Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ལ་བརྟེན་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཕྱྭ་གཡང་རྨུ་ཞགས་སྐོར་གསུམ། ཀརྨ་རང་བྱུང་ཀུན་ཁྱབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ལ་བརྟེན་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཕྱྭ་གཡང་རྨུ་ཞགས་སྐོར་གསུམ། ཀརྨ་རང་བྱུང་ཀུན་ཁྱབ། next

བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ལ་བརྟེན་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཕྱྭ་གཡང་རྨུ་ཞགས་སྐོར་གསུམ། ཀརྨ་རང་བྱུང་ཀུན་ཁྱབ།


PS004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ལ་བརྟེན་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཕྱྭ་གཡང་རྨུ་ཞགས་སྐོར་གསུམ་ཞེས་བྱ་བ་བཞུགས་སོ། །


PS004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་འབྱུང་གནས་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་རྒྱ་མཚོའི་འབྱུང་གནས་ཡི་དམ་ལྷ། །ཕྲིན་ལས་ཀུན་སྒྲུབ་ཡེ་ཤེས་མགོན་པོ་ཡིས། །བསོད་ནམས་ཡེ་ཤེས་རྒྱས་པའི་དགེ་ལེགས་སྩོལ། །དེའང་བླ་མ་ཡེ་ཤེས་མགོན་པོ་ལ་བརྟེན་ནས་ཚོགས་གཉིས་ཀྱི་དཔལ་ལ་སྤྱོད་པར་འདོད་པས། མདུན་བསྐྱེད་དང་འབྲེལ་ན་ལེགས་ཤིང་མིན་ཀྱང་བདག་


PS004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གདོད་ནས་ཡོངས་གྲུབ་ལྷ་ཡི་དཀྱིལ་འཁོར་གསལ་བའི་ངང་ནས། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས་འཁོར་འདས་བརྟན་གཡོ་སྣོད་བཅུད་ཀུན་ལ་ཕོག །དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཚེ་བསོད་དཔལ་འབྱོར་སྤངས་རྟོགས་ཀྱི་ཡོན་ཏན། སྟོབས་རྩལ་གཟི་བརྗིད། བརྟན་


PS004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཡོ་བའི་དྭངས་བཅུད་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པ་དང་། འཇའ་ཟེར་ཐིག་ལེ་འོད་དང་འོད་ཟེར་ཨཱ་ནིྲ་ཧཱུྃ་གསུམ་དང་བཀྲ་ཤིས་རྫས་རྟགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་བདག་མདུན་རྟེན་རྫས་རྣམས་ལ་སིབ་སིབ་ཐིམ་པས། ཉམས་པ་མེད་པའི་ཚེ་དང་། བགྲེས་རྒུད་མེད་པའི་ལང་ཚོ། གསལ་སྒྲིབ་མེད་པའི་ཉམས་རྟོགས། འཛད་པ་མེད་པའི་ལོངས་སྤྱོད་དང་ལྡན་ཞིང་། ཟིལ་ཆེན་ཟིལ་དུ་འབར། བཀྲ་ཆེན་བཀྲག་ཏུ་འཚེར། མདངས་ཆེན་མདངས་སུ་ངམ་སྟེ། གནས་ཁང་བང་མཛོད་ར་བ་ཡུལ་ཞིང་དང་བཅས་པ། རིན་པོ་ཆེ་དང་འབྲུ་རིགས་དར་ཟབ། ཟས་ནོར་ལོངས་སྤྱོད་ལ་སོགས་པ་མཛད་པ་མེད་


PS004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདོད་རྒུའི་དཔལ་གྱིས་ཕྱུར་བུར་གཏམས་ཤིང་ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་དང་དབྱར་གྱི་ཆུ་བོ་ལྟར་རྒྱས་ཤིང་། བསོད་ནམས་དང་ཡེ་ཤེས་རྒྱ་མཚོའི་གང་བུར་གྱུར་ཏེ། སྐྱེ་འགྲོ་མ་ལུས་བདེ་སྐྱིད་ཆོས་གསུམ་ལ་བཀོད་པའི་ནུས་མཐུ་ལ་མངའ་དབང་འབྱོར་བར་གྱུར་ཅིག །ཅེས་མོས་ལ་མདའ་དར་དབྱངས་རོལ་དང་བཅས་པས། ཧཱུྃ། དབུས་ཕྱོགས་དེ་བཞིན་རིགས་ཀྱི་ཞིང་ཁམས་དང་། །གནས་ཡུལ་འཇིགས་རུང་དུར་ཁྲོད་ཆེན་པོ་ནས། །བར་ཆད་ཀུན་སེལ་ཡེ་ཤེས་མགོན་པོ་དང་། །རིགས་ཀྱི་ཅོད་པན་བླ་མ་མི་བསྐྱོད་པ། །མཆོག་མཐུན་དངོས་གྲུབ་རྩོལ་མཛད་ཌཱ་ཀི་འབུམ། །དཔའ་བོ་དཔའ་


PS004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དམ་ཅན་རྒྱ་མཚོ་བཅས། །ཐུགས་བསྐྱེད་ཐུགས་དམ་གཉེན་པོ་དབྱིངས་ནས་བསྐུལ། །རྣལ་འབྱོར་བདག་གི་ཕྲིན་ལས་དུས་ལ་བབས། །སྐུ་གསུང་ཐུགས་ཀྱི་གཟི་བྱིན་ནུས་པ་བསྐྱེད། །འོད་དང་འོད་ཟེར་སྤྲུལ་དང་ཡང་སྤྲུལ་གྱིས། །འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་བསྡུས། །རྩ་གསུམ་མཆོག་གསུམ་བྱིན་རླབས་དངོས་གྲུབ་རྣམས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམ་པ་རུ། །བདག་མདུན་རྟེན་རྫས་རྣམས་ལ་སིབ་སིབ་ཐིམ། །སྣང་གྲགས་ལྷ་སྔགས་བདེ་སྟོང་ཆེན་པོའི་ངང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྒྱས་གྱུར་ཏེ། །དོན་གཉིས་མཐར་ཕྱིན་རྡོ་རྗེའི་སྐུ་རུ་གྱུར། །སླར་ཡང་འོད་འཕྲོས་བརྟན་གཡོའི་དྭངས་


PS004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀུན། །འཇའ་ཟེར་ཐིག་ལེ་འབྲུ་གསུམ་རྣམ་པར་བསྡུས། །རྣལ་འབྱོར་དཔོན་སློབ་ལུས་ངག་ཡིད་ལ་ཐིམ། །འཆི་མེད་ཚེ་དང་འགྲིབ་མེད་ལང་ཚོ་ལྡན། །ནད་གདོན་འཇིགས་བརྒྱད་མི་མཐུན་རྒུད་པ་ཞི། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས། །རླུང་སེམས་སྣང་སྲིད་མ་ལུས་དབང་དུ་སྡུས། །བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ་བར་མཛོད། །ཆོས་རྣམས་བདེན་མེད་སྒྱུ་མ་ལྟ་བུའི་ངང་། །སྟོང་ཉིད་རྟེན་འབྲེལ་འཆར་བའི་རོལ་གར་ལས། །སྣ་ཚོགས་དར་གྱི་གཡབ་མོས་རྒྱུད་བསྐུལ་ཞིང་། །གྲགས་སྟོང་སྙན་འཇེབས་དབྱངས་ཀྱིས་སྤྱན་དྲངས་ཏེ། །འདིར་སྣང་ལེགས་རྒུའི་དཔལ་གྱིས་རབ་བརྒྱན་


PS004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཤར་ཕྱོགས་རྒྱ་ཡི་ཇ་དར་འདིར་ཁུག་ཅིག །ལྷོ་ཕྱོགས་རྒྱ་གར་ཆོས་གཡང་འདིར་ཁུག་ཅིག །ནུབ་ཕྱོགས་གུ་གེའི་གསེར་གཡུ་འདིར༴ །བྱང་ཕྱོགས་ཧོར་གྱི་རྩལ་གཡང་༴ །སྟེང་ཕྱོགས་ལྷ་ཡི་བདེ་སྐྱིད༴ །འོག་ཕྱོགས་ཀླུ་ཡི་དཔལ་འབྱོར༴ །ཅང་ཤེས་རྟ་ཡི་རྟ་གཡང་༴ །ཟ་ལེ་འབྲི་ཡི་འབྲི་གཡང་༴ །གཡང་སྐར་ལུག་གི་ལུག་གཡང་འདིར༴ །ཚེ་ཚེ་ར་ཡི་ར་གཡང་༴ །འབྲས་དྲུག་འབྲུ་ཡི་འབྲུ་གཡང་༴ །བཅུད་ཆེན་ཟས་ཀྱི་ཟས་གཡང་༴ །ལྗིད་ཅན་གོས་ཀྱི་གོས་གཡང་༴ །གཡང་ཅན་ནོར་གྱི་ནོར་གཡང་༴ །བཙན་པོའི་བཙན་གཡང་ཕྱུག་པོའི་ཕྱུག་གཡང་དང་། །དར་པོའི་དར་གཡང་ཐམས་ཅད་འདིར༴ །མཁས་པའི་


PS004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་གྲུབ་པའི་ཉམས་རྟོགས་སོགས། །ལེགས་རྒུའི་དཔལ་འབྱོར་ཐམས་ཅད་འདིར༴ །ལོངས་སྤྱོད་ཆུ་ཆེན་བཞིན་དུ་འབྲུབས་ཤིང་བྱོན། །ཟས་ནོར་ལྷོ་སྤྲིན་བཞིན་དུ་འཐིབས་ཤིང་བྱོན། །བསོད་ནམས་རི་བོ་བཞིན་དུ་བརྟན་ཅིང་བྱོན། །སྙན་གྲགས་གཡུ་འབྲུག་བཞིན་དུ་སྒྲོག་ཅིང་བྱོན། །བདེ་སྐྱིད་ཉི་ཟླ་བཞིན་དུ་ཤར་ཞིང་། །དམ་ཆོས་དབྱར་མཚོ་ལྟ་བུ་རྒྱས་ཤིང་བྱོན། །འདོད་རྒུ་སྦྲང་ཆར་བཞིན་དུ་འབབས་ཤིང་བྱོན། །རྒྱུད་འཛིན་སྐར་ཚོགས་ལྟ་བུར་བཀྲ་ཞིང་བྱོན། །བསྟན་པ་ནམ་མཁའ་ལྟ་བུ་ཁྱབ་ཅིང་བྱོན། །དམ་ཆོས་ས་གཞི་ལྟ་བུ་བརྟན་ཅིང་བྱོན། །དོན་གཉིས་རྩི་ཐོག་ལྟ་བུ་སྨིན་ཅིང་བྱོན། །གནས་ཁང་བང་མཛོད་


PS004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ར་བ་ཡུལ་ཞིང་རྣམས། །འདོད་རྒུའི་དཔལ་གྱིས་ཕྱུར་བུར་གཏམས་གྱུར་ཏེ། །ཟིལ་ཆེན་ཟིལ་འབར་བཀྲག་ཆེན་བཀྲག་ཏུ་འཚེར། །བཀྲག་མདངས་སྣུམ་བག་གཟི་བརྗིད་རབ་འབར་ཞིང་། །ཡིད་བཞིན་ནོར་དང་དཔག་བསམས་ཤིང་བཞིན་དུ། །ཟད་མེད་འདོད་རྒུའི་དཔལ་ལ་སྤྱོད་གྱུར་ཏེ། །རབ་འབྱམས་རྒྱལ་དང་རྒྱལ་སྲས་མཉེས་པ་ཡི། །འདོད་ཡོན་བཀོད་པའི་མཆོད་སྤྲིན་རྒྱ་མཚོ་འབུལ། །མ་ལུས་འགྲོ་ཀུན་བསྡུ་བ་རྣམ་བཞི་དང་། །སྦྱིན་པ་རྣམ་བཞི་བདུད་རྩིའི་ཆུ་རྒྱུན་གྱིས། །མི་ཟད་ནམ་མཁའ་མཛོད་ལ་ལོངས་སྤྱོད་དེ། །འགྲོ་ཀུན་ཐར་པའི་ས་ལ་དབུགས་དབྱུང་ཞིང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཏེ། །


PS004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་རབ་རྫོགས་ལོངས་སྐུའི་ཞིང་ཁམས་སུ། །བྲལ་སྨིན་ཡོན་ཏན་བྱེ་བའི་བདག་ཉིད་ཅན། ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་དབང་གི། །གོ་འཕང་དཀྱིལ་འཁོར་གཅིག་ཏུ་འཚང་རྒྱ་ཤོག །ཧཱུྃ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་དང་། །ཤར་ལྷོ་ཙནྡན་ལྗོན་པའི་དུར་ཁྲོད་ནས། །མགོན་དཀར་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །རིགས་ཀྱི་ཅོད་པ་བླ་མ་རྡོ་རྗེ་སེམས། །ནད་གདོན་བར་ཆད་ཞི་མཛད་ཌཱ་ཀི་འབུམ། །དཔའ་བོ་དཔའ་མོ་གནོད་སྦྱིན་ནོར་ལྷ་བཅས། །ཐུགས་བསྐྱེད་ཐུགས་དམ་གཉེན་པོ་དབྱིངས་ནས་བསྐུལ། །རྣལ་འབྱོར་བདག་གི་ཕྲིན་ལས་དུས་ལ་བབས། །ཧཱུྃ། ལྷོ་ཕྱོགས་


PS004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་ལྡན་པའི་ཞིང་ཁམས་དང་། །ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས། །ཡོན་ཏན་མགོན་པོ་བློ་འཕེལ་གསེར་གྱི་མདོག །རིགས་ཀྱི་ཅོད་པ་བླ་མ་ཡིད་བཞིན་ནོར། །ཚེ་བསོད་ཉམས་རྟོགས་རྒྱས་བྱེད་ཌཱ་ཀི་འབུམ། །དཔའ་བོ་དཔའ་མོ་ཌཱ་ཀི་སྲུང་མའི་ཚོགས། །ཐུགས་བསྐྱེད་ཐུགས་དམ་སོགས་གོང་ལྟར་འགྲེ། ཧཱུྃ། །ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་དང་། །ནུབ་བྱང་མེ་རི་འབར་བའི་དུར་ཁྲོད་ནས། །གསུང་མགོན་དམར་པོ་དབང་གི་རྒྱལ་པོའི་སྐུ། །རིགས་ཀྱི་ཅོད་པ་བླ་མ་དབང་གི་རྒྱལ། ཁམས་གསུམ་སྣང་སྲིད་དབང་བསྡུས་ཌཱ་ཀི་འབུམ། །དཔའ་བོ་དཔའ་མོ་མཁའ་འགྲོ་དམ་ཅན་ཚོགས། །


PS004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་ཐུགས་དམ་སོགས་གོང་ལྟར་འགྲེ། ཧཱུྃ། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་དང་། །བྱང་ཤར་མེ་རླུང་འཚུབས་པའི་དུར་ཁྲོད་ནས། །ཕྲིན་ལས་མགོན་པོ་ལྗང་ནག་ཚེ་ཡི་བདག །རིགས་ཀྱི་ཅོད་པ་བླ་མ་གཤིན་རྗེ་གཤེད། །བར་ཆད་དགྲ་བགེགས་འདུལ་མཛད་ཌཱ་ཀི་འབུམ། །དཔའ་བོ་དཔའ་མོ་དམ་ཅན་རྒྱ་མཚོ་བཅས། །ཐུགས་བསྐྱེད་ཐུགས་དམ་སོགས་ནས། གོ་འཕང་དཀྱིལ་འཁོར་གཅིག་ཏུ་འཚང་རྒྱ་ཤོག །བར་བརྗོད། ཅེས་པའང་བྱིན་རླབས་དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མ་ཡེ་ཤེས་མགོན་པོ་ཡིན་པ་མ་ཟད། དམིགས་པ་གསལ་ངར་དང་ལྡན་པའི་དབྱངས་ཀྱིས་བསྐུལ་ན་འདོད་རྒུ་མ་ལུས་འབྱུང་བར་ངེས་ཤིང་། ལོངས་སྤྱོད་ཐམས་ཅད་ཆོས་ཀྱི་ཕྱོགས་སུ་བཏང་ནས་འདི་ཕྱིའི་


PS004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམས་མ་ལུས་འབྱུང་བར་འགྱུར་རོ། །བསོད་ནམས་ཡེ་ཤེས་རྒྱ་མཚོའི་གཏེར་གྱུར་ཅིང་། །ས་ལམ་མ་ལུས་བསྒྲོད་པའི་ཤིང་རྟ་ཆེ། །ཟབ་གསང་འདོད་རྒུ་འཕེལ་བའི་བུམ་པ་བཟང་། །སྐལ་ལྡན་ལས་ཅན་དཔྱིད་ཀྱི་དཔལ་གྱུར་ཅིག །ཞེས་བླ་མ་མགོན་པོའི་གསང་བ་གསུམ་ལ་མི་ཕྱེད་པའི་འདུན་པ་ཅན། ཀརྨ་རང་འབྱུང་ཀུན་ཁྱབ་ཀྱིས་ཕན་པའི་སེམས་ཀྱིས་བྲིས་པའོ།། །།


previousབླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ལ་བརྟེན་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཕྱྭ་གཡང་རྨུ་ཞགས་སྐོར་གསུམ། ཀརྨ་རང་བྱུང་ཀུན་ཁྱབ། next