Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བདུན་པ།


   
   
   
   
   
   
   
འཆི་མེད་གྲུབ་པའི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཆི་མེད་གྲུབ་པའི་འགྲེལ་པ། next

འཆི་མེད་གྲུབ་པའི་འགྲེལ་པ།


PS007_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

། འཆི་མེད་གྲུབ་པའི་འགྲེལ་པ་བཞུགས་སོ།། །།


PS007_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མྲྀ་ཏ་སིདྡྷ་བྲྀ་ཏི་ནཱ་མ། བོད་སྐད་དུ། འཆི་མེད་གྲུབ་པའི་འགྲེལ་པ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ལྟེ་བའི་དཀྱིལ་འཁོར་པདྨ་དྲི་མ་མེད་པའི་སྟེང་ན་ཟླ་བ་རྣམ་པར་གནས། །ཁམས་གསུམ་རྣམས་ནི་དེ་ལས་སྐྱེས་ཤིང་ཆོས་ཀྱི་ལམ་ནི་རྣམ་པར་ཤར། །དེ་ཡི་དཀྱིལ་དུ་ལམ་ནི་གསུམ་པ་རྗེས་སུ་རྣམ་པར་འཛིན། །དེས་ནི་བདེ་ཆེན་འཁོར་ལོའི་བར་དུ་ཕུག་ཅིང་དག་པ་ལ་ཕྱག་འཚལ། །དམ་པ་རྣམས་ཀྱི་ཡེ་ཤེས་གསོ་ཕྱིར་འཆི་མེད་བསྒྲུབ་པ་བཤད་པར་བྱ། །དད་དང་


PS007_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་ཞི་བ་དང་། །དེ་ཡི་འདོད་པ་བཀང་ཕྱིར་གསུངས། །བདག་གིས་རྣམ་པར་བཤད་པ་འདི། །ཡེ་ཤེས་ཅན་ཀུན་རྣམ་པར་བསྟོད། །ཡེ་ཤེས་རྣམ་པར་སྐྱེས་ནས་ནི། །ཆགས་བྲལ་རྣམས་ཀྱིས་དགང་བར་གྱིས། །ངས་ནི་རྣམ་པར་བཤད་པ་ལས། །མི་ཤེས་རྣམས་ནི་སུན་འབྱིན་བྱེད། །འོ་མ་དག་ནི་བསྲུབས་པ་ལས། །སྙིང་པོ་མར་ནི་རྣམ་པར་འབྱུང་། །ལོག་པའི་ལམ་ནི་རྨོངས་པ་རྣམས། །ཐམས་ཅད་འདི་ལས་རྣམ་པར་རྨོངས། །བསྟན་ཆོས་མ་ལུས་ཀུན་ཤེས་


PS007_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །འཁྲུལ་པས་ས་སྟེངས་མ་ལུས་ཁྱབ། །དེ་ནི་ཡེ་ཤེས་ལམ་རྙེད་པས། །ཟིལ་པ་ལ་ནི་ཉི་ཤར་བཞིན། །བླ་མ་ཡི་ནི་ཞལ་དག་ལས། །མཆོག་གི་དམ་པ་འདི་རྙེད་དོ། །རྒྱུད་རྣམས་ཀུན་གྱི་གསང་པའི་དོན། །དེ་ནི་རིམ་གྱིས་བཤད་པར་བྱ། །ལུས་ཀྱི་ནང་གི་སྙིང་པོ་རྣམས། །ངེས་པ་རྣམ་པ་དུ་མ་བཤད། །དེ་དང་དེ་ནི་རྣམ་གསལ་བྱ། །ཇི་ལྟར་གནས་ལུགས་བཞིན་དུ་བསྟན། །ལུས་ལ་དབུ་མ་དག་དང་ནི། །ཟླ་བ་ཉི་མ་མེ་རྣམས་དང་། །རླུང་དང་ཐིག་ལེ་དེ་ཉིད་དང་། །སེམས་ཀྱི་རང་བཞིན་གང་ཡིན་པ། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །གདམས་པ་ཆེ་དང་ཕྱག་རྒྱ་ཆེ། །དབྱེ་དང་གོམས་པས་གྲུབ་པའོ། །རྣམ་གནས་པ་ཡི་འཆི་བ་མེད། །གཉིས་སུ་མེད་པ་བསམ་གཏན་དག །གྲུབ་པ་ཆེན་པོར་རྣམ་པར་ཤར། །འབྱུང་བ་ཆེ་རྣམས་ཡོངས་སུ་


PS007_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འགགས། །ཕྱག་རྒྱ་ཆེན་པོ་མ་ནོར་རྙེད། །གནས་པ་ཆེན་པོ་རྒྱུ་དུས་སུ། །རྣམ་པ་དུ་མ་བཤད་པ་ལས། །འགའ་ཞིག་གིས་ནི་ཤེས་པར་འགྱུར། །ལུས་ཀྱི་དེ་ཉིད་བསྡུས་ནས་ནི། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །ལུས་ལ་ལྷུན་པོ་རྣམ་པར་གནས། །གླིང་རྣམས་དང་ནི་ཀུན་དང་ལྡན། །འཇིག་རྟེན་གསུམ་ཡང་དེ་ན་གནས། །ས་ནི་བཅུ་བཞིར་ཡང་དག་ལྡན། །རྒྱ་མཚོ་ཡང་ནི་ལུས་ལ་གནས། །ཞིང་དང་ཞིང་སྐྱོང་དང་ཡང་ལྡན། །བསོད་ནམས་ཡང་དག་རྟེན་ཡང་ཡོད། །གནས་དང་ལྟུང་ཡང་ཡང་དག་ལྡན། །གཟའ་དང་རྒྱུ་སྐར་དག་དང་ནི། །དྲང་སྲོང་ཐུབ་པ་རྣམས་ཀྱང་གནས། །སྐྱེ་དང་མི་རྟག་རྒྱུ་གནས་ཤིང་། །ཉི་མ་ཟླ་བ་རྣམ་པར་རྒྱུ། །རླུང་དང་ནམ་མཁའ་མེ་དང་ནི། །ས་དང་ཆུ་ཡང་རྣམ་པར་གནས། །


PS007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་སྤངས་པའི་བིཥྞུ་དང་། །ཚངས་དང་དབང་ཕྱུག་ཆེན་པོ་གནས། །ཁམས་གསུམ་ཀུན་ཀྱང་ངེས་པར་ནི། །ཐམས་ཅད་ལུས་ལ་རྣམ་པར་གནས། །ལུས་ཀྱི་དེ་ཉིད་ཤེས་པ་ཡི། །དེ་ཉིད་ཐམས་ཅད་ལུས་ལ་གནས། །བསོད་ནམས་ཆེན་པོའི་བསྒོས་སྐལ་གྱིས། །མི་ཡི་ལུས་ནི་ངེས་པར་ཐོབ། །བླ་མའི་གསུང་གི་བྱིན་རླབས་ལས། །ཐར་པའི་ལམ་དུ་འགྲོ་བར་འགྱུར། །བླ་མའི་ཞབས་ལ་གུས་བཏུད་ནས། །ལུས་འདི་དེ་བཞིན་གཤེགས་རིགས་འགྱུར། །གང་གིས་འཁོར་བའི་སྐྱོན་རྣམས་ནི། །ངེས་པར་ཟད་པར་འགྱུར་བ་ཡིན། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ལུས་ཀྱི་དབྱེ་བའོ། །ལྷུན་པོ་རྣམ་པར་འཁྱམས་པ་ཡིས། །འགྲོ་བ་ཀུན་ལ་ཁྱབ་པ་ཡིན། །དབུ་མ་དཔེ་མེད་ལ་ཞུགས་ནས། །ལྷུན་པོ་རྣམ་པར་ཕྱུག་ནས་ཀྱང་། །བསོད་ནམས་སྒོ་ནི་གཉིས་


PS007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གནས། །འོག་གི་སྒོ་རུ་ཞུགས་པ་ཡི། །སྐྱེ་དང་མི་རྟག་རང་བཞིན་ནོ། །བསོད་ནམས་ཡེ་ཤེས་ལྡན་པ་ཡི། །བརྩོན་འགྲུས་སྟོབས་དང་རབ་ལྡན་པས། །ཉམས་པའི་ལམ་ནས་ཞུགས་ནས་ནི། །རྣལ་འབྱོར་ལམ་དུ་འགྲོ་བར་འགྱུར། །འདི་ནི་ལྷ་མོ་རིག་མ་ཆེ། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །འགྲོ་བ་ཀུན་གྱིས་མ་ཡིན་ནོ། །འཆི་བ་ངེས་པར་ཟད་པར་བྱེད། །དེ་ནི་སྐྱེ་བའི་གནས་ན་གནས། །ལྷ་མོ་ཀུན་ལ་སྟོབས་མོ་ཆེ། །སྡིག་པ་ཐམས་ཅད་འཇོམས་པའི་མགོན། །འགྲོ་བའི་ལམ་དུ་རྣམ་པར་གནས། །ཁ་གཅིག་ཨ་ཝ་དྷཱུ་ཏཱི་ཟེར། །དེ་བཞིན་ལམ་པོ་ཆེ་ཡང་ཟེར། །ཁ་གཅིག་འཛིན་པ་ཞེས་ཀྱང་ཟེར། །སུ་པོ་ཕྲ་ན་ཕྲ་གཟུགས་ཟེར། །ཁ་གཅིག་དུར་ཁྲོད་ཞེས་ཀྱང་ཟེར། །དབྱངས་ཅན་ཞེས་ཀྱང་རྣམ་པར་འདོགས། །


PS007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་དུ་མའི་དབྱེ་བ་ཡིས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་བཏགས། །འདི་ཡི་མིང་ལ་བརྟེན་ནས་སུ། །ལུས་ནི་བརྟན་པར་འགྱུར་བ་ཡིན། །གཡས་གཡོན་གཉིས་ཀྱི་དབུས་སུ་ནི། །བདེ་ཆེན་གཅིག་པུ་འབར་བར་འགྱུར། །གསུམ་པོ་གཅིག་ཏུ་གྱུར་པ་ཡིས། །སྐྱེས་བུ་དེ་ནི་མཆོག་ཏུ་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་རྩ་དབུ་མའི་དབྱེ་བའོ། །ལྷུན་པོའི་སྟེང་ན་ཟླ་བ་གནས། །བརྒྱད་གཉིས་དུས་གཉིས་དག་དང་ལྡན། །ཉིན་མོ་དང་ནི་མཚན་དག་ཏུ། །དག་པའི་ཆར་པ་འོག་ཏུ་འབབ། །དེ་ནས་བདུད་རྩི་གཉིས་སུ་འགྱུར། །དེ་ཉིད་རིམ་པ་མི་ཞེས་བྱ། །གཡོན་གྱི་ལམ་དུ་འབབ་པ་དང་། །མེ་ཡིས་མི་བསྐྱོད་རྣམ་པར་བཞུ། །ཕྲ་བའི་ལམ་དུ་སོང་ནས་ནི། །ལུས་རྣམས་ཀུན་ལ་ཁྱབ་པ་ཡིན། །དེས་ན་ཟླ་བའི་རང་བཞིན་ནོ། །གཡོན་གྱི་


PS007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་རྣམ་པར་གནས། །དབང་པོ་གཉིས་སྦྱོར་དུས་སུ་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་འཇུག །དབུ་མའི་ལམ་ནས་ཞུགས་ནས་ནི། །སྐྱེ་བའི་སྒོ་རུ་འགྲོ་བར་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ཟླ་བའི་དབྱེ་བའོ། །དབུ་མའི་རྩ་བར་རབ་ཏུ་གནས། །དེ་ནི་ཉི་མའི་དཀྱིལ་འཁོར་རོ། །དུས་ནི་བཅུ་གཉིས་ཡང་དག་རྫོགས། །མར་མེ་གསལ་བའི་འོད་ལྟ་བུ། །གཡོན་ཕྱོགས་སྟེང་དུ་དྲག་ཏུ་འཕྱུར། །རྣོན་པོའི་རང་བཞིན་ཀུན་གྱི་བདག །ལུས་རྣམས་ཀུན་ལ་མ་ལུས་ཁྱབ། །རྩ་ཡི་ལམ་ཞུགས་ནམ་མཁར་འགྲོ། །རླུང་གི་དཀྱིལ་འཁོར་འཁོར་བ་ཡིན། །ཁམས་བདུན་བསྲེག་པར་བྱེད་པ་དང་། །ལུས་ཀུན་བསྲེག་པར་བྱེད་པའོ། །དེ་ནི་ཉི་མའི་རང་བཞིན་ནོ། །གང་གི་སྦྱོར་བའི་དུས་སུ་རྒྱུ། །སྐྱེ་འགག་


PS007_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་རྒྱུ་ཡིན་ནོ། །གཡས་སུ་འགྲོ་བ་སྤངས་ནས་ནི། །ཉི་མ་ལྷུན་པོ་ལ་གནས་པས། །སེམས་ནི་རྣམ་པར་དབྱེ་བའོ། །ལུས་ནི་བསོད་ནམས་དུས་ཡིན་ནོ། །རྣམ་སྤངས་ལུས་ནི་ནང་དུ་ཤེས། །རང་གིས་གོམས་པར་བྱ་བ་ཡིན། །དབུ་མའི་ལུས་སུ་སྦྱོར་བ་ཆེ། །རྣལ་འབྱོར་བདེ་ཆེན་བྱ་བ་ཡིན། །དེ་ཡི་སྐད་ཅིག་སྐད་ཅིག་ལ། །སྐྱེ་དང་འགགས་པའི་དུས་ཀུན་ཏུ། །ཉི་མའི་རང་བཞིན་འབྱུང་བ་ཡིན། །ཉི་ཟླ་གཅིག་ཏུ་བསྡམ་པར་བྱ། །སྦྱོར་བ་གཅིག་ཏུ་འགྱུར་བ་ཡི། །ཕྱི་རོལ་སྐྱེ་བར་ཤེས་པར་བྱ། །སྦྱོར་བ་ནང་དུ་འབྱུང་བ་ཡིན། །འཛིན་པ་དབེན་པར་ཤེས་པར་བྱ། །ཕྱི་རོལ་ནང་དུ་མཉམ་པར་བསྡུ། །ཕྱི་རོལ་སྐྱེ་བ་བསོད་ནམས་སོ། །ནང་དུ་རྣམ་པར་གྲོལ་བར་བཤད། །ཟླ་བ་ཉི་མས་ཡོངས་བཟུང་སྟེ། །གཅིག་ཉིད་དུ་ནི་གྱུར་པའི་དུས། །གཞན་དུ་གཞན་དུ་སྦྱར་བའོ། །དེ་ནི་སྦྱོར་བ་ཡང་


PS007_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཤད། །ཉི་མ་མེ་དང་ར་ཧུ་དང་། །དེ་རྣམས་སྟེང་དུ་འགྲོ་བའི་ཚེ། །བདུད་རྩི་ཟླ་བ་འོག་ཏུ་འབབས། །དེ་ནི་རྣམ་པར་ཉམས་པར་འགྱུར། །དེ་རྣམས་མ་ལུས་ཐམས་ཅད་ཀྱང་། །སྟེང་དུ་རྣམ་པར་འགྲོ་འགྱུར་ཞིང་། །ཉི་ཟླ་དག་ནི་མཉམ་པ་དང་། །འདི་ནི་གྲོལ་བ་ཞེས་བཤད་དོ། །འཆི་མེད་སྒྲུབ་པ་ལས་ཉི་མའི་དབྱེ་བའོ། །དུས་ནི་བཅུ་གཉིས་ཡང་དག་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཉིན་དང་མཚན་དུ་དེ་ན་གནས། །རིན་ཆེན་མེ་ནི་སྨིན་པར་བྱེད། །མེ་དེ་གང་ཡིན་ཉི་མ་ཡིན། །ཉི་མ་གང་ཡིན་མེ་ཡང་ཡིན། །གཅིག་ཏུ་རྣམ་པར་བསྡུ་བ་བྱ། །ཕྲ་བའི་དབྱེ་བས་ཕྱེ་བའོ། །ཇི་སྲིད་ཉི་མའི་དུས་སུ་ནི། །མེ་ནི་རྣམ་པར་གནས་བར་དུ། །དེ་སྲིད་ཐིག་ལེ་རྣམ་པར་འཕེལ། །ཐིག་ལེ་མཉམ་མེད་བུག་པ་མེད། །མེ་ཡི་འཇིག་རྟེན་སྟོབས་བསྐྱེད་དེ། །


PS007_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཚེ་ཡང་འཕེལ་བར་བྱེད། །མེ་ནི་ནད་མེད་རང་བཞིན་ནོ། །དེ་ནི་བརྟན་པར་བྱེད་པ་ཡིན། །འཆི་མེད་གྲུབ་པ་ལས་མེའི་དབྱེ་བའོ། །འགྲོ་བ་ཐམས་ཅད་རླུང་ལས་འབྱུང་། །ཡེ་ཤེས་རླུང་ཡང་དེ་བཞིན་ནོ། །དེ་ཉིད་ཀུན་གྱི་སྙིང་པོར་འགྱུར། །མགོན་པོ་རླུང་ལ་ཕྱག་འཚལ་ལོ། །གང་དག་དེ་ཡི་བཀའ་དྲིན་གྱིས། །འགྲོ་བ་རྣམས་ནི་རྣམ་པར་སྐྱོང་། །ས་ལ་སོགས་པ་བཞི་པོ་ནི། །སོ་སོ་དུ་ནི་བཟུང་བའོ། །འཇིག་རྟེན་ཀུན་དང་རྒྱ་མཚོ་དང་། །ས་རྣམས་ཀུན་ནི་མ་ལུས་དང་། །དེ་རྣམས་ཀུན་ནི་རབ་ཏུ་གནས། །ཐམས་ཅད་ལ་ནི་ཁྱབ་པའོ། །འཁོར་ལོའི་དབུས་སུ་རྣམ་པར་འཁྱམས། །གཟའ་ལ་སོགས་པ་ཐུབ་པ་བདུན། །ཁམས་གསུམ་པོ་ནི་དེ་ཡི་བཟུང་། །རླུང་ནི་ཆེན་པོ་གཅིག་ཏུ་སྟེ། །ཕྱི་རོལ་དཀྱིལ་འཁོར་ལ་སོགས་ནི། །རླུང་གི་དཀྱིལ་འཁོར་ཆེ་བ་སྟེ། །དེ་བཞིན་ལུས་


PS007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནང་དུ་ཡང་། །རླུང་ནི་གཅིག་པུ་མངའ་བདག་ཡིན། །སྣ་ཚོགས་གནས་སུ་རླུང་རྣམས་འགྲོ། །སྣ་ཚོགས་དོན་གྱིས་གྲུབ་པར་བྱེད། །ལུས་ཀྱི་དེ་ཉིད་ཅི་ཡོད་པ། །རླུང་ནི་གཅིག་པུར་བཤད་པར་བྱ། །སྙིང་དུ་སྲོག་འཛིན་གནས་པའོ། །གསང་བའི་གནས་སུ་ཉི་རླུང་གནས། །མེ་ནི་ལྟེ་བར་གནས་པ་ཡིན། །སྟེང་རླུང་མགྲིན་པར་གནས་པའོ། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །འཆི་མེད་གྲུབ་པ་ལས་རླུང་གི་དབྱེ་བའོ། །འཆི་མེད་གྲུབ་པ་ཞེས་བྱ་བའི་འགྲེལ་པ་རྫོགས་སོ། །དཔལ་ལྡན་བླ་མ་ལ་གུས་ཤིང་། །དབང་རྣམས་ཀུན་གྱིས་རུང་པར་བྱས། །དམ་ཚིག་མཆོག་དང་མཉམ་སྦྱོར་བའི། །ལྷ་ལ་བྱིན་པས་མཉེས་པ་མེད། །རྒྱ་གར་ལྷོ་ཕྱོགས་ཀཱ་མ་རུའི་གྲོང་ཁྱེར་དུ་གྱད་ཀྱི་རིགས་སུ་སྐུ་འཁྲུངས་པའི། །རྣལ་འབྱོར་ཆེན་པོ་དུར་ཁྲོད་


PS007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀཱ་མ་རཱུ་པ། ཨེ་ཏེ་པ། རྒྱ་འགྲེས་པ་ཞེས་ཀྱང་གྲགས་པའི་པཎྜི་ཏ་དེ་ཉིད་ཀྱི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་རྨ་ལོ་ཙཱ་བས་ཏེ་ཏེའི་དུར་ཁྲོད་དུ་བསྒྱུར་བའོ། །རྡོ་རྗེ་འཆང་། །དབུ་བཅད་མ། །བིར་ཝ་པ། བྲམ་ཟེ་ནག་པོ། དུར་ཁྲོད་ནག་པོ། ལ་སྟོད་མགོན་པོ། སངས་རྒྱས་གཉན་སྟོན། ཆོས་རྗེ་སྟོན་པ། ཤངས་སྟོན་པ། མཁས་བཙུན་པ། མདོར་བན་རིན་ཆེན་བཟང་པོས་བྲིས། །མངྒ་ལཾ། །ཤུབྷཾ། ༈ ལུས་འཆི་མེད་ཀྱི་དབང་ཆོག་བཞུགས་སོ། །ན་མོ་གུ་རུ། མཎྜལ་དཔེ་ཆུང་ལྟར་བྲིས་ལ། དགུག་གཞུག་དང་མཆོད་པ། སྐུ་གསུང་ཐུགས་རྒྱས་གདབ། དེ་ནས་འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་པ་བཤད་པ། སངས་རྒྱས་ཆོས་ངང་འཕགས་པའི་ཚོགས་


PS007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །ཞེས་པའི་ཚིག་གི་སྐྱབས་འགྲོ་དང་། སྨོན་འཇུག་གི་ཆོ་ག་བྱ། བདག་འཇུག་གནང་བ་བྱིན་པ། སྡིག་བཤགས་སམ། རྗེས་སུ་ཡི་རང་རྣམས་སྐབས་དང་སྦྱར་ལ་བྱའོ། །དངོས་གཞི་ནི། མཎྜལ་གྱི་ལྟེ་བ་ལ། འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན། སྤྱན་དམར་བ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་དང་གཉིས་སུ་མེད་པར་བསྒོམ། ཕྱོགས་བཞིར་ལྷ་མོ་བཞི་བསམ། དེ་ནས་རང་གི་ལུས་ལོངས་སྤྱོད་ལྟོས་པ་མེད་པར་ཕུལ་ནས། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། །སྐུའི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་སྤྱི་བོའི་ཨོཾ་དཀར་པོ་ལས། བདེ་མཆོག་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་


PS007_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཅིང་། གར་སྟབས་ལིང་ལིང་པ་བྱུང་ནས། རང་གི་སྤྱི་བོའི་ཨོཾ་ལ་ཐིམ་པས། མགྲིན་པ་ཡན་ཆད་བདེ་མཆོག་དཀར་པོས་གང་། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་པར་བསམ། བླ་མས་ཀྱང་དེ་བཞིན་དུ་བསམ་ཞིང་། གུ་གུལ་གྱི་དུད་པ་དང་། རོལ་མོའི་སྒྲ་དང་བཅས་པས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་བརློབས་ཤིག །རྗེ་བཙུན་བིར་ཝ་པས་བྱིན་གྱིས་རློབས་ཤིག །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་བརྗོད་ལ་སྐུའི་བྱིན་རླབས་དབབ། ཡང་། རང་གི་ལུས་དང་ལོངས་སྤྱོད་ཕུལ་ནས། གཉིས་པ་དང་གསུམ་པ་སྔར་བཞིན་བླང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། གསུང་དང་། ཐུགས་ཀྱི་བྱིན་རླབས་མ་ལུས་པ་གཞུག་ཏུ་


PS007_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཞེས་པས། བླ་མའི་མགྲིན་པའི་ཨཱཿདམར་པོ་དང་། ཐུགས་ཀའི་ཧཱུྃ་མཐིང་ག་ལས། །བདེ་མཆོག་དམར་པོ་དང་། སྔོན་པོ་སྔར་ལྟར་བྱུང་། རང་གི་མགྲིན་པ་དང་། སྙིང་གར་ཨཱཿདང་ཧཱུྃ་ལ་ཐིམ་པས། སྙིང་ཁ་དང་ལྟེ་བ་ཡན་ཆད་བདེ་མཆོག་དམར་པོ་དང་། སྔོན་པོས་གང་། ངག་དང་། ཡིད་ཀྱི་དྲི་མ་དག །བླ་མས་ཀྱང་སྔར་བཞིན་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ། བཞི་པ་ནི་མཆོད་པ་ཕུལ་ནས། བདག་ལ་བཞི་པའི་དབང་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཞུག་ཏུ་གསོལ། །ཞེས་པས། སྤྱི་བོའི་བདེ་མཆོག་དཀར་པོ་མགྲིན་པའི་དམར་པོ་ལ་ཐིམ། དམར་པོ་སྙིང་གའི་མཐིང་ཀ་ལ་ཐིམ། མཐིང་ཀ་ལྟེ་བར་བྱུང་། འོད་དུ་ཡལ་སོང་པ་ལ། སྟོང་པའི་ངང་ལ་སེམས་མ་


PS007_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པར་བཞག་པ་ནི་བཞི་པའོ། །ཡང་གཉིས་པ་ནི། བླ་མའི་གནས་གསུམ་གྱི་ཡིག་འབྲུ་མཐིང་ག་ལས། བདེ་མཆོག་མཐིང་ག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ནས་གནས་གསུམ་དུ་ཐིམ་པས་བུམ་དབང་། གཉིས་པ་དང་གསུམ་པའོ། །ལྟེ་བ་ནས་མཐིང་ཀ་དཔག་ཏུ་མེད་པ་ཆད་ནས། ལྟེ་བར་ཐིམ་པས། མཐར་འོད་དུ་ཡལ་བའི་ངང་ལ་བཞག་པ་ནི། བཞི་པའོ། །འདི་ཟབ་ལམ་ཡིན་གསུང་ངོ་། གྲོང་པས་མ་གོས་མི་དགོས་གཉིས། །དབང་གིས་སྨིན་བྱས་དམ་ཚིག་ལྡན། །དཀའ་ཐུབ་དྲག་པོས་མཉེས་བྱས་ཏེ། །ཅེས་པ་ལ་སོགས་པ་བཤད་པ་ཞིབ་རྒྱས་གསུངས་སོ། །བརྒྱུད་པ་ནི། རྡོ་རྗེ་འཆང་། བིར་ཝ་པ། བྲམ་ཟེ་ནག་པོ། དུར་ཁྲོད་ནག་པོ། ལ་སྟོད་མགོན་པོ། གཉན་སྟོན་པ། སྤྲུལ་སྐུའི་བར་


PS007_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །མངྒ་ལཾ། །རང་སེམས་འཆི་མེད་རང་གྲོལ་གྱི་དབང་ཆོག་བཞུགས། །བླ་མ་དམ་པའི་ཞབས་བཏུད་ནས། །འཆི་མེད་རང་གྲོལ་དབང་བསྐུར་བཤད། །འདི་ལ་གསུམ། སྦྱོར་བ་དང་། དངོས་གཞི་དང་། རྗེས་ཆོས་སོ། །དང་པོ་ནི། མཎྜལ་བདག་བསྐྱེད་མདུན་བསྐྱེད་ལ་སོགས་པའི་སྔོན་འགྲོ་རྣམས་གོང་བཞིན་བྱའོ། །གཉིས་པ་ནི། བདེ་མཆོག་གི་སྨིན་འཚམས་སུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སྣ་ཚོགས་ཀྱི་མདོག་ཅན་ནོ། །དེ་ནས་གོང་བཞིན་མཆོད་དེ། བུམ་དབང་གིས་གསོལ་བ་གདབ་པས། ལྷན་སྐྱེས་ཀྱི་ཨོཾ་ལས་བདེ་མཆོག་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་གར་སྟབས་སུ་ལིང་


PS007_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་བྱུང་ནས། སློབ་མའི་སྤྱི་བོ་བདེ་ཆེན་ཁེངས་ནས། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས། བུམ་དབང་དང་སྤྲུལ་སྐུ་ཐོབ་པར་བསམ་མོ། ཨ་ལས་བདེ་མཆོག་དམར་པོ་མགྲིན་པར་བསྟིམ་པ་ནི་གསང་དབང་ངོ་། ཧཱུྃ་ལས་བདེ་མཆོག་མཐིང་ཁ་སྙིང་གར་བསྟིམ་པ་ནི་གསུམ་པའོ། །ཧཱུྃ་སྣ་ཚོགས་མདོག་ཅན་ལས་བདེ་མཆོག་སྣ་ཚོགས་མདོག་ཅན་བྱུང་ནས་ལྟེ་བར་ཐིམ་པ་ནི་བཞི་པའོ། །དེ་ནས་སྤྱི་བོའི་ལྷ་ཚོགས་མགྲིན་པར་ཐིམ། མགྲིན་པ་ནས་སྙིང་གར། སྙིང་ཁའི་ལྟེ་བར་ཐིམ་པས། འོད་དུ་ཡལ་ནས་སེམས་མ་བཅོས་པར་བཞག་པ་ནི་བཞི་པའོ། །དག་བྱ་དང་། ཐོབ་བྱ་ལ་སོགས་པ་ནི་གོང་བཞིན་དུ་ཤེས་པར་བྱའོ། །གསུམ་པ་རྗེས་ནི་གོང་བཞིན་ནོ། །ཁྱད་འཕགས་རང་སེམས་འཆི་མེད་རང་གྲོལ་གྱི་དབང་བཞི་རྫོགས་སོ། །


PS007_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ། །ཤུབྷཾ། ༈ ཆོས་རྗེ་སྟོན་པའི་འཆི་མེད་ཡོད། །རྒྱལ་བ་དུས་གསུམ་སངས་རྒྱས་ཀྱི། །འཆི་མེད་ཡེ་ཤེས་ཁྱོད་ལ་འདུད། །སེམས་བསྐྱེད་བླ་མའི་རྣལ་འབྱོར་དང་། །ལྡན་པས་གསོལ་བ་གདབ་བྱས་ནས། །རང་ལུས་སྣང་སྟོང་ལྷ་སྐུ་སེམས། །སེམས་དང་ལྷ་སྐུ་དབྱེར་མེད་པའི། །ངོ་བོ་སྟོང་ཉིད་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །དེ་ལ་ན་རྒྱུ་འཆི་རྒྱུ་དང་། །འཁོར་བར་མྱང་འདས་དགག་སྒྲུབ་བྲལ། །དེ་དོན་སྐད་ཅིག་རྟོགས་པའམ། །དྲན་ཐོས་རེག་པར་གྱུར་པ་དེ། །མཚམས་སྦྱོར་ངན་ཞིང་དྲན་ཉམས་ཀྱང་། །གནད་གཅོད་སྡུག་བསྔལ་རང་དག་ནས། །བར་དོ་དང་པོའི་འོད་གསལ་དང་། །ལོངས་སྐུ་དབྱེར་མེད་སྤྲུལ་སྐུ་ཡི། །གཞན་


PS007_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྷུན་གྲུབ་རྒྱུན་ཆད་མེད། །རྒྱལ་བའི་དགོངས་པ་འཆི་མེད་འདི། །སློབ་མ་མཆོག་གི་དོན་དུ་བཀོད། །དགེ་དེས་མཁའ་མཉམ་སེམས་ཅན་རྣམས། །འཆི་མེད་ཡེ་ཤེས་དོན་རྟོགས་ཤོག །རང་སེམས་འཆི་མེད་རང་གྲོལ་རྗེ་བཙུན་བིར་ཡ་སིང་ཧའི་བུ་དམ་པ་སློབ་མ་ཡང་རབ་ཀྱི་དོན་དུ་བཀོད་པ་འདི་རྫོགས་སོ། །ནས་ཁལ་ལྔ་བརྒྱ། གསེར་ཞོ་བདུན། མཛོ་ཅིག །མིན་རས་ཀྱི་ན་བཟའ་ཕྲུག་ཅིག་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་སོ། །དགེའོ། མཁས་གྲུབ་ཆོས་རྗེའི་དྲུང་དུ། འཆི་མེད་ཀྱི་གནད་ཡིག་ཅིག་ཐུགས་ལ་འདོགས་པར་ཞུས་པས། གདམས་པ་འདིའི་གནད་ཉམས་སུ་བླངས་ན། མདོ་རྒྱུད་མན་ངག་ཐམས་ཅད་འདིའི་གནད་ཡིག་དུ་ཡོད། །ཉམས་ལེན་ལ་འབད་པ་ཐོན། ཚིག་དོན་ལ་བཞིག་པ་ཆུག་ལ་མ་བརྗེད་


PS007_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྱིས། །གནད་ཡིག་འདི་ཆེ་བ་ལགས་གསུང་ངོ་། །ཨྀིྠཿ ༈ རྡོ་སྟོན་འཆི་མེད་ཡོད། །ན་མོ་གུ་རུ། འཁྲུལ་སྣང་འདི་ལ་སྐྱེ་རྒ་ན་འཆི་དང་། །འཁོར་བ་མྱང་འདས་སྤང་བླང་སྣ་ཚོགས་རྣམས། །བླ་མ་དམ་པའི་དྲིན་གྱིས་འདི་ལྟར་གོང་། །ཐ་སྙད་ཙམ་དུ་ཡིད་འབྱུང་སྐྱེ་བའི་རྒྱུ། །ཞེན་ཆགས་འཁྲི་བ་བཅད་ནས་དམ་པ་བརྟེན། །དོན་ལ་སེམས་ཉིད་ཡེ་སྟོང་རྩད་ཆོད་ནས། །སེམས་ཀྱི་འཆར་སྒོ་ལྷ་སྐུའི་ལམ་ཁྱེར་འདི། །འཇའ་འོད་ལྟ་བུ་སྣང་སྟོང་ཟུང་འཇུག་པ། །བླ་མེད་ཐེག་པའི་ཁྱད་ཆོས་འཆི་མེད་ཡིན། །རིག་སྟོང་ཟུང་འཇུག་དབྱེར་མེད་གཞི་ཡི་གནད། །བསྐྱེད་རྫོགས་ཟུང་འཇུག་ལམ་གྱིས་གོམས་པར་སྦྱང་། །སྐུ་གཉིས་ཟུང་འཇུག་འབྲས་བུ་མངོན་དུ་འགྱུར། །འཆི་མེད་


PS007_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་བླ་མའི་གདམས་པ་འདི། །རྡོ་སྟོན་མཁས་པས་ཉམས་སུ་མྱོང་བར་བྱས། །མེ་མོ་སྦྲུལ་ལ་སྲིན་པོ་རིའི་དབེན་གནས་སུ་མཁས་གྲུབ་ཆོས་རྗེ་ལ། ཉེ་བར་མཁོ་བའི་དངོས་པོ་འགའ་ཞིག་ཕུལ་ཞིང་ཞུས་ཏེ། ཉམས་སུ་མྱོང་བར་བྱས་པའོ། །ཨྀིྠཿ དགེའོ། ༈ མཁའ་སྤྱོད་དམར་མོའི་འཕོ་བ་བཞུགས་སོ། །ན་མོ་གུ་ར་བེ། །འཕོ་བའི་དབང་ལ། མདུན་བསྐྱེད་གཞལ་ཡས་ཁང་གི་ནང་དུ་ཆོས་འབྱུང་གྲུ་གསུམ་གཉིས་བརྩེགས་ཀྱི་ནང་དུ་རྡོ་རྗེ་རྣལ་འབྱོར་མ་བསྐྱེད། སློབ་མ་སེང་ཁྲིའི་སྟེང་དུ་བདེ་མཆོག་ཏུ་གསལ། ཡེ་ཤེས་དབབས། དངོས་གཞི་ལ། མཁའ་སྤྱོད་མ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་མདུན་གྱི་ནམ་མཁར་སྤྱན་དྲངས། དབང་བཞི་ལ་ཌཱ་དྲིལ་དང་ཨོཾ་གསུམ་མ། འཕོ་


PS007_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁྱད་པར་གྱི་བྱིན་རླབས་ལ། མདུན་བསྐྱེད་ཀྱི་རྣལ་འབྱོར་མ་བྱོན་ནས། སློབ་མ་བདེ་མཆོག་ཏུ་གསལ་བའི་དཔུང་པ་གཉིས་ཀྱི་སྟེང་དུ་ཞབས་བཞག །གསང་གནས་པདྨ་དམར་པོ་ཁ་བྱེ་བ་ལྟ་བུ་ཚངས་བུག་ཏུ་སྤྲད་པའི་རྣལ་འབྱོར་མ་གསལ་བཏབ། ལྟེ་བའི་རང་སེམས་ཨ་དཀར་པོ་འཕུར་ལ་ཁད་པ་རྒོད་ཀྱི་ཐོ་འཕྲུ་ལྟ་བུ་རང་རླུང་གིས་ཡེམ་ཡེམ་དུ་བསྐྱོད་བཞིན་པ་དེས་གྱེན་དུ་བལྟས་པས་ཚངས་བུག་སྐྱ་ཧར་རེ་བ་དེ་ནས་རྡོ་རྗེ་རྣལ་འབྱོར་མའི་གསང་གནས་མཐོང་ནས་དེར་འགྲོ་བའི་འདུན་པ་དྲག་པོས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་དུ་གསོལ། །ལན་གསུམ། ཐུགས་ཀ་ནས་འོད་ཟེར་དཀར་པོ་བ་ཐག་བརྐྱངས་པ་ལྟར་ནར་གྱིས་བྱོན། སྤྱི་བོ་ནས་ཞུགས་ཏེ་ལྟེ་བའི་ཨ་ལ་


PS007_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པས། ཁབ་ལེན་ལྕགས་ལ་བཙུག་པ་ལྟར་འཐེན་ནས་ལུས་ཀྱི་དབུས་ནས་ཡར་ཡེ་རེ་རེ་སོང་། ཚངས་བུག་ནས་ཐོན། བྷ་ག་ནས་ཞུགས། ཐུགས་ཀར་སླེབས་པ་ཙམ་ནས་ཏོག་སྒྲ་དང་བཅས། རྡོ་རྗེ་རྣལ་འབྱོར་མ་ནམ་མཁའ་ལ་ཡེད་ཀྱིས་བྱོན། བློས་འཁྱུད་ཚད་དུ་བྱོན་པ་དང་། དག་པ་མཁའ་སྤྱོད་དུ་ཕེབས་པར་བསམ། རྣལ་འབྱོར་མ་འཇའ་ཡལ་བ་ལྟར་བསམ་ལ་རིག་པ་བརྗོད་མེད་དུ་འཇོག །ཌཱ་དྲིལ་དང་ཨོཾ་གསུམ་མ་བྱ། ཡང་ནམ་མཁའ་ལས་སྤྲིན་རྡོལ་བ་བཞིན་རྡོ་རྗེ་རྣལ་འབྱོར་མ་ལམ་གྱིས་བྱོན། མར་བབས་དཔུང་པའི་སྟེང་དུ་ཞབས་བཞག་པའི་ཐུགས་ནས་རང་སེམས་ཨ་ཆད་དེ་ལྟེ་བར་སླེབས། ཡང་གསོལ་འདེབས་སོགས་གོང་བཞིན་ཏེ་དྲིལ་བས་ཚར་གསུམ་མཛད། མཐར་རྡོ་རྗེ་རྣལ་འབྱོར་མ་འོད་དུ་ཞུ། སྤྱི་བོ་ནས་ཐིམ་པས་སྤྱི་


PS007_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བོ་སྲ་ཞིང་མཁྲེགས་པ་རྡོ་རྗེའི་རང་བཞིན་དུ་བསམ། རྗེས་འདྲའོ། །འདིའི་ཉམས་ལེན་ཁྲིད་ཀྱི་དམིགས་པ་ལ། སྔོན་འགྲོ་སྤྱི་ལྟར་དང་། དངོས་གཞི་འདིའི་ཁྱད་པར་གྱི་དམིགས་པ་ཇི་ལྟ་བའོ། །སརྦ་མངྒ་ལཾ། ༈ མཁའ་སྤྱོད་དམར་མོའི་འཕོ་བ་བཞུགས་སོ། །ན་མོ་གུ་རུ། འཕོ་བའི་དབང་ལ། མདུན་བསྐྱེད་གཞལ་ཡས་ཁང་གི་ནང་དུ་ཆོས་འབྱུང་གྲུ་གསུམ་གཉིས་བརྩེགས་ཀྱི་ནང་དུ་རྡོ་རྗེ་རྣལ་འབྱོར་མ་བསྐྱེད། སློབ་མ་སེང་ཁྲིའི་སྟེང་དུ་བདེ་མཆོག་ཏུ་བསྐྱེད། ཡེ་ཤེས་དབབ། དངོས་གཞི་ལ། མཁའ་སྤྱོད་མ་མར་མེ་གཅིག་ལས་གཉིས་ཆད་ཀྱིས་ཚུལ་དུ་མདུན་གྱི་ནམ་མཁར་སྤྱན་དྲངས། དབང་བཞི་ལ་ཌཱ་དྲིལ་དང་ཨོཾ་གསུམ་མ། འཕོ་བའི་ཁྱད་པར་གྱི་བྱིན་རླབས་ལ་མདུན་བསྐྱེད་ཀྱི་རྣལ་


PS007_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་བྱོན། སློབ་མ་བདེ་མཆོག་ཏུ་གསལ་བའི་དཔུང་པ་གཉིས་ཀྱི་སྟེང་དུ་ཞབས་བཞག །གསང་གནས་པདྨ་དམར་པོ་ཁ་ཕྱེ་བ་ལྟ་བུ་ཚངས་བུག་དང་སྤྲད་པའི་རྣམ་པར་གསལ་བཏབ། ལྟེ་བར་རང་སེམས་ཨ་དཀར་པོ་འཕུར་ལ་ཁད་པ་རྒོད་ཀྱི་ཐོ་ཐུང་ལྟ་བུ་རང་རླུང་གི་ཡེམ་ཡེམ་བསྐྱེད་བཞིན་པ་དེས་གྱེན་དུ་བལྟས་པས་ཚངས་བུག་སྐྱ་ཧ་རེ་བ་ནས་རྡོ་རྗེ་རྣལ་འབྱོར་མའི་གསང་གནས་མཐོང་། །དེར་འགྲོ་བའི་འདུན་པ་དྲག་པོས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་ཁྲིད་དུ་གསོལ། ལན་གསུམ། ཐུགས་ཀ་ནས་འོད་ཟེར་དཀར་པོ་བ་ཐག་བརྐྱང་པ་ལྟ་བུ་ནར་གྱིས་བྱོན། སྤྱི་བོ་ནས་ཞུགས་ལྟེ་བའི་ཨ་ལ་རེག་པས་ཁབ་ལེན་ལ་ལྕགས་འཇུས་པ་ལྟར་འཐེན། ལུས་ཀྱི་དབུས་ན་ཡར་ཡེ་རེ་རེ་སོང་། ཚངས་བུག་ནས་འཐོན།


PS007_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ག་ནས་ཞུགས། ཐུགས་ཀར་སླེབས་པ་ཙམ་ལ་ཏོག་སྒྲ་དང་བཅས། རྡོ་རྗེ་རྣལ་འབྱོར་མ་ནམ་མཁའ་ལ་ཡེད་ཀྱིས་བྱོན། །བློས་འཁྱུད་ཚད་དུ་བྱོན་པ་དང་། དག་པ་མཁའ་སྤྱོད་དུ་ཕེབས་པར་བསམ། རྣལ་འབྱོར་མ་འཇའ་ཡལ་བ་ལྟར་བསམ་ལ་རིག་པ་བརྗོད་མེད་དུ་འཇོག །ཌཱ་དྲིལ་རོལ་ཆེན་ཨོཾ་གསུམ་མ། ཡང་ནམ་མཁའ་ལ་སྤྲིན་རྡོལ་བ་བཞིན་རྡོ་རྗེ་རྣལ་འབྱོར་མ་ལམ་གྱིས་བྱོན། མར་བབས་དཔུང་པའི་སྟེང་དུ་ཞབས་བཞག་པའི་རང་སེམས་ཨ་ཆད་ལྟེ་བར་སླེབས། ཡང་གསོལ་འདེབས་སོགས་གོང་བཞིན་ཏེ་དྲིལ་བས་ཚར་གསུམ་མཛད། མཐར་རྡོ་རྗེ་རྣལ་འབྱོར་མ་འོད་དུ་ཞུ། སྤྱི་བོ་ནས་ཐིམ་པས་སྤྱི་བོ་སྲ་ཞིང་འཁྲེགས་པ་རྡོ་རྗེའི་རང་བཞིན་དུ་བསམ། །རྗེས་འདྲའོ། ཉམས་ལེན་སྐབས། སྔོན་འགྲོ་སྤྱི་ལྟར།


PS007_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་འདིའི་ཁྱད་པར་གྱི་དམིགས་པ་ཇི་ལྟ་བའོ། །མངྒ་ལཾ།། །།


previousའཆི་མེད་གྲུབ་པའི་འགྲེལ་པ། next