Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཞི་པ།


   
   
   
   
   
   
   
   
   
   
   
གསོལ་འདེབས། ཏཱ་ར་ན་ཐ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་འདེབས། ཏཱ་ར་ན་ཐ། next

གསོལ་འདེབས། ཏཱ་ར་ན་ཐ།


PS004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཟབ་གསལ་འགྱུར་བ་མེད་པའི་སྐུ། །ཡན་ལག་དྲུག་ཅུ་འགགས་མེད་ཆོས་ཀྱི་གསུང་། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་པའི་ཐུགས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཀྱིལ་འཁོར་ལས། །འགྲོ་ཀུན་དགའ་བའི་འོད་བརྒྱ་འགྱེད་མཁས་པ། །སྙིང་པོའི་དོན་སྟོན་རྗེ་བཙུན་བླ་མ་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །བཀྲ་ཤིས་དགེ་ལེགས་ཕུན་ཚོགས་ཀུན་གྱི་གཞི། །


PS004_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་མི་ནུབ་རྒྱལ་མཚན་འཛིན་པའི་བདག །བྱང་ཆུབ་སེམས་ཀྱིས་བདག་གཞན་མཉམ་ཉིད་དགོངས། །ཡིད་བཞིན་ནོར་འདྲའི་བླ་མར་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །གང་སྣང་ཀུན་ཁྱབ་བདེ་བ་ཆེན་པོར་གཟིགས། །ལྷུན་གྲུབ་ཕྲིན་ལས་བཟང་པོ་འགྲོ་བའི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁྱེན་པ་ཤེས་བྱའི་གནས་ཀུན་གསལ་བར་གཟིགས། །བརྩེ་བས་ཕན་བདེའི་དགའ་སྟོན་རྒྱ་ཆེར་འགྱེད། །ནུས་པའི་སྙིང་པོའི་བསྟན་པ་གསལ་མཛད་པ། །སྒྲོལ་བའི་མགོན་པོའི་ཞབས་ལ་གསོལ་བ་འདེབས། །མཚན་ཙམ་དྲན་པས་བར་ཆད་ཐམས་ཅད་སོལ། །གསོལ་བ་


PS004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ན་དགོས་འདོད་ཐམས་ཅད་འབྱུང་། །གུས་པས་བསྟན་ན་དངོས་གྲུབ་ཐམས་ཅད་སྩོལ། །བསམ་འཕེལ་ནོར་བུའི་ཞབས་ལ་གསོལ་བ་འདེབས། །རང་བཞིན་འོད་གསལ་མ་བཅོས་གཉུག་མའི་མདྭངས། །གང་ཤར་རིས་མེད་དག་པའི་འཁོར་ལོ་ཅན། །བླ་མ་མཆོག་གི་ཞལ་ལུང་མངོན་བརྙེས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །མགོན་པོ་ཁྱོད་ཀྱིས་རྟག་ཏུ་རྗེས་འཛིན་ཅིང་། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་པར། ཁྱོད་ཀྱི་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཏཱ་ར་ན་ཐས་རང་ཉིད་ཀྱི་བསྟོད་པ་སྣ་ཚོགས་པ་དག་མི་འཐོར་བར་བྱ་བའི་ཕྱིར་དང་། སློབ་མ་རྣམས་ཀྱིས་


PS004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ཁྱབ་ཀྱི་ཁ་རྟོན་དུ་དམིགས་ནས་ལེགས་པར་བསྒྲིགས་པའོ།། །།གདོད་ནས་རྣམ་དག་ཀུན་ཁྱབ་རིག་པའི་གཤིས། །མཚན་འཛིན་འཁྲུལ་པའི་སྦུབས་ལས་ཡོངས་གྲོལ་བ། །འགྱུར་མེད་བདེན་དོན་གནས་ལུགས་མངོན་སུམ་དུ། །ཡོངས་གཟིགས་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཞེས་གཏེར་ཆེན་ཉིད་ཀྱི་ཞལ་གསུང་མའོ།། །།དུས་གསུམ་རྒྱལ་ཀུན་འདུས་གཟུགས་པདྨ་འབྱུང་། །ཡེ་ཤེས་རྣམ་པར་རོལ་པ་ཉིན་བྱེད་དབང་། །རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བྱིན་རླབས་མཆོག་དངོས་སྩོལ། །འདི་ནི་སྐྱབས་མགོན་དེ་ཉིད་ཀྱི་ཞལ་གསུང་བྱིན་རླབས་ཅན་ནོ། །འཇམ་དཔལ་བྱིན་རླབས་བི་མའི་རྣམ་པར་འཕྲུལ། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། །བཀའ་བབས་


PS004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལྡན་པདྨ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །གུ་ས་གསོལ་བ་བཏབ་པའོ།། །།བཀའ་གཏེར་ལུང་ཟིན་བཻ་རོའི་རྣམ་པར་འཕྲུལ། །མཛོད་ཆེན་རྣམ་ལྔའི་ཤིང་རྟའི་ལམ་སྲོལ་འགྱེད། །རིས་མེད་བསྟན་འཛིན་ཡོན་ཏན་རྒྱ་མཚོའི་གཏེར། །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས། །འདི་ནི་རྗེ་ཡི་ཞལ་གསུང་མའོ།། །།བློ་གྲོས་རྨོང་པ་དག་གིས་འདོན་འགྲིག་ཕྲན་བུ་ཡོད་ན་ཡང་ལྷག་ཆད་མང་པོ་ཤོར་འདུག་པ་ལས་རྒྱུན་འདོན་བདེ་ཆེད་ཕྱག་དྲུག་སྒྲུབ་ཐབས་དང་ཁ་སྐོང་གི་ལྷ་བསྐྱེད་རྒྱས་བསྡུས་གཉིས་གོ་རྗེས་ཁ་སྐོང་གི་སྐོང་བ་སྒྲུབ་ཐབས་ནང་གཙུད་རྒྱུ་བྱུང་བ་བཟོད་པར་གསོལ་ཞིང་། ཕྱིན་ཆད་ཇོ་ནང་རྗེ་བཙུན་སྐུ་གོང་འོག་གསུང་སོ་སོར་སྒྲིག་ན་དེ་ལྟར་ཐུགས་ལ་མངའ་བར་ཞུ།། །།


previousགསོལ་འདེབས། ཏཱ་ར་ན་ཐ། next