Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་འགྱུར་མེད་བདེ་ཆེན།
   
   
   


 
previousསྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་འགྱུར་མེད་བདེ་ཆེན། next

སྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་འགྱུར་མེད་བདེ་ཆེན།


PS001_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་འགྱུར་མེད་བདེ་ཆེན་ནི། གྲུབ་ཐོབ་ལྕགས་ཟམ་པ་ཆེན་པོའི་རིགས་སུ་ལྕགས་བྱི་སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་པོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། དེར་ཚེ་རབས་ཀྱི་ཕྲེང་བ་དུ་མར་བླ་སློབ་ཏུ་འབྲེལ་བའི་སྨན་ལྡིང་ལོ་ཙཱ་བ་གྲུབ་པའི་དབང་ཕྱུག་རཏྣ་བྷ་ར་པ་མཚན་འགྱུར་མེད་བདེ་ཆེན་ཞེས་བརྩལ་ཞིང་ལུང་བསྟན་གྱི་རྒྱུད་མངས་སྦྲེངས། དགུང་ལོ་བཅུ་པར་རྡོ་རྗེའི་སློབ་དཔོན་ལྷུན་གྲུབ་དཔལ་ལྡན་ལས་གསང་བདག་གི་དབང་བསྐུར་བ་གསན་ཅིང་ལྗགས་བཟླས་མཛད་བཅུ་གསུམ་པ་ནས་བརྩམ་རྗེ་བཙུན་བསོད་ནམས་རྩེ་མོའི་ཞབས་པད་བསྙེན་ཅིང་དགེ་ཚུལ་དུ་བསྒྲུབས། ལམ་འབྲས་དང་། ནི་གུའི་ཟབ་ཁྲིད་དང་། དཔལ་ས་སྐྱ་པའི་གཞུང་དང་མན་ངག་རྒྱ་མཚོ་ལྟ་བུར་སྦྱངས། ཉི་ཤུ་པར་ལོ་ཆེན་རཏྣ་བྷ་དྲ་ལས་བསྙེན་པར་རྫོགས་སྦྱོར་དྲུག་གི་ཉམས་ཁྲིད་གསན། ལོ་བཞི་དང་ཟླ་བ་བརྒྱད་དུ་སྒྲུབ་པའི་རྒྱལ་མཚན་བརྟན་པོར་བཙུགས་པས་བྱིན་རླབས་ཀྱི་འཕོ་བ་ཐོབ་ཅིང་དད་པ་དང་། ངེས་འབྱུང་། སྙིང་རྗེ་དང་། འོད་གསལ་གྱི་འཆར་སྒོ་འབྱམས་ཀླས་པ་


PS001_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་འབྱོར། སླར་ཡང་ཡོངས་འཛིན་ཆོས་ཀྱི་བློ་གྲོས། ལོ་ཆེན་རཏྣ་བྷ་དྲ། འཇམ་མགོན་ཀུན་དགའ་གྲོལ་མཆོག །དུས་ཞབས་པ་ཆོས་དར་གྲགས་འཕེལ། ལོ་པ་སྤྱན་སྔ་ཆོས་ཀྱི་གྲགས་པ་སོགས་ལས། ཤངས་ཆོས། ལམ་འབྲས། དུས་འཁོར་རྣམས་གཙོ་བོར་གྱུར་པའི་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་དང་། ལོ་ཆེན་བཤེས་གཉེན་རྣམ་རྒྱལ་དང་། སྐད་གཉིས་སྨྲ་བ་རབ་ཚེས་ཟླ་བ་ལས་སྒྲ་སྙན་སྡེབ་སྦྱོར་སོགས་ཐུན་མོང་རིག་ལམ་དུ་མར་གསན་སྦྱངས་མཐར་ཕྱིན་པར་མཛད་པའི་གྲུབ་འབྲས་འཆད་པ་དང་། རྩོད་པ་དང་། རྩོམ་པའི་བདུད་རྩིས་སྐལ་བཟང་ཡིད་ཀྱི་པདྨོ་ཁ་བྱེ་བ་ལས། ཡོངས་རྫོགས་ཐུབ་བསྟན་ཨུཏྤ་ལའི་རིགས་ཀླུང་ཆེས་ཆེར་དར་བར་མཛད་ནས། རིགས་ལྡན་ཆོས་ཀྱི་མདུན་ས་ཆེན་པོར་གཤེགས་སོ། །དགེ་ལེགས་འཕེལ། དགེའོ། །


PS001_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་དགའ་གྲོལ་མཆོག་ནི། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་པཎྜི་ཏ་འབར་བའི་གཙོ་བོ། །རྒྱལ་བས་ལུང་བསྟན་པའི་གྲུབ་ཆེན་ནག་པོ་སྤྱོད་པ། ཤྲཱི་གོརྵ་ཁ་ནཱ་ཐའི་སློབ་མ་རྒྱལ་རིགས་ལས་གྲུབ་པ་བརྙེས་པ་རཱ་ཧུ་ལ་རྣམས་དང་། གངས་ཅན་འདིར་ལོ་ཙཱ་བ་ཆེན་པོ་ཀུན་གཟིགས་རོང་ཟོམ་པ་ཆོས་ཀྱི་བཟང་པོ། །བཀའ་རྒྱུད་ཡ་བཞི་ཟུང་བརྒྱད་དུ་གྲགས་པ་ལས། འགྲོ་མགོན་ཕག་མོ་གྲུབ་པའི་སློབ་མ་འབའ་རོམ་པ་དར་མ་དབང་ཕྱུག །ཉང་སྟོད་དུ་སྦས་པའི་རྣལ་འབྱོར་ཨ་བ་དྷཱུ་ཏི་པ་འོད་ཟེར་དཔལ་ཞེས་རྗེ་བཙུན་གྲགས་པས་ནག་པོ་སྤྱོད་པའི་འཕྲུལ་དུ་བསྔགས་པ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཆེན་པོ་ཞང་སྟོན་འབྲུག་སྒྲ་རྒྱལ་མཚན། འབྲི་གུང་རྒྱལ་བ་འཇིག་རྟེན་མགོན་པོའི་སློབ་མ་གཉོས་རྒྱལ་བ་ལྷ་ནང་པ། ཀུན་མཁྱེན་ཆེན་པོ་སངྒ་བྷ་ར། རྗེ་རིན་པོ་ཆེའི་སློབ་མ་གཞུང་བརྒྱ་པ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། སླར་ཡང་འཕགས་པའི་ཡུལ་དུ་སིངྒ་ལའི་པཎྜི་ཏ་ཆེན་པོ་ཆོས་ཀྱི་ཉིན་བྱེད་རྣམས་སུ་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་ནས་


PS001_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འགྲོའི་དོན་བརླབ་པོ་ཆེ་མཛད་པའི་མཐར། མངའ་རིས་ཀྱི་སྨད་ཀྱི་ས་ཡི་ཆར། ཡབ་གཉན་སྟོན་ཤཱཀྱ་མུ་ནའི་རིགས་བརྒྱུད་ཚེ་དབང་བཟང་པོ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་སྒྲོལ་འཇམ་ཞེས་པའི་སྲས་སུ་རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོའི་སྨིན་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུར་སྐུ་འཁྲུངས། རཱ་སྟོན་ཡོན་ཏན་དཔལ་བཟང་གིས་མཚན་སྒྲོལ་མ་འབུམ་དུ་གསོལ། རྗེ་ཀུན་དགའ་མཆོག་ལྡན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། མཚན་ཀུན་དགའ་གྲོལ་མཆོག་ཏུ་གསོལ། དེ་ཉིད་དང་། མཁན་ཆེན་བསོད་ནམས་ལྷུན་གྲུབ་སོགས་ལས་གསན་པ་བསམ་གྱིས་མི་ཁྱབ། ནི་གུའི་ཟབ་ཁྲིད་ལན་བརྒྱ་ཕྲག་ལས་ལྷག་པ་དང་། ལམ་འབྲས་དང་། སྦྱོར་དྲུག་གཙོར་གྱུར་འཆད་ཉན་སྤེལ་གྱི་ཕྲིན་ལས། གྲུབ་པའི་ཉམས་མྱོང་། མཁས་པའི་རྣམ་དཔྱོད་བསམ་གྱིས་མི་ཁྱབ། རྒྱས་པར་རྗེ་ཉིད་ཀྱིས་མཛད་པའི་སྐྱེས་རབ་སྔ་མ་ཐམས་ཅད་ཀྱི་རྟོགས་བརྗོད། རྗེ་ཉིད་ཀྱི་རྣམ་པར་ཐར་པ་སྐལ་བཟང་དད་པའི་ཤིང་རྟ་ཡན་ལག་མཛེས་རྒྱན་དང་བཅས་པ་འདས་བྱུང་གི་རྣམ་ཐར་གསེར་མདོག་པ་ཤཱཀྱ་བསྟན་


PS001_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱིས་མཛད་པ་རྣམས་སུ་ཆེས་གསལ་ལོ།། །།དགེ་ལེགས་འཕེལ། དགེའོ། །


previousསྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་འགྱུར་མེད་བདེ་ཆེན། next