Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནི་གུའི་ཡན་ལག་ལུས་སེམས་འཆི་མེད་ཀྱི་ཁྲིད།
   
   
   
   
   


 
previousནི་གུའི་ཡན་ལག་ལུས་སེམས་འཆི་མེད་ཀྱི་ཁྲིད། next

ནི་གུའི་ཡན་ལག་ལུས་སེམས་འཆི་མེད་ཀྱི་ཁྲིད།


PS003_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུའི་ཡན་ལག་ལུས་སེམས་འཆི་མེད་ཀྱི་ཁྲིད་བཞུགས་སོ། །ན་མོ་གུ་རུ། འདིར་ཉིང་ཁུའི་ཡན་ལག་ལུས་སེམས་འཆི་མེད་མན་ངག་གིས་ཁ་བསྐང་ཏེ་ཉམས་སུ་ལེན་པ་ལ། འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱིས་རྩ་ཐིག་རླུང་གསུམ་སྦྱངས་ནས། གདན་བདེ་བ་ལ་ལུས་གནད་ཙོག་པུ་སྐྱིལ་ཀྲུང་གང་བདེ་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་རྣམས་སྔོན་དུ་བཏང་ནས། འདི་ལྟར་བསམ་པར་བྱ་སྟེ། འཆི་ཞེས་པ་འདི་ལུས་འཆིའམ་སེམས་འཆི། ལུས་འཆིའོ་སྙམ་ན་རྣམ་སྨིན་གྱི་ལུས་འཆིའམ་བག་ཆགས་ཀྱི་ལུས་འཆི། དང་པོ་ལྟར་ཡང་མིན་ཏེ། ལུས་འདི་ཤ་ཁྲག་རུས་པ་པགས་པ་སོགས་ཚོགས་པའི་བེམ་པོ་ཁོ་ན་ཡིན་པས་དེ་ལ་འཆི་བ་ག་ལ་ཡོད། ཡོད་ན་ས་རྡོ་སོགས་ཀྱང་ཅིའི་ཕྱིར་མི་


PS003_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

འཆི། བག་ཆགས་ཀྱི་ལུས་ཀྱང་མི་འཆི་སྟེ། འཆི་ན་རྨི་ལམ་དུ་འཆི་བས་འཆི་བའི་གོ་ཆོད་དགོས། དེ་ལྟར་ན་རྨི་ལམ་དུ་ཤི་བ་རྨིས་པའི་གང་ཟག་དེ་དག་གཉིད་མི་སད་དགོས་ཏེ། ཤི་ཟིན་སོས་སུ་མེད་པའི་ཕྱིར་སྙམ་དུ་བསམ་ཞིང་། མདོར་ན་སྔོན་གྱི་ལས་ཀྱི་འཕེན་པ་ཟད་ནས་རྣམ་སྨིན་གྱི་ལུས་འདི་ལ་སེམས་མ་གནས་པ་ཙམ་ལ་འཆི་བ་ཞེས་བཏགས་པ་ཡིན་གྱིས་འཆི་བ་ཞེས་པ་དོན་ལ་མ་གྲུབ་བོ་ཞེས་བསམ་ཞིང་། ལུས་འཆི་མེད་དུ་ནམ་གཏན་ལ་ཕེབ་ཕེབ་བསྒོམ་པར་བྱའོ། །སེམས་འདི་འཆིའོ་སྙམ་ན། དེ་ལ་སེམས་འཆི་མེད་རང་གྲོལ་ཞེས་བྱ་བའི་གདམས་པ་ཁྱད་པར་ཅན་འདི་ཉམས་སུ་ལེན་པ་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་སྐད་ཅིག་གིས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་མའི་སྟེང་དུ་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞབས་གཡས་བརྐྱངས་པས་དུས་མཚན་མའི་ལྟོ་བ་མནན་པ་གཡོན་བསྐུམས་པས་འཇིགས་བྱེད་ནག་པོའི་མགོ་


PS003_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བལྟབས་ནས་མནན་པ། ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་ཞིང་ཞལ་འགྱུར་ཞིང་མཆེ་བ་གཙིགས་པ། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རིན་པོ་ཆེ། གཡོན་ན་ཚེས་གཅིག་གི་ཟླ་བ། འཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེ། ཕྱག་གཉིས་ཀྱིས་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་དྲུག་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ་གར་དགུའི་ཉམས་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གཡས་གྲི་གུག་གིས་གདུག་པ་ཅན་སྡིགས་ཤིང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྤྱན་གསུམ་སྐྲ་གྲོལ་བ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། རུས་རྒྱན་ལྔ་ལྡན་ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། གཉིས་ཀའང་


PS003_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ཞིག་གསལ་བར་བསྒོམ། དེའི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ་བོ། །དེ་ནས་ཉམས་ལེན་ལ་འཇུག་པ་ལ་གསུམ་སྟེ། དང་པོ་སྔོན་འགྲོ་ནི་ཡབ་ཀྱི་སྤྱི་བོའི་སྐྲ་མཚམས་སུ་ལྷ་སྐུ་ཤིན་ཏུ་གསལ་བ་དེའང་མོག་མོག་པོར་བྱེད་པའི་ཧཱུྃ་སྔོན་པོ་འོད་ཟེར་སྔོན་པོ་འཕྲོ་བ་ཞིག་བསམ། དེ་ནས་ཧཱུྃ་ལས་འོད་བྱུང་བས་སྨིན་མཚམས་གསལ་སིང་སོང་། དེ་ནས་ཤངས་ཡན། སྤྱན་རྩ་ཚུན་གསལ་བའི་སྤྱན་གསུམ་ཧྲིག་ཧྲིག་པ། དེ་ནས་རིམ་བཞིན་མགྲིན་པ། ཐུགས་ཀ །ལྟེ་བ། གསང་གནས་ཀྱི་སྦྱོར་མཚམས་ཡན་ཆད། དེ་ནས་པུས་མོ་ལོང་བུ་སེན་མོ་ཡན་ཆད་གསལ་སིང་བ་བྱུང་བྱུང་བར་བསྒོམ། ཡབ་ཀྱི་ཕྱི་སྦྱོང་བའོ། །དེ་ནས་ཡང་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཚངས་བུག་ནས་མར་སོང་བས་ཤངས་དང་མགྲིན་པ་ཡན་ཆད་སྔོ་སང་སོང་། དེ་ནས་ཐུགས་ཀ་ལྟེ་བ་གསང་གནས། པུས་མོ། ལོང་བུ། སོར་མོའི་ནང་ཡན་


PS003_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སྔོ་སིང་ངེ་བ་འོད་ཀྱི་རང་བཞིན་དུ་བསྒོམ། ཡབ་ཀྱི་ནང་སྦྱོང་བའོ། །དེ་བཞིན་དུ་ཡུམ་གྱི་སྤྱི་བོའི་སྟེང་གི་སྐྲ་མཚམས་སུ་བྃ་དམར་པོ་འོད་ཟེར་དམར་པོ་འཕྲོ་བ་ཞིག་བསམ། དེ་ལས་འོད་ཟེར་དམར་པོ་བྱུང་ནས་གོང་བཞིན་ཡུམ་གྱི་ཕྱི་ནང་གཉིས་སུ་སྦྱངས། ཁྱད་པར་བྷ་ག་དང་། ནུ་མ་དམར་སིང་ངེ་བ་བསྒོམ་པ་ནི་ཁ་དོག་གསལ་འདེབས་པའོ། །དེ་ནས་ཡབ་ཀྱི་སྤྱན་དབུས་མ་ནས་རིམ་བཞིན་གསལ་འདེབས། རལ་པའི་ཐོར་ཅོག་རྡོར་དྲིལ་འཛིན་ལུགས། ཞལ་མཆེ་བ་བཞི་གཙིགས་པ། ཞབས་ཀྱི་འཆག་སྟབས། སྒེག་པ། མེ་ཕུང་ལ་སོགས་པ་རེ་རེ་ནས་གསལ་འདེབས་པ་ནི་དབྱིབས་བསྒོམ་པའོ། །དེ་བཞིན་དུ་ཡུམ་ལ་ཡང་དབྱིབས་རེ་རེ་ནས་བསྒོམ། དེ་ནས་ཡབ་ཀྱི་སྤྱི་བོའི་ནོར་བུ། ཟླ་ཕྱེད། སྣ་ཚོགས་རྡོ་རྗེ། འཁོར་ལོ། རྣ་ཆ། མགུལ་རྒྱན། གདུ་བུ། སྐ་རགས། ཐལ་ཆེན་ཏེ་རུས་པའི་རྒྱན་དྲུག །མི་མགོ་སྐམ་རློན་གྱི་དབུ་རྒྱན་དང་དོ་


PS003_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ། ཡུམ་ལའང་ཐལ་ཆེན་མ་གཏོགས་རུས་རྒྱན་ལྔ། མགོ་སྐམ་གྱི་དབུ་རྒྱན་དང་དོ་ཤལ་སོགས་རིམ་བཞིན་བསྒོམ་པ་ནི་རྒྱན་གསལ་འདེབས་པའོ། །དེ་ལྟ་བུའི་ཡབ་ཡུམ་གཉིས་ཀའང་གསལ་སྟོང་བདེ་ཆེན་ཟུང་འཇུག་རང་བཞིན་གྱིས་འོད་གསལ་བ་ཞིག་བསྒོམ། དེ་ཡང་གསལ་བའི་ངོས་ནས་མ་འདྲེས་ལ་ཡོངས་སུ་རྫོགས་པ། སྟོང་པའི་ངོས་ནས་རང་བཞིན་གང་དུའང་མ་གྲུབ་པའི་འོད་ཀྱི་རང་བཞིན་དུ་བསམས་ལ། འདི་ལྟ་བུ་འདི་རང་གི་སེམས་ཉིད་ལྷ་སྐུར་སྣང་བ་མ་གཏོགས། དེ་ལས་ལོགས་སུ་ཕྱི་རོལ་གྱི་དོན་དུ་བདེན་པར་མ་གྲུབ་པར་ཐག་ཆོད་བསྒོམ། དཔེ་རྨི་ལམ་དང་ཆུ་ཟླ་བཞིན། དེ་ཡང་རྨི་ལམ་དུ་ཡུལ་སྣ་ཚོགས་ཞིག་རྨིས་ཀྱང་། ཡུལ་གྱིས་ཚུར་འོང་བ་ཡང་མེད། རང་སེམས་ཀྱིས་ཕར་ཕྱིན་པ་ཡང་མེད། སེམས་ཉིད་ཀྱིས་བསླད་པའི་དབང་གིས་སེམས་ཉིད་སྣ་ཚོགས་སུ་སྣང་བ་ཡིན་གྱིས་དེ་ལས་ལོགས་སུ་བདེན་པར་གྲུབ་པ་མེད་དེ། དཔེ་ཆུ་ནང་གི་ཟླ་བ་ལས་ཤེས་སོ། །དེ་བཞིན་དུ་རང་


PS003_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འོད་གསལ་ལྷ་སྐུ་ཤིན་ཏུ་གསལ་བ་དེ་གང་ནས་བྱོན། གང་དུ་བཞུད། གང་ན་གནས་བརྟགས་པས་གང་ནས་ཀྱང་མ་བྱོན། གང་དུའང་མི་བཞུད། གར་ཡང་མི་གནས་པར་གསལ་སྟོང་ཟུང་འཇུག་སྤྲོས་པའི་མཐའ་དང་བྲལ་བར་ཐག་བཅད། དེ་འདྲའི་རང་སེམས་ལྷ་སྐུ་དང་དབྱེར་མེད་འདི་སངས་རྒྱས་འདས་པ་རྣམས་ཀྱིས་ཀྱང་མ་གཟིགས། མ་བྱོན་པ་རྣམས་ཀྱིས་ཀྱང་གཟིགས་པར་མི་འགྱུར། ད་ལྟ་བ་རྣམས་ཀྱིས་ཀྱང་མ་གཟིགས་སོ་སྙམ་དུ་བསྒོམ་མོ། །གཉིས་པ་དངོས་གཞི་ནི། སེམས་གསལ་སྟོང་རང་བཞིན་མ་གྲུབ་པ་འདི་འཆི་མེད་དུ་བསྒོམ་པ་ལ། འཆི་མེད་ཀྱི་དམིགས་པ་ལ་བཞི་ལས། དང་པོ་ནི། དེ་ལྟར་དུས་གསུམ་སངས་རྒྱས་ཀྱིས་མ་གཟིགས་པའི་རང་སེམས་གསལ་སྟོང་དེ་ལ་ན་བ་མ་གྲུབ་སྟེ། ན་བར་སྣང་བ་དེ་རང་སེམས་ལས་ཉོན་བློ་བུར་བ་དེས་བསླད་པའི་སྣང་བ་ཡིན་གྱིས། དོན་དམ་ལ་ན་བའི་རྒྱུ་མེད། དེ་མེད་པས་འབྲས་བུ་ན་བ་ཡང་མེད་དོ། །


PS003_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ། སེམས་ན་མེད་དུ་རྟོགས་རྟོགས་བསྒོམ་མོ། །གཉིས་པ་ནི། དེ་འདྲ་བའི་སེམས་དེ་ལ་འཆི་བ་མ་གྲུབ་སྟེ། འཆི་བ་ཞེས་པ་ལུས་བེམ་པོ་འདི་དང་། རྣམ་རྟོག་གློ་བུར་བ་དེ་བྲལ་བར་སྣང་བ་དེ་ལ་བཏགས་པ་ཙམ་ཡིན་གྱིས། བརྟགས་ཤིང་དཔྱད་ན་འཕོ་བྱ་འཕོ་བྱེད་དང་བྲལ་བ་གང་དུའང་མི་བདེན་པའི་སྟོང་ཉིད་དུ་ནམ་ཐག་མ་ཆོད་བར་དུ་བསྒོམ་མོ། །གསུམ་པ་ནི། དེ་འདྲ་བའི་སེམས་དེ་ལ་སངས་རྒྱས་རྒྱུ་འདུག་གམ་མི་འདུག་བལྟས་པས་སངས་རྒྱས་རྒྱུ་མེད་དེ། སེམས་ཅན་གྱི་དུས་དང་སངས་རྒྱས་པའི་དུས་ཀྱི་སེམས་ཀྱི་རང་བཞིན་གཉིས་འོད་གསལ་སྟོང་ཉིད་དུ་དབྱེར་མེད་དོ། །སེམས་ཀྱི་རང་བཞིན་རྣམ་དག་དེ་གློ་བུར་དྲི་མ་ཐམས་ཅད་དང་བྲལ་བ་དེ་ལ་སངས་རྒྱས་ཞེས་མིང་བཏགས་པ་ཙམ་ཡིན་ནོ་སྙམ་དུ་བསྒོམ་མོ། །བཞི་པ་ནི། དེ་འདྲ་བའི་ལྷ་སྐུ་རང་སེམས་གསལ་སྟོང་དེའི་རང་བཞིན་ལ་བསམས་ན་འཁོར་བ་མ་གྲུབ་སྟེ། འཁོར་བ་བདེན་པར་མ་གྲུབ་པས། འཁོར་བར་འཁོར་


PS003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་མ་གྲུབ་སྙམ་དུ་འཁོར་བ་རང་སེམས་འཁྲུལ་པའི་སྣང་བར་ཐག་ནམ་ཆོད་ཆོད་བསྒོམ་མོ། །གསུམ་པ་རྗེས་ནི། དེ་ལྟར་རང་སེམས་འཆི་མེད་དུ་ཐག་བཅད་དེ་ངེས་ཤེས་བསྐྱེད་ལ་ཡེངས་མེད་བསྒོམ། བླ་མ་ལ་གསོལ་བ་གདབ་པ། སེམས་ཅན་ལ་སྙིང་རྗེ་བསྒོམ་པ། དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་བྱང་དུ་བསྔོ་བས་བོགས་འདོན་ན་མཚམས་མེད་པ་ལྔ་བྱས་པ་ཡང་འཆི་ཁའམ་བར་དོར་འཚང་རྒྱ་ན་སྒྲིབ་པ་ཆུང་ཞིང་སྐལ་པ་དང་ལྡན་པ་ནི་རྒྱུན་དུ་སྒོམ་པ་ལྟ་ཞོག །འཆི་ཁར་སྐུ་ཡོངས་རྫོགས་སམ་ཆ་ཤས་ཙམ་གསལ་བས་ཀྱང་སྒྱོགས་ཀྱི་འཁྲུལ་འཁོར་རམ། དྭངས་པའི་རྫིང་བུར་རྡོ་བརྒྱབ་པའམ། ཚེས་བཅོ་ལྔའི་ཉི་མ་རྒས་པ་དང་ཟླ་བ་འཆར་བ་དུས་མཉམ་པ་བཞིན་དུ་བར་དོར་རྒྱལ་བ་ལོངས་སྐུར་སངས་རྒྱས་ཏེ། ཆོས་སྐུ་ལས་མ་གཡོས་པར་གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་ལྷུན་གྲུབ་རྒྱུན་ཆད་མེད་


PS003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དོ། །དེ་ལྟ་བུའི་གདམས་ངག་མེད་པར་ལམ་སྒྲུབ་པའི་རྩོལ་བ་ཆེར་བྱས་ཀྱང་། ཆུ་བསྲུབས་ཀྱང་མར་མི་འབྱུང་བ་བཞིན་དུ་ངལ་བ་དོན་མེད་ཡིན་ཅིང་། འདི་འདྲ་བའི་གདམས་པ་དང་ལྡན་ཞིང་ཉམས་སུ་ལེན་པ་དེ་ནི་མདོ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུངས་ནས་བཏུང་བས་ལས་ཉོན་འཁྲུལ་པའི་གཅོང་ནད་བསལ་ནས་མཁའ་སྤྱོད་དུ་འགྲོ་ངེས་པའི་གདམས་པ་ཡིན་པས་ཉམས་སུ་ལེན་དགོས་སོ། །འདི་བས་ཟབ་པའི་མན་ངག་རྒྱ་བོད་གཉིས་ན་མེད་པ་ཡིན་ནོ། །ཕོ་གྲུང་མོ་གྲུང་བརྩོན་འགྲུས་ཅན་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་ལགས་སོ། །འདི་དག་གི་རིགས་པས། ལུས་བེམ་པོ་འདི་དང་། སེམས་གསལ་སྟོང་གཉིས་ཀ་འཁོར་བ་ནས་སངས་རྒྱས་སུ་འཆུགས་མི་འཆུགས། སངས་རྒྱས་ནས་འཁོར་བ་ངན་འགྲོ་ནས་བདེ་འགྲོ་སོགས་སུ་འཆུགས་མི་འཆུགས་བལྟས་ལ། ལུས་དང་སེམས་འཆུགས་མེད་དུ་ཐག་ཆོད་ཆོད་དུ་བསྒོམ་མོ། །སྙིང་རུས་ཅན་ཚེ་
གཅིག་ལ་འཚང་རྒྱ་བའི་ཆོས་ཉིང་ཁུའི་ཡན་ལག་གི་ཆོས་སྐོར་ལས་འཆི་མེད་དང་འཆུགས་མེད་ཀྱི་དམིགས་རིམ་གསལ་བ་འདི་ཡང་། ལུང་སྟོང་སྨྱོན་པས་མཁའ་འགྲོའི་གསུང་བཞིན་ཉམས་སུ་མྱོང་བར་བྱས་ནས། གནས་མཆོག་རི་བོ་ཆེར་སྟག་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ནས་བདུན་པའི་བཅོ་ལྔའི་བར་ལ་ཉིང་ཁུའི་ལུས་ཡན་ལག་དང་བཅས་པ་ཚང་བར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན། དམ་ཆོས་འདི་ཚུལ་བཞིན་ཉམས་སུ་ལེན་པར་ཚེ་འདིའི་འཁྲི་བ་བཅད་པས་དོན་ཆེན་འགྲུབ་པའི་གཏན་གྱི་ཆུས་ལེགས་འགྲོ་བར་འདུག་པས། ཐམས་ཅད་རྩོལ་བ་བསྐྱེད་ལ་རེམས། དགེའོ། །


previousནི་གུའི་ཡན་ལག་ལུས་སེམས་འཆི་མེད་ཀྱི་ཁྲིད། next