Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཞི་པ།


   
   
ཟབ་ལམ་ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ལམ་ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། next

ཟབ་ལམ་ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།


PS004_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །ན་མོ་གུ་རུ་གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ༴ གསོལ་བ་འདེབས་སོ་སོགས་ཚིག་རྐང་གཉིས་གོང་གིས་འགྲེའོ། །གནས་སེང་ལྡེང་འཁྲིགས་པའི་ནགས་ཁྲོད་དུ། །ཡེ་ཤེས་མཁའ་འགྲོ་ནི་གུ་ལ༴ །ནུབ་བདེ་བ་ཅན་


PS004_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞིང་ཁམས་སུ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ །ཤར་མངོན་པར་དགའ་བའི་ཞིང་ཁམས་སུ། །རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ༴ །ཤར་འོད་འཕྲོ་ཅན་གྱི་ཞིང་ཁམས་སུ། །དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ༴ །ཤར་མེ་ཏོག་བཀྲམ་པའི་ཞིང་ཁམས་སུ། །གཉན་སྟོན་སྦས་པའི་སངས་རྒྱས་ལ༴ །གནས་དག་པ་ཤར་ཕྱོགས་ཀྱི་ཞིང་ཁམས་སུ། །འགྲོ་མགོན་སངས་རྒྱས་སྟོན་པ་ལ༴ །ཆོས་རྗེ་སྟོན་པའི་ཞབས་དྲུང་དུ། །མཁས་གྲུབ་གཙང་མ་ཤངས་སྟོན་ལ༴ །ནུབ་པདྨོ་ཅན་གྱི་ཞིང་ཁམས་སུ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ལ༴ །སྟེང་དགའ་ལྡན་ལྷ་ཡི་གཞལ་ཡས་སུ། །བྱ་བྲལ་རི་ཁྲོད་རས་ཆེན་ལ༴ །


PS004_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཤམྦྷ་ལ་ཡི་ཕོ་བྲང་དུ། །ཤངས་དཀར་བ་རིན་ཆེན་རྒྱལ་མཚན་ལ༴ །ལྷ་མི་འཁྲུགས་མགོན་པོའི་ཞིང་ཁམས་སུ། །མཉམ་མེད་སངས་རྒྱས་དཔལ་བཟང་ལ༴ །རྗེ་བླ་མ་གོང་མའི་དག་ཞིང་དེར། །གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ༴ །ཞིང་མེ་ཏོག་པདྨའི་ཟེའུ་འབྲུ་ལ། །རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ༴ །གནས་ཕྱོགས་མེད་ཡངས་པའི་རྒྱལ་ཁམས་སུ། །གྲོལ་མཆོག་སེམས་ཀྱི་མདུད་གྲོལ་ལ༴ །གནས་བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ། །ཆོས་སྐུ་ལྷ་དབང་གྲགས་པ་ལ༴ །གནས་སྨན་པའི་རྒྱལ་པོའི་ཞིང་ཁམས་ན། །རྗེ་བཙུན་ཏཱ་ར་ནཱ་ཐ་ལ༴ །གནས་པདྨ་འོད་ཀྱི་ཕོ་བྲང་ན། །རྗེ་བཙུན་ཡེ་


PS004_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྒྱ་མཚོ་ལ༴ །གནས་དག་པ་སྤྲུལ་སྐུའི་ཞིང་ཁམས་ན། །བྱམས་པ་ཡོན་ཏན་མགོན་པོ་ལ༴ །གནས་འོད་གསལ་མཁའ་སྤྱོད་ཞིང་ཁམས་ན། །འཇའ་ལུས་མགོན་པོ་དཔལ་འབྱོར་ལ༴ །གནས་མངོན་པར་དགའ་བའི་ཞིང་ཁམས་ན། །གྲུབ་མཆོག་མགོན་པོ་གྲགས་པ་ལ༴ །གནས་བདུད་རྩི་རྒྱུན་གྱི་ཡང་རྫོང་ན། ཁྱབ་བདག་མགོན་པོ་རྣམ་རྒྱལ་ལ༴ །གནས་འོ་ཡུག་ཕྱི་གོང་རྫ་ར་ན། །རིག་འཛིན་ཚེ་དབང་ནོར་བུ་ལ༴ །གནས་གཅིག་ཆར་མཁའ་འགྲོའི་ཚོགས་ཁང་ན། །བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ༴ །གནས་རྨོག་ལྕོགས་གྲུབ་པའི་དགའ་ཆོས་ན། །ཀུན་དགའ་དགེ་ལེགས་དཔལ་


PS004_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ལ༴ །གནས་ཁྱད་འཕགས་གོང་མའི་གདན་ས་རུ། །ཀུན་དགའ་ལྷུན་གྲུབ་རྒྱ་མཚོ་ལ༴ །གནས་འཁྲུལ་ཞིག་མངོན་དགའི་ཞིང་ཁམས་ན། །གྲུབ་ཆེན་བཀའ་བརྒྱུད་བསྟན་འཛིན་ལ༴ །གནས་རང་ཤར་ལོངས་སྐུའི་ཕོ་བྲང་ན། །མཆོག་གཟིགས་ཀརྨ་ལྷག་མཐོང་ལ༴ །གནས་འཁོར་འདས་མཉམ་ཉིད་དགོན་པ་ན། །ཀརྨ་གཞན་ཕན་འོད་ཟེར་ལ༴ །གནས་རིས་མེད་མཁས་གྲུབ་ཚོགས་དབུས་ན། །རྒྱལ་སྲས་བློ་གྲོས་མཐའ་ཡས་ལ༴ །གནས་བྱམས་དང་སྙིང་རྗེའི་ཕོ་བྲང་ན། །ཀརྨ་བཀྲ་ཤིས་འོད་ཟེར་ལ༴ །གནས་བདེ་སྟོང་འཛིན་མེད་ཀྱི་ཕོ་བྲང་ན། །གྲུབ་དབང་ནོར་བུ་


PS004_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་ལ༴ །གནས་ཀུན་ཁྱབ་བདེ་ཆེན་འཁོར་ལོ་ན། །དྲིན་ཅན་རྩ་བའི་བླ་མ་ལ༴ །བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ནས་འདི་བར་གུ་ས་གསར་འཛུད་བགྱིས་པའོ། །སེམས་དག་པའི་འདུན་ས་ངེས་མེད་དུ། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ལ༴ །གནས་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ལ༴ །གནས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །མྱུར་མཛད་ཡེ་ཤེས་མགོན་པོ་ལ༴ །ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །ཆོས་བདག་དཔའ་བོ་མཁའ་འགྲོ་ལ༴ །ཐབས་ལམ་བདེ་དྲོད་རང་འབར་དུ་བྱིན་གྱིས་རློབས། །སྒྱུ་ལུས་ཆགས་སྡང་རང་གྲོལ་དུ༴ །རྨི་ལམ་ཉིང་འཁྲུལ་རང་གསལ་དུ༴ །འོད་གསལ་གཏི་མུག་རངས་སང་དུ༴ །


PS004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་མ་སྒོམ་སངས་རྒྱས་སུ༴ །བར་དོ་རྒྱལ་བ་ལོངས་སྐུ་རུ༴ །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །ཐབས་ལམ་ཕྱིན་གྱི་གསོལ་འདེབས་ཚིག་རྐང་བདུན་པོ་སྔོན་གསུང་རྒྱུན་ཏུ་མི་འབྱུང་ཡང་། ཐང་སྟོང་ལུགས་ཀྱི་གནས་སྦྱར་མ་ལས་གུ་ས་བསབ་པའོ།། །།


previousཟབ་ལམ་ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། next