམ་པ་ཚང་མས་མཁྱེན་བཞིན་པ་རེད། དེ་ད་ཕན་ཆད་ཡང་དེ་བཞིན་དུ་ལག་ལེན་བྱེད་རྒྱུ་བྱས་ཏེ་ཐག་ཆོད་ནི་ཡིན། ད་འབུལ་ས་ནི་མཁས་པ་གཙོ་བོ་བྱས་པའི་མཁས་བཙུན་བཟང་གསུམ་པོའི་ཡོན་ཏན་འཛོམས་པ་ཞིག་ལ་འདི་འབུལ་འཆར་རེད། རྫོགས་ཆེན་ཆོས་བརྒྱུད་ཀྱི་ཐོས་བསམ་པ་ཤྲཱི་སེང་ཧའི་ཁོངས་འདུས་རྒྱུ་ཡིན་པ་གཞིར་བཞག་གི་ཐོག་ནས་འདིའི་གཟེངས་རྟགས་རིམ་པ་གཉིས་སུ་ཕྱེས་ནས། སེང་ཧ་བྷ་དྲ་ཅན་པོ་དེ་ལོ་རེ་བཞིན་དུ་འབུལ་རྒྱུ་རེད། ཤྲཱི་སེང་ཧའི་ལོ་རེའི་རྒྱུགས་ཆེན་འཕྲོད་པའི་ཨང་དང་པོ་གཉིས་པ་གསུམ་པ་གསུམ་ལ། རྒྱལ་སྤྱིའི་འགྲོ་ལུགས་ཀྱི་འགྲོས་དང་མཐུན་པར་གསེར་དང་དངུལ་དང་ཟངས་ཀྱི་རྟགས་མ་གསུམ་གྱི་མྱིང་ཐོག་ནས། ངའི་ལེགས་སྐྱེས་ཀྱི་མྱིང་རྟགས་ཅན་རེ་དང་སྦྲག་ནས་སྒོར་མོའི་ལེགས་སྐྱེས་འབུལ་རྒྱུ་དང་ནི། དུས་ངེས་མེད་དུ་འབུལ་རྒྱུ་ཅན་པོ་དེ་རིམ་པ་གོང་མ་ཤྲཱི་མ་ཎི་ཅན་པོ་དེ་རེད། དེ་ཡང་ཨང་དང་འབྲིང་གསུམ་དུ་ཕྱེས་ནས་འབུལ་རྒྱུ་ཅན་གཟེངས་བསྟོད་ཀྱི་རྟགས་མའི་མིང་ལ། ཁྲི་རམས། འབུམ་རམས། དྷཱི་རམས་ཡིན་པ་ཐག་བཅད་ཡོད་ནི་རེད། དེ་ཡང་ཐོབ་མར་གནང་བའི་གོ་གནས་ཀྱི་མྱིང་མ་ཡིན་པར་གཟེངས་བསྟོད་བསྔགས་བརྗོད་ཀྱི་རྟགས་མ་ཡར་འབུལ་རྒྱུའི་མྱིང་བྱས་ནི་ཡིན། འདིའི་དབྱེ་ཞིབ་ཀྱི་ཚད་གཞི་དེ་སྟབས་བདེ་ཞིག་གིས་བཞག་ན་བསམ་ཁི་ཡོད། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེ་ཁག་བཞི་སོགས་ཀྱི་བོད་བསྟན་པ་ཡོངས་རྫོགས་ཀྱི་ནང་ནས། དུས་སྐབས་དེའི་ཐ་ཚོད་ཀྱི་མཁས་པ་གཙོ་བོར་བྱས་པའི་མཁས་བཙུན་བཟང་གསུམ་འཛོམས་ནིའི་གང་ཟག་ཁྱད་འཕགས་འདྲ་འདྲ་ཞིག་གི་ལྡོག་མ་ལྔ་རྩོད་མེད་ཡོངས་གྲགས་ཀྱིས་བུད་ན་དེའི་ནང་གི་གཅིག་དེ་རྫོགས་ཆེན་ཆོས་བརྒྱུད་ཡིན་ན་དེ་ལ་སྐལ་བཟང་ལེགས་སྐྱེས་ཀྱི་རིམ་པ་གོང་མའི་ལེགས་སྐྱེས་ཨང་དང་པོ་དྷཱི་རམས་ཀྱི་རྟགས་མ་བབས་ཐོབ་ཀྱི་དངུལ་དང་བཅས་པ་འབུལ་རྒྱུ་དང་ནི། གཉིས་པ་དེ་སྔ་འགྱུར་རྙིང་མ་པ་ཡོངས་རྫོགས་ཀྱི་ནང་ནས་གོང་བཞིན་དུ་མཆོག་གྱུར་ལྡོག་མ་གསུམ་འདྲ་འདྲ་བྱས་ཏེ་བུད་ན་དེའི་ནང་གི་གཅིག་རྫོགས་ཆེན་ཆོས་བརྒྱུད་ཡིན་པ་དེ་ལ་འབུམ་རམས་ཀྱི་གཟེངས་རྟགས་འབུལ་རྒྱུ། འདིའི་ལྔ་དང་གསུམ་གྱི་བསྡུར་ཚད་ལས་རྒལ་བ་རེ་བུད་ན་གཟེངས་རྟགས་འབུལ་ཡུལ་ཡིན་པ་ཅི་བཤད་རེད། གསུམ་པ་དེ་རྫོགས་ཆེན་ཆོས་བརྒྱུད་རང་གི་ནང་ནས། ཡང་ཁྱད་འཕགས་གཅིག་ལྷོང་ལ་བུད་པ་ལ་མཁས་བཙུན་བཟང་གསུམ་འཛོམས་པའི་མཁས་པའི་ཡོན་ཏན་གཙོ་བོ་བྱས་པ་ཞིག་གི་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་ཞིག་བྱོན་ན། དེ་ལ་ཁྲི་རམས་གྱི་རྟགས་མ་ཐོབ་ཀྱི་སྒོར་མོ་དང་བཅས་འབུལ་རྒྱུའི་འཆར་གཞི་ཡིན། དེ་ལས་གོང་མ་དེ་གང་ཟག་གཅིག་ལ་མཚན་ཐོབ་རེ་རེ་དེ་ཐེངས་རེ་ལ་འབུལ་རྒྱུ་དང་། འོག་མ་ཅན་པོ་དེ་ཐེངས་གྲངས་མ་ངེས་པ་གཅིག་གི་སྟེང་མང་པོ་བླངས་ན་ཡང་འབུལ་རྒྱུ་ཅན་དེ་འདྲ་རེད། འདིའི་གཟེངས་རྟགས་འབུལ་ཡུལ་གྱི་དབྱེ་ཞིབ་དེ། ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་བ་སུ་ཡིན་དབུར་བཞུགས་པའི་སློབ་གསོའི་འགན་བཞེས་པ་ཚང་མས་གྲོས་མཐུན་གཅིག་ལ་དྲིལ་བ་དང་། པདྨ་ཐང་གི་ང་སྒེར་གི་ལས་རྒྱུན་མཐུད་པའི་གཙོ་འཛིན་པ་ངའི་ངོ་ཚབ་པདྨ་ཐང་ཕྱི་ནང་ཁོར་ཡུག་དང་བཅས་པའི་འགན་བཞེས་པ་གཙོ་བོ་མུ་ར་སྤྲུལ་སྐུ་དང་། ཐེབས་རྩའི་ཚོགས་གཙོའི་མི་སྣ་དང་དེའི་སྟེང་པདྨའི་འོད་སྣང་ཚོགས་པ་ཞེས་པའི་ཚོགས་པ་ཞིག་བཙུགས་ཡོད་པ་འདིའི་ཚོགས་གཙོ་རྣམ་པ་བླ་ཆེན་དག་དག་རེད་གཞན་ལས་གཟིགས་རྒྱ་ཆེ་རྒྱུ་རེད། འདིའི་ཐོག་མཐའ་བར་གསུམ་གྱི་ཕྱི་ནང་གསང་གསུམ་ལ་ལོས་གཟིགས་བསམ་བཞིན་ཡོད། ད་སྐལ་བཟང་ལེགས་སྐྱེས་ཀྱི་ཐེབས་རྩའི་མ་དངུལ་དེ་མང་པོ་མ་རེད་མོད། དེ་ཁོ་རང་གི་འབྱུང་རྩ་དེད་ན། ཁ་བསག་ཚུལ་འཆོས་གཞོག་སློང་ཐོབ་འཇལ་སོགས་ཀྱིས་སྒྲུབ་ཡོང་བའི་མ་དག་ལོག་པའི་འཚོ་བ་དང་འབྲེལ་བའི་བྱུང་ཁུངས་གཙང་མ་མིན་པའི་དངུལ་མ་ཡིན་པར། ང་རང་ཉིད་ཀྱི་ལུས་ཀྱི་ཟུངས་ཁྲག་དྲོན་པོ་ས་ལ་ཕོས་པའི་ཁྲག་རིན། སྲོག་ལ་རིན་ཐང་གཞལ་ཏེ་ཐོབ་པའི་ལྷག་བསམ་གཙང་མའི་མཚོན་རྟགས་ཞིག་ཡིན་པ་རེད། དེ་དུས་ཀྱི་མ་རྩ་འདྲ་བོ་རྐང་མེད་རེད་ཁ་མ་བཞག་བ་དེང་སང་སྒོར་སྡོག་རྒྱ་སྒོར་ཁྲི་ལུ་ཉིས་བརྒྱ་འདྲ་ཞིག་ཡོད་པ་དེའི་ཁར་གང་ཟག་སྒེར་གྱི་ད་ཡོད་ཀྱི་གོན་པ་རེ་བརྗེ་སྤྱད་ལས་གཞན་ཐམས་ཅད་ད་ཞག་དངུལ་ཐོག་ལ་བཞག་སྟེ་དེའི་ཁར་བསྣན་པ་ཡིན། གནས་ཁང་གནས་མལ་ཞིག་ནི་པདྨ་ཐང་ལ་ཡོད་པ་དེའི་ཡན་ན་དགོས་སྤྱད་མེད། ནོར་རྫས་བསོག་སྐྲུན་གྱི་འདུ་འགོད་བྱེད་ནི་མ་རེད། དུས་རྒྱུན་དུ་ཇི་ལྟར་བྱས་ན་ཟ་ཆུང་ཚེགས་ཆུང་གི་གྲྭ་རྐྱང་དཀྱུས་མའི་ངང་ཚུལ་ལ་འདུན་པའི་མྱི་ཡིན་ནི་རེད། དེས་ན་ད་ལྟ་དུས་རིན་ཐང་ཅན་འདི་འདུག་བསམ་རྒྱུའི་ཅ་ལག་ཞིག་ད་ཅུང་མེད་ཀི། པདྨ་ཐང་གཞུང་བས་ང་ལ་དབང་ཤས་ཆེ་རྒྱུ་ཅན་ཞིག་གི་རླངས་འཁོར་གཉིས་ཡོད་པ་དེའི་ནང་གི་འཇར་པན་གྱི་རླངས་འཁོར་གྲགས་ཤོས་འདྲ་བོ་ལྷ་ཡོན་དུ་སྦྱིན་ཚར་ནི་རེད་ཡོད་ནི་མ་རེད། གཅིག་ཤོས་ཇར་མན་གྱི་རླངས་འཁོར་ནག་པོ་ཞིག་རྒྱ་སྐད་དུ་པོ་ཧྲུ་ཅེས་ཟེར་བ་དེ་ད་ཞག་བཙོང་ནས་གོར་མོ་ཁྲི་བདུན་བཅུ་ཙམ་ཞིག་ཁུག་འདུག་དེ་བསྣན་དུས། སྐལ་བཟང་ལེགས་སྐྱེས་ལ་གོར་མོ་ཁྲི་ཉིས་བརྒྱ་བདུན་བཅུ་ནང་ཞིག་སུམ་བརྒྱ་ཁ་བུད་ལ་ཁེད་ཞིག་ཡོད་ནི་རེད། དེའི་ཁར་ཉེར་སྤྱད་ཀྱི་ཅ་ལག་ཆབ་བེ་ཆོབ་བེས་ཅི་ཁུག་རབ་རེ་གཟན་ཤམ་ཡང་ཡིན་ནི་རེད། འདིའི་ད་ལོ་སང་ཕོད་མ་ཤི་ཚེ་རིང་བྱུང་ན་མ་དངུལ་སྒོར་མོ་ཁྲི་ཚོ་ལྔ་བརྒྱ་ཡན་ཆོད་ལ་སོང་པ་ཞིག་སྐལ་བཟང་ལེགས་སྐྱེས་ཀྱི་རྟེན་རྩར་འཇོག་རྒྱུ་དང་། སྐལ་བཟང་ལེགས་སྐྱེས་ཀྱི་ལོ་རེའི་གཟེངས་རྟགས་ད་ལོ་ནས་འགོ་བཙུག་ཏེ་སེམས་བསྐྱེད་འབུམ་མཆོད་ཀྱི་སྐབས་སུ་འབུལ་རྒྱུ་ཡིན། འདིའི་ཐེབས་རྩ་ཞལ་འདེབས་བསྡུ་རྒྱུ་མ་ཡིན་པར་གོར་མོ་ས་ཡ་ལྔ་ཡན་ཆད་ཡོད་པ་དེ་མ་དངུལ་ལ་བཞག་ནས་དེའི་ཡོང་སྒོ་ལོ་རེར་ཅི་ཡོད་ན་དེའི་འགྲོ་གྲོན་བཏང་རྒྱུའི་འཆར་གཞི་ཡིན། དེ་དེས་སེམས་བསྐྱེད་འབུམ་མཆོད་འཚོགས་རྒྱུ་ལ་སོགས་པ་སྒྲུབ་འོས་པ་གང་ཡིན་ནུས་བསྟུན་གྱི་ཐོག་ནས་སྒྲུབ་དགོས་རྒྱུ་བོ་ཐེབས་རྩ་ཚོགས་པའི་ལས་འགན་རེད་ལ་ངས་ལས་རྒྱུན་ཡང་རེད། དེའི་སྟེང་ནས་སེམས་བསྐྱེད་འབུམ་མཆོད་ད་ལོ་ནས་དགེ་སློང་གི་དགེ་འདུན་རྐྱང་བས་འཚོགས་འཆར་རེད། ད་འཚོགས་ཞུགས་ལ་རྟེན་དགེ་སློང་མིན་ན་ཕེབས་བསུ་སྣེ་ལེན་མི་ཞུ་རྒྱུའི་འཆར་གཞི་རེད། ད་ང་རང་འདུ་འཚོགས་མང་པོའི་མགོ་འདུ་རུགས་ནས་མངའ་ཐང་རྒྱ་སྐྱེད་ཀྱི་བསམ་བློ་ཅན་ཡིན་པ་མ་རེད། འདི་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་དོན་ཆེན་འགྲུབ་པའི་ཞབས་རིམ་ཡིན་བསམ་ཡིན་པ་ཡིན། བསྙེན་པར་རྫོགས་པ་དགེ་སློང་གི་རྟེན་ཅན་དེ་ཐུབ་པའི་བསྟན་པ་ལ་ཞུགས་པ་ཡོངས་སུ་རྫོགས་པ་རེད། དེ་དགེ་སློང་བརྒྱ་ཐམ་པ་ཚོགས་ན་སེར་གཟུགས་ཐོག་ཙམ་པ་ཁྲི་གྲྭ་ཞིག་འཚོགས་ནི་བས་དགའ་བ་རེད་བསམ་བཞིན་ཡོད། དེའི་ཡན་དུ་དགེ་སློང་གི་དགེ་འདུན་ཞལ་གྲངས་བརྒྱ་ཚོ་ཆ་རེ་འཛོམས་ན་འབུམ་ཕྲག་མང་པོ་ལོང་བའི་སྐྱ་འདུ་སེར་འཚོགས་ཀྱིས་ཆ་ཙམ་ཡང་བརྡུར་རྒྱུ་ཡོད་ནི་མ་རེད་བསམ་ཀྱིན་ཡོད། ཕྱོགས་གཅིག་ནས་ཚོགས་བསགས་ཀྱི་ཞིང་ས་ཁྱད་འཕགས་ལ་བཀུར་སྟི་དང་། དེ་འཕྲོས་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་བསྟན་དང་སྟོན་པ་གཉིས་ཀའི་བདག་ཉིད་བསྟན་རྩ་དམ་ཆོས་འདུལ་བའི་བསྟན་པའི་རང་རྒྱུད་ནས་བྱི་དོར་གནང་ནས་རྒྱལ་བའི་རྒྱལ་ཚབ་རྣམས་ཀྱི་དབུ་འཕངས་དགུང་ལ་བསྟོད་རྒྱུའི་གུས་ལུགས་ཀྱི་རྣམ་པ་མཚོན་པ་ཞིག་དང་། དེ་གནའ་ནས་རྫོགས་ཆེན་ཚང་སྐུ་ཕྲེང་དྲུག་གི་རིང་བསྟན་རྩ་དམ་ཆོས་འདུལ་བར་བཙིགས་སུ་འཛིན་པའི་ཕྱག་སྲོལ་ཡང་ཡོད་པ་ཡིན་པས་མི་ཚད་པར། ད་ཕྱི་རབས་འབྱུང་འགྱུར་ལ་ཡང་རྫོགས་ཆེན་ཚང་གི་བསྟན་རྒྱུན་ངོ་མ་དེ་མཐུད་བསམ་ན་དེ་འདི་འདྲ་དགོས་པ་རེད་ཟེར་རྒྱུའི་ཕྱོགས་སྟོན་ཡང་ཡིན། དོན་ངོ་མའི་ཐོག་ནས་འདི་སྐྱེ་རྒུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བསྟན་ཡུན་གནས་དང་བསྟན་འཛིན་གྱི་སྐྱེས་བུ་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་ཆེད་དུ། སྨོན་ལམ་འགྲུབ་པའི་རྒྱུ་དེ་ཚོགས་བསགས་དགོས་ལ་དེ་དགོས་ན་ཚོགས་གཉིས་སྟབས་གཅིག་ཏུ་ཐབས་ཁྱད་པར་ཅན་གྱིས་བསགས་རྒྱུའི་འདིང་དེ་ལ་རྒྱབ་ནི་ཡིན། དེ་སེམས་བསྐྱེད་འབུམ་མཆོད་འཚོགས་རྒྱུ་འདི་དགོན་པ་གཅིག་དང་ཆོས་བརྒྱུད་གཅིག་གི་མཚན་སྙན་གཞན་དང་མི་འདྲ་བར་རྒྱས་དགོས་རྒྱུའི་ཕྱོགས་ཞེན་གྱི་བསམ་བློའི་ཀུན་ནས་སློང་བ་ཞིག་མིན། ང་འདྲ་འདྲའི་བླ་མྱིང་ཐོགས་པ་བསྟན་ལ་ལྷག་བསམ་མ་ཞན་ཙམ་རེ་ཡོད་ནི་བརྒྱ་ཚོ་མ་དགོས་སྟོང་ཚོ། སྟོང་ཚོ་མ་དགོས་ཁྲི་ཚོ་ཡོད་པ་ཤེས་བཞིན་པ་རེད། དེ་ཡོད་ན་དེ་ཆ་ཀས་ཀྱང་དེ་བཞིན་དུ་རང་བསྟན་ཡུན་གནས་ཀྱི་སྲི་ཞུའི་ཕྱག་ལས་གནང་བའི་དྲན་སྐུལ་རེ་འགྱུར་རྒྱུའི་རེ་བ་ཡང་ཡོད། དེང་སང་འཛམ་གླིང་ས་འདིའི་སྟེང་ན་ཐུབ་པའི་བསྟན་པ་ཆ་ཚང་ཡོད་ས་གཅིག་པུ་དེ་བོད་བརྒྱུད་ནང་བསྟན་འདི་ཡིན་ན་འདིའི་ཡོངས་རྫོགས་རྒྱལ་བའི་བསྟན་པ་འདི་གྲུ་བཞི་ལམ་མེར། ཕྱར་བ་གྲུ་འདེག་གི་ཚུལ་དུ་འཛིན་ཐུབ་ནི་ཞིག་ཡོང་རྒྱུའི་རེ་བ། སྦལ་བ་ན་འདམས་ཀྱི་དཀྱིལ་ན་ཡོད་ན། བསམ་པ་གླིང་དཀར་གྱི་སྟོད་ལ་དཀར་བའི་རེ་བཞག་གི་སྟེང་ནས་བཤད་པ་དང་ལས་པ་ཙམ་ཞིག་ཡིན། སྔར་དེ་ལོ་ཡིན་ན་ས་སྟོད་སྨད་བར་གསུམ་གྱི་དགོན་ཤུལ་གང་ལ་ལྟས་བཞག་ན་གྱོང་ཆག་རྟ་རྣ་རུག་གེ་ཡོད་དུས། ཨེ་ཤི་རེ་བསམ་ཁ་བྱས། རྟེན་གཞིའི་བཞེངས་བསྐྲུན་གྱི་བྱ་བ་ལ་རང་གིས་འབད་རོགས་ལ་མ་འཁྱུག་ཞེས་བཤད་ས་མང་པོ་རེད། དེ་རིང་ཁར་སང་ཕྱིའི་མཐུན་རྐྱེན་གྱིས་མ་སྐྱོན་ཙམ་ཞིག་རེད་དུས་ད་འབད་འབུངས་བྱེད་ས་དེ། དེ་བས་གནད་ཆེ་དོན་གྱི་བསྟན་པ་ནང་གང་ཟག་རང་གི་རྒྱུད་ཡོན་ཏན་གྱིས་ཕྱུག་པར་བྱེད་རྒྱུ་བོ་དེ་གལ་ཆེན་པོ་ཡིན་པ་དེའི་ཕྱོགས་ལ་བསམ་བློ་བཏང་རྒྱུ་གལ་ཆེ། འདི་ལྟར་བཤད་ཡོང་དུས་རྟེན་གཞིའི་བཞེངས་བསྐྲུན་གྱི་ཕྱག་ལས་འཇོན་ཐང་ཅན་རྣམ་པས་ད་དེ་ཅན་པོ་དགོས་མེད་ཞིག་སྐྱུར་ན་ཡག་ས་རེད་དྲན་ཉེན་རྒྱུ་ཅན་མ་རེད། ད་དུང་དངོས་འབྱོར་གྱི་མཐུན་རྐྱེན་ལ་ལྷག་དུ་ཤུགས་བསྐྱེད་དེ་གཟབ་དགོས་པའི་དུས་ཚོད་རེད་བསམ་བཞིན་ཡོད། ད་སྔ་ཁྱེད་རྣམ་པའི་མཛད་རྗེས་ལ་བརྟེན་ནས་རྟེན་སྣོད་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་གྲུབ་པ་སོགས་མཐུན་རྐྱེན་སྔོན་དུ་སོང་བའི་སྟོབས་ཀྱིས། དེ་རིང་གི་བརྟེན་པ་བཅུད་ཀྱི་གང་ཟག་གི་རྒྱུད་ལུང་རྟོགས་བསྟན་པས་འབྱོར་བའི་དམིགས་ཚད་དེ་གང་མཚམས་གྲུབ་པ་ལྟར། ད་དུང་དངོས་པོའི་ཐེབས་རྩའི་མཐུན་རྐྱེན་ཞིག་མེད་ན་བྱ་བ་དེ་རིགས་འགྲུབ་ཐབས་ཡོད་པ་མ་རེད། བསམ་པ་མི་ལ་སྟོབས་ཡོད་ཀྱང་། འོག་རྟའི་ལག་སྣེའི་བང་ཟད་སོང་ན་ཡོད་ཚད་དཔལ་འབྱོར་གྱིས་ཁ་ལོ་སྒྱུར་བའི་དུས་འདིར་བྱ་བ་གང་ཡིན་ན་འགྲུབ་ཐབས་ཅི་ཡོད། སྔོན་གྱི་ལོ་རྒྱུས་ལ་བསམ་བློ་བཏང་ན། མཁན་སློབ་ཆོས་གསུམ་གྱི་སྐུའི་སྐྱེ་བ་སྔོན་མའི་སྐབས་སྐུ་མཆེད་གསུམ་གྱི་སྐྱེ་བ་བཞེས་ཏེ་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་ནས་གྲུབ་པའི་དུས་སྨོན་ལམ་རྣམ་པ་གསུམ་བཏབ་པ། གཅིག་གིས་མགོ་ནག་གི་རྒྱལ་བོ་སྟོབས་འབྱོར་དབང་ཐང་ཅན་ཞིག་གི་སྐྱེ་བ་བཞེས་རྒྱུར་སྨོན་ལམ་བཏབས། གཅིག་གིས་རིགས་སྔགས་འཆང་བའི་རྒྱལ་བོ་སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་རྫུ་འཕྲུལ་ཅན་ཞིག་ཏུ་སྨོན་ལམ་བཏབས། གཅིག་གིས་སེམས་བསྐྱེད་རྒྱུད་ལ་འབྱོར་བའི་དགེ་སློང་འདུལ་འཛིན་པ་ཆེན་པོ་རྣམ་གསུམ་ངུར་སྨྲིག་གི་ཆ་བྱད་འཆང་བ་ཞིག་ཏུ་སྨོན་ལམ་བཏབས། དེ་ལྟར་མཛད་པ་མ་འདྲ་བ་གསུམ་དུ་སྨོན་ལམ་བཏབས་པ། དོན་ཐུབ་པའི་མདོ་སྔགས་ཀྱི་བསྟན་པ་ཆ་ཚང་སྐྱོན་མེད་ཞིག་བོད་གངས་ཅན་ལྗོངས་སུ་སྤེལ་ཐབས་མཛད་པ་རེད། དུས་རྒྱུན་འུ་ཅག་གིས་སྨོན་ལམ་རྒྱབ་དུས། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུའི་ས་སྟེང་ཡོངས་ལ་ཁྱབ། །ཅེས་བསྟན་པའི་དཔལ་དུ་གྱུར་བའི་བླ་མའི་ཞབས་པད་བརྟན་པ་དང་གཅིག། བསྟན་འཛིན་སྐྱེས་བུའི་སྟེང་ཡོངས་སུ་གང་བ་དང་གཉིས། དེ་དང་མཉམ་དུ་བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས་ཞེས་སྨོན་ལམ་བཏབ་དགོས་དོན། བསྟན་པ་མཐའ་རྒྱས་གོང་འཕེལ་ཡོང་བ་ལ་མཐུན་རྐྱེན་མེད་མི་རུང་བ་ཡིན་པས་རེད། དེ་བཞིན་ཁྱེད་རྣམ་པས་ཡིན་ན་འགའ་རེས་བསྟན་པའི་སྦྱིན་བདག་གི་ཚུལ་བྱས་ཡོ་བྱད་འབྱོར་མཁོ་ཡི་མཐུན་རྐྱེན་སྦྱར། འགའ་རེས་བསྐྱེད་རྫོགས་འཕྲིན་སྒྲུབ་ཀྱི་སྒོ་ནས་གྲུབ་བརྙེས་ཀྱི་དགའ་སྟོན་འབྱོར་བའི་ཆེད་དུ་འབད། འགའ་རེས་འཆད་དང་རྩོད་དང་རྩོམ་པ་སྟེ་མཁས་པའི་བྱ་བ་རྣམ་གསུམ་ལ་བརྩོན་པ་བསྐྱེད། འགའ་རེས་བྱ་བ་ལས་ཀྱི་འཁོར་ལོའི་མཛད་པ་སྐྱོང་སྟེ་ཐམས་ཅད་ཀུན་གྱིས་རྒྱལ་བསྟན་འཛིན་སྲུང་སྤེལ་བའི་ཕྲིན་ལས་སྒྲུབ་ཡོང་དུས་མདོ་རྒྱལ་བསྟན་ལུང་རྟོགས་ཀྱི་བདག་ཉིད་ཅན་དེ་བཤད་སྒྲུབ་ལས་གསུམ་གྱིས་སྤེལ་ཏེ། ཆ་ཚང་གྲུ་བཞི་སྒམ་སེ་བཟུང་ན། བཟུང་ནས་ཟིན་ནི་བོ་དེ་ཅི་འདྲ་ཞིག་ཡིན་པ་རེད་ཟེར་ན། སྦ་གྲུ་བཞི་མྱི་བཞིས་བཟུང་ནི་འདྲ་ཞིག་དགོས་ནི་རེད། སྔ་ནས་ད་ལྟའི་བར་དུ་རྗེས་སུ་འབྲང་ནིའི་དད་ལྡན་ཚོ་ད་རང་ཉིད་ཅི་ས་ཅི་ཐད་ནས་ཚད་དུ་རྫོགས་དུས་དོར་བཏང་ག་ལ་འོས། བསོད་ནམས་ཅན་གྱི་ཚོགས་བཅག་མི་ཉན་གི། དད་པས་འབུལ་བའི་ཞིང་ས་ཞིག་མེད་ན་ཕལ་བ་ཆ་ཀས་ཚོགས་ཅི་འདྲ་བྱས་ཏེ་བསགས། །དད་པས་ཕུལ་བའི་ནོར་རྫས་ཆུད་ཟོས་སུ་བཏང་དེ་བས་ཅི་ལ་རུང་། དཀོར་ནག་པོ་སྲོག་གི་སྤུ་གྲི་ཐར་བའི་སྲོག་རྩ་གཅོད་བྱེད་ཡིན་པ་མཁྱེན་བཞིན་རེད། དེའི་ཉེ་འཁོར་གྱི་ལྟོས་པ་ཅན་ལ་གནོད་སྐྱལ་ན་དེ་བས་ཐབས་སྡུག་རེད། ཅི་ཡོད་རླུང་ཕྱར་གྱི་རྫས་བཞིན་དུ་བསྟན་པ་དར་བའི་སྲོག་གི་སྣོན་མ་རུ་རྒྱབ་ནས། རང་གཞན་ཐམས་ཅད་ལ་ཕན་པའི་ནོར་རྫས་ལ་སྙིང་པོ་ལེན་ཤེས་དགོས་པ་རེད། དེ་ཟིང་ཟིང་སྒྱུ་མའི་ནོར་རྫས་འདི་འདི་ལྟར་ཕྱི་མའི་ཡུལ་ལ་དེད་ས་མི་འགྲོ་གི་ཡིན་ན། ས་འདིའི་མི་རབས་སྔོན་རྗེས་ལ་ཁྱད་འཕགས་ཀྱི་ཁྱད་ཆོས་ཅི་ཞིག་ཡོད་ཅེ་ན། སྤྱི་དོན་བསྟན་པའི་ཆག་སའཇིག་ཞིག་ལ་ཐུག་ན་རྒྱུ་བཏོང་ཆ་ནས་མི་ཚད་པར། སྲོག་བཏོང་ཕོད་པའི་སྙིང་སྟོབས་ཡོད་བསམ་མྱོང་། ད་རྗེས་ཀྱི་མི་རབས་ལ་མཚོན་ན་དེ་བཞིན་དུ། སྔ་དྲོ་ཕོ་ཆེན་ཤ་བོའི་གངས་གཤགས་ན། ཕྱི་དྲོ་ཤེའུ་ཕྲུག་ཡུ་མོ་དེ་ལ་མི་འཁོར་མི་བསམ་གི། ལར་མ་གཞི་རྟེན་གཞི་འཛུགས་སྐྲུན་གྱི་ཐད་ནས་ད་སྔོན་ཁྲིག་གེ་མེད་པའི་ཚོད་གི་ད་ཁ་ལག་པས་འགེབ་འདུག་ནི་རེད་མ་གཏོགས། ལྷ་སྡེ་ཆེ་བའི་ཚོད་དང་། དགོན་ལག་མང་བའི་ཚོད། རང་གི་བསྟན་པ་ཡར་རྒྱས་གོང་འཕེལ་དུ་བཏང་རྒྱུའི་མདུན་ལྗོངས་ཡངས་བའི་ཚོད་ནས་བསམ་ན། ད་དུང་དགོས་མཁོ་ཆ་ཚང་འདངས་སྤྱད་རེད་ཨེ་ཡོད་གདའ་བསམ་གི། དེ་འདྲ་བྱེད་དུས་བསྟན་པ་འདི་ལ་ཞུགས་ཚད་ཀྱིས་བསྟན་པའི་ཞབས་དོན་མ་གཏོགས་པའི་གཞན་ཞིག་སྒྲུབ་ཡོང་རྒྱུ་མེད་དུས། རང་ཉིད་གང་ལ་མོས་པ་ཆེ་ཞིང་ནུས་པ་གང་ཐོན་པ་དེ་ལ་འཇུག་རྒྱུ་དེ་བྱ་བའི་སྒྲུབ་ཕྱོགས་མ་ནོར་བ་རེད། གནའ་ཞིག་ལ་ངས་བསྟན་འགན་ཁུར་དུས་ངས་རྫོགས་ཆེན་དགོན་ཡུལ་གཉིས་ཀྱི་དཀྱིལ་ནས་བཤད་ཚུལ་ཞིག་ཡོད། ཁ་འབོད་རེ་སྨོན་གཉིས་ཀ་བྱ་བའི་དམིགས་འབེན་གྱི་གཏད་སོ་དང་གསུམ་པོ་ཡིན་ནི་རེད། ཅི་ཞིག་སྨྲས་ནི་རེད་ཟེར་ན་ལུང་བ་དགོན་པ་ཅན། དགོན་པ་གྲྭ་བ་ཅན། གྲྭ་བ་ཡོན་ཏན་ཅན་བྱེད་དགོས་སྨྲས་ནི་རེད། འདི་བ་ཚང་གི་ཅན་བཞིའི་ལས་འགུལ་གྱི་ཁ་མ། ངས་ཅན་གསུམ་བྱེད་དགོས་ཞེས་སྨྲས་པ་རེད། བཞེངས་བསྐྲུན་གནའ་ཡང་དུས་རབས་དང་བསྟུན་པའི་ཡང་རྩེ་བུད་མྱོང་ནི་རེ་ཡོད་ནི་རེད་གདའ་དེ་ཁེ་རུས་བློ་ཡིད་ཚིམ་ནས་འདུག་རྒྱུ་མེད་ཀི། དེ་ལ་རྟག་བརྟན་དང་བློ་གཏད་མེད་ཀི། གནའ་སྔར་དུས་ཞག་མ་གཅིག་གི་འགོ་འགབ་ལ་མདང་མར་ཉལ་གྱི་རྨི་ལམ་འདྲ་ཞིག་རེད་སོང་ནི་རེད། གཙོ་བོ་དོན་གྱི་བསྟན་པ་གང་ཟག་རང་རྒྱུད་ལ་ཆ་ཚང་ཡོད་པ་མི་ཉུང་བ་ཞིག་གསོ་སྐྱོང་དགོས་གི། སྔོན་མའི་དུས་ངན་འདྲ་ཞིག་ད་ཡང་སྐྱར་ཅིག་ཡོང་ན་ང་ཁེ་རུ་མ་གཏོགས་འཇིག་རྟེན་འདིར་བན་རྒན་ཞིག་མ་ལྷག་ན། ང་ཁེ་རུས་བསྟན་པའི་མེ་རོ་དེ་ཡར་ལྷོང་ཐུབ་བསམ་རྒྱུའི་ཞེ་ཚོད་དང་གདེང་ཚོད་ཡོད་པའི་ཡོན་ཏན་ཅན་ཐུགས་སྟོབས་ཅན། སྲེག་བཅད་བརྡར་གསུམ་ཇི་འདྲ་བྱས་ན་གསེར་སེར་བོའི་རང་མདོག་མི་འགྱུར་བའི། གཞོན་སྐྱེས་སྡེ་སྣོད་འཛིན་པའི་དཔུང་སྡེ་ཞིག་འཚར་ལོང་ཡོང་དགོས་རེད་པ་བསམ་གི། སྔགས་པ་ལ་མཚོན་ན་བསྟན་པ་འཛིན་ཐབས་ཡོད་ནི་རེད། གནའ་སྔོན་ཆད་རྒྱལ་བོ་གླང་དར་མའི་དུས་ཚོད་མྱི་ལོ་དྲུག་བཅུ་བདུན་བཅུའི་ཡུན་གསང་སྔགས་ཀྱི་བསྟན་པ་ཕལ་ཆེ་བ་དེ་སྔགས་པས་བཟུང་བསྡད་ནི་རེད། དེ་རིང་ཁར་སང་ངའི་བསྟན་པ་དང་ཁྱོད་ཀྱི་དགོན་པ་ཞེས་ཞྭ་མོའི་ཁ་དོག་དང་ནི་ཤམ་ཐབས་ཀྱི་ཆག་འགོ་སྟེབ་ལུགས་མི་འདྲ་བ་ཙམ་གྱིས་ང་ཁྱོད་ཀྱིས་རང་ཕྱོགས་གཞན་ཕྱོགས་ཕྱེ་ཁ་བྱས། ཕྱོགས་རིས་མཐེན་འཁྱེར་ཆུང་ཆུང་གིས་གུ་དོག་བྱེད་པའི་དུས་ཚོད་ཡིན་ནི་མ་རེད། ཡ་ཆུང་གཡུ་ལོའི་ནང་ལ་ཁྲག་ཐིགས་ཡོད་པའི་སྤུན་ཆུང་རེ་ཡིན་ན། མཐུན་སེམས་གོང་བུ་གཅིག་ཏུ་སྒྲིལ་དགོས་པའི་དུས་ཡིན་ནི་རེད། དེ་ལོའི་རིག་གསར་ལ་སོགས་པའི་དུས་ངན་གི་རྣམ་པ་དེ་ངོ་མ་མིན་ན། ངོ་བོ་དེ་དང་གཅིག་པའི་སྣ་འདྲེན་རང་ཁོང་ནས་བུད་པའི་མྱི་ཡང་ཡོད་ནི་རེད། རང་གིས་གཟབ་དགོས་རྒྱུ་རེད། སེང་གེའི་གསོབ་ཅན་པོ་བསྟན་པ་ནང་ནས་བཤིག་ནི་རེད་ཡིན་ན། གནའ་དེ་དུས་ཀྱི་བསམ་བློ་ངན་པའི་སོན་རྩ་མྱི་རླ་མེད་དབང་ཐང་ཉམས་བཞིན་ཡོད་པ་འགའ་རེས་རྒྱུད་ལ་ཞུགས་ཆོག་པ་རེད། དེ་བག་ཉལ་གྱི་ཚུལ་དུ་ལྟར་མི་མངོན་པར་ཡོད་ཡང་ཆོག་པ་རེད། དེའི་རིགས་ཀྱི་ནད་རྟགས་དེ་གང་ཟག་སུ་ཅན་པོ་ལ་ཡོད་ན། ནད་པ་རྒས་པ་སྨན་པ་ཟེར་བ་དང་འདྲ་བར། ཉམས་མྱོང་ཅན་གྱིས་ལྟས་ཡོང་ན་ཧ་ལམ་རྟོགས་ཐུབ་ནི་རེད། དེ་ལོའི་དུས་ངན་དེ་འདྲ་ཞིག་གཅིག་ཚེས་ན་འདི་ཉིན་གཅིག་མཁན་སློབ་ཆས་ཀའི་མགོ་འགོས་ཨེ་འགྲོ་བསམ་བསམ་ཡང་ཡོད་གི། འགའ་རེ་འདི་ཚོ་མ་ངེས་པའི་རིགས་ཅན་རེད། གྲོགས་ངན་པ་དང་རྐྱེན་ངན་ཞིག་ལ་ཐུག་དུས་ཆུ་སྣ་གར་ཁྲིད་ཡིན་ས་འགུ་བསམ་རྒྱུ་ཡང་ཡོད་པ་རེད། སྤྱིར་བློ་སྣ་བརྟན་པ་ཚེ་སྟོད་སྨད་གཉིས་ཀ་གཅིག་འདྲ་ཡིན་ནི་དཀོན་པོ་ཡིན་ནི་རེད། གཞན་མི་དགོས་དང་རང་བློ་རང་ལ་ཁེལ་ཟེར་རྒྱུ་བོ་ཡང་དཀའ་མོ་ཡིན་ནི་རེད། ཅིའི་ཕྱིར་ཡིན་ན་རང་རྒྱུས་རང་གིས་མི་ལོན་ཁི་ཡིན་ན། ལས་བྱ་བ་སྐྱིད་སྡུག་ཅི་ཞིག་ལ་ཐུག་ན་གཤིས་མི་འགྱུར་བ་ཡང་དུ་དཀོན་ནི་རེད། ད་འུ་ཚོ་རྒྱག་ཆེས་ཉི་མས་དྲོས། ཁྱད་པར་དུ་ཅོལ་ཆུང་བྱིས་པའི་སྐྱེ་བོ་འགའ་གིས་བཟང་གི་དང་འཇིག་གི་ཆ་ཞིག་ཟེར་དུས། ཆོས་པའི་གཟུགས་ཞིག་འཆང་ནས་གཅིག་ཡིན་མདོག་ཁ་བོ་རེད་བྱེད་ནི་རེད་མོད། ད་རྐྱེན་ཆེན་པོ་རེ་ཐོག་བབ་དགོས་ནི་ཡང་མ་རེད་འགྱུར་ཁ་སླ་བས་ན། རྐྱེན་ཆུང་ཆུང་ཞིག་གི་སྣ་ལ་བློ་རྐྱེན་ཁར་འཆོར་བའི་རང་རྟགས་རང་ལ་མངོན་ཡོང་རྒྱུ་ཡིན་ནི་རེད་ཡིན་ན། རྫ་དཔལ་སྤྲུལ་ཚང་གིས། རྒྱུ་ཚེགས་གཉིས་དང་མ་ཐུག་ན། །ཁ་ཡག་ཅན་རེ་སུ་ཡང་ཡིན། །གྱོད་རྐྱེན་གཉིས་དང་མ་ཐུག་ན། །ཁ་མཁས་ཅན་རེ་སུ་ཡང་ཡིན། །གསུང་ནི་ཅན་པོ་རེད། དེ་འདྲ་ཞིག་མིན་ན་མྱིའི་བྱང་ཁོག་ནང་ན་རང་སེམས་རྣལ་དུ་ཕེབས་པ་ཞིག་ཡིན་ན། བླ་མ་དང་ཕ་མའི་མགོ་ལ་འགོས་ནས་འཐབ་རྩོད་ཅི་ལ་རྒྱག་ཨུ་རེད། དེ་ཚོ་བདུད་དང་སྡིག་པའི་གྲོགས་པོའི་དབང་དུ་ཤོར། མྱི་སེམས་ལ་འདྲེ་འཛུལ་སོང་ནི་རེད། ད་སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར་བའི་ལུང་བསྟན་ཐོག་ཏུ་བབ་དུས་འདིར། ཅི་ཞིག་གིས་དྲག་ནི་རེད།དེ་ཅི་ཞིག་གི་དགའ་ནི་རེད་ཟེར་ན། ཚིག་བདུན་གསོལ་འདེབས་འདོན་ན་ཐུ་རྒྱུ་རེད། རྒྱལ་གདོན་ཞི་བའི་སྒོམ་བཟླས་འདོན་ན་བཟང་ནི་རེད་མོད། སྐུ་རིམ་བཅོས་ཐབས་གཉིས་ཀའི་བརྒྱ་གོ་གཅིག་གིས་ཆོད་པའི་ནད་བརྒྱ་སྨན་གཅིག རྒྱུ་ཚེགས་གཉིས་ཀས་འཛོམས་མི་འཛོམས་བྱེད་མི་དགོས་པ་དེ། ནང་མྱི་རེའི་རང་རང་གི་ཁོག་པའི་ནང་གི་རང་སེམས་ལྷོད་དུ་ཕབས་ནས་རང་སྐྱོན་རང་གིས་བརྟགས་ནས་རང་སེམས་ལ་བྱི་དོར་ཞིག་བྱས་ཏེ། ནང་རང་སེམས་དམ་པའི་ཆོས་དང་མཁས་པའི་ལེགས་བཤད་ཀྱིས་འཆོས་ནས་ནད་ཐོག་ལ་སྨན་ཁེལ་དགོས་ནི་རེད། རིགས་རུས་པ་གཅིག་ཏུ་འབྲེལ་བའི། ཆོས་བླ་མ་གཅིག་ལ་བརྟེན་པའི། ཤ་ཕུ་ནུའིི་མཐུན་སེམས་དང་། ནང་ཆོས་གྲོགས་ཀྱི་དམ་ཚིག་ལ་ལྷད་མ་ཞུགས། དེ་བཞིན་དུ་མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ཐམས་ཅད་ལ། སྙིང་རྗེའི་ཡུལ་ཡིན་པའི་ངེས་ཤེས་ཀྱིས་བསམ་པ་བཟང་པོ་ཞིག་གིས་དྲངས་པའི་བྱང་སེམས་སྙིང་རྗེའི་སེམས་རེ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་ཉག་མ་རེ་རྒྱུད་ལ་སྐྱེར་བཅུག་ན་ཆོས་འཇིག་རྟེན་གཉིས་ཀའི་བྱ་བའི་ཡང་རྩེ་ལ་དེས་སྙེག་ནི་རེད། དེ་མིན་པར་མི་ཚེ་ཐུང་ཐུང་ལ་ཚད་ཤིང་རིང་པོ་ཞིག་བཞག་ནས། ཆོས་བརྒྱད་དཀར་ནག་ཁྲ་གསུམ་གང་གི་ལམ་ཡིན་རུང་བདེ་བ་ཞིག་ཕྱི་ནས་འཚོལ་ཁ་བྱེད་ནི་བོ་དེ། ངལ་བའི་ཨ་ཐང་ཆད་སྤྱད་ཡིན་ནི་རེད། ནང་རང་གི་སེམས་རྒྱུད་འདི་ནས་རང་སེམས་དམ་པའི་ཆོས་ཀྱིས་འཚོ་ནས་མི་ཚད་པར། སེམས་ཉིད་ཆོས་སྐུའི་རང་ཞལ་མཇལ་ནས། དེ་ལ་གདེང་རེ་རྙེད་ཐབས་འགྲིག་ན། འདི་བདེ་ཕྱི་མར་སྐྱིད་པའི་རང་གཞན་དོན་གཉིས་ལྷུན་གྲུབ་ཀྱི་རྒྱལ་ས་དེས་རྙེད་ནི་རེད། དེ་ལྟ་བུའི་སྐྱིད་པའི་སྒོ་ཆེན་ངོ་མ་དེ། རང་གིས་རྙེད་བཏང་ནི་ཡིན་ན་དེ་བཞིན་འབྱེད་པའི་བློ་གྲོས་ཀྱི་ལྡེ་མིག་བཟུང་ནས་དེས་མཛོད་སྒོ་དེ་ཕྱེས་བཞག་དུས། མི་ཟད་ཟག་མེད་ཀྱི་ལོངས་སྤྱོད་ཟད་པ་མེད་པའི་གཏེར་དང་འཕྲད་ནས། རང་གཞན་གཏན་དུ་བདེ་བའི་ལམ་ཞིག་རང་གི་སེམས་ཀྱི་ཐོག་དེ་ན་འཚོལ་རྒྱུ་ཡོད་ནི་རེད་ཟེར་རྒྱུ་དེ། ད་ལྟའི་མྱི་ཡང་རེད་དང་ནི་གཙོ་བོ་མ་མཐོང་འབྱུང་འགྱུར་གྱི་ཕྱི་རབས་གྲོགས་པོའི་ངོ་སྐལ་ལ། ལྷག་བསམ་དཀར་བོའི་སེམས་འཕྲིན་ལེགས་སྐྱེས་སྙིང་གཏམ་དྲོན་པོ་འདི་དེ་རིང་ཞོར་དུ་བཞག་ནི་ཡིན། འདུས་བྱས་རྟག་པ་མིན་པའི་མཚན་ཉིད་ཅན་འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཅན་ཡིན་ནི་རེད། རང་རེེ་ཆོས་མཐུན་གྱི་གྲོགས་པོ་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ། གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ཆོས་སྒོ་གཅིག་ལ་ཟླ་བ་ཕྱེད་ཀ་ཞིག་གི་རིང་ལ་འདི་ལྟར་ཆོས་རྭ་གཅིག་གི་ནང་ནས་མཉམ་དུ་སྤྱོད་པའི་ཐ་མ། ད་སྟེ་དུས་ཚོད་སྐར་ཆ་ཁ་ཤས་ནས། གནས་འདི་ནས་སོ་སོར་འབྲལ་ནི་ཡིན་ན། དེ་བཞིན་དུ་གཅིག་ཏུ་བརྟན་པ་མིན་པའི་འདུས་བྱས་ཀྱི་ཆོས་ལ་དགོངས་ནས། རང་གཞན་འཕྲལ་ཡུན་གྱི་དོན་ཆེན་སྒྲུབ་རྒྱུ་ལ་ཐུགས་ལྷོད་མ་ཤོར་ཞུ་རྒྱུ་དང་། འདི་བཞིན་དཀྱིལ་འཁོར་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་གྱིས་ཕྱི་མར་ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བའི་སྨོན་ལམ་དང་བཅས་ཏེ་འབྲལ་ཁའི་གྱེས་ཕྱག་འབུལ་ནི་ཡིན། དེ་ནས་དངོས་གྲུབ་ཀྱི་ཚུལ་དུ་ལེགས་ཚོགས་ཐམས་ཅད་ཀྱི་གཞི་མ་སྐུ་ཚེ་ཡུན་བརྟན་ཡོང་དགོས་པས། དེའི་རྟེན་འབྲེལ་གྱིས་ཚེ་དབང་ཕུལ་བའི་ཚེ་སྒྲུབ་ཀྱི་ཆོ་གའི་ལུང་ཕུལ་ན། དེ་ནས་སྒྲུབ་དཀྱིལ་ཡོངས་རྫོགས་ཀྱི་ལུང་ཕུལ་ཚར་སོང་བ་རེད། ཅེས་གསུངས་ཏེ་རེ་ཞིག་མཇུག་གྲོལ་བར་མཛད་དོ།།

སྨྲས་པ།

དགེ་བ་འདིས་མཚོན་དུས་གསུམ་ལེགས་བྱས་ཀུན།།

གཅིག་ཏུ་བསྡོམ་ཏེ་སྲས་བཅས་རྒྱལ་བ་ཡིས།།

ཡང་ཡང་ཉེར་བསྔགས་དམིགས་མེད་དམ་པའི་རྒྱས།།

བཏབ་ཏེ་མཐའ་ཡས་འགྲོ་བར་ཡོངས་སུ་བསྔོ།།

ལས་ཉོན་ལྕགས་སྒྲོག་དམ་པོས་རབ་བཅིང་ཞིང་།།

མ་རིག་མུན་པའི་སྨག་གིས་ཀུན་ཏུ་མནར།།

རྣམ་གསུམ་དུད་ཁས་ཡུན་ཏུ་གཟིར་བ་རྣམས།།

བདེ་ནས་བདེ་བའི་དཔལ་གྱིས་མྱུར་འཚོ་ཤོག།

བཀྲ་ཤིས་མི་ཟད་འདོད་རྒུའི་གཏེར་གྱི་མཛོད།།

ཕུན་ཚོགས་བདེ་སྐྱིད་དམ་པའི་འབྱུང་གནས་ཆེ།།

བསྟན་པའི་རྒྱལ་མཚན་འདེགས་པའི་ཤེ་མོང་ཅན།།

མཚུངས་མེད་བླ་མའི་ཞབས་པད་རྟག་བརྟན་ཤོག།

རབ་འབྱམས་རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི།།

ཡོན་ཏན་མཐའ་དག་གཅིག་ཏུ་འདུས་པའི་གཟུགས།།

དཔལ་ལྡན་བླ་མ་རྫོགས་པའི་སངས་རྒྱས་དེས།།

ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག།

མི་ཟད་བཀྲ་ཤིས་བྱེ་བའི་རླབས་ཕྲེང་ཆལ་ཆིལ་གཡོ་བའི་མཛེས་སྡུག་གིས།།

ཡངས་པའི་ས་གསུམ་མཛེས་པར་བྱེད་པའི་རྒྱལ་བསྟན་ལུང་རྟོགས་གངྒའི་རྒྱུན།།

མཐའ་ཡས་འགྲོ་བའི་རྣམ་མང་གདུང་བ་རབ་ཏུ་སེལ་བའི་གཉེན་གཅིག་པུ།།

ནམ་ཡང་མི་འཆད་འཇིག་རྟེན་ལྗོངས་སུ་ཀུན་ཏུ་གཞོལ་བའི་བཀྲ་ཤིས་ཤོག།

ཁྱབ་བདག་བླ་མ་མཆོག་གི་ཞལ་གསུངས་སྒྲ་བརྙན་ལས་གུས་སློབ་ཨོ་རྒྱན་རིག་འཛིན་ནས་ཡི་གེར་ཕབ་པའོ།། དགེའོ།། དགེའོ།། དགེའོ།། མངྒ་ལྃ།།


previousསྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་སྨིན་དབང་རྣམ་བཤད་རྒྱུད་དོན་གསལ་བའི་མེ་ལོང་། no next