Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨོན་ལམ། མཁྱེན་བརྩེའི་དབང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨོན་ལམ། མཁྱེན་བརྩེའི་དབང་པོ། next

སྨོན་ལམ། མཁྱེན་བརྩེའི་དབང་པོ།


PS004_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ། གཞི་རྒྱུད་ཟབ་གསལ་དབྱེར་མེད་འཇམ་པའི་དཔལ། །ལམ་རྒྱུད་ཐབས་ཤེས་ཟུང་འཇུག་འཇམ་པའི་དབྱངས། །འབྲས་རྒྱུད་སྐུ་དང་ཡེ་ཤེས་ལྷན་ཅིག་སྐྱེས། །བླ་མ་འཇམ་པའི་རྡོ་རྗེར་ཕྱག་འཚལ་ལོ། །གསང་བའི་བདག་པོས་རྫོགས་པའི་སངས་རྒྱས་ལ། །གསོལ་བཏབ་ཞལ་བཞེས་རིགས་དྲུག་སྒྱུ་འཕྲུལ་ཆེ། །རྡོ་རྗེ་དབྱིངས་དང་ཡེ་ཤེས་རྣམ་པ་ལྔའི། །ཚིགས་བཅད་བསྟོད་དང་གསང་བའི་སྔགས་དགོད་པ། །


PS004_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་གསུངས་རྗེས་སུ་ཡི་རང་དང་བཅས་པའི། །རྒྱུད་ཀུན་བདག་པོ་འཇམ་དཔལ་ཡེ་ཤེས་སེམས། །དོན་དམ་མཚན་ནི་ཡང་དག་བརྗོད་པའི་མཆོག །གསུང་གཅིག་ཉིད་ལས་མཐའ་ཡས་དམ་ཆོས་ཆར། །འདོད་རྒུར་འཆར་བའི་རྫོགས་ལྡན་སྤྲིན་ཆེན་པོ། །གང་འདིར་མི་ཕྱེད་དད་པས་ཀུན་བསླངས་ཏེ། །བསོད་ནམས་བྱས་པའི་དངོས་པོ་ཇི་སྙེད་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །དགེ་བ་དེ་ཡིས་བདག་གཞན་ཡིད་ཅན་ཀུན། །དལ་འབྱོར་མཆོག་ཐོབ་ཐུབ་པའི་བསྟན་ལ་ཞུགས། །བླ་མ་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་སྟེ། །ཚུལ་གནས་ཐོས་བསམ་སྒོམ་པའི་མཐར་སོན་ཤོག །བརྩེ་དང་བྱང་སེམས་གཉིས་སུ་མེད་བློ་


PS004_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །རྡོ་རྗེའི་རྣལ་འབྱོར་ཟབ་མོ་མངོན་གྱུར་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་མཐའ་ཡས་པ། །འཇམ་དཔལ་གཞོན་ནུའི་གོ་འཕང་མྱུར་ཐོབ་ཤོག །གཞན་ཡང་བསྟན་འཛིན་མཆོག་རྣམས་ཞབས་པད་བསྟན། །བཤད་སྒྲུབ་བསྟན་པ་རིན་ཆེན་ཕྱོགས་བཅུར་འཕེལ། །སྣོད་བཅུད་རྫོགས་ལྡན་དུས་ཀྱི་འབྱོར་པ་རྒྱས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བསླབ་གསུམ་དང་ལྡན་ཞིང་སྒྲུབ་ལ་མཆོག་ཏུ་གཞོལ་བའི་དགེ་སྦྱོང་ཀརྨ་ལྷ་དཔལ་གྱི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་དད་བརྩོན་གྱིས་སྤར་དུ་སྒྲུབ་པའི་སྐབས། རྒྱུད་ཀྱི་དགོངས་དོན་དང་བསྟུན་པའི་སྨོན་ལམ་ཁ་ཏོན་དུ་བྱས་ཆོག་པ་ཞིག་དགོས་ཞེས་བསྐུལ་བའི་ངོར། རྒྱུད་དོན་གྱི་ས་བཅད་མདོར་བསྡུས་པ་བཅས་གཞིར་བཀོད་དེ། རིག་འཛིན་གྱི་བཙུན་པ་འཇམ་དབྱངས་བླ་མ་


PS004_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་གསུམ་པ་ཙ་འདྲ་རིན་ཆེན་བྲག་གི་མགུལ། བཤད་སྒྲུབ་བྱེ་བའི་འབྱུང་གནས་འཇམ་མགོན་དགྱེས་པའི་གཞལ་མེད་ཁང་ཆེན་པོར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །། སརྦ་མངྒ་ལམ།། །།


previousསྨོན་ལམ། མཁྱེན་བརྩེའི་དབང་པོ། next