Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུ་ཁ་མ་སིདྡྷིའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད།


 
previousསུ་ཁ་མ་སིདྡྷིའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད། no next

སུ་ཁ་མ་སིདྡྷིའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད།


PS003_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཁ་མ་སིདྡྷིའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བཞུགས་སོ། །ན་མོ། མཁའ་འགྲོ་རིག་པའི་ངོ་སྤྲོད་ནི། །ནམ་མཁའ་རིས་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ནས་རང་སོར་ཞོག །བསྐྱེད་རིམ་བཟླས་པ་རྫོགས་པ་དང་། །གཡོན་པའི་ཁུ་ཚུར་སྙིང་གར་བཞག །གཡས་པའི་ཁུ་ཚུར་མཛུབ་སྒྲེང་ཕྱར། །རྫི་དང་ཉི་མས་མི་གནོད་པའི། །ནམ་མཁའི་དཀྱིལ་དུ་གཅེར་གྱིས་བལྟ། །རིག་པ་ངར་བཏགས་དབང་པོ་བཟློག །ཤེས་པ་ཧུར་ཐོན་ལུས་ཆ་སྒྲིམ། །རླུང་ཡང་ཅུང་ཟད་བཟུང་བྱས་ལ། །རང་གི་ལྟེ་བར་ཨ་གཅིག་བསྒོམ། །དབུ་མ་ནས་བརྒྱུད་ཚང་སྒོ་ནས། །ནམ་མཁའ་འཕུར་ཏེ་ཡལ་བ་དང་། །ཆོས་ཉིད་སྤྲོས་དང་བྲལ་བ་དང་། །སེམས་ཉིད་སྤྲོས་དང་བྲལ་བ་དང་། །སྤྲོས་བྲལ་ནམ་མཁའི་ངང་ཉིད་དུ། །མ་བཅོས་སོ་མ་ཉིད་དུ་ཞོག །རྟོག་པའི་རྐྱེན་གྱིས་མ་བསླད་པར། །ཕགས་ཀྱིས་རིག་པ་མནན་ནས་བསྐུལ། །སོ་མ་སོ་མ་ཉིད་དུ་བཞག །རྟོག་པའི་རྐྱེན་གྱིས་


PS003_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

གཡེངས་པ་དང་། །བཏང་སྙོམས་ལེ་ལོས་གྲོལ་བ་མེད། །ཐ་མལ་ཤེས་པ་རང་ལུགས་འདི། །མ་བཅོས་ངང་དུ་ཀློད་པ་ལ། །བསྒོམ་པར་བྱ་བ་ཅི་ཡང་མེད། །སྒོམ་འདོད་བློ་དེ་སྐྱུར་ལ་ཐོང་། ཁོ་རང་རང་གི་གཤིས་ལ་ཞོག །རྗེས་ཤེས་སྣང་གྲགས་ཆོས་རྣམས་ཀུན། །རྨི་ལམ་སྒྱུ་མར་རྟོགས་པར་བྱ། །གང་ལ་ཞེན་མེད་སེམས་ཅན་དོན། །རིག་པ་མཉམ་མེད་ངང་ལ་ཞོག །མཁའ་འགྲོ་མ་ཡི་སྙིང་གཏམ་ཡིན། །ཡང་ན་བདེ་བ་བསྡུས་རྗེས་ལ། །ཐ་མལ་ཤེས་པ་རང་དག་ནི། །སྒོམ་འདོད་རྟོག་པས་མ་བསླད་པར། །མ་བཅོས་ངང་དུ་ཀློད་ལ་ཞོག །ཅིར་ཡང་མི་དམིགས་དེ་ཁོ་ན། །ཕྱག་རྒྱ་ཆེན་པོ་ཞེས་སུ་བརྗོད། །ཨིྀྠ།། ༈ །།གུ་རུ་ཌཱ་ཀི་ན་མོ། སྙན་བརྒྱུད་ཀྱི་གདམས་པ་འདི་ལ་གསུམ་སྟེ། དང་པོ་བཞག་ཐབས་རྣམ་པ་ལྔས་དངུལ་དཀར་གྱི་མེ་ལོང་ལ་བལྟས་པས། བྱང་གི་དཀྱིལ་འཁོར་མཐོང་བ་བཞིན། །མཁའ་འགྲོ་རང་སེམས་གཉིས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ་


PS003_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལུས་ཀྱི་འཁྲུལ་འཁོར་ལྡན་པ་ཡིས། །ནམ་མཁའ་རིས་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །རྟེན་མེད་དུ་ཞོག །འཛིན་མེད་དུ་ཞོག །འཇོག་མཁན་མེད་པར་ཞོག །གཉིས་པ་ཉམས་སུ་བླངས་ཐབས་བཅུས་ལམ་དུ་ཁྱེར་བ་ནི། མི་ཕོད་པ་བརྫི། འཁྲི་བ་བཅད། ཞེན་པ་ཟློག །སྣང་བ་བསྒྱུར། སྤྱོད་པ་དཀྲུག །མ་ཚང་ཡུལ་ནས་འདོན། རྐྱེན་དངོས་གྲུབ་ཏུ་ཤེས་པར་བྱ། སྡུག་བསྔལ་ཆོས་ཉིད་དུ་ཤེས་པར་བྱ། རིག་པ་ཁྲོག་ཕྱུང་། སྙན་བརྒྱུད་མི་ལ་མ་སྤེལ། གསུམ་པ་ཐག་ཆོད་ལྔས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པ་ནི། སེམས་སྟོང་པར་ཐག་བཅད། སྟོང་པ་ཆོས་སྐུར་ཐག་བཅད། ཆོས་སྐུ་ལ་རྒྱུན་ཆད་མེད་པར་ཐག་བཅད། རེ་དོགས་མེད་པར་ཐག་བཅད། འཁོར་འདས་མེད་པར་ཐག་བཅད། སུ་ཁ་སིདྡྷིའི་སྙན་བརྒྱུད་གཅིག་བརྒྱུད་ལས་མེད་དོ། །རྫོགས་སོ། །སངས་རྒྱས་གཉན་སྟོན་གྱི་ཞལ་ནས། སྙན་བརྒྱུད་ཀྱི་གདམས་པ་ཁ་རུ་མི་འདོན།


PS003_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་དགར་མི་བཏང་། ནོར་དུ་མི་ཚོང་། ཆེད་དུ་མི་བཞག །སྣད་དང་ལྡན་པ་ལ་མི་སྦ་བར་བྱིན་གསུངས་སོ། །སུ་ཁ་མ་སིདྡྷིའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད། ཟབ་མོ་གསེར་གྱི་ཆོས་གུས་པས་ཞུ་བར་བྱའོ། །རྫོགས་སོ།། །


previousསུ་ཁ་མ་སིདྡྷིའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད། no next