Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་རྣམ་བཞིའི་རྣམ་ཐར་བསྡུས་པ་ལེ་ཚན་བཞི། རིན་ཆེན་དར་རྒྱས།
   
   
   
   


 
previousབླ་མ་རྣམ་བཞིའི་རྣམ་ཐར་བསྡུས་པ་ལེ་ཚན་བཞི། རིན་ཆེན་དར་རྒྱས། next

བླ་མ་རྣམ་བཞིའི་རྣམ་ཐར་བསྡུས་པ་ལེ་ཚན་བཞི། རིན་ཆེན་དར་རྒྱས།


PS001_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྣམ་བཞིའི་རྣམ་ཐར་བསྡུས་པ་ལེ་ཚན་བཞི་བཞུགས་སོ། །


PS001_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་གཙང་མ་ཤངས་སྟོན་ནི། ཁོང་སྐྱ་སྤང་ཁ་ཞེས་པར་རྩ་རྭ་སྟོན། དཀོན་མཆོག་དཔལ་བཟང་དང་། ཡུམ་ཇོ་དགེ་ཞེས་པའི་སྲས་སུ་འཁྲུངས། །ཆུང་ངུ་ནས་བྱིས་པའི་སྤྱོད་པ་ལས་འདས་པའི་བག་ཆགས་བཟང་པོ་གསལ་བར་སད། དགུང་ལོ་བརྒྱད་དགུ་ནས་འབྲི་ཀློག་བསླབ་བཅུ་གསུམ་པ་ནས་བླ་མ་ཉི་ཐོག་པར་རབ་ཏུ་བྱུང་། སློབ་དཔོན་ལས་ཕར་ཕྱིན་དང་སྤྱོད་འཇུག་སོགས་གསན། །གཞན་ཡང་བླ་མ་མང་པོ་ལ་མདོ་སྔགས་ཀྱི་གཞུང་མང་དུ་


PS001_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། མཁས་པ་ཆེན་པོར་གྱུར། གྲུབ་པའི་ཉམས་མྱོང་ཡང་ཅི་རིགས་པར་སྐྱེས། ཁྱད་པར་ཡོལ་ཕུ་རི་གོང་དུ་སངས་རྒྱས་སྟོན་པའི་སྤྱན་སྔར་བྱོན་པ་ཙམ་གྱིས། ཞལ་མཐོང་མ་ཐག་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། ཉམས་མྱོང་རང་ཤར་དུ་བྱུང་། དཔལ་ཤངས་པའི་ཟབ་ཆོས་མཐའ་དག་གསན་ཅིང་། སྒྱུ་མ་དང་རྨི་ལམ་སོགས་ཀྱི་ཉམས་མྱོང་རྩོལ་མེད་དུ་སྐྱེས། བླ་མས་ཀྱང་ཆོས་ཀྱི་བདུད་རྩི་ཐོག་མར་འཐུང་བའི་སྐལ་ལྡན། ལུང་བསྟན་འཁོར་གྱི་དང་པོ། །མན་ངག་ཆིག་བརྒྱུད་གནང་བའི་བུ་ཆེན། །འགྲན་ཟླ་བྲལ་བའི་ཐུགས་སྲས་ཀྱི་དམ་པར་མཛད་ཅིང་། །


PS001_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལྡན་རྩོད་མེད་དུ་གྱུར་ནས། འདི་དང་ཕྱི་མར་འགྲོ་དོན་དཔག་ཏུ་མེད་པ་འབྱུང་ཞིང་། བཅུ་བཞིའི་ས་ཐོབ། སློབ་མ་བརྒྱུད་འཛིན་དང་བཅས་པ་དག་པ་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན་ཕྱིར་མི་ལྡོག་པའི་རྟག་རྣམས་གསལ་བར་མངའ། ཞལ་མཐོང་བ་ཙམ་གྱིས་གདུལ་བྱ་རྣམས་དང་བ་འདྲེན་པས་ཤངས་སྟོན་གཙང་མ་ཞེས་གྲགས། མདོར་ན་བླ་མའི་བྱིན་རླབས་ཞུགས། སྒྱུ་ལུས་དང་འོད་གསལ་འབྱོངས། རྟོགས་པ་མངོན་དུ་གྱུར། ཆོས་བརྒྱད་རང་སར་གྲོལ། ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས་ཏེ་ལུང་བསྟན་ཐོབ། མངོན་པར་ཤེས་པ་ཐོགས་པ་མེད་པ་མངའ་བར་གྱུར་ཀྱང་། ནང་གི་ཡོན་ཏན་གསང་བ་གནད་ཡིན་གསུངས་ནས་སྦས་པའི་ངང་ཚུལ་ལྷུར་བཞེས་པའི་ངང་ནས་གདུལ་བྱ་སྐལ་ལྡན་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་ལ་བཀོད། སྐུ་གཤེགས་ཙ་ན་བཞུགས་གདན་དང་། ན་བཟའ་ཕྲུག་གཅིག་ཙམ་མ་གཏོགས་གསེར་སེ་བ་གང་ངམ། ཡོ་བྱད་བྲེ་གང་རེ་བ་ཡང་མ་བཟུང་བ་སོགས་ངོ་མཚར་གྱི་རྣམ་ཐར་མཐའ་ཀླས། མཐར་དགུང་ལོ་བདུན་ཅུ་རྩ་དྲུག་པ་བྱ་ལོ་སྣྲོན་ཟླ་བའི་ཚེས་བཅོ་ལྔའི་སྔ་དྲོའི་ཆ་ལ། ཤར་ཕྱོགས་དག་


PS001_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་ཁམས་སུ་འགྲོ་མགོན་སངས་རྒྱས་སྟོན་པའི་སྤྱན་སྔར་ངོ་འཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་གཤེགས་ནས་བཅུ་བཞིའི་ས་ལ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་པར་གྱུར་ཏོ། ༈ །མུས་ཆེན་རྒྱལ་མཚན་དཔལ་བཟང་ནི། གྲུབ་ཐོབ་གཉག་གི་རིགས་ལས། ཡབ་སློབ་དཔོན་རྡོ་རྗེ་སྙིང་པོ་དང་། ཡུམ་དཀོན་མཆོག་ཅེས་བྱ་བའི་སྲས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་ཞིག་ལྷུམས་སུ་ཞུགས་པའི་ལྟས་ངོ་མཚར་བ་དང་བཅས་ཏེ། ཁྲོ་ཕུ་དགའ་ལྡན་གྱི་གནས་སུ་ས་གཡོ་བ་དང་། མེ་ཏོག་གི་ཆར་འབེབས་བཞིན་དུ་སྐུ་འཁྲུངས། ཁྲོ་ཕུ་སེམས་དཔའ་ཆེན་པོས་དབང་བསྐུར་ཞིང་ལུང་བསྟན་ཁྱད་པར་ཅན་མཛད། གཞོན་ནུ་ཉིད་ནས་དམ་པའི་རྣམ་ཐར་མཐའ་ཡས། དགུང་ལོ་བཅོ་ལྔ་པར་དཔལ་ས་སྐྱར་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་མཛད། ཕར་ཚད་འདུལ་མངོན་དབུ་མ་རྣམས་ལ་མཐར་ཕྱིན་པར་སྦྱངས་པས་མཁས་པའི་སྙན་པས་ཁྱབ། ཉེ་དྲུག་པར་ཆོས་རྗེ་རྒྱལ་མཚན་དཔལ་བཟང་པས་མཁན་པོ་དང་། རིན་ཆེན་བསོད་ནམས་གྲགས་པས་ལས་སློབ་མཛད་དེ་བསྙེན་པར་རྫོགས། མཁན་


PS001_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དེ་གཉིས་དང་། རོང་པ་ཤེས་རབ་སེང་གེ་ཚོགས་སྒོམ་པ་དང་། ཉན་ཆེན་པ་ཡབ་སྲས། བླ་མ་ཡོན་ཏན་མཚན་ཅན། བྱང་སེམས་ཆུ་བཟང་པ། ཆོས་རྗེ་འཇིམ་པ་སོགས་ལས་དུས་འཁོར། ལམ་འབྲས། བློ་སྦྱོང་། རྫོགས་ཆེན། གཅོད་ཡུལ་སོགས་མཐའ་ཡས་པ་གསན་ཅིང་། ཐུགས་ཉམས་སུ་བཞེས་པས་མཁས་གྲུབ་ཆེན་པོར་གྱུར། བླ་མ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱིས་ཀྱང་སྤྱི་བོར་མཆོད། ཕོ་བྲང་ཆེན་པོ་ཏཱའི་ཏུར་དུ་ཧོར་གྱི་རྒྱལ་པོ་ཨཱ་ཡུ་བ་རས་སྤྱན་དྲངས། འགྲོ་དོན་མཐའ་ཀླས་བར་མཛད། སླར་བོད་དུ་ཕེབས་ནས་བྲིན་ཆུ་བར་དུ་འཚོ་བ་དཀའ་ཐུབ་ལ་མཛད་ནས་བསྒོམས་པས་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས། སྐབས་ཤིག་མཁས་གྲུབ་ཤངས་སྟོན་ཆེན་པོའི་སྙན་པ་གསན་ནས་སྤྱན་སྔར་བྱོན་པས། བླ་མ་ཉིད་ལ་ཡེ་ཤེས་མགོན་པོས། ཁྱོད་ཀྱི་སློབ་མ་ཆོས་བརྒྱུད་ཟིན་ངེས་ཞིག་འོང་བར་ཡོད་པས་གདམས་ངག་མ་ལུས་པ་སྟོན་ཅིག །ཅེས་ལུང་བསྟན་པ་བཞིན་གདམས་པ་རྫོགས་པར་དགྱེས་བཞིན་དུ་གནང་། བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་གསན། རྨི་ལམ་སྤྲུལ་སྒྱུར་འབྱོངས། འོད་གསལ་


PS001_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་སྐྱེས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་བརྙེས་ནས་སྒྲུབ་པ་ལ་སྙིང་པོར་གཞོལ་བའི་སྐབས། ཧོར་གྱི་རྒྱལ་པོ་རྒན་པ་ཆེན་པོས་ནན་བཅུད་ཀྱིས་སྤྱན་དྲངས་པ་བཞིན་ཕེབས་ནས། ཧོར་དང་། སོག་པོ། ཡུ་གུར། མེ་ཉག་སོགས་སྐྱེ་འགྲོ་མཐའ་ཡས་པའི་དོན་མཛད། སླར་བོད་དུ་ཕེབས་ནས་ཆོས་དང་ཟང་ཟིང་གི་དགའ་སྟོན་རྒྱ་ཆེར་སྤེལ། མུས་ཐ་གོང་དཔལ་གྱི་རི་ཁྲོད་སོགས་སུ་བཤད་སྒྲུབ་སྤེལ་མར་མཛད་པའི་མཐར། མེ་ཕག་ཧོར་ཟླ་བདུན་པའི་ཉི་ཤུ་དྲུག་ལ་ས་གཡོ་བ་དང་། སྒྲ་དང་། འོད་དང་། མེ་ཏོག་གི་ཆར་དང་བཅས་ཏེ་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པའི་ཚུལ་བསྟན་ནོ། །རྣམ་ཐར་རྒྱས་པ་དགེ་བཤེས་སྨོན་ལམ་པས་མཛད་པ་ལས་ཤེས་སོ། ༈ །མཁས་གྲུབ་རྡོ་རྗེ་གཞོན་ནུ་ནི། ཆུང་ངུ་ནས་ངེས་འབྱུང་རྩོལ་མེད་དུ་ཤར། མདོ་སྔགས་ཀྱི་གཞུངས་རབ་འབྱམས་ལ་སྦྱངས། ཁྱད་པར་མུས་ཆེན་རྒྱལ་མཚན་དཔལ་བཟང་ལས་ཤངས་ཆོས་སྐོར་ཚང་མ་བཞེས་ནས་ཉམས་སུ་ལེན་པར་མཛད་པས་བཤུལ་རིང་གི་ལམ་མྱུར་དུ་བགྲོད་པ། ཤིན་ཏུ་གྲང་བའི་དུས་ཀྱང་སྐུ་ཟིལ་པ་


PS001_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོམ་མེར་བཞུགས་པ། བདེ་སྟོང་གི་ཉམས་ལས་བྱུང་བའི་དགའ་བར་གཡོ་བ་སོགས་གཏུམ་མོ་དང་། སྤྲུལ་བསྒྱུར་སོགས་རྨི་ལམ་ཚེགས་མེད་དུ་འབྱོངས། སྤྱན་དང་མངོན་ཤེས་འཆར། འཆི་མེད་ཀྱི་རིག་འཛིན་གྲུབ་པས་སྐུ་ཚེ་རིང་པོར་བཞུགས་ཀྱང་བགྲེས་ཚུལ་སོགས་མི་མངའ། དུས་རྟག་ཏུ་སྒྲུབ་པ་ཁོ་ན་ལས་མི་གཡེལ་ཞིང་། མཁས་གྲུབ་ཀྱི་སྐྱེས་བུ་དུ་མས་ཞབས་པད་མཆོད། ཁྱད་པར་མུས་ཆེན་ཆོས་རྗེ་མྱ་ངན་ལས་འདའ་ཁར་ཤངས་ཆོས་གནང་པའི་ཆ་ལགས་རྣམས་རྗེ་ཉིད་ལ་གནང་བར་བསྐུལ་ནས་གདམས་པའི་བདག་པོར་དབུགས་དབྱུང་བས་ལམ་སྲོལ་འདི་ལ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གསལ་བར་མཛད་པ་ཡིན་ནོ། ༈ །མུས་ཆེན་ནམ་མཁའི་རྣལ་འབྱོར་ནི། བ་བྲག་རམ་པའི་དགེ་བའི་བཤེས་གཉེན་བླ་མ་རྡོ་རྗེ་བསོད་ནམས། །ཞེས་གསར་རྙིང་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་དེ་ཉིད་དང་། ཡུམ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་མ་རྡོ་རྗེ་འབུམ་གྱི་སྲས་སུ་འཁྲུངས། གཞོན་ནུ་ནས་དད་པ་དང་། ཤེས་རབ་དང་། མངོན་པར་ཤེས་པ་སོགས་མངའ། གློ་ལུང་ཆོས་སྡེར་མཁན་པོ་ཤཱཀ་འཕེན་པ་ལས་


PS001_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་། མཚན་ནམ་མཁའ་རྒྱལ་མཚན་དུ་གསོལ། མདོ་སྔགས་ཀྱི་གཞུང་ལ་གསན་བསམ་རྒྱ་ཆེར་མཛད། ཁྱད་པར་མུས་ཆེན་རྒྱལ་མཚན་དཔལ་བཟང་ལས་ནི་གུའི་ཐབས་ལམ་གསན་ནས་ཟླ་བ་གཅིག་ཏུ་བསྒོམས་པས། བདེ་དྲོད་རྩོལ་མེད་དུ་ཤར། བཀའ་གཞན་རྣམས་ཅི་རིགས་པ་དང་། རྫོགས་པར་བླ་མ་རྡོ་རྗེ་གཞོན་ནུ་ལས་གསན། ཉི་ཤུ་པར་མཁན་པོ་སྔོན་གྱི་དེ་ཉིད་ལས་བསྙེན་པར་རྫོགས། གཞན་ཡང་བླ་མ་དམ་པ་དུ་མ་ལས་གདམས་པ་བསམ་གྱིས་མི་ཁྱབ་པ་བཞེས། ཆོས་གསན་པའི་དུས་མ་གཏོགས་རི་ཁྲོད་དབེན་པ་ཁོ་ནར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ངེས་འབྱུང་དང་། སྙིང་རྗེ་ཕྱོགས་མེད་དུ་ཤར། ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། ཐུགས་རྗེ་ཆེན་པོ་སོགས་ཡི་དམ་ལྷ་དུ་མས་རྗེས་སུ་བཟུང་། ཏིང་འཛིན་གྱི་སྒོ་དུ་མ་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ། ཆོས་སྲུང་བྲན་དུ་ཁོལ་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ཅིང་། དེ་རྣམས་ཀྱི་ནང་ནས་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ། རོང་སྟོན་ཤེས་བྱ་


PS001_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག །སེམས་དཔའ་གཞོན་ནུ་རྒྱལ་མཆོག །མུས་ཆེན་དཀོན་མཆོག་རྒྱལ་མཚན། །གྲུབ་ཆེན་ཐང་སྟོང་རྒྱལ་པོ། །མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་ཤིང་བཙུན་ལ་གྲུབ་པའི་ཉམས་མྱོང་དང་ལྡན་པ་དང་། ཕྲིན་ལས་མཐའ་ཀླས་པ་མང་དུ་བྱོན་ཏེ་རྒྱལ་བསྟན་སྤྱི་དང་། དཔལ་ཤངས་པ་བཀའ་བརྒྱུད་པའི་བསྟན་པ་རིན་པོ་ཆེར་ཉིན་མོར་མཛད་ནས། དགུང་ལོ་དགུ་བཅུ་རྩ་གསུམ་དུ་ཕེབས་པ། བྱི་ལོ་ཧོར་ཟླ་གཉིས་པའི་ཚེས་ཉེར་དྲུག་ལ་ཞི་བ་ཆེན་པོའི་དབྱིངས་སུ་ཐུགས་གཞོལ་བའི་ཚེ། འཇའ་དང་འོད་དང་། སྙན་པའི་སྒྲ་དང་། དྲི་ཞིམ་པོ་འཐུལ་ཞིང་། མེ་ཏོག་གི་ཆར་ཆེན་པོ་འབེབས་པ་དང་བཅས་ཏེ། ལས་དག་པ་འགའ་ཞིག་གིས་ཨོ་ཌཱི་ཡཱ་ན་དང་། བདེ་བ་ཅན་སོགས་སུ་གཤེགས་པར་མཐོང་བ་དང་། སྐུ་གདུང་ཞུགས་སུ་ཕུལ་བས་སྐུ་དང་། རིང་བསྲེལ་གྲངས་ལས་འདས་པ་འཕེལ་བས་མཚོན་ངོ་མཚར་བསམ་གྱིས་མི་ཁྱབ་པས་རྗེས་འཇུག་རྣམས་དད་པའི་ས་ལ་འགོད་པར་མཛད་དོ། ༈ །འདིའི་རྣམ་ཐར་རྒྱས་པ་བཀའ་བཅུ་པ་རིན་ཆེན་དར་


PS001_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱིས་མཛད་པ་དང་། དགུང་ལོ་བརྒྱད་ཅུ་རྩ་བཞི་ཡན་གྱི་རྣམ་ཐར་ཁ་སྐོང་བཅས་ལ་ཤེས་པར་བྱའོ།། །།སརྦ་དཱ་ཀ་ལྱཱ་བྷ་ཝནྟུ། ཤུ་བྷཾ། །


previousབླ་མ་རྣམ་བཞིའི་རྣམ་ཐར་བསྡུས་པ་ལེ་ཚན་བཞི། རིན་ཆེན་དར་རྒྱས། next