Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁས་གྲུབ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་ཀྱི་ཉམས་ལེན་ཡོན་ཏན་མཐའ་ཡས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁས་གྲུབ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་ཀྱི་ཉམས་ལེན་ཡོན་ཏན་མཐའ་ཡས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། next

མཁས་གྲུབ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་ཀྱི་ཉམས་ལེན་ཡོན་ཏན་མཐའ་ཡས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།


PS004_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་ཀྱི་ཉམས་ལེན་ཡོན་ཏན་མཐའ་ཡས་ཞེས་བྱ་བ་བཞུགས་སོ།། །།


PS004_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་དཔལ་ལ་བཏུང་ནས། །གྲུབ་ཆེན་ཁྱུང་པོས་སྦྱོར་ལམ་པ། །རྒྱལ་གནང་བའི་གདམས་ཟབ་འདི། །བྱ་སླ་བསོད་ནམས་ཚད་མེད་གསུངས། །དེ་ཉིད་ཉམས་སུ་བླང་བར་འདོད་པས་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས་ཏེ། སངས་རྒྱས་ཆོས་ཚོགས་སོགས་ཀྱིས་སྐྱབས་སེམས་ལན་གསུམ་བྱ། རང་སྐད་ཅིག་གིས་འཕགས་པ་འཇམ་དཔལ་དུ་གྱུར། ཞེས་འཇམ་དཔལ་ཡིད་ལ་གང་བདེ་བ་ཞིག་བསྐྱེད་ལ་ཡང་སྙིང་ཡིག་དྲུག་ཅུང་ཟད་བཟླ།


PS004_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་དཀར་པོར་བསྐྱེད་ན་ཨོཾ་བཱ་ཀྱཻ་དཾ་ན་མཿདང་དམར་པོར་བསྐྱེད་ན་ཨོཾ་ཝཱ་གཱི་ཤྭ་རི་མུཾ་བཟླ་ཆོག །དེ་ནས། བྱ་རྒོད་སྤུངས་རིའི་སྟེང་དུ་རིན་ཆེན་ཁྲི། །ལོགས་བཞི་གྱད་ཆེན་ཟུར་བཞི་སེང་གེས་བཏེགས། །དབུས་རྐང་གསེར་གྱི་རྡོ་རྗེ་རྩེ་ལྔས་མཚན། །བད་འཕྱངས་ཟར་ཚགས་རཏྣའི་ཕ་གུ་བརྩེགས། །དྲྭ་བ་དྲྭ་ཕྱེད་རྔ་ཡབ་མེ་ལོང་ཉི། །ཟླ་བ་ཟླ་


PS004_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གདུགས་དང་པ་ཏྲས་བརྒྱན། །དྲིལ་བུ་གཡེར་ཁ་རླུང་གི་བསྐྱོད་པ་ལས། །སྣ་ཚོགས་ཆོས་ཀྱི་སྒྲ་སྙན་ཡིད་འོང་སྒྲོག །དེ་སྟེང་པྃ་དང་ཨ་ལས་པད་ཟླའི་སྟེང་། །ཧཱུྃ་ཡིག་སེར་པོའི་འོད་ཀྱིས་དོན་གཉིས་བྱས། །ཚུར་འདུས་རང་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །གསེར་མདོག་འོད་འབར་ཞི་འཛུམ་མཚན་དཔེས་བརྒྱན། །ས་གནོན་མཉམ་བཞག་ཆོས་གོས་རྣམ་གསུམ་གསོལ། །མདུན་དུ་པྃ་ལས་པད་སྟེང་ཧྲཱིཿསེར་པོའི། །འོད་ཀྱིས་དོན་གཉིས་བྱས་ནས་ཡོངས་གྱུར་ལས། །ཡུམ་ཆེན་ཤེར་ཕྱིན་ཕྱོགས་བཅུའི་རྒྱལ་བས་བསྐོར། །དེ་རྒྱབ་འཇམ་དཔལ་གསེར་མདོག་ཕྱག་བཞི་ཡིས། །རལ་པོད་མདའ་གཞུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ལྷོ་རུ་པྃ་དང་རྃ་


PS004_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པད་ཉིའི་སྟེང་། །ཧཱུྃ་ལས་ཕྱག་རྡོར་སྔོན་པོ་ཁྲོ་བོས་བསྐོར། །ནུབ་ཏུ་པྃ་ལས་ཨ་ལས་པད་ཟླའི་སྟེང་། །ཨཱཾ་ཡིག་ཡོངས་གྱུར་འཕགས་པ་ཤཱ་རིའི་བུས། །གསེར་གྱི་མདོག་ཅན་ཉན་ཐོས་འཕགས་པས་བསྐོར། །བྱང་དུ་པྃ་དང་ཨ་ལས་པད་ཟླའི་སྟེང་། །ཧྲཱིཿལས་སྤྱན་རས་གཟིགས་དབང་བྱང་སེམས་ཚོགས། །བྱང་ཤར་ལྷ་དང་ཤར་ལྷོར་ལྷ་མ་ཡིན། །ལྷོ་ནུབ་མི་དང་ནུབ་བྱང་ངན་སོང་གསུམ། །གཞན་ཡང་འགྲོ་བ་དཔག་ཏུ་མེད་པ་རྣམས། །དད་ཅིང་གུས་པས་ཆོས་ཉན་ཚུལ་དུ་གནས། །རང་གི་ཡ་རྐན་པྃ་ལས་པདྨ་དང་། །རཾ་ལས་ཉི་མར་ཨྃ་ཡིག་དམར་པོའི་མཐར། །ཨཱ་ལི་ཀཱ་ལི་ཉིས་འགྱུར་ཕྲེང་བ་རྣམས། །


PS004_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱགས་པའི་ཟར་བུ་བཞིན་ཏུ་རམ་མེར་བསྐོར། །མ་རྐན་པྃ་དང་ཨ་ལས་པད་ཟླའི་སྟེང་། །ཨ་དཀར་མཐའ་རུ་དབྱངས་གསལ་ཉིས་འགྱུར་གྱིས། །ཕྲེང་བ་བྱ་དཀར་གདངས་ལ་བསྒྲིགས་བཞིན་འཁོད། །ལྕེ་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། །རྩེ་མོར་མུྃ་ཡིག་སེར་པོས་མཚན་པར་གྱུར། །བླ་མེད་ཆོས་ཀྱི་སྦྱིན་པ་རླབས་པོ་ཆེས། །ནམ་མཁའི་མཐའ་ཁྱབ་འགྲོ་རྣམས་དགྲོལ་བར་བྱ། །ཞེས་མོས་ལ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་ལན་གསུམ་བརྗོད། དེ་ནས་རྒྱ་སྐད་ནས་བརྩམ། ཨ་ཨཱ་ཨི་ཨཱི་སོགས་སྔགས་གོང་མར་སླེབ་པ་དང་དེ་ཉིད་ལན་གསུམ་འདོན། གཞུག་གི་སྔགས། ཨོཾ་སརྦ་དྷརྨཱ་སོགས་ཀྱང་ཡར་བླངས་ལན་གསུམ་བརྗོད། དེ་ནས། འདི་ལྟར་སངས་རྒྱས་སོགས་མཐར་ཆགས་སུ་བཀླགས། གཤམ་གྱི་སྔགས་ལ་སླེབ་


PS004_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལན་གསུམ་བརྗོད། ཡང་གོང་གི་སྔགས་དེ་ཡང་ཕྱིར་བླངས་ལ་ལན་གསུམ་བརྗོད་ཅིང་། དེ་ནས་དཔལ་ལྡན་སོགས་མཐར་དབྱུང་ལ། ཀུ་རུ་ཀུལླེའི་སྔགས་ལན་གསུམ། འཇམ་དཔལ་ཡང་སྙིང་ཡིག་དྲུག་ཁ་ཤས་བཟླ། ཨོཾ་སམྦྷ་ར་སམྦྷ་ར་བི་མ་ན་སཱ་ར་མ་ཧཱ་ཛ་བ་ཧཱུྃ། ཞེས་བདུན་ནམ་ཉེར་གཅིག་བརྗོད་པས་དགེ་སྦྱོར་དེ་བྱེ་བ་ཕྲག་གཅིག་ཏུ་འགྱུར་རོ། །མཐར་བསྔོ་སྨོན་རྣམ་དག་གང་ཤེས་ཀྱིས་རྒྱས་གདབ་པར་བྱའོ། །བཀླགས་པས་གྲོལ་བ་རྒྱུད་ཀུན་གྱི། །བདག་པོ་འདི་ལྟར་གཅིག་བཀླགས་པས། །རང་བཞིན་ཀློག་པ་བརྒྱ་རྩ་དང་། །མཉམ་ཞེས་མཁས་གྲུབ་ཆེ་དེས་གདམས། །སྐལ་ལྡན་ཀུན་གྱི་འདི་ལྟར་དུ། །བཀླགས་ཤིང་འཇམ་དཔལ་དཔའ་བོ་དང་། །ཡོན་ཏན་ཕྲིན་ལས་མཉམ་གྱུར་པའི། །གོ་འཕང་མྱུར་བ་ཉིད་ཐོབ་ཤོག །ཅེས་པའང་བསླབ་པ་གསུམ་ལ་གཞོལ་བ་ཀརྨ་ལྷ་དཔལ་ནས་གཞན་ཕན་ལྷག་པའི་བསམ་པས་རྒྱུད་ཀྱི་རྒྱལ་པོའི་སྤར་ཆུང་དཔལ་


PS004_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གདན་ས་ཆེན་པོར་ལག་བསྟར་དུ་བཞེངས་པའི་དགེ་བའི་མཐུན་རྐྱེན་ཏུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཁྱེར་བདེར་བྲིས་པ་དགེ་ལེགས་འཕེལ།། །།


previousམཁས་གྲུབ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་ཀྱི་ཉམས་ལེན་ཡོན་ཏན་མཐའ་ཡས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། next