Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ཤངས་པ་བཀའ་རྒྱུད་ཀྱི་གདམ་ཟབ། བཟང་སྤྱོད་སོགས་སྨོན་ལམ་གདབ་པའི་ཐབས་གཞན་ཕན་ཕྲིན་ལས་རབ་རྒྱས། ཀརྨ་རང་བྱུང་ཀུན་ཁྱབ།
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ཤངས་པ་བཀའ་རྒྱུད་ཀྱི་གདམ་ཟབ། བཟང་སྤྱོད་སོགས་སྨོན་ལམ་གདབ་པའི་ཐབས་གཞན་ཕན་ཕྲིན་ལས་རབ་རྒྱས། ཀརྨ་རང་བྱུང་ཀུན་ཁྱབ། next

དཔལ་ལྡན་ཤངས་པ་བཀའ་རྒྱུད་ཀྱི་གདམ་ཟབ། བཟང་སྤྱོད་སོགས་སྨོན་ལམ་གདབ་པའི་ཐབས་གཞན་ཕན་ཕྲིན་ལས་རབ་རྒྱས། ཀརྨ་རང་བྱུང་ཀུན་ཁྱབ།


PS004_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པ་བཀའ་རྒྱུད་ཀྱི་གདམ་ཟབ། བཟང་སྤྱོད་སོགས་སྨོན་ལམ་གདབ་པའི་ཐབས་གཞན་ཕན་ཕྲིན་ལས་རབ་རྒྱས་ཅེས་བྱ་བ་བཞུགས་སོ། །


PS004_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྡོ་རྗེ་འཆང་དབང་བླ་མའི་ཞབས་ལ་འདུད། །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་མན་ངག་གཞན་དོན་མི་འགྲུབ་མི་སྲིད་པའི་རྟེན་འབྲེལ་བླ་མ་གོང་མའི་གསུང་གཞིར་བཞག་སྟེ་བློ་སྦྱོང་དང་འབྲེལ་བའི་དམིགས་གསལ་ངག་འདོན་བྱ་བའི་རིམ་པ་ལ་ཐོག་མར། བླ་མ་སྤྱན་རས་གཟིགས་ལ་སྐྱབས་ཡུལ་རྒྱ་མཚོས་བསྐོར་བར་དམིགས་ཏེ། རང་མདུན་ནམ་མཁར་རིན་ཆེན་ཁྲི། །པདྨ་ཟླ་བའི་གདན་སྟེང་དུ། །ངོ་བོ་རྩ་བའི་བླ་མ་ལ། །


PS004_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་མགོན་པོ་སྤྱན་རས་གཟིགས། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །ཞེས་གསལ་གདབ་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་


PS004_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ལན་གསུམ། མཐར་སྐྱབས་ཡུལ་མི་དམིགས་པར་བཞག །སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཀར་པོ་དགེ་བའི་ལས་རིམ་ལ་འཇུག་པར་བགྱིའོ། །ལན་གསུམ། ད་ནས། རང་ཉིད་ལྷར་གསལ་སྤྱི་བོར་པད་ཟླའི་སྟེང་། །རྩ་བའི་བླ་མ་དཀར་གསལ་འོད་ཟེར་འཕྲོ། །བརྩེ་བའི་ཉམས་ལྡན་དར་དང་རིན་ཆེན་བརྒྱན། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྤྱན་དྲངས་ཐིམ་པས་ཀུན་


PS004_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བདག་ཉིད་གྱུར། །ཅེས་གསལ་གདབ་ལ་ཡིད་གདུང་ཤུགས་དྲག་པོའི་སྣང་བ་འགྱུར་ངེས་སུ། བླ་མ་སངས་རྒྱས་རིན་པོ་ཆེ་བདག་གི་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་གཞན་དོན་འབའ་ཞིག་འགྲུབ་པར་མཛད་དུ་གསོལ། ཅེས་ལན་གསུམ། ཡང་། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། དེ་ནས་སྙིང་རྗེ་མཁའ་ཁྱབ་སྒོམ་པར་བྱ་སྟེ། །ནམ་མཁས་གར་ཁྱབ་སེམས་ཅན་རྣམས་ཀྱིས་ཁྱབ། །ཀུན་ཀྱང་ཕ་མ་མ་གྱུར་གཅིག་ཀྱང་མེད། །རེ་རེས་སྐྱེ་བ་དཔག་མེད་ཕན་པ་བརྟག །འདི་རྣམས་བདེ་བ་འདོད་ཀྱང་སྡུག་བསྔལ་སྒྲུབ། །


PS004_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་ལྟར་མོས་གུས་སྙིང་རྗེའི་གདུངས་ཤུགས་ཀྱིས། །བླ་མ་རང་ཐིམ་རང་ཉིད་སྐད་ཅིག་གིས། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྐུ་རུ་གསལ། །བརྩེ་བའི་ཐུགས་ཀྱིས་འགྲོ་ལ་དགོངས་པར་གྱུར། །ཅེས་པར་བསམ་ལ་རང་ལུས་ལྷ་སྐུར་གསལ་བའི་ངང་ནས་སྙིང་རྗེ་ལྷག་པར་བསྐྱེད་དེ་བཏང་ལེན་དང་ཡིག་དྲུག་ཅི་འགྲུབ་མཐར། ཀྱེ་ཧོ། འགྲོ་དྲུག་ཕ་མ་དྲིན་པོ་ཆེ། །ཐོག་མཐའ་མེད་པའི་འཁོར་བ་རུ། །མི་བཟོད་སྡུག་བསྔལ་ཆེན་པོའི་ཉམས། །སྡུག་བསྔལ་སྲིད་པའི་རྒྱ་མཚོ་འདིར། །རྟག་ཏུ་འཁྱམས་པའི་སེམས་ཅན་རྣམས། །ཀྱེ་མ་ཀྱི་ཧུད་སྙིང་རེ་རྗེ། །དེ་འདྲར་གྱུར་པའི་ཕ་མ་རྣམས། །བདག་གི་ཡལ་བར་འདོར་ཕོད་དམ། །ད་


PS004_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདག་གི་དུས་ཀུན་ཏུ། །སེམས་ཅན་དོན་དུ་བརྩོན་པར་བྱ། །ཞེས་བརྗོད་ཅིང་སྨོན་ལམ་གདབ་པར་བྱ་སྟེ། །བདག་གི་དགེ་བའི་རྩ་བ་འདིས། །སྐྱེ་བ་འདི་དང་སྐྱེ་བ་གཞན་བདག་ཏུ། །གཞན་དོན་འབའ་ཞིག་འགྲུབ་པར་གྱུར་ཅིག །བདག་གི་ལུས་ཀྱི་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་ཤོག་ཅིག །ངག་གི་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་ཤོག་ཅིག །ཡིད་ཀྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་ཤོག་ཅིག །ལུས་ངག་ཡིད་གསུམ་གྱིས་འཁོར་བའི་རྒྱ་མཚོ་འདི་སྟོང་པར་མ་གྱུར་གྱི་བར་དུ་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་ཤོག་ཅིག །ཅེས་ལན་གསུམ་བརྗོད། ཡང་། བདག་ནི་


PS004_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་རེ་གནས་གྱུར་ནས་ཀྱང་། །སེམས་ཅན་ཀུན་གྱི་རེ་འདོད་ཀུན། །ཚུལ་བཞིན་དུ་ནི་སྐོང་གྱུར་ཅིག །ལན་གསུམ་མམ་ལྔ་བརྗོད་དེ་ནས་ཚོགས་ཞིང་གསལ་གདབ་པ་ནི། རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་ཟེར་ཕྱོགས་བཅུར་རབ་འཕྲོས་པས། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དེ་འདུན་ཚོགས། །ཆོས་སྐྱོངས་ནོར་ལྷ་ལ་སོགས་པའི། །ཡེ་ཤེས་སྤྱན་ཅན་མ་ལུས་ཀུན། །སྤྱན་དྲངས་ནམ་མཁར་བཞུགས་པར་གྱུར། །བདག་གཞན་ཚོགས་རྫོགས་སྒྲིབ་སྦྱང་ཞིང་། །གནས་སྐབས་མཐར་ཐུག་བདེ་བའི་ཕྱིར། །ཕྱག་མཆོད་དམ་པ་རབ་བཞེས་ལ། །སྨོན་ལམ་འགྲུབ་པའི་དབང་པོ་


PS004_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཅེས་པས་མདུན་མཁར་བཀྲ་ལམ་མེ་མངོན་སུམ་བཞུགས་པར་བསམ་ལ་ཡན་ལག་བདུན་པ་བྱ་བ་ནི། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ། ཚོགས་གཉིས་རྒྱ་མཚོའི་ཕ་མཐར་སོན། །མཁྱེན་བརྩེ་ནུས་པའི་མངའ་དབང་ཕྱུག །རབ་འབྱམས་རྒྱལ་བ་སྲས་བཅས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་དང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ། ན་མཿསུ་ཤྲི་ཡེ། ན་མཿཨུདྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་ཕྱག་ལན་གསུམ་འཚལ། མཆོད་པ་ནི། དངོས་འབྱོར་ཡིད་སྤྲུལ་གདོད་ནས་གྲུབ་པ་ཡི། །འདོད་ཡོན་ལྔ་ཡི་མཆོད་པ་ཅི་མཆིས་པ། །བདེན་མེད་སྒྱུ་མ་ལྟ་བུའི་བློས་བླངས་ཏེ། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །


PS004_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ན་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛྭ་བཛྲེ་མ་ཧཱ་བིདྱ་བཛྲེ་མ་ཧཱ་བོ་དྷི་ཙིཏྟ་བཛྲེ་མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ན་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ལན་གསུམ་མཎྜལ་སོ་བདུན་མ་ཡང་འབུལ། དེ་ནས། བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་སྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོའི་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་


PS004_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བ་བསྐྱེད་པའི་མཎྜལ་འདི། །དོན་གཉིས་སྒྲུབ་པ་འདོད་པའི་རྣལ་འབྱོར་པས། །བརྩོན་པས་སྟོབས་ཀྱིས་བླ་མ་ཡི་དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་དབུལ་བར་བགྱི། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་བྱང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་


PS004_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་མ་ལུས་ལ། །གླིང་བཞི་རི་བར་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ཨོཾ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་གྲོལ་བར་ཤོག །རིན་ཆེན་སེམས་འདི་བཟུང་བར་བྱ་བའི་ཕྱིར། །


PS004_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་བར། །ལྗོན་ཤིང་མེ་ཏོག་རྒྱན་འབྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་


PS004_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པད་མས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱིས་མཐས་གཏུགས་པར། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླང་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་ཏན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱི་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་


PS004_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ནི། །བདག་གིས་ལུས་ཀུན་གཏན་དུ་འབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། ཁྲུས་གསོལ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་མཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེས་བྲེས་པ་དེར། །ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་


PS004_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་རྙེད་བཞུགས་པ་ཡིས། །བླ་མེད་འཕགས་པའི་ཚོགས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞིར། །སྟོན་པ་ཉིད་ཀྱིས་གང་གསུང་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་


PS004_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང་། །སྤྱོད་པ་སྤྱོད་ཚེ་ན་ཡང་གཅིག་གྱུར་ཅིང་། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པས། །རྫོགས་པའི་སངས་རྒྱས་སྟོང་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་


PS004_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །བསྟན་པས་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་མཁར་བསིལ་པོ་ཏི་འཛིན། །བསླབ་སྦྱང་ཡོན་ཏན་ཀུན་ལྡན་པས། །ཉན་ཐོས་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པར་མཛད་པས་གང་ཟག་ལ། །བུ་བཞིན་སྐྱོངས་བར་ཞལ་བཞེས་པས། །ཆོས་སྐྱོང་སྲུང་མ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །


PS004_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨ་ཀ་ཡ་བི་ཤྭོ་དྷ་ནེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །ཨོཾ་བཛྲ་ཝསྚ་ཡེ་ཨ་ཧཱུྃ། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྚ་ཡེ་ཨ་ཧཱུྃ། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་


PS004_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པས་གོས་ཀྱིས་བརྒྱན་པར་བགྱི། །ཨོཾ་བཛྲ་ཝསྚ་ཡེ་ཨ་ཧཱུྃ། ལྷག་བསམ་དག་པའི་ན་བཟའ་འདི་ཕུལ་བས། །ལུས་ལ་དུར་སྨིག་གོས་གྱོན་སེམས་ལ་ནི། །ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་བགོས་ནས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །ཨོཾ་བཛྲ༴ །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱང་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་


PS004_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དང་པདྨ་དང་། །ཨུཏྤལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱི་མཆོག །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་དང་། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་ལྟར་བ་སྤོས་ཆུས་བྱུག་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་ཡས་ནམ་


PS004_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཁོར་ཡུག་བརྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་བསིལ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་


PS004_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོའི་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པ་ཀུན་ཏུ་འབྱུང་གྱུར་ཅིག །བཤགས་པ་ནི། བདག་སོགས་སེམས་ཅན་ཀུན་གྱི་ཐོག་མེད་ནས། །ད་ལྟ་ཡན་ཆད་ལུས་ངག་ཡིད་གསུམ་གྱི། །སྡིག་པ་ཅི་མཆིས་གནོང་འགྱོད་དྲག་པོ་ཡིས། །སྙིང་ནས་བཤགས་ཤིང་སླན་ཆད་མི་བགྱིད་དོ། །ཅེས་དང་། གནོང་འགྱོད་དྲག་པོས་ཡིག་བརྒྱ་ཅི་ནུས་བརྗོད། སྤྲོ་ན་ལྟུང་བཤགས་དང་སྤྱི་བཤགས། བླ་མ་རྡོ་རྗེ་


PS004_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་སོགས་སེམས་ཅན་ཐམས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་


PS004_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམ་པའི་ཆོས་སྤང་བ་དང་། འཕགས་པའི་དགེ་འདུན་ལ་བསྐུར་པ་བཏབ་བ་དང་། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པ་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། །འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ་མི་འཆབ་བོ་མི་སྦེད་དོ་སླན་ཆད་ཀྱང་གཅོད་


PS004_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྡོམ་པ་བགྱིད་ལགས་སོ། །དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པ་གནས་པ་འགྱུར་གྱིས། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཡང་སྤྱི་བཤགས། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤང་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། ཁས་བླང་དམ་བཅའ་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླ་འགྱང་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལེན་ལན་གྱིས་མ་ལེན་


PS004_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོ་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སོགས་པ། །འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས། །མི་འཆབ་མི་སྦེད་ཕྱིན་ཆད་སྡོམ་པར་བགྱིད། །དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོངས་དངོས་གྲུབ་རྩལ་དུ་གསོལ། །ཅེས་པས་


PS004_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ལྟུང་བཤགས། ཡན་ལག་ལྷག་མ་ནི། བླ་མའི་ཕྲིན་ལས་རྨད་བྱུང་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་སོ་སོ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རང་། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟགས་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་སྡོམ་བཟུང་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང་། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་སྐྱབས་སུ་མཆི། །ལན་


PS004_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སྤྱོད་པའང་སྤྱོད་པར་བགྱི། །ལན་གསུམ། བསྔོ་བ་ནི། དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་སྡོམ་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །འཇམ་དཔལ་དཔའ་བོས་སོགས། དུས་གསུམ་གཤེགས་པ་སོགས། །ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཡང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕོངས་པ་མེད་པ་བཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །


PS004_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམས་མང་ཉེར་མཚོའི་རྒྱུར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ནི་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་མཚོའི་རྒྱུར་ཡང་ཤོག །སྤྲོ་ན་བྱང་ཆུབ་སེམས་ཀྱི་སྡོམ་བཟུངས་རྒྱས་པར་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་ལན་གསུམ། དེ་ནས། ཕྱོགས་བཅུ་ཞིང་རབས་འབྱམས་མཐའ་ཡས་མུ་མེད་པ་དག་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་སྟོབས་བཅུ་མངའ་བ་སྲས་དང་སློབ་མར་གྱུར་པས་བྱང་སེམས་ཉན་རང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པ་


PS004_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཏེ། མདོར་ན་ཡེ་ཤེས་ཀྱི་སྤྱན་དང་ཐུགས་རྗེའི་གཟིགས་པས་སྒྲིབ་པ་མི་མངའ་བའི་སྐྱབས་གནས་སུ་གྱུར་པ་ཐམས་ཅད་བདག་ཅག་སེམས་ཅན་རྣམས་ལ་དགོངས་སུ་གསོལ། དཔལ་མགོན་དམ་པ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་གི་སྨོན་ལམ་ཅི་ལྟར་བཏབ་པ་ཐམས་ཅད་ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བླ་མ་རྒྱལ་བ་སྲས་དང་བཅས་པའི་མདུན་དུ་ཡིད་རྩེ་ཅིག་གདུངས་ཤུགས་དྲག་པོས་དྭགས་ཤངས་ཀྱི་སྨོན་ལམ་རྣམ་ལྔ་རྣམ་བདུན་སོགས་སྨོན་ལམ་གང་འདོད་གསལ་དག་སྙན་གསུམ་གྱིས་བརྗོད་པར་བྱའོ། །སྨོན་ལམ་གྲངས་བསོགས་སྐབས་


PS004_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་ཐུན་གྲོལ་དུས། དེ་ལྟར་འགྲུབ་པ་ཡང་སོགས་ནས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད་ཡར་འཚོགས་ནས། ཕྱོགས་བཅུ་རབས་འབྱམས་ཞིང་ན་བཞུགས་པའི་མཆོག་གསུམ་རྩ་གསུམ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བདག་སོགས་སེམས་ཅན་ཀུན་གྱི་ལུས་ཞིང་གི་རྡུལ་རྙེད་དུ་སྤྲུལ་ཏེ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ་མེ་ཏོག་དང་གདུག་སྤོས་མར་མེ་དང་ཞལ་ཟས་རོལ་མོ་དང་སིལ་སྙན་གདུག་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུ་ན་བདག་པོའི་ཡོངས་སུ་མ་བཟུང་བའི་ལྷ་དང་མི་ཡིས་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། བཟུང་དང་


PS004_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པས་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱི་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ་འབུལ་ལོ་མཆོད་དོ། །བདག་ཅག་རྣམས་ཀྱིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ། སྡིག་པ་མི་དགེ་བའི་ལས་མདོག་ན་མི་བགྱི་བར་རིག་པའི་ལས་ནི་བགྱིས་བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ་དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་


PS004_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པར་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་བཞེད་པ་དེ་དག་ཐམས་ཅད་ཀྱང་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་མཚལ་ལོ། །ཅེས་བརྗོད་ནས་སྨོན་ལམ་བཀླག་མཐར་ཚོགས་ཞིང་རྟེན་ལ་བསྟིམ་པའམ་དམིགས་མེད་དུ་འཇོག །ཅེས་པས་རྟེན་ལ་བསྟིམ་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞུགས་ཀྱི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་དེ་སྲིད་དུ་རྟེན་འདི་དག་ལ་རྟེན་པར་བཞུགས་སུ་


PS004_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། རྟེན་པར་བཞུགས་ནས་ཀྱང་བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་བཟང་ཚིམས་མཛད་ཅིང་། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲངས་ཤིང་། །ཞི་དང་རྒྱས་དང་


PS004_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་ཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང་། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བརྟེན་ཅིང་མཆོད་པ་དང་། །སྐུར་པ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་


PS004_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་ཏུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །ཞེས་བཀྲ་ཤིས་བཀའ་རྒྱ་མ་བརྗོད་ཅིང་མེ་ཏོག་གི་ཆར་དུ་བསྙིལ་ལོ། །ཅེས་པའང་ཡིག་རྙིང་ལས་བསྡུས་ཏེ་ཟོར་ཡང་བྱས་པ་ཀརྨ་རང་བྱུང་ཀུན་ཁྱབ་པས་བྲིས་པ་མངྒ་ལཾ།། །།


previousདཔལ་ལྡན་ཤངས་པ་བཀའ་རྒྱུད་ཀྱི་གདམ་ཟབ། བཟང་སྤྱོད་སོགས་སྨོན་ལམ་གདབ་པའི་ཐབས་གཞན་ཕན་ཕྲིན་ལས་རབ་རྒྱས། ཀརྨ་རང་བྱུང་ཀུན་ཁྱབ། next