Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྨོང་པ་མུན་སེལ་བླ་མ་པདྨ་ཕྲིན་ལས་ལས་ལ་སྩལ་བ། རཱ་ག་ཨ་སྱ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྨོང་པ་མུན་སེལ་བླ་མ་པདྨ་ཕྲིན་ལས་ལས་ལ་སྩལ་བ། རཱ་ག་ཨ་སྱ། next

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྨོང་པ་མུན་སེལ་བླ་མ་པདྨ་ཕྲིན་ལས་ལས་ལ་སྩལ་བ། རཱ་ག་ཨ་སྱ།


PS004_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྨོང་པ་མུན་སེལ་བླ་མ་པདྨ་ཕྲིན་ལས་ལས་ལ་སྩལ་བ་བཞུགས་སོ།། །།


PS004_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་འདུས་བླ་མ་འཇམ་དབྱངས་ལ། །དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆིའོ། །འགྲོ་བའི་དོན་དུ་བཅོམ་ལྡན་འཇམ་དཔལ་བསྒྲུབ། །སྟོང་པའི་ངང་ལས་པདྨ་ཟླ་བ་དང་། །སེང་གེ་སྔོན་པའི་སྟེང་དུ་དྷཱིཿཡིག་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ། །


PS004_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་འཇམ་དཔལ་དམར་པོ་ཞལ་གཅིག་པ། །རལ་གྲི་པུ་སྟི་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་དམར། །དེ་སྟེང་རལ་གྲི་སོར་བཞི་སྔགས་ཀྱིས་བསྐོར། །མདུན་དུ་ཧྲཱིཿལས་དབྱངས་ཅན་ལྷ་མོ་སྔོ། །བཞེངས་སྟབས་རལ་གྲི་པུ་སྟི་ཕྱག་ན་འཛིན། །གཉིས་ཀ་དར་དང་


PS004_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་དུ་མས་བརྒྱན། །ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་སྟེང་། །རལ་གྲི་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར་བའོ། །རང་འདྲའི་ཡེ་ཤེས་སྤྱན་དྲངས་རང་ལ་ཐིམ། །ཐུགས་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །པཎྜི་ཏ་ཡི་ཤེས་རབ་ཐམས་ཅད་དང་། །ཉན་རང་སོ་སྐྱེའི་ཤེས་རབ་ཐམས་ཅད་ནི། །འོད་ཀྱི་རྣམ་པར་བསྡུས་ནས་སྤྱི་བོར་ཐིམ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཡི། །ཆོས་རྣམས་བསྡུས་ནས་རང་གི་མགྲིན་པར་ཐིམ། །ཉི་ཟླ་ནོར་བུ་འབྱུང་བ་བཞི་ཡི་བཅུད། །བསྡུས་ནས་རང་གི་སྙིང་གར་ཐིམ་པར་གྱུར། །ཨོཾ་ཧྲཱིཿདྷཱིཿམ་མེ་དི་པཾ་སྭ་ར་སྭ་ཏི་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ནི།


PS004_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གང་བར་སྤྲུལ་ཏེ་ལྷ་ལ་མཆོད། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཀུན། །བློ་ཡི་བླངས་ཏེ་འཇམ་དཔལ་ཡབ་ཡུམ་མཆོད། །བདག་ལ་བཀའ་དང་བསྟན་བཅོས་ཐམས་ཅད་ནི། །ཐོགས་མེད་མཁྱེན་པའི་ཤེས་རབ་མྱུར་དུ་སྩོལ། །སེང་གེ་པདྨའི་གདན་སྟེང་དུ། །རྒྱལ་བའི་སྲས་པོ་འཇམ་པའི་དབྱངས། །མདོག་དམར་རལ་གྲི་པུ་སྟི་འཛིན། །སྨྲ་བའི་སེང་གེ་ལ་ཕྱག་འཚལ། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་སྐྱེས་པའི་ཡུམ། །མདོག་སྔོན་རལ་གྲི་པུ་སྟི་འཛིན། །དབྱངས་ཅན་མ་ལ་ཕྱག་འཚལ་


PS004_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དེ་ཡན་རྒྱུན་དུ་འདོན་རྒྱུ་དང་། །སྔགས་དེ་བརྒྱ་ཕྲག་རེ་ཟུང་ཙམ། །རྒྱུན་དུ་ཐུགས་དམ་བྱེད་པར་གཅེས། །དེ་ཡི་ཕན་ཡོན་རྒྱུད་གཞུང་ལས། །སྔགས་ཀྱི་ཕྲེང་བ་ཉི་ཤུ་གཅིག །བརྒྱ་ཡིས་མི་བརྗེད་གཟུང་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། ཁྲི་ཡིས་ཉིན་རེ་ཤྭ་ལོ་ཀ ། ལྔ་སྟོང་རེ་རེ་འཛིན་པར་ནུས། །ཡི་གེ་ཐམས་ཅད་ཐོག་མེད་ཤེས། །བཀའ་འགྲེལ་བསྟན་བཅོས་རྩོམ་པར་ནུས། །མངོན་པར་ཤེས་པ་འཆར་བ་དང་། །ཕྱིས་ནས་ས་ཡི་དབང་ཕྱུག་ཐོབ། །གལ་ཏེ་ལས་འཕྲོ་ཡོད་པས་ནི། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །འབྲིང་གིས་གཉིས་ཀྱིས་རྟོགས་པར་འགྱུར། །ཉི་མ་གསུམ་གྱིས་བསྒྲུབ་པས་ནི། །ལས་འཕྲོ་མེད་ཀྱང་འགྲུབ་པར་འགྱུར། །ཉི་ཟླ་ཤར་དང་མེ་ཏོག་འཐུ། །ཞིང་རྨོ་སྣག་ཚ་འཐུང་བ་དང་། །ཉམས་དགའ་ཡི་གེ་འབྲི་ཀློགས་དང་། །མཚོན་ཆ་པུསྟི་རྙེད་རྨིས་ན། །ཤེས་རབ་འཕེལ་བར་ཐེ་ཚོམ་མེད། །དེ་སྐད་རྒྱ་གར་པཎྜི་ཏ། །ཀརྨ་ཤྲཱི་ལས་གསུངས་པ་ཡིན། །


PS004_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་ཡུལ་གྱི་མི་རྒན་ནི། །ལོ་ནི་དགུ་ཅུ་གོ་དགུ་པ། །ཡི་གེ་སང་ནི་མི་ཤེས་པས། །ཞག་གཅིག་སྒྲུབ་པས་འཇམ་དབྱངས་མཇལ། །ལུས་ཀྱང་གཞོན་ནུ་ལོ་བརྒྱད་ཙམ། །རིག་པའི་གནས་ལྔ་ཐོག་མེད་ཤེས། །པཎྜི་ཏ་ནི་མཁས་པར་འགྱུར། །དེ་ལ་ཕ་གཅིག་དམ་པས་ཞུས། །རིམ་གྱི་བརྒྱུད་དེ་ཀརྨ་པ། །དབང་ཕྱུག་རྡོ་རྗེའི་མཛད་པ་ཡིས། །གཅིག་ཤེས་ཀུན་གྲོལ་ནང་ན་བཞུགས། །འཇམ་དབྱངས་སྒྲུབ་ཐབས་ཐམས་ཅད་ལས། །འདི་ལས་འགྲུབ་ཐག་ཉེ་བ་མེད། །འདི་ཡི་ལས་ཚོགས་ཤེས་རབ་ཀྱི། །རིལ་བུ་སྔར་དུས་བདག་གིས་སྒྲུབས། །སུས་ཟོས་ཕལ་ཆེར་མཁས་པར་གྱུར། །དེ་ཕྱིར་ད་ལམ་སྙིང་གི་བུ། །པདྨ་ཕྲིན་ལས་ཐུགས་དམ་ཡིན། །སྔགས་འདི་བརྙེན་པ་ཅི་སོགས་ཀྱིས། །ཡོན་ཏན་ཤུགས་ལ་མཁས་པར་འགྱུར། །བསྟན་འཛིན་འགྲོ་དོན་ནུས་པ་ཡི། །གེ་མོ་བླ་མ་ཞེས་བྱ་བ། །མཁས་པ་ཆེན་པོ་འབྱུང་བར་ཤོག། །། སརྦ་མངྒ་ལཾ།། །།


previousམཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྨོང་པ་མུན་སེལ་བླ་མ་པདྨ་ཕྲིན་ལས་ལས་ལ་སྩལ་བ། རཱ་ག་ཨ་སྱ། next